e-texts navigator
Collection
Volume
Page
Wylie

2a1 དང་སྙིང་པོ་ནི། ། སོ་སོར་ཐར་པ་འདི་ཡིན་ནོ།། འདི་ནི་དམ་ཆོས་རྒྱལ་པོ་ཡི།། ཆོས་ཀུན་གྱི་ནི་འདྲེན་པ་མཆོག། འདི་ནི་དགེ་སློང་ཚོང་ཚོགས་ཀྱི།། བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི།།
2a2 གདུག་པ་རྣམ་སེལ་སྨན་འདི་ཡིན།། འདི་ནི་ལང་ཚོ་རྣམ་འཕྲུལ་བའི།། རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན།། མཚོ་བས་ཟབ་པའི་འཁོར་བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ།། འདི་ནི་བཟང་འགྲོར་འགྲོ་བ་ཡི།། ངེས་པའི་ཆུ་ལོན་ཟམ་པ
2a3 ཡིན། ། འདི་ནི་ཉོན་མོངས་ཕམ་བྱེད་ལམ།། རྒྱལ་པོ་ཡི་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐས་གཞི་དང་འདྲ་བར་གནས།། ང་ནི་མྱ་ངན་འདས་གྱུར་ནས།། འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས
2a4 པར། ། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་།། འཇིག་རྟེན་དག་ན་རབ་ཏུ་དཀོན།། མི་ཉིད་རྙེད་པ་ཤིན་ཏུ་དཀོན།། རབ་ཏུ་འབྱུང་བ་ཤིན་ཏུ་དཀོན།། དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི།། ཚུལ་ཁྲིམས་ཕུན
2a5 སུམ་ཚོགས་རབ་དཀོན། ། ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།། གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།། འཇིག་རྟེན་སངས་རྒྱས་འབྱུང་བ་དང་།། མི་དང་རབ་ཏུ་འབྱུང་བ་དང་།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། གྲོགས་བཟང་རྙེད་དཀའ
2a6 རྙེད་གྱུར་ནས། ། མཁས་པ་བདག་ལ་ལེགས་འདོད་ཅིང་།། དེ་དག་འབྲས་བཅས་བྱེད་འདོད་པས།། སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར།། མཉན་པའི་ཕྱིར་ནི་འབད་པར་བྱ།། དགེ་སློང་དབང་དུལ་ཀུན་དབང་པོ།། སངས་རྒྱས་མི་འགྱུར་རབ་བྱུང་བ།།




iiif viewer powered by OpenSeadragon

1b - 2b

Texts on this page

D4 - dge slong ma'i so sor thar ba'i mdo