| | e-texts navigator
|
42a1 དངོས་གྱུར་ན། །དཀྱིལ་འཁོར་ལྷ་གཟུགས་མེད་པ་སྟེ། །འགྲོ་བ་རྟོག་པ་ལ་གནས་པས། །དེ་ཡི་ཀུན་རྟོག་བསལ་བའི་ཕྱིར། །ལྷ་ཡི་སྦྱོར་བ་བཤད་པར་བྱ། །གང་ཞིག་མོས་པས་བྱེད་པ་ཡིས། །ཁྲུ་གསུམ་དཀྱིལ་འཁོར་ཕྱོགས་བཞི་པ། །
42a2 ནགས་སམ་དུར་ཁྲོད་ཁང་སྟོང་ངམ། །གཙུག་ལག་ཁང་ངམ་མཆོད་རྟེན་ནམ། །དེ་དག་གནས་སུ་ངེས་པར་བརྩམ། །དང་པོར་བསྙེན་པ་རབ་གནས་པས། །བུ་མོ་བཅུ་དྲུག་སྟོན་མོ་བྱས། །བདག་གིས་ཞག་གསུམ་ཁྲུས་བྱ་ཞིང་། །སྤྱི་བོ་ལྐོག་མ་སྙིང་ག་རུ། །
42a3 གསང་བ་གསུམ་གྱི་ཡི་གེ་བརྟག་།རམས་སུ་བཅོས་པའི་གོས་ཉིད་ལ། །གུར་གུམ་ཐིག་ལེ་ངེས་བཏབ་སྟེ། །དེ་ཉིད་ལ་ནི་བསྐོན་པར་བྱ། །ཟས་སུ་དཀར་གསུམ་སྦྱིན་བྱས་ཤིང་། །སྐྱེས་པ་དང་ནི་ཕྲད་མི་བྱ། །སྙིང་པོ་འདི་ཉིད་འབུམ་ཚད་དུ། །རང
42a4 གིས་བཟླས་པས་རིག་པ་འབྱིན། །དེ་ནས་བསྙེན་པ་རྫོགས་པ་ལས། །བུ་མོ་ཉིད་ལ་ཚིག་བརྗོད་དེ། །བ་ཡི་རྣམ་ལྔ་ཉིད་དང་ཡང་། །རམས་དང་མཐིང་ཤུན་ཀུན་འདུས་སུ། །རིན་ཐང་མི་བརྩི་ཉོར་བཅུག་སྟེ། །དེ་ཉིད་རིགས་མཐུན་ནང་གཏུམས་ལ། །གནས
42a5 གང་ཡིན་པར་བདག་ལ་གཏད། །དེ་ཡིས་ཞག་གསུམ་སྦྱོར་བ་ཡིས། །ཕྱག་རྒྱ་ངེས་པ་ཉིད་དང་ཡང་། །སྙིང་པོ་གོང་གི་སྦྱོར་བ་ཡིས། །དྲི་ཆུ་བཏབ་ལ་གྲངས་ཚད་དུ། །ཕྱིན་པར་ཡང་དག་བཟླས་པར་བྱ། །དེ་ནས་སྐུད་པ་སྔོན་པོ་ནི། །བུ་མོས་ལེགས་པར་བཀལ
42a6 བ་ལ། །སྔགས་ཀྱིས་དག་བྱས་རབ་མཛེས་པས། །སྲད་བུ་དགུ་རུ་ངེས་པར་སྒྲིལ། །མེ་ཏོག་སྔོན་པོའི་ནང་གཏུམས་ལ། །སེང་ལྡེང་ཕུར་པ་ལྔ་རྣམས་ཀྱིས། །སྲེད་བུ་ཡོངས་སུ་བྲི་བར་བྱ། །རབ་ཏུ་ཚད་དུ་ངེས་པ་ཡིས། །ཕྱག་རྒྱ་མ་ལ་ངག་བརྗོད་པས། །དེ
42a7 ཉིད་མཉམ་པར་གཞག་པ་ཡི། །དཀྱིལ་འཁོར་ལེགས་པར་བྱས་པ་ཡིན། །འཕང་དུ་ཁྲུ་གང་ཚད་བྱས་ཏེ། །དང་པོ་བྱང་ཤར་མཚམས་ཉིད་ནས། །ཀུན་རྟེན་ཁ་དོག་རིགས་མཐུན་བླང་། །ཡོངས་སུ་བསྡུས་བྱས་ངེས་པར་བྱ། །གཉིས་པ་གཉིས་པ་ཉིད་དུ་ངེས། །
iiif viewer powered by OpenSeadragon
41b - 42b