| | e-texts navigator
|
306b1 སྨྲས་སོ། ། ཁོ་མོས་དམ་པ་དང་ལྷོད་པ་ཤེས་མོད་ཀྱི་རེག་པ་ཙམ་རང་གིར་བྱའོ།། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་གང་གི་ཕྱིར་གནས་སྐབས་དེར་ཡང་ཁྱོད་འདོད་ཆགས་ཀྱི་བློ་སྐྱེས་ན། ཁྱོད་ཤིང་སྐམ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ཀྱིས་རབ་ཏུ་མི་འབར་བ་ངོ་མཚར
306b2 ཆེའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དཔུང་པར་ཕོལ་མིག་བྱུང་བ་སྐྱེས་པ་ཡང་དང་ཡང
306b3 དུ་འཆིང་ཞིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ། ། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། དཔུང་པར་ཕོལ་མིག་བྱུང་བ་ཞེས་བྱ་བ་ནི་རྨ་ཞིག་གོ།། ཡང་དང་ཡང་དུ་ཞེས་བྱ་བ་ནི་ལན་དུ་མར་རོ།། སྐྱེས་པས་འཆིང་ཞིང་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་ཁྱིམ་པས
306b4 སོ། ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྨ་བྱུང་བ་སྐྱེས་པ་འཆིང་དུ་འཇུག་གམ། འགྲོལ་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྨ་ཉིད་ཡིན་ཏེ་བུའམ། མིང
306b5 པོའམ་ཕའི་དྲན་པ་བཞག་སྟེ་འཆིང་ན་ལྟུང་བ་མེད་དོ། ། ལྟུང་བྱེད་ཉི་ཤུ་ལྔ་པའི་དང་པོ་རྫོགས་།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བུད་མེད་སྨད་འཚོང་མ་ཞིག་རབ་ཏུ་ཕྱུང་ངོ་།། དེ་ནས་གཡོན་ཅན་དང་། ནལ་ཕྲུག་དང་། རྒྱན
306b6 པོ་དག་སྨད་འཚོང་མ་དེ་ཚོལ་བ་ན། དེ་དག་གིས་སྦོམ་དགའ་མོས་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས་དེ་དག་གིས་བློ་སྐྱེས་པ། ད་ནི་ལེགས་པ་ཞིག་བྱས་ཀྱིས་བདག་ཅག་གིས་དེའི་ཟན་དང་གོས་སྦྱིན་མི་དགོས་ཏེ། དེ་ལྟ་མོད་ཀྱི་དགའ་མགུར་ནི་སྤྱད་པར་བྱའོ་སྙམ་ནས་དེ
306b7 དག་གནས་དེར་དོང་ཞིང་ཆ་མ་ཡིན་པའི་ཚིག་དག་འབྱིན་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར
iiif viewer powered by OpenSeadragon
306a - 307a