e-texts navigator
Collection
Volume
Page
Wylie

314b1 པའོ། ། མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ།། ཞེས་བྱ་བ་ནི་ངེས་པར་མཐོལ་བའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་མཐོལ་བར་བྱ་བའོ།། དེ་ལ་ལྟུང་བར་ཇི
314b2 ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འོ་མ་སློང་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ཐོབ་ན་ཉེས་བྱས་སོ།། ལོངས་སྤྱད་ན་སོ་སོར་བཤགས་པར་འགྱུར་རོ།། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་ལྟུང་བ་མེད་དོ།།
314b3 དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས།། སོ་སོར་བཤགས་པར་བྱ་བ་དང་པོའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་འོ་མ་དགག་པ་མཛད་པ་དང་། དེ་ནས་ཞོ་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི
314b4 བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་ཞོ་བསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས
314b5 སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱ་སྟེ། དེར་འོ་མ་ལྔ་ཞེས་འབྱུང་བ་ནི་འདིར་ཞོ་ལྔ་ཞེས་རྒྱས་པར
314b6 བརྗོད་པར་བྱའོ། ། སོ་སོར་བཤགས་པར་བྱ་བ་གཉིས་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་མར་སར་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་མར་སར
314b7 བསླངས་ནས། འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ




iiif viewer powered by OpenSeadragon

314a - 315a

Texts on this page

D5 - dge slong ma'i 'dul ba rnam par 'byed pa