e-texts navigator
Collection
Volume
Page
Wylie

173a1 གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པའི་དགེ་སློང་མས་ཚོགས་པའི་དུས་སུ་དགེ་འདུན
173a2 ལ་སང་སྔ་དྲོ་འབྲེལ་བ་མེད་པའི་ལྷུང་བཟེད་འབྲིམ་གྱིས། རང་རང་གི་ལྷུང་བཟེད་སྣོམས་ལ་སྤྱོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ནམ་ནངས་པ་དང་འབྲིམ་པར་བྱེད་པའི་དགེ་སློང་མས་གནས་མལ་བཤམས་པ་བྱས་ཏེ། དགེ་སློང་མའི་དགེ་འདུན་ཚོགས་ཤིང
173a3 མཐུན་པར་གྱུར་པ་དང་། ལྷུང་བཟེད་འབྲེལ་པ་མེད་པ་ཐོགས་ཏེ། དགེ་སློང་མའི་གནས་བརྟན་གྱི་མདུན་དུ་འདུག་ནས་ལྷུང་བཟེད་འབྲེལ་པ་མེད་པའི་བསྔགས་པ་ཇི་ལྟ་བ་བཞིན་བརྗོད་པར་བྱ་ཞིང་། འདི་སྐད་ཅེས་གནས་བརྟན་མ་ལྷུང་བཟེད་བཞེས་ཤིག་ཅེས་ཀྱང
173a4 བརྗོད་པར་བྱའོ། ། གལ་ཏེ་དགེ་འདུན་གྱིས་གནས་བརྟན་གྱི་ལྷུང་བཟེད་འབྲེལ་པ་མེད་པ་བླངས་ན། དགེ་འདུན་གྱིས་གནས་བརྟན་གྱི་ལྷུང་བཟེད་གནས་བརྟན་གཉིས་པ་ཤོས་ལ་སྦྱིན་པར་བྱའོ།། གནས་བརྟན་གཉིས་པ་ཤོས་ཀྱི་ལྷུང་བཟེད་གསུམ་པ་ཤོས་ལ་སྦྱིན
173a5 པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་ཡང་ངོ་།། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་འབྲེལ་བ་མེད་པ་མ་བླངས་ལ། གནས་བརྟན་གསུམ་པའི་ཐད་དུ་ཕྱིན་པ་ལས། གལ་ཏེ་སླར་ཡང་དགེ་འདུན་གྱི་གནས་བརྟན་གྱིས་སློང་ན་སྦྱིན་པར་མི
173a6 བྱའོ། ། ལན་གཉིས་སློང་ན་ཡང་སྦྱིན་པར་མི་བྱའོ།། གལ་ཏེ་ལན་གསུམ་དུ་སློང་ན་སྦྱིན་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ།། དེ་བཞིན་དུ་དགེ་འདུན་གསར་བུའི་བར་དུ་སྟེ། གལ་ཏེ་སུས་ཀྱང་ལྷུང་བཟེད་འབྲེལ་བ་མེད་པ་མ་བླངས་སམ
173a7 གཞན་གྱི་ལྷག་པར་གྱུར་ན་དེ་ཉིད་ལ་སྦྱིན་པར་བྱའོ། ། དེས་དེའི་འོག་ཏུ་ཀུན་དུ་སྤྱད་པར་བརྗོད་པར་བྱའོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མའི




iiif viewer powered by OpenSeadragon

172b - 173b

Texts on this page

D5 - dge slong ma'i 'dul ba rnam par 'byed pa