e-texts navigator
Collection
Volume
Page
Wylie

225a1 གྲུལ་བུམ་དང་། ཤ་ཟ་དང་། མི་དང་། མི་མ་ཡིན་པ་བྱེ་བ་ཕྲག་དྲུག་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུ~ཾ་མཛད་དང་། རྡོ་རྗེ་གཤིན་རྗེ་གཤེད་དང་། རྡོ་རྗེ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་རྟ་མགྲིན་དང་། རྡོ་རྗེ་བགེགས་མཐར་བྱེད་དང་། རྡོ་རྗེ་གཙུག་ཏོར་དང་། རྡོ
225a2 རྗེ་གནོད་མཛེས་རྒྱལ་པོ་ལ་སོགས་པ་བདུན་ཅུ་དང་། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། འོད་ཟེར་ཅན་དང་། དབྱངས་ཅན་མ་དང་། ཕག་ཞལ་མ་དང་། ཁྲོ་གཉེར་ཅན་དང་། རི་ཁྲོད་མ་དང་། དུག་སེལ་མ་དང་། ནོར་རྒྱུན་མ་དང་། དཀར་མོ
225a3 དང་། ཡིད་བཟང་མ་དང་། རྣམ་པར་རྒྱལ་མ་དང་། དཔལ་ཕྲེང་མོ་དང་། ས་འཛིན་བཟང་མོ་དང་། རྡོ་རྗེ་དབང་ཕྱུག་མ་ལ་སོགས་པ་སྟོང་ཕྲག་དྲུག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བླ་མ་དང་། བཀུར་སྟི་དང་། རིམ
225a4 གྲོར་བྱ་བའི་ཕྱིར་མཆོད་པ་དུ་མས་མཆོད་ཅིང་བསྔགས་པ་དུ་མས་སྟོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཐུགས་རྗེ་ཆེན་པོ་ཡོངས་སུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང
225a5 ལྟས་བཅོ་བརྒྱད་དུ་གྱུར་ཏོ། །དེའི་ལྟས་དེ་མཐོང་ནས་ལང་ཀའི་རྒྱལ་པོ་སྒྲ་སྒྲོགས་ཤིན་ཏུ་སྙེམས་པ་དང་ལྡན་ནས་རང་གི་འཁོར་དུ་མ་དང་ལྷན་ཅིག་དེར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་སྒྲ་སྒྲོགས་ཀྱི་སེམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས་སྐུའི་གནས་ཐམས་ཅད་ནས་འོད་ཟེར་བྱེ་བ
225a6 ཕྲག་དུ་མ་བྱུང་ངོ་། །འོད་ཟེར་དེ་དང་ས་གཡོས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གསལ་བར་གྱུར་ཏོ། །དེའི་ཚེ་སྒྲ་སྒྲོགས་སྙེམས་པ་དང་བཅས་པས་དེའི་འཁོར་ཐམས་ཅད་ཀྱིས་འཛམ་བུའི་གླིང་དུ་ཡམས་ནད་ལ་སོགས་པས་རྣམ་པར་འཚེ་བ་དེ་ཐུགས་ཀྱིས
225a7 ཡོངས་སུ་དགོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདོང་བཅུ་གཅིག་པ་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཕྲག་བརྒྱ་སྟོང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། གཡས་ཕྱོགས




iiif viewer powered by OpenSeadragon

224b - 225b

Texts on this page

D681 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba