e-texts navigator
Collection
Volume
Page
Wylie

190a1 ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་ཏེ། འདི་ནི་དུ་སྨྲ་བ་རྣམ་པ་ལྔ་ཡིན་ནོ།། དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ
190a2 ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་སྟེ། འདི་ནི་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ།། དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པ་སྟེ། འདི་ནི
190a3 དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ། ། གཞན་ཡང་དུ་སྨྲ་བ་རྣམ་པ་གསུམ་སྟེ། དུ་སྨྲ་བར་འདོད་པ་ན་འདི་སྙམ་དུ་བདག་གིས་སྨྲ་བར་བྱའོ་སྙམ་པ་དང་། སྨྲ་བ་ན་འདི་སྙམ་དུ་བདག་སྨྲའོ་སྙམ་པ་དང་། སྨྲས་པ་ན་འདི་སྙམ་དུ
190a4 བདག་གིས་སྨྲས་སོ་སྙམ་པ་སྟེ། འདི་ནི་དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ།། དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། སྨྲ་བ་ན་འདི་སྙམ་དུ་སྨྲའོ་སྙམ་པ་དང་། སྨྲས་པ་ན་འདི་སྙམ་དུ་བདག་གིས་སྨྲས་སོ་སྙམ་པ་སྟེ། འདི་ནི
190a5 དུ་སྨྲ་བ་རྣམ་པ་གཉིས་ཡིན་ནོ། ། དུ་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ།། དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡང་ཡོད། དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡང་ཡོད།
190a6 དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ།། དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་མིའི་ཆོས་བླ་མ་མེད་བཞིན་དུ་སྨྲ་བ་སྟེ། འདི་ནི་དུ་སྨྲ་བ་ཕས་ཕམ་པར་འགྱུར
190a7 བ་ཡིན་ནོ། ། དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གཞི་མེད་པར་དགེ་སློང་མ་དག་པ་ལ་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་སྟེ། འདི་ནི་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡིན་ནོ།།




iiif viewer powered by OpenSeadragon

189b - 190b

Texts on this page

D5 - dge slong ma'i 'dul ba rnam par 'byed pa