| Wylie | e-texts based on the ACIP/ALL Input |
(།རིམ་པ་བཞི་པའི་རྣམ་པར་འབྱེད་པ་བཞུགས།)་།།*། །རྒྱ་གར་སྐད་དུ། ཨོ་ལ་ཙ་ཏུ་སྟ་ཡ་བི་བྷཾ་ག་ནཱ་མ། བོད་སྐད་དུ། རིམ་པ་བཞིའི་རྣམ་པར་འཕྱེད?་པ་ཞེས་བྱ་བ། བཅོམ་ལྡན་འདས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས
ལ་གུས་པས་ཕྱག་འཚལ་ལོ། །གང་གིས་ཉི་ཟླའི་དཀྱིལ་འཁོར་དང། །བདུད་བཞི་མཉམ་པར་མནན་མཛད་པའི། །གང་མཛད་དེ་ལ་ཕྱག་འཚལ་ནས། །རིམ་པ་བཞི་ནི་གསལ་བར་དགྲོལ། །ེ་བཾ་མ་ཡཱ་ཞེས་བྱ་བ་ནི། ཞེས་བྱ་བ་ལ་སོགས་
པ་ལ། འདིར་ཨེ་བཾ་མ་ཡཱ་ནི། རེ་ཞིག་ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་སྡུད་པར་མཛད་པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན་ལ། དེ་ཡང་དགོངས་པའི་སྐད་ཀྱིས། ཨེ་དང་བཾ་ནི་སྡུད་པར་མཛད་པའི་གསུང་མ་ཡིན་གྱི། རྡོ་རྗེ
འཆང་གི་བཞུགས་པའི་བཞུགས་གནས་བརྡས་བསྟན་པ་ཡིན་ནོ། །དེ་ཡང་ཚིག་མཛེས་པ་དང། ལེགས་པ་དང། ངེས་པའི་ཚིག་དང། སྡེབ་སྦྱོར་ལ་མོས་པ་རྣམས་དང། ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་བརྗོད་པར་བྱ་བའི་གཙོ་བོ
ཐབས་དང་ཤེས་རབ་ཀྱི་དངོས་པོ་ནི། ཡི་གེ་གཉིས་ཀྱིས་བསྟན་པ་ཡིན་ལ། དེ་ཉིད་ཚིག་ལ་བལྟོས་པ་མེད་པ་དང། སྤྲོས་པ་སྤོང་བ་རྣམས་ལ་དེ་ནས་གསང་བ་བཤད་པར་བྱ་ཞེས་བྱ་བ་ལ་སོགས་པ་ཡི་གེ་གཉིས་ཀྱི་ཚིག་ལས་གཞན
པར་རྒྱུད་དེ་དང། དེ་ལས་གསུངས་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་འཆང་ཉིད་ཀྱིས་གདུལ་བར་བྱ་བའི་སྐྱེ་བོ་ལ་དགོངས་ནས་དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྒྱུད་ཁ་ཅིག་ཏུ་ཡི་གེ་གཉིས་ཀྱིས་བཤད་དེ། དེ་ཡང་དངོས་པོ་རྣམས
ཆུ་དང་རླུང་དང། ནམ་མཁའ་རྣམས་ཀྱི་བསྡུས་པ་ནི་ཕ་ལས་བྱུང་བ་སྟེ་བཾ་ངོ། །སའི་ཁམས་དང། མེའི་ཁམས་དང། ཡེ་ཤེས་ཀྱི་ཁམས་རྣམས་ནི་མ་ལས་བྱུང་སྟེ་ཨེའོ། །དེ་བས་ན་ཨེ་བཾ་ངོ། །དེ་བས་ན་སྡུད་པར་མཛད་པའི
གསུང་མ་ཡིན་པར་བསྟན་པའི་ཕྱིར། ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །བཾ་ནི་ཆོས་ཀྱི་ཕྱག་རྒྱའོ། །མ་ནི་ཕྱག་རྒྱ་ཆེན་པོའོ། །ཡཱ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཞེས་བྱ་བ་སྨོས་སོ། །དེ་ལ་ཨེ་ནི་རྣོ་བ་ཡིན་པ་འམ། འོག་གི་ཆལ་གནས་པ་འམ། བྷ
གའི་རྣམ་པར་གནས་པ་འམ། གྲུ་གསུམ་དུ་གནས་པ་འམ། ནམ་མཁའ་ལྟར་སྟོང་པར་གནས་པ་འམ། གཅོད་ཅིང་འབིགས་པའི་རང་བཞིན་ཡིན་པའི་ཕྱིར་རམ། སྲེད་བའི་རང་བཞིན་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ།
འབུམ་ཕྲག་ལྔའི་ཀྱེའི་རྡོ་རྗེ་ལས། ཤེས་རབ་ཨེའི་གཟུགས་ཅན་མ། །བློ་ལྡན་ནམ་མཁའ་ཨི་ཁམས་སུ་བསམ་ཞེས་པ་དང། གཞན་ཡང་དེ་ཉིད་ལས། རྣོ་ཕྱིར་མེ་ཡི་གཟུགས་ངག་ཏུ། །དེ་ཡང་མ་མོ་རྣམས་སུ་བརྟགས། །དབྱངས་ཡིག་དང་པོའི་རང་བཞིན
སུ། སངས་རྒྱས་རྣམས་ཀྱིས་རབ་ཏུ་བརྟགས། །ཞེས་གསུངས་སོ། །ལས་ཞེས་བྱ་བ་ནི་ལུས་དང། ངག་དང། ཡིད་བདེ་བའི་ལས་བྱེད་པའི་ཕྱིར་རོ། །རྒྱ་ཞེས་བྱ་བ་དེས་མཚོན་པར་བྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་བཾ་ནི། ཆོས
བརྗོད་པའི་ཡི་གེ་དང་འདྲ་བ་འམ། དཀར་པོའི་དོན་བརྗོད་པ་ཡིན་པ་འམ། ཆུ་དཀར་པ་ཡིན་པ་འམ། ཉོན་མོངས་པ་ཐམས་ཅད་འཁྲུ་བར་བྱེད་པ་འམ། བདེ་བ་ཆེན་པོའི་མཚན་ཉིད་འཛིན་པས་དེ་སྐད་ཅེས་བྱའོ། །མ་ནི་ཀུན་ཏུ་ཁྱབ་ཅིང
རྒྱ་ཆེ་བའམ། ཐབ་པ་འམ། ཡངས་བ་དང། གཏོས་ཆེ་བ་འམ། རྒྱུན་མི་འཆད་པའི་བདེ་བ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཡ་ནི་འདའ་བར་བྱ་བ་མ་ཡིན་པ་འམ། ཇི་ལྟར་གནས་པ་དེ་ལྟར་གནས་པ་འམ། ཇི་བཞིན་པའི་མཚན་ཉིད་སྟོན་པ་འམ།
ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པ་འམ། དམ་བཅས་པ་ལྟར་གནས་པ་དེའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་ཡི་གེ་བཞི་ནི་འབྱུང་བ་བཞིའི་མཚན་ཉིད་ཅན། ལྷ་མོ་སྤྱན་མ་ལ་སོགས་པས་བྱིན་གྱིས་བརླབས་པ། སྐད་ཅིག་བཞི་དང། དགའ་
བ་བཞི་དང། དབང་བཞི་དང། སྐུ་བཞི་ལ་སོགས་པ་ཡང་ཡིན་ནོ། །གཞན་ཡང་ཡི་གེ་བཞིའི་དོན་སྟོན་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིར་བསྟན་པ་དེ་ཉིད་སྟོང་པ་ཉིད་དང། སྙིང་རྗེ་ལས་གཞན་པ་ཡོད་པ་མ་ཡིན་པར་བསྟན་པ་ནི།
ེ་ནི་ཤེས་རབ་བོ། །བཾ་ནི་ཐབས། །ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པ་སྟོན་པ་ནི་ཤེས་རབ་ཡིན་ལ། དངོས་པོའི་མཚན་ཉིད་སྟོན་པ་ནི་ཐབས་ཡིན་ཏེ། གོང་བུ་གསུམ་གསུམ་སྟེ་དྲུག་གི་བདག་ཉིད་དོ། །དེ་བས་དེའི་ཕྱིར་དངོས་པོ་ཐམས
ཅད་ནི་ཡི་གེ་གཉིས་སོ། །སྤྲུལ་བའི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོའོ། །ཞེས་བྱ་བ་ནི་ལུས་ཅན་རྣམས་ལ་རྩའི་འཁོར་ལོའི་གཟུགས་ཀྱི་རང་བཞིན་དུ་གནས་ཞེས་བྱ་བའི་དོན
ནོ?། དེ་རྣམས་ཀྱི་འདབ་མའི་གྲངས་རིམ་བཞིན་དུ། དྲུག་ཅུ་རྩ་བཞི་དང། བརྒྱད་དང། བཅུ་དྲུག་དང། སུམ་ཅུ་རྩ་གཉིས་སུ་རིག་པར་བྱ་སྟེ། དབྱུ་གུ་དང། ཐུན་མཚམས་དང། འཕོ་བ་དང། ཆུ་ཚོད་ཀྱི་དབྱེ་བས་རྟོགས་པར་བྱའོ། །དེ་རྣམས་ཀྱི་ཁ་
དོག་ནི་སེར་པོ་དང། ནག་པོ་དང། དམར་པོ་དང། དཀར་པོ་སྟེ། ལས་བཞིའི་བྱེ་བྲག་གིས་དབྱེ་བར་བྱའོ། །ཱ་ལི་ཀཱ་ལི་ནི་གཡོན་པ་དང། གཡས་པའོ་ཞེས་པ་ནི། གཡོན་པ་ནི་ཨ་ལ་སོགས་པ་བཅུ་དྲུག་གི་དབྱངས་སུ་འོང་ལ། ཡོན་ཏན་ཞེས
བྱའོ། །གཡས་པ་ནི་ཀ་ལ་སོགས་པ་ལྔ་ཚན་གྱིས་རང་བཞིན་དུ་འགྲོ་སྟེ། སྐྱོན་གྱི་ངོ་བོ་ཞེས་བྱའོ། །དེ་པས་ན་ནི་ཡོན་ཏན་གྱི་རང་བཞིན་ཞེས་བྱ་བ་ཡང་ཡིན་ནོ། །གཞན་ཡང་གཡས་པ་དང། གཡོན་པ་ནི་ཞི་བ་དང།
ནུས་པ་ཞེས་ཀྱང་བྱའོ། །ཱ་ཨའི་ཨའུ་ཨཻ་ཨཽ་ཨཾ། ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། ། ཀ་ཙ་ཊ་ཏ་པ་ཡ་ཞེས་པ་ནི། སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །ོཾ་ཏཾ་ཧཾ་ཁཾ་ཧཱུཾ། ལཱཾ་མཱཾ་ལཱཾ་ཏཱཾ། ཆོས་ཀྱི་འཁོར་ལོ་ཞེས་པ
ནི། ཆོས་ཀྱི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །དེའི་དབུས་སུ་ཡི་གེ་ཧཱུཾ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ནོ། །དེ་ལྟར་ཡང་གོང་དུ་བསྟན་པའི་སྡེ་ཚན་རྣམས་ཀྱི་རང་བཞིན་ནི་སྤྲུལ་པའི་འཁོར་ལོ་ཞེས་བྱ་སྟེ། དེའི་ལྟེ་བ་ལ་ནི་རྣལ་འབྱོར
མ་ཐམས་ཅད་ཀྱི་རང་བཞིན་ཡི་གེ་ཨཾ་གནས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཞེས་བྱ་བ་ནི། མགྲིན་པའི་འདབ་མ་བཅུ་དྲུག་གོ་།དེ་ལས་གནས་པའི་ཡི་གེ་ནི་ཨོཾ་ཨཱ་ཨའི་ཨཱ་ཨཻ་ཞེས་བྱ་བ་རྣམས་སོ། །བདེ་བ་ཆེན་པོའི་འཁོར་ལོ།
ཞེས་བྱ་བ་ནི། གོང་དུ་བརྗོད་པའི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་ལྟེ་བ་ལ་ནི་ཡི་གེ་ཧཾ་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པའི་བདག་ཉིད་དོ། །འོག་ཏུ་ཡི་གེ་ཀྵ་ཞེས་བྱ་བ་སྟེ། འོག་ཏུ་སྒོ་བསྲུང་བའོ། །ལུས
ཐམས་ཅད་ལ་འགྲོ་བ་དང། འོང་བའི་སྒོ་གཉིས་སུ་གནས་པ་ལས། འོག་གི་སྒོ་བསྲུང་བ་ནི་ཀྵ་སྟེ་འོག་སྒོར་རོ། །དེ་ཉིད་ནི་འཇིག་རྟེན་ཕན་པ་རྣམས་ལ་ཕུང་པོ་ཟད་པར་བྱེད་པ་ཡང་ཡིན་ནོ། །ཟླ་བ་དང་ཉི་མ་དག་ནི་འོག་དང་སྟེང་གཉིས་སོ། །
ཞེས་བྱ་བ་ནི་སྒོ་གཉིས་ཀྱི་མིང་བསྟན་པ་ཡོན་ཏན་དང་སྐྱོན་གྱི་རང་བཞིན་ཅན་ནོ། །དེ་ཡང་སྟེང་གི་ནི་གདུང་བ་བསྐྱེད་པའི་སྒོ་ཡིན་ནོ། །འོག་གི་ནི་ལུས་ངག་ཡིད་སེམ་པར་བྱེད་པའི་སྒོ་ཞེས་བྱའོ། །གནད་འབྱེད་པའོ་ཞེས་བྱ་བ་ནི། སྟེང་གི་དགའ་
པའི་དབང་ཕྱུག་སྟེ་སྟེང་ནའོ། །དེ་གཉིས་ཉིད་ནི་འགྲོ་བ་དང་འོང་བ་སྟེ། ཡར་ལ་སྲེག་པའི་ཚུལ་དུ་འགྲོ་ལ། མར་ནི་གསོ་བའི་ཚུལ་དུ་འོང་བས་ན། འགྲོ་བ་དང་འོང་བའོ། །རྣལ་འབྱོར་བཞི་ཞེས་བྱ་བ་ནི་འགྲོ་བ་གཉིས་པ་ལའོ། །མྱུར་བ་དང་ཞེས་བྱ་བ་ནི་མེའོ།
རླངས་པ་དང་ཞེས་བྱ་བ་ནི་རླུང་ངོ། །རྣམ་པར་འཆིང་བ་དང་ཞེས་བྱ་བ་ནི་སའོ། །དལ་བ་ཞེས་བྱ་བ་ནི་ཆུ་སྟེ། དེ་ལྟར་ན་འགྲོ་འོང་གཉིས་ནི་རྣལ་འབྱོར་བཞིའོ། །སྟེང་གི་ལོགས་ནས་འཛག་པ་ནི་འོག་ཏུའོ། །ཞེས་བྱ་བ་ནི་དེ་ལྟར་འགྲོ་བའི་རྣལ་འབྱོར་གྱི་སྟོབས
ཀྱིས་སྟེང་ཚངས་པའི་འཇིག་རྟེན་ནས་འཛག་པ་ནི་མི་ལ་སོགས་པའི་འོག་གི་ཡུལ་དུའོ། །ཏིང་ངེ་འཛིན་གསུམ་སྟེ་འགྲོ་བ་དང་འོང་བ་དེ་ཉིད་ལའོ། །དང་པོའི་རྣལ་འབྱོར་དང་ཞེས་པ་ནི་སྟོང་པ་ཉིད་དམ། ཡང་ན་ཙཎྜ་ལི་གྱེན་དུ་བསྐྱོད་པའོ། །དཀྱིལ་འཁོར
རྒྱལ་པོ་མཆོག་དང་ཞེས་བྱ་བ་ནི། ཕྱག་མཚན་ལ་སོགས་པ་གྱུར་པ་ལས་གཟུགས་ཡོངས་སུ་རྫོགས་པ་འམ། ཡར་ན་ཙཎྜ་ལི་འོག་ཏུ་སྤྱན་དྲངས་པའོ། །ལས་ཀྱི་རྒྱལ་པོ་མཆོག་གོ་།ཞེས་པ་ནི་སྐུ་ཕྲ་མོའི་སྤྲོ་ང་འམ། ཡང་ན་བདེ་བའི་སྟོབས་ཀྱིས
གཟུང་བའོ། །དེ་ཉིད་གསལ་བར་བསྟན་པ་དགུག་པ་དང། ཞེས་སྨོས་ཏེ་གཏུམ་མོས་སོ། །གཤེགས་སུ་གསོལ་བ་དང་ཞེས་པ་ནི་གཏུམ་མོ་སྟེ་སྟེང་དུའོ། །གཟུང་བའོ་ཞེས་པ་ནི། དེ་ལྟར་འཛག་པ་དེའོ། །ཡན་ལག་བཞིའི་ནི་ཞེས་པ་ནི། སྒྲུབ་པར་བྱེད
བའི་རྣལ་འབྱོར་རྣམས་པའོ། །བསྙེན་པ་དང། ཉེ་བར་སྒྲུབ་པ་དང། སྒྲུབ་པ་དང། སྒྲུབ་པ་ཆེན་པོ་ཞེས་པ་ནི། རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་གོ་རིམ་བཞིན་དུ་བསྙེན་པ་སྟོང་པ་ཉིད་དང། ཉེ་བར་སྒྲུབ་པ་ས་བོན་དགོད་བ་དང།
སྒྲུབ་པ་སྐུ་ཡོངས་སུ་རྫོགས་པ་དང། སྒྲུབ་པ་ཆེན་པོས་ཡན་ལག་གསལ་བ་འམ། ཡང་ན་སྐུ་ཕྲ་མོ་སྤྲོས་པས་འགྲོ་བའི་དོན་བྱེད་པའོ། །གཅིག་ཤོས་ལྟར་ན་ནི། བསྙེན་པ་ལ་ཁྲོ་བོ་གཙུག་ཏོར་ཞེས་བྱ་བའི་རིགས་སུ་བསྒོམ་པ་དང། ཉེར་བར་སྒྲུབ
པའི་དུས་སུ་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་གཟུགས་སུ་བསྒོམ་པ་དང། བསྒྲུབ་པ་ལ་ནི་ལྷའི་གཟུགས་ཞེས་བྱ་བར་བསྒོམ་པ་དང། སྒྲུབ་པ་ཆེན་པོ་སངས་རྒྱས་ཀྱི་བདག་པོ་ཞེས་བྱ་བའི་མིང་ཅན་བསྒོམ
པའོ། །དེ་ཡང་ཁྲོ་བོ་གཙུག་ཏོར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དང་ནམ་མཁའ་ཨི་རིགས་མི་བསྐྱོད་པ་ཡིན་ཏེ། བླ་མའི་ཞབ་ནས་རྟོགས་པར་བྱ་བ་ཡིན་ལ། བདུད་རྩི་འཁྱིལ་པའི་ཁྲོ་བོ་ནི་རླུང་དོན་ཡོད་གྲུབ་པའི་རིགས་སྙིང་ག་ན་གནས
པ་ཡིན་ནོ། །ལྷའི་གཟུགས་ནི་གཏུམ་མོ་སྤྲོ་བ་སྟེ། འོད་དཔག་ཏུ་མེད་པའོ། །སངས་རྒྱས་བདག་པོ་ནི་རྡོ་རྗེ་སེམས་དཔའ་ཆེན་པོ་སྟེ། འཛག་པ་མེད་པའི་བདེ་བའོ། །འབྲས་བུ་བཞི་ནི་ཞེས་པ་ནི། སྟོན་བཞིན་པའོ། །གང་ཡིན་ཞེ་ན།
རྒྱུ་མཐུན་པ་དང་ཞེས་བྱ་བ་སྨོས་ཏེ། ཧཱུཾ་དུ་བསྐྱེད་པ་ལ་སོགས་པའི་ཡིན་ནོ། །རྣམ་པར་སྨིན་པ་དང་ཞེས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡིན་ནོ། །སྐྱེས་བུ་བྱེད་པ་དང་ཞེས་བྱ་བ་ནི། མངོན་པར་རྫོགས་པར་བྱང་ཆུབ
པ་ལྔའི་ཚུལ་དུའོ། །བྲལ་བའོ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་གཟུང་བར་རྟོག་པ་དང། འཛིན་པར་རྟོག་པའི་དྲི་མ་གཉིས་སྤོང་བ་ཞེས་བྱ་བའི་དོན་ཏོ། །དབྱེ་བ་བཞི་ཞེས་བྱ་བ་ནི། སྐྱེས་བུ་གྲུབ་པ་པོའི་ཁྱད་པར་བསྟན་པ་ཡིན་ནོ། །རྟུལ
པོ་དང་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་སྟེ་ཐ་མའོ། །འབྲིང་དང་ཞེས་བྱ་བ་ནི། དབང་པོ་འབྲིང་པོ་སྟེ་བར་མའོ། །རྣོན་པོ་ཞེས་བྱ་བ་ནི་སྐྱེས་བུ་དབང་པོ་རྣོན་པོའི་ཡང་རྣོན་པོ་སྟེ། དབང་པོ་རབ་ཏུ་གཏུགས་པའོ། །ཞེས་བྱ་བའི་དོན་ཏོ། །
སྐད་ཅིག་ཅོས་བྱ་བ་ནི་དུས་ཀྱི་ཁྱད་པར་རོ། །རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ནི་དགའ་བའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་མཆོག་དགའ་ཨི་བདག་ཉིད་དོ། །རྣམ་པར་ཉེད་པ་དང་ཞེས་བྱ་བ་ནི། ཁྱད་པར་གྱི་དགའ་བའི་སྐད་ཅིག་མའོ། །
མཚན་ཉིད་དང་བྲལ་བའོ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་གོ་།དེ་ཉིད་བལྟ་བ་དང། རྒོད་པ་དང། ལག་བཅངས་དང། གཉིས་གཉིས་འཁྱུད་པའོ། །དགའ་བ་བཞི་ནི་དགའ་བ་དང། མཆོག་ཏུ་དགའ་བ་དང། ཁྱད་པར་གྱི་དགའ་བ་དང།
ལྷན་ཅིག་སྐྱེས་པའི་དགའ་བའོ། །ཞེས་བྱ་བ་ནི་གོ་སླའོ། །བཟང་པོ་བཞི་ནི་ཞེས་པ་ནི། བདག་ནི་བཟང་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ལྷར་སྐྱེས་པ་འམ། ཡང་ན་ཕུང་པོ་ལ་སོགས་པ་གཟོད་མ་ནས་ལྷའི་རང་བཞིན་ཡིན་པ་འམ།
གཟོད་མ་ནས་སྐྱེ་བ་མེད་པ་ནི་བཟང་པོ་ཞེས་བྱའོ། །དུས་ཀྱི་བཟང་པོ་ཞེས་བྱ་བ་ནི། འགོག་པའི་དུས་སམ། བསམ་དུ་མེད་པའི་དུས་ལ་སོགས་པའོ། །ཡེ་ཤེས་ཀྱི་བཟང་པོ་ཞེས་བྱ་བ་ནི། དེའི་སྟོབས་ཀྱིས་འཛག་པ་མེད་པས་ཕུང་པོ་ལ་སོགས་པ
རྒྱས་པར་འགྱུར་རོ། །རླུང་གི་བཟང་པོ་ཞེས་བྱ་བ་ནི་འགགས་པས་བཟང་པོ་ཡིན་པ་འམ། རྒྱུ་བ་མེད་པས་བཟང་པོ་ཡིན་པ་འམ། ཡང་ན་རླུང་བཞི་ལས་རེ་རེ་འགྲུབ་པ་འམ། ཡང་ན་མེའི་རི་མོ་ཅན་ན་གནས་པ་ཡིན་པ་འམ། ལང་ན་གཡོན
པ་དང་གཡས་པ་དག་ལས། གཡོན་པའི་རྒྱུ་བ་ནི་རླུང་གི་བཟང་པོ་ཞེས་བྱའོ། །གནས་བཞི་ན་ཞེས་བྱ་བ་ནི་རྟེན་པར་བྱ་བ་འམ། བཞིའི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་བའོ། །གཞན་གྱི་གནས་དང་ཞེས་བྱ་བ་ནི་གཞན་རྟེན་ལ་བལྟོས་པའི་ཕྱིར་ཏེ།
ལས་སམ། ཡེ་ཤེས་སམ། བཀའ་ཨོ། །བདག་གི་གནས་དང་ཞེས་བྱ་བ་ནི་རྣལ་འབྱོར་པ་བདག་ཉིད་བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྣལ་འབྱོར་གྱི་གནས་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ལས། གཉིས་སུ་མེད་པ་ཡེ་ཤེས་ཀྱི་རྟེན་གྱི་བདེ་བ་བྱུང
བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་གནས་དང་ཞེས་བྱ་བ་ནི། དེ་རལྟར་སྙོམས་པར་ཞུགས་པ་ལས། བདེ་བ་རྟོགས་པ་འམ། ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ཁོ་ན་གསུམ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་པས་དེ་ཁོ་ན་ཉིད་དོ། །དེ་ནི་བདག་གི་དེ་ཁོ་ན་ཉིད་དང་ཞེས
བྱ་བ་སྟེ། བདག་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷའི་དེ་ཁོ་ན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟོད་མ་ནས་ཕྱིན་ཅི་ལོག་པའི་ལྷ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཞེས་བྱ་བ་ནི་གཟོད་མ་ནས་ཕུང
པོ་རྣམས་ཕྱིན་ཅི་མ་ལོག་པའི་ལྷའི་གཞལ་ཡས་ཁང་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་ནི་ཞེས་བྱ་བ་ནི། སྙིང་པོའི་གནས་སམ། སྙིང་པོའི་ལེན་པ་འམ། སྙིང་པོ་ཐིམ་པ་ཡིན་པས་དཀྱིལ་འཁོར་རོ། །སྐུའི་དཀྱིལ་འཁོར་ཞེས་བྱ་བ
ནི། ལུས་འདོམ་གང་གྲུ་བཞི་པ་འམ། ལྷའི་གནས་ཡིན་པའི་དོན་ཏོ། །གསུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི། དེའི་ནང་དུ་ས་བོན་ལས་ལྷར་བསྐྱེད་པའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི་སེམས་ཉིད་ཐམས་ཅད
ཀྱི་གཞི་ཡིན་ལ། དེ་ཉིད་དཀྱིལ་འཁོར་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་གནས་ཡིན་པས་སོ། །ཤེས་རབ་གཉིས་ནི་འབིགས་པ་འམ། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའོ། །དམིགས་པ་དང་བཅས་པ་དང། དམིགས་པ་མེད་པའོ། །ཞེས་བྱ་བ་ནི
མིང་གཉིས་སོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཛིན་གྱི་དབུགས་འབྱིན་པའོ། །ཞེས་བྱ་བ་ནི་དམིགས་པ་མེད་པ་ལ་གནས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་སྟེ། རྟོགས་པའི་གོ་སྐབས་མེད་ཅིང། དབུགས་འབྱིན་པའོ། །སྤྲུལ་པའི་དམིགས་པ་ནི།
ཞེས་བྱ་བ་ནི་རྟོགས་པས་སྤྲུལ་པས་སོ། །དེ་བཞིན་གཤེགས་པའི་དབུགས་འབྱིན་པ་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏེ། རགས་པའི་རྟོགས་པ་ལས་དབུགས་ཕྱུང་བའི་ཕྱིར་རོ། །འཁོར་བའོ་ཞེས་བྱ་བ་ནི། ཇི་སྲིད་དུ་དམིགས
པ་མེད་པ་ལ་གནས་པ་དེ་སྲིད་དུ་འཁོར་བའོ། །སྐུ་གསུམ་ནི་ཞེས་བྱ་བ་རྒྱུད་ལས་གསུངས་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ། །ཞེས་བྱ་བ་ནི། སྐུ་གསུམ་ནི་ཐིག་ལེ་གསུམ་མམ། ཡི་གེ་གསུམ་གྱི་བདག་ཉིད་འབྱུང་བ
འམ། འཇུག་པ་དང། གནས་པའི་རླུང་གསུམ་མོ། དེ་བཞིན་གཤེགས་པ་ལྔ་ནི་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་རྒྱལ་པ་རིགས་ལྔའོ། །གཟུགས་དང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་དང་ཞེས་བྱ་བ་ནི་རྒྱལ་པ་འོད་དཔག་ཏུ་མེད་པའོ། །འདུ་ཤེས་དང
ཞེས་བྱ་བ་ནི་རྒྱལ་བ་རིན་ཆེན་འབྱུང་ལྡན་ནོ། །འདུ་བྱེད་དང་ཞེས་བྱ་བ་ནི་རྒྱལ་བ་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའོ་ཞེས་བྱ་བ་རྒྱལ་བ་མི་བསྐྱོད་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི
ཡེ་ཤེས་དང། བྱ་བ་ནན་ཏན་གྱི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཡོངས་སུ་གྱུར་པའོ། །ལྷ་མོ་བཞི་ནི་ཞེས་བྱ་བ་ནི། ན་བཟའ་དཀར་མོ་ལ་སོགས་པའོ། །སའི་ཁམས་དང།
ཆུ་དང། མེ་དང། རླུང་དང་ཞེས་བྱ་བ་ནི་ལྷ་མོ་སྤྱན་མ་ལ་སོགས་པ་གོ་རིམ་བཞིན་ཏེ། ལྟུང་བྱེད་མ་དང། གསོད་བྱེད་མ་དང། དགུགས་པར་བྱེད་མ་དང། གར་གྱི་དབང་ཕྱུག་མའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ།།
ཞེས་བྱ་བ་ནི་གཏི་མུག་དང། ཞེ་སྡང་དང། ཕྲག་དོག་དང། འདོད་ཆགས་དང། སེར་སྣ་ལ་སོགས་པ་རྣམས་སོ། །ས་བཅུ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་ནས་འདི་ལྟར་འཁོར་ལོ་གསུམ་གྱི་བདག་ཉིད་དོ། །གནས་ནི་པུལླཱི་ར་མ་ལ་ཡ་དང།
ཛཱ་ལནདྷ་ར་དང། ཨོ་ཌི་ཡཱ་ན་དང། ཨརྦུ་ཏ་སྟེ། བཞི་པོ་ནི་གནས་ཞེས་ཡིན་ནོ། །ཉེ་བའི་གནས་ཞེས་བྱ་བ་ནི། གོ་དཱ་བ་རི་དང། ར་མེ་ཤྭ་རི་དང། དེ་བི་ཀོ་ཊི་དང། མཱ་ལ་བ་སྟེ། བཞི་པོ་ནི་ཉེ་བའི་གནས་སོ། །བརྒྱད་ཡིན་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་སྟེ
མཁའ་ལ་སྤྱོད་པ་ཡིན་ནོ། ཞིང་དང་ཞེས་བྱ་བ་ནི། ཀཱ་མ་རུ་པ་དང། ཨོ་དྲེའོ། །ཉེ་བའི་ཞིང་དང་ཞེས་བྱ་བ་ནི། ཏྲི་ཤ་ཀུ་ནེ་དང། ཀོ་ས་ལའོ། །ཚནདོ་ཧ་ཞེས་བྱ་བ་ནི། ཀ་ལིང་ག་དང། སམྦ་ཀའོ། །ཉེ་བའི་ཚནདོ་ཧ་ཞེས་བྱ་བ་ནི། ཀཉྩི་ཀ་དང། ཧི་མ་ལའོ། །འདི
ནི་གསུང་གི་འཁོར་ལོ་སྟེ་ས་ལ་སྤྱོད་པའོ། །འདུ་བ་དང་ཞེས་བྱ་བ་ནི། ཡི་དགས་ལྷག་པར་གནས་པ་དང། ཁྱིམ་གྱི་ལྷའོ། །ཉེ་བའི་འདུ་བ་དང་ཞེས་བྱ་བ་ནི། སཽ་རཱཥྚ་དང། གསེར་གླིང་ངོ། །དུར་ཁྲོད་དང། ཞེས་བྱ་བ་ནི། ནཱ་ག་ར
དང་སིནདྷཱུའོ། །ཉེ་བའི་དུར་ཁྲོད་དང་ཞེས་བྱ་བ་ནི། མྱང་དང། ཀུ་མུ་ཏའོ། །ཉི་ཤུ་རྩ་བཞིར་དབྱེ་བར་བྱའོ། །ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ཉི་ཤུ་རྩ་བཞིར་དབྱེ་བར་བྱའོ། །པུལླཱི་ར་མ་ལ་ཞེས་བྱ་བ་ནས། ཀུ་མུ་ཏ་ཞེས་བྱ་བ་ཡན་ཆད་ནི་གོ་སླའོ།།
འདི་རྣམས་རིམ་པ་ཇི་ལྟ་བས་ཞེས་བྱ་བ་ནི་གོང་དུ་བརྗོད་པ་དེ་རྣམས་སོ། །སྤྱི་བོ་དང་ཞེས་བྱ་བ་ནི། པུ་ལླི་རར་ནི་རབ་ཏུ་གཏུམ་མའོ། །སོ་དང་སེན་མོ་རབ་ཏུ་བསྐྱེད། ཅེས་བྱའོ། །སྤྱི་གཙུག་དང། ཞེས་བྱ་བ་ནི་ཛཱ་ལནདྷ་རར་གཏུམ་མིག་མ། སྐྲ་དང་སྤུ
ནི་རབ་ཏུ་བསྐྱེད་ཅེས་བྱ་བའོ་རྣ་བ་གཡས་པ་དང་ཞེས་བྱ་བ་ནི། ཨོ་ཌཡཱན་ཞེས་བྱ་བའི་གནས་མིང་ནི། ལྷ་མོ་འོད་ལྡན་མ་ཞེས་བྱ་བ་བགས་པ་དང་དྲི་མ་སྐྱེད་པའོ་ཞེས་བྱའོ། །རྩི་བ་ལོགས་དང་ཞེས་བྱ་བ་ནི། ཨརྦུ་ད་ན་ཤངས་ཆེན་མ་ཤ་རི་རབ
ཏུ་སྐྱེད་མཛད་མའོ་ཞེས་བྱའོ། །རྣ་བ་གཡོན་པ་དང་ཞེས་བྱ་བ་ནི། གོ་དཱ་པ་རིར་དཔའ་བློ་མ། རྒྱུས་པ་རབ་ཏུ་སྐྱེད་པར་བྱེད་ཅེས་བྱའོ། །སྨིན་མའི་དབུས་དང་ཞེས་བྱ་བ་ནི། རཱ་མེ་ཤྭ་རར་མིའུ་ཐུང་མ། རུས་པ་རབ་ཏུ་བསྐྱེད་པར་བྱེད། ཅེས
བྱའོ། །མིག་དག་དང་ཞེས་བྱ་བ་ནི། ལང་ཀའི་བདག་མོ་ལྷ་མོའི་རྫོང། །དེ་ནི་མཆིན་པ་རབ་ཏུ་བསྐྱེད། ཅེས་བྱའོ། །ལག་པའི་རྩ་བ་དག་དང་ནི་ཞེས་བྱ་བ་ནི། མཱ་ལ་བར་ནི་ལྗོན་གྲིབ་མ། །སྙིང་སྤྲུག་རབ་ཏུ་སྐྱེད་པར་མཛད། ཅེས་བྱའོ། །མཆན
ཁུང་དག་དང་ཞེས་བྱ་བ་ནི། ཀཱ་མ་རཱུར་གནས་ས་སྲུངས་མ། །མིག་ནི་རབ་ཏུ་སྐྱེད་པར་བྱེད། ཅེས་བྱའོ། །ནུ་མ་གཉིས་དང་ཞེས་བྱ་བ་ནི། ཨོ་དྲེར་འཇིགས་བྱེད་ཆེན་མོ་གནས། མཁྲིས་པ་རབ་ཏུ་སྐྱེད་པར་བྱེད། ཅེས་བྱའོ། །ལྟེ་བ་དང
ཞེས་པ་ནི། ཏྲི་ཤ་ཀུ་ནེར་རླུང་ཤུགས་མ། །བློ་བ་རབ་ཏུ་སྐྱེད་པར་བྱེད། ཅེས་བྱའོ། །སྣའི་རྩེ་མོ་དང་ཞེས་བྱ་བ་ནི། ཀོ་ས་ལར་ནི་སྐྱེམས་གསོལ་མ། །རྒྱུ་མ་རབ་ཏུ་སྐྱེད་པར་བྱེད་ཅེས་བྱའོ། །ཁ་དང་ཞེས་བྱ་བ་ནི། ཀ་ལིང་ཀ་དང་སྔོ་བསངས་མོ། །རྩི་བ་ལོགས
སྐུད་བའི་རྟེན་བྱེད་མའོ། །ཞེས་བྱའོ། །ཕག་གོང་ཞེས་བྱ་བ་ནི། ཤིན་ཏུ་བཟང་པོ་ལམ་བ་ཀར། །ལྟོ་བའི་གནས་ནི་རབ་ཏུ་སྐྱེད། ཅེས་བྱའོ། །སྙིང་དང་ཞེས་བྱ་བ་ནི། ཀཉྩི་ལ་གནས་རྟ་རྣ་མ། རྟག་པར་དྲི་ཆེན་སྐྱེད་པར་བྱེད། ཅེས་བྱའོ། །ཕོ་མཚན་དང་ཞེས
བྱ་བ་ནི། གསང་བ་ལ་གནས་བྱ་གདོང་མ། །འཚོགས་པའི་སྲུབས་ནི་སྐྱེད་པར་བྱེད། ཅེས་བྱའོ། །རྟགས་དང་ཞེས་བྱ་བ་ནི། པྲེ་ཏ་པུ་རིར་རབ་གནས་པ། །འཁོར་ལོའི་ཤུགས་ཅན་མཆིལ་མ་བསྐྱེད་དོ། །ཞེས་བྱའོ། །བཤད་བའི་ལམ་དང་ཞེས་བྱ་བ་ནི
ཁྱིམ་གྱི་ལྷ་གནས་དུམ་སྐྱེས་མ། །རྣག་ནི་རྟག་པར་སྐྱེད་པར་བྱེད། ཅེས་བྱའོ། །བྲང་གི་གནས་དང་ཞེས་བྱ་བ་ནི། སཽ་རཥྚར་གླང་སྣ་མ། །རྟག་ཏུ་རྣག་ནི་རབ་ཏུ་སྐྱེད་ཅེས་བྱའོ། །བྱིན་པ་དག་དང་ཞེས་བྱ་བ་ནི་འཁོར་ལོ་སྒྱུར་བ་གསེར་གླིང་གནས། །རྡུལ
ནི་རྟག་ཏུ་སྐྱེད་པར་བྱེད། །ཞེས་བྱའོ། །སོར་མོ་རྣམས་དང་ཞེས་བྱ་བ་ནི། ཤིན་ཏུ་དབང་མོ་གྲོང་ཁྱེར་གནས། །ཚིལ་ནི་རྟག་ཏུ་སྐྱེད་པར་བྱེད། ཞེས་བྱའོ། །རྐང་པའི་རྒྱབ་དང་ཞེས་བྱ་བ་ནི། སིནདྷུར་སྟོབས་ཆེན་མ་ཞེས་གནས། །མྱ་ངན་བཅས་ཤིང་མཆི
མ་སྐྱེད། ཅེས་བྱའོ། །མཐེ་བོང་དག་དང་ཞེས་བྱ་བ་ནི། མ་རོར་འཁོར་ལོ་སྒྱུར་བ་གནས། །རྟག་པར་ལུང་པ་སྐམ་པོ་སྐྱེད། ཅེས་བྱའོ། །པུས་མོ་གཉིས་དང་ཞེས་བྱ་བ་ནི། ཀུ་ལུན་ཏར་གནས་བརྩོན་ཆེན་མ། །སྣ་ཆུ་རྟག་ཏུ་སྐྱེད་བར་བྱེད། ཅེས་བྱའོ། །
བལྟ་བར་བྱའོ་ཞེས་བྱ་བ་ནི་ཞེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་། པུལླཱིར་མ་ལ་ཡར་ནི་མགོ་ཟུག་གོ་།ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཐིམ་མོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་གནས་ཉི་ཤུ་རྩ་བཞི་པོར་བྱང་ཆུབ་ཀྱི་སེམས་ཞེས་བྱ
བའི་ལུས་ཀྱི་ཁམས?་སྐུ་གསུམ་གྱི་ཚུལ་གྱིས་མགོ་ཟུག་པ་དང། ལོངས་སྤྱོད་པ་དང་ཐིམ་པ་ནི་གནས་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་བལྟའོ། །གནས་འདི་རྣམས་སུ་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །
དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་བདེ་ནས་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱི་བདེ་བའི་བྱེ་བྲག་གིས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ནི་འཛག་པ་མེད་པའི་བདེ་བའི་ཡེ་ཤེས་བསྐྱེད་པའི
ཕྱིར་རོ། །རིམ་པ་ཇི་ལྟ་བར་ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་གཟུགས་ཀྱིས་ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞི་པོ་རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་ཚུལ་གྱིས་ཐིག་ལེ་འབྱུང་ཞིང། ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །
བསྐྱེད་པ་དང། གནས་པ་དང། རབ་ཏུ་ཐིམ་པའོ། །ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་གྱིས་ཏེ། དཔེར་ན་ཉི་མ་ཤར་བ་དང། ཕྱེད་པ་དང། ནུབ་པ་བཞིན་ནོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་རྣམས་ཀྱི་གཙོ་བོ་ཞེས་བྱ་བ་ནི། དེ
ལྟར་བརྗོད་པའི་རིམ་པས་མགོ་ཟུག་པ་དང། ལོངས་སྤྱོད་པ་དང། ཐིམ་པ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ནི་རླུང་ཡིན་ཞེས་བྱ་བའི་དོན་ཏོ། །ོ་ཌི་ཡཱ་ན་ཞེས་བྱ་བ་ནི་རྣ་བ་གཡས་པ་སྟེ་འབྱུང་བའི་ལམ་མོ། །གནད་ཀྱི་སྒོ་ཕྱེད་པ
སྟེ་འབྱུང་བ་ནི་སྨིན་མཚམས་སུའོ། །རྡོ་རྗེ་མཁའ་འགྲོ་མས་བསྐུལ་བ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་མེས་བདེ་བ་སྐུལ་བའོ། །ཛ་ལནདྷ་རར་བདེ་བ་ཆེན་པོའི་ཡེ་ཤེས་འདུ་བའོ། །ཞེས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ
རྣམས་ཀྱི་དབུའི་གཙུག་ཏོར་ནས་ཞུགས་པའི་དམ་ཚིག་གི་འཁོར་ལོའི་མིང་ཅན་དུ་བདེ་བའི་ཡེ་ཤེས་སྡུད་ཅེས་བྱ་བའི་དོན་ཏོ། །ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡུད་པར་བྱའོ། །ཞེས་བྱ་བ་ནི་ཡེ་ཤེས་རིམ་པ་ནས་སྟོན་བཞིན
བའོ། །འདི་ཉིད་དཀྱིལ་འཁོར་དང། སྦྱིན་སྲེག་དང། མཆོད་པ་དང། བཟླས་པ་དང། བསམ་གཏན་དང། སེམས་དཔའ་དང། རྡུལ་ཚོན་འདྲི་བ་ལ་སོགས་པའི་བསོད་ནམས་འདིའོ། །ཞེས་བྱ་བ་ནི། རྣལ་འབྱོར་པ་བདག་ལ་ཕྱོགས་བཅུ་ན་བཞུགས་པའི
སངས་རྒྱས་རྣམས་ཀྱི་བདུད་རྩི་ལོན་ཅིང། བདག་གི་ལུས་ངག་ཡིད་སིམ་པར་ཕྱེད་པས་ན་སྦྱིན་སྲེག་དང་དཀྱིལ་འཁོར་ལ་སོགས་པའི་འདི་ཉིད་མཆོག་སྟེ། ཕྱིའི་དཀྱིལ་འཁོར་ལ་སོགས་པས་ལུས་ངལ་བར་བྱེད་པས་ཅི་ཞིག་བྱ་སྟེ། སྤང་བར
བྱ་ཞེས་བྱ་བ་ཡིན་ལ། དེ་ལས་གཞན་པ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་ལས་དང་པོར་གཏོགས་པ་རྣམས་ཀྱིས་སྤང་བར་མི་བྱ་སྟེ། འབད་པས་སྤྱད་པར་བྱ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཀྱི་རིམ་པའོ། །ཞེས་བྱ་བ་ནི་རིམ་པ་སྟོན་པར་བྱེད
པ་ལས། འདི་ནི་རིམ་པ་དང་པོ་ལུས་ཅན་རྣམས་ལ་རང་བཞིན་དུ་བསྟན་ཏོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས་རྒྱུད་ཀྱི་རིམ་པའི་འགྲེལ་པ་བསྟན་པ་སྟེ་དང་པོ་རྫོགས་སོ།། །།བསྲུབ་པ་དང་བསྲུབ་པར་བྱེད་པའི་སྦྱོར་བ
ལས་ཞེས་བྱ་བ་ནི་རྩ་གཉིས་ཕྲད་པར་བྱེད་པའི་སྦྱོར་བ་འམ། རྩ་གསུམ་ལ་དཀྲུག་པའི་སྦྱོར་བའོ། །ཡེ་ཤེས་ཀྱི་མེ་འདི་ལ་ཞེས་བྱ་བ་ནི་ལྟེ་བ་ན་གནས་པའི་རང་བྱུང་གི་མི་འདི་ལའོ། །ལས་ཀྱི་རླུང་གིས་སྐྱེད་པ་ཞེས་བྱ་བ་ནི་གཡས་དང་གཡོན
ཕའི་སྟོབས་སམ། བསྐྱོད་པ་ལས་བྱུང་བས་སོ། །ལྟེ་བའི་དཀྱིལ་འཁོར་དུ་དུ་བ་དང་འབར་བ་དང་གསལ་བ་དང་ཞེས་བྱ་བ་ནི། དེའི་དབང་གིས་དང་པོར་དུ་བ་སྟེ་རླངས་པ་དང། དེ་ལས་འབར་བ་དང། དེ་ལས་ཀུན་ཏུ་གསལ་པ་འམ། ཡང་ན་དེ
ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན་དུ་བ་ལྟ་བུ་ལ་སོགས་པའི་རྟགས་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་འཁོར་ལོར་སོང་སྟེ་ཞེས་བྱ་བ་ནི། བདག་གི་ཆོས་ཀྱི་འཁོར་ལོར་སོང་བའོ། །བདེ་བར་གཤེགས་པ་བསྲེགས་ཞེས་བྱ་བ་ནི།
དེ་ནི་གནས་པའི་ཡི་གེ་ཐམས་ཅད་ཀྱི་རང་བཞིན་བསྲེགས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་སོང་ཞིང། ཐམས་ཅད་ལ་བསྐོར་བ་གསུམ་བྱས་པ་དང། ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་དེ་དམ་ཚིག་གི་འཁོར
ལོ་ནས་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ། ཐབས་དེ་ལ་གནས་པའི་ཡེ་ཤེས་ལ་སྐོར་བ་གསུམ་བྱེད་ཞེས་བྱ་བའི་དོན་ཏོ། །མཛོད་སྤུར་སོང་སྟེ་གནད་ཀྱི་སྒོ་ཕྱེ་བ་དང། ཞེས་བྱ་བ་ནི་དགའ་བའི་དབང་ཕྱུག་གི་མིང་ཅན་དེ། བདེ་བ་ཆེན
པོའི་འཁོར་ལོར་སྟོན་པའོ། །ོ་ཌི་ཡཱ་ན་ཞེས་བྱ་བ་ནས་ཕྱུང་ཞིང། ཞེས་བྱ་བ་ནི་བདག་གི་རྣ་བ་གཡས་པས་ཡེ་ཤེས་ཀྱི་མེ་ཕྱུང་བའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་དང།
སྤྱི་གཙུག་གི་ཁུང་བུར་སོང་སྟེ། ཞེས་བྱ་བ་ནི་ཡང། ཡེ་ཤེས་ཀྱི་མེ་དེ་ངག་གི་ཨོ་ཌི་ཡཱ་ན་ནས་ཕྱུང་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཛཱ་ལནདྷ་རའི་ལམ་ནས་འཇུག་ཅིང། དམ་ཚིག་གི་འཁོར་ལོར་གཤེགས་པའོ། །གསེར་གྱི་སྒོ་ནས་ཞེས
བྱ་བ་ནི་དེ་བཞིན་གཤེགས་པའི་ཞབས་གསེར་གླིང་ནས་བྱུང་བའོ། །འབར་བ་འཛིན་པ་ཞེས་བྱ་བར་བཞུགས་སོ་ཞེས་བྱ་བ་ནི་སླང་བདག་གི་སྤྱི་བོ་ནས་ཞུགས་པའོ། །སྔོན་བཞིན་དུ་འཁོར་ལོ་ཐམས་ཅད་མ་ལུས་པར་བསྲེགས་ཏེ། ཞེས་བྱ་བ་ནི
འོངས་ནས་ཡང་སླར་འགྲོ་བའི་དུས་སོ། །འགྲོ་བ་དང་འཇུག་པ་ཡང་མི་མཐོང་ཞེས་བྱ་བ་ནི། ཡར་མེའི་ལམ་ནས་ཡང་འགྲོ་བ་དང། མར་ཆུའི་ལམ་ནས་འོང་བ་མི་མཐོང་བའོ། །ཅིའི་ཕྱིར་ཞེ་ན་སྐྲའི་ཉག་མ་གཅིག་བརྒྱ་སྟོང་དུ་བཤགས་པའི
ཚད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་ཚུལ་གྱིས་འགྲོ་བ་དང། འོང་བར་བྱེད་པ་འམ། ཡང་ན་ཤིན་ཏུ་ཕྲ་བའི་ཚུལ་དུ་ཡིད་བསྟད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་རིམ་པའོ། །ཞེས་བྱ་བ་ནི་དེ་ལྟར་རྒྱུད་ལ་གནས་པ་སྟེ། འཁོར་ལོ
བཞི་གནས་པའི་ཡི་གེ་རྣམས་ཨཱ་ལི་ཀཱ་ལི་ལས་གཞན་མ་ཡིན་པ་འམ། ཡང་ན་ཡར་འགྲོ་བ་ནི་ཀཱ་ལིའི་སྒྲ་དང་ལྡན་པར་འགྲོ་ལ། མར་འོང་བ་ནི་ཨཱ་ལིའི་སྒྲ་དང་ལྡན་པར་འོང་བའི་ཕྱིར་རོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས་བསྟན་པ་སྟེ་གཉིས
པའོ་རྫོགས་སོ། ། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་སོང་སྟེ། ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་དེ་སྔར་བཞིན་མ་སྲེག་པ་རྣམས་བསྲེགས་ཤིང། སྔོན་གྱི་ལམ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་བླང་བར་བྱ
ཞིང། ཕྱིར་ཐུགས་ཀར་འགྲོའོ། །དམ་ཚིག་གི་འཁོར་ལོར་དཀྲུགས་ཤིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་དཀྲུགས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཁྱེར་ནས། ཞེས་བྱ་བ་ནི། དེ་བཞིན་གཤེགས
པའིའོ། །གོང་གི་སྒོ་ནས་ཕྱུང་སྟེ། ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསེར་གླིང་ནས་སོ། །འོ་མའི་རྒྱུན་ལྟར་འོང་ཞིང། དེ་ཉིད་སྒོ་ནས་ཞུགས་སོ་ཞེས་བྱ་བ་ནི། བདག་གི་སྤྱི་བོའི་སྒོ་ནས་འཇུག་པའོ། །སོའི་མཚམས་ཀྱི་མཛའ་ཨི་བུག་པ་ནས
འོངས་ཏེ། ཞེས་བྱ་བ་ནི་བདག་གི་སྙིལ་གྱི་མཚམས་ནས་འོངས་པའོ། །ལོངས་སྤྱོད་ཀྱི་འཁོར་ལོར་ངལ་གསོ་སྟེ། ཞེས་བྱ་བ་ནི་གནས་དེ་གནས་ཤིང་བདེ་བ་རྒྱས་པའོ། །བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་བ་བསྐྱེད་པ་སྟེ། ཞེས་བྱ་བ་ནི
སྔར་གྱི་ཡི་གེ་བསྲེགས་པ་རྣམས་སླར་གསོ་ཞིང་དགྱེས་པ་བསྐྱེད་པའོ། །ལྟེ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ། །ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་ཡེ་ཤེས་ཐམས་ཅད་རྒྱས་ཤེས་བྱ་བའི་དོན་ཏོ། །འདི་ཉིད་འདའ་བར་མི་བྱ་བ་སྟེ། མཁའ་འགྲོ་མ
ཀུན་གྱི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཡང་འབྱུང་བ་དང། འོང་བ་དང། འཇུག་པ་ཡང་མི་མཐོང་སྟེ། སྦ?་ཉག་མ་ཅིག་བརྒྱ་སྟོང་དུ་བཤགས་པའི་ཚད་ཀྱི་ཕྱིར་རོ། །ཞེས་བྱ་བ་ནི་རྒྱུད་གོང་དུ་བརྗོད་པ་དང་མཚུངས་སོ། །ཡེ་ཤེས་ཀྱི་རིམ་པའོ།།
ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་སྦྱོར་བས་བདུད་རྩི་འཛག་པའི་བདེ་བའི་ཕྱིར་མི་འདའ་བ་ནི་བདེ་བའི་ཡེ་ཤེས་སུ་དགོངས་སོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས་ཡེ་ཤེས་ཀྱི་རིམ་པ་བསྟན་པ་སྟེ་གསུམ་པ་རྫོགས་སོ།། །།
ད་ནི་རྒྱུད་དང་སྔགས་དང། ཡེ་ཤེས་སྤངས་པ་ཞེས་བྱ་བ་ནི་གསང་བའི་རིམ་པའི་ཁྱད་པར་ཏེ་རྒྱུད་དུ་རྟོགས་པ་དང། སྔགས་སུ་རྟོགས་པ་དང། ཡེ་ཤེས་སུ་རྟོགས་པ་སྤངས་པ་འམ་དགག་པའོ། །སྒོ་དགག་པ་འགྲོ་བ་དང་འོང་བ་ལས་རྣམ་པར
གྲོལ་བ་ཞེས་བྱ་བ་ནི། དབང་པོའི་སྒོ་འགག་ཅིང་ཡར་འགྲོ་བ་དང། མར་འོང་བ་ལས་གྲོལ་བའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དང། ལྷ་མོ་དང། བྱང་ཆུབ་སེམས་དཔའ་ཨི་རྟོག་པ་དང
བྲལ་བ་འམ། ཡང་ན་མི་གཙང་བའི་ལུས་སྤངས་ནས་པགས་པ་དང་ཤ་དང་ཁྲག་རུས་པ་དོར་ཏེ། རྡོ་རྗེའི་སྐུར་གྱུར་པའོ། །ཡུལ་རྣམས་ལས་གྲོལ་བའོ། །ཞེས་བྱ་བ་ནི་ཡུལ་རྣམས་ལ་ཞེན་པ་མེད་པ་སྟེ། མི་རྟོག་པའི་ཡུལ་ལ་གནས་པའི
ཕྱིར་རོ། །མུན་པ་སྨག་ཏུ་གྱུར་པ་ལ་ཟླ་བའི་ནོར་བུ་ལྟར་འོད་གསལ་བ་ཞེས་བྱ་བ་ནི། དཔེར་ན་མུན་པ་འགའ་ཞིག་ལ་མར་མེ་འམ། ཆུ་ཤེལ་འོད་དང་ལྡན་པ་བཞག་ན་གསལ་བར་འགྱུར་བ་ལྟར། མ་རིག་པའི་མུན་པ་ཆེན་པོས་སྨག་ཏུ་གྱུར
པ་ལ་ཡེ་ཤེས་ཀྱི་ཟླ་བའི་འོད་ཀྱིས་གསལ་བར་བྱེད་པའི་དོན་ཏོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་རྡུལ་ལས་ཁྲག་གི་རང་བཞིན་ཕྱིར་བོར་བའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་གཟོད་མ་ནས་སྟོང་པར་ཤེས་པའོ། །མཚན
མ་མེད་པ་ཞེས་བྱ་བ་ནི་གཟོད་མ་ནས་མཚན་མ་མེད་པར་རྟོགས་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ནི། སྨོན་པར་བྱ་བ་ཆོས་གང་ཡང་གྲུབ་པ་མེད་པར་ཤེས་པའོ། །རང་དང་གཞན་དང་ཞེས་བྱ་བ་ནི་བདག་ཏུ་རྟོག་པ་སྤངས་པ་དང། གཞན
དུ་རྟོག་པ་སྤངས་པའོ། །རང་རིག་པའི་ཡེ་ཤེས་སྤངས་པ་ཞེས་བྱ་བ་ནི་རགས་པའི་ཡེ་ཤེས་དང་བྲལ་བ་འམ། ཡང་ནི་ཕྱོགས་གཅིག་པའི་ཡེ་ཤེས་སྤངས་པའོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི། བདག་རིག་གཞན་རིག་ཐམས་ཅད་རིག་པ་ཡིན་པའི་ཕྱིར་རོ། །
མཆོག་ཏུ་ཞི་བ་ནི་བདེ་བ་ཆེན་པོ་ཡིན་ཏེ། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཕྱིར་རོ། །འདོད་ཆགས་དང་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་ཟླ་བའི་གཟུགས་འཕྲལ་བར་གནས་པའོ། །འདོད་ཆགས་དང་བྲལ་བ་ནི་གསང་བའི་རྡོ་རྗེ་དང
བྲལ་བ་ཡིན་ལ། རྣམ་པར་འགྲེལ་པ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་ལ་ཞུ་བའི་བདག་ཉིད་དུ་གྱུར་ཏེ། གསང་བའི་རྡོ་རྗེར་ཞུགས་པ་དང། འདོད་ཆགས་བྲལ་བ་སྟེ་ནོར་བུ་ལས་ཕྱིར་མི་འབྱུང་བ་དང་བྲལ་བ་སྟེ། འདྲེས་པ་ཞེས་བྱ་བའི་དོན་ཡིན་ནོ། །
མར་ལ་མར་བླུགས་པ་ལྟར་མྱ་ངན་ལས་འདས་པ་བྱང་ཆུབ་ཀྱི་སེམས་བདག་མེད་པའོ། །ཞེས་བྱ་བ་ནི། དཔེར་ན་མར་མེ་འཆི་ཀ་མ་ལ་མར་སླར་བསྣམ་པ་ན་གསལ་བར་འགྱུར་བ་ལྟར། དེ་ལྟར་བརྗོད་པའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་གནས་པས
བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ཕྱིར་ཞིང་གསལ་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདག་མེད་པ་རྟོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།བཙུན་མོའི་བྷ་ག་ཞེས་བྱ་བ་ནི་བདེ་བ་ཅན་ལའོ། །ཞེས་བྱ་བ་ནི་འཇོམས་པ་འམ། སྐལ་པ་སྟོན
པས་བྷ་གའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་པས་ན་དེ་སྐད་ཅེས་བྱའོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པ་ལྟ་བུའོ། །ཞེས་བྱ་བ་ནི་བདེ་བ་འབྱུང་བའི་གནས་ཏེ་ཁུ་བའི་གཟུགས་ཀྱིས་བཞུགས་ཞེས་བྱའོ། །དེ་བཞིན
གཤེགས་པ་ཐམས་ཅད་ནི་ཕུང་པོ་ལ་སོགས་པའི་ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་ཕུང་པོ་ལྔ་ནི་རྒྱལ་བ་རྣམ་པ་ལྔ་ཡིན་ལ་སོགས་པའི་སྒྲ་ཡིས་ཁམས་རྣམས་ལྷ་མོ་བཞི་ཡིན་ཞིང། སྐྱེ་མཆེད་རྣམས་ནི་བྱང་ཆུབ་སེམས
དཔའ་ཨོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་ཨོཾ་ཨཱཡི་གེ་འདི་རྣམས་ནི་ཞེས་བྱ་བ་ནི་འབྲུ་གསུམ་མོ། །དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བའོ། །དེ་རྣམས་ཏེ་ཕུང་ལ་སོགས་པའི་བདེ་བར་གཤེགས་པ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཏེ་ཡི་གེ་གསུམ་མོ། །བཙུན་མོ་ནི་མི་ལ་སོགས
པའི་བུད་མེད་ཀྱི་གཟུགས་ལ་སོགས་པའོ། །ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་བུ་མོ་བཞིའོ། །སོགས་པ་སྨོས་པ་ནི་ལྷ་དང་ལྷ་མིན་ལ་སོགས་པ་ཡང་ནུས་ཅན་གྱིས་འགུགས་པ་ཡིན་ལ་སོགས་པའི་སྒྲ་གཅིག་གི་སྤྲུལ་པའི་གཞོན
ནུ་མ་ཡང་ངོ། །དེ་ལ་བུད་མེད་ཀྱི་དོན་ནི་དེའི་བྷ་གའོ། །ཞེས་བྱ་བ་ནི་སྐལ་པ་སྟོན་པ་དེའི་སྐྱེ་གནས་སོ། །ེ་བཾ་འདི་ནི་ཞེས་བྱ་བ་ནི། རྒྱུད་ལས་གསུངས་པའི་ལེགས་པར་སྦྱར་བའི་སྐད་འདིའོ། །ེ་ཡི་ཆ་བྱད་བཟང་པོ་གང། ཞེས་བྱ་བ་ནི
སྐབས་ཁྱད་པར་ཅན་འདིར་ནི་ཨེའི་ཆ་བྱད་ཞེས་བྱ་བ་སྐྱེ་གནས་དངོས། ཨེའི་ཆ་བྱད་དུ་འདུག་པ་ཡིན་ལ། ཡི་གེ་མ་ཡིན་ནོ། །བཟང་པོ་ནི་བདེ་བ་ཡིན་པས་སོ། །དབུས་སུ་བཾ་གིས་རྣམ་པར་བརྒྱན། ཞེས་བྱ་བ་ནི་ཨེའི་དབུས་གསང
བའི་རྡོ་རྗེ་བཾ་གི་རྣམ་པ་ལྟ་བུ་བཀོད་པ་ཡིན་གྱི། ཡི་གེ་བཾ་ནི་མ་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། ཞེས་བྱ་བ་ནི་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་ནི་འདི་ལས་གཞན་ན་མེད་ཞེས
བྱ་བའི་དོན་ཏོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག། ཞེས་བྱ་བ་ནི་སངས་རྒྱས་ནི་བར་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཟ་མ་ཏོག་ནི་ཡི་གེ་གཉིས་སོ། །དེ་ལ་བདག་གི་ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་ཐོས་།
ཞེས་བྱ་བ་ནི་འཛག་པའི་དོན་ལ་བྱའི། རྣ་བའི་ཡུལ་དུ་ནི་མ་ཡིན་ནོ། །འཛག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཏེ། སྤྲུལ་པ་དེ་འཆད་པ་དང། ལོངས་སྤྱོད་པ་དེ། ཉམས་སུ་མྱོང་བ་ལ་ཐོས་པ་ཞེས་བྱའོ། །འདི་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ནི་གཏན་ཚིགས
དེ་བས་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི། ཐིག་ལེ་གསུམ་ལ་ལྕགས་ཀྱི་གཟུགས་སོ། །རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བ་ནི་གོང་དུ་བཤད་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག
ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དེ་བཞུགས་སོ། །ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བཅོམ་ལྡན་འདས་ནི་ཀུན་རྫོབ་དུ་བྱང་ཆུབ་ཀྱི་སེམས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་རླུང
འགོག་པའི་དུས་གཅིག་ནའོ། །ས་མ་ཅིག་དང་ཞེས་བྱ་བ་ནི་མཉམ་པ་འམ། མི་འདའ་བའ་ཨི་དུས་གཅིག་ནའོ། །འགོག་པའི་དུས་དང་ཞེས་བྱ་བ་ནི་ཕྱིར་མི་འབྱུང་བའོ། །དཔྱིད་ཀྱི་དུས་ཇི་སྲིད་པའི་དུས་སོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི
མྱུ་གུ་སྐྱེ་བ་འམ། དགའ་བའི་མཛའ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསལ་བར་བསྟན་པ་ནི་གཡས་པ་གཡོན་པའི་སྣ་བུག་ཏུ་སོང་བ་ཞེས་བྱ་བ་ནི་གཡས་གཡོན་ན་གནས་པའི་རླུང་ངོ། །འགོག་པ་ཐོབ་པ་ནི་འགགས་པའི་དོན་ཏོ། །ཞེས་བྱ་བ་ནི
རླུང་ནི་དེ་ཉིད་དོ་། དེ་ལྟར་རླུང་འགགས་པ་དེས་རྟོགས་པ་མི་འགག་གམ་ཞེས་དོགས་པ་ལ། །ཆོས་གང་རྒྱུ་བྱུང་དེ་དག་ནི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། ཞེས
བྱ་བ་སྨོས་ཏེ། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་ངོ། །ཞེས་ཀྱང་གསུངས་ལ། དེ་བས་རྣམ་པར་རྟོག་པའི་རྒྱུ་རླུང་འགགས་ན་རྟོག་པ་ཡང་འགག་ལ། གཞན་ཡང་གཡས་དང་གཡོན་དུ་བཀག་ན་མེ་འབར་ལ། མེས་བདུད་རྩི
འཛག་པས་དེ་འཛགས་པས། ལུས་ངག་ཡིད་ཚིམ་པར་བྱེད་དོ། །དེས་ནི་སྡུག་པའི་ལྷ་མཉེས་པར་འགྱུར་བ་སྟེ། དེས་རྡོ་རྗེ་སེམས་དཔའ་ཨི་གནས་ཐོབ་པར་འགྱུར་རོ། །སྲིད་པའི་རང་བཞིན་དག་པའི་ཕྱིར། ཞེས་བྱ
བ་ནི་ཆོས་རྣམས་ནི་གཟོད་མནས་རང་བཞིན་རྣམ་པར་དག་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཤིན་ཏུ་རིང་དུ་སྤངས་པའི་ཕྱིར། རང་བཞིན་གྱིས་འབྱུང་བྲལ་བར་བྱས། ཞེས་བྱ་བ་ནི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི།
གདོད་མ་ནས་བདག་ལ་ལྡན་པ་ལས། བདག་ལ་རྟོག་པ་མེད་པས་རིང་དུ་སྤངས་ཤིང་བྲལ་བར་བྱས་ཏེ། དེ་བས་ན་སེམས་ཅན་རྣམས་ཀྱིས་བླ་མ་དམ་པ་བསྟེན་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །གསང་བའི་རིམ་པའོ་ཞེས་བྱ་བ་ནི། དེ
ལྟ་བུའི་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་གདོད་མ་ནས་ཡོད་པ། རང་བཞིན་གྱིས་གསང་བ་འམ། ཡང་ན་འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་ནི་གསང་བར་བྱ་བ་ཡིན་ཞིང་སྦ་བར་བྱ་བ་ཡིན་ནོ། །རང་གི་སེམས་འདི་ནི་རིམ་པ་བཞི་པའོ།།
ཞེས་བྱ་བ་འདི་ནི་དེ་ལྟར་བརྗོད་པའི་རིམ་པ་གསུམ་གྱི་ཐ་མ་ནི། གསང་བའི་རིམ་པ་སྟེ། རང་གིས་རང་གི་སེམས་རྟོགས་པ་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང
རྟོགས་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་པའི་སྙིང་པོ་བདག་གིས་རྟོགས་ནས་ཞེས་བྱ་བའོ། །རྟུལ་ཞུགས་སྦྱོར་བ་ཞེས་བྱ་བ་ནི་རྟུལ་ཞུགས་ཀྱི་སྤྱོད་པ་སྟེ། སེམས་ཅན་གྱི་དོན་དུ་འགྱུར་བའི་བྱ་བ་སྣ་ཚོགས་པའོ། །
སློབ་དཔོན་ཞེས་བྱ་བ་ནི་ཨཱ་ཙརྱ་སྟེ། ཀུན་སྤྱོད་པ་འམ། ཆོ་གའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱའོ། །དཔལ་རིམ་པ་བཞིའི་འབྲེལ་པ། ཨཱ་ཙརྱ་ནག་པོ་ཉིད་ཀྱིས་མཛད་པ་རྫོགས་སོ།། །།
ཕོད་ཀྱི་ལོ་ཙ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ། ། །། *། (།ཡི་གེ་བདུན་པའི་སྒྲུབ་ཐབས་བཞུགས།)་། *། །རྒྱ་གར་སྐད་དུ། སཔཏ་ཨཀྵ་ར་སཱ་དྷཱ་ན། བོད་སྐད་དུ། ཡི་གེ
བདུན་པའི་སྒྲུབ་ཐབས།
CLOSE WINDOW