Wylie |
། དེ་ཕྱིར་དྲང་སྲོང་ཚུལ་དུ་དྲང་སྲོང་ལམ་འདི་མཁས་པས་བློ་ལ་བཞག། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་མི་སེལ་སྟོན་པ་དྲུག་གིས་བསྟན་པའང་སྙིང་པོར་བསམ། ། གང་ཡང་མི་སྒོམ་གནས་གསུམ་མི་གཡོ་རྟེན་འཆའ་མི་བྱེད་པ་ཉིད་དྲང་སྲོང་ལམ།། འདི་ལས་སངས་རྒྱས་པ་ལའང་ལམ་མེད་རྒྱལ་བ་ཀུན་གྱི་བདེ་ལམ་ཤུལ་པོ་ཆེ།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། དྲང་སྲོང་རྣམས་ཀྱི་གྲུབ་པའི་རྒྱུ་བསྟན་པའི་སྐབས་བཅོ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཤིན་ཏུ་ཟབ་པའི་དོན་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད།། ཀུན་གྱིས་དམིགས་པར་བྱ་ཕྱིར་མཆོག་གི་སྙིང་པོ་འདིས་ཀྱང་ཀུན་ལ་ཁྱབ། ། མཆོག་ཏུ་གསང་བའི་ཆོས་ཉིད་ཟབ་མོ་གང་ཡང་སྣང་མེད་འདི།། ཅི་ལའང་མི་སྣང་གང་ལའང་མི་དམིགས་དེ་བཞིན་ཉིད་ཀྱི་ངང།། གསང་བའི་དབང་ཕྱུག་དེ་བཞིན་དབྱིངས་ཉིད་དབང་བསྒྱུར་ཐུགས་རྗེའི་ངང། ། འདི་ལ་བླ་མེད་མྱུར་བའི་གོ་འཕང་མཆོག་ཆེན་གང་བརྙེས་པ།། སེམས་ཀྱི་ངང་ལས་གཞན་མིན་གང་ཡང་རྒྱལ་བ་གཞན་ན་ལྷག་པར་མེད།། སྲིན་བུ་མེ་ཁྱེར་ནམ་མཁའི་འོད་དུ་འབར་ཡང་གློག་དང་མཚུངས་པ་ཡིན། ། ཐེག་གཞན་ཁྱད་པར་རབ་ཏུ་བསྔགས་ཀྱང་ཐེག་མཆོག་འདིར་མི་མཚུངས།། དོན་གྱི་ངོ་བོ་གཞན་མིན་ཡང་དག་ཐར་ལམ་འདི་ནི་རྣམ་པར་མི་རྟོག་ཉིད་ལས་འཁྲུངས།། བསམ་འདས་བརྗོད་མེད་རྒྱལ་བའི་སེམས་དེ་ཡེ་ཤེས་ཐུགས་རྗེའི་ངང། ། འདི་ལ་བླ་མེད་དམྱུར་བའི་གོ་འཕང་མཆོག་ཆེན་གང་བརྙེས་པ།། མི་བསྒོམ་ཅི་འང་འདི་ལ་གང་ན་བསྒོམ་དུ་ཡོད་དེ་བཟུང་བའི་ཡུལ་དང་བྲལ། དམིགས་ཤིང་བསམ་དུ་མེད་པས་རྣ་བ་ཉན་ཅིང་ལྕེ་ཡིས་བརྗོད་དུ་མེད། ། ཡུལ་དགོན་སེམས་དགོན་གནས་དགོན་ལུས་དགོན་འབྲེལ་བས་བཟུང།། ལུང་མཆོག་རྒྱལ་པོ་ནོར་བུ་རིན་ཆེན་ལྟ་བུའི་ཀུན་གཞི་འདི།། འདི་ཞེས་དམིགས་སུ་རྡུལ་ཙམ་མེད་ཕྱིར་མཆོག་གི་སྙིང་པོ་ཉིད། ། ཀུན་སྙོམས་གསལ་བའི་ཐིག་ལེ་གསལ་བའི་སྒྲོན་མ་ཀུན་འབྱུང་འཛིན་པའི་སྐུ།། རྣམ་ཐར་སྒོ་གསུམ་འབྱུང་བའི་ཀློང་ཆེན་འདི་ནི་མཆོག་གི་སྐུ།། སྤྱོད་ཡུལ་སྨན་པའི་རྒྱལ་པོ་ལྟ་བུའི་ནད་གསོ་མཛད་པའི་མཁན། ། ཐེག་པའི་མཚན་ཉིད་ཤིན་ཏུ་ཟབ་པའི་ཁྱད་པར་འགྱུར་བའི་ལམ་ཆེན་འདི་ཉིད་ནི།། ཐེག་བ་ཀུན་གྱི་ནད་གསོ་མཛད་པའི་སྨན་པའི་མཆོག་ཆེན་པོ།། ཀུན་སྙོམས་ཀུན་འབྱུང་ཐིག་ལེ་འབར་བའི་སྐུ་མཆོག་ཟབ་མོ་འདི། ། གང་ཡང་དམིགས་སུ་མེད་པར་ཡན་ལག་གནས།། འདི་ལས་ཁྱད་པར་ཟབ་པའི་སངས་རྒྱས་བྱང་ཆུབ་གང་ནས་བཙལ་དུ་ཡོད།། ཤིན་ཏུ་འདུ་ཤེས་གང་ཡང་སྙོམས་འཇུག་འདི་ནི་ཀུན་གྱི་རྨད་བྱུང་ཡིན། ཁྱད་པར་མཆོག་ཏུ་གྱུར་ཅིང་ཀུན་ཏུ་རབ་ཏུ་བསྔགས་པ་རྫོགས་མཆོག་ཡིན།། རྫོགས་མཆོག་བྱ་བྲལ་ཡངས་པའི་སྙིང་པོ་འདི་ནི་བསྒོམ་དུ་མེད་པ་ཡིན།། གང་ཡང་འདི་ལས་སྙིང་པོ་བྱང་ཆུབ་གཞན་ནས་རྙེད་པར་འདོད་པ་གདོད་ནས་གོལ་བ་ཡིན། ། རྫོགས་སོ་རྫོགས་སོ་རྫོགས་པ་འདི་ལ་ཐམས་ཅད་མ་ལུས་རྫོགས།། འདི་ལ་ཤིན་ཏུ་ཟབ་པའི་ཆོས་ནི་གང་ཡང་མེད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། མན་ངག་ཤིན་ཏུ་ཟབ་པར་བསྟན་པའི་སྐབས་བཅུ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་རབ་ཏུ་ངེས་པ་རྙེད་དེ་གནས་པ་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དུ་འགྲོ་ཞིང་ཅི་ཞིག་སྤང་དུ་ཡོད་ཅེས། བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་མེད་དག་པའི་མཁའ་དབྱིངས་ཀློང་ཡངས་རབ་ཏུ་འཁྱིལ་བ་ལས། ཡ་མཚན་འཁྲུལ་གྱི་ཤེས་རབ་འོད་འབར་དེ་ནི་ཀུན་ལ་གསལ།། མཆོག་ཏུ་རྨད་བྱུང་ངོ་མཚར་ཁྱད་པར་ཡུལ་འདི་ཀུན་གྱི་རྨད་ཆེན་ཡིན།། རང་སེམས་རྣམ་དག་ཀུན་གྱི་ཡུལ་ཏེ་ཀུན་གྱི་འགྲོ་ཁུང་ཡིན།། མི་དམིགས་དབྱིངས་ལས་དམིགས་མེད་རིག་པ་རང་ཞིར་འགྲོ་རུ་གཞུག། ཀུན་སྙོམས་སེམས་ལ་ཀུན་འབྱུང་རིག་པ་ཁུངས་པའི་སྟེང་དུ་བཏང།། ཡུམ་གྱི་མཁའ་དབྱིངས་ཁྱབ་པར་གདལ་བའི་ཀློང་དུ་སེམས་ཀྱི་ཕུར་པ་ཐེབས་པར་བཏབ་ལ་བཞག། འགུལ་བའི་ཚེ་ན་དམ་པོར་བཅིངས་ཤིང་འབྱུང་དུ་གཞུག་པར་ཡོང་མི་བྱ།། ཡོང་ཞིག་འབྱུང་ན་མཁའ་དབྱིངས་ཀློང་གི་ཁུང་པའི་མཚན་ཉིད་བརྟག་པར་བྱ།། མཚན་ཉིད་བརྟགས་ཏེ་མཚན་ཉིད་མཐོང་ནས་ཁུང་པའི་གཏིང་ཡང་དཀྲུག། ལེགས་པར་འཁྲུགས་ནས་སླར་ལ་སྟེང་ནས་ཁ་རུ་དབྱང་བར་མི་བྱ་གཏིང་ཁར་འདུག། གཏིང་དེ་མཐོང་ནས་རྒྱལ་བ་སངས་རྒྱས་རྣམས་ཀྱང་བདུད་ལས་རྒྱལ། ། རྒྱལ་བའང་དེ་ལས་སངས་རྒྱས་གང་དུའང་མི་འགྲོ་དེ་ཁོ་ན་ཉིད་ན་འདུག། དྲང་སྲོང་རྣལ་འབྱོར་རྣམས་ཀྱི་འགྲོ་ས་དེ་ཡིན་གྱིས།། དེ་ལྟར་ཡུམ་གྱི་མཁའ་དབྱིངས་དག་པའི་གཏིང་མཐོང་ནས།། འཇིག་རྟེན་འདི་ན་ཡོད་པ་ཐམས་ཅད་ཅི་ཞིག་སྤང་དུ་ཡོད་དེ་ཀུན་ཏུ་བཟང་པོའི་ངང། ། ཐམས་ཅད་འདི་ལྟར་ཤེས་ན་བསྒོམ་པའི་མཆོག་ཆེན་ཁྱད་པར་ཡིན།། འདི་ལས་རྒྱལ་བ་རྣམས་ལ་བསྒོམ་དུ་རྡུལ་ཙམ་མེད།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། གང་དུའང་འགྲོར་མེད་ཅིང་ཅིའང་སྤང་དུ་མེད་པའི་སྐབས་བཅུ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ།། བཅོམ་ལྡན་འདས་རྒྱུད་ཀྱི་མཚན་ཉིད་དང། སེམས་ཀྱི་མཚན་ཉིད་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་ནི་རྒྱུད་ཀྱི་རང་བཞིན་ཡིན་ཏེ་སེམས་ཀྱི་མཚན་ཉིད་ནི།། ཐམས་ཅད་ཀུན་ལ་མཉམ་གནས་དེ་ཉིད་ངང་ལས་གཡོས་པ་མེད་པར་རྒྱུན་དུ་གནས་པ་རྒྱུད། ། དེ་ལྟར་གནས་པ་དེ་ཉིད་ཁ་དོག་དབྱིབས་ཀྱིས་མཚོན་དུ་མེད་དེ་རང་བཞིན་གནས་པ་སེམས།། གང་གིའང་མཚན་ཉིད་དེ་ལྟར་ཤེས་པ་དེ་ལས་ཤེས་རྒྱུ་མེད་པ་ཤེས་རབ་ཡིན། ཤེས་པའི་དོན་ལས་མི་འགྱུར་འདའ་བར་དཀའ་བ་དེ་ལས་འདའ་བར་མི་བྱེད་སྡོམ་པ་རྫོགས།། གང་ཡང་མཉམ་སྙོམས་དེ་བཞིན་དེ་ལས་འདའ་མི་བྱེད་པ་བསམ་གཏན་མཆོག། ཡོན་ཏན་ལྷུན་རྫོགས་རང་གི་སེམས་ལས་མ་གཏོགས་ཆོས་གཞན་མེད།། ཆོས་འདི་ཕྱི་རོལ་ཡུལ་དང་ནང་གི་སེམས་སུ་མི་འབྱེད་ཀུན་བཟང་ངང།། ཕ་རོལ་ཚུལ་རོལ་གང་ཡང་སྤོང་མི་བྱེད་དེ་མཉམ་པར་གནས་པར་བྱ། ། ས་ཡི་རིམ་པར་མི་གནས་ཏིང་འཛིན་རི་མོ་མི་མཉེས་ལྷ་ཡི་སྐུར་མི་བསྒོམ།། དྲང་སྲོང་དགོན་དབེན་མི་གཟུང་དབང་པོ་ཡན་པར་གཞག་པར་བྱ།། ཡུལ་དང་དབང་པོར་མི་འབྱེད་སྤྱོད་ལམ་ལྷུན་པར་གཞག་པར་བྱ། ། འདི་ལ་ཡུལ་དང་དབང་པོར་ཡེ་ནས་དབྱེར་མེད་འབྱེད་པ་འཁྲུལ།། རྣམ་ཐར་གསུམ་དང་གཟུངས་ཀྱི་སྒོ་ཡིས་ཡེ་ནས་མཚོན་དུ་མེད།། ལྷ་ཀླུ་མཐུ་ཆེན་རྣམས་དང་དྲང་སྲོང་གིས་ཀྱང་འདི་མི་མཐོང། ། འདི་ལ་སུས་ཀྱང་གཞིག་པའི་ཐབས་མེད་སངས་རྒྱས་རྣམས་ཀྱི་ཐུགས།། འདི་ལ་སུ་ཡིས་དགོངས་ནས་དམིགས་པ་ཅི་ཞིག་བསྒོམ།། ཉམ་ཐག་ཕྱི་རོལ་པས་ནི་མ་རྟོགས་པའི།། རྒྱལ་བའི་བདེན་པ་སྟོན་པས་ཁྱད་པར་བསྟན་པ་འདི་ཉིད་ནི། ། ཅི་ཡང་མི་བསམ་ཅིར་ཡང་མི་དམིགས་འདི་ཉིད་བསམ་པ་ལས། མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་བཏང་སྙོམས་བཞག། བྱས་ལ་སོགས་བའི་ལས་ནི་ཟིན་པར་མི་འགྱུར་བྱས་ཤིང་རྟོགས་པའི་རྒྱུན། ། ལུས་དང་ཡུལ་དང་དབང་པོ་ངག་སོགས་དེ་ཡང་མི་དབྱེ་དེ་བཞིན་གཞག་པར་བྱ།། ཡུལ་ཉིད་ཡེ་ནས་སངས་རྒྱས་ཀུན་ཏུ་བཟང་མོའི་མཁའ་དང་དབྱིངས།། དབང་པོ་གདོད་ནས་རྣམ་པར་དག་སྟེ་དཀྱིལ་འཁོར་མཆོག་གི་མཆོག། དཀའ་ཐུབ་བརྟུལ་ཞུགས་མི་དགོས་པ་ལ་ཅི་ཞིག་སྦྱང་དུ་ཡོད།། ས་ཉིད་རྣམ་རྟོག་རླུང་སྟེ་རྨ་འབུ་སྤུ་དང་སྒོ་ང་འདྲ་སྟེ་མཚུངས།། རྟོགས་པས་བྱང་ཆུབ་རྙེད་ན་ཕྱི་རོལ་མུ་སྟེགས་པས། ། རྟོགས་པའི་འདུ་མཆེད་ཤེས་པའི་དཀྱིལ་བཅུག་ནས།། བྱེད་པ་པོ་བྱས་ཐར་པའི་ལམ་དུ་རྩེ་གཅིག་རྟོག་པས་བྱང་ཆུབ་མྱུར་འོས་ན།། སྐྱེས་བུ་གླེན་པ་གདྒཱའི་འགྲམ་དུ་སྐམ་དྲིར་ཞི་བ་ཇི་བཞིན་བྱང་ཆུབ་མེད། ། མི་གནས་བྱང་ཆུབ་ཀློང་དུ་ཀུན་འདུས་སྙྀང་པོ་རྣམས་གསལ་ཏེ།། གང་ལའང་མི་དགོངས་ཅིའང་ཡེ་ནས་རྣམ་པར་རོལ་པའི་ངང་ལས་མ་གཡོས་ན།། སངས་རྒྱས་འཕགས་པའི་གོང་ན་དེ་བཞིན་སྙིང་པོ་ཡིན་པའོ། ། དེ་ལ་སངས་རྒྱས་ཆོས་དབྱིངས་འཕགས་པ་སུ་ཡིས་གང་ནས་བཙལ།། ཕྱོགས་བཅུའི་རྒྱལ་བ་གང་ནས་གཏམས་གྱུར་ཀྱང།། སངས་རྒྱས་ཀུན་གཞི་བྱང་ཆུབ་སེམས་ལས་མེད་པར་སངས་རྒྱས་གསུང། ། སངས་རྒྱས་ཉིད་ཀྱང་དང་པོའི་རྒྱུད་མེད་རང་སེམས་དག་པ་གང་ཡིན་དེ་ཁོ་ནའོ།། བུང་བ་མེ་ཏོག་གཞིབས་ཀྱང་མ་རྙེད་སྤྲང་རྩིའི་སྙིང་པོ་ལྟར།། སེམས་ཉིད་ཇི་ལྟར་དག་ཀྱང་མི་སྟོང་སྤྲུལ་པའི་སྙིང་པོ་འབྱུང་བར་འགྱུར། ། དེ་ཕྱིར་ཐམས་ཅད་ཡེ་སངས་རྒྱས་པའི་འཇིངས་དེར་རིག་པ་བསམ་པས་མནན།། མནན་པའང་མི་དམིགས་དབང་པོའི་འབྱུང་བ་བརྟག། ཕྱི་ནང་སྣོད་བཅུད་ཀུན་འབྱུང་གནས་པ་ཡེ་ནས་ཅིའང་མེད་པ་ཡིན། ། ཅི་ཡང་མེད་པའི་ངང་ལས་ཅར་ཡང་བསམ་མི་བྱ་བར་བཞག་ཁམས་གསུམ་ཡོད་སྒྲོལ་རྒྱུད་དྲུག་གནམ་ཕྱག་བཏབ་ནས་ཡེ་སངས་རྒྱས་པ་ཡིན།། རྒྱལ་བ་སངས་རྒྱས་འདི་ལས་ཡོད་པ་མིན་ཏེ་འདི་དང་སོ་སོ་མིན། ། སྙིང་པོ་འདི་ལ་དཀྱིལ་འཁོར་མ་ལུས་ཀུན་ཀྱང་རབ་ཏུ་ལྡན་པ་ཡིན།། བསོད་ནམས་སྐལ་བར་ལྡན་པའི་རྣལ་འབྱོར་པས།། འདི་སྟོན་པ་ཡིས་སྐྱེས་ཆེན་རྣལ་འབྱོར་དེ་ཡིས་དོན་འདི་བསྟན་པ་ཡིན། ། མི་འགྱུར་རྡོ་རྗེ་ལྟ་བུའི་དོན་འདི་བསྟན་པས་ན།། རྡོ་རྗེ་སློབ་དཔོན་སློབ་དཔོན་ཞེས་སུ་བོད།། རོ་ཉེ་གཟོང་གདབས་བཞིན་དུ་མི་འགྱུར་དེ་ན་གནས་པ་ལྟར།། ཚད་མ་ཚད་མའི་དོན་སྟོན་རྡོ་རྗེ་སློབ་དཔོན་ཆེན་པོ་དེ། ། མིག་གི་འབྲས་ལྟར་འཕངས་ཤིང་གཅེས་བྱས་ཏེ།། རིན་ཐང་མེད་པའི་རིག་ཆེན་ཕུལ་ནས་ཀྱང།། དོན་འདི་ཚིག་འགའི་ལན་ལོན་མ་ཡིན་ཕྱིར།། མིག་འབྲས་སྙིང་བཞིན་རང་སར་གཅེས་པ་བཞིན།། དེ་བཞིན་ཚིག་གི་ཚད་མ་མ་ཡིན་དོན་གྱི་ཚད་མ་འདི། ། སེམས་དང་བག་ཆགས་དབྱེར་མེད་ཐ་དད་མིན་པ་བཞིན།། སངས་རྒྱས་རྣམས་ཀྱི་སྙིང་ཕྱུང་ཁུང་དུ་འཇུག་བྱེད་པའི།། རྡོ་རྗེ་སློབ་དཔོན་ཚད་མ་དབྱེར་མེད་གཟུང། ། བྱང་ཆུབ་སེམས་བསྒོམ་པའི་རྒྱུད་ལས། རྒྱུད་ཀྱི་འགྲེལ་བ་བྱང་ཆུབ་སེམས་ཡིན་པར་བསྟན་པ་དང། རྒྱུད་ལ་བསྟོད་པ་དང། སློབ་དཔོན་དབྱེར་མེད་པར་བསྟན་པའི་སྐབས་བཅོ་བརྒྱད་པའོ། །།། གསང་བའི་རྒྱུད་ས་པའི་བྱང་ཆུབ་སེམས་དཔའི་རིགས་ཅན། དད་པ་དང་སྤུར་ལྡན་པ་ལ་སྦྱིན་པ་ལས། གཞན་དུ་མ་གསུངས་སོ།། བྱང་ཆུབ་སེམས་དཔའི་རིགས་ལ་སྦྱིན་ནོ།། འདི་འདོད་དུས་སུ་རྒྱུད་གཉིས་སྦྱིན་མི་བྱ། ། འདི་སྟེར་བ་ཡི་མཚན་ལྡན་སྐྱེས་བུ་ལ།། ནང་རྒྱུད་འགའ་ཟུང་རྨད་འབྱུང་རྒྱས་པ་དང།། བྱང་ཆུབ་སེམས་སྒོམས་གཤིན་རྗེ་གནམ་རྒྱུད་རྣམས།། སྐྱེས་ཆེན་རྣམས་ཀྱི་ཐོབ་སྐལ་ཡིན་པས་སྦྱིན། ། མི་འགལ་ཚུལ་དུ་སྦྱིན་ལུགས་མན་ངག་བསྟན།། སློབ་དཔོན་སློབ་བུས་འདི་གཞུང་མ་སྙེགས་ན།། འབྲས་བུ་མི་ཐོབ་དམྱལ་རྒྱུ་སོགས་པ་མང།། འདི་གཞུང་སྙེགས་ན་འདི་གཞུང་ཁོ་ནས་འགྲུབ།། འཕགས་པ་འཇམ་དཔལ་རྫུན་མེད་ཉིད་ཀྱིས་གསུངས། ། དུས་མེད་རྟག་ཏུ་བྱང་ཆུབ་སེམས་དཔའ་སྤྱད།། རྫོགས་སོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པ་དང། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་བ་དང། སྣང་བ་མཐའ་ཡས་དང། གདོན་མི་ཟ་བར་གྲུབ་པ་དང། ས་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། ཆུ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། མེ་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། རླུང་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པ་བརྗོད་ཀྱིས་མི་ལང་བ་དང་ཐབས་ཅིག་ཏུ་བཞུགས་སོ། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རང་གི་བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྒོམ་པ་ལགས། ཞེས་གསོལ་བ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཀའ་སྩལ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ཕྱིའི་བྱང་ཆུབ་ཀྱི་སེམས་དང། ནང་གི་བྱང་ཆུབ་ཀྱི་སེམས་དང། གསང་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པའོ།། ཞེས་བཀའ་སྩལ་པ་དང། རྡོ་རྗེ་མི་བསྐྱོད་པ་ལ་སོགས་པས་ཡང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ། བྱང་ཆུབ་ཀྱི་སེམས་རྣམ་གསུམ་བཀའ་སྩལ་པ། དོན་གང་ལས་དགོངས་ནས་བཀའ་སྩལ་པ་ལགས། ཞེས་གསོལ་པ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས་འདི་སྐད་ཅེས་དཀའ་སྩལ་ཏོ།། ཡི་གེ་ཨེའི་དབྱིབས་བཟང་པོ་ལ། ། དབུས་སུ་བཾ་གྱིས་བརྒྱན་པ་དེར།། ཕྱག་རྒྱའི་དཀྱིལ་འཁོར་གང་གསལ་བ།། རང་གི་བྱང་ཆུབ་སེམས་བསྒོམ་པའོ།། ནང་གི་བྱང་ཆུབ་སེམས་བསྒོམ་པ།། ཕྱག་རྒྱར་གྱུར་པའི་ལུས་ཉིད་ལ། ། འབྱུང་བ་བཞི་དང་འཁོར་ལོ་བཞི།། ཡུམ་བཞི་དང་ནི་འཁོར་ལོ་བཞི།། ཡི་གེའི་ཚོགས་དག་བཀོད་པ་ཉིད།། ཞུ་བ་གོང་བུ་གཅིག་གྱུར་པ།། ནང་གི་བྱང་ཆུབ་སེམས་བསྒོམ་པའོ།། གསང་བའི་བྱང་ཆུབ་སེམས་བསྒོམ་པ། ། དེ་ལས་སྐད་ཅིག་ནམ་གྲོལ་བ།། མི་རྟོག་ཏིང་འཛིན་བརྗོད་དུ་མེད།། དངོས་མིན་དངོས་དང་བྲལ་བ་མིན།། དབུ་མར་ཡང་ནི་མི་དམིགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། གླེང་སླང་བའི་ལེའུ་སྟེ་གཉིས་པའོ།།།། ཡང་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་ཞུས་པ། ཐུགས་ཉིད་རྡོ་རྗེ་བདག་པོ་མཆོག། ཇི་ལྟར་སེམས་ཉིད་བལྟ་བར་འཚལ།། གཟུ་བོ་ཆེན་པོས་བཤད་དུ་གསོལ།། ཡང་དག་དོན་ཉིད་བཤད་དུ་གསོལ།། བྱང་ཆུབ་ནམ་མཁའི་མཚན་ཉིད་ནི། ། སྐུ་ཉིད་དོན་རྣམས་བཤད་དུ་གསོལ།། དེ་བཞིན་གསུང་གི་དོན་རྣམས་གསུངས།། དེ་ནས་བདག་པོ་མཆོག་སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་རྣམས་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བསྟན་པར་བཞེད་ནས། ཉིད་ཀྱི་ཆེ་བ་དབྱུང་བའི་ཕྱིར། འཁོར་རྣམས་ལ་རིགས་ཀྱི་བུ་ཞེས་བཀའ་སྩལ་པ། ཁྱེད་ཅག་ལེགས་པར་ཉན་འདོད་ན།། ལེགས་སོ་ལེགས་སོ་ཉོན་ཅིག་ཁྱེད།། ལེགས་སོ་ལེགས་སོ་བྱང་ཆུབ་ཆེ། ། དད་དང་གུས་པར་མཉན་པར་གྱིས།། ཨེ་མཧོ་རྒྱུད་འདི་བརྟག་པར་དཀའ།། ཨེ་མཧོ་རྒྱུད་འདི་ཐུན་མོང་མིན།། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ།། བཙལ་བས་རྙེད་པའི་གནས་མེད་དེ།། མ་བཙལ་བས་ཀྱང་སྟོར་བྲལ་མེད། ། བྱང་ཆུབ་མཆོག་ཉིད་ཡེ་ནས་གསང།། བྱང་ཆུབ་སེམས་ཉིད་རྡོ་རྗེ་དེ།། སྐུ་གསུང་ཐུགས་ཀྱི་གཙོ་མཆོག་རྒྱལ།། དེ་ཡང་མ་མཐོང་ཚུལ་གྱིས་མཐོང།། དེ་བཞིན་གསུང་གི་དོན་རྣམས་ནི། ། རླུང་གི་དེ་ཉིད་ཞི་གྱུར་ནས།། སྔགས་ཀྱི་དེ་ཉིད་གང་ཡིན་པ།། ཡེ་ཤེས་གཤེགས་ཤིང་བཞུགས་པའོ།། དེ་བཞིན་ཐུགས་ཀྱི་རྡོ་རྗེ་ཡང།། ཡེ་ཤེས་གཤེགས་ཤིང་བཞུགས་པའོ།། ནམ་མཁའི་དབྱིངས་སུ་གྱུར་ནས་ནི། ། རང་བཞིན་གྱིས་ནི་འོད་གསལ་པའོ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། བདག་པོ་མཉེས་ནས་བཀའ་སྩལ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བདག་པོའི་གཙོ་མཆོག་ལ། འཁོར་རྣམས་ཀྱིས་ཡང་གསོལ་བ། ། བདེ་བར་གཤེག་པ་དོན་དམ་གཙོ།། དམིགས་མེད་བྱང་ཆུབ་དེ་བཞིན་གཤེགས།། རྒྱུ་ཉིད་མ་སྐྱེས་འདུས་མ་བྱས།། དབྱིངས་ཉིད་ཟག་མེད་བཤད་དུ་གསོལ།། ཐབས་རྣམས་མ་ནོར་བཤད་དུ་གསོལ། ། མི་དམིགས་དོན་དམ་བཤད་དུ་གསོལ།། དེ་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས། ཉིད་ལས་མི་གཞན་པའི་འཁོར་ལ་ངོ་མཚར་སྐྱེས་པར་གསུངས་བ། ཨེ་མཧོ་ཨེ་མཧོ་ཞེས་གསུངས་པ་དང། དེ་ནས་འཁོར་གྱིས་ངོ་མཚར་དུ་བྱུང་བའི་ཚིག་དེ་ཐོས་ནས། ངོ་མཚར་ཆེན་པོར་གྱུར་ཏེ་སླར་གསོལ་པ། བདག་ཅག་མོས་པ་རྒྱ་ཆུང་ལ།། བྱང་ཆུབ་ནམ་མཁའི་ངང་ལས་གསུངས།། སྨྲ་རུ་མ་ཆིས་དོན་ཉིད་ལས། ། སྔོན་མ་ཐོས་པའི་རྨད་བྱུང་དཀའ།། ཚིག་ལས་འདས་པའི་དོན་ཉིད་གསུངས།། གླེང་བྲལ་དོན་ཉིད་རྨད་བྱུང་དཀའ།། བདག་པོ་དོན་ཉིད་བཀའ་སྩལ་འཚལ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། ། བདག་པོས་ངོ་མཚར་དུ་བྱུང་བ་གསུངས་པ་དང། འཁོར་ཡང་ངོ་མཚར་བར་གྱུར་པ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ཉིད་སྟོང་པ་མི་དམིགས་པའི་ཏིང་འཛིན་ལས་བཞེངས་ནས། འཁོར་གྱི་བསམ་པ་ཐུགས་སུ་ཆུད་ནས་བཀའ་སྩལ་པ། བསྟན་དུ་མེད་པ་རྡོ་རྗེའི་སྐུ།། མངོན་པར་བྱང་ཆུབ་མི་རྟོག་འདུས་མ་བྱས།། རྒྱུ་ལས་མ་བསྐྱེད་རྐྱེན་གྱིས་གྲོགས་མ་བྱས། ། དེ་ཉིད་བྱང་ཆུབ་ནམ་མཁའ་འོ།། དེ་ལས་སྐུ་རྣམས་རིམ་གྱིས་བྱུང།། འདི་དང་འདི་ཞེས་བསྟན་དུ་མེད།། བསམ་གཏན་དུས་དག་རྣམ་གྲོལ་མཐོང།། དག་པའི་སེམས་ཉིད་སྒྲིབ་པ་མེད། རང་བཞིན་གྱིས་ནི་འོད་གསལ་བ།། འདི་ཉིད་དོན་དམ་ངོ་བོ་སྟེ།། རྟོགས་པའི་དུས་ན་ངོ་བོ་སྟེ།། འབྲས་བུའི་ཡེ་ཤེས་ཐབས་ཀྱི་སྒོ།། རྣམ་གྲངས་ཐ་དད་དངོས་པོ་གཅིག། དངོས་པོའི་དུས་ན་དེ་ལྟའོ།། དོན་དམ་དམིགས་མེད་བརྗོད་དུ་མེད། ། ཐ་སྙད་ཡི་གེ་ལས་འདས་པ།། བསྲུང་དུ་མེད་པའི་དམ་ཚིག་མཐོང།། ཐབས་ཀྱི་རིམ་པ་དམ་ཚིག་མཐོང།། མ་རྟོགས་དུས་ན་བསྲུང་བར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་ལས། བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ་བསྲུང་དུ་མེད་པའི་དམ་ཚིག་བསྲུང་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཉིད་རྣམ་པར་རོལ་བའི་ཏིང་ངེ་འཛིན་ལས་གཞེངས་ནས། དོན་དམ་པའི་མན་ངག་གི་སྒོ་འདི་བཀའ་སྩལ་ཏོ།། ཆོས་སྐུ་ངོ་བོ་ཉིད་ཀྱིས་དག། རང་བཞིན་གྱིས་ནི་འོད་གསལ་བ།། དེ་ཉིད་གཉིས་མེད་ཆོས་ཀྱི་སྐུ། ། ཚིག་ལས་འདས་ཏེ་བརྗོད་དུ་མེད།། དུས་གསུམ་མཉམ་པ་ཉིད་རྟོགས་ན།། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན།། དོན་དམ་གཙོ་མཆོག་རྒྱལ་བའི་བཀའ།། སྨྲ་རུ་མེད་པ་རྣམ་དག་ལས།། སྒྲ་ཡིག་རྣམ་པར་སྤངས་པའོ། ། དང་པོ་དགའ་བའི་བག་ཆགས་བཟློག། བར་དུ་ཨཱ་ལི་ཀཱ་ལི་དང།། འཁོར་ལོ་བཞི་དང་འབྱུང་བ་བཞི།། ཞུ་བས་ཕྲ་མོ་ཐིག་ལེ་དང།། ཡེ་ཤེས་གཤེགས་ཤིང་བཞུགས་པ་ལས།། ཀླུ་ནི་བྲུག་གུ་ལྟ་བུ་གྱུར།། དེ་ལས་སྣང་མེད་བརྗོད་དུ་མེད། ། རང་བཞིན་གྱིས་ནི་འོད་གསལ་བ།། དེ་ལྟའི་རིམ་པ་ཐམས་མཆོག་བཙལ།། ཐ་མར་དྲན་མེད་རྒྱུ་བ་བཅད།། དེ་ནི་རིམ་པར་འཇུག་པ་སྟེ།། བསྐྱེད་དང་ཕྲ་མོ་ཐིག་ལེ་དང།། ཡེ་ཤེས་གཤེགས་ཤིང་བཞུགས་པ་ལས། ། ཕྲུག་གུ་ལྟ་བུའི་སེམས་ལ་དམིགས།། དེ་ལས་རྟགས་ལྔ་བྱུང་བ་ལས།། རང་བཞིན་གྱིས་ནི་འོད་གསལ་འགྲུབ།། དེ་ནི་རིམ་པར་འཇུག་པའི་ཐབས།། རྣམ་དག་དོན་ནི་ཆོས་དབྱིངས་ཏེ། ། ཆོས་དབྱིངས་ཟད་མ་ཡེ་ཤེས་ཏེ།། དང་པོར་རྟོགས་པས་གཉིས་སུ་མེད།། དེ་ལས་རང་བྱུང་ཡེ་ཤེས་ནི།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འབྱུང།། བག་ཆགས་རྒྱུ་བ་བཟློག་པའི་ཐབས།། སྔར་གྱི་རིམ་པར་འཇུག་པ་སྟེ། ། རང་བཞིན་གྱིས་ནི་འོད་གསལ་བ།། སྐད་ཅིག་མས་ནི་མཐའ་རུ་འཛིན།། དབང་པོ་ཡུལ་ལ་ཡིན་པ་སྟེ།། ཆོས་ཀྱི་དབྱིངས་ལ་ཡིན་པའོ།། ལུས་ངག་སེམས་ཀྱང་སྟེང་ཆུ་བཞིན།། གཞན་དུ་གཡོ་བ་མེད་པར་གནས། ། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། རྣལ་འབྱོར་གྱི་དོན་ཐབས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་ལ། ། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པ་རྣལ་འབྱོར་གྱི་དོན་ལ་ཅིག་ཅར་འཇུག་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས་བཀའ་སྩལ་པ། ཆོས་ཀྱི་རང་བཞིན་ཡེ་ནས་རྣམ་དག་ལ།། རང་རིག་ཡེ་ཤེས་རང་གི་དེ་བཞིན་གཤེགས།། དེ་ལས་མ་ཡེངས་རྣལ་འབྱོར་ཅིག་ཆར་འཇུག། ཅེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། རྣལ་འབྱོར་ཅིག་ཆར་འཇུག་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པས། འཁོར་རྣམས་ལ་གསང་བའི་དོན་གཏད་པ། ཁྱེད་ལ་དོན་མཆོག་གསང་བ་འདི། ཁྱད་པར་གསུངས་ཏེ་ངས་གཏད་དོ།། གསང་ཞེས་བསྟན་དུ་མེད་པའི་དོན།། ཟབ་མོ་སངས་རྒྱས་ཀྱིས་མ་གཟིགས།། དོན་དམ་ཁྱད་པར་ཐ་མི་དད།། འདུས་མ་བྱས་པ་སྐད་ཅིག་དོན།། རང་རིག་སྒྲིབས་པ་སྤངས་དག་པ། ། ངེས་བསྒོམ་མཆོག་སྟེ་རྩལ་དང་བྲལ།། ཡང་དག་ཉིད་དེ་དམིགས་སུ་མེད། ཁྱེད་ལ་ངས་གཏད་ཐབས་ཀྱི་སྒོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། འཁོར་ལ་གསང་བ་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་རྫོགས་སོ།། །། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཙུན་མོའི་བྷ་ག་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་རྣམས་དང། བཙུན་མོ་དམ་པ་སྤྱན་མ་ལ་སོགས་པ་རྣམས་དང། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ་རྣམས་དང། ལཱ་སེ་ལ་སོགས་པ་བཙུན་མོ་རྣམས་དང། དམ་པའི་སྒོ་བ་གཤིན་རྗེ་གཤེད་པོ་ལ་སོགས་པ་རྣམས་དང། དེ་དག་ཐམས་ཅད་བཙུན་མོའི་བྷ་ག་ལ་རང་བཞིན་གྱིས་གནས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན།། བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱེད་པ་ལ་སོགས་པ་རྣམས་ཀྱིས་མགྲིན་གཅིག་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་དོན་དམ་གནས་གང་ལགས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བཀའ་སྩལ་བ། བྱང་ཆུབ་སེམས་ཀྱི་དོན་ཉིད་ནི།། མཐོང་བས་བལྟར་མེད་དོན་ཉིད་དོ།། མཚན་མ་ཙམ་ན་འདི་རྣམས་འབྱུང།། འབྱུང་གནས་སུམ་ཅུ་རྩ་གཉིས་སོ། ། བྱང་ཆུབ་སེམས་ཀྱི་ཡི་གེ་ལས།། མཚན་དཔེ་རྣམས་ནི་ལྷ་རྣམས་ལས།། བྱང་ཆུབ་སེམས་ནི་བསྒོམ་པའོ།། ཆུ་ཟླའི་ཚུལ་དུ་རྣམ་པར་གསལ།། བྱང་ཆུབ་སེམས་ཞེས་བྱ་བ་ནི། ། དམ་པའི་སྐྱེས་བུ་ཉེས་པ་སྤོང།། ཡང་དག་བདེན་པ་ཐར་པའི་མཆོག། བྱང་ཆུབ་ནམ་མཁའི་རང་བཞིན་ཏེ།། ཀུན་འབྱུང་ལམ་ཉིད་ཡང་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བྱང་ཆུབ་སེམས་ནི་རྡོ་རྗེ་མཆོག། བདེ་བ་ཉིད་ཀྱི་འབྱུང་ཁུང་ཏུ། ། བྱང་ཆུབ་སེམས་ཀྱི་གནས་ཉིད་ནས།། མཚན་དཔེ་ཤིན་ཏུ་རྒྱན་པ་ཡི།། ལྷ་རྣམས་ཐབས་ཀྱིས་ཇི་ལྟར་འབྱུང།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བཀའ་སྩལ་པ། ཡུམ་གྱི་བྷ་ག་གཞལ་ཡས་ལས། ། རྡོ་རྗེ་རྣམ་བཞི་ལས་བསྐྱེད་པ།། མཁའ་ཉིད་གསང་བའི་གཞལ་ཡས་ཁང།། བྱང་ཆུབ་སེམས་ལས་ལྷར་གྱུར་བ།། སྟོང་པ་ཉིད་དེ་བྱང་ཆུབ་སེམས།། གདགས་སུ་ཡོད་པའི་སྐུར་གྱུར་པ།། ཡི་གེ་རྣམས་ལ་རབ་ཏུ་བྱུང། ། བརྟན་པར་ཤིན་ཏུ་རེད་པ་དེ།། བསྐྱེད་པའི་རིམ་པ་ཡིན་པའོ།། དེ་ལྟའི་ཕྱིར་ན་བྱང་ཆུབ་སེམས།། སྒོམ་པ་ཞེས་པར་རབ་ཏུ་བཤད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། མཚན་མ་ཤིན་ཏུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་པ། བདེ་བར་གཤེགས་པ་བྱང་ཆུབ་རྡོ་རྗེའི་མཆོག། བསྐྱེད་དང་རྫོགས་པ་ཇི་ལྟར་ལགས། ། དེ་ཡི་མཐར་ཕྱིན་དོན་གང་ལགས།། ཉམས་སུ་བླང་བའི་ཐབས་གང་ལགས།། ཞེས་གསོལ་བ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བཀའ་སྩལ་པ། ཆོས་རྣམས་རང་བཞིན་དག་པ་ལས། ། སྐད་ཅིག་མ་ལ་གསལ་གྱུར་པ། རྫོགས་དང་བསྐྱེད་པ་ཞེས་བྱ་སྟེ།། འདི་གོམས་རེད་པ་ལམ་མཐར་ཕྱིན།། སེམས་ཀྱི་སྐད་ཅིག་དང་པོ་ལ།། ལུས་དང་ཆོས་ཀུན་གནས་པའོ།། ཆོས་སྐུ་མཁའ་ལྟར་ལྷར་གནས་པ། ། དེ་ལ་གནས་པ་ག་ལ་འགྱུར།། མི་གནས་པ་ཉིད་ཕ་རོལ་ཕྱིན།། བདེ་གཤེགས་ས་གསུམ་རབ་ཏུ་གནས།། སྣང་དང་མི་སྣང་དྲན་སེམས་མེད།། མཁའ་ལ་མཁའ་གནས་དབྱིངས་ལ་དབྱིངས།། མངོན་སུམ་མི་གནས་མཚོན་དུ་མེད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། རྫོགས་པའི་རྫོགས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་རྩོལ་བ་དང་བྲལ་བའི་འཁོར་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་གསོལ་པ། བདེ་གཤེགས་བྱང་ཆུབ་སེམས་དགེས་མཆོག། ལེགས་དགེས་ཁྱོད་ཀྱིས་བཀའ་སྩོལ་ཅིག། སྐུ་མི་མངའ་ལ་བདག་ཕྱག་འཚལ།། གསུང་མི་མངའ་ལ་དེ་བཞིན་དུ། ། ཐུགས་ལ་ཤིན་ཏུ་གུས་ཕྱག་འཚལ།། ཞེས་གསོལ་པ་དང། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་བཀའ་སྩལ་པ། ཉོན་ཅིག་འཁོར་གྱི་བདེ་གཤེགས་རྣམས།། རྩོལ་བྲལ་དོན་ནི་ཐུགས་ཉིད་ཀྱི། ། ཡེ་ཤེས་དག་པ་ཉིད་ཡིན་ཏེ།། དབྱིངས་ལ་དབྱིངས་ཀྱིས་བལྟས་པས་ན།། གང་ཡང་མཐོང་བ་མེད་པ་ནི།། དེ་ཉིད་མཐོང་ཆེན་པོ་ཡིན།། མཁའ་ལ་མཁའ་ཉིད་མཁའ་ཡི་དོན།། བགྲོད་མེད་པ་ཞེས་བྱ་བ་སྟེ། ། བྱ་བྲལ་རྫོགས་པའི་ལུང་ཞེང་བྱ།། མཁའ་ལ་མཁའ་བསམ་དོན་དེ་ནི།། བདེ་གཤེགས་རྣམས་ཀྱིས་དེ་མ་གཟིགས།། བཀའ་ཡང་དག་པ་དཔེ་མེད་དོ།། བཙལ་ན་རྩོལ་ནད་སངས་མི་སྲིད།། མ་བཙལ་བ་ནི་ཡེ་ཤེས་རང། ། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན།། རང་བཞིན་མེད་པའི་དོན་འདི་ལ།། རྟོག་པ་གང་ཡང་མི་སྐྱེ་ན།། དེ་བཞིན་གཤེགས་པ་དེ་ཉིད་ཡིན།། ཆོས་སྐུ་ཆེན་པོ་ཞེས་བྱ་སྟེ། ། ཡེ་ཤེས་དེ་ཉིད་ཉམས་སུ་བླང།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། རྩོལ་བ་དང་བྲལ་བའི་དོན་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་བར་གཤེགས་པ་རྣམས་ཀྱིས་གསོལ་པ། བྱང་ཆུབ་སེམས་ནི་འབྱུང་བའི་རྩ།། སུམ་ཅུ་རྩ་གཉིས་ངེས་པ་སྟེ།། རྩ་ཡི་དབྱེ་བ་བཀའ་སྩལ་འཚལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཀའ་སྩལ་བ། བྱང་ཆུབ་སེམས་ནི་འབྱུང་བ་དང།། བདེ་གཤེགས་རྣམས་ནི་བསྟི་གནས་ས།། སྟེང་སྒོ་རྒྱ་སྲུབས་རྩ་ཆེན་བཞི།། མིག་རྩ་གཉིས་དང་རྣ་རྩ་གཉིས།། ལྕེ་རྩ་གཉིས་དང་སྣ་རྩ་གཉིས།། འགྲམ་རྩ་གཉིས་དང་ལྕེའུ་ཆུང་གཉིས། ། ནུ་རྩ་གཉིས་དང་མཆན་རྩ་གཉིས།། དཔུང་རྩ་གཉིས་དང་ལག་ངར་གཉིས།། ཕོ་ཟུར་གཉིས་དང་བླ་རྩ་གཉིས།། རྗེ་ངར་གཉིས་དང་ལོང་རྩ་གཉིས།། མཐེབ་རྩ་གཉིས་དང་སུམ་ཅུ་གཉིས། ། བྱང་ཆུབ་སེམས་ནི་དཀར་དམར་འབབ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྩའི་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་འཁོར་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་གསོལ་པ། བྱང་ཆུབ་སེམས་ནི་རྡོ་རྗེ་མཆོག། རང་བཞིན་གནས་པ་བཀའ་སྩལ་པ། མི་དམིགས་བདེ་བ་བཀའ་སྩོལ་ཅིག་ཁྱབ་པ་ཆེན་པོ་བཀའ་སྩོལ་ཅིག། ཉག་གཅིག་དགོངས་པ་བཀའ་སྩོལ་ཅིག། ཅེས་གསོལ་པ་དང། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཀའ་སྩལ་པ། ཉོན་ཅིག་འཁོར་གྱི་བདེ་བར་གཤེགས།། ཡང་དག་མ་བཅོས་སེམས་དེ་ལ།། ཅི་ཡང་མ་གཡོས་བྱུང་བ་ནྀ།། བག་ཆགས་ཟད་དེ་དེ་བཞིན་ཉིད། ། དེ་བཞིན་ཉིད་ཅེས་བྱ་བ་ནི།། གུད་ན་ཡོད་པ་མ་ཡིན་ནོ།། ཡེ་ནས་སེམས་ཉིད་ནམ་འཁའ་ལ།། སྣང་བ་མེད་པ་ཐམས་ཅད་སྣང།། ཀུན་སྣང་བདེ་བ་དོན་དམ་སྟེ།། ཚིག་དང་ཡི་གེ་ཀུན་ལས་འདས། ། འདི་ལས་གདགས་པའི་ཆོས་གང་མེད།། དེ་ཁོ་ན་ཉིད་མི་དམིགས་པ།། མཚན་མའི་བྱུང་ཚོར་ཀུན་མེད་ན།། དམིགས་མེད་མཁའ་ཡི་དབུས་ཞེས་བྱ།། ཀུན་པས་བདག་ཉིད་རྒྱལ་བའི་ཐུགས། ། སངས་རྒྱས་རྣམས་ཀྱི་ཆེན་པོ་ཞེས།། གྲགས་དང་མ་གྲགས་སེམས་མེད་པ།། ཨེ་མཧོ་དེ་ཉིད་ཁྱབ་པ་སྟེ།། དམིགས་པ་མེད་པའི་མཁའ་ཞེས་བྱ།། དབྱིངས་ལ་དབྱིངས་ཉིད་རང་རིག་ན།། བྱ་བཙལ་རྫོགས་པ་ཞེས་བྱ་སྟེ། ། སྟོང་པ་ལ་ནི་སྟོང་པ་སྒོམ།། སྟོང་ཉིད་ཡེ་ཤེས་དག་པ་སྟེ།། དངོས་དང་དངོས་མེད་གཉིས་ཀས་སྟོང།། ཡེ་ཤེས་དང་ནི་དབྱིངས་མ་བསྐྱེད།། མཁའ་ལ་མཁའ་བསམ་མཁའ་ཡི་དོན།། རང་བཞིན་མེད་པས་ལྷུན་གྲུབ་ས། ། ཡེ་ནས་སྐྱེ་བ་མེད་པའི་དོན།། བྱང་ཆུབ་སེམས་ནི་བསྒོམ་པ་ཡིན།། ཡེ་ཤེས་རང་ཐབས་ལྡན་པ་ཡིན།། གནས་མེད་མཉམ་པ་བག་ལ་ཉལ།། དེ་བཞིན་ཆུང་ངུའི་ཆུང་ངུ་ཞིང།། དེ་ལས་གསུམ་ནི་རང་བཞིན་གནས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། རང་བཞིན་གྱིས་གནས་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་འཁོར་གྱི་བདེ་བར་གཤེགས་པ་རྣམས་ལ། རིགས་ཀྱི་བུ་དག་ཅེས་བོས་ནས་བཀའ་སྩལ་བ། ངོ་མཚར་རྨད་དུ་བྱུང་བ་ཡི།། ཐབས་ཆེན་གདམས་ངག་རྒྱུད་མཆོག་འདི།། གསང་བའི་ངེས་དོན་ཉིད་ཡིན་པས།། དད་བརྩོན་མ་ཡེངས་གསལ་བའི་དོན། ། བྱང་ཆུབ་སེམས་བསྒོམ་དམ་པ་དག། སྐྱེས་བུ་དམ་པའི་དོན་དུ་བཤད།། ཡོངས་སུ་བཏད་པས་འཆང་བ་དང།། ཀློང་པ་དང་ནི་དོན་བསམ་པ།། ལྷ་དང་ལྷ་མིན་མ་ལུས་འདུད།། ཐམས་ཅད་དངོས་པོ་མ་ལུས་པ། ། ཟིལ་གྱིས་ནོན་པར་ཐེ་ཚོམ་མེད།། དེ་བཞིན་གཤེགས་པ་ཐབས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རྒྱུད་ལས། འཁོར་ལ་ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་པའོ།།།། བྱང་ཆུབ་ཀྱི་སེམས་བསྒོམ་པ་ཞེས་བྱ་བའི་རྒྱུད་རྣལ་འབྱོར་དམ་བ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང། བོད་ཀྱི་ལོ་ཙ་བ་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ཡི་གེ་མེད་པའི་རྒྱས་པ། འཁོར་ཐུན་མོང་མ་ཡིན་པ་རྣམས་དང། དཔེར་ན་ཏིལ་གྱི་གོང་བུ་ལྟར་གང་ནས་ཁྱབ་པར་གནས་སོ།། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ལ་སོགས་པས། བཅོམ་ལྡན་འདས་ལ་ཡི་གེ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པས། བཅོམ་ལྡན་འདས་ལས་རང་བཞིན་གྱིས་འོད་ཟེར་བྱུང་སྟེ། བདེ་བར་གཤེགས་པ་རྣམས་རང་བཞིན་གྱིས་བྱོན་པར་གྱུར་ཏོ། ། དེ་ནས་རང་གི་མཐུས་རབ་ཏུ་ཆེམ་པ་ལ་སོགས་པ་ཡང་བྱུང་ངོ།། དེ་ནས་འཁོར་དེ་དག་གིས་བདག་པོའི་མཆོག་ལ་བསྟོད་དེ་ཞུས་པ། བདག་པོ་མཆོག་ཉིད་རང་བཞིན་སྣང།། བདག་པོ་ཆེན་པོས་བཤད་དུ་གསོལ། ། གཟུ་བོ་ཆེན་པོས་བཤད་དུ་གསོལ།། ཡི་གེ་མེད་པ་བཤད་དུ་གསོལ།། རང་བཞིན་རྒྱས་པ་བཤད་དུ་གསོལ།། མཚན་མ་མེད་པ་བཤད་དུ་གསོལ།། རང་བཞིན་གྱིས་རྒྱུད་ལས། འཁོར་གྱིས་གླེང་བསླང་བའི་ལེའུ་སྟེ་དང་པོའོ། །།། བདེ་བའི་དབང་ཕྱུག་བཅོམ་ལྡན་འདས་དེ་རྣམས་པར་སྣང་མཛད་ཀྱི་སྐུར་བྱུང་ནས། མཚན་མ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ཏེ་བཀའ་སྩལ་པ། སེམས་ཅན་ཡེ་ཤེས་བསྐྱེད་པའི་ཐབས། ། བྱང་ཆུབ་ཆེན་པོ་ཐོབ་འདོད་ན།། རྒྱུད་འདི་རྟོགས་པར་དཀའ་བ་སྟེ།། ཀུན་གྱིས་མཐོང་བར་བྱ་བ་མིན། ཁྱེད་ཅག་ལེགས་པར་ཉན་འདོད་ན།། ལེགས་སོ་ལེགས་སོ་དོན་དང་འཚམ། ། ལེགས་སོ་ལེགས་སོ་བྱང་ཆུབ་ཆེ།། ལེགས་སོ་ལེགས་སོ་གུས་པར་ཉོན།། ལེགས་སོ་ལེགས་སོ་ཞུ་བ་ལེགས།། བྱང་ཆུབ་ཆེན་པོའི་ཐབས་མཆོག་འདི།། བློ་དམན་རྣམས་ལ་མི་སྣང་སྟེ།། ཡང་རབ་རྣམས་ཀྱི་སྤྱོད་ཡུལ་ལོ། ། རང་བཞིན་གྱིས་རྒྱས་པ་ལས། བདག་པོ་འཁོར་ལ་མཉེས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འཁོར་དེ་དག་ཡི་གེ་མེད་པར་ནམ་ཡང་མ་ཐོས་པ་འདི་ཐོས་ནས་ངོ་མཚར་བར་གྱུར་ཏེ། བདག་པོའི་མཆོག་ལ་གསོལ་བ། ཡིག་མེད་མཚན་མེད་སྤྲོས་པ།། དམིགས་པ་མེད་པའི་དོན་ཆེན་འདི།། ནམ་ཡང་མ་ཁུམས་དེ་རིང་ཁུམས།། བཙལ་མེད་དོན་དང་དེ་རིང་ན།། གཟུ་པོ་ཆེན་པོས་བཤད་དུ་གསོལ།། ཡི་གེ་མེད་པ་རྒྱས་པ་ལས། ། འཁོར་དམ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བདག་པོའི་མཆོད་དེ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ལས་བཞེངས་ནས། ནམ་མཁའི་དབྱེ་བ་འདི་བཀའ་སྩལ་པ། སེམས་ཅན་རྣམས་ལ་རང་བཞིན་གནས། ། ཐབས་ཀྱི་རིམ་པ་མཆོག་དང་ནི།། མཚན་མ་སྤྲོས་པ་གཉིས་ཀུན་རྒྱུད།། ཐོག་མའི་བག་ཆགས་བྱང་བ་དེ།། རྒྱུད་ཀུན་གྱི་ནི་རྩ་བར་འགྲོ།། བསམ་པ་དང་པོ་ལ་གནས་པ། ཁ་དོག་རྒྱན་དང་ཀུན་ལ་ཁྱབ། ། མཐོང་བ་ཡིད་ཀྱིས་དམིགས་པའོ།། འདི་ནི་འཇིག་རྟེན་པ་ཡིའོ།། འཇིག་རྟེན་འདས་ལའང་རྣམ་པ་གཉིས།། མཚན་དང་མཚན་མེད་གཉིས་སུ་འགྲོ།།། མཚན་མ་སྐུ་ཕྱག་རང་བཞིན་མེད། ། མཚན་མེད་མ་བཅོས་རང་ཉིད་དེ།། བཙལ་པ་ཀུན་དང་བྲལ་བའོ།། ཕྱི་དང་ནང་དང་གསང་བ་གསུམ།། ལུས་དང་ཤེས་པ་ལ་སོགས་པ།། ཀུན་ལ་ཁྱབ་པའི་མཁའ་རུ་འགྲོ།། དབྱིངས་ཉིད་མཁའ་རུ་ཤེས་པ་ནི། ། ཆོས་དབྱིངས་ཟང་མ་ཞེས་བྱའོ།། རང་བཞིན་གྱིས་རྒྱས་པ་ཆེན་པོ་ལས། ནམ་མཁའི་དབྱེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་འཁོར་རབ་ཏུ་དང་བ་རྣམས་ཀྱིས་ཐལ་མོ་གདོང་དུ་སྦྱར་ནས་མགྲིན་གཅིག་པས་ཞུས་པ། བདེ་བར་གཤེགས་པའི་བདག་པོ་མཆོག། ཉག་གཅིག་དགོངས་པ་བཤད་དུ་གསོལ།། དེ་ནས་བདེ་བར་གཤེགས་པ་དབྱིངས་ཟབ་མོའི་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་གྱི་བསམ་པ་མཁྱེན་ནས་བཀའ་སྩལ་པ། ཉག་གཅིག་གདོངས་པ་མཚན་མེད་དེ།། འདི་དང་འདི་ཞེས་བསྟན་དུ་མེད།། སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཏེ།། སེམས་ཅན་བློ་ལ་ག་ལ་གནས།། ཕྱོགས་སུ་བལྟས་པས་མཐོང་བ་མེད། ། མཐོང་བ་ཉིད་ན་མ་མཐོང་སྟེ།། མཐོང་མེད་ཚུལ་དུ་མཐོང་བར་བྱ།། དེ་ནི་ངེས་སྒོམས་མཆོག་ཡིན་ནོ།། དེ་ནི་ཉལ་བའི་འཁོར་ལོ་ཡིན།། སེམས་ལ་སེམས་ཀྱིས་བལྟས་པ་ན།། གང་ཡང་མ་མཐོང་གསལ་བའོ། ། ཉག་གཅིག་དགོངས་པ་དེ་ལ་བྱ།། རང་བཞིན་གྱིས་རྒྱས་པ་ཆེན་པོ་ལས། བདེ་བར་གཤེགས་པ་ཉག་གཅིག་གི་དགོངས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བདག་པོའི་མཆོག་ལ་གསོལ་བ། བདེ་བར་གཤེགས་པས་ཉག་གཅིག་གིས།། ལྟ་བ་ཟབ་མོ་བཤད་དུ་གསོལ།། དམ་པས་ཁྱད་པར་བཤད་དུ་གསོལ།། བདག་པོའི་མཆོག་གིས་བཤད་དུ་གསོལ།། ཆོས་དབྱིངས་ཟབ་མོའི་བཤད་དུ་གསོལ། ། ཡེ་ཤེས་སྤྱི་བླུགས་བཤད་དུ་གསོལ།། དེ་ནས་བདག་པོའི་མཆོག་དེ་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལས་བཞེངས་ནས་བཀའ་སྩལ་པ། སེམས་ཅན་ཀུན་ལ་རང་བཞིན་གནས།། རྒྱུ་རྒྱུད་ན་ནི་གསང་བ་བཞུགས། ། གསང་བ་གབ་པའི་དོན་ཡིན་ཏེ།། གང་ཟག་བློ་ལ་མ་སྣང་བས།། ལྟ་བ་ཟབ་མོ་ཁྱད་པར་ཅན།། ང་ཡིས་ཁྱེད་ལ་བསྟན་པར་བྱ།། དང་པོའི་ཚེ་ན་བྱུང་བ་ནི།། རང་བྱུང་རིག་པ་ཆེན་པོའོ།། ཆོས་དབྱིངས་མ་བཅོས་དབྱིངས་ཉིད་ལ། ། ཡེ་ཤེས་སྐད་ཅིག་གསང་བའོ།། སེམས་ཀྱི་སྐད་ཅིག་དང་པོ་ལ།། སྐྱེད་པ་མ་ཡིན་མ་བསྐྱེད་པ།། དབྱིངས་ཡིག་ཨོཾ་ནི་མཚོན་པར་བྱ།། མུཾ་གྱིས་རབ་ཏུ་གསལ་བའོ།། སྐྱེས་བུ་རྩལ་མཐུ་ལྡན་པས་རི། ། སྐད་ཅིག་མ་ལ་གསལ་བར་བྱེད།། ཀུན་གཞི་ལ་སོགས་ཉོན་མོང་ཡིད།། འདི་དག་འགྱུར་བར་ངས་མ་བསྟན།། འགྱུར་ན་རིམ་པ་ཅན་དུ་འགྲོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡེ་གེ་མེད་པ་ལས། ། དབྱིངས་ཟབ་མོ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བདག་པོའི་མཆོག་གི་ཁྱད་པར་གྱི་འཁོར་ལ་དམ་ཚིག་གི་ལེའུ་བསྟན་པ། ཆོས་རྣམས་རྩ་བ་དམ་ཚིག་སྟེ།། ཐར་བ་ཉིད་དང་ངན་སོང་ཡང། ། མན་ངག་དམ་ལ་རྫོགས་པས་ན།། དམ་ཚིག་འདི་ནི་ས་གཞིའོ།། མངོན་པར་བླ་མ་མཉེས་པར་བྱ།། བླ་མེད་ཐར་པ་སྤང་མི་བྱ།། འདི་ནི་དམ་ཚིག་རྡོ་རྗེ་འོ།། ཧཱུཾ་ཕཊ་སྔགས་ཀྱང་བཟླས་པའོ།། འདི་ནི་བཟླས་པ་དམ་པའི་མཆོག། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་རྒྱས་པ་ལས། དམ་ཚིག་གི་རྩ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བདག་པོའི་མཆོག་དེས། འཁོར་ལ་རིགས་ཀྱི་བུ་ཞེས་བོས་ནས། ངོ་མཚར་བ་འདི་གསུངས་སོ།། ཨེ་མ་རྒྱུད་འདི་སླ་ཕྱིར་དཀའ།། ཨེ་མཧོ་རྒྱུད་འདི་མཐོང་བ་མིན།། ཨེ་མཧོ་དབང་པོ་རབ་ཀྱི་རབ།། དེ་ཡི་དོན་དུ་རྒྱུད་འདི་བཤད།། ཨེ་མཧོ་གདམས་ངག་རྒྱུད་དུ་བྱས། ། ཨེ་མཧོ་ངེས་དོན་ཟབ་མོ་འདི།། ཨེ་མཧོ་ཉག་གཅིག་དགོངས་པའོ།། ཨེ་མཧོ་ཐབས་དམ་མ་ནོར་བ།། ཨེ་མཧོ་བྱང་ཆུབ་ཐོབ་པའི་ཐབས།། བློ་ལ་བློས་ནི་སྣང་བར་གྱིས།། བློ་ལ་རྒྱུད་དོན་སྣང་བར་གྱིས། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྒྱས་པ་ལས། བདག་པོས་ངོ་མཚར་བ་བཤད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་འཁོར་ལ་བོས་ནས་གསུངས་པ། ཡང་དག་བདེ་གཤེགས་ཐུགས་ཀྱི་རྒྱུད། ། གཙོར་བྱས་བཤད་པའི་དོན་འདི་ནི།། འཇིག་རྟེན་དག་ཏུ་གྲགས་པ་ཡང།། མང་པོའི་དོན་དུ་མ་བཤད་དོ།། འགའ་ཡི་དོན་ལས་མ་ཡིན་ནོ།། ཟབ་མོ་མན་ངག་རྒྱུད་མཆོག་གོ། ལྟ་སྤྱོད་དམ་ཚིག་དབང་རྣམས་ཀྱང། ། ངེས་དོན་འདི་ལས་བརྟག་པར་བྱ། ཁྱད་པར་འཁོར་ལ་ཐབས་ཀྱི་རྒྱུད།། གསང་མཆོག་འདི་ནི་ངས་བཤད་དོ།། ཐུན་མོང་མ་ཡིན་འཁོར་མཆོག་ལ།། རྡོ་རྗེ་འཁོར་ལོ་མ་བསྐོར་ཏེ།། འདི་ནི་གང་དུའང་མ་བཤད་དོ། ཁྱེད་ཅག་དད་པ་ལྡན་པར་གྱིས།། སྣོད་ནི་ཡང་དག་ལྡན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྒྱས་པ་ལས། བདག་པོས་འཁོར་ལ་གཏད་པའི་ལེའུ་སྟེ་དགུ་པའོ། །།། རང་བཞིན་གྱི་རྒྱུད་རྒྱས་པ་ཡི་གེ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བ་མཐོང་བར་དཀའ་བའྀ་དོན་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང། བོད་ཀྱི་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྐར་སར་བས་ཀྱང་བསབས་པའོ།།།། རྒྱ་གར་སྐད་དུ། བྷོ་དྷི་ཙིཏྟ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ། བཅོམ་ལྡན་འདས་དཔལ་བདེ་བའི་མཆོག་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་ཐམས་ཅད་ཆོས་ཉིད་ཟབ་མོ་ལ་གཟུང་བར་དགོངས་ནས། ཆོས་ཀྱི་དབྱིངས་གཏེང་དཔགས་དཀའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་བཞིན་གྱི་དཀྱིལ་འཁོར་ཉིད་དང་ཐ་མི་དད་པ་རྣམས་ལ་རང་བཞིན་གསུང་དུ་མེད་པ་འདི་བཀའ་སྩལ་པ། དེའི་ཚེ་ན་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་གྱུར་ཏོ།། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། ། བསམ་མེད་དྲན་མེད་མི་གཡོ་བ།། བསམ་པ་བསྟན་དུ་མེད་པའོ།། ཐ་སྙད་གདགས་སུ་ག་ལ་ཡོད།། འདི་ནི་བརྗོད་མེད་སྤྲོས་ལས་འདས།། དགེ་བའི་རྨི་ལམ་ལྟ་བུའོ།། རྣལ་འབྱོར་དམ་པའི་ལམ་ཞེས་བྱ། ། གྲུབ་མཐའ་མ་ཉམ་ཡོངས་སུ་དག། སངས་རྒྱས་ས་ལ་རང་བཞིན་གནས།། རྫོགས་པ་ཆེན་པོའི་དོན་ཞེས་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གསུང་དུ་མེད་པའི་གསུང་གསུངས་པའི་སྐབས་ཏེ་དང་པོའོ། །།། ཡང་བདེ་བའི་མཆོག་གི་ཡེ་ཤེས་གསུང་དུ་མེད་པ་འདི་བཀའ་སྩལ་པ། ཆོས་ཉིད་ཇི་བཞིན་པ་དེ་ལ། བློ་ཡང་དེ་འདྲ་བཞག་གྱུར་ན།། སེམས་ཀྱང་སྐད་ཅིག་དང་པོ་ལ།། ལུས་ཆོས་གནས་པ་དོན་ལ་རིག། དེ་དུས་བྱུང་ཚོར་ཤེས་འཇུག་མེད།། བག་ཆགས་རྒྱུད་ཆད་རང་བྱུང་ཤར།། ཡེ་ཤེས་མེ་སྟེ་སྐད་ཅིག་ལ།། དེ་བཞིན་དབྱིངས་ཀྱང་སྐད་ཅིག་མ།། དེ་དང་དེ་ཞེས་དབྱེར་མེད་པ།། དེ་ནི་རྒྱུན་ཆགས་ཐམས་ཅད་སྤངས། ། ཤེས་པ་ཡེ་ཤེས་ཉིད་དུ་གྱུར།། དེ་བཞིན་སྦྱོར་བའི་ལམ་པ་ཡི།། ཡེ་ཤེས་ལ་རེག་མི་གནས་ལ།། རང་རྒྱུད་དུ་ནི་བདུད་བཞི་འབྱུང།། འཇིགས་པ་གཟུགས་དང་གྲགས་པ་སྒྲ།། འོད་ཀྱི་བདུད་དང་སླུ་བ་རྣམས། ། བྱུང་ཚེ་དེ་ལ་རིག་བྱས་ལ།། མི་ཞེན་མི་ཆགས་ལན་འགའ་བསམ།། ཀུན་འོང་འགྲོ་བ་དེ་ཉིད་ལམ།། ཤེས་པ་ཁྱད་པར་ཅན་ཞེས་བྱ། ཡེ་ཤེས་གསུང་དུ་མེད་པའི་སྐབས་ཏེ་གཉིས་པའོ། །།། དེ་ནས་ཡང་བདེ་བའི་དམ་ཚིག་མཆོག་དེས། འཁོར་རྣམས་ལ་དབྱིངས་ཟང་མ་བཀའ་སྩལ་པ། ཞི་བའི་དབྱིངས་ཏེ་འདུས་མ་འདུས།། རང་བཞིན་བཟང་དང་རབ་འདྲེས་པ།། རྩལ་མེད་ཚུལ་དུ་བྱུང་བ་དེ། ། གང་གི་མ་བསླད་རང་བཞིན་དབྱིངས།། ཐོག་མ་མེད་པའི་རྒྱལ་པོའོ།། སྐད་ཅིག་རྒྱུ་འབྲས་མེད་པར་དབྱིངས།། རྒྱུན་ཆད་མེད་པ་དབྱིངས་ལ་ཡན།། བཙལ་ན་རྩོལ་ནད་སངས་མི་སྲིད།། བཙལ་བ་མེད་པ་དབྱིངས་ཀྱི་མཆོག། དེ་ལྟ་བུ་ཡི་དབྱིངས་དེ་ལ།། དེ་ལྟ་བུ་ཡི་ཡེ་ཤེས་དབབ།། ཡང་ན་དབབ་དང་མི་དབབ་མེད།། ཤེས་རིག་བག་ཆགས་རྒྱུན་དེ་ཡང།། གཉེན་པོའི་སྒོ་ནས་མི་གཅོད་དེ།། རང་བཞིན་རང་གིས་རྟོགས་འགྱུར་བ། ། དེ་ཡིས་བག་ཆགས་རང་བཞིན་དག། རང་གའི་བསམ་པ་གྱ་གྱུ་བ།། དེ་རེད་བ་ཡང་བདེ་བར་གཤེགས།། གཅིག་ཏུ་གཟུང་པར་ངས་མ་བཤད།། ཡེ་ཤེས་དེ་ཡང་བསམ་པའི་དབང།། བསམ་པ་རང་ཁ་མ་ཡིན་ཏེ། ། དབྱིངས་དང་ཡེ་ཤེས་རབ་འབྱོར་ན།། རིམ་པ་ཅན་གྱི་ཆར་གཟུང་སྟེ།། རིམ་པ་མེད་པའི་དོན་དེ་ནི།། ཡང་དག་པ་ཡི་དམ་པའོ།། བྱང་ཆུབ་སེམས་བསྒོམ་པ་ལས། དབྱིངས་ཟང་མ་བསྟན་པའི་སྐབས་ཏེ་གསུམ་པའོ། །།། དེ་ནས་ཡང་རང་བཞིན་མཚོན་དུ་མེད་པ་བཀའ་སྩལ་ཏོ།། རང་བཞིན་རང་གི་རྟོགས་པ་ནི།། དྭངས་སྙིགས་མེད་པའི་ཟབ་མོ་སྟེ།། རང་ཁའི་ཚེ་ན་ཡོང་མེད་ན།། བསམ་པ་མཚན་མ་ཅན་གྱིས་ནི། ། དེ་ལ་མི་དཔོགས་གྱ་གྱུ་ཅན།། གསལ་བ་མེད་པ་རང་བཞིན་གསལ།། གསལ་བ་ཉིད་ནི་གྲུབ་མཐའི་སྐྱོན།། རང་བཞིན་མཁའ་ལ་རང་བཞིན་སེམས།། གསལ་བ་རང་བཞིན་རང་བཞིན་གནས། ། ཤེས་རྒྱུན་དེ་ཡང་དེ་བཞིན་ཙམ།། དེ་ནི་ཉམས་མེད་ཉམས་ཞེས་བྱ།། ལྟ་བ་རིམ་པ་མ་ཡིན་ལ།། སྒོམ་པས་རིམ་པ་མ་ཡིན་ལ།། ལྟ་སྤྱོད་གཉིས་ཀ་རང་བཞིན་ཙམ། ཁྱད་པར་འཕགས་པའི་རང་བཞིན་ནོ། ། བྱང་ཆུབ་སེམས་བསྒོམ་པ་ལས། མཚོན་དུ་མེད་པའི་སྐབས་ཏེ་བཞི་པའོ།།།། དེ་ནས་ཡང་དབྱིངས་དང་སྤྱོད་ཡན་པ་འདི་བཀའ་སྩལ་པ། ཐམས་ཅད་དབྱིངས་དང་སྤྱོད་ཡན་པས།། དབྱིངས་དང་ཡེ་ཤེས་དབྱེར་མེད་པས། ། ཡེ་ནས་མ་བཅོས་ཆོས་དབྱིངས་ལ།། མ་བཅོས་རིག་པ་ཀློང་དུ་ཡིན།། རང་བཞིན་དོན་དང་ལྡན་བྱས་ཏེ།། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས།། དབྱིངས་དང་ཡེ་ཤེས་གཉིས་མེད་དེ། ། གཉིས་མེད་བདེ་བའི་རྒྱལ་པོའོ།། དེ་ལྟར་མ་ཡིན་རྟོག་གེ་བས།། བསམ་པ་དེ་ལ་གནས་པ་ན།། གལ་ཏེ་སེམས་ལ་གཏད་ཡོད་པས།། བཏང་བས་མི་ཐོངས་འཆིང་བའི་རྒྱུ།། གཏང་མི་དགོས་པའི་སྐྱེས་བུ་ཡིས། ། ནམ་མཁའི་རྟེན་དང་ནང་དུ་བསྡུས།། དང་པོའི་ཚེ་ན་འདི་གཉིས་སྒྲིབ།། དབང་པོ་ཡུལ་ལ་འཕྲོས་པ་ཡང།། དེ་ཁ་དབྱིངས་ཟངས་ཤེས་རབ་མོད།། ལན་ཅིག་རྫོགས་ཆེན་དོན་འདོད་པ།། རང་བཞིན་བདེ་བ་ཉམས་སུ་བླངས། ། བདེ་བ་སྙམ་སྟེ་མ་ཚོར་འཆོར།། དེ་བས་ཆད་པ་ཞི་བར་བཞག། དེར་བཞག་སེར་འོད་བོང་བ་བཞིན།། དབྱིངས་དང་ཡེ་ཤེས་སྐད་ཅིག་ལ།། མེད་པ་ཤེས་རབ་ཐབས་རྫོགས་པ།། དེ་ནི་སངས་རྒྱ་ས་ལ་གནས། ། གཉིས་སུ་མེད་པར་མི་བལྟ་བས།། དེ་ནི་སངས་རྒྱ་ས་ལ་གནས།། དེ་དག་གཏིང་དཔགས་དཀའ་བའི་དོན།། བྱང་ཆུབ་སེམས་བསྒོམ་ཡི་གེ་མེད་པ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྐབས་བསྟན་པ་སྟེ་ལྔ་པའོ། །།། དེ་ནས་ཡང་མཐོང་མེད་བལྟར་མེད་པའི་དོན་དཀའ་སྩལ་པ། མཐོང་བས་བལྟ་རུ་མེད་པ་ནི།། ཆུ་སྲིན་གྲེ་བའི་རིན་ཆེན་བཞིན།། ནམ་ཡང་བསྟན་དུ་མེད་པའོ།། མཚན་མ་ཀུན་དང་བྲལ་བས་ན། ། བཙལ་དང་བྲལ་བ་ཡི་གེ་མེད།། གཙོ་དང་བྲལ་བས་ཉམས་ཀྱི་གཙོ།། མི་དམིགས་སྐུ་ལ་བལྟར་མེད་དེ།། མི་དམིགས་གསུང་ཐུགས་དེ་བཞིན་ཡིན།། མ་མཐོང་བས་ན་མཐོང་བ་ཆེ།། ཐབས་ཀྱི་ཐབས་ཏེ་དངོས་གྲུབ་རྨད། ། ཤིན་ཏུ་ངོ་མཚར་རྫོགས་ཆེན་པོ།། སངས་རྒྱས་ཐུགས་ལ་མི་མངའ་བ།། འདི་རྟོགས་གོ་བ་བརྒྱ་ནང་ན།། གཅིག་མི་འོང་བར་ཤིན་ཏུ་གྲགས།། ལུང་དུ་བསྒོམ་བསྒྲུབ་ཀུན་དང་བྲལ། ཁྱབ་པས་བདེ་ཆེན་དོན་ཞེས་བྱ། ། མཐོང་མེད་བསམ་པས་ཐམས་ཅད་མཐོང།། དེ་ནི་ངེས་སྒོམ་མཆོག་ཆེན་པོ།། ས་དང་ཕ་རོལ་ཕྱིན་ལས་འདས།། དེ་ཡི་སྣང་བ་རང་བཞིན་མེད།། རང་བཞིན་མེད་པའང་མི་བསམ་སྟེ།། སྨྲ་བསམ་ཡུལ་ལས་འདས་པའོ། ། སེམས་ཀྱི་བྱུང་ཚོར་བྱུང་བ་ན།། དེ་ཁོ་རང་བཞིན་རང་ཞི་བ།། ངེས་དོན་སྙིང་པོ་བླ་ན་མེད།། རྣམ་རྟོག་བསགས་པའི་འཕྲ་རྒྱས་ཀྱིས།། ལོག་ཁྲིད་དོན་མིན་རྟས་པའི་མཐུ།། བཟློག་དཀའ་གཉེན་པོས་བཟློག་པ་མིན། ། རྒྱལ་ལས་དམངས་བྱུང་ཐ་མར་རྒྱལ།། རྒྱལ་པོ་ཐུ་བོ་མི་ཡི་མཆོག། རྒྱལ་བཟུང་རྒྱལ་ཁམས་ཆམ་ལ་ཕབ།། ངེས་པར་བསད་པས་སྡིག་མི་འོང།། འདི་ནི་སླར་འཚོ་ཤིན་ཏུ་རྒྱལ། ། མཁས་པས་རྒྱལ་པོ་བསད་གྱུར་ན།། ཤིན་ཏུ་རྒྱལ་འཁོར་བསྲང་བར་འོང།། ལུགས་ཟློག་བདེ་ཆེན་ས་ལས་འདས།། བྱང་ཆུབ་སེམས་བསྒོམ་པ་ལས། མཐོང་བར་བྱར་མེད་པའི་སྐབས་ཏེ་དྲུག་པའོ།། པའོ།།།། དེ་ནས་ཆོས་ཉིད་ཇི་བཞིན་པའི་དོན་བཀའ་སྩལ་པ། སེམས་མི་གཡོ་བ་སངས་རྒྱས་སོ།། གང་ཡང་མི་བསྐྱེད་དོན་དེ་ལ།། གང་གནས་ཆོས་ཉིད་ཡིན་པར་བཤད།། གནས་དང་མི་གནས་གཉིས་མེད་དེ། ། དེ་ཕྱིར་རྣམ་པ་ཐམས་ཅད་མཁྱེན་འདི་ནི་སྐུ་ཡི་དངོས་གྲུབ་ཡིན།། ཆོས་ཉིད་ཅིར་ཡང་མ་མཐོང་བ།། ཐུགས་ལ་ཡང་དག་དོན་མ་ལོག། བཟླས་ཤིང་གསལ་བར་མ་གྱུར་པ།། གསུང་གི་དངོས་གྲུབ་ཤིན་ཏུ་ཡིན། ། ས་ལ་མི་རྟེན་ལྷུན་གྱིས་གྲུབ།། འདི་ནི་ལམ་རྒན་ཀུན་བོང་འགྲོ།། ཐམས་ཅད་འདུས་པའི་དངོས་གྲུབ་ཡིན།། རང་བཞིན་རང་ལ་རང་བཞིན་ཤར།། རང་བྱུང་རིག་པ་ཞེས་བྱའོ།། འདི་མི་སྣང་བ་གནན་སྣང་མེད། ། གལ་ཏེ་བློ་ལ་སྣང་བ་དེ།། དོན་སྣང་མ་ཡིན་མཚན་མའོ།། དེ་ནི་རང་བྱུང་རིན་པ་མིན།། བྱང་ཆུབ་སེམས་བསྒོམ་པ་ལས། ཆོས་ཉིད་ཇི་བཞིན་པའི་སྐབས་ཏེ་བདུན་པའོ།།།། དེ་ནས་ཡང་རྨད་དུ་བྱུང་བ་འདི་བཀའ་སྩལ་པ། སེམས་མི་གཡོ་བ་བདེ་བ་སྟེ།། སེམས་ཀྱིས་སེམས་འཆིང་མི་ཚོར་བས།། སེམས་ལ་ཞིབ་པས་བརྟག་དཔྱད་བྱ།། ཤེས་བཞིན་གྱིས་ནི་ཐང་བཅད་དེ།། སེམས་ཀྱིས་སེམས་ལ་བལྟས་པ་ན། ། ཅིར་ཡང་མ་མཐོང་མ་ཡེངས་པ།། བསྒོམས་ན་མ་སྒོམས་བསྒྲུབ་ན་ཉམས།། དེ་བས་བྱུང་ཚོར་ཅི་བྱུང་ཡང།། རང་བྱུང་རང་ཞི་བསྒོམ་པའི་གཙོ།། རང་བྱུང་རང་ཞི་ཙམ་མིང་གདགས།། སེམས་ཀྱི་སྤྱོད་འཇུག་ཐམས་ཅད་ཀྱང། ། ཡི་གེ་མེད་པའི་ངང་དུ་བཞག། དེ་ནི་རྒྱལ་པོའི་རྒྱལ་པོའོ།། མན་ངག་སྙིང་པོའི་རྒྱུད་ཅེས་བྱ།། བདེ་གཤེགས་ཉག་གཅིག་དགོངས་པ་ལ།། ཕྱི་རབས་རྣལ་འབྱོར་དོན་ལ་ནི།། ཡ་རབས་བསམ་པའི་ཏིང་ངེ་འཛིན། ། ཤེས་རབ་ཀྱིས་ནི་དོན་ལ་དཔྱད།། བྱང་ཆུབ་སེམས་བསྒོམ་པ་ཡི་གེ་མེད་པའི་རྒྱུད་ལས།། རྨད་དུ་བྱུང་བར་བསྟན་པའི་སྐབས་ཏེ་བརྒྱད་པའོ།།།། དེ་ནས་སྐུ་གསུང་ཐུགས་སུ་འཁོར་རྣམས་རང་བཞིན་གྱི་སྟོན་ནས་བཀའ་སྩལ་པ། བྱང་ཆུབ་སེམས་སྒོམ་པ་ཡི་གེ་མེད་པའི་རྒྱུད་འདི་མཐོང་ངམ། ཐོས་སམ། ཉམས་སུ་བླངས་སམ། དོན་རྟོགས་སམ།། མངོན་དུ་གྱུར་ཏམ། ཞེས་བཀའ་སྩལ་པ་ལས། དེ་ནས་འཁོར་རྣམས་ཀྱིས་མགྲིན་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་ཀྱི་སེམས་ཡི་གེ་མེད་པ་འདི་བདག་ཅག་གིས་ཇི་ལྟར་ཡང་མ་འཚལ་ལོ་ཞེས་གསོལ་པ་ལས། བདེ་བར་གཤེགས་པ་རྣམས་སླར་ཡི་གེ་མེད་པའི་རང་བཞིན་དུ་འདུས་སོ། ། བྱང་ཆུབ་སེམས་སྒོམ་པ་ཡི་གེ་མེད་པ་བསྟན་པའི་སྐབས་དགུ་པ་རྫོགས་སོ།། །། ཨུ་རྒྱན་སྐད་དུ། སནྡྷི་མ་ཧཱ་པྲ་ཀ་ར་ན་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ལྟ་བ་དམར་འབྱམ་ལྟ་བའི་རྒྱུད། རྒྱ་གར་སྐད་དུ། སནྡྷི་སརྦ་ཏི་ལ་ཨེ་ཀ་སྤྲ་ས་ར་ཧ་མ་མ་ཧཱ་སྤྲས་དྷཱ་ཏུ་ཨ་བྷི་ཤི་ཀེ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཐམས་ཅད་འདུས་པ་ཐིག་ལེ་ཉག་གཅིག་ལྟ་བ་གཅོད་འདྲལ་ཆེན་པོ། དབྱིངས་ཆེན་པོ་མན་ངག་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ཐམས་ཅད་འབྱུང་བའི་རྒྱལ་པོ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་བའི་དུས་གཅིག་ན། རང་སྣང་དག་པ་ཆེན་པོའི་གནས་ཡེ་ཤེས་ཐིག་ལེ་ཆེན་པོའི་སྐུ། རྟག་པར་མི་འགྱུར་ཁོང་གསལ་ཆེན་པོའི་སྐུ། ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོ། འགག་མེད་གསུང་གིས་བདག་ཚིག་ཅན།། དྲི་མེད་ཡེ་ཤེས་ཆེན་པོའི་སྤྱན་མངའ་ལ། ། དུས་གསུམ་གཅིག་པའི་མངའ་བདག་དེས།། དྲི་མེད་རྣམ་དག་ཀློང་ཡངས་ནས།། འགག་པ་མེད་པས་བཀའ་སྩལ་པ།། ཀྱེ། ཟེར་གྱི་སྟོན་པ་ཀུན་བཟང་དང།། རྩལ་གྱི་སྟོན་པ་ཀུན་བཟང་དང། ། ལོངས་སྐུ་སྟོན་པ་ཀུན་བཟང་དང།། བྱང་ཆུབ་སེམས་དཔའ་ཀུན་བཟང་ལ།། དུས་གསུམ་ཆོས་སྐུ་ངོ་སྤྲད་བསྟན་པར་བྱ།། ཞེས་གསུངས་པས། ཟེར་གྱི་ཀུན་ཏུ་བཟང་པོ་དང།། རྩལ་གྱི་ཀུན་ཏུ་བཟང་པོ་ལ། ། ལོངས་སྐུའི་ཀུན་ཏུ་བཟང་པོ་ཡིས།། འདི་སྐད་ཅེས་པའི་ཚིག་བརྗོད་དོ།། རང་བཞིན་ཀུན་བཟང་འཁོར་བཅས་རྣམས།། ཐོག་མ་མེད་པའི་དུས་དབྱིངས་ན།། སངས་རྒྱས་སེམས་ཅན་སྔཽན་རོལ་ན།། ཐོག་མ་ཇི་ལྟར་གནས་པ་ལགས། ། དེ་ལ་འཁྲུལ་པ་ཅི་ཡིས་ལན།། ཐ་མ་འཁྲུལ་བ་ཇི་ལྟར་ཟློགས།། སངས་རྒྱས་ས་ན་ཇི་ལྟར་གནས།། ཐུགས་རྗེའི་འབྱུང་ལུགས་ཇི་ལྟར་ལགས།། ལམ་གྱི་སོ་མཚམས་ཇི་ལྟར་ལགས།། ཐེག་པ་རིམ་དགུ་འོང་བ་ཅི། ། འབྲས་བུའི་དོན་ལ་དགུ་ཡོད་དམ།། སྟོན་པ་རྣམ་དགུ་བསྟན་པར་བྱ།། ལྟ་སྤྱོད་དགོངས་པ་དགུ་ཡོད་དམ།། དེ་ཡིས་འབྲས་བུ་དགུར་འབྱུང་ངོ།། དེ་དག་གོ་རིམ་ཇི་ལྟར་ལགས།། ལམ་མི་རྟོགས་དང་ལྡོག་པ་དེ། ། རྟག་ཏུ་འཁོར་རམ་གྲོལ་བར་འགྱུར།། ཞེས་ཞུས་སོ།། ལྟ་བ་གཅོད་འདྲལ་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། སནྡྷི་མ་ཧཱ་མུ་དྲ་པྲ་ས་ར་དྷཱ་ཏུ། ཨེ། ཐུགས་རྗེ་ལོངས་སྐུ་ཀུན་བཟང་ལ། ། དེ་ལ་དྲི་དགོས་མི་མངའ་སྟེ།། འགྲོ་བའི་དོན་ལ་དགོངས་ནས་དྲིས།། རྩལ་གྱི་ཀུན་ཏུ་བཟང་པོ་དེས།། ཟེར་ཉིད་རྣམ་དག་ཀློང་ནས་སུ།། དགོངས་བའི་ཀློང་ནས་བྱིན་ཆེན་གྱིས།། ལོངས་སྐུ་ཉིད་ལ་བཀའ་སྩལ་པ། ། ཐོག་མ་མེད་པའི་དུས་དབྱིངས་ནས།། དབྱིངས་ཉིད་ཆེན་པོ་ཞེས་ཀྱང་བྱ།། ཕྱོགས་མེད་ཆེན་པོ་ཞེས་ཀྱང་བྱ།། དེ་མཚོན་མཐུན་པེ་འགལ་བའི་དཔེ།། དེ་དག་ཚུལ་དུ་བདག་གིས་བརྗོད།། ཐོག་མ་མེད་པའི་དུས་ཉིད་ན། ། མི་སྟོང་ཀུན་སྟོང་སྟོང་པ་རྒྱ་མོ་ཆེ།། མི་གསལ་ཀུན་གསལ་གསལ་བ་འོད་པོ་ཆེན།། མི་འབྱུང་ཀུན་འབྱུང་འབྱུང་བ་ཀུན་གྱི་གནས།། མི་སྣང་ཀུན་སྣང་སྣང་པ་ཀུན་གྱི་དབྱིངས།། མི་འཆར་ཀུན་འཆར་ཐམས་ཅད་འཆར་པའི་གཞི། ། མི་མཚངས་ཀུན་ཚངས་ཚངས་པ་མཛོད་པོ་ཆེ།། མི་སྲིད་ཀུན་སྲིད་སྲིད་པ་ཀུན་གྱི་གཞི།། རི་བོང་རྭ་དང་རུས་སྦལ་སྤུ།། ནམ་མཁའི་མེ་ཏོག་བཞིན་དུ་ཅང་མེད་མིན།། ཐམས་ཅད་ཀུན་གྱི་གཞི་མ་ཡིན། ། ཞེས་གསུངས་སོ།། ལྟ་བ་གཅོད་འདྲལ་ཆེན་པོའི་རྒྱུད་ལས། དུས་གསུམ་གྱི་དབྱིངས་ཆེན་པོའི་ལེའུ་གཉིས་པའོ།།།། དྷ་ཏུ་རཏྣ་པྲ་ས་ར། ཡང་བཀའ་སྩལ་པ། དབྱིངས་ཉིད་ཆེན་པོ་ཞེས་བྱ་སྟེ། ། དེ་ཡི་དུས་ན་འདི་ལྟར་བསྟན།། སེམས་དང་ཡིད་འགྱུ་འདོད་དང་ནི།། རིག་དང་མ་རིག་ཡེ་ཤེས་དང།། སངས་རྒྱས་སེམས་ཅན་ལོངས་སྐུ་དང།། བྱང་ཆུབ་སེམས་དཔའ་རྣམས་དང་སྤྲུལ་པའི་སྐུ། ། ཐེག་པ་རིམ་དགུ་མུ་སྟེག་རྟག་ཆད་དང།། དངོས་གྲུབ་ས་རྡུལ་ཙམ་མི་མངའ་འོ།། དག་དང་མ་དག་གྲུབ་དང་མ་གྲུབ་དང།། ཡིན་མིན་ཡོད་མེད་ཀུན་གྱི་གཞི་རུ་གནས་པ་ཡིན།། སྟོང་ར་ཆེན་མོ་ཞེས་བྱའོ། ། སངས་རྒྱས་མེད་པས་སྟོང་པ་འདྲ།། སེམས་ཅན་མེད་པས་སྟོང་པའི་གཞི།། སངས་རྒྱས་སེམས་ཅན་འཁོར་འདས་གཞི་ཡིན་པ།། སྟོང་དང་མི་སྟོང་ཀུན་གྱི་གཞི།། ཀུན་གཞི་དབྱིངས་ཞེས་བྱའོ།། ངོ་བོ་ཐམས་ཅད་ཀྱི་གཞི་ནི། ། གསལ་བ་ཟང་ཐལ་ཆེན་པོ་ཡིན།། རང་བཞིན་སྟོང་པའི་གཞི་ཡིན་ཏེ།། ཐུགས་རྗེས་མི་འགག་པ་ཡི་གཞི།། ཡོན་ཏན་མི་འགྱུར་པ་ཡི་གཞི།། འཕྲིན་ལས་གང་ཡང་འབྱུང་བའི་གཞི།། སྲོག་གསུམ་གཅིག་ལ་ཚང་བའི་གཞི། ། ཐུགས་རྗེ་རླང་ལ་རང་བཞིན་ནམ་མཁའི་གཞི།། ངོ་བོ་རིག་པའི་གཞི།། ཡོན་ཏན་འགྱུར་བའི་གཞི།། འཕྲིན་ལས་གཅོད་བྱེད་ཡིད་ཀྱི་གཞི།། ཞེས་གསུངས་སོ།། ལྟ་བ་གཅོད་འབྲལ་ཆེན་པོའི་རྒྱུད་ལས། གཞི་དངོས་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དྷཱ་ཏུ་ཀརྨྨ་པྲ་ས་ར། ཡང་བཀའ་སྩལ་པ། དབྱིངས་དང་སྒྲུབ་བྱེད་གཞན་སེལ་ཏེ།། ཀུན་གཞིའི་འཕྲིན་ལས་བསྟན་པའི་ལེའུ་སྟེ།། ཕྱི་དང་ནང་དང་གསང་བའོ། ། དེ་ལ་ཕྱི་ཡི་འཕྲིན་ལས་བཞི།། ཐུགས་རྗེའི་ཡི་དྭགས་ལས་བྱེད་བཞི།། རང་གཞིའི་བྱོལ་སོང་ཡོན་ཏན་མི་ཡི་གཞི།། འཕྲིན་ལས་འགག་པ་མེད་པ་དེ།། ལྷ་དང་ལྷ་མིན་འཕྲིན་ལས་བཞི།། དེས་ན་ཕྱི་ཡི་འཕྲིན་ལས་བཞི། ། ནང་གི་འཕྲིན་ལས་བསྟན་པ་ནི།། ངོ་བོ་ཞི་བ་རང་བཞིན་དྲག་པོ་ཡི།། ཡོན་ཏན་རྒྱས་པ་འཕྲིན་ལས་མངོན་སྤྱོད་བཞི།། སྤྱོད་པའི་ཁྱད་པར་བསྟན་པ་ནི།། ངོ་བོ་རིག་པ་ལས་ཀྱི་གཞི།། རང་བཞིན་མ་ནི་སྣང་བའི་བཞི། ། ཐུགས་རྗེ་མ་ནི་རླུང་གིས་ལས་བྱེད་བཞི།། ཡོན་ཏན་འགྱུ་བའི་འཕྲིན་ལས་བཞི་ཡིན་ནོ།། འཕྲིན་ལས་ཐོག་མེད་ཡིད་ཀྱི་གཞི།། ཡང་གསང་སངས་རྒྱས་འཕྲིན་ལས་བཞི།། བཞི་ལྔ་ཤེས་ན་ཡེ་ཤཻས་འཕྲིན་ལས་གཞི། ། ཡེ་ཤེས་ལྔ་སྟེ་རང་འབྱུང་ལས་ཀྱི་བཞི།། སྐུ་ལྔ་ཡེ་ཤེས་ལྔ་རྩེགས་དང།། ཐུགས་དང་སྤྱན་ལྔ་རྩེགས་པའི་གཞི་མ་ཡིན།། སངས་རྒྱས་གསུངས་ལྔའི་འཕྲིན་ལས་ནི།། ཆོས་ཆ་རེ་ལ་རེ་རེ་ཚང་བས་གསུངས་ཆེན་ལྔ། ། དེ་ཡི་ལྔ་རྩེགས་གསུངས་ལྔའི་འཕྲིན་ལས་ཏེ།། ཡོན་ཏན་ལྔ་རྩེགས་འཕྲིན་ལས་ལྔ་རྩེགས་ལས།། དེ་ཡང་གཞི་ལ་ཚང་བས་ཀུན་གཞི་ཡིན།། ཞེས་གསུངས་སོ།། ལྟ་བ་གཅོད་འབྲལ་ཆེན་པོའི་རྒྱུད་ལས། གཞིའི་སྤྱོད་འབྲལ་ལས་ཀྱི་བཞི་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དྷཱ་ཏུ་ར་ཏི་པྲ་ས་ར། དེ་ནས་ཡང་བཀའ་སྩལ་པ། སྟོན་པ་རྒྱ་ཆེན་གསལ་བ་རྒྱ་ཆེན་དང།། མི་འབྱུང་ཀུན་འབྱུང་འབྱུང་བ་ཀུན་གྱིས་ལན། ། མི་གནས་དགུ་གནས་སྣང་གཞི་ཀུན་གྱིས་ལེན།། མི་སྲིད་དགུ་སྲིད་སྲིད་པ་ཀུན་གྱིས་ལེན།། དེ་ཡང་ཇི་ལྟར་ལེན་ཅེ་ན།། རི་བོང་རྭ་ཡང་རུང་ཡང་བརྡོ།། མོ་ཤམ་བུ་ནི་སྐྱེ་ཡང་བརྡོ། ། ནམ་མཁའི་མེ་ཏོག་མཆོད་པ་འབུལ།། རུས་སྦལ་སྤུ་ནི་འབྲེག་ཡང་བརྡོ།། ཕ་མེད་མ་མེད་བུ་ནི་འཁྱམ་ཡང་བརྡོ།། སངས་རྒྱས་པས་ནི་དེ་ལྔའོ།། སེམས་ཅན་པས་ནི་དེ་ལྔའོ།། བདེ་གཤེགས་སྐུ་བས་དེ་ལྔའོ། ། གྲིབ་མའི་འོད་ལ་ཆགས་སྡང་སྐྱེ།། སྐྱེ་བ་སྔ་མའི་དུས་ཡིན་ནོ།། རང་སྣང་གསང་འབྱུང་ངས་ངོ་ཤེས།། སྐུ་ལྔ་ཡེ་ཤེས་ཐུགས་དང་གསུང།། ཡོན་ཏན་འཕྲིན་ལས་ལྔ་རྩེགས་ཤར།། འོད་ནི་སངས་པས་སྐུ་གསུང་རྒྱས། ། རྟོགས་པ་བཞི་ལ་མངོན་འགྱུར་འོད་དང་འགྱུ་བ་ཡིད།། སངས་པ་རྒྱུ་ལྔ་ལམ་ལྔ་འོད།། རྒྱས་པ་ལྔ་རྩེགས་དགོངས་པ་ཤར།། ལྔ་པ་འགྱུ་བ་རག་པ་འོད།། གཞི་ལས་འདས་པས་སངས་རྒྱས་པ།། སྔ་རབ་འདས་པའི་སངས་རྒྱས་ཡིན། ། དེ་ཡིས་ཐོག་མ་ཤེས་པས་ན།། ཐོག་མ་བཞི་ཤེས་གཏན་ཚིགས་འགོད་པ་ང།། ང་མེད་པ་ཡི་སྔོན་རོལ་ན།། གཞི་ཤེས་བྱ་བར་འདོགས་མཁན་ང།། ང་ཡིས་གཞི་ཤེས་སངས་རྒྱས་པས། ཟེར་དང་རྩལ་གྱི་ཀུན་བཟང་གིས། ། སངས་རྒྱས་ཆོས་སྐུ་ཞེས་སུ་བརྗོད།། ང་ཡིས་བྱིན་བརླབས་བརྗོད་པ་ཡིས།། ཐུགས་རྗེ་སྤྲུལ་སྐུ་འབྱུང་བ་ཡིན།། མི་འཆར་དགུ་འཆར་ཐམས་ཅད་འཆར་བའི་གཞི།། ཐུགས་རྗེ་སྤྲུལ་སྐུ་བྱང་ཆུབ་སེམས་དཔའ་ཡིན། ། མངོན་པར་ཤེས་པས་དུས་གསུམ་གཟིགས་པ་ཡང།། མ་གཡེངས་དུས་ན་མཁའ་དབྱིངས་ཆེན་པོར་གཟིགས།། མར་ལྡན་འགྲོ་དྲུག་འཁྲུལ་དང་ཡར་ལྡན་འབྲས་བུ་གཟིགས།། སྐྱེ་བ་དག་ལ་སྔ་བ་རྫུས་ཏེ་འགྲོ་དྲུག་སྐྱེ་བ་གཟིགས། ། རིག་དང་མ་རིག་ལས་འབྲས་འབྱུང་བར་གཟིགས།། མཚན་ཉིད་འདུལ་དང་གསང་སྔགས་འདུལ་བ་གཟིགས།། ཆོས་སྐུ་ངོ་སྤྲོད་རྩོལ་མེད་རང་གྲོལ་གཟིགས།། དེ་རྣམས་འབྲས་བུ་དུས་ཚོད་རང་ས་གཟིགས། ། བཏུལ་བས་མི་ཐུལ་འཁོར་བར་གནས་པར་གཟིགས།། དེ་ལྟར་དབྱིངས་སུ་ཤེས་པ་དེ་ལྟར་ཡིན།། དབང་པོ་ཡིད་དང་རང་རིག་མངོན་སུམ་དང།། རྣལ་འབྱོར་མངོན་སུམ་ཚད་མས་དེ་ལྟར་གཟིགས། ། ཞེས་གསུངས་སོ།། ལྟ་བ་གཅོད་འབྲལ་ཆེན་པོའི་རྒྱུད་ལས། དུས་གསུམ་གཏན་ལ་དབབ་པའི་ལེའུ་སྟེ་ལྔ་པའོ།།།། མ་ནུ་ཨཱ་ཏི་ཏ་ཁྱ་སྤྲ་ས་ར། ཡང་བཀའ་སྩལ་པ། མ་རིག་སོ་མཚམས་ངོ་སྤྲད་པ། ། ངོ་བོ་ངེས་ཚིག་མཚན་ཉིད་དང།། དབྱེ་བ་དཔེ་དང་རྟགས་དོན་བསྟན་པར་བྱ།། གཞི་ལ་ཤེས་པས་ངོ་བོ་ཡིན།། འོད་ལ་ལྟོས་པས་ངེས་ཚིག་ཡིན།། མ་རིག་མཚན་ཉིད་གཟུང་འཛིན་ལ།། དབྱེ་བ་རྣམ་པ་བཞི་ཡིན་ཏེ། ། ལྷན་སྐྱེས་མ་རིག་མ་ནི་གསུམ།། ཀུན་བརྟགས་མ་རིག་འོད་ལྔ་ལ།། རང་སྣང་མ་ཤེས་རྟགས་པས་སྐྱེས།། ལས་ཉིད་རྒྱུ་འབྲས་ལ་རྨོངས་པ།། ལས་ནི་རྒྱུ་བའི་རླུང་ཡིན་ནོ།། ལས་ཡུལ་རང་སྣང་འོད་ལས་སྤྱད། ། འབྲས་བུ་རྒྱུ་མཐུན་དྲུག་ཏུ་སྨིན།། དེས་ན་རྨོངས་པ་མ་རིག་པ།། འགྲོ་དྲུག་འཁོར་ཞིང་རྒྱུ་དྲུག་འཁྱམ།། དེ་ཁོ་ན་ཉིད་ལས་རྨོངས་པ་ནི། ཁོ་ན་ཉིད་ནི་གཞི་ཡིན་ཏེ།། དེ་ངོ་མ་སྤྲད་པས་རྨོངས་པ། ། དེས་ན་རྫུས་ཏེ་སྐྱེས་ཞེས་བྱ།། འབྱུང་བ་འདུས་ནས་ཕ་ལས་སྐྱེས།། དེ་ནི་མངལ་སྐྱེས་ཞེས་བྱ་སྟེ།། སྐྱེ་གནས་ཀུན་ལ་འཆི་བ་ཡིན།། དྲོད་གཤེར་སྐྱེ་བ་དུས་གཟུང་དཀའ།། ཐིག་ལེ་འོད་ཀྱི་ཚོམ་བུ་ལས། ། སྒོང་སྐྱེས་བྱ་བ་རྫུས་དང་འདྲ།། སྐྱེ་བ་བཞི་འམ་ལྔ་ཡི་གཞི།། བཞི་ལ་མ་མཚངས་སྐྱེ་བ་མེད།། ངོ་བོ་ཐིག་ལེ་སྒོང་སྐྱེས་བཞི།། རང་བཞིན་སྟོང་པ་མངལ་སྐྱེས་བཞི།། ཐུགས་རྗེ་འགག་མེད་རྫུས་སྐྱེས་བཞི།། ངོ་བོ་གཤེར་ལས་སྐྱེ་བའི་བཞི། ། ཐུགས་རྗེ་གྲོང་ལས་སྐྱེ་བའི་བཞི།། རི་བོང་རྭ་ཡིས་བརྡུངས་པ་ཡིས།། སྐྱེ་བ་ཐམས་ཅད་འཕྲིན་ལས་བཞི།། རང་བཞིན་སྟོངས་པ་ལྟ་བུ་སྟེ།། སྐྱེ་བཞིའི་རྩ་བ་མ་ཆོད་ན།། རྟག་ཏུ་རྩོལ་བ་ཚེ་ཆད་འགྱུར། ། ཅེས་གསུངས་སོ།། ལྟ་བ་གཅོད་འབྲལ་ཆེན་པོའི་རྒྱུད་ལས།། མ་རིག་ཤན་དབྱེ་ངོ་སྤྲོད་པའི་སྐྱེ་བ་རྩད་གཅོད་ཀྱི་ལེའུ་སྟེ་དྲུག་པའོ།།།། ཏི་ལ་ཨེ་ཧ་སྤྲ་ས་ར་ཧ་མ་ནུ་ཏ་ར།། ཐོག་མ་མེད་པའི་དུས་ཉིད་ན། ། སེམས་ཅན་ལུས་འདི་ཇི་ལྟར་ལེན།། མ་ནིང་རླུང་དུ་སྐྱེ་བ་དེ།། ཐུགས་རྗེ་འགག་པ་མེད་པའི་རླུང།། མ་ནིང་ཐུགས་རྗེ་འགག་མེད་ཡིན།། མ་ནིང་སྣང་བར་སྐྱེ་བ་སྟེ།། མ་ནིང་རང་བཞིན་སྟོང་པ་ཡིན། ། མ་ནིང་རིག་པར་སྐྱེ་བ་ཡི།། མ་ནིང་ངོ་བོ་གསལ་བ་ཡིན།། འཕྲིན་ལས་ཡིད་དུ་བཅོས་བ་སྟེ།། དེས་སྐྱེས་མ་ནིང་འཕྲིན་ལས་ཐོག་མེད་ཡིན།། ཡོན་ཏན་སྐྱེ་བའི་དུས་ཉིད་འགྱུ་བས་ཏེ།། མ་ནིང་ཡོན་ཏན་འགྱུར་མེད་ཡིན། ། སྐྱེ་བ་ལྔ་ཡི་རྩ་བ་ཡིན།། དེ་མ་ཆོད་པར་གཞན་རྩད་གཅད།། ལྕགས་མཁར་མཁའ་ལ་རྡེགས་པ་འདྲ།། སྲོག་འཕྲོག་ཕྲ་སྟེ་རྒྱབ་པ་མེད།། རྐྱེན་ནི་འོད་ལྔ་རང་གིས་ཕྱེད།། དེ་དུས་སྐྱེ་ཤི་རྩ་མ་ཆོད།། ཆུ་ཆུང་ཉ་ཆེན་འཛིན་པ་འདྲ། ། ལག་རྡུམ་བྲག་ལ་འཛེག་པ་འདྲ། ཡན་ལག་མེད་པ་རྐྱལ་བྱེད་འདྲ།། བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ།། ལོང་བ་ནང་ཐབ་བྱེད་པ་འདྲ།། འབྲས་བུ་འབྱུང་བ་ངས་མ་མཐོང།། ནོར་བུ་ཆུ་དངས་ཆུ་ལ་འཕྱར་བ་ལྟར། ། ཉོན་མོངས་རྙོག་མ་སྐད་ཅིག་རང་སར་གྲོལ་བ་འདི།། ཚུལ་ཆོས་ཆེ་རུ་རེ་ལ་བྱིན་ན་དབང་པོ་ཁ་འགྲོ་འོང།། ཤེས་རབ་དད་པ་ཡོན་ཏན་དང་དང་གུས་པར་ལྡན་སྲིད་དེ།། དེ་རྣམས་ལྡན་པའི་གང་ཟག་འཛམ་བུའི་གླིང་ན་འདུག་བ་ངས་མ་མཐོང། ། གདམ་པའི་ངོ་སྤྲོད་དངོས་སུ་སྟོན་པ་འདི།། ཕྱལ་བར་མ་གཏང་ཡུན་དུ་འཇོ་ཤེས་མཛོད།། སྲོག་དང་སྔོ་བའི་བྱང་ཆུབ་སྒྲུབ་ཟེར་ཀྱང།། ལོ་འགའ་ལོན་ནས་དད་པ་ལྡོག་སྲིད་ཀྱིས། ། ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་ལྟར།། ཟགས་སུ་མ་གཞུག་ཁ་རུ་མ་འདོན་ཅིག། དེ་ལྟར་མ་བྱས་ཆུ་སྲིད་ཀླུ་ཡི་རྒྱལ་པོས་གསད།། དེ་དང་འདྲ་སྟེ་གཉིས་ཀ་དམྱལ་བར་འགྲོ། ། དམྱལ་པ་སྒྲུབ་པའི་ངོ་སྤྲོད་འདི་མ་དགོས་པ་ངས་མ་མཐོང།། རང་རྒྱུད་སྲིད་ཅིང་ཁ་ཕྱར་སྟོང།། གདམ་པ་འདོད་ཅིང་འཕྲེལ་ནས་རྒྱབ་ལོག་བྱེད།། ངོ་སྤྲོད་གཞུས་ནས་དམྱལ་བའི་གྲོང་ཁ་འགྲིམ།། དམྱལ་དཔོན་ཆོས་ཀྱི་རྒྱལ་པོས་དེ་མ་འབྲེལ། ། གཉིས་ཆར་ངན་ཏེ་སྤྲེའུ་ལ་བསྒོམས་པ་སློབ།། སྒོམ་པ་བྱེད་པ་འདྲ་ཞིང་སེམས་ཅན་གསོད།། དེས་ན་རང་ཕུང་གཞན་ནས་རླག། ཅེས་གསུངས་སོ།། ལྟ་བ་གཅོད་འདྲལ་ཆེན་པོའི་རྒྱུད་ལས། སྐྱེ་ཤི་རྩ་གཅོད་ངོ་སྤྲོད་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་བཀའ་སྩལ་པ། མ་རིག་པ་ལས་ལུས་བླངས་ཏེ།། མ་ནི་མཁའ་དབྱིངས་ཆེན་པོ་ཡིན།། དེ་མ་ཤེས་པས་མ་རིག་པ།། མ་རིག་པ་ལ་རྒྱུ་ལྔ་སྟེ། ། ཕྲ་རག་མ་རིག་རྒྱུ་ལྔའོ།། གཞི་ནི་ཞིང་དང་འདྲ་བ་དེ།། རྒྱུ་ནི་ས་བོན་རྐྱེན་ནི་ཆུ་ལྟ་བུ།། འབྲས་བུ་དུ་མར་སྣང་བ་ལྟར།། རྐྱེན་ལྔ་སྐྱེད་དེ་བར་དོ་རུ།། ལས་དྲུག་ཚང་སྟེ་འབྲས་བུ་རྫུས་སྐྱེས་དྲུག། དེ་གཟིགས་རྒྱུ་རྐྱེན་གཞི་སྦྱར་ཏེ། ། བཀྲི་དྲང་ཚུལ་དུ་ཆོས་ཀྱི་སྒོ་མོ་ཡང།། བརྒྱད་ཁྲི་བཞི་སྟོང་གཉེན་པོར་བཤད་པ་ཙམ།། གང་ཟག་ལའང་རྣམ་པ་བཞིར་ཤེས་ཏེ།། ཆུ་ཤིང་ལྟ་བུའི་གང་ཟག་དེ་དག་དང།། དངུལ་རྡོ་ལྟ་བུའི་གང་ཟག་དང། ། གསེར་གླིང་ལྟ་བུའི་གང་ཟག་དང།། ནོར་བུ་རིན་ཆེན་མན་ཤེལ་གྱི་མེད་པའི།། གང་ཟག་རྣམ་པ་བཞི་ལ་དཔེ་དང་སྦྱར་ཏེ་བཤད།། སྙན་རྒྱུད་རྫོགས་ཆེན་རང་གིས་ངོ་སྤྲད་ནས།། དཔེར་ན་སྐྱུར་རུ་ར་ནི་རློན་པ་དེ། ། ཕྱི་ནང་མེད་པར་གསལ་བས་དཔེ་ཡི་ཚད་དུ་སྐྱོལ།། དེ་བཞིན་དུ་བསྒྲུབ་མཐའ་ཕྱོགས་མེད་ལྟ་བའི་དྲས་ཐག་ཆོད་པ་ཡིས།། ཇི་ལྟར་བརྗོད་མེད་སྨྲ་བ་ཡིན་འདུག་ཅིར་བྱས་ཀྱང།། ཐམས་ཅད་མ་ལུས་རང་སྒོ་རང་སྣང་བས། ། གྲུབ་མཐའ་གཅོད་ཆེན་ཡིན་པར་བརྗོད།། ཆོས་སྐུའི་ཡང་རྩེ་ཀུན་བཟང་བྱིན་བརླབས་འདི།། སེང་གེའི་འོ་མ་རིན་ཆེན་ཕྱིལ་ཕུལ་བླུགས་པ་ལྟར།། གང་ལ་བཏང་ཡང་བདུད་རྩི་སྨན་ཆེན་ཡིན། ། སྙན་རྒྱུད་རྫོགས་ཆེན་སེང་གེའི་འོ་མ་འདྲ།། རིན་ཆེན་ཕྱིལ་བུའི་གང་ཟག་ལ།། བཏབ་པ་ཙམ་གྱིས་སྐུ་གསུམ་དགོངས་པ་འཆར།། སེང་གེའི་འོ་མ་རུ་དོང་བཞོས་པ་ན།། རུ་དོང་ཆག་ནས་འོ་མ་འཐོར་བ་ཡིས། ། འཛམ་བུའི་གླིང་དུ་སློབ་མ་མནར་མེད་འགྲོ།། རུ་དོང་ནང་དུ་འོ་མ་འཇོ་ལུགས་ནི།། སློབ་མ་ངན་པས་གདམ་པ་གསང་མི་ཐུབ།། མཆུ་འཁྱེར་ནས་ཀུན་ལ་སྒྲོགས་པར་བྱེད།། གདམ་པ་འཐོར་ནས་མནར་མེད་དམྱལ་བར་འགྲོ། ། སློབ་དཔོན་སློབ་མ་གཉིས་ཀྱང་དམྱལ་བར་སྲེག། ཀུན་བཟང་རྡོ་རྗེ་སེམས་དཔའ་མེ་ཆེན་སྤར།། དགའ་རབ་རྡོ་རྗེ་ལ་སོགས་ཐུབ་པའི་མེ་བསྐུལ་ནས།། རྡོ་རྗེ་དམྱལ་ཆེན་ཐར་བའི་དུས་མེད་སྲེག། དེ་བས་ངོ་སྤྲོད་བསྟན་པའི་སྣོད་མེད་དོ།། ཞེས་གསུངས་སོ།། ལྟ་བ་གཅོད་འདྲལ་ཆེན་པོའི་རྒྱུད་ལས། འགྲོ་དྲུག་ལུས་དངོས་བསྟན་པ་དང།། ཐུགས་རྗེས་སྣོད་རྟག་པའི་ལེའུ་སྟེ་བརྒྱད་པའོ། །།། མ་ཧཱ་ཡ་ན་སྤ་ན་སྤ་ན་དུ་ནེ། འགྲོ་བ་དྲུག་པོ་འདི་དག་ནི།། ལམ་དང་ལམ་གྱི་ཆ་རྐྱེན་དང།། དེ་ལ་རྩོད་བའི་གགས་མེད་ན།། འགྲོ་དྲུག་རང་གིས་གནས་ལས་ནི།། ཐར་བའི་དུས་ནི་མི་འོང་པས།། ལྟ་བའི་དམར་བྱང་བཤད་པར་བྱ། ། མ་རྟོགས་སེམས་ཅན་མ་རིག་པ།། དེ་ཡི་ངོ་བོ་ངེས་ཚིག་དང།། མཚན་ཉིད་དབྱེ་བ་གོང་དཔེ་དང།། རྣམ་པ་ལྔ་རུ་མདོར་བསྡུས་བཤད་པར་བྱ།། མ་ཧཱ་པྲ་ཛྙཱ་དྷཱ་དུ། འགྲོ་དྲུག་མ་རྟོགས་ལས་ཀྱིས་ནི། ། རྟག་ཏུ་འཁོར་བར་འཁྱམ་པ་ཡིན།། རྟག་ཏུ་ལྟོགས་བབ་ལྟ་བ་ཡིན།། མུ་སྟེགས་ཆད་པར་ལྟ་བ་ལོག། དེ་ཡང་ཕྱི་མེ་འདང་དེ།། རང་བཞིན་སྟོང་པ་མ་རྟོགས་ལོགས།། རིག་པས་བརྟགས་ཏེ་སྤྲིན་དང་ཆུ་སྦུ་ལྟར། ། བློ་བུར་བ་ཡིས་ལུས་བླངས་ཏེ།། དྲོད་གཤེར་འདུས་པས་སེམས་སུ་སྣང།། རྡུལ་དང་མུན་པའི་སྙིང་སྟོབས་ཀྱིས།། བློ་བུར་བ་རུ་ལུས་བླངས་ཏེ།། སྔོ་ང་མ་ཤི་ཅི་བདེར་སྤྱོད།། ཤི་ནས་འདིར་ཚོགས་འབྱུང་མི་སྲིད། ། ཐིག་ལེ་དཀར་དམར་དྲོད་གཤེར་ལས།། ཕ་མས་བསྲུབས་ཅིང་སྦྱོར་བའི་དུས།། རྡོ་རྗེ་བྷ་ག་འཐབས་པ་ཡིན།། དེ་རླུང་སེམས་སུ་གྱུར་པ་ལས།། སེམས་ཤེས་བྱ་བློ་བུར་བ།། ཐ་མ་འཆི་བའི་དུས་ཉིད་ན། ། དབུགས་ཆད་དུས་ན་ཨག་ཟེར་ནས།། དབུགས་གསུམ་འབྱུས་ནས་མཁའ་ལ་ཐིམ།། ལུས་ནི་འབྱུང་བ་ལྔ་ལ་ཞ།། སེམས་ནི་ནམ་མཁའ་སྟོང་ལ་ཐིམ།། དང་པོ་སེམས་ཉིད་དབྱིངས་ལ་གནས།། ཐ་མ་སྦྱོར་དུས་སེམས་སུ་ཤར། ། ཐ་མ་ནམ་མཁའི་ངང་དུ་འགྲོ།། སྤྲིན་དང་འདྲ་སྟེ་ཕྱིས་མི་འབྱུང།། དེ་ཡང་རང་བཞིན་ལོག་པ་རུ།། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་དང།། ཕྱི་མེད་ཟེར་ན་བརྟག་སྟེ་འཆད།། ཉམས་སུ་མྱོང་ན་མེད་ཅེས་འགག། ། མ་མྱོང་གཏན་ཚིག་སུ་ལ་གྲུབ།། སྐད་ཅིག་འགག་དང་ཕྱི་མ་སྐྱེ།། དེ་ཡི་བར་མཚམས་མ་ཤེས་པས།། བརྟགས་ཏེ་ཆད་པ་ཉོན་རེ་མོངས།། ལྗོན་ཤིང་ཐལ་བ་རླུང་ཁྱེར་སྨྲ།། དེ་ཡང་གྲུབ་པ་མ་ཡིན་ཏེ། ། སྐད་ཅིག་སྔ་ཕྱི་ཡོད་པའི་ཕྱིར།། ལྟ་བ་གཅོད་འདྲལ་ཆེན་པོ་ཡིན།། མུ་སྟེགས་རྟག་པར་ལྟ་བ་དེ།། ལུང་རིག་མན་ངག་དག་གིས་བསྒྲུབ།། ཡོན་ཏན་འགྱུར་མེད་ལོག་པར་རྟོགས།། དེ་ཡང་ཇི་ལྟར་རྟོགས་ཞེ་ན། ། སེམས་ཅན་ང་ནི་རྟོགས་པ་ཡིན།། བློ་འགྱུར་བདག་རྟགས་གཅིག་པུ་ཉིད།། བུ་སྲིན་ས་བོན་འབྲས་བུ་བཞིན།། རྒྱུ་རྟགས་རྐྱེན་དང་འབྲས་བུ་རྟགས།། སེམས་དབུགས་ཆད་པས་དུས་སུ་ནི།། རྟགས་པ་འཐེབ་ལོང་ཉུངས་འབྲུ་སྐྲ་རྩེ་ཙམ། ། ལུས་ཀྱི་བོང་དང་སྦྱར་ནས་ནི།། རྩ་བཅག་བྱེའུ་འཕུར་ཚང་འཇུག་ལྟར།། ལུས་འདི་བོར་ནས་སྲེད་ལེན་དུས།། མ་ཡིན་མངལ་དུ་འཇུག་པར་བྱེད།། མི་ཉིད་ཤི་བའི་བློ་བུར་དེ།། རྟག་པས་མི་ལུས་ལེན་པ་ཉིད། ། དེ་ཡང་ལྟ་བ་ལོག་བས་ན།། དེ་ཡི་གཅོད་འདྲལ་འདི་ལྟ་སྟེ།། གཅིག་བུ་རྟག་ཟེར་བློ་བུར་འགྱུར།། ཅི་སྟེ་སྒྲ་ཟེར་འགག་པའི་ཕྱིར།། ཉམས་སུ་མྱོང་ནས་རྟག་ཟེར་ཉམས་མྱོང་ལུས་པས་མི་རྟག་པ། ། དེ་ཡང་ལྟ་བ་ཚད་མ་མན་ཏེ་ལོག། དཔེར་ན་མ་ཡི་མངལ་ཁ་རུ།། ཕ་ཡི་ཐིག་ལེས་ས་བོན་རྒྱུ།། དེ་བཏབས་བུ་ཕོ་ལོང་བར་རིག། སྲན་འབྲས་ངན་བཏབ་བཟང་བཏབ་པས།། འབྲས་བུ་དེ་ལྟར་དམན་པར་རིག། ཅེས་གསུངས་སོ།། ལྟ་བ་གཅོད་འདྲལ་ཆེན་པོའི་རྒྱུད་ལས། མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བསྟན་པའི་དམར་འབྱམ་ཆེན་པོའི་ལེའུ་སྟེ།། གོང་ཐག་བསྡམ་པ་དང་ར་བར་གཞུག་པ། མཚོན་ཆས་བསྣུན་པའི་ལེའུ་སྟེ་དགུ་པའོ། །།། མ་ཧཱ་ཡཱ་ན་པྲ་ས་ར། ཉན་ཐོས་ལྟ་བ་དམན་པ་ཡང།། ཐུགས་རྗེ་འགག་མེད་མ་རྟོགས་པས།། ཤེས་རབ་སྙིང་རྗེ་ཆུང་བ་ཡིན།། དེས་ནི་ཡེ་ཤེས་དེ་བས་ཆུང།། དེ་ཡང་ཇི་ལྟར་ཆུང་ཞེ་ན། ། མུ་སྟེགས་རྟག་པ་རྫས་ཡོད་དེ།། སོ་སོར་རྟོག་པས་བརྟགས་པ་ཡིས།། བདག་མེད་དེ་ལ་ལྟ་བ་ཟེར།། བདག་མེད་ཉམས་སུ་མ་མྱོང་ན།། མེད་བརྗེད་སུ་ལ་རྗོད་པར་བྱེད།། བརྗོད་བྱ་དེ་རང་བདག་ཏུ་སྣང། ། རྫས་ཡོད་བདག་མེད་ཁས་བླངས་ཀྱང།། ཉམས་མྱོང་ཡུལ་མིན་ཡུལ་ནི་རྫས།། ཕྱི་རོལ་རྡུལ་ཕྲན་རྟག་པར་འདོད།། ཉམས་སུ་མ་མྱོང་རྟག་པར་ནི།། མྱོང་ན་སེམས་རྟག་འདུས་བྱས་འགྱུར།། ཅེས་གསུངས་སོ། ། ཉན་ཐོས་ཀྱི་ལྟ་བ་གཅོད་འབྲལ་གྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་བཀའ་སྩལ་བ། རང་རྒྱལ་ལྟ་བ་ཆུང་བ་ཡང།། རང་གི་ཐུགས་རྗེ་མ་རྟོགས་ཏེ།། འཛིན་པ་ཙམ་ཅིག་ཡོད་པ་ལས།། ཕྱི་རོལ་རྡུལ་ཕྲན་སྒྱུ་མ་ཙམ། ། ཕུང་པོ་བདག་མེད་ས་རུ་འདོད།། དེ་ཡང་འཛིན་པ་རྟག་ཅེ་ན།། ཉམས་སུ་མྱོང་ན་རྟག་པ་ཉམས།། མ་མྱོང་རྟག་ཅེས་གང་ལ་སྲིད།། ཅེས་གསུངས་སོ།། ཐེག་པ་ཆེན་པོ་སེམས་ཙམ་གྱིས།། རྣམ་པ་བདེན་དང་བརྫུན་པར་འདོད། ། ངོ་བོ་གསལ་བ་མ་རྟོགས་པས།། རྣམ་པ་བརྫུན་པ་ཡིན་པས་ན།། བླ་མའི་གདམ་ངག་རྣམ་པ་ཡིན།། དེ་བརྫུན་ཕྱིར་ན་དགོས་པ་མེད།། རྣམ་པ་བདེན་པར་འདོད་པ་ནི།། བདེན་པ་ཉམས་སུ་མ་མྱོང་ཕྱིར། ། བདེན་པ་འདུ་བྱས་ཅེས་སངས་རྒྱས་སོ།། རང་རྒྱལ་དང་སེམས་ཙམ་པའི་ལྟ་བའི་གཅོད་འབྲལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བྱང་ཆུབ་སེམས་དཔའ་ཀུན་བཟང་གིས། ། རང་བཞིན་རྟོགས་པའི་དོན་མ་རྟོགས།། ཆོས་མེད་སྒྱུ་མར་འདོད་པ་དང།། ཡེ་ཤེས་སྒྱུ་མར་འདོད་པ་ནི།། ཉམས་སུ་མ་མྱོང་ཅི་ཡིས་ཤེས།། མྱོང་ནས་ཡེ་ཤེས་འགྱུར་བའི་ཕྱིར།། ཡེ་ཤེས་དེ་ལ་དགོངས་པ་མེད། ། སྒྱུ་མས་སྒྱུ་མ་བསླུ་པ་དང།། སྒྱུ་མ་སྐད་ཅིག་སྐྱེ་འགག་པས།། འབྲས་བུ་སྐྱེ་འགག་ཅན་དུ་འགྱུར།། རང་བཞིན་སྟོང་པར་མ་རྟོགས་པས།། ཆོས་རྣམས་སྟོང་པར་འདོད་པ་ནི།། དེ་ཡང་ཆང་ཆད་གོལ་བས་ལྟ་བ་ངན། སྟོང་ཉིད་ཉམས་སུ་མ་མྱོང་ན། གཏན་ལ་ཕབ་ལ་དགོས་པ་མེད།། མྱོང་ན་བློ་ཡིན་དམ་བཅའ་ཉམས།། དོན་དམ་ཀུན་རྫོབ་འདོད་པ་ནི།། དོན་དམ་བློ་བུར་མ་གྲུབ་པས།། བྱ་བ་ཐམས་ཅད་དོན་མེད་འགྱུར། ། ཀུན་རྫོབ་སྣང་བ་འདུ་བྱས་ཡིན།། འབྲེལ་མེད་ཆོས་སྤྱད་དོན་མེད་དོ།། འབྲེལ་ཡོད་གང་དང་འབྲེལ་ཀྱང་ནི།། མི་དགོས་དགོས་མེད་སྐྱོན་དུ་འགྱུར།། ཅེས་གསུངས་སོ།། རྒྱུའི་ལྟ་བའི་སྤྱོད་འབྲལ་ཆེན་པོའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན།། ངོ་བོ་རང་བཞིན་ཐུགས་རྗེ་མ་རྟོགས་ཏེ།། ལྟ་བ་ཆོས་ཉིད་ཀློང་ཡིན་ལ།། རིགས་གསུམ་མགོན་པོ་སྒྲུབ་པར་བྱེད། ། རྗེ་དང་བྲན་ཡིན་ཟེར་གྱིས་བསྒྲུབ།། ཆོས་ཉིད་ལྟ་བར་མ་རྟོགས་སོ།། མི་ཚེ་གྲངས་བདུན་རྗེ་འབངས་བསྒྲུབས།། དེ་ཡང་ལྟ་བ་དམན་པ་སྟེ།། ཆོས་ཉིད་ཟབ་མོ་ཉམས་མྱོང་ན།། ཆོས་ཉིད་ལྟ་བ་འདུ་བྱས་འགྱུར། ། མ་མྱོང་ཤེས་པར་མི་འགྱུར་རོ།། རྗེ་དང་འབངས་སུ་བསྒྲུབ་ཟེར་ན།། ཉམས་སུ་མ་མྱོང་རྗེ་འབངས་གང།། མྱོངས་ན་མྱོང་བྱ་སེམས་སུ་གཅིག། རྗེ་དང་འབངས་ཞེས་གང་ལ་བྱ།། རྗེ་གཤེགས་དུས་ན་འབངས་འདས་ཏེ། ། ངན་པ་ལས་ཏེ་བཟང་པོ་སོང།། ངོ་བསྲུངས་མཆོད་པ་སུ་ལ་ཕན།། འབྲས་བུ་མཐར་མ་ཕྱིན་ཏེ་བཟང་ངན་སྣང།། ཆོས་ཉིད་བཟང་ངན་མེད་ཟེར་ན།། རྗེ་འབངས་སྒོམ་པ་དགོས་པ་མེད། ། སེམས་ཀྱི་རྣམ་སྤྲུལ་ཡིན་ཅེ་ན།། རྣམ་པ་རིག་གསུམ་བཅོ་ལྔ་པ།། ཆོས་ཉིད་དུ་མར་འགྲོ་བར་འགྱུར།། མི་འགྱུར་རྣམ་པ་ག་ལ་སྒྲུབ།། གྲུབ་ན་གཅིག་པོ་དམ་བཅའ་ཉམས།། དོན་དམ་རྟོགས་པའི་བྱིན་རླབས་ཀྱིས། ། ཀུན་རྫོབ་ལྷ་ཡི་སྐུ་རུ་འདོད།། རྒྱལ་བའི་སྐུ་དང་དོན་དམ་གཉིས།། གཅིག་གི་ཐ་དད་འབྲེལ་མ་འབྲེལ།། ལྷ་རུ་གཅིག་ན་འདུས་བྱས་འགྱུར།། དོན་དམ་གཅིག་ཕྱིར་ལྷ་སྣང་འགག། ཐ་དད་བྱིན་རླབས་དམ་བཅའ་ཉམས། ། ཉམས་སུ་དོན་དམ་མ་མྱོང་ན།། བྱིན་རླབས་འབྱུང་ཞེས་ཅི་ལ་བྱ།། མྱོངས་ན་དོན་དམ་བློ་བུར་བ།། སྤུན་དང་གྲོགས་པོ་ལྟར་སྣང་ཟེར།། གྲོགས་པོ་འགག་པས་བདག་མི་འགག། འགགས་ན་གྲོགས་དང་བདག་ཉིད་གཅིག། མི་འགག་ལྷ་སྐྱེད་མཆོད་ཕུལ་བས།། དོན་དམ་རྟོགས་པར་ག་ལ་འགྱུར།། རྟོགས་ན་ལྷ་ནི་ཀུན་རྫོབ་ལ།། དོན་དམ་འདུས་མ་བྱས་པའི་ཕྱིར།། ལྷ་བསྐྱེད་མཆོད་པ་བློ་བུར་འགྱུར།། ཞེས་གསུངས་སོ། ། ལྟ་བ་གཅོད་འབྲལ་ཆེན་པོའི་དམར་བྱང་སེང་ཁྱིམ་གྱི་རྒྱུད་ལས། རང་སྣང་འཁྲུལ་པ་ཕྱི་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ཆོས་ཉིད་དོན་དམ་ནམ་མཁའི་ངང་ཉིད་ལ།། སྐྱེ་བ་མེད་པའི་ཆོས་ཉིད་ལས་སྐྱེ་བའི། ། ཆོ་འཕྲུལ་རིགས་ལྔ་ལ་སོགས་འཁྲུལ་པར་འདོད།། དེ་ཡང་འཕྲིན་ལས་མ་རྟོགས་ཏེ།། ཆོས་ཉིད་སྐྱེ་བ་མེད་ཟེར་བས།། སྐྱེ་བའི་ཆོ་འཕྲུལ་དམ་བཅའ་ཉམས།། སྐྱེ་བ་ཉམས་སུ་མྱོང་བ་ན། ། ཡེ་ཤེས་ལྷ་ཉིད་འདུས་བྱས་འགྱུར།། མ་མྱོང་སྐྱེ་ཞེས་ག་ལ་བྱ།། སྐྱེས་པ་འགག་ཕྱིར་སྐུ་མདོག་འགག། སྐྱེས་པ་འདུས་བྱས་ཡིན་པའི་ཕྱིར།། མ་མྱོང་སྐྱེ་བ་སུ་ཡིས་ཤེས།། དོན་དམ་མི་སྐྱེ་ཞེས་སྨྲ་ན། ། ཉམས་སུ་མྱོང་སྟེ་མི་སྐྱེ་འམ།། མྱོང་བ་སྐྱེས་ནས་འདུག་པའི་ཕྱིར།། སྐྱེ་བ་མེད་ཅེས་ཇི་ལྟར་བརྗོད།། མ་མྱོང་མི་སྐྱེ་ཅི་ཡིས་ཤེས།། ལུང་དང་རིགས་པས་ཤེས་ཞེ་ན།། རིག་པ་ནམ་མཁའ་ལྟར་ཟེར་ན།། ནམ་མཁའ་སྐྱེ་བ་མེད་པས་ཏེ། ། སྐུ་ཚོགས་གང་ལ་སྐྱེ་བར་འགྱུར།། སྐྱེ་ན་སྐྱེ་མེད་དམ་བཅའ་ཉམས།། སྐྱེ་བ་མེད་ལས་སྐྱེ་ཟེར་ན།། རང་གིས་ཚིག་གིས་གསལ་བར་འབྱུང།། སྐྱེས་པ་ལས་ཀྱང་བུ་སྐྱེ་བར་འགྱུར་རོ།། ཞེས་གསུངས་སོ། ། སྒྱུ་མའི་ལྟ་བ་གཅོད་འབྲལ་གྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རང་གིས་རིགས་པ་རྟོགས་པ་ཡིས།། དབྱིངས་དང་ཡེ་ཤེས་གཉིས་མེད་དེ།། སྐུ་དང་ཡེ་ཤེས་སྐུར་སྣང་ངོ། ། ཆོ་ག་གསུམ་དང་དཀྱིལ་འཁོར་གྱི་བྱིན་བརླབས་ལས་འབྱུང་ཞེ་ན།། དེ་ཡང་ལྟ་བ་ངན་པ་སྟེ།། ཆོས་གསུམ་གཞི་ནི་མ་རྟོགས་པས།། དེ་ལ་རིག་པའི་ཡེ་ཤེས་གཅིག་ཉིད་དེ།། དགུ་རུ་སྣང་ཟེར་རང་ཚིག་འགལ། ། དབྱིངས་དང་ཡེ་ཤེས་གཉིས་མེད་ཕྱིར།། དགུ་རུ་སྣང་བས་དམ་ཆ་ཉམས།། ཡང་སྐུ་དགུ་རུ་ཡེ་ཤེས་པའི།། ཉམས་སུ་མྱོང་ངམ་མ་མྱོང་ཞེས།། མ་མྱོང་དགུ་རུ་ཅི་ཡིས་ཤེས།། མྱོང་ན་གཉིས་མེད་དམ་བཅའ་ཉམས། ། ཞེས་གསུངས་སོ།། སེམས་ཉིད་སྐྱེ་བ་མེད་ཟེར་ནས།། རོལ་བ་མཚན་ཉིད་གཉིས་མེད་ཟེར།། བློ་ཉིད་ངོ་བོ་རང་གྲོལ་སྨྲ།། སེམས་ལ་སྐྱེ་བ་མེད་པ་དེ།། ཉམས་སུ་མ་མྱོང་ཅི་ཡིས་ཤེས།། མྱོང་ན་མྱོང་མཁན་བློ་ཡིན་ཕྱིར། ། སྐྱེ་བ་མེད་པའི་དམ་བཅའ་ཉམས།། རོལ་བ་འགག་མེད་སྨྲ་ཞེ་ན།། རང་གི་ཚིག་གིས་གསལ་བ་འབྱུང།། མཚན་ཉིད་གཉིས་སུ་མེད་ཅེ་ན།། གཉིས་མེད་ཉམས་སུ་མྱོང་མ་མྱོང།། མ་མྱོང་གཉིས་མེད་སུ་ཡིས་ཤེས། ། མྱོང་ན་གཉིས་མེད་དམ་བཅའ་ཉམས།། ངོ་བོ་བློ་གྲོལ་ཞེས་སྨྲ་ན།། སྐྱེ་མེད་གྲོལ་ལམ་སྐྱེ་ཡོད་གྲོལ།། སྐྱེ་མེད་གྲོལ་ན་སྐྱེ་ཡོད་ཐལ།། སྐྱེ་ཡོད་གྲོལ་ན་དམ་བཅའ་ཉམས་པར་འགྱུར།། མི་སྡེགས་པ་ཡིས་ཀ་བདེན་བཞི། ། དམ་པའི་མཐོ་བཞི་ཤེས་པར་བྱ།། དབུ་པའི་གདུང་ཆེན་རྣམ་པ་བཞི།། ཀ་ནས་དག་ཅེས་སྨྲ་བ་དེ།། རྟོགས་ཏེ་དག་གམ་མ་རྟོགས་དག། མ་རྟོགས་པ་རུ་སུ་ཡིས་ཤེས།། རྟོགས་པ་ལམ་ཡིན་དམ་བཅའ་ཉམས། ། ལྷུན་གྱི་གྲུབ་ཅེས་སྨྲ་བ་ན།། སངས་རྒྱས་དག་ཏུ་གྲུབ་མ་གྲུབ།། ཡེ་ཤེས་གྲུབ་དགོས་རང་ཚིག་འགལ།། ངེས་མེད་འབྲས་བུ་ངོ་ལོག་འགྱུར།། མི་འགྱུར་རང་གི་དམ་བཅའ་ཉམས།། མ་རིག་མི་རིག་དུས་མེད་དེ། ། རྒྱུན་ཐོས་བསམ་དོན་མེད་པར་འགྱུར།། སྐད་ཅིག་བློ་བུར་མི་རྟག་འདུས་བྱས་པས།། དགོས་པ་མེད་པའི་སྐྱོན་དུ་འགྱུར།། དབུབ་པའི་གདུང་བཞི་ཞེས་བྱའོ།། བསྡེག་པའི་མཚོན་ནི་ཕྱོགས་རེ་ཡིན། ། བཀྲིགས་པས་ཐག་པ་དམ་བཅའ་འོ།། གཟུང་པའི་ར་བ་རང་གཞུང་ངོ།། རྒོལ་པའི་དགྲ་ནི་ཕྱོགས་རྟོགས་སོ།། དགྲ་ཚར་བཅད་པའི་རིག་པའོ།། ཕ་རྒོད་གསད་པའི་སྟོན་མོ་བྱའོ།། ཤ་རུས་ཁྲག་ཚོགས་གཏོར་མ་བཏང། ། པགས་པ་ནམ་མཁའི་མཐའ་ལ་རྐྱང།། མགོ་བོ་གཏན་གཏུན་བར་དུ་བརྡུངས།། རྐང་བཞི་བཅག་ལ་ཚོ་སྔོར་བྱ།། དོན་སྙིང་བྱུང་ལ་ཞལ་དུ་བཏབ།། ནང་རོལ་གྱི་ཡི་སྟོན་མོ་བྱ།། ལུས་པོ་མགོ་རུས་བསྒྲལ་བར་བྱ། ། སྤྱན་མིག་ཉི་ཟླ་གངས་དཀར་རྩེ་ལ་བརྐྱལ།། སྣང་བ་རིགས་གསུམ་རྩེ་རུ་འདོན།། སྣ་ནི་ཆུ་བོའི་གཞུང་ལ་གཏང།། ལྕེ་ནི་བྲག་དམར་ལོག་ལ་དགྲམ།། འོག་སྒོ་རླུང་ལ་བསྐུར་ཏེ་གཏང། ། ཞེས་གསུངས་སོ།། ལྟ་བ་དམར་བྱང་ཆེན་པོ་ལས། ལྟ་བའི་གཅོད་འབྲལ་གྱི་བརྡ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། ལྟ་བ་གཅོད་འབྲལ་ཆེན་པོ་འདི།། ནོར་བུ་རིན་ཆེན་ལྟ་བུའི་རྒྱུད།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི། ། ལོངས་སྐུའི་ཀུན་བཟང་སོགས་ལ་གཏད།། ཅེས་གསུངས་སོ།། རྒྱུད་ཀྱི་རྒྱལ་པོ་ལྟ་བའི་སེམས་ཁྱིམ་འདི།། བདག་ཅག་འཁོར་དང་བཅས་པ་ལ།། ཐུགས་རྗེས་གནང་བ་རྗེས་ཡི་རང།། བདག་གིས་ལེགས་པར་བཟུང་བར་བགྱི། ། ཞེས་གསུངས་སོ།། རྒྱུད་གཏད་པའི་རྗེས་ཡི་རངས་ལེའུ་སྟེ་བཅུ་དྲུག་པའོ།། རྫོགས་སོ།། རྒྱ་གར་སྐད་དུ། སརྦ་དྷརྨ་མ་ཧཱ་སན་དྷི་བྷོ་དྷི་ཙཏྟི་སཾ་སཱ་ར་མཱུ་ལ་ཚེ་ད་མ་ཧཱ་ཨཱ་ཀཱ་ཤ་ས་མན་ཏ་ཛྙཱ་ན་པྲ་བྷ་ཏན་ཏྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པ་ཡེ་ཤེས་འོད་ཀྱི་རྒྱུད། ཡེ་ཤེས་འོད་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། ཆོས་ཉིད་ཀྱི་མཁའ། ཡེ་ཤེས་ཀྱི་ཀློང། འོག་མིན་རིག་པའི་གཞལ་ཡས་ན། བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་བཞུགས་སོ།། རང་བཞིན་གྱི་འཁོར་དང།། རང་བཞིན་ལྟ་བའི་འཁོར་དང། རང་བཞིན་གྱིས་རྟོགས་པའི་འཁོར་དང། བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་ཐབས་ཅིག་གོ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་དེས་འདི་སྐད་དུ་བསྐུལ་ཏེ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། རྒྱུ་ཡི་ཆོས་རྣམས་མཐར་ཕྱུང་ནས། ། འབྲས་བུའི་ཆོས་ནི་མི་གསུང་བ།། ཐུགས་རྗེ་ཆེན་པོས་ཡལ་ལམ་ཅི།། གདུལ་བྱ་སྐལ་ལྡན་ཡོད་པ་ན།། ལྷུན་གྲུབ་ཟབ་མོ་གསུང་དུ་གསོལ།། ཞེས་བསྐུལ་བ་དང། ལྷའི་བུ་དེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཞུས་པ་ནི་འདི་ལྟར་རོ། ། ཤར་ཕྱོགས་མངོན་དགའི་ཞིང་ཁམས་སུ།། སངས་རྒྱས་མི་བསྐྱོད་པ་ལ་ཞུས།། སྐྱེ་བ་མེད་པའི་སེམས་ཉིད་ལ།། སྐྱེ་བ་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རང་བཞིན་འོད་གསལ་སྐྱེ་མེད་ལ།། འཁྲུལ་རྟོག་བློ་ཡིས་ཀུན་ཀློང་སྐྱེ།། སྐྱེས་ཙམ་ཉིད་མ་ངོ་བོས་སྟོང།། དེ་ཉིད་སྐྱེ་མེད་ཡེ་ཤེས་འོད།། ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་དེར། ། སངས་རྒྱས་རིན་ཆེན་འོད་ལ་ཞུས།། གཟུང་འཛིན་བློ་ཡི་དྲ་བ་འདི།། རྩ་ནས་བཅད་ན་ཇི་ལྟར་བཅད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནམ་མཁའ་མཐའ་དང་མཉམ་པ་ཡིས།། གསང་རྫོགས་འོད་ཀྱི་རྒྱུད་རྣམས་ཀྱིས། ཁམས་གསུམ་འཁོར་བར་འཁྲུལ་པ་ཡི།། མ་རིག་པ་དེ་རྩ་ནས་བཅད།། ནུབ་ཕྱོགས་བདེ་བའི་ཞིང་ཁམས་དེར།། སངས་རྒྱས་འོད་དཔག་མེད་ལ་ཞུས།། རང་བཞིན་བདེ་བ་ཆེན་པོ་ལ།། སྡུག་བསྔལ་འོང་བ་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འགྲོ་དྲུག་འཁོར་བའི་སྡུག་བསྔལ་འདི།། ཕན་པའི་དབང་བཅུ་ནུས་པའི་ལྔ།། ཟབ་མོའི་དབང་གསུམ་རྫོགས་པ་ཡིས།། སྡུག་བསྔལ་ཆོས་ཉིད་དབྱིངས་སུ་ཞི། ། བྱང་ཕྱོགས་རྣམ་དག་ཞིང་ཁམས་དེར།། སངས་རྒྱས་དོན་རྣམས་གྲུབ་ལ་ཞུས།། ཆོས་ཉིད་འགྱུར་བ་མེད་པ་ལ།། རྣམ་རྟོག་རླུང་གི་རླབས་པ་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། བེམས་པོའི་རླུང་དང་རིག་པའི་རླུང།། རླུང་གི་གནད་གསུམ་ཤེས་པ་ཡིས།། དབུ་མར་རླུང་ནི་ཚུད་པ་དང།། ལས་རླུང་ཡེ་ཤེས་རླུང་དུ་གྲོལ།། བྱང་ཤར་བསམ་གཏན་བརྒྱན་པ་དེར།། སངས་རྒྱས་ཏིང་འཛིན་རྒྱལ་ལ་ཞུས། ། རྟོག་མེད་དོན་གྱི་ཡེ་ཤེས་ལ།། རྣམ་རྟོག་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སེང་གེ་གླང་ཆེན་འཐབ་པ་དེ།། ཝ་སྦེ་དག་གི་ཕྲ་མ་བཅུག། སྒམ་གཉིས་ཨེ་ལ་འདུས་ཙམ་ན། ། ཕྲ་མ་མཁན་དེ་སྐྱར་ལ་འབྱིན།། ཤར་ཕྱོགས་བྱང་ཆུབ་ཡིད་འོང་དེར།། སངས་རྒྱས་སྒྲོན་མ་འབྱུང་ལ་ཞུས།། སེམས་ཉིད་རང་བཞིན་འོད་གསལ་ལ།། མ་རིག་མུན་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རང་བཞིན་འོད་གསལ་ཆེན་པོ་ལ།། ལོག་རྟོག་མུན་པ་བསྒྲིབས་མེད་ཀྱང།། སྤྲད་པ་གསུམ་གྱི་གདམ་ངག་གིས།། སྐུ་གསུམ་ཐིག་ལེ་གཅིག་ཏུ་རྫོགས།། ལྷོ་ནུབ་རྡུལ་དང་བྲལ་བ་དེར།། སངས་རྒྱས་སྣང་བ་བཀོད་ལ་ཞུས། ། སྨྲ་བསམ་བརྗོད་དུ་མེད་པ་ལ།། སྣ་ཚོགས་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། དཔེར་ན་རྨི་ལམ་ལྟ་བུ་སྟེ།། རྨི་ལམ་བདེ་སྡུག་སྣ་ཚོགས་ཀྱང། ། རྨི་ལམ་སད་དུས་རང་བཞིན་མེད།། ནུབ་བྱང་དབང་བསྒྱུར་ཞིང་ཁམས་དེར།། སངས་རྒྱས་གདུགས་མཛེས་དག་ལ་ཞུས།། ཨ་ཏི་ཐ་སྙད་བྲལ་བ་ལ།། རྟོག་གེ་སྨྲ་བ་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྫིངས་ལས་སྤུལ་གྱི་བྱ་བཞིན་དུ།། ཇི་ལྟར་བསྐོར་ཡང་དེ་རུ་འབབ།། ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང།། ཨ་ཏིའི་ངང་དུ་ཐམས་ཅད་འབབ།། འོག་ཕྱོགས་པདྨ་བརྡལ་བ་རུ། ། སངས་རྒྱས་རྒྱལ་བའི་དབང་པོར་ཞུས།། སྙིང་པོ་བློ་ལས་གྲོལ་པ་ལ།། བློ་བཏགས་འོང་བ་ཇི་ལྟར་ལགས།། རྣམ་རྟོག་བློ་ལས་འཁྲུལ་བ་འབྱུང།། བྱུང་ཙམ་ཉིད་ན་འགྲོ་འོང་མེད།། དེ་དོན་རྟོགས་པའི་རྣལ་འབྱོར་བ། ། བློ་ཉིད་ཆོས་ཉིད་གྲོལ་བའོ།། སྟེང་ཕྱོགས་མདངས་དགའི་ཞིང་ཁམས་དེར།། སངས་རྒྱས་དགའ་བའི་དཔལ་ལ་ཞུས།། གཉིས་མེད་གཉིས་སུ་མེད་པ་ལ།། གཉིས་འཛིན་འོང་བ་ཇི་ལྟར་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་པ།། རྒྱུ་རྐྱེན་རྐྱེན་བཞིས་འཁྲུལ་བ་ཡི།། འཁོར་འདས་སྣ་ཚོགས་སྣང་བ་འདི།། གང་ཤར་དེ་བཞིན་ཉིད་ཤེས་ན།། བདེན་པ་དབྱེར་མེད་བློ་ལས་འདས།། དབུས་ཕྱོགས་མཐའ་དབུས་མེད་པ་རུ། ། སངས་རྒྱས་མངོན་རྫོགས་རྒྱལ་པོ་ལ།། སེམས་ལྷག་ཅན་གྱིས་འདི་ལྟར་ཞུས།། ངོ་བོ་རང་བཞིན་ཐུགས་རྗེ་ལས།། རྩ་བའི་རྒྱུད་དུ་གསང་བ་དང།། ལ་ཟློའི་རྒྱུད་དུ་རྫོགས་པ་ལ། ། མན་ངག་རྒྱུད་དུ་འོད་འདི་བྱུང།། འདི་ལ་ཟབ་མོའི་ཆོས་སུ་མཆི།། སྟོན་པས་བདག་ལ་བཤད་དུ་གསོལ།། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཟབ་མོ་འོད་ཀྱི་རྒྱུད་འདི་ལ།། ཟབ་མོ་དོན་གྱི་ཆོས་དྲུག་སྟེ། ། གནས་ལུགས་དང་ནི་མཚོན་པའི་དབང།། ལྟ་སྒོམ་སྤྱོད་འབྲས་ཟབ་མོ་དྲུག། ཅེས་གསུངས་པ་དང།། ཀྱེ་ཀྱེ་མངོན་རྫོགས་རྒྱལ་པོ་ལགས།། ཐུགས་རྗེ་ཐབས་ཀྱི་རོལ་བ་ལས།། སྟོན་པས་རྒྱས་པར་བཤད་དུ་གསོལ། ། ཞེས་ཡང་ཞུས་པ་དང། མངོན་རྫོགས་རྒྱལ་པོས་ལན་བཏབ་པ།། ཡེ་ཤེས་གར་ཡང་རྒྱ་མ་ཆད།། ཕྱོགས་སུ་མ་ལྷུང་རིས་མེད་དེ།། ཐམས་ཅད་འབྱུང་བའི་གཞིར་འགྱུར་རོ།། གདོད་ནས་མ་སྐྱེས་སེམས་ཀྱི་དབང། ། སྲིད་པ་གསུམ་ནས་ཡེ་དབང་བསྐུར།། གང་གིས་དེ་རྟོགས་སེམས་ཀྱི་དབང།། གཞི་ནས་དབང་ཐོབ་བསྐུར་མི་དགོས།། ཅིར་ཡང་མ་ཡིན་བྱང་ཆུབ་སེམས།། རྟོགས་པས་གཞན་གྱིས་བཅོས་སུ་མེད། ། རྩིས་གདབ་བློ་དང་བྲལ་བས་ན།། ཕྱོགས་སུ་མ་ལྟུང་ལྟ་བའི་གདེང།། ཡེ་ཤེས་རྒྱུན་ལ་བར་མ་ཆད།། འདི་ལས་གཞན་དུ་མ་བཀོལ་བར།། རིག་པའི་རྒྱལ་པོ་ཀུན་གསལ་པས།། དྲན་པ་ཐམས་ཅད་ཏིང་འཛིན་མཆོག། བྱ་བཙལ་བྲལ་བའི་ཆོས་ཉིད་དུ།། བླང་དོར་མེད་པའི་རིག་པ་ཤར།། ཐམས་ཅད་སྐྱེ་མེད་ཡེ་ཤེས་ཀློང།། འདི་ལ་སྤྱད་བྱ་སྤྱོད་བྱེད་བྲལ།། ཡེ་ཤེས་དྲི་མ་མེད་པ་ལ།། རེ་དོགས་བློ་ལས་འདས་པས་ན། ། འཁོར་བའི་གདར་ཤ་ཆོད་པ་དེ།། སངས་རྒྱས་ལག་ཏུ་གཏོད་པ་ཡིན།། ཞེས་གསུངས་སོ།། ཡེ་ཤེས་འོད་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། གནས་ལུགས་མ་བཅོས་རིས་མེད་ཞུས། ། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། ཐམས་ཅད་ང་ཡིས་བྱས་པ་ཡིན།། ང་ལས་བྱུང་ཞིང་ང་རུ་ཐིམ།། ང་ཡི་རང་བཞིན་འོད་གསལ་ལོ།། འཆད་པ་པོ་ང་ཉན་པ་ང།། ལྟ་བ་པོ་ང་སྒོམ་པ་ང། ། སྤྱོད་པ་པོ་ང་གྲུབ་པ་ང།། དེ་བཞིན་དབང་གི་རང་བཞིན་ང།། རྒྱལ་བ་ཀུན་གྱི་ངོ་བོ་ལ།། སེམས་ཅན་ཀུན་གྱི་རང་གཞིན་ཏེ།། འདིར་བསམ་འདིར་འབྱུང་ཐམས་ཅད་ངང།། ཀུན་གསལ་སྒྲིབ་པ་མེད་པ་སྟེ། ། ཡེ་ཤེས་དྲྀ་མེད་འོད་དུ་བཤད།། སྟོང་པ་ཀུན་འབྱུང་ནམ་མཁའི་བཞིན།། སེམས་ཉིད་ཡིད་བཞིན་རིན་པོ་ཆེ།། འཕེལ་འགྲིབ་མེད་པའི་གནས་ལུགས་ནི།། འབྱུང་གནས་རྒྱ་མཚོའི་དབྱིངས་དང་མཉམ། ། སྟོང་ཞིང་གར་ཡང་རྒྱ་མ་ཆད།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། གསལ་ལ་འགག་པ་མེད་པ་ཡིས།། རིག་པ་རང་གསལ་སྒྲོན་མའི་འོད།། གཞན་སྐྱོན་སེལ་མ་ཞུགས་པ་ནི།། རིན་ཆེན་ས་ལེ་གསེར་གླིང་ཕྱིན། ། མ་ནོར་མ་བཅོས་ཇི་བཞིན་ཉིད།། ཀུན་གཞི་རང་བྱུང་ཆེན་པོ་ལ།། མ་རིག་ཡེ་ཤེས་ཐ་དད་མེད།། འཁྲུལ་དང་མ་འཁྲུལ་སེམས་སུ་གཅིག། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི།། ཐོག་མ་དང་བྲལ་ཐ་མ་མེད། ། ཐོགས་མེད་འཁོར་པའི་རང་བཞིན་འདི།། བྱང་ཆུབ་སེམས་སུ་ཡེ་ནས་དག། སེམས་ཉིད་འོད་གསལ་དྲི་མེད་ལ།། བློ་བུར་གཟུགས་བརྙན་སྤྲིན་གྱིས་བསྒྲིབས།། ངོ་བོ་མ་ཡིན་རྐྱེན་གྱིས་སྣང།། བསམ་པས་བཏགས་པ་སྣ་ཚོགས་པ། ། བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་རྟོག་པ་གཞི་ནས་མ་འོང་སྟེ།། རང་བྱུང་མཐོང་བས་རྟོག་པ་ཟད།། དཔེར་ན་སྣང་བས་མུན་སེལ་བཞིན།། རིས་མེད་ནམ་མཁའ་ལྟ་བུར་གནས། ། རྒྱལ་བའི་ཐུགས་དང་རང་བཞིན་ལྡན།། བསམ་གྱིས་མི་ཁྱབ་དགོངས་པའི་དོན།། ཕྱོགས་རིས་མི་མངའ་ཀུན་ལ་ཁྱབ།། རང་བྱུང་གཉུག་མ་ཀུན་གྱི་གཞི།། བཟོད་ནས་རང་བྱུང་འགྱུར་བ་མེད།། མ་བཅོས་ཀུན་ཁྱབ་རིག་པའི་ཐུགས། ཁྱབ་བརྡལ་འུབ་ཆུབ་ཀུན་ལ་གནས།། རང་གནས་ཡེ་ཤེས་གདོད་ནས་གྲུབ།། དངོས་པོར་མི་མངའ་རང་བྱུང་སེམས།། ཡེ་ཤེས་ནམ་མཁའི་འོད་བཞིན་ཁྱབ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ། རང་གནས་ཡེ་ཤེས་འདོད་ནས་ལྡན།། འོད་གསལ་སྙིང་པོ་ཡེ་ཤེས་འདི།། རིན་ཆེན་གསུང་གི་རྟགས་ལ་ཤེས།། སེམས་ཉིད་རྣམ་དག་ལྷུན་གྱིས་གྲུབ།། ཀུན་བཟང་རྒྱལ་བའི་རིག་པ་བདེ། ། མཐའ་ཡས་སེམས་ཅན་ཐམས་ཅད་ལ།། རྒྱལ་བའི་ཡེ་ཤེས་རང་ཆས་ལྡན།། བསམ་བྲལ་རང་ལུགས་ཅིར་མི་དགོངས།། གདོད་ནས་ནམ་མཁའི་མཐའ་དང་མཉམ།། ཡིད་ལ་མི་བྱེད་གཟའ་གཏད་བྲལ། ། འཁོར་བ་མྱ་ངན་འདས་པ་ཡིས།། རྣམ་རྟོག་ཕྲ་རགས་ཅིར་སྣང་ཡང།། རང་བཞིན་མ་བཅོས་ཉིད་དུ་བདེ།། ཇི་ལྟར་ཆུ་ཡིས་སྣང་བ་བཞིན།། རྣམ་རྟོག་ཕྲ་རགས་ཡེ་ཤེས་ཉིད།། རང་བཞིན་གཉུག་མ་དྭངས་པ་ལྟར། ། འཁོར་བ་ཉིད་ན་གདོད་ནས་དག། མཚན་མའི་རྣམ་པ་ཅི་བྱུང་ཡང།། ཆུ་ཤིང་ལྟ་བུར་སྙིང་པོ་མེད།། མ་རིག་འཐིབས་མུན་འཁོར་བ་ན།། ཡེ་ཤེས་སྒྲོན་མའི་འོད་ལྟར་གསལ།། རྣམ་རྟོག་མཚན་མ་ཅི་བྱུང་ཡང། ། གནས་ལུགས་ཉིད་ལས་གཡོས་པ་མེད།། ཅེས་བཀའ་སྩལ་ཏོ།། ཡེ་ཤེས་འོད་ཀྱི་རྒྱུད་ལས། གཞི་གནས་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། རྡོ་རྗེ་ཟབ་པར་དབང་བསྐུར་ཞུས། ། སྔོན་རྫོགས་རྒྱལ་པོས་བཀའ་སྩལ་བ།། གནས་དང་དཀྱིལ་འཁོར་དཔོན་དང་འཐེབ།། འཇུག་ཚུལ་དུས་དང་ཡོན་བདུན་བཤད།། མན་ངག་སྡོམ་དུ་ཤེས་བར་གྱིས།། གཞི་ཡེ་གནས་དང་རྟེན་པའི་གནས། ། ཐམས་ཅད་རང་རིག་སེམས་ཉིད་དེ།། རྒྱུ་རྐྱེན་བྲལ་བའི་དངོས་གཞི་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི།། བཞུགས་གནས་རང་བྱུང་ཁྱད་པར་ཅན།། རྟེ་གནས་རི་བོ་དེ་ཤན་ནམ།། རྒྱ་ཕུག་རྡོ་རྗེ་གདན་སྟེངས་སམ། ། ཝཱ་རཱ་ནཱ་སེའི་གསིལ་ཁང་ངམ།། ཟ་མ་ཏོག་གི་རྒྱལ་མཚན་ནམ།། མ་ལ་ཡ་ཡི་རྩེ་མོའམ།། གྲུ་འཛིན་ཀ་ཤ་ལི་ཕུག་གོ། དཀྱིལ་ནི་རང་བྱུང་ཡེ་ཤེས་དེ།། མ་བཅོས་དངོས་གཞིའི་དཀྱིལ་འཁོར་ཉིད། ། མཁའ་ལྟར་རང་རིག་ཡེ་ཤེས་གསལ།། སེམས་ཀྱི་དཀྱིལ་འཁོར་འོད་གསལ་ལོ།། ཙིཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་རིག་པའི་གཞལ་ཡས་ཁང།། ཟག་པ་མེད་པའི་མཚན་ཉིད་དེ།། དངས་མ་གསུམ་གྱི་རྩེ་མོར་སྒོམ། ། མ་ནོར་དོན་གྱི་སློབ་དཔོན་ནི།། རང་སེམས་བླ་མ་ཀུན་གྱི་བདག། བརྡ་དོན་སྤྲོད་པའི་སློབ་དཔོན་ནི།། ཤེས་རབ་མཆོག་ལྡན་ཏིང་འཛིན་ཐོབ།། དམན་པ་བློ་སྤངས་ཐམས་ཅད་མཁྱེན། ། བསྟན་པའི་བཅུད་བསྡུས་བདེ་གཤེགས་སྲས།། སློབ་མ་རིན་ཆེན་སེམས་ལ་སློབ།། རྟོག་ལྡན་བློ་ཡི་ཁྱད་པར་གྱིས།། ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས།། སྣོད་ལྡན་སློབ་བུ་དད་པ་བསྟན།། རིགས་རྒྱུད་དག་པ་བླ་མ་ཁུར། ། མན་ངག་གཏེར་འཆང་ཐུགས་ཀྱི་སྲས།། དང་པོ་དངོས་གཞི་དཀྱིལ་འཁོར་བསྟན།། ཀུན་རྫོགས་དཀྱིལ་འཁོར་ལུས་ལ་དགོད།། འཕྲུལ་ཚིག་གདམས་ངག་རྣ་བར་གཞུག། སེམས་ལུང་འབོག་པའི་གདམས་ངག་སྦྱིན། ། རྒྱ་བརྟགས་གདབ་པའི་ཆོ་ག་བྱ།། ལུས་ལ་བདེ་མཆོག་བདེ་བའི་དབང།། ཡོན་ཏན་ལྡན་པའི་བུ་མོ་དེ།། ཐབས་ཀྱི་བསྙེན་པ་གསུམ་རྫོགས་ནས།། བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ།། རིན་ཆེན་གཏེར་གྱི་གདམ་ངག་སྦྱིན། ། བདེ་བ་ལག་གི་འདུ་བྱེད་ཀྱིས།། དགའ་བདེ་རིགས་ཀྱི་བདེ་བ་དབབ།། རྒོད་མ་ཁ་དང་རིན་ཆེན་རྩི།། སྦྱར་ཞིང་རྩ་གསུམ་གྱེན་དུ་བརླབ།། འབར་བ་ཉུ་གུ་དྲིང་ཞིང་བཞིབ།། ཟག་མེད་བདེ་བ་པདྨར་རྒྱས། ། ཙིཏྟ་རྒྱས་ཤིང་འཁོར་ལོར་གང།། ཐུང་གི་ཨ་ལ་ཅུང་ཟད་ཕོག། ལུས་འདར་མིག་མི་འཛམས་ཤིང་འབར།། འཁྱིལ་བའི་རྩིབས་བརྒྱད་བདེ་ཆེན་པོ།། རོལ་བར་བཅོས་མ་ལ་རྟེན་ནས། ། རྣལ་བའི་དོན་ནི་རྟོགས་པའོ།། ངག་ལ་རང་གྲོལ་རླུང་གི་དབང།། བེམས་པོའི་རླུང་དང་རིག་པའི་རླུང།། དང་པོ་གྱེན་རྒྱུ་ཐུར་རྒྱུ་དང།། སྲོག་འཛིན་ཁྱབ་བྱེད་མེ་དང་མཉམ།། རླུང་ལྔ་དྷུ་ཏིར་རིམ་གྱྀས་གཟུང། ། རིག་པའི་རླུང་ནི་གཉིས་ཡིན་ཏེ།། ལས་ཀྱི་རླུང་གིས་ཐུར་དུ་ལྟུང།། ཡེ་ཤེས་རླུང་གིས་གྱེན་དུ་འདྲེན།། རླུང་གི་འཐེམ་པས་ཐམས་ཅད་བྱེད།། བེམས་པོའི་རླུང་ལ་རྟེན་ནས་སུ།། རིག་པའི་རླུང་ནི་ཟིན་གྱུར་ན། ། རྟོགས་པའི་རླུང་ཆེན་དོན་རྟོགས་སོ།། སེམས་ལ་རིག་པ་དང་གྲོལ་དབང།། རྟོགས་མེད་མཐོང་བའི་ལམ་དང་ཕྲད།། སྒོམ་མེད་དོན་གྱི་གཟེར་ཆེན་འཐེབས།། བགྲོད་མེད་གོ་བའི་རྫིངས་ལས་བསྒྲལ། ། རྣ་བརྒྱུད་ལུང་གི་གཏེར་ཆེན་གྲོལ།། རེ་དོགས་མེད་པའི་བཙན་ས་ཐོབ།། འདི་དེ་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན་འབད་པར་མེད་པར་གྲོལ།། རྒྱལ་ཐབས་སེམས་ཀྱི་རིན་ཆེན་དབང།། སྤྱི་ལུགས་ཚངས་པའི་དབང་ཞེས་བྱ། ། དང་པོ་བཅུ་བཞི་ཞག་གི་དུས།། ནུས་པའི་ཚོགས་བསག་བར་ཆད་བསྲུང།། མཐར་ཕྱིན་ཐུན་མཚམས་བཅུ་ཕྲག་བདུན།། བར་དོ་འབྱོངས་ཤིང་མཐར་ཕྱིན་འགྱུར།། དེ་ནས་སྲོག་འཛིན་བླ་མ་ལ། ། ལུས་དང་བཅས་པའི་ལོངས་སྤྱོད་འབུལ།། བརྡ་ཙམ་དབང་གིས་མཚོན་ནས་སུ།། གནས་ལུགས་རྟོགས་པར་ཐེ་ཙོམ་མེད།། ཅེས་གསུངས་སོ།། ཡེ་ཤེས་འོད་ཀྱི་རྒྱུད་ལས། དབང་གི་ལེའུ་སྟེ་གསུམ་པའོ། །།། དེ་ནས་སེམས་ལྷག་ལྷ་ཡིས་ནི།། ཕྱོགས་རིས་མེད་པའི་ལྟ་བ་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། སྐྱེ་མེད་ནམ་མཁའ་རྡོ་རྗེའི་དོན།། ལྟ་མེད་རིག་པ་གདོད་ནས་ཨཱ།། རང་བྱུང་ཡེ་ཤེས་འོད་གསལ་ཤར། ། ཡེ་ཤེས་རང་གནས་བདེ་ཆེན་པོ།། ཉན་ཐོས་གང་ཟག་བདག་མེད་མཐོང།། རང་རྒྱལ་ཆོས་ཀྱིས་ཕྱོགས་གཅིག་རྟོགས།། ཐེག་ཆེན་བདག་མེད་གཉིས་སུ་འདོད།། ཀྲི་ཡ་དག་པ་ཆོས་ཉིད་ལྟ།། ཨུ་པ་གོང་འོག་རྗེས་སུ་འཇུག། ཡོ་ག་ཕུང་པོ་བྱིན་གྱིས་རློབ།། རྩལ་དང་ཆོ་འཕྲུལ་རང་སྣང་གསུམ།། བསྐྱེད་རྫོགས་གསུམ་གྱི་ལྟ་བར་འདོད།། ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ།། ཕྱོགས་སུ་མ་ལྟུང་མཐས་མ་རེག། རྣམ་སྤྱོད་དགག་བྱ་མེད་པ་ལ།། ཡོངས་སྤྱོད་བསྒྲུབ་བྱ་མེད་པར་ཤར།། གཉིས་སྣང་དགག་སྒྲུབ་མེད་པ་ལ།། མཐོང་བྱེད་རྟོགས་པའི་ཡེ་ཤེས་ཉིད།། དངོས་པོ་མེད་པའི་རིག་པའི་གཏེར།། བླང་དོར་མི་འདའ་ལྟ་རུ་མེད། ། རང་བཞིན་ལྟ་བའི་རྒྱལ་པོ་ཡིན།། སྙིང་པོ་བློ་འདས་ཡེ་ཤེས་འོད།། འོད་གསལ་རིག་པའི་གདེང་དང་ལྡན།། ཐམས་ཅད་རྟོགས་པའི་ངོ་བོ་ཉིད།། ཡེ་ཤེས་སྙིང་པོ་ཉིད་དུ་ཤར།། རང་བྱུང་རིག་པ་འོད་གསལ་ལ། ། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། སྒྲོ་སྐུར་སྤྲོས་པ་ངང་གིས་མེད།། གསང་སྔགས་གཏེར་གྱི་མཛོད་འཛིན་འདི།། དངོས་པོ་ཇི་ལྟར་སྣང་བ་ཀུན།། རྩི་གདབ་མེད་པ་ཉིད་དུ་ཤར།། ཐམས་ཅད་ཡེ་ཤེས་ཆེན་པོ་ལས། ། ཡེ་ཤེས་མ་ཡིན་གང་ཡང་མེད།། བདེ་བ་རང་རིག་རྣམ་རྟོག་བྲལ།། རང་གནས་ཡེ་ཤེས་འོད་གསལ་ཀློང།། རྟོགས་པས་ཐེ་ཚོམ་རྒྱུ་བ་བྲལ།། རང་ཤར་ཡེ་ཤེས་སྒྲིབ་པ་མེད། ཐེག་བརྒྱད་གསལ་བའི་མེ་ལོང་འདི། ། སྙིང་པོ་དོན་ལ་གོལ་ས་མེད།། མཐར་ཐུག་རྟོགས་པའི་དུས་ན་མཐོང།། མི་རྟོག་དོན་འཇལ་གོམས་ཤིང་རྟོགས།། གྲུབ་མཐའ་ངན་པ་གནས་དུས་སུ།། འདི་ཡིས་དོན་ཀུན་རིག་པར་གྱིས། ། འདི་ཡིས་རང་སེམས་མ་རིག་ན།། སྒྲ་དང་ཚད་མ་གང་གིས་ཀྱང།། རིག་པའི་ཡེ་ཤེས་རྙེད་མི་འགྱུར།། སྙིང་པོ་ཡེ་ཤེས་རང་བཞིན་འོད།། སྐྱོན་དང་ཡོན་ཏན་གཉིས་སུ་མེད།། རྫོགས་ཆེན་ལྟ་ལ་དཔང་སྟོད་མེད། ། མཐོ་དམན་མེད་པའི་ཡེ་ཤེས་དེ།། འགྲོ་དྲུག་ཇི་ལྟར་སྣང་བ་ཡང།། མྱ་ངན་འདས་པའི་རང་བཞིན་ཉིད།། ནམ་མཁའ་ལྟ་བུར་བདག་མེད་པ།། སྟོང་པ་ཡེ་ཤེས་སྙིང་པོ་ཅན།། ཡོད་མེད་ཐམས་ཅད་བྱང་ཆུབ་སེམས། ། སྣང་བ་རང་རིག་ཐ་དད་པ།། དོན་དང་རྟགས་ལ་སོགས་པ་རྣམས།། རྣམ་པ་སྣ་ཚོགས་བག་ཆགས་སྣང།། ཡང་དག་མ་ཡིན་འཁྲུལ་པའི་སེམས།། མ་བཅོས་བརྡ་བའི་ལྟ་བར་གོ། རྟོགས་པའི་གདེང་གིས་ཆོད་པར་བྱ། ། དབང་པོའི་ངོ་ལ་ཤར་བར་བྱ།། ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང།། ཉོན་མོངས་ལྔ་ཡང་ཡེ་ཤེས་ལམ།། ཐམས་ཅད་བྱང་ཆུབ་སེམས་ཀྱི་ཞིང།། སངས་རྒྱས་ཉིད་ལས་གཞན་མི་མངའ།། རྟོགས་ལྡན་མཆོག་གི་ཡེ་ཤེས་སོ། ། ཨེ་མ་མ་རྟོགས་སེམས་ཅན་ཀུན།། སྣ་ཚོགས་འཁྲུལ་བ་སྙིང་རེ་རྗེ།། ཤེས་པ་སྐྱེ་ལུགས་གསུམ་ཡིན་ཏེ།། སོ་སོར་རྟོགས་པའི་ཤེས་པ་དང།། ཐ་སྙད་བཏགས་པ་དེ་བཞིན་ཏེ།། ཞེན་པའི་ཤེས་པ་གསུམ་ཡིན་ནོ། ། རྟོག་པ་དང་པོ་ཆོད་པ་ཡིས།། གཉིས་པོ་དབྱིངས་སུ་ཐིམ་པར་འགྱུར།། ཀུན་གཞིའི་རྣམ་ཤེས་སྤྱི་ཁྱབ་དེ།། ཚོགས་བརྒྱད་ཡུལ་དུ་སྨྲས་པ་ཡིན།། མཐོང་བ་སྣ་ཚོགས་རིག་པའི་ཉམས།། སྣང་སྲིད་བརྡ་རུ་ཤར་བ་གཅེས། ། ཞེས་གསུངས་སོ།། ཡེ་ཤེས་འོད་ཀྱི་རྒྱུད་ལས། ལྟ་བའི་ལེའུ་སྟེ་བཞི་བའོ།།།། དེ་ནས་སེམས་ལྷག་ལྷ་ཡི་བུས།། ཏིང་འཛིན་སྒོམ་པའི་བསམ་གཏན་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། ། འགྱུར་མེད་སེམས་དཔའི་ཏིང་འཛིན་ནི།། རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར།། ཞེན་མེད་ཚུལ་གྱིས་འཇུག་ན་བདེ།། དང་པོ་རང་སེམས་རྒྱུན་ལ་བརྟག། གཉིས་པ་བླ་མའི་གདམ་ངག་སྦྱིན། ། གསུམ་པ་བརྡ་དོན་ངོ་བོ་སྤྲད།། དཀྱིལ་འཁོར་དྲུག་གི་ཡེ་ཤེས་ལ།། སྒྲ་ཡི་མཐའ་ལ་བཞག་པར་བྱ།། མྱོང་བ་མེད་པའི་རྣམ་པ་ཡིན།། ཚོར་བ་མེད་པའི་རེག་བྱའོ།། ཕྱི་རོལ་ཚུལ་བཞིན་ངེས་པར་འགྱུར།། ཐ་མ་དྲན་བསམ་འགྱུ་པ་བྲལ། ། བཙལ་མེད་ཡེ་ཤེས་རིག་པའི་ངང།། དེས་ན་རང་རིག་ཅོག་གེ་ཞོག། བསམ་མེད་རང་དངས་རིག་པའི་ངར།། བདེ་ཆེན་མི་རྟོག་འགྱུ་བ་བྲལ།། ཡིད་ལ་མི་བྱེད་སྣང་བདག། རིག་པ་མ་འགགས་ཡེ་ཤེས་གསལ། ། ཡེ་ཤེས་རང་སྣང་རྒྱལ་པའི་ཐུགས།། འཁོར་བའི་རྣམ་པ་མེད་སེམས་དེ།། བཏང་བཞག་རང་བཞིན་བྱ་བ་བྲལ།། མི་རྩོལ་སྒོམ་མེད་དྲང་པོའི་ལམ།། སྤྲོ་བསྡུ་མེད་པའི་དགོངས་པར་གནས། ། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། བྱིང་རྒོད་སྤྲོས་པ་ངང་གིས་དག། ཡེ་གསལ་ནམ་མཁའི་རང་བཞིན་ལས།། རང་གསལ་རིག་པ་དྲི་མ་མེད།། རང་རིག་ཅིར་ཡང་མི་རྟོག་པས།། ཅིར་ཡང་མ་ཡིན་དམིགས་སུ་མེད། ། སེམས་ལས་རྣམ་རྟོག་འགྱུ་བ་བྲལ།། རིག་པ་ཡེ་ཤེས་འཛིན་པ་ཟད།། ཉི་མའི་དཀྱིལ་ལྟར་གསལ་འགྲིབ་མེད།། རང་ཤར་དངོས་པོར་གྲུབ་པ་མེད།། ཤེས་པ་རང་ལུགས་སོ་མ་ཉིད།། ཀུན་བཟངས་རྒྱལ་བའི་དགོངས་པའོ། ། རང་བྱུང་རྫོགས་སངས་རྒྱས་སུ་གནས།། རང་གསལ་ཡེ་ཤེས་ངང་ལ་བཞུགས།། བཅོས་མེད་འཛིན་བྲལ་སྤྲོས་པ་མེད།། སྒོམ་མེད་རིག་པ་རྒྱུན་མི་འཆད།། དམིགས་མེད་ཡེ་ཤེས་འོད་གསལ་ངང། ། སྐྱེ་མེད་རིན་ཆེན་ཏིང་འཛིན་གཏེར།། རེ་ཞི་མཚོན་པའི་བརྡ་ཙམ་དུ།། གཞུ་ལྟར་དགུག་ཅིང་མདའ་ལྟར་སྲིང།། སྙུགས་ཞུག་པ་ཡི་བརྡ་ཡིས་སུ།། འབྱུང་འཇུག་མི་མངའ་རང་བཞིན་དག། མི་བསམ་རང་བཞིན་ལྷུག་པར་བཞག། ། དམན་པ་ཕྱག་དར་ཁྲོད་ཀྱི་སྤྱོད་པ་དང། མཚོན་པ་ཉམས་མྱོང་གི་སྤྱོད་པ་དང། འདོད་པ་བྱ་བའི་སྤྱོད་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟ་བ་གློང་དུ་གྱུར་པའི་སྤྱོད་པ་ནི། ཐ་མལ་གྱི་སྤྱོད་པའོ།། ཞེས་ཐུགས་ཀྱི་རྒྱུད་ནས་ཀྱང་བཤད་དོ།། ཆོས་ཉིད་གློང་དུ་གྱུར་པའི་སྤྱོད་པ་ནི། ཅི་ལ་ཡང་མ་ཞེན་མ་ཆགས་པའོ།། ཉམས་མྱོང་རྒྱུད་ལ་སྐྱེས་པའི་སྤྱོད་པ་ནི། སྲབ་ལ་སྦྱར་རོ། ། བརྟུལ་ཞུགས་ཀྱི་སྤྱོད་པའི་སྤྱོད་པ་ནི། བྱ་རི་སྐེགས་ལྟ་བུ་སྟེ་མ་ངེས་པའོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐའ་ནི་མ་བཅོས་པའོ།། རང་བཞིན་རྣམ་པར་དག་པའི་དུས་ན། སྤྱི་ལ་ཡང་མ་ཞེན་པའི་སྤྱོད་པ་རྣམ་པར་དག་པའོ། ། བདེ་བ་ཆེན་པོ་ཡུལ་དུ་ཤར་བའི་དུས་སུ། ཟུག་རྔུའི་མཐའ་རང་བཞིན་གྱིས་འགོག། ཁྱད་པར་ན་རྒྱུ་ལ་སྐྱེས་པའི་དུས་ན། སྙིང་རྗེ་ཆེན་པོ་ལྷག་པར་ཅན་གྱི་སྤྱོད་པ་སྐྱེ་བར་འགྱུར་རོ། ། འདོད་པ་མེད་པར་འགྲོ་བ་རིགས་དྲུག་གི་གནས་ཡུལ་དུ་སྣང་བའི་དུས་སུ། ཆོས་ཐམས་ཅད་ཅི་ལ་ཡང་མ་ཆགས་པའི་སྤྱོད་པ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་ཡུལ་དུ་སྣང་བའི་དུས་སུ། ཐུན་མོང་གི་དངོས་པོ་འགགས་ནས་ངོ་ཚ་བ་དང་བག་ཚ་བའི་འདུ་ཤེས་མེད་དེ། ཚིག་ནམ་མཁའ་ལ་ཁུངས་སྟོན་ཏོ།། སྤྱན་ནམ་མཁའ་ལ་གཟིགས་ཏེ། མཛུབ་མོ་ནམ་མཁའ་ལ་སྟོད་པའི་སྤྱོད་པ་འཆར་རོ།། ཆོས་ཀྱི་སྐུ་སྤྲུལ་པའི་ཉམས་སུ་བཏར་བའི་དུས་སུ། ལུས་གྲང་དྲོ་དང་ན་ཚ་མེད་ཅིང་གཅེར་བུའི་སྤྱོད་པ་རང་བྱུང་ཤར་ཏེ། ནམ་མཁའི་རི་མོ་ཁུངས་འདོན་པའོ།། ཟག་པ་མེད་པའི་ཏིང་ངེ་འཛིན་གྱིས་རོ་ཉམས་སུ་མྱོང་བའི་དུས་སུ། ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མི་ཆགས་པར། རི་དྭགས་རྨ་སམ་ལྟར་གཅིག་པུ་རི་སུལ་འགྲིམ་པའི་སྤྱོད་པ་འཆར་རོ།། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཤིང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུ་འདུས་པའི་དུས་ན། ནམ་མཁའ་ལ་འགྲོ་བ་དང། ཆུ་ལ་མི་ནུབ་པར་འགྲོ་བ་དང། གཞན་གྱིས་མི་སྣང་བའི་རྩལ་ལ་སྤྱོད་པར་འགྱུར་རོ།། རིག་པའི་དབྱིངས་ལ་ཤར་བའི་དུས་སུ།། ཡུལ་གཞན་དག་གི་སྣང་བ་འཆར་བར་འགྱུར་རོ། ། སེམས་ལས་སུ་རུང་བའི་དུས་སུ། གཞན་གྱི་སེམས་ཤེས་ཤིང་དངོས་པོ་ཐམས་ཅད་ལས་བརྫུན་དུ་སྨྲ་བར་འགྱུར་རོ།། ཆོས་ཉིད་པ་སྟོང་ཉིད་ལས་སུ་རུང་བའི་དུས་ན། ཕྱིའི་འབྱུང་བ་དང། མི་མ་ཡིན་པའི་སྒྲ་ཐམས་ཅད་སེལ་བར་འགྱུར་རོ། ། སྤྱོད་པ་རྣམ་པར་དག་པ་དེ་རྣམས་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ།།།། ན་མོ་བུདྡྷ་ཡཱ། ཏདྱ་ཐཱ། དྷརྨསཾ་གྷ་རི། མཉྫུ་ཤྲི། ཨ་པྲ་བྲ། བྷ་ག་བ་ཏི། སུ་ཀ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྙིང་ཁར་སྦྱར་ནས། ཡན་ལག་ལྔ་ས་ལ་གཙུགས་ཏེ། ཀྱེ་ཀྱེ་ལེགས་སོ་དཔལ་ལྡན་མགོན་པོ་ཆེ།། ཞལ་ནས་བྱུང་ན་དགའ་བ་དེ།། ཞལ་ནས་གསུངས་པའི་ང་ཉིད་དོན་གྱི་མཆོག། བདག་བློ་མུན་པ་ཁ་འབྱེད་པས།། སྣང་གསལ་ཐུགས་རྗེ་འོད་ཀྱི་མེ། ། སེམས་ཅན་ཀུན་གྱི་སྐྱབས་མཛད་པས།། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། འགྲོ་བའི་དོན་དུ་སྐུ་སྤྲུལ་ནས།། རང་བྱུང་སངས་རྒྱས་རྣམ་པར་གཟིགས།། བྱམས་མགོན་ཐུགས་རྗེས་སྐྱབས་མཛད་པ།། སངས་རྒྱས་ལོག་པར་དད་སེལ་ལ། ། གུས་པའི་ཚུལ་གྱིས་སྐྱབས་སུ་མཆི།། ཞེས་བརྗོད་ནས་བསྟོད་དོ།། བྱང་ཆུབ་སེམས་དཔའ་རྨ་བྱ་མཇིང་བསྣོལ་གྱི་རྒྱུད་ལས། སྤྱོད་པ་རྟོག་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དྲི་བ་དྲིས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་རྗེ་ཅན།། ཞུ་བ་ཞུས་པ་ལེགས་གསུང་པ།། འགྲོ་མགོན་རྡོ་རྗེ་སེམས་དཔས་མཛད།། སངས་རྒྱས་ཐུགས་ཀྱི་དཔལ་བེའུ་དང། ། སངས་རྒྱས་དབུ་ཡི་གཙུག་ཏོར་དང།། སངས་རྒྱས་ཞལ་གྱི་ལྗགས་བཟང་ནས།། འོད་ཟེར་འབྱུང་བ་བསྟན་དུ་གསོལ།། ཅེས་དྲི་བ་དྲིས་སོ།། རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག། ཁྱོད་ཀྱི་དྲི་བ་དྲིས་པ་དེ་ལེགས་སོ། ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ། ཐུགས་རྗེ་འབྱུང་བ་ནི་བརྗོད་ཀྱི་མི་ལང། བསམ་གྱིས་མི་ཁྱབ། ངས་མ་འོངས་པའི་སེམས་ཅན་ལ་མདོ་ཙམ་ཞིག་བསྟན་གྱིས། ཁྱོད་ཉོན་ཅིག། ཐུགས་རྗེའི་བྱེ་བྲག་མང་གིས་ཀྱང་རྩལ་མ་འགགས་པ་ཡིན་ཏེ། དཔེར་ན་ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔའ་བེའུའི་ནས། སངས་རྒྱས་བྱམས་པ་མི་ཉམས་མགོན་པོ་ཞེས་བྱ་བ་བྱུང་ནས། རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ།། དབུའི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྙིང་པོ་ཞེས་བྱ་བ་བྱུང་ནས། སྐུ་གདུང་རིང་བསྲེལ་གྱི་ཆོས་བསྟན་ཏེ། ཞལ་གྱི་ལྗགས་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། རྒྱུ་འབྲས་ཀྱི་ཆོས་མ་ལུས་པར་བསྟན་ཏོ།། སངས་རྒྱས་སྟོང་གི་ཡོན་ཏན་ནི།། སངས་རྒྱས་གཅིག་པུ་ཉིད་ལ་འདུས།། གཅིག་པུ་རབ་ཏུ་སྣང་བའི་ཆོས།། འགྲོ་བ་ཀུན་ལ་རང་བཞིན་གནས། ། ཞེས་བྱུང་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་སྟེ། དེ་དག་ཀྱང་སངས་རྒྱས་འོད་དཔག་མེད་ཆེན་པོ་རྩལ་སྣང་ངོ།། སངས་རྒྱས་འོད་དཔག་མེད་ཉིད་འགྲོ་བ་ཡོངས་ཀྱི་སྙིང་པོར་ཤར་ནས། ། འགྲོ་བ་སེམས་ཅན་ཐམས་ཅད་ལ།། སྙིང་པོ་རྣམ་དག་ཡེ་ཤེས་རྫོགས།། ཞེས་གསུངས། སངས་རྒྱས་ཀུན་གྱི་གཙུག་ཕུད་ལྔ།། རྒྱལ་མཚན་རྩེ་མོ་བཞིན་དུ་གནས། ། སངས་རྒྱས་ཀུན་གྱི་ཆེ་བ་ལྔ།། ནམ་མཁའ་བཞིན་དུ་ཁྱབ་པར་གནས།། རྡོ་རྗེ་སྙིང་པོ་བླ་ན་མེད།། རིན་ཆེན་གཙུག་ཕུད་དྲི་མ་མེད།། ངེས་པའི་སྐྱོན་རྟོག་སེལ་བར་བྱེད།། པདྨའི་སྙིང་པོ་འོད་འབར་བ། ། མཐའ་ལ་མི་གནས་ཕྱག་རྒྱ་ཆེ།། མགོན་པོ་དྲི་མ་མེད་པའི་སྐུ།། ཡོན་ཏན་ཀུན་གྱི་སྙིང་པོ་ཤར།། ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་བདག། བདུད་བཞི་འདུལ་མཛད་དཔའ་བོ་མཆོག། དག་པའི་ཞིང་དུ་ཡང་དག་སྒྲོལ། ། ཐུགས་རྗེའི་ཆུ་བོ་རྒྱུན་མི་འཆད།། ཤེས་རབ་གྲུ་ཡིས་སྒྲོལ་མཛད་པ།། སྤྲིན་ཆེན་གློག་གི་འཕྲེང་བ་ཅན།། རྒྱུན་གྱི་ཐུགས་རྗེའི་རྡོ་རྗེ་བདག། སྙིང་པོ་བདག་མེད་ཡ་མ་བརླ།། སྙིང་པོ་རྗེས་འབྲངས་སྤྱོད་པའི་མཚོན། ། ནམ་མཁའི་ཉི་མིའི་ཚུལ་བཞིན་དུ།། རང་བྱུང་སྤྲོས་མེད་མཁའ་ལ་གདེངས།། རྒྱུད་དག་པ་ཡི་དབྱིངས་ཉིད་ནས།། འབྲས་བུ་ཡེ་ཤེས་དཀྱིལ་འཁོར་རང་སྣང་བའི་དུས་སུ། སྣོད་བཅུད་ཐམས་ཅད་ཆོས་ཉིད་དུ་བརྡལ་བ། ། མི་བྱེད་པའི་ལྟ་བ་ནམ་མཁའ་དང་མཉམ་པས་རེ་དོགས་ཀྱི་འཕྲོ་གཅད། ཟག་པ་མེད་པའི་ཡེ་ཤེས་རང་སྣང་བས། བདག་དང་གཞན་གྱི་དོན་མཐར་ཕྱིན། ཤེས་རབ་ཀྱི་སྟོབས་མ་འགགས་པས། བདུད་དང་སྲིན་པོ་ཟིལ་གྱིས་མནན། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཅན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ། ། རྟོགས་པའི་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་པས། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱའོ།། འཇམ་དཔལ་དྲི་མེད་སྙིང་པོ་ངས། སེམས་ཅན་རྣམས་ཀྱི་ཕྱིར། གསང་བའི་རྒྱུད་གསུམ་ཡང་གསང་ཐུགས་ཀྱི་རྒྱུད། ། ཐུགས་ནས་ཕྱུང་ནས་གདམས་པར་བཞག། སངས་རྒྱས་ལག་ཏུ་གཏད་པའི་ཕྱིར།། སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་བ་ཞེས་བྱ་བ། ཐུགས་ལས་ནོར་བུ་དྲི་མ་མེད་པའི་རྒྱུད་མཛད་དོ། ། འབྲས་བུ་བླ་ན་ཡོད་པ་དང། བླ་ན་མེད་པའི་ཐེག་པ་ཤན་དབྱེ་བའི་ཕྱིར། ལྗགས་ཀྱི་པདྨོ་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་མཛད་དོ། ། སངས་རྒྱས་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་ལུས་སུ་གནས་པའི་ཕྱིར། མཛོད་སྤུའི་བུ་ག་ནས་འོད་ཟེར་ལྔ་འཕྲོས་ནས་སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་བྱུང་ནས། ལྷ་མོ་འོད་ཟེར་གྱི་རྒྱུད་མཛད་དོ། ། ལས་དགེ་སྡིག་ལ་མཐོ་དམན་མེད་པར་ལ་བཟླ་བའི་ཕྱིར། ཤངས་ཀྱི་རླུང་སྒྲོམ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཕྱུང་སྟེ། བྱ་བཙལ་མེད་པར་ཡེ་ཤེས་བླ་མའི་རྒྱུད་ཕྱུང་སྟེ། ཆོས་ལས་འདས་པའི་སྐུ་ཡོངས་སུ་རྫོགས་པར་བསྟན་ཏོ། ། ཞེས་བྱང་ཆུབ་སེམས་རྨ་བྱ་མཇིང་བསྣོལ་གྱི་རྒྱུད། རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་ལྔ་པའོ།།།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་ཞེས་བྱ་བའི་རྒྱུད། འཇམ་དཔལ་སྙིང་པོས། བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་གདམས་པ་རྫོགས་སོ།།།། བྱང་ཆུབ་ཀྱི་སེམས་རྨ་བྱ་མཇིང་བསྣོལ་བསྒོམ་ན། ངན་སོང་གསུམ་གྱི་གཞི་གསོག་གོ། བྱང་ཆུབ་ཀྱི་སེམས་དཀར་དམར་རྣམས་གཉིས་རང་རྒྱུད་དུ་གོ་ན། སེམས་ཅན་གྱི་གཟུགས་སུ་སྨིན་ནོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། ཏ་ན་དང་ག་ནའི་རྟོག་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་སྐད་ཅེས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོས། ཅི་ཡང་མ་གསུངས་པར་བཀའ་སྩལ་པས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང། ཞི་ཁྲོའི་ལྷ་བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་གྱིས། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ཀྱི་དོན་རྟོགས་སོ།། རྒྱུད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་མཆོག་གི་རྒྱུད་ལས། འབྲས་བུ་ངེས་པར་བསྐོར་བ་རྫོགས་སོ་ཨྠི+ྀ།།།། རྒྱ་གར་སྐད་དུ། མ་ཧཱ་ས་མ་ཡ་རཱ་ཙ་སརྦ་ཀ་ཏ་ཏནྟྲ། བོད་སྐད་དུ། དམ་ཚིག་ཆེན་པོའི་རྒྱལ་པོ་དམ་ཚིག་བཀོད་བའི་རྒྱུད། དཔལ་འདའ་བ་མེད་པའི་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་དགྱེས་ཆེན་ལ། ། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། རྣལ་འབྱོར་ཀུན་གྱི་རྩ་བ་མཆོག། དམ་ཚིག་ས་གཞི་བསྟན་པ་ལས།། ངེས་པར་གསུངས་པ་ཁྱད་པར་ཆེ།། ཧོ། ཨེ་མ་ཧོ་རབ་ཏུ་བློ་ལྡན་གྱིས། ངེས་པའི་ལུང་དུ་བསྟན་པ་ནི། ། སྔ་རབས་འདས་པའི་སངས་རྒྱས་ཀྱང།། དམ་ཚིག་འདི་ལ་བརྟེན་ཏེ་བྱུང།། ད་ལྟར་བཞུགས་པའི་སངས་རྒྱས་ཀྱང།། དམ་ཚིག་འདི་ལ་རབ་ཏུ་གནས།། སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང།། དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། ། དེ་ཕྱིར་ཀྱེ་ཀྱེ་བཅོམ་ལྡན་འདས།། དམ་ཚིག་རྩ་བ་བཤད་དུ་གསོལ།། དེ་སྐད་གསོལ་བའི་ཚིག་གསན་ནས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ། ལེགས་འོས་བུ་ལ་བསྟན་པར་བྱ།། དམ་ཚིག་རྩ་བ་འདི་དག་རྣམས།། ལེགས་པར་ཡིད་ཀྱིས་མཉན་པར་གྱིས།། འདི་ཡང་སྐུ་གསུང་ཐུགས་སུ་བསྟན།། སྐུ་ཡི་དམ་ཚིག་མ་གཡོས་པ།། གསུང་གི་དམ་ཚིག་མ་ཡེངས་བ། ། ཐུགས་ཀྱི་དམ་ཚིག་མ་འགྱུར་བ།། སྐུ་ཡི་དམ་ཚིག་ཕ་མ་དང།། ལུས་སྲོག་བསྐྱེད་དང་འཇིག་རྟེན་སྟོན།། མ་རིག་དབང་པོ་སྒོ་འདྲེན་པ།། མཁན་པོ་སློབ་དཔོན་རྡོ་རྗེ་མཆེད།། མན་ངག་རྒྱུད་ལུང་ངེས་དོན་སྟོན། ། དུས་གསུམ་མི་འབྲལ་དམ་པའི་གྲོགས།། རྒྱལ་ཐེབ་ཀརྨ་ལས་ཀྱི་གིང།། ལས་དང་བསྐོས་ང་མིག་མཐར་འབྱིན་པའི།། ངེས་པའི་རྣམ་གྲངས་འདི་དག་ལ།། ངན་སེམས་དབྱེ་སེམས་མི་བྱ་སྟེ། ། ཀྱེའུ་ཆུ་རྒྱུ་དང་བརྙས་པ་དག། བྲེ་མོ་གཏམ་དུའང་ཟུར་མི་བྱའོ།། ཉམས་པ་ཕུང་བའི་རྒྱུ་ཡིན་པས།། ངག་གིས་དེ་ལྟར་བྱ་བ་མིན།། ལུས་ཀྱིས་བྱ་བའི་རིམ་པ་ཡང།། བརྡེག་དང་བསྣུན་དང་བསད་པ་དང། ། གླང་པོ་ལུས་ཀྱིས་འགལ་བ་རྣམས།། དངོས་ཀྱི་བྱ་བ་ཅི་སྨོས་ཀྱིས།། རྩེད་མོའི་ལས་སུའང་བྱ་བ་མིན།། ཡིད་ཀྱི་བསྲུང་བའི་རིམ་པ་ཡང།། བརྙས་དང་སྐུ་དང་ཕྲག་དོག་རྣམས།། སེ་གོལ་ཡུན་དུའང་བྱ་བ་དང། ། ཅུང་ཟད་ཡུན་དུ་བསམ་པ་མིན།། ཆོས་ཉིད་དབྱེ་བསྲིང་མེད་པ་དང།། བྱང་ཆུབ་སེམས་སུ་གཅིག་པས་ན།། ཐམས་ཅད་ཀུན་ཏུ་བསྲུང་བ་དང།། ཡུན་དུ་འདི་ལས་འདའ་མི་བྱའོ།། དེས་ནི་ཐར་པ་ཆེན་པོ་ཐོབ། ། ཀུན་ཏུ་བཟང་པོར་གདོན་མི་ཟའོ།། གང་ཞིག་འདི་དག་མི་བསྲུང་ཞིང།། ཉམས་པར་བྱེད་པ་གང་ཡིན་པ།། ས་བོན་མེ་ཡིས་ཚིག་པ་བཞིན།། འབྲས་བུ་མེད་ཅིང་ཉམས་པར་འགྱུར།། གསུང་གི་དམ་ཚིག་ཆོས་ཉིད་དང། ། སྔགས་དང་ཕྱག་རྒྱ་ལ་སོགས་པ།། རྒྱུན་མི་གཅད་པར་བཟླས་པ་སྟེ།། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་དུ།། མི་དྲག་མི་བུམ་མི་ཞན་པར།། དུས་གསུམ་དུ་ནི་རྒྱུན་མེད་པར།། མ་ཡེངས་པ་ཡི་ངག་གིས་བཟླས། ། འབྲིང་གིས་དུས་བཞི་གནམ་སྟོང་དང།། ཁྱད་པར་ཉ་དང་ཚེས་བརྒྱད་རྣམས།། དུས་ལ་བབ་པར་རྒྱུན་མེད་བཟླས།། ཐ་མས་ཞག་གྲངས་བདུན་རྣམས་སམ།། ཁྲི་འབུམ་བརྒྱ་སྟོང་གར་ནུས་པར།། ཐ་ན་ཉི་ཤུ་རྩ་གཅིག་གམ། ། ཡང་ན་བདུན་གྱི་བར་རྣམས་སུ།། དེ་ཚེ་གཡེང་བས་བར་མི་གཅད།། དེ་ཡང་ལུས་ངག་ཡིད་གསུམ་གྱིས།། དེ་ཚེ་བར་ཆད་མེད་པར་བཟླས།། དེ་རྣམས་མ་ཉམས་གཙོར་གཟུང་ན།། སངས་རྒྱས་བྱང་ཆུབ་གདོན་མི་ཟ། ། འདི་རྣམས་ཉམས་ན་དོན་མེད་པས།། དེ་ནི་ཕྱལ་བ་མྱ་ངན་སྣོན།། དངོས་གྲུབ་འབྲས་བུ་ཡོངས་མི་འགྲུབ།། ཐུགས་ཀྱི་དམ་ཚིག་སྡེ་སྣོད་དང།། ཀུན་བཟང་བཀའ་དང་ངེས་པའི་དོན།། གསང་བ་ཆེན་པོ་བཅུ་པོ་དང། ། མན་ངག་ཆེན་པོ་གཞན་ལ་མི་སྤེལ་བ།། དེ་ཡང་ངག་ལུས་སེམས་རྣམས་ཏེ།། ལུས་ཀྱི་སྦྱོད་པ་བརླང་གསང་ཞིང།། ངག་གིས་རྡོ་རྗེ་ལྕེ་ཡོད་ཀྱང།། བརྗོད་པ་དག་ཏུ་བྱ་བ་མིན།། དབང་བསྐུར་གནས་པ་གང་ཐོབ་ནས། ། སྣོད་དང་ལྡན་པའི་སྐྱེས་བུ་ལ།། ཐབས་ཀྱིས་སྨྲ་བར་གང་བྱེད་པ།། དེ་ནི་བསྲུང་བའི་རིམ་པ་སྟེ།། དངོས་གྲུབ་འབྲས་བུ་ཆུད་མི་ཟ།། འདི་དག་ཉམས་ན་བཀའ་འཆལ་ཞིང།། སངས་རྒྱས་བྱང་ཆུབ་སྣོད་མིན་པས། ། དེ་ཚེ་འབྲས་བུ་མི་འཐོབ་བོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། དམ་ཚིག་གསུམ་གྱི་རྩ་བ་བསྟན་པའི་ལེའུ་སྟེ་དང་པོའོ།།།། རྡོ་རྗེ་སེམས་དཔའ་གཞན་ཡང་དེ་བསྲུང་བའི་རིམ་པ་ནི། གྲངས་མེད་བརྗོད་ཀྱིས་མི་ལང་བ་འདི་ཡིད་ལ་ཟུང་ཞིག། སྐུའི་དམ་ཚིག་བསྲུང་བ་ཡང་ཡི་དམ་གྱི་ལྷ་དང། རྡོ་རྗེ་སློབ་དཔོན་དང། དུས་གསུམ་གྱི་ཕ་མ་དང། མཆེད་དང་ལྕམ་དྲལ་དང། གསང་བའི་དོན་སྤྱོད་པ་མཐའ་དག་ལ་བསྲུང་བ་སྟེ། དེ་ལ་ཡི་དམ་གྱི་ལྷ་ལ་བསྲུང་བ་ནི། ཡི་དམ་གྱི་ལྷ་དང་པོར་བསྒོམ་པར་ནོད་ནས་རབ་ཀྱིས་ཉིན་དང་མཚན་མེད་པར་ཡི་དམ་གྱི་ལྷའི་ཏིང་ངེ་འཛིན་དུ་གནས་ཤིང། སྔགས་བརྗོད་ཅིང་དམ་བཅས་པ་ལས་མི་འདའ་བར་བྱ་བ་དང། འབྲིང་གིས་ཉིན་མཚན་ཐུན་དུ་དེ་བཞིན་དུ་བྱ་བ་དང། ཐ་མས་ཀྱང་ལོ་དང་ཟླ་བ་ལ་དམ་བཅས་པ་ལས་མི་འདའ་བར་བྱ་བ་དང། ཐ་ན་ཡང་མིང་ཙམ་ཡང་ཡིད་ལ་མི་བརྗེད་པར་བྱ་བ་དང། ཕྱི་དང་ནང་གི་མཆོད་པས་དུས་ཐམས་ཅད་དུ་ཅི་ནུས་སུ་མཆོད་པར་བྱ་བ་དང། ཐ་ན་ནང་ནུབ་ཀྱི་འཚོ་བའི་ཡོ་བྱད་ཅི་ཡོད་པས་ཀྱང་མཆོད་པ་དང། ཉེས་བྱས་དང་ཉམས་ཆག་ཡོད་ན་ཡང་ཡིད་དམ་གྱི་ལྷ་དེ་མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་སུ་གསོལ་ལ་འགལ་འཁྲུལ་མི་འཆབ་པར་བཤགས་པ་དང། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིད་ལ་ཇི་ལྟར་འདོད་པར་ནོད་པར་བྱའོ། ། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་རྣམ་པ་ལྔ་དང་མཁྱེན་པ་ཅན་མཐའ་དག་དང། ཐ་ན་ཚིག་གི་ལེའུ་གསུམ་སྟོན་པ་ཡན་ཆད་ལ་རྣལ་འབྱོར་པའི་ལོངས་སྤྱོད་ཅི་ཡོད་པས་མཆོད་ཅིང་དབུལ་བ་ཅི་སྨོས་ཀྱིས། ཐ་ན་ལུས་ཀྱི་ཕྱག་གསུམ་དང། ཡིད་ཀྱི་གདུང་གསུམ་དང། ངག་གི་ཚིག་གསུམ་དུ་བཅས་པས་དུས་ཐམས་ཅད་དུ་དབུལ་བ་དང། མཚན་ནས་བརྗོད་ཅིང་མཆོད་པ་དང། བཀའ་ལས་མི་འདའ་བར་བྱ་ཞིང་ངེས་པའི་དོན་ཟབ་མོ་ཞུ་བར་བྱའོ། ། དུས་གསུམ་ཀྱི་ཕ་མ་ནི་ལུས་ལས་བཅད་ནས་འཇིག་རྟེན་གསལ་བར་སྟོན་པའི་དྲིན་ཅན་ཡིན་ཏེ། ཕ་མ་རྣམ་པ་ལྔར་བསྟན་པ་ཀུན་ལ་ཡང་དངོས་སུ་ཡོད་པ་ལ་བཀུར་བ་དང། འདས་ཤིང་མེད་པ་ལ་སྨོན་ལམ་སྣ་ཚོགས་གདབ་པ་དང། ཡིད་ཀྱིས་མཆོད་པས་མཆོད་པ་སྔ་མ་བཞིན་ནོ།། མཆེད་ལྕམ་དྲལ་ལྔ་ཨུ0f84ལ་ཡང་གོང་མ་བཞིན་ལས་ཁྱད་པར་བརྩེ་ཞིང་གདུང་བས་གཞི་བཟུང། མི་འབྲལ་ཞིང་ལོག་པའི་ལམ་བཀག་ཅིང། ལེགས་པ་ལ་གདབ་པ་དང། དགེ་བ་ལ་བསྐུལ་ཞིང་མི་འབྲལ་བའི་སྨོན་ལམ་རྒྱས་པ་དང། མཆོད་པ་ཁྱད་པར་གོང་མ་བཞིན་ནོ།། དེ་རྣམས་མཆོད་པ་ཡང་སྤྱིར་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཅི་ཕུལ་ཀྱང། དང་པོ་ཉེ་བར་ལེན་པའི་ལྷ་བཞི་མ་མཆོད་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་གང་ལ་ཕུལ་ཡང་མཉེས་པར་མི་འགྱུར་ཞིང། བཞེས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པའི་ལྷ་བཞིའི་གོང་ན་སངས་རྒྱས་གཞན་མེད་ཅིང། སངས་རྒྱས་ཐམས་ཅད་ཉེ་བར་ལེན་པའི་ལྷ་བཞི་ལ་བརྟེན་ནས་སངས་རྒྱས་ཏེ། དེ་ཡང་གང་ཞེ་ན། བསོད་ནམས་ཉེ་བར་ལེན་པའི་ལྷ་འཕགས་པ་དཀོན་མཆོག་གསུམ་དང། དངོས་གྲུབ་ཉེ་བར་ལེན་པའི་ལྷ་ཡི་དམ་གྱི་ལྷ་དང། ཡང་དག་པའི་འབྲས་བུ་ཉེ་བར་ལེན་པའི་ལྷ་རྡོ་རྗེ་སློབ་དཔོན་དང། མཆེད་ལྕམ་དྲལ་དང། ལུས་ཉེ་བར་ལེན་པའི་ལྷ་དུས་གསུམ་གྱི་ཕ་མའོ། ། དེ་ཅིའི་ཕྱིར་ལྷ་ཞེས་བྱ་ཞེ་ན། ཐམས་ཅད་དུ་ལེགས་པ་སྦྱིན་པ་ལ་ནི་ལྷ་ཞེས་བྱ་ལ། བར་དུ་གཅོད་པ་ཐམས་ཅད་བདུད་ཀྱི་རང་བཞིན་པས། འདི་ནི་ལྷ་ཡི་ཡང་ལྷ་སྟེ། གཉན་ཞིང་བྱིན་ཆེ་བ་ལས་སངས་རྒྱས་ཐམས་ཅད་ཀྱིས་ངང་ལ་འདི་མཆོད་པར་བསྔགས་ཏེ། བདག་གིས་ངང་ལ་མཆོད་པར་བྱ་སྟེ། དོན་དེ་བཞིན་དུ་དམ་ཚིག་ལས་མི་འདའ་བར་བྱས་ན་རྩ་བའི་དམ་ཚིག་མ་ཉམས་ན་དམ་ཚིག་ཐམས་ཅད་ཀྱང་མི་ཉམས་ལ། ཉམས་ན་ཡང་དེ་བཞིན་དང་དུ་བླངས་ན་སྐོང་ངེས་ཏེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་སར་གྱུར་པ། གཞན་རྟོགས་ཤིང་བསྒྲུབས་པར་མ་གྲུབ་ཀྱང། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་པའོ། ཞེས་ཀུན་ཏུ་བཟང་པོས་གསུངས་སོ།། གསང་བའི་དོན་སྤྱོད་པ་མཐའ་དག་ནི། འཇིག་རྟེན་གྱི་ཁམས་གང་ན་སྔགས་ཀྱི་དོན་སྤྱོད་པ་མཐའ་དག་དམ་ཚིག་གཉེན་པོ་ལ་གཅིག་ཏུ་གནས་ཤིང། གང་ཉམས་ན་ཡང་དེ་སྐོངས་པར་གྱུར་ཅིག་བར་སྤྱིར་སྨོན་ལམ་འདེབས་པ་དང། དང་པོ་འཇུག་པའི་སྒོ་དང། བར་དུ་སྒྲུབ་པའི་ཐབས་དང། ཐ་མ་གྲུབ་པའི་འབྲས་བུ་ཐམས་ཅད་གཅིག་པས། ཐམས་ཅད་ལ་བདག་ཉིད་ཀྱི་བུ་དང་འདྲ་བར་ཉེས་ན་བཅོས་པ་དང། ལེགས་པའི་ལམ་བསྟན་པ་དང། གསང་བའི་དོན་ཟབ་པར་སྤྱོད་ཅིང་བར་ཆད་མེད་པར་གྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག་པར་སྨོན་ལམ་གདབ་པ་དང། ཀུན་ལ་ཉམས་ན་མི་རུང་ཞིང་ཕུང་བར་འགྱུར་བ་དང། ཉེས་ལེགས་ཀྱི་སྐྱོན་ཡོན་དང་གདམས་ངག་ལེགས་པར་བསྟན་པ་ལ་སོགས་པ་འདི་ལས་འབྱུང་བ་བཞིན་མ་ནོར་བར་བྱེད་པ་ནི། སྐུའི་དམ་ཚིག་བསྲུང་བའི་རིམ་པ་སྟེ། རྡོ་རྗེ་སེམས་དཔའ་ཡང་དག་པའོ།། གསུང་གི་དམ་ཚིག་བསྲུང་བའི་རིམ་པ་ཡང། སྐྱེས་བུ་བརྩོན་པ་རབ་དང་ལྡན་པས་སྒོམ་སྒྲུབ་ཀྱི་འཕྲིན་ལས་ཐམས་ཅད་ལ་བརྩོན་པ་མགོ་ལ་མེ་ཤོར་བ་བཞིན་བྱ་བ་དང། ཡུན་བསྲིང་བ་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་ངལ་དུབ་དང་སྐྱོ་ངལ་མེད་པར་བྱ་བ་དང། དེ་ཡང་ལུང་ངག་ཡིད་ཀྱིས་སྐྱེས་བུ་དར་མའི་གཞུ་བརྡུངས་བ་བཞིན་བཏང་ངེ་འབད་ནས་བསྲུང་བའི་རིམ་པའོ།། དེ་ཡང་ངག་གིས་བསྲུང་བར་བྱ་བ་སྟེ། མི་ཉམས་པ་རྣམ་གསུམ་ལ། ལྷ་ཆོས་དང། མི་ཆོས་དང། བཀའ་ཆོས་དང་གསུམ་མོ།། ལྷ་ཆོས་ནི་སྔགས་དང། ཕྱག་རྒྱ་དང། འཕྲིན་ལས་ཀྱི་གོ་རིམས་དང། ཏིང་ངེ་འཛིན་རྣམས་དང་པོར་རྡོ་རྗེ་སློབ་དཔོན་ཁུངས་ཅན་མ་ཡིན་པར་གར་སོང་སོང་དུ་རས་ཆོད་དང། བཀའ་རྐུན་དང། སྒྱུ་ཐབས་དང། དད་པ་མེད་པའི་ནན་ཆེ་བ་དང། དབང་མ་ཐོབ་པར་གཞན་ལ་སྤྲོ་བ་དང། དོན་མ་ཕྱིན་པར་ང་མཁས་ལ་སོགས་པ་བཀའ་དང་འགལ་ཞིང་བདག་ཉིད་ལ་གནོད་ཅིང་འཕུང་བར་བྱ་བ་མ་ཡིན་ནོ། ། མི་ཆོས་ཀྱིས་བསྲུངས་པ་ནི། བཀའ་གསང་གཅིག་ཏུ་སྤྱོད་ཅིང་མཐུན་པ་ལྟ་ཅི་སྨོས་ཀྱི། སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་རྒྱུ་འབྲས་ཀྱི་ཐེག་པ་ལ་ཞུགས་པ་ཐམས་ཅད་ལ། མཐུན་པ་ལ་དབྱེན་མི་བསྐྱལ་ལ། མི་མཐུན་པ་ལ་རིས་མི་གཟུང། རྩོད་པ་ཅན་ལ་ཟུར་མི་གསོ། འགལ་བ་རྣམས་ལ་བྱམས་པ་མི་སྒོམ། དགོངས་པ་ཅན་ལ་དཔྱས་མི་གདགས། དགེ་བ་ཅན་ལ་ཐུགས་མི་དཀྲུག་ཉེས་པར་སྤྱོད་པ་ལ་ལེགས་པར་མི་བརྗོད། གཞུང་ངན་པ་ལ་མི་ཆོས་ལྷ་ཆོས་ཀྱི་བྲོ་དམ་པ་གདབ། གཞན་གྱིས་མ་སྨྲས་ཤིང་ཉེས་པ་མེད་པ་ལ་ཉེས་སམ་སྨྲས་ཞེས་མི་བརྫོད་པའོ། ། བཀའ་ཆོས་ཆོས་ཀྱིས་བསྲུང་བ་ནི། གསང་བའི་ལས་དང། གསང་བའི་ཚིག་དང། གསང་བའི་སྤྱོད་པ་ངག་གིས་གཞན་ལ་མི་སྨྲ་བ་དང། སློབ་དཔོན་དང་མཆེད་ཀྱིས་གཉེར་དུ་གཏད་པ་གཞན་ལ་མི་སྨྲ་བ་དང། དང་པོར་སློབ་དཔོན་གྱིས་ཇི་ལྟར་དམ་ཕོག་པ་ལས་མི་འགལ་བར་བྱ་བ་དང། ལུང་པ་གཅིག་པའི་ཕྱོགས་རྣམས་ཀྱིས་གཅིག་སྤྲང་གཅིག་གིས་བྱས་ལ་མ་ཉམས་པར་བྱ་བ་དང། ཉེས་པ་དང་འགལ་འཁྲུལ་ཤོར་ན་གསང་ཞིང་མི་བཅབ་པར་གནོང་འགྱོད་དང་ཆས་པས་ཉེས་པ་བཅོས་ཤིང་ཉམ་པ་བསྐང་པ་དང། ངག་གིས་ཅི་སྨྲ་ཡང་ཆོས་དང་མཐུན་པར་སྨྲ་བ་ལས་མ་རྟོགས་པར་འགལ་བ་ཅན་དུ་མི་སྨྲ་བ་དང། དེ་བཞིན་གཤེགས་པའི་བཀའ་མཐའ་དག་ལས་འབྱུང་བ་ལ་མི་ཉམས་པར་སྨྲ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་གི་དོན་ལས་མ་གོལ་བའོ།། ཐུགས་ཀྱི་དམ་ཚིག་བསྲུང་བའི་རིམ་པ་ཡང་གསང་བའི་དོན་མཐའ་དག་ལས་མི་ཉམས་པ་ཡང་ཡིན་ན། ཁྱད་པར་དུ་གསང་བའི་སྤྱོད་པ་གླང་པོ་ཐམས་ཅད་དམ་མེད་པ་དང། མ་འདྲེས་པ་ལྟ་ཅི་སྨོས་ཀྱི། འདྲེས་པ་རྣམས་ལ་ཡང་ནན་ཏན་དང་ཆས་པར་བྱ་བ་དང། དེ་བཞིན་དུ་རྫས་དང། ལག་ཆ་དང། དཀྱིལ་འཁོར་ལ་སོགས་པ་ཡང་དེ་དང་འཐུན་པར་བྱ་བ་དང། ཟབ་མོ་དང། ཏནྟྲའི་དོན་རྣམས་སྒྲུན་དུ་རེ་ཞིང་གཅམ་ལ་འཕྱར་བས། ཉན་ཐོས་དང་ལྟ་བ་དམན་ཞིང་སྣོད་མ་ཡིན་པ་རྣམས་ལ་མིང་ཙམ་ཡང་ཆ་མེད་པར་བྱ་རྒྱུ་ལ། སྨྲ་ཞིང་སྟོན་ཅིང་ཆ་རེ་རེ་ནས་ངོམས་པར་བྱེད་པ་རྣམས་ནི་བཀའ་ཆད་ཀྱི་གནས་ཡིན་པས་མ་གཏོགས། ལོ་དང་ཟླ་བས་སྣོད་བཅུད་བརྟགས་ནས་སྟོན་པར་བྱེད་པ་ནི། བསྲུང་བའི་རིམ་པའོ།། འཕྱར་པོས་གསང་མི་ཐུབ་པས་བརྟེན་ཞིང་ངེས་འབྱུང་ཆེ་བའི་འཁོར་བཙལ་བ་དང། ལེ་ལོས་མཐར་མི་ཕྱིན་པས་བརྩོན་འགྲུས་ཀྱིས་གཞི་གཟུང་བ་དང། མཚན་མ་ངན་པས་ཉམས་པར་འགྱུར་བས་རང་བཞིན་བཟང་པོ་ལས་ཟླ་བཙལ་བ་དང། ཀུན་གྱི་ཐུན་མོངས་མ་ཡིན་པས་རིགས་རྒྱུད་བཟང་བ་ལས་གྲོགས་བསྡུ་བ་དང། ཐུགས་རྗེའི་རྒྱུན་ཐག་རིང་བས་ངང་རིང་ཞིང་དད་པ་ཆེ་བར་བྱ་བ་དང། སེམས་ཅན་དར་སྐད་ཐུང་བས་བཀའ་མི་སུན་པར་བྱ་བའི་དོན་དགྲོལ་བ་དང། དམ་ལས་ཟློག་པ་འབྱུང་བས་ཐབས་གླང་པོ་མི་བསྟན་པ་དང། ཚུལ་སྙོམས་ཞིང་ཉམས་གྲོད་ལེན་པ་འབྱུང་སྲིད་པས་བཀའ་བཙལ་ལེགས་པར་བྱ་བ་དང། རས་ཆོད་དང་གཟུ་ལུམས་ཅན་གྱི་དོན་དུ་གསང་སྔགས་མཉེན་ཞིང་ཉེན་ཆེ་བར་བསྟན་པ་ནི། ཐུགས་ཀྱི་དམ་ཚིག་བསྲུང་བའི་རིམ་པའོ། ། གཞན་ཡང་སེམས་དཔའ་ཆེན་པོ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གྲངས་བརྗོད་ཀྱིས་མི་ལང་ཡང། སྤྱིར་སྐུའི་དམ་ཚིག་ལུས་ཀྱིས་མི་ཉམས་པར་བྱ། གསུང་གི་དམ་ཚིག་ངག་གིས་མི་ཉམས་པར་བརྗོད། ཐུགས་ཀྱི་དམ་ཚིག་སེམས་ཀྱིས་མི་བརྗེད་པར་གཟུང་བ་ནི། བསྲུང་བའི་རིམ་པའོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་དམ་ཚིག་བཀོད་པའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་རྩ་བ་བསྲུང་པའི་རིམ་པའི་ལེའུ་སྟེ་གཉིས་པའོ། །།། རྡོ་རྗེ་སེམས་དཔའ་གཞན་ཡང་དམ་ཚིག་འདི་དག་ཉམས་པའི་སྔ་རྟགས་ནི། སྐུའི་དམ་ཚིག་ཉམས་པའི་སྔ་རྟགས་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་མཛེ་དང། ཤུ་བ་དང། འབྲུམ་བུ་ལ་སོགས་པ་ནད་ངན་རྣམ་པ་སྣ་ཚོགས་བྱུང་ནས། སྐྱེ་བོ་ཡོངས་ཀྱིས་སྤངས་པ་དང། ཉེ་དྲུང་ལ་སོགས་པ་རྣམས་དང་འགྲོགས་ཤིང་རྩེ་བའི་དབང་མེད་དེ། མི་ཡོངས་ཀྱིས་སྨད་པར་འགྱུར། དེའི་ཚེ་དུས་མ་ཡིན་པར་འཆི་ཞིང། ཤི་ནས་ཀྱང་སེམས་ཅན་དམྱལ་བ་ཞེས་བྱ་བའི་ནང་ནས་ཀྱང། གཏིང་ཁུང་རྡོ་རྗེ་དམྱལ་བ་ཞེས་བྱ་བ་ཤིན་ཏུ་དམྱལ་བ་གང་གིས་ཀྱང་དེ་ལ་ནི་སྡུག་བསྔལ་སྡཽ་བར་དཀའ་ལ། དེ་ལ་ནི་ཚེའི་ཚད་ཀྱང་མེད་དེ་ཐམས་ཅད་དུ་འཐོན་མི་སྲིད་པའི་ཕྱིར་རོ། ། རྡོ་རྗེ་སེམས་དཔའ་གསུང་གི་དམ་ཚིག་ཉམས་པའི་སྔ་རྟགས་ནི། འཇིག་རྟེན་གྱི་ཁམས་འདིར་ཡང། བགེགས་སྟོང་ཕྲག་བརྒྱད་ཅུས་གླགས་འཚོལ་བ་དང། ནད་བཞི་བརྒྱ་རྩ་བཞིས་སྐབས་འཚོལ་བ་དང། ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས་བར་དུ་གཅོད་པ་དང། ལྐུགས་ཤིང་དབང་པོ་རྨོངས་པ་ལ་སོགས་པའི་ནད་སྣ་ཚོགས་བྱུང་ནས། གསང་བའི་བཀའ་ནུབ་པ་དང། གང་ཟག་རྣལ་འབྱོར་པ་སྒྱིད་ལུག་ནས། དེའི་ཚེ་བར་ཆོད་ཀྱི་བགེགས་ཀྱིས་གློ་བུར་དུ་འཆི་ཞིང། ཤི་ནས་ཀྱང་དམྱལ་བ་དེའི་གནས་སུ་ཡང་གོང་མ་བཞིན་དུ་སྐྱེ་བར་འགྱུར་རོ།། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དམ་ཚིག་ཉམས་པའི་སྔ་རྟགས་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་མཐུ་དང་རྫུ་འཕྲུལ་ཆུང་ཞིང། སྨྱོ་བ་དང། འབོག་པ་དང། བརླམ་པ་དང། འཆལ་ཞིང་ཉམས་པ་དང། དབང་པོ་མི་གསལ་ཞིང་མིག་ལོང་པ་དང། རྣ་བ་འོན་པ་དང། ལྐུགས་པ་ལ་སོགས་པ་བྱུང་ནས། མི་ནག་མང་པོས་འཕྱས་པ་དང། མུ་སྟེགས་དང་ལོག་པའི་ཕྱོགས་ཀྱིས་ཡ་ཀ་འདོགས་པ་དང། ཉན་ཐོས་ལ་སོགས་པ་ཐེག་པ་འོག་མ་སྐུར་བ་འདེབས་ཤིང། བཀའ་འདི་དག་སུན་བྱུང་བར་གྱུར་ནས། དེའི་ཚེ་འཕྲལ་དུ་འཆི་ཞིང། ཤི་ནས་ཀྱང་ཡང་སེམས་ཅན་དམྱལ་བ་ལ་སོགས་པ་དེ་རྣམས་སུ་སྐྱེའོ།། དེ་རྣམས་སུ་སྐྱེས་པའི་ཚེ། དེ་ལ་ཚེའི་ཚད་མེད་པས། འཛམ་བུ་གླིང་འདི་དག་འཕོ་ཞིང་འཇིག་ན། གླིང་གཞན་ན་རྡོ་རྗེ་དམྱལ་བ་ཡོད་པ་དེར་ཡུན་ཅུང་ཟད་ཙམ་ཡང་མ་ལོན་པར་ཕྱིན་པར་འགྱུར་རོ།། དེ་བཞིན་དུ་བསྐལ་པ་ཐེར་འབུམ་དུ་ལས་ཀྱི་དབང་གིས་འཁོར་རོ།། དེས་ནི་ན་བ་དང་ཚ་བའི་སྨྲེང་འདོན་པར་མི་ནུས་ཏེ། ཤིན་ཏུ་འགྱོད་པ་དྲག་པོ་སྐྱེས་ན་བསྐལ་པར་རེ་ལ་ན་ཚའི་སྒྲ་ཕོག་རེ་ཅིག་འབྱིན་པར་ནུས་སོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། རྩ་བའི་དམ་ཚིག་ཉམས་པའི་སྔ་རྟགས་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། རྡོ་རྗེ་སེམས་དཔའ་གཞན་ཡང་ཡན་ལག་གི་དམ་ཚིག་བསྲུང་བ་འདི་ཡིད་ལ་ཟུང་ཞིག། སྤྱད་པར་བྱ་བའི་དམ་ཚིག་ལྔ་དང། མི་སྤང་བའི་དམ་ཚིག་ལྔ་དང། དང་དུ་བླང་བའི་དམ་ཚིག་ལྔ་དང། ཤེས་པར་བྱ་བའི་དམ་ཚིག་ལྔ་དང། གྲུབ་པར་བྱ་བའི་དམ་ཚིག་ལྔ་ལ་སོགས་པའི་ས་མ་ཡ་འབུམ་སྡེའི་བསྲུང་བའི་རིམ་པ་ནི། ཇི་སྙེད་དུ་བརྗོད་ཀྱང་བརྗོད་པའི་མཐའ་ལས་འདས་ཏེ། ཆུ་ཐམས་ཅད་ཀྱི་ཐིགས་པ་ནས་བགྲང་བར་ནུས་ཀྱིས། དམ་ཚིག་གི་གྲངས་འདི་དག་བརྗོད་པར་དཀའ་སྟེ། བསྐལ་བ་དཔག་ཏུ་མེད་པར་བསྟན་ཀྱང་མཐའ་མེད་དེ། དེ་དག་ལས་རྣལ་འབྱོར་སྐལ་པ་དང་ལྡན་པ་རྣམས་ཀྱིས་ངེས་པར་བསྲུང་བ་ནི་འདི་དག་གོ། རྣལ་འབྱོར་སྔགས་ཀྱི་སྤྱོད་པ་དག། ཆོས་མ་མཐོང་བ་ཅི་སྨོས་ཀྱི།། དམ་མ་འདྲེས་པ་རྣམས་ལ་ཡང།། ཟུར་ཡང་བསྟན་པར་མི་བྱ་ཞིང། དངོས་སུ་བསྟན་པ་ཅི་སྨོས་ཀྱི། ། ཚིག་གི་ཟུར་དུའང་གླེང་མི་བྱའོ།། བདག་ཅག་རྣམས་ནི་འདི་ལྟར་སྤྱོད།། དེ་བཞིན་སྨྲ་བར་གང་བྱེད་པ།། དེ་ནི་ཉམས་པས་དམྱལ་བར་སྐྱེ།། གསང་སྔགས་ཆོས་ཀྱི་ཚིག་རྣམས་ཀྱང།། སྐྱེ་བོ་བྱིས་པ་ལ་སོགས་དང། ། དེ་བཞིན་དམ་མེད་ཐམས་ཅད་ལ།། བཤད་པར་བྱ་བ་ཅི་སྨོས་ཀྱི།། ཚིག་འགའ་འང་ཐོས་པར་ཡོང་མི་བྱ།། རྫས་དང་ལག་ཆ་ལ་སོགས་དང།། ཕུད་དང་གཏོར་མ་ཚོགས་རྣམས་དང།། ཕུར་པ་མེ་མར་སྣོད་ལ་སོགས། ། དེ་དག་མཐོང་བར་མི་བྱའོ།། རྔ་དང་དྲིལ་བུ་ལ་སོགས་སྒྲ།། སྐྱེ་བོས་ཐོས་པར་ཡོང་མི་བྱ།། གང་ཞིག་ཉན་ཅིང་ལྟ་འདོད་པ།། རྡུལ་ཆགས་སྐྱེས་བུས་དེ་བསྐྲད་དོ།། གཞན་ཡང་ཡན་ལག་གི་དམ་ཚིག་ནི། ། གོང་མའི་རྩ་བ་ཉིད་ལས་འདི་དག་འབྱུང་བའི་ཕྱིར་ཡན་ལག་སྟེ། དེ་ཡང་སྤྱད་པར་བྱ་བ་ལྔ་ནི། གཟུངས་མ་མཚན་དང་ལྡན་པ་ལ་ཐམས་ཅད་སྐྱེ་བའི་རྒྱུ་ཡེ་ནས་ཆེན་པོ་ཡིན་པའི་ཕྱིར། རྟོགས་པ་དང་ལྡན་པས་དངོས་གྲུབ་ཀྱི་རྒྱུ་དང་རྐྱེན་དུ་སྤྱོད་པ་ནི་སྦྱོར་བའི་དམ་ཚིག་གོ། འདི་དག་སྐྱོན་དུ་བལྟས་ནས་སྤོང་བ་དང། གསང་མེད་བར་འཆལ་བ་སྤྱོད་པ་ནི་ཉམས་པའོ།། ཞིང་བཅུ་ཐུགས་རྗེས་བཟུང་ནས། གནས་དག་པར་ཏིང་ངེ་འཛིན་གྱིས་སྤོར་བ་ནི་སྒྲོལ་བའི་དམ་ཚིག་གོ། དེ་མ་ཡིན་པར་སྲོག་ལ་མི་འཛེམ་པ་དང། སྙིང་རྗེ་དང་བྲལ་བ་ནི་ཉམས་པའོ།། གསང་བའི་དོན་དྲང་པོར་སྨྲ་བ་མ་ཡིན་ཞིང། ཕན་པའི་ཆོས་སུ་འགྱུར་བའི་བརྫུན་སྨྲ་བའི་ནི་དམ་ཚིག་གོ། གནས་སྐབས་མེད་པར་རང་རྒྱལ་དང་གཞན་ལ་གནོད་པར་སྨྲ་བ་ནི་ཉམས་པའོ།། སྡིག་ཅན་རྣམས་ཁ་འཐུན་པར་ལོག་པའི་ལམ་དུ་ཁྲིད་པ་དང་ཐེག་པ་ཆེན་པོ་ལས་དམའ་བའི་རིགས་སུ་ཁྲིད་པ་དང། གསང་སྔགས་ལ་སྨྲ་འདོད་པ་རྣམས་འབྱེད་པར་བྱེད་པ་ཕྲ་མ་བའི་དམ་ཚིག་གོ། མཐུན་པ་དང། མཛའ་གཉེན་དང། མཁན་འཁོན་མེད་པ་འབྱེད་པ་ནི་འཕྲ་མའི་དམ་ཚིག་ཉམས་པའོ། ། བཀའ་ལས་འགལ་ཞིང་མཆེད་ལས་འཁུས་པ་དང། སློབ་དཔོན་དང། མཆེད་དང། གཉེན་དང། འཁོར་དང། འདུལ་བའི་དུས་ལ་བབ་པ་རྣམས་ལོག་ཅིང་འགལ་བ་བྱེད་པ་ལ་ཞི་བ་དང་དེས་དད་པས་མ་འདུལ་ན་ངག་བརླང་པོས་འཆོས་པ་དམ་ཚིག་གོ། འགལ་བ་མེད་པ་དང་ཐུབ་ཚད་ལ་ངག་བརླང་པོར་སྨྲ་བ་ནི་ཉམས་པའོ།། མི་སྤང་བ་ལྔ་ལ། འདོད་ཆགས་ཆོས་ཉིད་ཏིང་ངེ་འཛིན་ལ་ཆགས་པ་དམ་པའོ།། འདོད་པ་དངོས་ལ་ཆགས་པ་ཉམས་པའོ། ། ཞེ་སྡང་ལོག་པ་དང་གོལ་བ་ལ་སྡང་བ་དམ་པའོ།། མཉེས་པ་དང་ཐུབ་པ་ལ་སྡང་བ་ཉམས་པའོ།། གཏི་མུག་ཕྱོགས་རིས་མེད་ཅིང་ཅི་ལ་ཡང་མི་རྟོག་པ་དམ་པའོ།། བསྟན་པ་ཉན་མི་ཤེས་པར་དགེ་སྡིག་ལ་འཛེན་པ་མེད་པར་ཉམས་པའོ། ། ང་རྒྱལ་བདུད་ཀྱིས་བསླུ་བས་མི་ཚུགས་ཤིང་རྡོ་རྗེ་ཐེག་པ་སྲན་འཛུགས་པ་དམ་པའོ།། བདེན་པ་མེད་པར་ལོག་པའི་ཕྱོགས་ལ་ང་ཆེ་བ་ཉམས་པའོ།། ཕྲག་དོགས་ཆོས་ཉིད་ལ་གལ་མི་འཛུགས་ཤིང། ཡང་དག་པ་ལ་འཛིན་རྟོག་མིང་ཡང་མེད་པར་གནས་པ་དམ་ཚིག་གོ། གཞན་ཉེས་པ་མེད་པ་དང། གྲོགས་མཆེད་ལ་ཕྲག་དོགས་པ་ཉམས་པའོ།། དང་དུ་བླང་བ་ལྔ་ལ། དམ་རྫས་ལྔ་པོ་ཆོས་ཉིད་ལ་རྟོག་པ་མེད་པ་དང། རང་བཞིན་གྱིས་གྲུབ་པའི་མཐུ་ཡོད་པ་དང། ཡེ་ནས་བདུད་རྩི་ཡིན་པ་དང། སྐྱོན་ཡོན་ཏན་དང། དུག་བདུད་རྩི་ཡིན་པ་དང། དེ་ཉིད་དངོས་གྲུབ་ཆེན་པོའི་རྒྱུ་དང་རྐྱེན་ཡིན་པས་གསང་སྔགས་སྒྲུབ་པའི་ཐབས་དམ་པ་སྤྱོད་པ་དམ་ཚིག་གོ། རྟོགས་པ་དང་ཏིང་ངེ་འཛིན་དུ་མི་ལྡན་ཞིང། གསང་བ་མེད་པར་བྱོལ་སོང་བཞིན་དུ་བབ་ཆོལ་དུ་སྤྱོད་པ་ནི་ཉམས་པའོ།། ཤེས་པར་བྱ་བ་ལྔ་ལ། ཕུང་པོ་ལྔ་དང། འབྱུང་བ་ལྔ་དང། ཡུལ་དང། དབང་པོ་དང། རྣམ་པར་ཤེས་པ་དང། ཕྱིན་ཅི་ལོག་བཞི་དང། འཇིག་རྟེན་དྲུག་དང། ཡུལ་དང། རིག་པ་ཐམས་ཅད་ཡ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡིན་པར་ཤེས་པ་དང། ཕྱིན་ཅི་ལོག་ལྔ་སྐུ་ལྔར་ཤེས་པ་དང། ཕོ་མོ་ཡབ་ཡུམ་ཐབས་དང་ཤེས་རབ་ཏུ་ཤེས་པ་དང། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ཤེས་པ་དང། ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུར་ཤེས་པ་ནི་དམ་ཚིག་གོ། འདི་དག་རང་རྒྱུད་དང།། ཕྱོགས་རིས་དང། འཛིན་རྟོག་གིས་དངོས་པོར་སྤྱོད་པ་ནི་ཉམས་པའོ།། བསྒྲུབ་པར་བྱ་བ་ལྔ་ནི། ཤེས་པར་ལྔ་པོ་དེ་ཉིད་ཤེས་པའི་སར་མི་གཞག་གྲུབ་པ་བྱ་དགོས་པས། སྔགས་དང། ཕྱག་རྒྱ་དང། ཏིང་ངེ་འཛིན་ལས་སུ་བྱ་བས་སྐྲ་ལ་མེ་ཤོར་བ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཐག་བཅད་དེ། རྩོལ་ཞིང་རྩོམ་ལ་སྒྲུབ་པ་ནི་དམ་ཚིག་གོ། དེ་ལ་སྙོམས་ལས་དང། ལེ་ལོ་དང། ཕྱི་བཤོལ་དང། ལོང་ཡོད་དང། ཆང་དབང་དང། གཉིད་དབང་དང། རྐྱེན་དབང་དུ་གཏོང་བ་ཉམས་པའོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། ཡན་ལག་གི་དམ་ཚིག་བསྲུང་བའི་ལེའུ་སྟེ་བཞི་པའོ། །།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡན་ལག་གི་དམ་ཚིག་བསྲུང་བའི་རིམ་པ་ནི་སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། འདུལ་བའི་དུས་ལ་གར་བབ་པར་རིམ་པར་ཤེས་པར་བསྲུང། མི་སྤང་བ་ལྔ་ནི་ཉིན་དང་མཚན་མེད་པར་བསྲུང། དང་དུ་བླང་བ་ལྔ་ནི་དུས་བཞི་དང་དུས་དྲུག་ཏུ་བསྲུང། ཤེས་པར་བྱ་བ་ལྔ་ནི་ཐོག་མ་ཉིད་ནས་བསྲུང། ཐ་མ་ལྔའི་གྲུབ་པར་བྱ་བ་ནི། འཇུག་ཏུ་དུས་དང་རྒྱུན་མེད་པར་བསྲུང་བའོ། ། དེ་ཡང་ལུས་ངག་ཡིད་གསུམ་གྱི་ཐག་བཅད་དེ་བསྲུང་བའོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། ཡན་ལག་གི་དམ་ཚིག་བསྲུང་བའི་རིམ་པའི་ལེའུ་སྟེ་ལྔ་པའོ།།།། རྡོ་རྗེ་སེམས་དཔའ་ཡན་ལག་གི་དམ་ཚིག་འདི་དག་དུས་འདི་ཡི་ཚེ་ན་མ་རྟོགས་པ་རྣམས་ཉམས་ལ། རྟོགས་པ་རྣམས་ཡང་དག་པའི་དོན་ལས་མི་ཉམས་པར་འགྱུར་ལ། རྡོ་རྗེ་སེམས་དཔའ་དུས་ནམ་ཞིག་གི་ཚེ་ན་ཡན་ལག་གི་དམ་ཚིག་འདི་དག་རྣལ་འབྱོར་པ་ཡེ་ཉམས་ཆེན་པོར་འགྱུར་ཏེ། རྒྱལ་པོ་ཆོས་ཉིད་ལ་མི་ཕྱོགས་ཤིང་བསོད་ནམས་ཀྱི་སྐལ་བ་ཆུང་བ་དང། དམངས་དང་སྐྱེ་བོ་འཕྲལ་གྱི་འདུ་བྱེད་ཀྱིས་ཕུགས་རིང་བར་ལྟ་མི་ཤེས་ཤིང། བསོད་ནམས་ཟད་པས་སྔགས་ལ་ཉམས་སོད་པ་དང། རྣལ་འབྱོར་བ་ལ་འཕྱ་ཞིང་སྐུར་བ་དང། སྲོག་ལ་མི་ལྟ་བར་སྡིག་སྨིན་པའི་སྐྱེ་བོ་གསོད་ཅིང་འཕྲོག་པ་མང་བ་དང། གང་ཟག་རྣལ་འབྱོར་གྱི་སྔགས་ཆེ་བའི་ཁྱད་པར་ཙམ་ལ་བརྟེན་ནས་ཁེ་གྲགས་དང་ཕྲལ་གྱི་འདོད་པ་ཚོལ་བའི་ཕྱིར། སྐྱེ་བོ་འཁྲུལ་པ་རྣམས་བསྡིགས་ཤིང་སྤ་བཀོང་པའི་ཕྱིར། རྣལ་འབྱོར་གྱི་རྫས་དང་ལག་ཆ་གསང་བའི་རྒྱུ་རྣམས་མངོན་དུ་བསྟན་ཏེ་ཕྱུང། གསང་སྔགས་ཀྱི་དོན་སྤྱོད་པ་རྣམས་ཀྱིས་ཀྱང་གསང་བར་མ་བྱས་ཤིང་ཀུན་ལ་ཆ་ཡོད་བྱས་པ་དང། སྔགས་ཀྱི་ཡང་དག་པ་མ་རིག་པར་སྐྱེ་བོ་མ་རིག་པ་དྲང་པར་འདོད་པས། ཚོམ་བུ་ལ་སོགས་པ་སྔགས་ཀྱི་སྤྱོད་པ་བསྟན་ཅིང་བསྡུས་ནས། དེ་དག་ལ་ཡང་དག་པས་ངེས་པའི་དོན་མ་བསྟན་པར་སྤྱོད་པ་རྩིང་པོ་དང། འཕྲལ་གྱི་དྲག་ཤུལ་དང། སྲིན་པོ་ཐོ་ཅོ་ལ་སོགས་པ་བྱས་པས། གྲུབ་པའི་འབྲས་བུ་ལོག་པར་གོལ་ཏེ། དེ་ཉིད་གསང་སྔགས་ཀྱི་རྒྱུས་མཁན་ཆེན་པོར་བྱས་ཏེ། གསང་སྒོ་འཆོལ་བ་དང། དབྱེ་གསལ་མེད་པ་དང། ཀུན་གྱི་དཔྱ་སླ་བར་སོང་བ་དང། ཀུན་ལ་ཆ་ཡོད་པས་སྨོད་ཅིང་སྐུར་པ་འདེབས་པ་དང། ཡང་དག་པ་མཉམ་པ་ཉིད་མི་ཤེས་པའི་གང་ཟག་པ་ཕལ་པ་རྣམས་རང་ཆེ་བར་འབྱིན་པར་འདོད་པ་དང། གཞན་ཐབས་ཀྱིས་སྨད་པའི་ཕྱིར། མིང་འདོགས་ཤིང་མཚང་ཚིག་ལ་སོགས་པ་རྣམས་སྨྲ་བར་བྱེད་བ་དང། རང་གི་རིག་པ་ནང་ནས་མ་ཤར་བས། བདག་ཉིད་ཀྱིས་བསྒྲུབ་པར་འདོད་པའི་ཕྱིར། དམ་ཚིག་གཅིག་པའི་གྲོགས་པ་དང་འཐབ་ཅིང། སྐྱེ་བོ་ལ་སོགས་པའི་ལས་ལོག་པར་བྱེད་པ་དང། ཕྱི་ནང་གི་དབང་རྣམས་ལྟ་ཅི་སྨོས་ཀྱི། རྣལ་འབྱོར་གྱི་ཁ་དབང་ཡང་མ་ཐོབ་པར། གསང་སྔགས་ཀྱི་སློབ་དཔོན་བྱེད་པ་དང། སོ་སོའི་རིས་སུ་འཛིན་ཅིང་སྔགས་ཀྱི་ཁས་བླངས་ཆག་ཉམས་ཆེན་པོར་གྱུར་པས། དེ་དག་གནས་སུ་མི་སྐོངས་ཏེ། ཡན་ལག་གི་དམ་ཚིག་ཉམས་པས། དེའི་སྐྱོན་ནི་སྔགས་ཀྱི་བྱིན་ཉམས་པས། སྔགས་མཐུ་བྱིན་ཆུང་བ་དང། རྣལ་འབྱོར་གྱི་སྤྱོད་པ་ཉམས་པས་དུས་སུ་མི་འགྲུབ་པ་དང། མཆོད་པའི་གཞུང་མ་སྟོབས་པས་དངོས་གྲུབ་མི་འཐོབ་པ་དང། ཏིང་ངེ་འཛིན་བྱིང་རྨུགས་དང། ཛ་གད་ཀྱི་དབང་དང།། ལེ་ལོ་དང་གཉིད་དབང་གིས་བར་ཆོད་དང་བདུད་ཀྱི་དབང་དུ་འགྱུར་ཏེ། སྔགས་པ་ཚེ་ཐུང་ཞིང་ནད་མང་བ་དང། སྔགས་པ་ཉམས་པ་ཤ་སྟག་མང་བས་མ་མོ་དང་མཁའ་འགྲོ་དམ་ཚིག་གི་བྱ་ར་ལ་སོགས་པ་རབ་ཏུ་ཁྲོས་པའི་དབང་གིས། འཇིག་རྟེན་གྱི་ཁམས་འདིར་ཡང་རིམས་ནད་ལ་སོགས་པ་སྣ་ཚོགས་པ་བཏང་སྟེ། མཛེ་དང། ཤུ་བ་དང། འབྲུམ་བུ་ལ་སོགས་པ་དང། རིམས་ཉིན་གཅིག་པ་དང། ཉིན་གཉིས་པ་ལ་སོགས་པ་དང། རྟག་པའི་རིམས་དང། རླུང་མཁྲིས་དང། བད་ཀན་དང། འདུས་པ་ལས་གྱུར་པའི་གླད་བག་དང། འཁྲུ་བག་དང། ཚ་བའི་རིམས་ལ་སོགས་པའི་ནད་རྣམ་པ་སྣ་ཚོགས་པ་དང། མུ་གེ་ལ་སོགས་པ་སྤེལ་ཞིང། དེའི་ཚེ་སེམས་ཅན་རྣམས་དུས་མ་ཡིན་བར་འཆི་ཞིང་གློ་བུར་དུ་འཆི་བ་དང། ཐེག་པ་འོག་མ་རྣམས་སྔགས་ལ་འཇུག་ཅིང་དེ་ཉིད་ཀྱི་རྣམ་སྨིན་གྱིས། དེའི་ཚེ་སྐྱེ་བོ་སྡིག་པོ་ཆེ་རྣམས། སྡིག་སྨིན་པར་སོགས་པའི་རྣམ་སྨིན་གྱིས། དེ་ཉིད་ཚེ་རིང་ཞིང་སྲོག་སྲ་བར་འོང་བ་དང། སྔགས་ཀྱི་སྤྱོད་པ་དར་བར་སྤྱོད་ཅིང་དོན་ལ་གོལ་བ་དང། གསང་བའི་རྒྱུད་རྣམས་མངོན་དུ་ཡོངས་སུ་དར་བས། དུས་ཀྱི་ཉམས་པ་ཆེན་པོར་གྱུར་པས། དུས་བརྩི་བ་ལས་ལོག་པ་དང། འབྲས་བུ་ཡང་དམྱལ་ཁམས་བཅུ་དྲུག་ལ་སོགས་པར་ཁ་བརྒྱུད་པ་དང། དེ་ལ་ཡང་ཚེ་ཚད་དག་སྡུག་བསྔལ་ལ་སོགས་པ་གྲངས་བསམ་གྱིས་མི་ཁྱབ་པར་གནས་པ་དང། དེ་ལས་ཐར་ནས་ཀྱང་ཡི་དྭགས་མགོ་གཅིག་ལ་ལུས་བརྒྱ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པའི་ཁ་བརྒྱུད་ཅིང་གནས་པ་དང། དེ་དག་ལས་ཐར་ནས་ཀྱང་སྲིན་པོ་འབར་བ་ཧ་ས་ཏ་ལ་མགོ་དང་ཡན་ལག་མང་པོ་ལ་སོགས་པའི་སྡུག་བསྔལ་ཁ་བརྒྱུད་པར་གྱུར་ཏོ། ། དེ་སྐད་ཅེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔའ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་བརྒྱལ་ཏེ། ཁ་བུབ་ཏུ་འགྱེལ་ཏོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། ཡན་ལག་གི་དམ་ཚིག་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་བརྒྱལ་བ་བསླང་བའི་ཕྱིར། འདི་སྐད་ཅེས་བྱ་བའི་གླུ་བླངས་སོ།། ཨ་ཧོ་སྣ་ཚོགས་རང་བཞིན་ཅིར་ཡང་འབྱུང་བའི་གཞི།། བྱ་བ་མེད་ལས་ཡོངས་སུ་རྣམ་པར་གྲོལ་བ་ཡི། ། མ་ཆགས་སྐྱེ་མཆེད་སེམས་སུ་ཡོངས་སུ་དག། བརྗོད་མེད་ངང་ལ་རྣམ་རྟོག་མཚན་མ་སྤངས།། རང་བཞིན་ཡོངས་ཀྱིས་ཞི་བའི་ཆོས་ཉིད་ལ།། འཛིན་རྟོག་མེད་པའི་བྱང་ཆུབ་ཡང་སྐྱེ་བས། ། ཉམས་པ་མེད་ཅིང་དོན་དང་ལྡན་པའི་ངང།། ཡངས་པར་རྟོགས་ན་འཁོར་བའི་གཅོང་རོང་བདེ།། ཉམས་པར་རིག་པས་སྤྱི་ཁྱབ་ཡོངས་ལ་སྣུམས།། ཐུགས་རྗེ་འབྱུང་བས་དོན་དམ་ཡུམ་གྱི་དབྱིངས།། ཡོངས་ལ་ཁྱབ་པས་བྱང་ཆུབ་ཡབ་ཀྱི་ངང། ། གཉིས་མེད་འབྲེལ་བས་མངོན་སུམ་སངས་རྒྱས་པས།། བསྲུང་བའི་རིམ་པ་འདི་རྟོགས་བདེ་བའི་ཀློང།། གང་ཞིག་འཁྲུལ་པ་ཡོངས་སུ་ཐར་པའི་ཕྱིར།། བྱང་ཆུབ་ཉིད་དེ་འཁྲུལ་བ་མེད་པར་བྱའོ་ཧ། ། དེ་སྐད་ཅེས་གླུ་བླངས་པས། རྡོ་རྗེ་སེམས་དཔའ་བརྒྱལ་བ་སངས་ནས། བཅོམ་ལྡན་འདས་ལ་ཕྱི་ནང་གི་མཆོད་པས་མཆོད་ཅིང་མཉེས་པར་བྱས་ནས། ཞབས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་ཀྱེ་ཤིན་ཏུ་བཅོམ་ལྡན་འདས། ཤིན་ཏུ་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཤིན་ཏུ་ཐབས་རྒྱ་མཚོ་མངའ་བ། ཤིན་ཏུ་འགྲོ་བ་འདྲེན་པའི་བླ་མར་གྱུར་པས། འདི་དག་ཉམས་པ་ལས་སླར་གསོ་བའི་ཐབས་ནི་ཅི་མངའ། གསོས་ན་སྐོངས་པར་འགྱུར་རམ་མི་འགྱུར། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་འདི་དག་ཤིན་ཏུ་གསོ་བའི་ཐབས་མངའ་སྟེ། དཔེར་ན་མར་མེ་དང་འདྲའོ།། ཤི་ཞིང་ཉམས་ཀྱང་གསོ་བའི་ཐབས་མངའ་འོ།། གསེར་སྐྱོགས་དངུལ་སྐྱོགས་ཞོམ་པ་དང་འདྲ་སྟེ། ཞོམ་ཡང་བསྲང་བའི་ཐབས་མངའ་འོ།། དེ་སྐད་ཅེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔའ་ཤིན་ཏུ་དགའ་ཞིང་དང་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཨ་ལ་ལ། ཤིན་ཏུ་ངོ་མཚར་དང་ལྡན་པའི་བཅོམ་ལྡན་འདས་ཀྱིས། དམ་ཚིག་ཉམས་པའི་རྒྱུ་འདི་རྣམས་སླར་གསོ་བའི་ཐབས་མངའ་བ་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། སྐུའི་དམ་ཚིག་འདི་དག་ཉམས་ན། སླར་གསོ་ཞིང་བསྐང་བའི་ཆོ་ག་གང་ལགས་པ་དང། གསུང་གི་དམ་ཚིག་འདི་དག་ཉམས་ན། སླར་གསོ་ཞིང་བསྐང་བའི་ཆོ་ག་གང་ལགས་པ་དང། ཐུགས་ཀྱི་དམ་ཚིག་འདི་དག་ཉམས་ན། སླར་གསོ་ཞིང་བསྐང་བའི་ཆོ་ག་གང་ལགས་པ་དང། ཡན་ལག་གི་དམ་ཚིག་ལ་སོགས་པ་འདི་དག་ཉམས་ན། སླར་གསོ་ཞིང་བསྐང་བའི་ཆོ་ག་གང་ལགས་པ་དེ། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོན་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་སྐུའི་དམ་ཚིག་ཉམས་ན། སླར་གསོ་བའི་ཆོ་ག་འདི་ཡིད་ལ་ཟུང་ཞིག། རྡོ་རྗེ་སློབ་དཔོན་ཕ་མ་དང།། དེ་བཞིན་མཆེད་ལ་སོགས་པ་ལ།། སྐུ་ཡི་དམ་ཚིག་ཉམས་པ་དེ།། འགྱོད་པ་དྲག་པོ་བསྐྱེད་བྱས་ལ། ། དེ་དག་རྣམས་ཀྱི་སྤྱན་སྔ་རུ།། ཟང་ཟིང་ནོར་དང་ཡོ་བྱད་རྣམས།། ཇི་ལྟར་མཉེས་པར་ཕུལ་ནས་ནི།། ཚིག་ཏུ་འདི་སྐད་སྨྲ་བར་བྱ།། མ་རིག་འཁྲུལ་པ་ནོར་བ་ཡིས།། ཉེས་པའི་ཉོན་མོངས་བདག་ལས་བྱུང། ། བདུད་ཀྱིས་བསླུས་སམ་བདུད་ཀྱིས་བསྣུན།། བགེགས་ཀྱིས་བསླུས་སམ་ངན་དུ་སྨྲས།། ནོར་བར་འཁྲུལ་ལམ་ལོག་པར་བསམས།། ཕྲག་དོགས་གཏུམ་ཁྲོ་དག་ལ་སོགས།། ཉེས་པའི་འགལ་བ་ཅི་མཆིས་པ། ། མ་ལུས་ཉམས་པ་མཐོལ་ཞིང་བཤགས།། རྡོ་རྗེ་སློབ་དཔོན་དཔལ་དང་ལྡན།། འཕགས་པའི་སྐུ་དང་ཐ་མི་དད།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག། བདེ་གཤེགས་རྣམས་ཀྱི་གསུང་རབ་ལུང།། རྣམ་པར་རྒྱལ་བའི་མན་ངག་མངའ། ། ཞལ་ནས་གསུངས་པའི་རྒྱལ་བའི་བཀའ།། ལུས་ངག་ཡིད་ཐུབ་གནས་རབ་ཁྱོད།། བསྙེན་བཀུར་གཞུང་བཞིན་རྔོ་མ་ཐོགས།། ངན་སེམས་གཡས་སེམས་དག་ལ་སོགས།། སྡོམས་པའི་དམ་ཚིག་གང་ཉམས་པ། ། མ་ལུས་པ་ཡང་མཐོལ་ཞིང་བཤགས།། ཡུན་གྱི་སྒྲིབ་པར་མི་འགྱུར་ཞིང།། ཚངས་པ་འཕྲལ་དུ་སྩལ་དུ་གསོལ།། སྐུ་ལ་བསྡོས་དང་ཐུགས་ཐུབ་སྤྱད།། མ་རིག་ཀ་མ་ལི་ལ་བརླམས།། ངན་དུ་བརྗོད་དང་ལོག་པར་སྨྲས། ། སྐུ་ལ་སྨད་ཅིང་ཐུགས་ལ་འགོམས།། བཀའ་རྐུན་ལུང་མེད་ཡོངས་སུ་བསླད།། ཉམས་པའི་ཆད་པས་མི་དགུམ་ཞིང།། ཚངས་པ་དུས་འདིར་སྩལ་དུ་གསོལ།། ཐམས་ཅད་རྡོ་རྗེ་མཆེད་ལྕམ་དྲལ། ། མཐུན་པར་སྤྱོད་པའི་རྣལ་འབྱོར་པའི།། བདེར་གཤེགས་སློབ་མར་ལུང་མནོས་པས།། མཉམ་དང་མི་མཉམ་དོན་གཅིག་ལ།། ལེགས་ནོངས་རྣམ་པར་དབྱེར་མེད་ཀྱང།། རྣམ་པར་འབད་པའི་སྒོ་ཙམ་དུ། ། གཞུང་ལས་འགལ་བ་ཅི་མཆིས་དང།། ཐུགས་དམ་ཡིད་འགལ་ཅི་མཆིས་པ།། རྣམ་པར་དག་པའི་བསམ་པས་མཐོལ།། དོན་གྱིས་མི་གནས་ཚིག་འདིས་བཤགས།། རབ་བཞིན་མེད་པ་བཟོད་པར་གསོལ།། འཛིན་པ་མེད་པར་ཚངས་པར་གསོལ། ། དཔེར་ན་ཁྲུས་ཀྱི་ཡོན་ཆབ་ལྟར།། ལུས་ཀྱི་དྲི་མ་སེལ་བ་བཞིན།། ཉམས་པའི་དྲི་མ་སེལ་བར་མཛོད།། དེ་ལྟར་བཤགས་པ་བྱེད་ན་ཡང།། སློབ་དཔོན་ལ་སོགས་མཆེད་རྣམས་ཀྱིས། ། གང་ཞིག་ནོངས་པ་དྲན་པ་དང། རྗེས་སུ་འགྱོད་པ་སྐྱེས་ནས་སུ།། སླན་ཆད་སྡོམ་པ་འཚལ་བ་ལ།། ཚངས་པ་འཕྲལ་དུ་སྩལ་བར་བྱ།། དེ་ལ་ཚངས་པ་མ་སྩལ་ན།། གཉིས་ཀ་རྡོ་རྗེ་དམྱལ་བར་སྐྱེ། ། དེ་ལ་སྡུག་བསྔལ་བཟོད་གླགས་མེད།། དེ་བས་ཚངས་པ་སྩལ་བར་བྱ།། དེ་ལྟར་ཚངས་པ་ཐོབ་ནས་ཀྱང།། བཤགས་པ་འདོད་པ་གང་ཡིན་པས།། ཞབས་ལ་སྤྱི་བོར་བླང་བར་བྱ།། སླན་ཆད་མི་གཉིས་གཅིག་པར་བྱ། ། གལ་ཏེ་ཉམས་པ་མ་བསྐངས་པར།། བླ་མ་སློབ་དཔོན་མཆེད་ལྕམ་དྲལ། རྐྱེན་གྱིས་གྲོངས་ཆད་གྱུར་པ་ན།། དེ་ཡི་སློབ་དཔོན་བཞུགས་པ་ལ།། གོང་མ་བཞིན་དུ་བཤགས་པར་བྱ།། དེ་ཡི་སློབ་དཔོན་མི་བཞུགས་ན། ། དེ་དང་མཉམ་པ་བརྒྱད་རྣམས་ལ།། དེ་ཚེ་གོང་མ་བཞིན་དུ་བཤགས།། དེ་ཡང་རྙེད་པར་མ་གྱུར་ན།། སྤྱིན་སྲེག་མེ་ཐབ་རབ་བརྩིགས་ནས།། དེ་དང་མཉམ་པ་གསུམ་བཀུག་ལ།། མཆོད་རྫས་སྣ་ཚོགས་བཤམ་པར་བྱ། ། གསུམ་པོ་དེ་ཡང་དབང་པོར་གཞག། བླ་མ་ལ་སོགས་མཆེད་རྣམས་ཀྱིས། གསང་མཚན་ལ་སོགས་སྤྱན་དྲངས་ཏེ།། སྦྱིན་སྲེག་མཆོད་པ་ཚུལ་བཞིན་བྱ།། དཀྱིལ་འཁོར་ལྷ་ལའང་ཚུལ་བཞིན་བྱ། ། གཞུག་ལ་བཤགས་པའི་ཆོ་ག་གདགས།། དེ་ཚེ་ཟིན་པར་གྱུར་པའི་ཚེ།། གོང་དུ་སྨོས་པའི་ཡོན་རྣམས་ཀྱང།། དབང་པོ་གསུམ་ལ་དབུལ་བར་བྱའོ།། དེས་ཀྱང་ཡོངས་སུ་བསྒྲགས་པ་གཏང།། དེ་བཞིན་ལན་གྲངས་བདུན་དུ་བྱ། ། དེ་ལྟར་བྱས་ན་སྐོངས་པར་འགྱུར།། མཆེད་ལ་སོགས་ལའང་དེ་བཞིན་ནོ།། དམ་ཚིག་ཉམས་པར་ངས་མ་བསྟན།། ཉམས་ན་གཞག་པར་ངས་མ་བསྟན།། བསྲུང་བར་བྱ་བ་ངས་བཤད་དོ། ། ཉམས་ན་བསྐང་བར་ངས་བཤད་དོ།། དེ་ནི་སྐུ་ཡི་དམ་ཚིག་གོ། དམ་ཚིག་བཀོད་པའི་རྒྱུད་ལས། སྐུའི་དམ་ཚིག་ཉམས་པ་བསྐང་བའི་ལེའུ་སྟེ་བདུན་པའོ།།།། གསུང་གི་དམ་ཚིག་བསྐང་བ་ཡང།། རྒྱུད་ཆེན་དག་གིས་མི་སྐོངས་ཏེ། ། ལུང་ཆེན་དག་གི་ནང་དུ་བསྐང།། དེ་ཡང་གསོ་བར་བྱ་བ་ཡི།། ཆོ་ག་ཡང་དག་འདི་ཉོན་ཅིག། སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས།། དུས་དང་ཚེས་གྲངས་དག་ལ་སོགས།། དེ་ཚེ་ཉམས་པར་གྱུར་པ་ལ། ། ལུང་ཆེན་ཐོབ་པའི་སློབ་དཔོན་གྱིས།། ངེས་པར་དེ་ཡི་དྲུང་སོང་ལ།། འབྱོར་བའི་ལོངས་སྤྱོད་སྣ་ཚོགས་དང།། ནོར་དང་ཟང་ཟིང་ཕུལ་ནས་ཀྱང།། འདི་སྐད་ཅེས་ནི་གསོལ་བ་བཏབ།། ངེས་པའི་ལུང་བྱིན་མན་ངག་ཅན། ། དོན་དང་མཐུན་པའི་སྐྱེས་བུ་ཁྱོད།། ལྕགས་ཆག་མགར་བས་བརྡུངས་པ་བཞིན།། ཆག་ཉམས་བསྐང་བའི་རིམ་པ་རྣམས།། ངེས་པར་ལུང་དུ་བསྟན་དུ་གསོལ།། དེ་སྐད་གསོལ་བ་བཏབ་ནས་ཀྱང། ། དེ་ནས་སློབ་དཔོན་བློ་ལྡན་གྱིས།། ལན་དུ་འདི་སྐད་གླེང་བར་བྱ།། ལེགས་འོས་བུ་མཆོག་སློབ་མ་ཁྱོད།། ངེས་པར་བསྟན་པའི་ལུང་དག་ལས།། གང་ཞིག་འགལ་བ་བཤགས་སྤྲོ་ན།། རྣ་བའི་དབང་པོ་ཚུར་ཉོན་ལ། ། ངེས་པར་འདི་དག་ཟིན་པར་གྱིས།། ཞེས་བརྗོད་དོ།། དེ་ལ་རིགས་ཀྱི་བུ་མ་ཡེངས་པའི་བཟླས་བརྗོད་ཡིད་ལ་དུས་དང་རྒྱུན་མེད་པར་བཟླས་པར་བཟླས་པ་མ་རྟོགས་ནས། རྒྱུད་ཀྱི་ཁ་བརྒྱུད་ནས་ངེས་པའི་དོན་མི་ཤེས་པས་འགྲུབ་བའི་དོན་མི་ཤེས་པར། འགྲུབ་པར་ཁས་བླངས་པ་དེ་ཉམས་པ་ཆེན་བོའི་རྒྱུར་འགྱུར་ཏེ། དེ་དག་སེམས་ཅན་གྱི་རང་དབང་གིས་མི་འགྲུབ་ཅིང། དམ་ཟོས་ཤིང་འགལ་བའི་རྒྱུ་ཤིན་ཏུ་མང་བས། རྣལ་འབྱོར་གྱི་སྤྱོད་པ་འདི་དག་སུན་འབྱུང་ཞིང། གང་ཞིག་ཤིན་ཏུ་སྒྱིད་ལུག་པ་མང་བ་ལ། དང་ལ་ཆོས་འདི་དག་བཤད་པར་བྱ་བ་ཡིན་པ་ལས། སློབ་དཔོན་ལུང་མེད་ཅིང་མན་ངག་ལ་མི་མཁས་པ་དང། རྣལ་འབྱོར་པའི་ལྟ་བ་ཆུང་ཞིང་སེམས་ཅན་གྱི་ལས་དམན་པས། དེ་དག་གཞུང་དུ་མ་སྙེམས་པས། དོན་ཆེད་འདི་ལྟར་ཡིད་ལ་ཟུངས་ཤིག། ལུས་ཀྱི་སྒུལ་སྐྱོད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན་པས། ངག་གི་གླེང་བརྗོད་ནི་བཟླས་པར་བྱ་བའི་སྙིང་པོ་ཡིན་ལ། སེམས་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་བརླན་ཉིད་ཆུའི་རང་བཞིན་ཡིན་པ་ལས། ལོགས་ནས་བརླན་མི་འབྱུང་བ་བཞིན་དུ། ཕྱག་རྒྱ་ཉིད་ལུས་ཀྱི་རང་བཞིན་ཡིན་པ་ལས། ལོགས་ན་ཕྱག་རྒྱ་ཞེས་བྱ་བ་མེད་དེ། ལུས་ལས་གཞན་དུ་མི་འདའ་བས་དམ་ཚིག་གི་ཕྱག་རྒྱ་དང། ཡན་ལག་གི་སྒུལ་སྐྱོད་གང་ཡང་མཐར་ཕྱིན་པ་ལས་ཀྱི་ཕྱག་རྒྱ་དང། དེ་ལ་འཛིན་པ་དང་ཐོག་ཆགས་མེད་པས་བདེ་བ་ཆོས་ཀྱི་ཕྱག་རྒྱ་དང། དེ་ལ་དུས་གསུམ་དུ་འདུ་འབྲལ་མེད་པས་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་རིག་པའི་དུས་ན། ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ། སྐུ་གསུང་ཐུགས་བཀོད་པ་མི་ཟད་པར་གནས་པས་འདི་ལ་ཡང་འདའ་བ་ཡང་མེད། ཉམས་པ་ཡང་མེད། ཡེངས་པ་ཡང་མེད། བཙལ་བ་ཡང་མེད་པས། དེ་ལ་འདི་སྐད་ཅེས་བྱ་སྟེ། མ་རིག་འགྲོ་བའི་སེམས་ཅན་ཀུན། ། སངས་རྒྱས་ཕྱག་རྒྱའི་དཀྱིལ་འཁོར་ལ།། ངེས་པར་གྲོལ་བར་རབ་བཤད་མཛད།། མ་རིག་སེམས་ཅན་དྲང་དོན་དུ།། ཕྱག་རྒྱ་རྣམས་སུ་བཤད་པ་ཡང།། ལོག་པར་ལྟ་བ་བསྒྱུར་བའི་ཕྱིར། ། ལས་ཀྱི་དབང་དུ་འབབ་པ་ཙམ།། དོན་ལ་ངེས་པ་འདི་རྟོགས་ན།། མ་བཅོས་ཀློང་དུ་ལྷན་ནེ་བའོ།། དེ་ལ་ངག་གི་གླེང་བརྗོད་བཟླས་པ་བྱ་བ་ཡིན་པ་ནི། དཔེར་ན་སྒྲ་དང་སྒྲ་བརྙན་འདྲ་སྟེ། སྒྲ་ཡང་ཐོས་པར་བྱེད་པ་ལ། ཐོས་པར་བྱེད་པ་ཡང་སྒྲ་བརྙན་དོན་ཡིན་ལ། དེ་བཞིན་དུ་ངག་གིས་གླེངས་པ་དང་བརྗོད་པ་ཡང་སྔགས་ཀྱི་བཟླས་བརྗོད་ཡིན་ལ། སྔགས་ཀྱི་བཟླས་བརྗོད་ཀྱང་ངག་གི་གླེང་བརྗོད་ཡིན་ཏེ། ཆོས་ཐམས་ཅད་ནི་ཚིག་ཡིན། ཚིག་ཐམས་ཅད་ནི་ཡི་གེ། ཡི་གེ་ཐམས་ཅད་སྙིང་པོ། སྙིང་པོ་ཐམས་ཅད་ནི་མི་བརྗེད་པའི་གཟུངས། མི་བརྗེད་པའི་དོན་ཆོས་ཉིད་དེ། དུས་ཐམས་ཅད་དུ་སོ་འདི་ལས་མི་ཉམས་པར་རིག་ཅིང་གནས་པར་རྟོགས་པའི་དུས་ན། སྙིང་པོ་བཟླས་བརྗོད་ཟུར་ཕྱིན་པ་ཡིན་པ་ལས། འདི་ལས་འདའ་བ་མེད། ཡེངས་པ་མེད། བཙལ་བ་ཡང་མེད། སྒྲུབ་པ་ཡང་མེད་པས། དེ་ལ་འདི་སྐད་ཅེས་གསུངས་སོ། ། བཟླས་བརྗོད་བསྙེན་པའི་སྙིང་པོ་རྣམས།། མ་བཟླས་དོན་གྱིས་ཚང་བ་ནི།། དོན་ནི་མན་ངག་འདི་ཡིན་ཏེ།། སྙིང་པོ་སྔགས་ཀྱི་དོན་རིག་པས།། ཅི་བཟླས་སྔགས་ཀྱི་སྙིང་པོ་མཆོག། དུས་གསུམ་བར་ཆད་མེད་པ་ཡི། ། བཟླས་བརྗོད་ཀློང་དུ་གནས་པ་ལ།། འཛིན་རྟོག་བར་ཆད་ཡོད་མེད་དོ།། བདེར་གཤེགས་གསུང་གི་ངོ་བོ་ལ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན།། བསྐལ་པའི་ཆུ་བོའི་རྒྱུན་བཞིན་དུ།། སྙིང་པོ་བར་ཆད་མེད་པའོ། ། དེ་ལ་སེམས་ཀྱི་དྲན་རྟོག་ཐུགས་ཏིང་ངེ་འཛིན་ཡིན་པ་ནི། དཔེར་ན་མར་མེའི་འོད་དང་འདྲ་སྟེ། མར་མེ་ཉིད་ཀྱང་འོད་ལ། འོད་ཉིད་ཀྱང་མར་མེའི་བྱིན་རླབས་ཏེ། ཡང་དག་པའི་སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཏིང་ངེ་འཛིན་ཡིན་ལ། ཐུགས་ཏིང་ངེ་འཛིན་ཡང་སེམས་ཀྱི་དྲན་རྟོག་ཉིད་དུ་སྣང་སྟེ།། དྲན་པ་ཐམས་ཅད་ཤེས་པ། ཤེས་པ་ཐམས་ཅད་རྩོལ་བ། རྩོལ་བ་ཐམས་ཅད་ཐབས་ལ་མཁས་པ། ཐབས་ལ་མཁས་པ་ཐམས་ཅད་རང་རིག་པའི་ཡེ་ཤེས་ཏེ། ཡེ་ཤེས་རང་སྣང་བ་ལས་མ་གཏོགས་པ། རྟོག་པ་རང་རྒྱུད་ཀྱིས་མེད་ལ། ཐབས་རང་སྣང་བ་ལས་མ་གཏོགས་པ། ཉོན་མོངས་པ་རང་རྒྱུད་ཀྱིས་མེད་དེ། སེམས་ཅན་གྱི་དམིགས་པའི་ཕྱོགས་ཆ་ལས་འདས་ཤིང། ཉེ་བར་ལེན་པའི་སེམས་གཞན་དུ་མི་འགྱུར་བས། རང་འབྱུང་གི་ཡེ་ཤེས་ཆེན་པོ་ཞེས་ཀྱང་བྱ་ལ། དེ་རྣམ་པར་དག་པ་འདུས་མ་བྱས་ཆོས་སྐུ་ཆེན་པོ་དང་ལྡན་པས། འདི་ལྟར་རིག་པའི་སྐྱེས་བུ་ཆེན་པོས་འདའ་བ་ཡང་མེད། ཡེངས་པ་ཡང་མེད། འགྱུར་བ་ཡང་མེད་པས། དེ་ལ་འདི་སྐད་ཅེས་གསུངས་སོ།། ཐུགས་ཀྱི་བརྣག་པ་གང་ཡིན་པ།། ངེས་པ་འདི་ལས་རྒྱ་ཆེར་བཤད། ། དུས་གསུམ་འགྱུར་བ་མེད་པ་ཡི།། རང་བྱུང་རིག་པའི་རྒྱལ་པོའི་འོས།། གང་ལྟར་བསམ་པ་འདོད་དགུར་བདེ།། ཡོངས་ལ་ཁྱབ་པས་བརྡལ་བའི་སྐུ།། དངོས་པོར་མི་ཆགས་མ་ཆགས་གློང།། རང་བཞིན་མཚན་མ་ཀུན་སྤངས་ཏེ། ། ཡང་སོ་ཆེ་འོ་སེམས་ཆེན་པོ།། སྐྱེས་བུ་དམ་པ་ཉིད་ཡིན་པས།། བཅོས་པ་མེད་པའི་སྙིང་པོ་ལ།། བརྗེད་པ་མེད་པས་ལྷ་ཞེས་བྱ།། མ་ཡེངས་པ་ཡི་དགོངས་པ་ཡིས།། ཉམས་པ་ལ་བཟླ་དགོངས་པར་ལྡན། ། ཐམས་ཅད་ཀུན་ཏུ་མི་འགྱུར་བའོ།། དམ་ཚིག་བཀོད་པའི་རྒྱུད་ལས། དམ་ཚིག་ཉམས་པ་བསྐང་བའི་ལེའུ་སྟེ་བརྒྱད་པའོ།།།། སེམས་དཔའ་ཆེན་པོ་ཐུགས་ཀྱི་དམ་ཚིག་བསྐང་བ་ཡང།། རྒྱུད་ལུང་དག་གིས་མི་བསྐོངས་ཏེ། ། མན་ངག་དག་གིས་ནང་དུ་བསྐང།། དེ་ཡང་གསོ་བར་བྱ་བ་ཡི།། ཆོ་ག་ཡང་དག་འདི་ཉོན་ཅིག། གསང་བའི་མན་ངག་ཆེན་པོ་རྣམས།། དམ་ཚིག་ཉམས་དང་མེད་པ་དང།། དམ་ལས་ལོག་དང་མ་འདྲེས་པ། ། འཕྱར་ལ་གཅམ་པའི་གང་ཟག་དང།། ཐེག་པ་དམན་པ་ལ་སོགས་པ།། ཚིག་ཏུ་བརྗོད་ཅིང་བསྟན་པ་དང།། ཡ་ག་ལོག་པ་དག་ལ་སོགས།། དེ་ཚེ་ཉམས་པར་གྱུར་པ་ལ། ། སྡུག་བསྔལ་གཞན་གྱིས་མི་འབྱོངས་ཏེ།། མན་ངག་ཅན་གྱི་སློབ་དཔོན་ལ།། ངེས་པར་དེ་ཡི་དྲུང་སོང་ལ།། འབྱོར་པ་ལོངས་སྤྱོད་སྣ་ཚོགས་དང།། རིན་ཆེན་གསེར་ལ་སོགས་པ་ཡི།། ཡོན་མཆོག་དག་ཀྱང་དབུལ་བར་བྱ། ། དེ་ནས་སློབ་དཔོན་ཆེན་པོ་ལ།། འདི་སྐད་གསོལ་བ་གདབ་པར་བྱ།། མཁས་པའི་བློ་ལྡན་མན་ངག་ཅན།། ངེས་པའི་རྩལ་འཆང་སྐྱེས་བུའི་མཐུ།། རིག་པའི་རྩལ་འཆང་རྫུ་འཕྲུལ་ཅན།། ཡངས་པའི་ཆོས་ཉིད་ནམ་མཁའ་འདྲ། ། ཁྱབ་པའི་ཐུགས་རྗེ་ཉི་མ་བཞིན།། རྣལ་འབྱོར་ཡོངས་ཁྱབ་སྣུམ་པའི་མཆོག། འགྲོ་ལ་ཕན་པའི་གཙོ་ཅན་གྱིས།། ལོག་པའི་གོལ་སར་མི་གཏང་ཞིང།། བྱང་ཆུབ་ཉིད་དུ་དྲན་པ་དང། ། ཉམས་པའི་དྲི་མ་བསལ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་དགབ་ཏུ་གསོལ།། ཐུགས་རྗེ་ཆར་གྱིས་བཀྲུ་བར་མཛོད།། མན་ངག་ངེས་པ་བསྟན་དུ་གསོལ།། དེ་སྐད་གསོལ་བ་གདབ་པར་བྱ།། དེ་ནས་སྟོན་པ་སློབ་དཔོན་གྱིས། ། ལན་དུ་འདི་སྐད་བརྗོད་པར་བྱ།། འགྱོད་པ་སྐྱེས་པ་བུ་མཆོག་ཁྱོད།། ཚུལ་བཞིན་བཤགས་ཕྱིར་ལེགས་པར་འོངས།། དེ་ནི་མན་ངག་སྣོད་དང་ལྡན།། ངེས་པར་ལུང་ནི་བསྟན་པར་བྱའོ།། ཡིད་དང་རྣ་བའི་དབང་པོ་ལ། ། ངེས་པར་འདི་ནི་བཅང་བར་གྱིས།། ཞེས་བརྗོད་ལ། དེ་ལ་རིགས་ཀྱི་བུ་ཐུགས་ཀྱི་དམ་ཚིག་གསང་བའི་མན་ངག་གཞན་ལ་སྤེལ་བ་ནི། དམ་ཉམས་པ་དང། མ་འདྲེས་པ་དང་མེད་པ་ལ་སོགས་པ་ལ་སྤེལ་ཏེ། ཟང་ཟིང་དང་ནོར་འདོད་ཀྱི་དབང་དུ་བཏང་ན་ཉམས་པའི་རྒྱུ་ཡིན་པ་དེ་ནི། མན་ངག་ཆེན་པོའི་གཞུང་གིས་ཐུགས་ཀྱི་དམ་ཚིག་ཉམས་པ་མེད་པ་ཞེས་བྱ་སྟེ། ནམ་མཁའ་ལ་ཡངས་དོག་མེད་པ་བཞིན། བློ་ཆོས་ཉིད་དུ་གྱུར་པ་ལ་འཛིན་རྟོག་གི་བག་ཆགས་སྤངས་པས། གང་ཞིག་སྨྲས་ཤིང་བརྗོད་ན་ཡང། སྣོད་དང་མི་ལྡན་པ་མེད་པར་ཤེས་པར་བྱས་ལ། བསྲུང་དུ་མེད་པའི་ངོ་བོ། རང་བཞིན་གྱི་རྣལ་འབྱོར་པས། ཆོས་ཉིད་ལས་ཚིགས་དང་ཡི་གེར་གླེང་བ་ལས་འདས་ཤིང། འདི་འདྲ་ཞེས་བསྟན་པར་སུས་ཀྱང་མི་ནུས་པས། སྨྲས་ན་ཡང་སྨྲས་པའི་ངོ་བོ་མེད་ཅིང་ཡང་དག་པའི་ས་ལ་གླེང་བརྗོད་དང་བྲལ་བས་ཉམས་པ་མེད་ལ། འདི་ལྟར་རིག་པའི་སྐྱེས་བུས་ཉམས་པར་མི་འགྱུར་ཞིང། ཉམས་ན་ཡང་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ལྟར། ནང་ཉམས་ན་ནུབ་སོར་ཆུད་ལ། ནུབ་ཉམས་ན་ནང་སོར་ཆུད་དེ། རྫ་མཁན་འཇིམ་རློན་དང་ཕྲད་པ་དང་འདྲ་ལ། དེ་ལྟར་བསྟན་ཅིང་བཤད་ན་གང་ལ་ཡང་འཛིན་པ་མེད་པས། ཡང་དག་པ་ལ་ཉམས་པའི་རྒྱུ་མེད་པས། དོན་ཆེན་འདི་ལྟར་རིག་པའི་སྐྱེས་བུས་སྐོངས་ཀྱི། ཕལ་གྱིས་སྐོངས་པར་མི་འགྱུར་རོ། ། དེ་ལ་འདི་སྐད་ཅེས་གསུངས་ཏེ། ཡ་རབས་གསང་བའི་མན་ངག་འདི།། མ་རབས་ཕལ་གྱི་སྤྱོད་ཡུལ་མིན།། ཀུན་གྱིས་རྟོགས་པར་མི་འགྱུར་ཏེ།། རྒྱ་མཚོའི་གཏིང་ལྟར་རྟོགས་པ་མེད།། ནམ་མཁའི་མཐའ་ལྟར་ཐུག་པ་མེད། ། སྤོང་ལེན་མེད་པར་རིག་པ་ཡིས།། ཡོངས་ལ་ཁྱབ་བདེ་བཤད་པའི་ཕྱིར།། མ་རབས་བུས་པས་མི་རྟོགས་ཏེ།། གང་ཞིག་ཚིག་ཙམ་ཟློས་པ་ལས།། མན་ངག་ཡོད་ཅེས་ཡོངས་མི་བྱ། ། གདེང་ཆེན་ལྡན་པའི་སྐྱེས་བུ་དང།། བཀའ་དང་འཐུན་ལས་མ་གཏོགས་པ།། རས་ཆོད་བཤད་པས་ཡོངས་མི་འགྲུབ།། ཐེག་པ་སྔགས་ཀྱི་འབྲས་བུ་ནི།། སྤེལ་ཞིང་བཤད་པས་མི་འགྲུབ་སྟེ།། ཡིད་ལ་བརྣགས་ཤིང་བཅངས་པས་ན། ། མན་ངག་སྙིང་པོ་དེ་ལ་ཡོད།། རང་གི་སེམས་ཉིད་མ་རྟོགས་ན།། བསྟན་ཅིང་བཤད་ཀྱང་ཐན་པར་ཟད།། དུས་གསུམ་འཕོ་འགྱུར་མེད་པ་ཡི།། བྱང་ཆུབ་ཉིད་ལ་གཡོས་པ་མེད།། ཁམས་གསུམ་འཁྲུགས་ཀྱང་སྟོང་པ་མེད། ། སྲིད་གསུམ་འཁྲུགས་ཀྱང་གཡོས་པ་མེད།། བསམ་མེད་ཆོས་ནི་ནམ་མཁའ་འདྲ།། བརྗོད་མེད་སེམས་ནི་མཚན་ཉིད་མེད།། མིང་དང་ཚིག་ལས་འདས་པ་ཡི།། སངས་རྒྱས་ཉིད་ཀྱིས་བརྗོད་པར་དཀའ། ། སེམས་དཔའ་ཆེན་པོ་འདི་ལྟ་བུའི་མན་ངག་ནོས་ཤིང་ཁོང་དུ་ཆུད་པར་གྱིས་ཤིག། ཐུགས་ཀྱི་དམ་ཚིག་སྐོངས་པའོ།། འདི་ལྟ་བུ་ལ་ཡེངས་པ་མེད་པར་གྱིས་ཤིག། ཐུགས་ཀྱི་དམ་ཚིག་མི་ཉམས་པའོ། ། འདིའི་དོན་ལ་འགྱུར་བ་མེད་པར་གྱིས་ཤིག། ཐུགས་ཀྱི་དམ་ཚིག་མི་འདའ་བའོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་བའི་ལེའུ་སྟེ་དགུ་བའོ། །།། སེམས་དཔའ་ཆེན་པོ་ཡན་ལག་གི་དམ་ཚིག་བསྐང་བ་ཡང། རྩ་བའི་དམ་ཚིག་བསྐང་བ་ས་དང་ཡན་ལག་ཀྱང་ཤུགས་ཀྱིས་སྐོངས་ལ། དེ་ལས་རྩ་བ་མ་ཉམས་པར་ཡན་ལག་ཉམས་ན་ཡང་གོང་མ་གོང་མ་ལྟར་བསྐངས་པས་ཡན་ལག་ཀྱང་སྐོངས་པར་འགྱུར་རོ། ། སེམས་དཔའ་ཆེན་པོ་དེ་ནི་དཔེར་ན་ཤིང་ཏ་ལའི་རྩ་བ་མ་ཕྱུང་ན་ཡན་ལག་ཉམས་ཀྱང་ཤུགས་ཀྱིས་སྐྱེ་བ་བཞིན། རྩ་བ་མ་ཉམས་ན་ཡན་ལག་ཀྱང་ཤུགས་ཀྱིས་སྐོང་བར་འགྱུར་ལ། གལ་ཏེ་ཉམས་པར་ཚོར་ན་ཡང་སྤྱད་པར་བྱ་བའི་དམ་ཚིག་ཉམས་ན་དཀྱིལ་འཁོར་གཅིག་པའི་འཕྲིན་ལས་ཀྱིས་བསྐང།། མི་སྤང་བའི་དམ་ཚིག་ཉམས་ན་དཀྱིལ་འཁོར་ཆེན་པོ་གཉིས་པའི་དམ་ཚིག་གིས་བསྐང། གཉིས་ཀ་ཉམས་ན་སྒྲོལ་སྦྱོར་གྱི་མཆོད་པ་བརྒྱ་རྩ་བརྒྱད་ཀྱིས་བསྐང། དང་དུ་བླངས་བ་ཉམས་ན་བདུད་རྩི་སྨན་གྱིས་བསྒྲུབ་པས་བསྐང། ཤེས་པར་བྱ་བ་ཉམས་ན་གསུང་དབང་གི་འཕྲིན་ལས་ཀྱིས་བསྐང། བསྒྲུབ་པར་བྱ་བའི་དམ་ཚིག་ཉམས་ན་ཐུགས་རྡོ་རྗེ་རིགས་ཀྱི་དམ་ཚིག་གིས་བསྐང། ཀུན་ཀ་ཉམས་ན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒྲུབ་པ་རྫོགས་པས་བསྐང་ངོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། ཡན་ལག་གི་དམ་ཚིག་ཉམས་པ་བསྐང་བའི་ལེའུ་སྟེ་བཅུ་པའོ།།།། དེ་སྐད་ཅེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔས་ཡང་འདི་སྐད་ཅེས་གསོལ་ཏོ། ། ཨེ་མའོ་ངོ་མཚར་རབ་འབྱམས་ཀྱིས།། སྐང་སོ་ཆོ་ག་ཁྱད་པར་ཆེ།། དམ་ཚིག་འདི་དག་བསྲུངས་པ་ཡི།། ཡོན་ཏན་འབྲས་བུ་གང་ཡིན་པ།། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དམ་ཚིག་འདི་དག་བསྲུངས་པའི་ཕན་ཡོན་དང་འབྲས་བུ་ནི་ཡང་དག་པ་ཉིད་དུ་བཤད་པར་བྱའོ།། དམ་ཚིག་ནི་འདེགས་པའི་ས་གཞི་དང་འདྲའོ། ། དམ་ཚིག་ནི་འཇིག་པའི་མཁར་དང་འདྲའོ།། དམ་ཚིག་ནི་རྣོ་བའི་མཚོན་དང་འདྲའོ།། དམ་ཚིག་ནི་སྐྱེད་པར་བྱེད་པའི་ཕ་མ་དང་འདྲའོ།། དམ་ཚིག་ནི་གྲུབ་པར་བྱེད་པའི་ཤིང་ཐོག་དང་འདྲའོ། ། དམ་ཚིག་ནི་མི་འབྲལ་བ་ལུས་དང་གྲིབ་མ་དང་འདྲའོ།། དམ་ཚིག་ནི་མ་ཡེངས་ན་སྒོམ་པ་ཡིན་ནོ།། དམ་ཚིག་ནི་མ་བརྗེད་ན་ཆོས་ཉིད་ཡིན་ནོ།། དམ་ཚིག་ནི་རྗེས་སུ་དྲན་ན་བཟླས་བརྗོད་ཡིན་ནོ།། སེམས་དཔའ་ཆེན་པོ་སྐུའི་དམ་ཚིག་མ་ཉམས་པར་བསྲུངས་བའི་ཡོན་ཏན་ནི། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང། ནད་ཉུང་བ་དང། གཞོན་ཞིང་ལང་ཚོ་དར་ལ་བབ་པ་དང། ཡན་ལག་ལ་ལྷག་ཆད་མེད་པ་དང། དབང་པོ་ཉམས་པ་མེད་པ་དང། ཚེ་རིང་བ་དང། ལོངས་སྤྱོད་འཕེལ་བ་དང། འབྱོར་བ་འཕེལ་བ་དང། འཁོར་མ་མོ་དང་མཁའ་འགྲོ་མ་བཀའ་བཞིན་ཉན་པ་དང། སྲིད་པ་གསུམ་ལ་དབང་སྒྱུར་བ་དང། མཐུ་དང་རྫུ་འཕྲུལ་ཡང་གཞན་གྱིས་དཔག་གི་མི་ལང་བ་དང། མན་ངག་ལུང་གི་དོན་རྟོགས་པར་འགྱུར་བ་དང། རིགས་འཛིན་རྣམ་གསུམ་གྱི་དངོས་གྲུབ་འཐོབ་པ་དང། ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་འགྱུར་རོ། ། སེམས་དཔའ་ཆེན་པོ་གསུང་གི་དམ་ཚིག་མ་ཉམས་པར་བསྲུངས་བའི་ཡོན་ཏན་ནི། ལྷ་ཉེ་བ་དང། རིགས་བརྒྱུད་འཕེལ་བ་དང། དུས་སུ་འགྲུབ་པ་དང། བཀའ་ཉན་པ་དང། དབང་དུ་འདུ་བ་དང། ཁ་ལོ་སྒྱུར་བ་དང། ལེགས་པ་འཕེལ་བ་དང། སྐྱོན་གྱིས་མི་གོས་པ་དང། ཆོས་ཉིད་ཀྱི་དོན་དང་མི་འགལ་བ་དང། མྱ་ངན་ལས་འདས་པའི་སྐུ་ཐོབ་པ་དང། ཀུན་ཏུ་བཟང་པོ་དང་སྤྱོད་པ་མཉམ་པར་འགྱུར་རོ། ། སེམས་དཔའ་ཆེན་པོ་ཐུགས་ཀྱི་དམ་ཚིག་མ་ཉམས་པར་བསྲུངས་བའི་ཡོན་ཏན་ནི། དོན་དང་མཐུན་པ་དང། སྐྱོ་དུབ་མེད་པ་དང། མན་ངག་གི་སྣོད་དུ་འགྱུར་བ་དང། དངོས་གྲུབ་ཐོབ་པ་དང། རྟོག་པ་མེད་པ་དང། དགོངས་པ་ཟབ་པ་དང། ཐུགས་རྒྱ་ཆེ་བ་དང། དོན་ལ་མཁས་པ་དང། གཞུང་ལས་མི་འགལ་བ་དང། ཀུན་ཏུ་བཟང་པོ་དང་རྟོག་པ་མཉམ་པར་འགྱུར་རོ།། ས་མ་ཡ་བཀོད་པ་ལས། སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུང་བའི་ཡོན་ཏན་གྱི་ལེའུ་སྟེ་བཅུ་གཅིག་པའོ། །།། སེམས་དཔའ་ཆེན་པོ་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་པའི་ཡོན་ཏན་ནི། དངོས་གྲུབ་ཆེན་པོ་རྣམ་གསུམ་ཐོབ་པ་དང། བདུད་རྣམ་བཞི་ཚར་གཅོད་པ་དང། རྡོ་རྗེ་ཐེག་པའི་བཀའ་བཙན་ཞིང་མི་འགྱུར་བ་དང། སྔགས་ཆེ་བའི་ཡོན་ཏན་ནུབ་པའི་དུས་མེད་པ་དང། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཅི་ལ་ཡང་ཐོགས་པ་མེད་པ་དང། ཁྱད་པར་གྱི་འབྲས་བུ་མཐར་རྒྱས་པ་དང། གཉིས་སུ་མེད་པའི་དོན་ལ་ཡུན་དུ་མི་འགྱུར་བ་དང། བླ་ན་མེད་པའི་ས་ལ་བདེ་བ་ཆེན་པོར་ལོངས་སྤྱོད་པ་དང། གྲངས་དང་ཚོམ་བུ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ལྕང་ལོ་ཅན་གྱིས་ཕོ་བྲང་དུ་གྲངས་དང་ཚོམ་བུ་བསམ་གྱིས་མི་ཁྱབ་པར་ཕུང་པོ་མི་གནས་པའི་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས་རྒྱས་པ་དང། འཁོར་གྱི་མཁའ་འགྲོ་མ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་ནས་ཅི་བསྒོ་བ་ཉན་པ་ལ་སོགས་པའི་ཡོན་ཏན་བསྐལ་པ་བརྒྱར་བརྗོད་ཀྱང་རྫོགས་པའི་མཐའ་མེད་དོ། ། དམ་ཚིག་བཀོད་པའི་རྒྱུ་ལས། ཡན་ལག་གི་དམ་ཚིག་བསྲུང་བའི་ཡོན་ཏན་གྱི་ལེའུ་སྟེ་བཅུ་གཉིས་པའོ། །།། སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་ལ་སུམ་བརྒྱ་དྲུག་ཅུར་སྦྱར་ཏེ། ལྟ་བའི་དམ་ཚིག་བརྒྱ་ཉི་ཤུ་དང། སྤྱོད་པའི་དམ་ཚིག་བརྒྱ་ཉི་ཤུ་དང། བསྲུང་བའི་དམ་ཚིག་བརྒྱ་ཉི་ཤུ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུའོ། ། དེ་ལ་ལྟ་བའི་དམ་ཚིག་བརྒྱ་ཉི་ཤུ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་གཞི་བྱང་ཆུབ་ཀྱི་སེམས་སུ་འདུས་པར་ལྟ་ཞིང་མི་འདའ་བ་དང། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱང་རང་གི་སེམས་ཡིན་པར་ལྟ་བ་དང། སེམས་ཡེ་ནས་སངས་རྒྱས་པར་ལྟ་བ་དང། ཡུལ་ཆོས་ཉིད་དུ་ལྟ་བ་དང།། དབང་པོ་ཡེ་ཤེས་སུ་ལྟ་བ་དང།། དེ་ཡང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་ལྟ་བ་དང། སེམས་ཅན་ཉིད་ཡང་དག་པའི་སངས་རྒྱས་སུ་ལྟ་བ་དང། འཁོར་བ་ཉིད་མྱ་ངན་ལས་འདས་པར་ལྟ་བ་དང། སྡུག་བསྔལ་ཐམས་ཅད་བྱང་ཆུབ་དམ་པར་ལྟ་བ་དང། ཉོན་མོངས་པ་ཐམས་ཅད་ལམ་གྱི་དམ་པར་ལྟ་བ་དང། མ་ནོར་བའི་ཆོས་ཉིད་དང། མ་ཡེངས་པའི་ཏིང་ངེ་འཛིན་དང། མ་བཅོས་པའི་དོན་དང། མ་བརྗེད་པའི་ཕྱག་རྒྱ་དང། མ་བསླད་པའི་ཡེ་ཤེས་དང། མི་དམིགས་པའི་ཏིང་ངེ་འཛིན་དང། མ་སྐྱེལ་པའི་ཀློང་དང། མི་འདའ་བའི་དམ་པ་དང། མི་འགྱུར་བའི་གཡུང་དྲུང་དང། མི་གཏོང་པའི་རིག་པས་མི་འབྲལ་བའི་གཟུངས་སུ་ལྟ་ཞིང། དམ་ཚིག་ལས་མི་འདའ་བ་ནི། ལྟ་བའི་དམ་ཚིག་གི་རྩ་བའོ།། དེ་ལ་ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་གཞི་བྱང་ཆུབ་ཀྱི་སེམས་སུ་འདུས་པར་ལྟ་ཞིང། དམ་ཚིག་ལས་མི་འདའ་བ་ལ་ཡང་ལྔ་སྟེ། དེའི་དོན་སྟོན་པའི་རྡོ་རྗེ་སློབ་དཔོན་བཙལ་བ་དང།། བཀའ་ལས་འབྱུང་བའི་ལུང་མ་ཉན་པ་དང། མན་ངག་ཏུ་སེམས་ལ་སྒོམ་པ་དང། ཡེ་ནས་དེ་ལྟར་ཡིན་པར་ཡིད་ཆེས་པར་བྱ་བ་དང། དང་དུ་བླང་ཞིང་མི་འདའ་བའི་བར་དུ་དོན་རྣམ་པ་ལྔ་ལྔས་བསྟན་ཅིང་ཡིད་ཆེས་པར་བྱ་བ་ནི། ལྟ་བའི་དམ་ཚིག་བརྒྱ་ཉི་ཤུའི་ཡན་ལག་གོ། དམ་ཚིག་བཀོད་པའི་རྒྱུད་ལས། ལྟ་བའི་དམ་ཚིག་བརྒྱ་ཉི་ཤུའི་ལེའུ་སྟེ་བཅུ་གསུམ་པའོ།།།། སེམས་དཔའ་ཆེན་པོ་དེ་ལ་སྤྱོད་པའི་དམ་ཚིག་བརྒྱ་ཉི་ཤུ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུར་སྤྱོད་ཅིང། དམ་ཚིག་ལས་མི་འདའ་བ་དང། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་སྤྱོད་ཅིང། དམ་ཚིག་ལས་མི་འདའ་བ་དང། ཡབ་དང་ཡུམ་ཡང་གཉིས་སུ་མེད་པའི་བདེ་བ་ཆེན་པོར་སྤྱོད་ཅིང། དམ་ཚིག་ལས་མི་འདའ་བ་དང། དེ་བཞིན་དུ་ཕྱི་དང་ནང་ཡང་ཕྱོགས་རིས་མེད་པར་ཆོས་ཉིད་དུ་བདེ་བ་བརྡལ་བར་སྤྱོད་པ་དང། མཐའ་དང་དབུས་ཀྱང་ཡེ་ཤེས་ཆེན་པོར་ཁོང་དུ་སྙོམས་པར་སྤྱོད་པ་དང། ཆེ་བ་དང་ཆུང་བ་ཡང་མཉམ་པ་ཉིད་ཀྱི་ཀློང་དུ་སྤྱོད་པ་དང། སངས་རྒྱས་དང་སེམས་ཅན་ཡང་ཐིག་ལེ་ཆེན་པོར་ལྷུན་གྱིས་གྲུབ་པར་སྤྱོད་པ་དང། མཐོན་པོ་དང་དམའ་མོ་ཡང་སྟེང་འོག་མེད་པར་ལྷུན་གྱིས་གྲུབ་པར་སྤྱོད་པ་དང། བཟང་པོ་དང་ངན་པ་ཡང་སྤོང་ལེན་མེད་པའི་མཛད་སྤྱོད་དུ་རོལ་པ་དང། བདེ་བ་དང་སྡུག་བསྔལ་ཡང་གཉིས་སུ་མེད་པའི་འཕྲིན་ལས་སུ་མཛད་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མི་དམིགས་པའི་ཏིང་ངེ་འཛིན་དུ་སྒོམ་པ་དང། རྒྱུ་དང་འབྲས་བུ་ཐམས་ཅད་མི་འགྱུར་བའི་གཡུང་དྲུང་དུ་སྤྱོད་པ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གཉིས་སུ་མེད་པར་སྤྱོད་པ་དང། ཡུལ་དང་དབང་པོ་ཐབས་དང་ཤེས་རབ་ཏུ་སྦྱོད་པ་དང། འདོད་བའི་ཡོན་ཏན་ཐམས་ཅད་ཆོས་ཉིད་རྣམ་པར་དག་པའི་རྒྱན་དུ་སྤྱོད་པ་དང། ཉོན་མོངས་པ་ལྔ་དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་སྤྱོད་པ་དང། ཕྱིན་ཅི་ལོག་ལྔ་སྐུ་ལྔ་མཐར་ཕྱིན་པར་སྤྱོད་པ་དང། མི་གཙང་བའི་དམ་རྫས་ལྔ་བདུད་རྩི་ཆེན་པོ་ལྔའི་རང་བཞིན་དུ་སྤྱོད་པ་དང། འཛིན་རྟོག་གི་སྐྱོན་ཐམས་ཅད་ཀུན་ཏུ་བཟང་པོའི་འཛིན་སྤྱོད་དུ་རོལ་ཅིང་སྤྱོད་པས། དམ་ཚིག་ལས་མི་འདའ་བའོ།། དེ་ལ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཀྱི་སྐུར་རྟོགས་པར་བྱ་ཞིང་དམ་ཚིག་ལས་མི་འདའ་བར་བྱ་བ་ལ་ཡང་དོན་རྣམ་པ་ལྔ་སྟེ། རྟོགས་པར་བྱ་བའི་ཐབས་དང། བསྒོམ་པར་བྱ་བའི་ཡུལ་དང། བསྒྲུབ་པར་བྱ་བའི་འཕྲིན་ལས་དང། མཐར་ཕྱིན་པའི་འབྲས་བུ་དང། བསྟན་ཅིང་གཞག་པར་བྱ་བའི་སྣོད་དང་ལྔའོ།། དེ་བཞིན་དུ་འཛིན་རྟོག་གི་སྐྱོན་ཐམས་ཅད་ཀུན་ཏུ་བཟང་པོའི་མཛད་སྤྱོད་དུ་རོལ་ཅིང་སྤྱོད་པའི་དམ་ཚིག་གི་བར་དུ་རྟོགས་པ་དང། སྒོམ་པ་དང། བསྒྲུབ་པ་དང། མཐར་ཕྱིན་པ་ལྔ་ལྔར་ཤེས་པར་བྱའོ།། ས་མ་ཡ་བཀོད་པའི་རྒྱུད་ལས། སྤྱོད་པའི་དམ་ཚིག་བརྒྱ་ཉི་ཤུའི་ལེའུ་སྟེ་བཅུ་བཞི་པའོ། །།། སེམས་དཔའ་ཆེན་པོ་དེ་ལ་བསྲུང་བའི་དམ་ཚིག་གི་བརྒྱ་ཉི་ཤུ་ནི། ལྟ་བ་ཟབ་མོ་ཐམས་ཅད་ཤེས་རབ་ཆུང་བ་དང། ཐེག་པ་དམན་པ་ལ་བསྲུངས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང། སྤྱོད་པ་གླང་པོ་ཐམས་ཅད་ཡ་ཁ་དང་རྟོག་པ་ཅན་ལ་བསྲུངས་ལ་དམ་ཚིག་ལས་མི་འདའ་བར་བྱ་བ་དང། དེ་བཞིན་དུ་གསང་བའི་འཕྲིན་ལས་གཟུ་ལུམས་དང་རས་ཆོད་ཅན་ལ་བསྲུང་བ་དང། གསང་བའི་དོན་བཀའ་རྐུན་དང་རྒྱབ་ཉན་བྱེད་པ་ལ་བསྲུང་བ་དང། གསང་བའི་མན་ངག་དད་པ་ཆུང་ཞིང་གསང་མེད་པ་ལ་བསྲུང་བ་དང། ངེས་པའི་དོན་འཕྱར་པོ་དང་འཕྱོན་མ་ལ་མི་འབྱུང་བ་དང། དངོས་གྲུབ་ཀྱི་རྐྱེན་ཁ་སླ་དང་ཚོད་ཡོད་པ་ལ་བསྲུང་བ་དང། བརྩོན་པོའི་འཕྲིན་ལས་ལེ་ལོ་དང་ལོང་ཡོད་ཅན་ལ་མི་གཏད་པ་དང། མཚན་མ་དང་གྲུབ་རྟགས་རང་བསྟོད་རང་ཆེ་ངག་ཏུ་མི་སྨྲ་བར་བསྲུང་བ་དང། གྲོགས་དང་མཆེད་དམ་ཚིག་ཉམས་ཤིང་མཚན་ངན་པ་ལ་མི་བཙལ་བ་དང། བཀའ་གསང་སྦེད་ཤེས་པ་དང། མན་ངག་འཚོལ་མཁས་པ་དང། དོན་ལ་ནན་གཏན་ཆེ་བ་དང། དམ་ཕོག་པ་མི་བརྗེད་པ་དང། གདུང་སེམས་མི་གཏོང་བ་དང། གཉེར་གཏད་པ་གྲིམས་པ་དང། འཁོར་ལ་སྣོད་རྟོགས་པ་དང། བཀའ་ལ་ལྟ་ལོག་དང་སྒྲོ་སྐུར་མེད་པ་དང། ཕྱོགས་ལ་ངན་སེམས་དང་གདུག་སེམས་མེད་པ་དང། ཡོངས་ལ་སྤྲོ་རིང་ཞིང་དང་ཆེ་བར་བསྲུང་ཞིང་དམ་ཚིག་ལས་མི་འདའ་བའོ།། དེ་ལྟར་ལྟ་བ་ཟབ་མོ་ཐམས་ཅད་ཤེས་རབ་ཞན་པ་དང་ཐེག་པ་དམན་པ་ལ་བསྲུང་བ་ལ་ཡང་ལྔ་སྟེ།། ལུས་ཀྱིས་བསྲུང་བ་མི་འབྱུང་བ་དང། ངག་གིས་བསྲུང་བ་མི་སྨྲ་བ་དང།། ཡིད་ཀྱིས་བསྲུང་བ་བརྣག་པ་དང།། ཐབས་ཀྱིས་བསྲུང་བ་རྟག་པ་དང།། སྤྱོད་པས་བསྲུང་བ་གཟབ་པའོ།། དེ་བཞིན་དུ་ཡོངས་ལ་སྤྲོ་རིང་ཞིང་དང་ཆེ་བར་བསྲུང་བའི་དམ་ཚིག་གི་བར་དུ་ལུས་དང། ངག་དང། ཡིད་ཐབས་དང་སྤྱོད་པ་ལྔ་ལྔར་རིག་པར་བྱའོ།། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས།། བསྲུང་བའི་དམ་ཚིག་བརྒྱ་ཉི་ཤུ་དང་སུམ་བརྒྱ་དྲུག་ཅུའི་ལེའུ་སྟེ་བཅོ་ལྔ་པའོ། །།། སེམས་དཔའ་ཆེན་པོ་དམ་ཚིག་སུམ་བརྒྱ་དྲུག་ཅུ་ལ། ལས་སུ་བྱ་བའི་དམ་ཚིག་གསུམ་སྟེ།། སྦྱོར་སྒྲོལ་སྨན་དང་གསུམ་མོ།། དེ་ལ་རྩ་བ་བཅོ་ལྔར་སྤྲོས་ཏེ།། སྦྱོར་བའི་ལུང་དྲུག། སྒྲོལ་བའི་གནས་བཞི། བཅུད་རྩི་སྨན་ལྔའོ།། རྩ་བ་བཅོ་ལྔ་ལས་སུམ་བརྒྱ་དྲུག་ཅུར་སྤྲོས་པ་ནི། མི་སྤང་པ་བརྒྱ་ཉི་ཤུ་དང། དང་དུ་བླང་བ་བརྒྱ་ཉི་ཤུ་དང།། སྤྱད་པར་བྱ་བ་བརྒྱ་ཉི་ཤུ་སྟེ།། དེ་ལྟར་སུམ་བརྒྱ་དྲུག་ཅུའོ།། དེ་ཡང་མི་སྤང་བ་བརྒྱ་ཉི་ཤུ་ལ། སྦྱོར་བའི་གཟུངས་མ་ཁྲུ་ཚད་དང་ལྡན་པ་བཞིན་བཟངས་མ་ལོ་བཅུ་གཉིས་ལོན་པ་དང།། ལོ་བཅུ་དྲུག་ལོན་པ་དང། ལོ་ཉི་ཤུ་རྩ་ལྔ་ལོན་པ་དང། ལོ་སུམ་ཅུ་རྩ་གཅིག་ལོན་པས་གཞི་གཟུང་སྟེ། མོ་རིགས་ཕལ་ཡན་ཆད་ཟིན་ཟིན་ཀུན་ཡང་བགྲངས་པ་བརྒྱ་ཉི་ཤུ་ལ་སྦྱོར་བ་ཚུལ་བཞིན་བྱས་པའི་ཡོན་ཏན་ནི། འགྲོ་བ་མཐའ་དག་དབང་དུ་འགྱུར་ཞིང། དངོས་གྲུབ་གྲངས་ཀྱང་དེ་བཞིན་ཐོབ་ནས། ཡེ་ཤེས་ལྔའི་རིགས་འཛིན་དུ་སྐྱེའོ།། དང་དུ་བླང་བའི་དམ་ཚིག་བརྒྱ་ཉི་ཤུ་ནི་སྨན་བདུད་རྩི་ལ་བྱས་ཏེ། གཙོ་བོ་ལྔ་དང། འབྲས་བུ་ལྔ་དང། དབང་པོ་ལྔ་དང། སྨན་སྣ་ཚོགས་པའི་ར་ས་ཡ་ན་རྩ་བ་དང་ཡན་ལག་ཏུ་བཅས་པ་བརྒྱ་ཉི་ཤུ་ལ་སོགས་ཏེ་སྦྱར་ཞིང་དང་དུ་བླངས་པའི་ཡོན་ཏན་ནི། བདུད་བཞི་འཇོམས་ཤིང་དུག་ལྔ་སེལ་ཏེ། གཏན་མི་འཆི་བའི་སྨན་གྱིས་རིགས་འཛིན་ཐོབ་ནས། སྐུ་ལྔ་ལྷུན་གྱིས་འགྲུབ་བོ།། སྤྱད་པར་བྱ་བའི་དམ་ཚིག་བརྒྱ་ཉི་ཤུ་ནི་བསྒྲལ་བར་བྱ་བ་སྟེ། འབྲས་བུ་ཆེན་པོ་ལྔ་དང། ཞིང་བཅུ་ལ་སོགས་ཏེ། བརྒྱ་ཉི་ཤུ་བསྒྲལ་བར་བྱས་ནས་དེའི་ཡོན་ཏན་ནི་དམ་ཚིག་དང། སྡོམ་པ་དང། ཚུལ་ཁྲིམས་ཉམས་པ་ཐམས་ཅད་སྐོངས་ནས། དམ་ཚིག་ཉམས་པ་ལས་མ་གཏོགས་པ་གཞན་གྱི་སྡིག་ཅི་བྱས་ཀྱང་བག་ཆགས་ཀྱིས་མི་གོས་སོ།། སེམས་དཔའ་ཆེན་པོ་གཞན་ཡང་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུང་ན་དགྱེས་པ་བསྐོངས་པ་དང། མཉེས་པ་འབུལ་བ་དང། དངོས་གྲུབ་སྩོལ་བ་དང། འཕྲིན་ལས་མཐར་ཕྱིན་པ་དང། སེམས་ཅན་ཀྱི་དོན་ཡིད་བཞིན་དུ་འགྲུབ་པ་དང། འོག་མིན་གྱི་གནས་སུ་མི་གཉིས་པར་གཅིག་པའོ། ། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། དམ་ཚིག་སུམ་བརྒྱ་དྲུག་ཅུ་བསྐང་བའི་འཕྲིན་ལས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་ཡང་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་མ་ཡན་ལག་གི་དམ་ཚིག་སུམ་བརྒྱ་དྲུག་ཅུ་བསྲུངས་པའི་ཕན་ཡོན་དང། མ་བསྲུངས་པའི་སྐྱོན་ཅི་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་དམ་ཚིག་སུམ་བརྒྱ་དྲུག་ཅུ་བསྲུངས་པའི་ཡོན་ཏན་ནི། བདག་གི་དགོངས་པ་དང། གཞན་གྱིས་འབྱོར་བ་ཀུན་འགྲུབ་པ་སྟེ། ས་རྡོ་དང། རྩི་ཤིང་དང། རི་བྲག་ལ་ཐོགས་པ་མེད་པ་དང། ཆུ་ལ་མི་འབྱིང་ཞིང་མཁའ་ལ་བྱ་བཞིན་དུ་འཕྱོ་བ་དང། རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ་དང། བདུད་དང་བར་དུ་གཅོད་པ་ལ་སོགས་པ་རྡུལ་ཕྲ་མོ་བཞིན་དུ་བརླག་པ་དང། ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པ་དང། ཐམས་ཅད་དུ་ལེགས་པ་སྦྱིན་ཞིང་བཀྲ་ཤིས་པ་དང། མི་དང་མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་བཀུར་བ་དང། མཁའ་འགྲོ་དང་ཤ་ཟ་ལ་སོགས་པ་ཐམས་ཅད་ལུས་ཀྱི་རྗེ་བོ་བཞིན་དུ་བྱེད་པ་དང། གནས་པ་གང་ན་བ་དེར་རྡོ་རྗེ་ཐེག་པ་དར་ཞིང་རྒྱས་པ་དང། འཁོར་དང་སྡེར་བཅས་པ་རིམ་གྱིས་གྲུབ་པ་ཐོབ་ནས། ཐམས་ཅད་དད་ཅིང་འདུན་པའི་ཞིང་དུ་གྱུར་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བྱོན་ཞིང་སྤྱན་དུ་མཛེས་པའི་རང་བཞིན་ཅན་དུ་གྱུར་པས་ཡོན་ཏན་བགྲང་བ་ལས་འདས་པའོ། ། ས་མ་ཡ་བཀོད་པའི་རྒྱུད་ལས། ཡན་ལག་གི་དམ་ཚིག་སུམ་བརྒྱ་དྲུག་ཅུ་བསྲུངས་པའི་ཕན་ཡོན་གྱི་ལེའུ་སྟེ་བཅུ་བདུན་པའོ། །།། སེམས་དཔའ་ཆེན་པོ་སུམ་བརྒྱ་དྲུག་ཅུ་མ་བསྲུངས་པའི་སྐྱོན་ནི། དཔེར་ན་སྲོག་མེད་པའི་གཟུགས་བརྙན་གྱིས་སྲོག་གི་བྱ་བ་མེད་པ་བཞིན་དམ་ཚིག་མེད་ཅིང་མ་བསྲུངས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་མི་ནུས་པ་སྟེ། འབད་པ་ལ་དོན་མེད་ཅིང་བསྒྲུབས་པ་ལ་འབྲས་བུ་མི་འབྱུང་བ་དང། བསམ་པ་མི་འགྲུབ་ཅིང་བཙལ་བ་སྐྱོན་དུ་འགྱུར་བ་དང། བྱས་པ་ཐམས་ཅད་ཆུད་ཟོས་ཤིང་ཡིད་ལ་མི་འདོད་པ་འཕེལ་ཞིང་རགས་པ་དང། མི་སྙན་པའི་གྲགས་པ་དང། མི་སྐྱིད་པའི་སྡུག་བསྔལ་གྱི་མཚོ་རྡོལ་བ་དང། བཀའ་ཆད་ཀྱི་གནས་དང། བཀའ་འབབ་ཀྱི་ཆད་པས་ཀྱང་ཡེ་ཤེས་ཀྱི་ལྷ་རྣམས་གཏན་དུ་འཕངས་ཤིང། དམ་ཅན་རྣམས་ཀྱང་གཤེད་མར་འགྱུར་བ་དང། འཕྲལ་གྱི་ཡེ་འགྲོག་གིས་སྲོག་གི་བར་ཆད་དུ་འགྱུར་བ་ལ་སོགས་པ་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། ཡི་དྭགས་ཀྱི་གདོན་བརྒྱད་ཁྲི་བཞི་སྟོང་གིས་ཉེན་པར་གྱུར་ནས། མནར་མེད་པའི་དམྱལ་བ་ཡན་ཆད་ལ་ཐུག་པའོ།། ས་མ་ཡ་བཀོད་པའི་རྒྱུད་ལས། སུམ་བརྒྱ་དྲུག་ཅུ་མ་བསྲུངས་བའི་སྐྱོན་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ། རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏེ།། ཀྱེ་མ་ཡོན་ཏན་དཔག་མེད་པ། སངས་རྒྱས་མཛད་པ་ཁྱད་པར་ཆེའོ།། གྲུབ་པའི་ཡོན་ཏན་བསམ་མི་ཁྱབ།། ངེས་པའི་དགོངས་པ་ཕལ་ཆེ་ལས། ། རྣལ་འབྱོར་རྣམས་ལ་ཐུགས་རྗེ་ཆེ།། འདྲེན་པ་ཁྱོད་ལ་ཕྱག་འཚལ་བསྟོད།། གཞན་ཡང་དམ་ཚིག་རྩ་བ་རྣམས།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། ཀུན་བཟང་ལྷ་ཡིས་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་ཆེན་པོ་ཁྱོད། ། དམ་ཚིག་རྩ་བ་ཡང་དག་ནི།། ལྟ་བ་འདི་ལ་རབ་ཏུ་འདུས།། མི་འདའ་བ་ཡི་དམ་ཚིག་ལ།། གཡོས་པ་མེད་པའི་ཆོས་ཉིད་ཀྱིས།། ཡོངས་ལ་བདེ་ཁྱབ་འཇིག་རྟེན་སྤངས།། གཉིས་མེད་སེམས་ནི་ཐབས་ཀྱི་སྐུ། ། སངས་རྒྱས་ཡེ་ཤེས་དེ་ལས་མེད།། དེ་རྟོགས་སྐྱེས་བུ་ཆེན་པོ་ཡིས།། ལྟ་བའི་དམ་ཚིག་རྟོགས་ཞེས་བཤད།། ས་མ་ཡ་བཀོད་པའི་རྒྱུད་ལས། ལྟ་བས་ལ་བཟླ་བའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དམ་ཚིག་གི་གཏོར་མ་ལ་རྣམ་གྲངས་དུར་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམ་ཚིག་གི་གཏོར་མ་ལ་རྣམ་པ་གསུམ་སྟེ། གཏོར་མའི་ལྟ་བ་དང། གཏོར་མའི་སྤྱོད་པ་དང། གཏོར་མའི་འཕྲིན་ལས་སོ།། དེ་ལ་གཏོར་མའི་ལྟ་བ་ནི། སྣང་སྲིད་གཏོར་མར་ལྟ་བའོ།། གཏོར་མའི་སྤྱོད་པ་ནི། ཐབས་དང་ཤེས་རབ་ཏུ་སྤྱཽད་པའོ།། གཏོར་མའི་འཕྲིན་ལས་ནི། དུས་གསུམ་སྐུ་གསུམ་ཐུགས་སུ་སངས་རྒྱས་པའི་འཕྲིན་ལས་སོ།། དེ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་ཉིད་དབྱིངས་ཀྱི་གཏོར་མ་དང། ཡེ་ཤེས་རོལ་པའི་གཏོར་མ་དང། ཐུགས་རྗེ་སྤྲུལ་པའི་གཏོར་མའོ།། དེ་ལ་འདི་སྐད་ཅེས་གསུངས་ཏེ། ཁྱད་པར་དཔལ་གྱི་གཏོར་མ་སྐུགས་ན་ཉལ།། ཤ་ཁྲག་དམར་གྱི་གཏོར་མ་འབེན་དུ་འཆའ།། སྤྲུལ་པའི་མཆོད་གཏོར་འཇིག་རྟེན་ཁྱད་པར་གཏོར། ། ཡོངས་སུ་ཁྱབ་པའི་གཏོར་མ་ཆེན་པོ་ཡིས།། ཀུན་ལ་ཁྱབ་པས་ཡེ་ཤེས་དབྱིངས་སུ་འདུས།། འདུས་མ་བྱས་པའི་གཏོར་མ་ཆེན་པོ་ལ།། འཛིན་རྟོག་མེད་པའི་སེམས་ཀྱིས་བཀྲོལ་བ་ཡི།། རང་བཞིན་མེད་པའི་གཏོར་མ་ཆེན་པོ་འདི། ། ཡོངས་སུ་གཏོར་བས་འགྲོ་བའི་དོན་རྫོགས་ནས།། རྣམ་རྟོག་འཛིན་པའི་ཉོན་མོངས་ཀུན་བཀྲོལ་ཏེ།། བླ་མེད་བྱང་ཆུབ་ལམ་ལ་དགོད་བར་མཛོད།། དམ་ཚིག་བཀོད་པའི་རྒྱུད་ལས། གཏོར་མ་དམ་ཚིག་གི་ལེའུ་སྟེ་ཉི་ཤུ་ཐམ་པའོ།།།། དེ་ནས་ཡང་རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡབ་གཅིག་ལགས་འདི་ལྟར་ཡོན་ཏན་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་ཐབས་ཆེ་བ། འདི་ལྟར་ཉན་ཆེ་བ། འདི་ལྟར་རབ་ཏུ་ཟབ་པའི་རྒྱུད་འདིའི་ཕན་ཡོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་ཐུགས། གཟིགས་པར་བྱ་བའི་སྤྱན་དུ་ཡང་གྱུར་པའི་རྒྱུད་འདི་ནི་ཤིན་ཏུ་ཕན་ཡོན་ཆེ་སྟེ། རྒྱུད་འདི་ཤེས་ཤིང་རྟོགས་པ་ལྟ་ཅི་སྨོས་ཀྱི། ཐ་ན་ཚིག་འབྲུ་འགའ་ཙམ་ཡང་ཡིད་ལ་བྱེད་ན་ཡང། དེ་དུས་ཐམས་ཅད་དུ་དམ་ཚིག་ཉམས་པར་མི་འགྱུར་ཞིང། ཉམས་ན་ཡང་སྐོངས་བར་འགྱུར་ལ། སྐངས་ན་ཡང་སྐོངས་བར་འགྱུར་ངེས་ལ། དེ་ནི་འཇིག་རྟེན་གྱི་ཁམས་འདིར་ཡང་མཐུ་དང། རྫུ་འཕྲུལ་དང། དངོས་གྲུབ་ལ་སོགས་པ་གང་གིས་ཀྱང་བསྐྱད་དུ་མེད་པར་འགྱུར་ལ། འཇིག་རྟེན་ཕ་རོལ་ཏུ་ཡང་ཀུན་ཏུ་བཟང་པོའི་དགོངས་པ་དང་སྐལ་བ་མཉམ་པར་འགྱུར་རོ།། སེམས་དཔའ་ཆེན་པོ་རྒྱུད་འདི་མིང་ཙམ་འཛིན་པར་བྱེད་ན་ཡང། དེ་ངན་འགྲོར་འགྲོ་བར་མི་འགྱུར། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར། དམ་ཚིག་ཉམས་པར་མི་འགྱུར། དེ་བཞིན་གཤེགས་པའི་དོན་དང་ལྡན་ཞིང་བདེ་བ་མཆོག་དང་ལྡན་པར་འགྱུར་རོ།། སེམས་དཔའ་ཆེན་པོ་རྒྱུད་འདི་འཛིན་པ་འམ། འཆང་བ་འམ། ཀློག་པ་འམ། ཡི་གེར་འདྲི་བ་འམ། མིང་ཉན་པར་བྱེད་ན། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་སྟིར་བྱེད་པ་དང། འཁོར་མ་མོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང། ཅི་བསྒོ་བ་རྣམས་བྲན་བཞིན་སྙིང་ཉེ་བཞིན་ཉན་པ་དང། ཚེ་དང་འབྱོར་བའི་ལོངས་སྤྱོད་དང་ལྡན་པ་དང། འཇིག་རྟེན་ཕྱི་མར་ཡང་ཀུན་ཏུ་བཟང་པོ་དང་མཉམ་ཞིང་དབྱེར་མེད་པར་འགྱུར་རོ། ། སེམས་དཔའ་ཆེན་པོ་གང་ཟག་ལ་ལ་མནར་མེད་པར་ལྟུང་བར་ངེས་པ་ལ་ཡང།། རྒྱུད་འདི་ཐོས་པར་བྱས་ན། བླ་ན་མེད་པའི་དོན་དང་ལྡན་པར་འགྱུར་རོ།། སེམས་དཔའ་ཆེན་པོ་གང་ཟག་ལ་ལ་དམ་ཉམས་ནས་རྡོ་རྗེ་དམྱལ་བར་ལྟུང་བ་ཡང། རྒྱུད་འདི་ཡི་ཚིག་འགའ་རྣ་བར་ཐོས་ན་ཡང། དེའི་དམ་ཚིག་ཉམས་པ་དེ་སྐོངས་ནས། རྣལ་འབྱོར་བདེ་བའི་དོན་དང་ལྡན་པར་འགྱུར་རོ།། སེམས་དཔའ་ཆེན་པོ་དེ་ལྟ་བུའི་རྒྱུད་འདི་ནི་ཤིན་ཏུ་དཀོན་ཞིང་མི་འབྱུང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་ཕྱོགས་བཅུའི་དུས་གསུམ་གྱིས་དེ་བཞིན་གཤེགས་པས་ཀྱང་མ་གསུངས། གསུངས་བར་མི་འགྱུར། ངས་ཀྱང་མ་བཤད། བཤད་པར་མི་འགྱུར། སངས་རྒྱས་རྣམས་ཀྱང་མི་གསུང་བར་འགྱུར་བའི་ཕྱིར་ཡང་དཀོན་ནོ།། སེམས་དཔའ་ཆེན་པོ་རྒྱུད་འདི་ནི་གང་ན་ཡང་མི་བཞུགས། གང་ན་ཡང་མི་སྟོན། སྟོན་པར་མི་འགྱུར། བཞུགས་པར་མི་འགྱུར་བའི་ཕྱིར་དཀོན་ནོ། སེམས་དཔའ་ཆེན་པོ་རྒྱུད་འདི་ནི་གང་ཟག་གི་བློ་ལ་མི་སྣང། སྣང་བར་མི་འགྱུར་བའི་ཕྱིར་དཀོན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང། རྡོ་རྗེ་སེམས་དཔས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མཧོ་ངོ་མཚར་ཆེའོ།། རྒྱུད་འདི་ཚིག་ཏུ་མི་གནས་པ་དེ་སེམས་ཅན་སྐལ་བ་ཆུང་བ་ལགས་སམ་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སེམས་དཔའ་ཆེན་པོ་རྒྱུད་འདི་ནི་ཚིག་དང་ཡི་གེར་འདྲི་བ་ལས་འདས་པས། དུས་ཀྱི་ཐ་མ་ལ་འབྱུང་ཡང་སྲིད། མི་འབྱུང་ཡང་སྲིད་པས། འབྱུང་ན་གང་ཟག་གཅིག་ལ་འབྱུང་ལ། དེ་གང་དང་ཡང་མ་བྲལ་བའོ།། དེ་ལ་སྐུར་པ་འདེབས་པ་དག་འབྱུང་བའི་ཕྱིར་ཡང་དཀོན་ནོ། ། དམ་ཉམས་ཤིང་མ་རུངས་བའི་ཕྱིར་དཀོན་ནོ།། འདི་དག་མ་ཐོས་ཤིང་མི་ཤེས་པས། ཕྲག་དོགས་དང། སྐུར་པ་དང། ང་རྒྱལ་དང། སྨོད་པས་ཀྱང་དཀོན་ནོ། ། རྒྱུད་འདི་བཤད་ཅིང་བསྟན་པ་མིན་པས་ཀྱང་དཀོན་ནོ།། འདི་ནི་དད་པ་དང། རང་བཞིན་ཟབ་པ་དང། གྲོན་ཚེགས་ལ་མི་ལྟ་བ་དང། སྣོད་དང་ལྡན་པ་ལ་བྱུང་བས་ཀྱང་དཀོན་ནོ།། རྒྱུད་འདི་རྣལ་འབྱོར་གྲུབ་པ་གཅིག་གི་སེམས་ལ་འབྱུང་བས་ཀྱང་དཀོན་ནོ། ། ས་མ་ཡ་བཀོད་པ་ལས། རྒྱུད་ཀྱི་ཕན་ཡོན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། དམ་ཚིག་ཆེན་པོ་གསང་བའི་རྒྱུད་ཇི་ལྟར་བཙལ་བར་བགྱི། སྤྱད་ལེགས་པའི་ཡོན་ཏན་དང། མ་ལེགས་པའི་སྐྱོན་ཇི་ལྟར་བྱུང། ཀུན་གྱི་རྒྱལ་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་གསང་བའི་ཆོས་ཐམས་ཅད་ཀྱི་དམ་ཚིག་ནི། དཔེར་ན་རྒྱལ་པོ་ཆེན་པོའི་བཀའ་ཁྲིམས་གསང་ཞིང་དམ་པར་བློན་པོ་རིག་པ་ཅན་གྱིས་བཙལ་ན། ཐུགས་དགོངས་དང་བསམ་དགོངས་ཐམས་ཅད་མཐར་ཕྱིན་ཏེ་རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར་ལ། དེ་བློན་པོ་ད་དར་གྱིས་རྒྱལ་ཁྲིམས་སྤྱད་མ་ལེགས་ན་ཐམས་ཅད་ཀྱང་ཕུང་ནས་སྡུག་ཅིང་བསྔལ་བ་བཞིན། གསང་བ་འདི་དག་ཐམས་ཅད་ལས་འཕྲོ་དང་སྐལ་བར་ལྡན་ཞིང་སྣོད་དུ་གྱུར་པའི་རྡོ་རྗེ་སློབ་དཔོན་དང། སློབ་མར་བཅས་པས་གསང་བའི་དོན་སྦ་ཞིང་སྤྱད་ལེགས་པར་བྱ་དགོས་ཏེ། གསང་བ་ཐམས་ཅད་ལ་གཉན་ཞིང་བཀུར་བ་ལྷ་དང་ཀླུའི་སྤྱི་གཙུག་གི་ནོར་བུ་རིན་པོ་ཆེ་དང་འདྲ་བར་བྱ་བ་དང། འཕངས་ཤིང་བརྩེ་བ་མིག་གི་འབྲས་བུ་ལྟ་བུར་བྱ་བ་དང། མི་འབྲལ་བ་ལུས་དང་གྲིབ་མ་འདྲ་བར་བྱ་བ་དང། གསང་ཞིང་སྦ་བ་སྙིང་སྒོར་འབྱིན་པ་དང་འདྲ་བར་བྱ་བ་དང། ཉམས་སུ་བླང་བ་མགོ་ལ་མེ་མཆེད་པ་ལྟར་བྱ་བ་དང། སྤྱོད་པ་གཟབ་པ་ཚུལ་ཤིས་པའི་བཙུན་མོ་ལྟར་བྱ་བ་དང། མི་འབྲལ་ཞིང་སྲུང་བ་སྲོག་རྩ་དང་སྙིང་རྩ་འདྲ་བར་བྱ་བ་དང། སྦ་ཞིག་གསང་བ་ཕོ་མོའི་མཚན་མ་དང་འདྲ་བར་བྱ་བ་དང། ནན་ཏན་དང་གདམས་པ་ཡུན་གྱི་གཏེར་བཞིན་དུ་བྱ་བ་དང། བཀའ་ལས་འབྱུང་བའི་གདམ་ངག་མན་ངག་བཞིན་དུ་མཉན་པར་སེམས་ལ་བཅངས་ན། གསང་སྔགས་ཀྱི་རྒྱུ་གསེར་དང་འདྲ་བ་དགོས་པའི་དོན་ཡིད་ལ་ཇི་ལྟར་འདོད་པར་སྤྱད་དུ་ཡོད་བ་དང། གསང་བའི་འབྲས་བུ་ཞིང་གཤིན་པའི་ལོ་ཏོག་བཞིན་དུ་འཕེལ་བ་དང། གསང་བའི་ནུས་མཐུ་ནོར་བུ་རིན་པོ་ཆེ་དང་འདྲ་བར་འབྱུང་བ་དང། ལོག་པའི་ཕྱོགས་མཐའ་དག་གཏར་མཚན་ལ་རྩེ་སྦུར་རེག་པ་འདྲ་བར་འགྱུར་བ་དང། བར་དུ་གཅོད་པ་ཐམས་ཅད་མེའི་ཕུང་པོ་ལ་སྤྲང་བུ་བརླག་པ་འདྲ་བར་འགྱུར་བ་དང། ངན་སོང་འཁོར་བའི་སྡུག་བསྔལ་ཐམས་ཅད་མུན་རུམ་དུ་ཉི་མ་ཤར་བ་དང་འདྲ་བར་འགྱུར་བ་དང། འཛིན་རྟོག་ཐམས་ཅད་རྡུལ་ཕྱིས་པ་དང་འདྲ་བར་འགྱུར་བ་དང། ཕྱིན་ཅི་ལོག་ཐམས་ཅད་ཀྱང་འབྲས་ཀྱི་གླུ་མ་ཡོ་ལེགས་པ་འདྲ་བར་འགྱུར་བ་དང། ཡིད་ལ་བསྒོམས་པ་ཐམས་ཅད་སྨོན་ལམ་གྱི་རྒྱལ་པོའི་ཞིང་ཁམས་བཞིན་དུ་འགྱུར་བས། གསང་བའི་དམ་ཚིག་སྤྱད་ལེགས་པའི་བྱིན་རླབས་སོ།། ས་མ་ཡ་བཀོད་པ་ལས། གསང་བའི་དམ་ཚིག་མ་ནོར་བར་སྤྱད་པའི་ཡོན་ཏན་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །།། སེམས་དཔའ་ཆེན་པོ་དུས་ཐ་མ་ལ་གསང་བའི་དམ་ཚིག་འདི་དག་འཆོ་ཞིང་སྤེལ་མི་ཤེས་ཏེ། སྔོན་གྱི་རྣལ་འབྱོར་པ་ཚུལ་དང་ལྡན་པས་སྣོད་བརྟགས་ཤིང་སྟོན་ལ། སྣོད་དང་མི་ལྡན་པ་ལ་མི་སྟོན་ཅིང། གསང་བའི་སྒྲོལ་ན་ཕྱག་རྒྱ་མུ་ཏི་ཧོས་བཏབ་ནས་སྦས་པ་རྣམས་འདོད་པས་རྒྱལ་བའི་སྔགས་པས། ཨཽ་རྒྱན་དང། བལ་པོ་དང། ཁ་ཆེ་ལ་སོགས་པར་གསང་སྔགས་ཀྱི་དོན་ཟབ་མོ་འཚོང་ཞིང་སྤྲོ་བར་བྱེད་དོ། ། གཞན་ཡང་བོད་ལ་སོགས་པ་གདོལ་པའི་ཤས་ཆེ་བ་རྣམས་སུ་ཡང་གསེར་ཕྱེ་ལ་སོགས་པས་འདོད་པའི་དབང་གིས་འཕྲོས་པས། དེ་དག་ལ་ཤས་ཆེར་གསང་ཐུབ་ཅིང་སྤྱད་ལེགས་པ་འགའ་ཚུལ་འགྲུབ་ཅིང་མཐར་ཕྱིན་པ་ཡང་འབྱུང་ན། ཕལ་དུ་གསང་པ་མེད་པ་བཀའ་ལྷོད་པའི་སྔགས་པ་ཕལ་འཇིག་རྟེན་པའི་གྲགས་པ་འདོད་པས་སྣོད་མི་འདམ་པར་སྣང་དགུ་ཐམས་ཅད་ལ་མང་བར་འཆད་པ་དང། སྒྲོགས་ཤིང་འཚོང་ན་ཚུལ་བཞིན་དུ་མི་སྤྱོད་པ་མང་བ་དང། གསང་བ་འཆལ་བས་དེའི་སྐྱོན་ནི། གསང་བ་ཐམས་ཅད་ལ་མཐུ་དང་བྱིན་མེད་པར་འགྱུར་རོ།། བཀའ་བཞིན་མི་བྱེད་པས་མཐོ་རིས་ཀྱི་འབྲས་བུ་ཐོབ་པ་ཉུང་ཞིང། ངན་སོང་འགྲུབ་པ་མང་བར་འགྱུར་རོ།། སྣོད་དང་དུས་དང་མཚམས་མེད་པར་སྒྲུབ་ཐབས་དང་འཕྲིན་ལས་ཆོལ་པར་སྤྱད་པའི་སྐྱོན་ནི། སྤྱས་དང་ཡ་ཁར་གྱུར་པས། ཆོས་ལ་རྩོད་པ་མང་ཞིང་རིས་མི་མཐུན་པ་དང། སྡིག་པས་ཕོག་པའི་དྲི་མས་མིག་གི་དབང་པོ་ལ་སོགས་པ་ཉམས་པ་དང། དྲག་པོའི་ལས་ཚར་མ་ཆོད་པས།། སྐུ་ལ་བབ་ཅིང་སྲོག་བརྟོད་པ་མང་བར་འགྱུར་རོ།། དེ་བཞིན་དུ་སྒྲོལ་སྦྱོར་གྱི་ལས་ལྟ་བ་དང། ཏིང་ངེ་འཛིན་གྱིས་མ་ཟིན་པ་ཡང་དེ་བཞིན་ནོ།། དུས་ཐ་མའི་སློབ་དཔོན་ཕྲག་དོག་ཅན་གྱི་གྲོགས་པོ་ཡོན་ཏན་ཅན་ལ་ཐོས་ཀྱིས་དོགས་པ་དང། སློབ་མ་བདག་གི་བཀའ་ལས་གཞན་གེགས་ལ་གནོད་པ་བྱེད་པ་བྱུང་ན་སྐྱོན་ནི་འཁྲུག་པའི་སྐབས་དང། མི་མཐུན་པའི་རིས་དང། ཤེས་རབ་མི་སྐྱེ་ཞིང་ཚོགས་གཅོག་པའི་སྒྲིབ་པ་ཤིན་ཏུ་ཡང་ཆེའོ།། དུས་ཐ་མའི་ཆད་པ་པོས་སྒྲ་དང་གྲགས་པ་འདོད་པའི་ཕྱིར་གྲངས་མང་བར་ཁས་འཆེས། ངེས་པའི་དོན་དང་བསྟན་ཚིགས་མཆོད་པར་འཕྲིན་ལས་ཀྱི་སྡེབས་སྦྱོར་ལེགས་སུ་རེ་མང་པོ་དང་དོན་ཐོག་ཏུ་མ་ཕེབས་པའི་བཙན་དཔྱད་ཀྱིས་ཤེས་པ་མེད་པའི་རང་རེའི་རིག་པས་འགྲོལ་ཞིང། ཁ་ཤིང་རྒོལ་ཚིག་མང་པོས་གསང་བའི་དོན་ཕྲད་རྒྱུ་ལ་ཤེས་པས་ཁས་འཆེས་ཤིང་འཆད་པའི་དུས་འབྱུང་ལ། ཉན་པ་རྣམས་ཀྱང་དེ་ལ་དད་ཅིང་འདུན་ནས་ཚོར་བ་སྐྱེས་པའི་དུས་ན། དེའི་དོན་ནི་གསང་བའི་དོན་འདི་དག་འཆད་ཤིང། སྤྱོད་པ་ཐམས་ཅད་བྲོ་གླུ་དང་འདྲ་བར་གྱུར་ནས། འདུ་བྱེད་ཀྱི་གཡེངས་པ་སྐྱེ་ཞིང། དངོས་གྲུབ་དང། སྔགས་ཀྱི་ནུས་མཐུ་དང། ཆོས་ཉིད་ཀྱི་བྱིན་རླབས་ཡེ་མེད་པར་སྒྲུང་གཏམ་བཟླས་པ་དང་འདྲ་བར་གྱུར་ནས་ཅི་བརྗོད་ཀྱང་གྲུབ་པ་མི་འཐོབ་བོ། ། དུས་ཕལ་དུ་གསང་སྔགས་པ་མི་རྟེན་ཅིང། བློ་འགྱུར་བ་ཆུའི་ཆུ་བུར་དང་འདྲ་བ་རྣམས་ལ། རྒྱུའི་ཐེག་པ་ལ་སྤྱོད་པའི་གང་ཟག་ཕལ་གྱིས་གསང་སྔགས་ཞེས་བྱ་བ་ནི་བཀའ་མ་ཡིན་ཏེ། འདི་ལྟར་འགལ་ཏེ་དོན་མེད་པས། མདོ་དང་ཚད་མ་ལ་དོན་དང་གཏན་ཚིགས་ཡོད་པས་འདི་སྤྱད་བའི་རྒྱུ་ཞེས་ལོག་པར་ཁྲིད་པ་ལ། དེ་བཞིན་དུ་ངག་ཉན་པར་བྱེད་པས་རྡོ་རྗེ་ཐེག་པ་སྤངས་ནས་རྒྱུའི་ཐེག་པ་སྤྱོད་ན། སྐྱོན་ནི་རྡོ་རྗེ་ཐེག་པའི་དབུ་ཡོགས་དང། གསང་སྔགས་གཉན་པོའི་བཀའ་ཆད་འབྱུང་རྡོ་རྗེ་ཐེག་པའི་དབུ་ཡོགས་ཀྱིས་དེ་དག་དམྱལ་བ་འཆི་འཕོའི་གནས་སུ་སྐྱེས་ནས། བསྐལ་པ་བརྒྱར་ཡང་རྡོ་རྗེ་ཐེག་པའི་སྤྱོད་པའི་སྐལ་བ་དང་མི་ལྡན་པ་དང། གསང་སྔགས་གཉན་པའི་བཀའ་ཆད་ནི་དུས་མ་ཡིན་པར་འཆི་བ་དང། མི་ནད་དང་ཕྱུགས་ནད་ཀྱི་རྣམ་པ་འབྱུང་བ་དང། གནས་ནས་འབྱིན་པ་དང། ཆར་དུས་སུ་མི་འབབ་ཅིང་ལོ་ཉེས་དང་མུ་གེའི་རྣམ་པས་ཉོན་མོངས་པ་དང། དགྲ་མང་ཞིང་འཇིག་རྟེན་ཕྱི་མར་ཡང་དམྱལ་བ་ཁོག་འཇོམས་ཀྱི་གནས་སུ་བསྐལ་པ་བརྒྱར་སྐྱེ་བར་འགྱུར་རོ། ། གསང་བའི་དམ་ཚིག་ཉམས་པས་གཅིག་འོག་ཏུ་གཅིག་མི་ཆུད་པས། སྤྱོད་པ་ཡང་ཉམས་པའི་རྒྱུ་སྟེ། མི་མཐུན་ཞིང་ཁོག་གནག་པས་མི་བདེ་བ་འབྱུང་ཞིང་བྱམས་པའི་འབྲས་བུ་མེད་པར་འགྱུར་རོ།། ས་མ་ཡ་བཀོད་པའི་རྒྱུད་ལས། གསང་བའི་དམ་ཚིག་སྤྱད་ཉེས་པའི་སྐྱོན་ནི་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།།། སེམས་དཔའ་ཆེན་པོ་གསང་བའི་དམ་ཚིག་རྩ་བ་ནི། གཏེར་དུ་རྩ་བ་རིན་པོ་ཆེའི་སྒྲོམ་བུ་རྩ་བ་དང། སེམས་ལ་རྩ་བ་ཡིད་ལ་བརྣག་པ་དང། འཁོར་ལོ་རྩ་བ་སྣོད་དང་ལྡན་པ་ལས་མ་གཏོགས་པ་ཀུན་གྱི་ཐུན་མོང་མ་ཡིན་ཏེ། དེའི་ཕྱིར་འདི་སྐད་ཅེས་གསུངས་ཏེ། གསང་བའི་དམ་ཚིག་ཆེན་པོ་འདི།། དམ་པར་སྤྱད་ལས་མ་གཏོགས་པ། སྣང་དགུ་ཕལ་གྱི་ཐུན་མོང་མིན།། བློ་ཞེན་ཐོས་ན་སྐྲག་པར་འགྱུར།། རིན་པོ་ཆེ་དང་གསེར་གྱི་རྒྱུན།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལས།། མགོ་ནག་ཀུན་གྱིས་མི་ཐོབ་ཅིང།། ཀླ་ཀློ་ཀུན་གྱི་ཐུན་མོང་མིན། ། དེ་བཞིན་གསང་བའི་གསང་ཆེན་འདི།། རྣལ་འབྱོར་ངང་ཚུལ་བཟང་བ་དང། འབྱོར་བའི་ལོངས་སྤྱོད་ཅི་སྨོས་ཀྱི།། ལུས་དང་སྲོག་ལའང་མ་ཆགས་པས།། གང་ན་དམ་པ་འདི་ཡོད་པར།། སྤུ་གྲི་སོར་ཡང་རྒལ་བ་དང། ། མེ་མར་མུར་གྱི་འོབས་འབོགས་ན།། དེ་ནི་འདི་ཡི་གཞག་པའི་སྣོད།། བཀའ་ལས་འབྱུང་བཞིན་ཅིག་མི་བྱེད།། གསང་བའི་དོན་ངེས་གཡོ་སྒྱུས་འཚོལ། འདོད་དང་བཀུར་སྟི་ཆགས་པས་འཆིངས། ། དེ་འདྲ་ཐ་ཞལ་སྤྱོད་ཡུལ་མིན།། ལོང་བས་དྲོ་ཡང་ཉི་མི་མཐོང།། བླུན་པོ་ལུང་དུ་མ་བསྟན་པས།། ཇི་ལྟར་སྦྱད་ཀྱང་བདེན་མི་མཐོང།། འདས་པས་བརླག་ཅིང་འབྲས་བུ་མེད།། སྨན་པས་སྨན་ངོ་མི་ཤེས་ཤིང། ། ནད་ཀྱིས་ངོས་ནས་མ་ཟིན་པར།། ནོར་བར་བཏང་བས་དུག་ཏུ་འགྱུར།། ཕན་པར་མ་སོང་སྡིག་བཞིན་དུ།། སློབ་དཔོན་སྣོད་ལ་མི་རྟོག་ཅིང།། སློབ་མ་དམ་ཚིག་མི་འཛིན་པ། ཉེས་འགྱུར་ཉམས་པ་བརྗོད་པ་ལས་འདས། ། གཉིས་ཀ་འཕུང་བྱེད་བརླག་པར་འགྱུར།། དེ་བས་གསང་ཆེན་དམ་པ་འདི།། ཆུ་སྲིན་དགུ་པོའི་ཁ་ནང་འདུ།། ནོར་བུ་རིན་ཆེན་འཆང་བ་བཞིན།། གཞན་ལ་བསྟན་པར་བྱ་བ་མིན།། དོན་དུ་གསང་བ་འདི་འཚོལ་ཞིང། ། ཡིད་ལ་བརྣགས་ཤིང་འཆང་བྱེད་པ།། དུས་གསུམ་རྒྱལ་བའི་སྲས་ཡིན་པས།། སངས་རྒྱས་ཀུན་གྱི་གདུང་འཛིན་ནོ།། གསང་ཐུབ་པ་ནི་དངོས་གྲུབ་ཡིན།། བརྗེད་པ་མེད་པ་ལྷ་ཞེས་བྱ།། མ་ཡེངས་ཡིད་ཀྱི་དགོངས་པ་ཡིན། ། དོན་ལས་མི་འདའ་དམ་ཞེས་བྱ།། ཀུན་ཏུ་བཟང་པོའི་དམ་པ་ལ།། མི་འབྲས་ལུས་དང་གྲིབ་མ་བཞིན།། མི་གཏོང་བ་ནི་ཆུ་སྲིན་ལྟར།། ཕྱག་རྒྱ་བཟླས་བརྗོད་ཆུ་རྒྱུན་བཞིན། ། བདེན་པར་གནས་ཤིང་དྲང་པོར་སྤྱོད།། བསྟན་པ་བཞིན་དུ་བཀའ་ཉན་ཅིང།། ངེས་བའི་དོན་ལས་མི་འདའ་བ།། ད་ལྟར་ཉིད་ནས་སངས་རྒྱས་ཉིད།། བསྒྲུབས་ཤིང་བཙལ་ཀྱང་དཔག་ཏུ་མེད།། མ་བཙལ་ན་ཡང་སྐྱོན་མེད་དེ། ། གསེར་བཞིན་ཡེ་ནས་དག་པ་ལ།། དེ་ལ་བཅོས་ཤིང་སྨོན་དུ་མེད།། ས་མ་ཡ་བཀོད་པ་ལས། གསང་བའི་དམ་ཚིག་རྩ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། སེམས་དཔའ་ཆེན་པོ་རྡོ་རྗེ་སློབ་དཔོན་ལ་བཀའ་བཅག་དགོངས་པ་ནི། བདུད་དང་བར་དུ་གཅོད་པ་སློབ་དཔོན་གྱི་ཆ་བྱད་དུ་བྱུང་ན། བརྡུང་ཞིང་དགར་བ་བྱས་ཀྱང་དམ་ཚིག་ལས་མ་གཏོགས་སོ།། རྡོ་རྗེ་སློབ་དཔོན་སྨྱོས་པ་དང། ཆང་དབང་དང། གདོན་དབང་དུ་བྱེད་པ་ཡང་བཀའ་བཅག་པ་མི་འགལ་བ་དང། སློབ་དཔོན་ལེགས་པའི་ལམ་ལ་དགོངས་ཤིང་དགེ་བའི་གགས་བྱེད་པ་དང། སྡིག་པའི་ལས་ལ་བསྐུལ་བ་དང། རྦོད་པའི་ལས་བྱེད་ན་བཀའ་བཅག་པ་འབྱུང་ངོ། ། བཀའ་བདེན་པ་མི་སྟོན་ཅིང། མུ་སྟེགས་དང་ལོག་པའི་ཕྱོགས་སྟོན་པར་བྱེད་ན་ཡང་སྤང་བར་བྱའོ།། མཆེད་དང་ལྕམ་དྲལ་ཡང་དཀར་པོའི་ཕྱོགས་ལ་སྨོད་ཅིང་ནག་པོའི་ཕྱོགས་ལ་བསྟོད་པ་དང། དད་པ་ཅན་གྱི་ཚོགས་གཅོག་ཅིང། དགེ་བ་ཅན་གྱི་ཐུགས་དཀྲུག་པ་དང། བཀའ་ལས་འགལ་ཞིང་མཆེད་ལ་འཁུ་ན་ངག་གཅག་གོ། དམ་ཚིག་དང་བརྩེ་གདུང་མེད་ཅིང། སྡིག་ལ་མི་འཛེམ་པ་དང། ཆོས་ལ་མི་དད་ཅིང་དགེ་བ་ལ་མི་གུས་པ་དང། ཡོ་བྱད་ལ་བསོག་འཇོག་བྱེད་ཅིང་ཕུད་ལ་ཁྱེར་རྔམ་ཆེ་ན་སྤང་ངོ།། གཟུངས་དང། དེ་བྱི་དང། གྲོགས་ཀྱང་དེ་བཞིན་ནོ།། དེ་ལས་གཞན་དུ་སློབ་དཔོན་གྱི་བཀའ་མི་གཅག་པ་དང། ཅི་གསུངས་བ་ཉན་པ་དང། མཆེད་ལྕམ་ལ་སོགས་པ་ཡང་དེ་བཞིན་ནོ།། བཟང་པོའི་ལས་ནི་བདེན་པའི་ཆོས་ཡིན་ལ། སྡིག་པའི་ལས་དམ་ལ་མི་གནས་པ་མིན་པས། སངས་རྒྱས་ཐམས་ཅད་ཀྱི་དམ་པར་དམ་གཅིག་ཡིན་པས། དམ་ཚིག་ཡིད་ལ་འཛིན་པ་ནི་སངས་རྒྱས་ཐམས་ཅད་འཛིན་པ་ཡིན་པས། གཞན་གྱི་རྩོལ་བ་ཅིའང་མ་བྱས་ཀྱང་སངས་རྒྱས་པས་མ་ཉམས་གཙོར་གཟུང་ཞིང་ཉམས་པ་སྤང་བར་ཀུན་ཏུ་བཟང་པོ་ངས་གསུངས་སོ། ། ས་མ་ཡ་བཀོད་པ་ལས། འགལ་བ་བཅོས་ཤིང་སྤང་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། གཞན་ཡང་སེམས་དཔའ་ཆེན་པོ་དམ་ཚིག་གི་དོན་མི་ལེན་པར་གསང་བའི་དོན་སྤྱོད་པ་ནི། ནམ་མཁའ་ལ་ཁང་བུ་བརྩིག་པ་དང། རྡོ་རྗེ་བྲག་ལ་ས་བོན་འདེབས་པ་འདྲ་སྟེ། ཅི་བྱས་ཀྱང་འབྲས་བུ་མེད་ཅིང་ཚི་ཆད་པར་འགྱུར་བས། འདི་སྐད་ཅེས་གསུངས་ཏེ། སྔ་རབ་འདས་པའི་སངས་རྒྱས་ཀྱང།། དམ་ཚིག་འདི་རྟོགས་མངོན་སངས་རྒྱས། ། ད་ལྟར་བྱུང་བའི་སངས་རྒྱས་ཀྱང།། དམ་ཚིག་འདི་སྲུངས་མངོན་སངས་རྒྱས།། སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང།། དམ་ཚིག་འདི་སྤྱོད་དེ་བཞིན་རྒྱས།། དམ་པའི་དོན་དེ་སངས་རྒྱས་ཡིན། ། གཞན་དུ་རྣལ་འབྱོར་མ་ཚོལ་ཅིག། ལྟ་སྤྱོད་སྒྲུབ་ཐབས་འཕྲིན་ལས་ཀྱང།། དམ་ཚིག་ཡོད་ན་དེ་དག་ངེས།། གལ་ཏེ་དམ་ཚིག་འདི་མེད་ན།། བྱས་ཀྱང་ཕན་མེད་སྡུག་བསྔལ་ཆེ།། སྤུར་བས་སྲིན་བལ་ལམ་དྲངས་དང། ། གླང་ཆེན་རྫབ་ཏུ་ཆུད་པ་བཞིན།། བཙལ་ཀྱང་ཕན་མེད་ངལ་ཆད་པས།། དམ་མེད་དེ་ཡང་དེ་དང་མཚུངས།། ཟང་ཟིང་ནོར་དང་ལོངས་སྤྱོད་ལ།། འབྱོར་བས་ཆེ་ཕྲ་ཁས་བླངས་ནས། ། སངས་རྒྱས་རྣམས་དང་བླ་མ་དང།། དེ་བཞིན་མཆེད་ལ་སོགས་པ་ལ།། དང་པོར་དད་པས་ཁས་བླངས་ནས།། དབུལ་བར་དམ་བཅས་འདས་ན་ནི།། སངས་རྒྱས་སྐུ་བསླུས་ཞེས་བྱ་སྟེ།། བརྫུན་པར་ལྷ་མི་ཡིད་ཆེས་པས། ། དངོས་གྲུབ་འབྲས་བུ་ཅི་བཙལ་ཀྱང།། འདི་དང་ཕྱི་མར་ཐོབ་མི་འགྱུར།། གལ་ཏེ་སྔོན་གྱི་ལས་བསྙེགས་ཀྱིས།། དུས་འདིར་ཅུང་ཟད་བདེར་གྱུར་ཀྱང།། ཕྱི་མ་ལ་ནི་འགྲུབ་མི་འགྱུར།། ངན་སོང་དམྱལ་བའི་གནས་སྐྱེས་ནས། ། སྡུག་བསྔལ་ཉམ་ཐག་གྱུར་པ་ལ།། མགོན་སྐྱབས་སུས་ཀྱང་ནུས་མི་འགྱུར།། རྣལ་འབྱོར་འཐབ་རྩོད་སྐྱེས་པ་ལ།། གཅིག་ལན་གཅིག་གིས་བྱེད་པ་ནི།། བེའུ་སྦྲེལ་གཡང་དུ་ལྷུང་བ་བཞིན། ། གཉིས་ཀ་དམྱལ་བར་ལྟུང་བར་འགྱུར།། གང་ཞིག་བསྲིངས་པ་དེ་རྒྱལ་བས།། གཉིས་ཀས་བསྲིངས་ན་རྒྱལ་བར་ངེས།། རྩོད་པས་རྒྱལ་བ་འཕེལ་མ་ཡིན།། གང་གིས་ཕམ་བླངས་རྒྱལ་བར་འགྱུར།། དོན་མེད་སློབ་དཔོན་སློབ་མ་མཆེད། ། ལོང་བས་ལོང་བ་ཁྲིད་པ་བཞིན།། ངམ་གྲོག་གཡང་སར་ཀུན་ལྷུང་ལྟར།། མི་བདེ་ངན་སོང་གསུམ་དུ་སྐྱེ།། དེ་ལ་དམ་པ་འདི་ཐོས་ནས།། ཇི་ལྟར་མུན་པར་སྒྲོན་བཏེག་བཞིན།། དེ་མ་ཐག་ཏུ་གསལ་གྱུར་ནས། ། བྱང་ཆུབ་འཚང་རྒྱ་གདོན་མི་ཟ།། དམ་ཚིག་ཆེན་པོའི་ལྟ་བ་ལ།། ལྟ་སྤྱོད་དམའ་བའི་འགལ་འཇུགས་པ།། བྱ་འཕུར་རྗེས་སུ་ཁྱི་སྙེགས་བཞིན།། རང་ཉིད་ཚི་ཆད་སྒྲིབ་པར་ལྷུང།། མན་ངག་ལུང་དང་ལྡན་པ་ལ། ། དོན་གྱི་བཀུར་སྟི་མི་བྱེད་ཅིང།། ཐབས་ཀྱིས་སྨོད་ཅིང་དོན་འགྲུབ་པ།། ཉེས་འགྱུར་ཉམས་པ་བརྗོད་མི་ལང།། སློབ་དཔོན་ངེས་པ་ཅན་རྣམས་ཀྱིས།། གསང་བ་ངེས་པར་དམ་ཕོག་པ།། དེ་མ་ཐག་ཏུ་གྲགས་ཤིང་སྟོན། ། དེ་ཡི་མཚན་ཉིད་དེ་དང་མཚུངས།། སློབ་དཔོན་བཀའ་ལྟར་མི་བྱེད་ཅིང།། སློབ་མ་བསྟན་པ་མི་ཉན་པ།། གསང་བ་དོན་ལ་ཅི་བསྒྲུབས་ཀྱང།། སྒྲུང་དང་འདྲ་སྟེ་ཕན་མེད་འགྱུར།། ཞེས་ཆེད་དུ་བརྗོད་དོ། ། དམ་ཚིག་ཐམས་ཅད་ཀྱི་རྒྱལ་པོ་ས་མ་ཡ་བཀོད་པའི་རྒྱུད་ལས། གསང་དོན་སྤྱད་ཉེས་པའི་སྐྱོན་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། སེམས་དཔའ་ཆེན་པོ་དམ་ཚིག་གསང་བའི་དོན་སྤྱོད་ཤེས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བས་དཀོན་ཞིང་རིན་ཆེ་བ་དེ་སྒྲོམས་སུ་བཅུག་ནས། བཀུར་བ་དང་མཆོད་པ་བྱས་ན། ཅི་འདོད་པའི་དགའ་བ་བསྐྱེད་པ་བཞིན། ཐབས་ལ་མཁས་པའི་རྣལ་འབྱོར་ཆེན་པོས་འདི་དག་སེམས་ལ་བཅངས་ཤིང་སྤྱད་ལེགས་པར་བྱས་ན། འཇིག་རྟེན་གྱི་ཁམས་འདིར་དགོས་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་བ་ལྟ་ཅི་སྨོས་ཀྱི། འཇིག་རྟེན་ཕྱི་མའི་དངོས་གྲུབ་ཐམས་ཅད་ཀྱང་ད་ལྟར་ཉིད་དུ་འགྲུབ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅད་ཀྱི་གདུང་འཚོབ་ཅིང། སངས་རྒྱས་ཐམས་ཅད་ཀྱི་སྲས་སུ་གྱུར་ནས། འཁོར་གྱི་མ་མོ་དང། མཁའ་འགྲོ་མ་དང། དམ་བཅས་པ་ཐམས་ཅད་ཀྱིས་ཅི་བསྒོ་བ་ཐམས་ཅད་ཉན་ཞིང་ཞབས་སྤྱི་གཙུག་གིས་ལེན་ཏེ། གསང་བ་ཐམས་ཅད་བྱིན་དང་ལྡན་པར་འགྱུར་བས་འདི་སྐད་ཅེས་གསུངས་སོ།། རྣལ་འབྱོར་བརྩོན་པ་རབ་ལྡན་པས།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་གྲངས། ཅེས་གསུངས་སོ།། དེ་ནས་བྷོ་དྷི་ས་ཏྭ་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། རྫོགས་སོ།།།། རྒྱ་གར་སྐད་དུ།། བོ་དྷི་ས་ཏྭ་ཨུ་བ་དེ་ཤ་རད་དཱི་བི་ཛྭ་ལ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་མན་ངག། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འོག་མིན་གྱི་གནས་ཆོས་ཉིད་ཕོ་བྲང་ཡངས་པའི་ཀློང་ཆེན་གདལ་བའི་གནས་ན། གསང་བདག་ཆེན་པོ་དམ་པ་དང་པོའི་སངས་རྒྱས་དེ་དུས་གསུམ་ཇི་བཞིན་གདལ་ཁྱབ་ཆེན་པོའི་ངོ་བོར་བཞུགས་སོ།། དེའི་འཁོར་ནམ་མཁའ་གང་བའི་བདེར་གཤེགས་དང། བར་སྣང་གང་བའི་མཁའ་འགྲོ་དང། ས་གཞི་གང་བའི་སྐྱེ་འགྲོ་ལ་སོགས་པ་ཏིལ་གྱི་གང་བུ་ལྟར་ཁེངས། ནང་ནས་རིགས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་འཁོར་གྱི་ནང་ནས་བཞེངས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅང་མི་སྨྲ་བར་འཁོད་དོ།། དམ་པ་དང་པོའི་སངས་རྒྱས་པར་མཁྱེན་ནས། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཁྱེད་ལ་སོགས་པའི་འཁོར་རྣམས་དགའ་བའི་སེམས་ཀྱི་མདངས་ཕྱུང། དང་པོའི་སེམས་ཀྱིས་ལུས་བཏུད་ནས་ཅང་མི་སྨྲ་བར་མཉམ་གཞག་གི་ཚུལ་གྱིས་འཁོད་དེ། འདོད་པ་ཅི་དགོས་གསོལ་ཅིག་ཅེས་གསུངས་སོ།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་སངས་རྒྱས་ལགས། ། འདས་དང་མ་བྱོན་ད་ལྟ་ཡི།། བསྟན་པ་སྟོན་པ་འཁོར་གནས་དུས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། སྔོན་བྱུང་ཐོག་མའི་བསྟན་པ་ནི། ། སྣང་སྲིད་ཀུན་ཏུ་འགག་མེད་ཡིན།། དེ་ཡི་རྗེས་འཇུག་བསྟན་པ་ནི།། རྒྱུད་དང་ལུང་དང་མན་ངག་ཡིན།། དེ་ཡི་གདུང་འཚོ་བསྟན་པ་ནི།། རིན་ཆེན་སྒྲོན་མ་འདི་ཉིད་ཡིན།། སྔོན་བྱུང་ཐོག་མའི་སྟོན་པ་ནི། ། རང་བྱུང་སྒྲིབ་པ་མེད་པ་ཡིན།། དེ་ཡི་རྗེས་འཇུག་བསྟན་པ་ནི།། སྟོན་པ་ཀུན་ཏུ་བཟང་པོ་ཡིན།། དེ་ཡི་གདུང་འཚོ་བསྟན་པ་ནི།། ལས་ཅན་སྤྲུལ་སྐུར་བྱུང་བ་ནི།། སྔོན་བྱུང་ཐོག་མའི་འཁོར་བསྟན་པ།། མི་འགག་མི་སྒྲིབ་གཉིས་མེད་ཡིན། ། དེ་ཡི་རྗེས་འཇུག་འཁོར་བསྟན་པ།། སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཡིན།། དེ་ཡི་རྗེས་འཇུག་དེ་ཡི་གདུང་འཚོ་འཁོར།། ལས་ཅན་སྐལ་བར་ལྡན་པ་ཡིན།། སྔོན་བྱུང་ཐོག་མའི་གནས་བསྟན་པ། ། ཡེ་ཤེས་སྒྲིབ་མེད་གཞལ་ཡས་ཡིན།། དེ་ཡི་རྗེས་འཇུག་གནས་བསྟན་པ།། ཀུན་བཟང་ལྷ་ཡི་ཕོ་བྲང་ཡིན།། དེ་ཡི་གདུང་འཚོ་གནས་བསྟན་པ།། དར་མོ་དར་ཡའི་ཆོས་འབྱུང་ནས།། གྲུ་གསུམ་ཨེ་ལས་ཐམས་ཅད་འབྱུང། ། བྷ་ག་གཞལ་ཡས་ཁང་དུ་གསུངས།། སྔོན་བྱུང་ཐོག་མའི་དུས་བསྟན་པ།། དུས་གསུམ་དབྱེ་བ་མེད་པ་ཡིན།། ཐམས་ཅད་དུས་ཆེན་གཅིག་ཏུ་བསྟན།། དེ་ཡི་རྗེས་འཇུག་དུས་བསྟན་པ། ། སངས་རྒྱས་སེམས་ཅན་ཐམས་ཅད་དང།། འཁྲུལ་པ་བཟང་ངན་འབྱུང་དུས་ཡིན།། དེ་ཚེ་གདུང་འཚོ་དུས་བསྟན་པ།། ཤས་རྒྱུད་གཅིག་གི་ངོ་བོ་ལ།། རྣམ་གྲོལ་ཡེ་ཤེས་ཤར་བ་ཡིན།། སྔོན་བྱུང་མེད་ན་ཐོག་མ་མེད། ། རྗེས་འཇུག་མེད་ན་ཐ་མ་མེད།། གདུང་འཚོ་མེད་ན་དར་ཡང་འཆད།། གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། གླེང་གཞི་དང་གླེང་སླང་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། མ་བྱུང་མ་སྐྱེས་སྔོན་རོལ་གྱི།། ཆོས་ཉིད་སྤྱི་ཡི་གནས་ཚུལ་དེ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་ཁྱོད་ཉོན་ཅིག། ཆོས་ཉིད་སྤྱི་ཡི་གནས་ཚུལ་དེ།། ཡིན་ལུགས་ཅི་ཡང་མ་ཡིན་ཏེ།། ཁ་དོག་དབྱིབས་དང་གྲངས་མ་ཡིན།། ཕོ་མོ་མ་ནིང་གཟུགས་མ་ཡིན།། ཇི་ལྟར་ནམ་མཁའི་དཀྱིལ་དང་འདྲ། ། གནས་ལུགས་སྤྱི་ཁྱབ་གནས་པ་དེ།། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་ལྕགས་ཆེན་རབ་ཏུ་འབར་བ་ཡིས།། དབྱེ་ཞིང་བསྐོལ་བ་མ་ཡིན་ཏེ།། ཇི་ལྟར་ཏིལ་དང་མར་བཞིན་ནོ། ། དེ་ཡི་རྟོགས་པའི་རྟོགས་ལུགས་ནི།། ཡོན་ཏན་ཕྱོགས་རེ་སོ་སོར་རྟོགས།། བསམ་བརྗོད་བྲལ་བས་སྟོང་པར་རྟོགས།། མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་དཔེ།། ཇི་ལྟར་ལོང་བ་དུ་མ་ཡིས།། གླང་ཆེན་གཏན་ལ་འབེབས་པ་བཞིན། ། དེ་ཉིད་གཏན་ལ་འབེབས་ཚུལ་ནི།། སྣང་སྲིད་འཁོར་འདས་ཐམས་ཅད་དུ།། ཁྱབ་གདལ་ཆེན་པོའི་ངོ་བོ་སྟེ།། ཇི་ལྟར་མཁའ་ལ་ཉི་ཤར་འདྲ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་སྤྱིའི་གནས་ཚུལ་དང་གནས་ལུགས། དེ་ཉིད་གཏན་ལ་འབེབས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་དེས་འཁོར་གྱི་ནང་ནས་བཞེངས་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་ཉིད་རང་གི་ངོ་བོ་ཡི།། དེ་ཡི་ཡོན་ཏན་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་དེ།། ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པ་ཡིན།། མཐའ་མ་སྤངས་པར་གྲོལ་བ་ཡིན།། སྣང་བ་མ་འགགས་རང་བཞིན་གཉིས་སུ་མེད་པ་ཡིན། ། སྣང་ལ་མ་འདྲེས་ཡོངས་སུ་རྫོགས་པ་ཡིན། ཉམ་ང་མེད་པ་ལྟ་བའི་གདེང་ཡིན། དམིགས་འཛིན་མེད་པ་ཏིང་ངེ་འཛིན་གྱི་གདེང་ཡིན། བླང་དོར་མེད་པ་སྤྱོད་པའི་གདེང་ཡིན།། སྤངས་ཐོབ་མེད་པ་འབྲས་བུའི་གདེང་ཡིན། ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན།། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན། མན་ངག་ཐམས་ཅད་ཀྱི་ངེས་དོན་ཡིན། དགོངས་པ་ཐམས་ཅད་ཀྱི་ཞེ་ཕུག་ཡིན། ཐེག་པ་ཀུན་གྱི་ཡང་རྩེ་ཡིན། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། ཐེག་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག་ཡིན། དུས་གསུམ་སངས་རྒྱས་ཀྱི་ཡབ། བྱང་ཆུབ་སེམས་དཔའ་སྐྱེད་པའི་ཡུམ། རིགས་པ་འཛིན་པའི་ཉི་མ། ཆོས་ཐམས་ཅད་ཀྱི་མེས་པོ་ཡིན། བཀའི་ཡང་སྙིང་ཡིན། དོན་ཐམས་ཅད་ཀྱི་འཇུག་སྡུད་ཡིན། མ་རིག་པ་ཐམས་ཅད་ཀྱི་མུན་སེལ་ཡིན། ལོག་པར་ལྟ་བ་ཀུན་གྱི་གཉེན་པོ་ཡིན། ། གསང་སྔགས་མ་ལུས་པ་ཀུན་གྱི་བཀའ་སྒོ་ཡིན། ཆེ་བ་བས་ཀྱང་ཤིན་ཏུ་ཆེ་བ་ཡིན། གསང་བ་བས་ཀྱང་ཤིན་ཏུ་གསང་བའོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་རང་གི་ངོ་བོས་རང་གི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་ཉིད་རང་གི་ངོ་བོ་ལ།། ལོག་རྟོག་མཚན་མ་མངའ་མི་མངའ། ། རྒྱུན་དང་དུམ་བུར་གནས་མི་གནས།། རྣམ་པའི་གྲངས་སུ་བགྲང་མི་བགྲང།། གཉིས་སྣང་ཤེས་པ་འཇུག་མི་འཇུག། སྤྲོས་པའི་མཐའ་རུ་སོང་མ་སོང།། དབྱེ་ཞིང་བསྐོལ་བར་ཡོད་དམ་མེད།། བདག་ཅག་འཁོར་ཚོགས་ཐམས་ཅད་ལ། ། ཚངས་པའི་གསུང་ལྟར་བསྒྲགས་སུ་གསོལ།། དམ་པ་དང་པོས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་ལ། ལོག་རྟོག་མཚན་མ་མི་མངའ་སྟེ། ། ཇི་ལྟར་ནམ་མཁའི་མཚན་ཉིད་ལ།། ལྷོ་སྤྲིན་རླུང་གིས་གཏོར་བ་ལ།། ཉི་མའི་སྙིང་པོ་ཤར་བ་བཞིན།། གསལ་ཞིང་དག་པའི་ངོ་བོར་བཞུགས།། ཆོས་ཉིད་རང་གི་ངོ་བོ་དེ།། རྒྱུན་དང་དུམ་བུར་མི་གནས་ཏེ། ། ཇི་ལྟར་ཆུ་བོ་ཆེན་པོ་བཞིན།། དུས་གསུམ་རྒྱུན་ཆད་མེད་པར་གནས།། ཆོས་ཉིད་རང་གི་ངོ་བོ་དེ།། རྣམ་པའི་གྲངས་ལས་འདས་པ་སྟེ།། རྣམ་དག་ནམ་མཁའི་དཀྱིལ་བཞིན་གནས།། ཆོས་ཉིད་རང་གི་ངོ་བོ་ལ། ། གཉིས་སྣང་ཤེས་པ་མ་ཞུགས་ཏེ།། གཉིས་མེད་རྒྱ་མཚོའི་རྫིང་དང་འདྲ།། ཆོས་ཉིད་རང་གི་ངོ་བོ་ལ།། སྤྲོས་པའི་མཐའ་དང་ཡེ་བྲལ་ཏེ།། སྤྲོས་བྲལ་ཆེན་པོའི་ངོ་བོར་བཞུགས།། ཆོས་ཉིད་རང་གི་ངོ་བོ་ལ།། དབྱེ་ཞིང་བཀོལ་བ་མ་མཆིས་ཏེ། ། ཇི་ལྟར་རིན་ཆེན་གསེར་གླིང་བཞིན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། འཁོར་འདས་གཉིས་ཀྱིས་སོ་མཚམས་སུ་གདེང་ཆེན་ཐོ་བཙུགས་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཆོས་ཉིད་རང་གི་ངོ་བོ་ལ། ཉི་མའི་འོད་ཟེར་བདལ་བ་བཞིན།། རིག་པ་ཕྱི་ནང་མེད་པར་ཕེབས།། ནང་དུ་བདག་རིག་དངོས་མེད་ཤེས།། ཕྱི་རུ་གཞན་རིག་དངོས་མེད་ཤེས། ། ཡུལ་སེམས་རིགས་སུ་མི་འཛིན་པས།། ཡུལ་སྣང་རྣམ་པ་གང་ཡང་མེད།། ཤེས་པ་ཚུར་འཇུག་རྣམ་པ་མེད།། དེ་ལ་རྟོགས་ཚད་བཞི་ཡོད་དེ།། བློ་ཕྱོགས་མེད་དུ་ཤར་བས་སྤང་བ་མེད་ཅིང་སྒྲུབ་པ་མེད། ། བླང་བ་མེད་ཅིང་དོར་བ་མེད།། བཏང་བ་མེད་ཅིང་བཞག་པ་མེད།། ཤེས་རྒྱུད་གཅིག་གི་ངོ་བོ་ལ།། དེ་རྟོགས་ཚད་ནི་ཅི་ལགས་ཞུས་པས། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་ཁྲོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་རང་གི་ངོ་བོ་ལ། རིག་པ་སྤྱི་བླུགས་སྦྱི་ན་མར་ཆུ་བླུགས་པ་བཞིན།། ཉམས་ཀྱི་རྟེན་མི་འཚོལ་ཏེ་ཚུལ་ཁྲིམས་སྡོམ་པ་ལྷ་མི་སྒོམ། ངོ་བོ་ཡེ་བྲལ་ཆེན་པོ་ལས། མྱོང་བྱ་མྱོང་བྱེད་གཉིས་མེད་པས།། མཚན་མའི་རྟོག་འཛིན་མ་གྲུབ་པས།། དཔེར་ན་ལྕེའི་རོ་མཆོག་མྱོང་བ་མེད་པ་བཞིན་ནོ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་རང་གི་ངོ་བོ་དེ་ཤེས་རྒྱུད་གཅིག་གི་ངོ་བོ་ལ་རྟོགས་པའི་ཚད་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། དཔེ་མཚན་ཚིག་གི་ལྡེ་མིག་གིས། ། དོན་གྱི་ངོ་བོ་རྟོགས་མི་རྟོགས།། ཚིག་དོན་གཉིས་ཀྱི་འབྲེལ་བ་གཅིག། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཚིག་གི་བརྡ་ཡིས་དོན་རྣམས་གོ། ཆོས་རྣམས་བརྡ་རུ་ཤེས་ན་ལས་ཅན་ཡིན།། སེམས་ཀྱིས་སེམས་མྱོང་ཉམས་མྱོང་ཡིན།། ཕྱོགས་རིས་དབྱེ་བ་མེད་ན་ཐེག་པ་ཡིན།། ཅེས་གསུངས་སོ། ། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག་མན་ངག་དོན་གྱི་བཤད་ལུགས་ནི།། དོན་གྱི་བཤད་ལུགས་ལྔ་ཡིས་བཤད།། ལོ་རྒྱུས་དོན་གྱི་བཤད་པ་ནི།། བསྟན་པའི་ལོ་རྒྱུས་བཤད་པ་དང། ། སྟོན་པའི་ལོ་རྒྱུས་བཤད་པ་དང།། བཤད་པའི་ལོ་རྒྱུས་བཤད་པ་དང།། བརྒྱུད་པའི་ལོ་རྒྱུས་བཤད་པའོ།། རྩ་བ་དོན་གྱི་བཤད་པ་ནི། དེ་ལ་རྣམ་པ་གསུམ་ཡོད་དེ།། ཆོས་རྣམས་ཀུན་གྱི་སྙིང་པོ་ནི།། རྣམ་པ་ཀུན་ལྡན་རྣམ་པ་མེད། ། སྙིང་པོ་མཆོག་གི་རྩ་བ་ཡིན།། དོན་གྱི་བཅུད་རྣམས་འདུས་པ་ལ།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། ཡོ་ག་དོན་གྱི་བཤད་པ་ནི།། ཨ་ནི་སྐྱེ་བ་མེད་པ་ཡིན།། འགག་པ་མེད་པ་ཏི་ཡིན་ཏེ། ། ལྷག་མ་མ་ལུས་ཐམས་ཅད་ཡིན།། དགོས་ཆེད་དོན་གྱི་བཤད་པ་ནི།། དགོས་ནི་ཕྱོགས་འཛིན་ཆ་ལ་དགོས།། ཆེད་ཀ་རྣམ་གྲོལ་རྟོགས་པར་བསྟན།། ཚིག་གི་དོན་གྱི་བཤད་པ་ནི།། དེ་ལ་རྣམ་པ་གསུམ་ཡོད་དེ། ། རབ་ལ་མཚན་བསྟན་འབྲིང་ལ་དབྱེ་བ་བསྟན།། ཐ་མ་འབྲུ་གཉེར་དགྲོལ་བའོ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཚིག་དང་བརྡ་ལ་བརྟེན་ནས་དོན་གྱི་ངོ་བོ་རྟོག་པར་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཚིག་གི་དོན་ཅིག་གོ་བ་ལ།། དུས་ལ་སྔ་ཕྱི་ཡོད་དམ་མེད།། ཐེ་ཚོམ་ཡིད་གཉིས་ཟ་མི་ཟ། ། ཞེས་ཞུས་པས། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། བརྡ་དང་ཚིག་ལ་བརྟེན་ནས་སུ།། དོན་གྱི་ངོ་བོ་རྟོགས་པ་ལ།། དུས་གསུམ་སྔ་ཕྱི་མི་མངའ་སྟེ།། ལྟ་བ་ལ་ཆེ་ཆུང་མེད་དེ་ཆིག་ཆོད། ། དགུང་ལ་ཁྲི་གདུགས་བརྡལ་བ་འདྲ།། ཏིང་ངེ་འཛིན་ལ་བཏང་བཞག་མེད་དེ་ཆིག་ཆོད།། སྐྱེས་བུ་ལམ་དུ་ཞུགས་པ་འདྲ།། དུས་ལ་སྔ་ཕྱི་མེད་དེ་ཆིག་ཆོད།། དམུས་ལོང་ཉིན་མཚན་དབྱེར་མེད་འདྲ།། ས་ལ་མཐོན་དམན་མེད་དེ་ཆིག་ཆོད། ། རིན་ཆེན་གསེར་གླིང་ཕྱིན་པ་འདྲ།། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། གདེང་དང་ལྡན་པའི་རྣལ་འབྱོར་ལ།། ཐེ་ཚོམ་ཡིད་གཉིས་མི་མངའ་སྟེ། ། བདག་ཏུ་འཛིན་པའི་འཁྲུལ་པ་ཆད་པ་དང།། སྣང་བ་ཇི་མི་སྙམ་པའི་ཤེས་པ་སྐྱེས་པ་དང།། བྱིན་བརླབས་འགག་པ་མེད་པ་གསུམ་དུས་མཉམ།། ཆོས་སྐུ་བློ་ལས་འདས་པ་དང།། ལོངས་སྐུ་རང་དོན་མཐར་ཕྱིན་དང། ། སྤྲུལ་སྐུ་གཞན་དོན་རྫོགས་པ་གསུམ་དུས་མཉམ། གཅིག་ལམ་གཅིག་སྐུ་གཅིག་འབྲས་བུ་གཅིག། གནས་གཅིག་ཡུལ་གཅིག་དུས་ཀྱང་གཅིག། ཕྱི་ནང་མཐོ་དམན་བདག་གཞན་མེད་པར་བསྟན།། དེའི་མཚོན་དཔེ་བསྟན་པ་ནི། ། ཉི་མའི་སྙིང་པོ་ལྷག་གིས་ཤར་བ་དང།། འོད་ཀྱིས་ཀུན་ཏུ་ཁྱབ་པ་དང།། མུན་པ་སངས་པ་དང་གསུམ་དུས་མཉམ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། བརྡ་དང་ཚིག་ལ་བརྟེན་ནས་དོན་གྱི་ངོ་བོ་རྟོག་པ་ལ་ཐེ་ཚོམ་ཡིད་གཉིས་མེད་པར་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། ཆོས་ཉིད་དོན་གྱི་ངོ་བོ་དེ།། རྟོགས་པ་རིགས་ཅན་གཅིག་གི་ཤེས་རྒྱུད་ལ།། ངོ་ཡིས་གཟུང་ན་ཇི་ལྟར་གཟུང།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག་ཆོས་ཉིད་དོན་གྱི་ངོ་བོ་དེ། གོ་བར་བྱེད་པའི་ལས་ཅན་དེས།། ངོ་ཡིས་གཟུང་ན་བཞི་ཡོད་དེ།། ཆོས་ཉིད་དོན་གྱི་རང་བཞིན་ལ།། ལོག་རྟོག་སྒྲིབ་པ་མི་མངའ་བས། ། ཡེ་སངས་རྒྱས་པའི་ཐིག་ལེ་རུ།། དོན་གྱི་ངོ་ཡིས་དེ་རུ་གཟུང།། ཆོས་ཉིད་དོན་གྱི་ངོ་བོ་ལ།། ཡོན་ཏན་སྣང་སྲིད་ཀུན་འབྱུང་བས།། ཀུན་འབྱུང་ཡངས་པའི་ལྟ་བ་རུ།། དོན་གྱི་ངོ་ཡིས་དེ་རུ་གཟུང།། ཆོས་ཉིད་དོན་གྱི་ངོ་བོ་ལ། ། ལས་ཅན་བག་ཆགས་སྐྱོན་གྱིས་མ་གོས་པས།། སྒྲིབ་གཡོགས་མེད་པའི་ཆོས་ཉིད་དུ།། དོན་གྱི་ངོ་ཡིས་དེ་རུ་གཟུང།། ཆོས་ཉིད་དོན་གྱི་སྣང་བ་ལ།། དགག་དང་སྒྲུབ་ཏུ་མེད་པ་ལ།། ལྷུན་གྱིས་གྲུབ་པའི་སྤྱོད་ཡུལ་དུ། ། དོན་གྱི་ངོ་བོས་དེ་རུ་གཟུང།། ཡང་གསུངས་པ་རིགས་ཀྱི་གཙོ་བོ་སེསམ་དཔའ་ཆེན་པོ་ཉོན་ཅིག། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བཅོས་ཀུན་ལ་ཁྱབ་པས་ན།། གདལ་ཁྱབ་ཉི་མའི་ཟེར་དང་འདྲ། ། ཆོས་ཉིད་དོན་གྱི་རང་བཞིན་ལ།། མཚན་མའི་རྟོག་པ་སྤྱད་དུ་མེད་པ་ཡིས།། དབྱིངས་ཆེན་རྣམ་པར་དག་པར་བསྟན།། ཆོས་ཉིད་དོན་གྱི་ངོ་བོ་དེ།། ཡོན་ཏན་མ་འགགས་རྒྱུན་དུ་འབྱུང་བས་ན། ། མེད་ལ་ཟད་མི་ཤེས་པ་དང།། སྟོང་པ་ཐམས་ཅད་འབྱུང་བ་ཡིས།། ཇི་ལྟར་ནམ་མཁའི་ཆོ་འཕྲུལ་འབྱུང་བ་བཞིན་དུ་བསྟན།། ཆོས་ཉིད་དོན་གྱི་ངོ་བོ་དེ། སྒྲིབ་གཡོགས་མུན་པས་བར་མ་ཆོད།། མ་བསྒྲིབས་ཕྱི་ནང་གསལ་བ་ཡིས། ། ཡེ་ཤེས་ཆེན་པོ་ཞེས་ཀྱང་བསྟན།། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བཀག་སྔོན་དུ་རོལ་པས་ན།། རང་གི་ངོ་བོ་འགག་མེད་ཅིང།། གཞན་གྱི་རྐྱེན་གྱིས་མི་ཁེགས་པས།། གཞི་སྣང་འགག་པ་མེད་པར་བསྟན། ། ཆོས་ཉིད་དོན་གྱི་ངོ་བོ་དེ།། མ་བཙལ་ལྷུན་གྱིས་གྲུབ་པས་ན།། རང་བཞིན་བཅུ་ཡིས་བཙལ་དུ་མེད།། རྩོལ་སྒྲུབ་དག་དང་ཡེ་བྲལ་ནས།། ལྷུན་གྲུབ་ཆེན་པོའི་ངོ་བོར་བསྟན།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཉིད་ཀྱི་ངོ་བོ་དེ་རྟོགས་ལྡན་རིགས་ཅན་གྱི་གང་ཟག་ལ་དོན་ཡོན་ཏན་དུ་གཟུང་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཡོན་ཏན་ཆེན་པོའི་ཕྱག་རྒྱ་དེ།། དེ་ཡི་བཞུགས་ཚུལ་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཡོན་ཏན་ཆེན་པོའི་ཕྱག་རྒྱ་དེ་གཞི་མ་བཅོས་པར་བཞུགས། ཕྱོགས་གང་ཡང་མ་ལྟུང་བར་བཞུགས། རྒྱ་གར་ཡང་མ་ཆད་པར་བཞུགས། དོན་ངོས་འཛིན་དང་བྲལ་བར་བཞུགས། ཞེས་གསུངས་སོ།། ཡང་ཞུས་པ། རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡི།། དོན་ཆེན་ངོས་གཟུང་མེད་པ་སྟེ།། སྣ་ཚོགས་དོན་གྱིས་གཏན་ལ་ཇི་ལྟར་དབབ།། སྙིང་དང་འདྲ་བའི་འཁོར་ཚོགས་ལ།། ཚངས་པའི་གསུང་ལྟར་སྒྲག་ཏུ་གསོལ། ། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། གཏན་ཚིགས་གཏན་ལ་དོན་གྱིས་འབེབས་པ་བཞི།། དོན་ཆེན་ཕྱག་རྒྱའི་བཞུགས་ཚུལ་དེ། ། དང་པོ་རྒྱུ་ཡིས་མ་བསྐྱེད་པས།། ཐ་མ་རྐྱེན་གྱིས་མ་ཤིགས་སོ།། ཡེ་ནས་འབྲས་བུ་མཆོག་གྲུབ་པས།། རྩོལ་སྒྲུབ་དག་ལ་རག་མ་ལུས།། རང་བཞིན་ཅིར་ཡང་མ་གྲུབ་པས།། རོལ་པ་འགག་པ་མེད་པར་ཤར། ། བྱེད་པ་པོ་ཡིས་མ་བྱས་པས།། འདུས་བྱས་དག་ཏུ་འགྲོ་མི་འགྱུར།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཕྱག་རྒྱའི་གནས་ཚུལ་དང་གཏན་ཚིགས་ཀྱི་གཏན་ལ་འབེབས་ཚུལ་གྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་རྣམས་ཀུན་གྱིས་གཞི་མོ་ནི།། སྤྱི་བསྡུ་དོན་གྱི་ཕུང་པོ་དེ།། དེ་ཡི་གནད་ནི་གང་གིས་གཟུང། ། དེ་ཡི་སྲོག་ནི་གང་གིས་གཟུང།། དེ་ཡི་གཟེར་ནི་གང་གིས་གདག། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སྣང་སྲིད་འཁོར་འདས་ཀུན་གྱི་ཆོས།། གཞི་མོ་ལྷུན་གྲུབ་ཆེན་པོ་རུ།། ཀུན་གྱིས་གནད་དུ་དེས་གཟུང་ངོ།། མ་ཡེངས་རྒྱུན་དུ་གནས་པས་ན།། ལམ་ཆེན་ངང་གིས་གསལ་བ་ཡིན།། ལམ་གྱི་གནད་དུ་དེས་གཟུང་ངོ། ། གཞི་མོ་ལྷུན་གྲུབ་ཆེན་པོ་དེ།། རང་ལ་རང་ཆས་ཡོད་པས་ན།། རང་སར་གནས་པའི་འབྲས་བུའི་གནད་དུ་འབྱུང།། གཞི་མོ་ལྷུན་གྲུབ་ཆེན་པོ་དེ།། དངོས་པོ་མེད་པས་རྟག་པ་མེད།། སྣང་བ་མ་འགག་ཆད་པ་མེད། ། མི་འགྱུར་བས་རྟག་ཆད་གཉིས་ཀྱིས་གཟེར་ཐེབས་པ་ཡིན། བྱིང་རྒོད་གཉིས་སུ་མ་སོང་བས་གསལ་བའི་གཟེར་ཐེབས་པ་ཡིན། རྩེ་གཅིག་ཏུ་གནས་པས་སྤྲོས་པ་གཅོད་པའི་གཟེར་ཐེབས་པ་ཡིན། ཕྱོགས་རིས་མེད་པས་ལྟ་བའི་སྲོག་ཟིན་པ་ཡིན།། ཆུ་བོ་ལྟར་མི་འགྱུར་བས་ཏིང་ངེ་འཛིན་གྱི་སྲོག་ཟིན་པ་ཡིན། སྤུ་གྲི་འདྲ་སྟེ་རྣོ་ལ་གཅོད་པས་སྤྲོས་པའི་སྲོག་ཟིན་པ་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ། གནད་གསུམ་གཟེར་གསུམ་སྲོག་གསུམ་དགུ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། རྟོག་འཁྲུལ་མེད་པའི་སྔོན་རོལ་ན།། ཀུན་གྱི་གཞི་ནི་ཇི་ལྟར་ལགས།། སྙིང་དང་འདྲ་བའི་འཁོར་ཚོགས་ལ།། ཚངས་པའི་གསུང་ལྟར་སྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། དམ་པ་གཞིའི་གནས་ཚུལ་ནི། འདུས་མ་བྱས་པ་རྣམ་གསུམ་དུ་གནས་ཏེ། ལྷན་ཅིག་སྐྱེས་པ་རྣམ་པ་གསུམ་ཡིན་ཏེ།། འདུ་འབྲལ་མེད་པའི་ཚུལ་དུ་གནས་སོ།། ཡང་གསུངས་པ། དམ་པ་གཞི་ཡི་གནས་ཚུལ་ཏེ། ། དང་པོའི་ཤེས་བཞིན་ལུང་མ་བསྟན།། བག་ཆགས་མ་བསགས་ལུས་མ་བླངས།། འཁོར་འདས་གཉིས་ཀྱི་མ་རིག་ཀུན་གྱི་གཞི།། དེ་ཡི་མཚོན་པའི་དཔེ་བསྟན་པ།། དཔེར་ན་རྒྱ་ཞོ་མནན་པ་འདྲ། ཡང་གསུངས་པ། དམ་པ་གཞི་ཡི་གནས་ཚུལ་ནི།། ནམ་མཁའ་དང་ནི་འཇའ་ཚོན་འདྲ།། ཆོས་ཉིད་ནམ་མཁའ་ཆེན་པོ་དེ།། བྱས་པ་མེད་པར་རང་བྱུང་ཡིན།། ཐོག་མ་གཞའ་ཚོན་རྣམ་པ་ལྔ།། བྲིས་པ་མེད་པར་རང་གསལ་ཡིན། ། ཡང་ཞུས་པ། དམ་པ་གཞི་ཡི་གནས་ཚུལ་དེ།། ཡི་གེའི་ཚུལ་དུ་ཇི་ལྟར་གནས།། ཞེས་ཞུས་པས། ཡང་གསུངས་པ། དམ་པ་བཞི་ཡི་གནས་ཚུལ་ནི།། ཐིག་ལེ་སྐུ་གསུམ་ས་བོན་དུ།། ཡི་གེ་འབྲུ་གསུམ་ཚུལ་དུ་གནས། ། རྟེན་མེད་ཡི་གེ་གསུམ་ནི།། ཨ་དང་ང་དང་ཧ་དང་གསུམ།། སྐྱོན་དང་ཡོན་ཏན་ཀུན་གྱི་གཞི་ཡིན་ཏེ།། མ་རིག་ཡེ་ཤེས་ཀུན་གྱི་གཞི་རུ་གནས།། བྱས་པ་མེད་པར་རང་བྱུང་ཆེན་པོ་སྟེ། ། ཞེས་གསུངས་སོ།། ཉི་མའི་དཀྱིལ་འཁོར་ཞིན་གནས་པ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། གཞིའི་གནས་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། རྒྱུད་དྲུག་གནས་པའི་སེམས་ཅན་རྣམས།། དེ་ཡི་འཁྲུལ་ལུགས་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཞེས་ཞུས་པས། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རྒྱུད་དྲུག་གནས་པའི་སེམས་ཅན་རྣམས།། ཐོག་མ་འཁྲུལ་པའི་འཁྲུལ་ལུགས་ནི།། ཐོག་མ་རྐྱེན་གྱིས་འཁྲུལ་པ་དང། རྐྱེན་མེད་རང་འཁྲུལ་དུ་འཁྲུལ་པ་དང། རྐྱེན་མེད་རྐྱེན་ལྟར་སྣང་ནས་འཁྲུལ་པའོ།། ཐོག་མ་རྐྱེན་གྱིས་འཁྲུལ་པ་ནི།། རྒྱུ་ཡི་རྐྱེན་དང་བདག་པོའི་རྐྱེན།། དམིགས་པའི་རྐྱེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན། ། ཕྱི་ནང་རྣམ་རྟོག་རྐྱེན་བཞིས་འཁྲུལ།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། སེམས་ཅན་གྱི་འཁྲུལ་བ་མདོར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཐོག་མ་སེམས་ཅན་འཁྲུལ་པ་ཡི།། རྐྱེན་མེད་རང་འཁྲུལ་འཁྲུལ་པ་ཡི།། དེ་ཡི་འཁྲུལ་ལུགས་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ། ། ཞུས་པས།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཅན་རང་འཁྲུལ་རྒྱས་པ་རུ།། དེ་ཡི་འཁྲུལ་ལུགས་བསྟན་པ་ནི།། རླུང་ཆེན་གཡོས་པས་རིག་པ་འདེགས། ། དེ་ནས་ཡིད་འཁོར་ལོ་རྣམ་གསུམ་འགྱུར།། གསལ་ལ་མི་གཡོ་རྒྱ་མ་ཆད།། མི་འགྱུར་ཀུན་འགྲོ་ལྔ་རུ་འཁྲུལ།། ཕྱོགས་ལྔ་ཁ་དོག་ལྔ་དབྱིབས་ལྔར་འཁྲུལ།། རིགས་ལྔ་འཁོར་ལོ་འབྱུང་བ་ལྔ་རུ་འཁྲུལ། ། རྩལ་ལྔ་དོན་སྙིང་དབང་པོ་ལྔ་རུ་འཁྲུལ།། ཤ་ཁྲག་ཡན་ལག་ཉོན་མོངས་ལྔ་རུ་འཁྲུལ།། ནད་ལྔ་ལྷ་འདྲེ་ཕོ་མོ་མ་ནིང་ལྔ་རུ་འཁྲུལ།། རྩི་ཤིང་ནགས་ཚལ་རི་རྡོ་ས་བྲག་རིག་པ་དྲག་ཞན་ཤུགས་ཀྱིས་དེ་ལྟར་འཁྲུལ། ། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རང་འཁྲུལ་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། སེམས་ཅན་རང་འཁྲུལ་འཁྲུལ་པ་དེ།། ཤིན་ཏུ་རྒྱས་པར་ཇི་ལྟར་འཁྲུལ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཅན་རང་འཁྲུལ་འཁྲུལ་པ་ནི།། དེ་ཡི་འཁྲུལ་ལུགས་བསྟན་པ་ནི།། ཐིག་ལེ་སྐུ་གསུམ་ས་བོན་ནི།། ཡི་གེ་འབྲུ་གསུམ་གནས་པ་དེ།། ཨ་དང་ང་དང་ཧ་དང་གསུམ།། ཨ་ལས་རང་བྱུང་ཁ་དོག་ལྔ་ཤར་ཏེ། ། དཀར་པོ་སྔོན་པོ་སེར་པོ་དམར་པོ་ལྗང་ཁུ་ལྔ།། ང་ལས་ང་འཛིན་རིག་པ་ཡིད་བློ་དང་སེམས་དང་ལྔ།། ཧ་ལས་རྣམ་ཤེས་རྟ་རུ་དབུགས་འབྱུང།། རང་བྱུང་ཁ་དོག་དཀར་པོ་ལས། ། རིག་པ་དཔྱད་པ་ཡིད་ཀྱིས་གཟུང།། བློ་ཡིས་ཞེན་པས་སེམས་ཀྱིས་ཆགས།། དཀར་པོར་འཁྲུལ་པས་ཞེ་སྡང་སྐྱེས།། རང་བྱུང་ཁ་དོག་སྔོན་པོ་ལས།། རིག་པ་དཔྱད་པས་ཡིད་ཀྱིས་གཟུང།། བློ་ཡིས་ཞེན་པས་སེམས་ཀྱིས་ཆགས། ། སྔོན་པོར་འཁྲུལ་པས་གཏི་མུག་སྐྱེས།། རང་བྱུང་ཁ་དོག་སེར་པོ་ལས།། རིག་པ་དཔྱད་པས་ཡིད་ཀྱིས་གཟུང།། བློ་ཡིས་ཞེན་པས་སེམས་ཀྱིས་ཆགས།། སེར་པོར་འཁྲུལ་པས་ང་རྒྱལ་སྐྱེས། ། རང་བྱུང་ཁ་དོག་དམར་པོ་ལས།། རིག་པས་དཔྱད་པས་ཡིད་ཀྱིས་གཟུང།། བློ་ཡིས་ཞེན་པས་སེམས་ཀྱིས་ཆགས།། དམར་པོར་འཁྲུལ་བས་འདོད་ཆགས་སྐྱེས།། རང་བྱུང་ཁ་དོག་ལྗང་ཁུ་ལས།། རིག་པ་དཔྱད་པས་ཡིད་ཀྱིས་གཟུང། ། བློ་ཡིས་ཞེན་པས་སེམས་ཀྱིས་ཆགས།། ལྗང་ཁུར་འཁྲུལ་པས་ཕྲག་དོགས་སྐྱེས།། དུག་ལྔ་རྒྱས་པའི་འབྲས་བུ་ནི།། འགྲོ་བ་རིས་དྲུག་དག་ཏུ་སྨིན།། དེ་ལས་སྡུག་བསྔལ་སྣ་ཚོགས་འབྱུང། ། རྣམ་སྨིན་ལས་རྣམས་བསམ་མི་ཁྱབ།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། རང་འཁྲུལ་ཤིན་ཏུ་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སེམས་ཅན་འཁྲུལ་པའི་འཁྲུལ་ལུགས་ནི།། རྐྱེན་མེད་རྐྱེན་ལྟར་སྣང་ནས་འཁྲུལ་པའི་དོན།། བདག་ཅག་རྣམས་ལ་བསྟན་དུ་གསོལ། ། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཅན་རྐྱེན་ལྟར་སྣང་ནས་འཁྲུལ་པ་ནི།། གཞི་མོ་ལྷུན་གྲུབ་དོན་མ་རྟོགས།། རྐྱེན་མེད་རྐྱེན་ལྟར་སྣང་བར་མཐོང། ། དཔེར་ན་ཤེལ་སྒོང་དག་པ་ལ།། རས་ཀྱི་རྐྱེན་གྱིས་ཁ་དོག་འབྱུང།། ཤེལ་སྒོང་དག་གིས་རས་མ་སྤངས།། ཤེལ་གྱི་རང་བཞིན་ངོ་བོ་ལ།། ཁ་དོག་གང་དུ་འགྱུར་བ་མེད།། དེ་ནས་རྐྱེན་ལྟར་སྣང་བ་ནི། རྐྱེན་མི་གནས་པ། རྐྱེན་མ་སྤངས་པ། དེ་ཉིད་རང་ཡིན་པ། རང་ལྟར་སྣང་བ། རང་མ་སྤངས་པ། རང་མི་གནས་པ། དེ་སེམས་ཉིད་ཡིན་པ། སེམས་ལྟར་སྣང་བ། སེམས་མ་སྤངས་པ། དེ་ཁོ་ན་དང་པོ་ཆོས་ཉིད་ཡིན་པ། ། དེ་ཁོ་ན་བར་དུ་འཁྲུལ་པ་ཡིན་པ། དེ་ཁོ་ན་ཐ་མར་ཡེ་ཤེས་ཡིན་པ། དེ་གསུམ་གཅིག་པ། གཅིག་ནི་གཅིག་ཁྱད་ནི་ཆེ། ཅི་སྟེ་འཁྲུལ་པ་དང་མ་འཁྲུལ་པའི་ཕྱིར།། འཁྲུལ་པ་ཞིག་པ་མཁས་པ་ངོ་མཚར་ཆེ།། གཞི་ལྷུན་གྲུབ་དེ་སྣང་བ་ཡུལ་གྱི་རྐྱེན་གྱིས་འཁྲུལ་པས་འཁྲུལ་པ་དེ་ཉིད། ། འཁྲུལ་པ་དེ་གོལ་བས་ཡེ་ཤེས་དེ་ཉིད། ཡེ་ཤེས་ལ་འགྲོ་འོང་དེ་མེད།། ཡེ་ཤེས་དེ་ལ་འགྱུར་ལྡོག་མེད། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འཁྲུལ་པ་ལྟར་སྣང་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སེམས་ཅན་འཁྲུལ་པའི་འཁྲུལ་ལུགས་དེ། ། མདོ་རུ་བསྡུ་ན་གང་དུ་བསྡུ། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། གྲོལ་འཁྲུལ་མེད་པའི་སྔོན་རོལ་ན། ཡང་མེས་ཆེན་པོའི་གནས་ཚུལ་ནི།། མ་རིག་ཡེ་ཤེས་མིང་མ་བཏགས།། འཁོར་འདས་གཉིས་སུ་རྒྱ་མ་ཆད།། བདེ་སྡུག་གཉིས་ཀྱི་ཁ་མི་འཛིན།། རྒྱུ་རྐྱེན་ཚིག་ལས་འདས་པ་ཡི།། ཀུན་གཞིས་ཆེན་པོའི་ངོ་བོར་བཞུགས། ། སེམས་ཅན་འཁྲུལ་བའི་འཁྲུལ་ལུགས་ནི།། ཀུན་གཞི་སྡོང་པོ་རྩད་མ་ཆོད་པས།། ཚོགས་དྲུག་གིས་ཡལ་ག་རྒྱས། ཚོགས་དྲུག་གི་ཡལ་ག་རྒྱས་པའི་ཡུལ་དྲུག་གི་བྱ་ལྡིང། ཉོན་མོངས་དྲུག་གི་བྲུན་བླངས་པས་སྐྱེ་བ་རྣམ་བཞིའི་ངོ་སྨིན། ། སྐྱེ་བ་རྣམ་བཞིའི་ངོ་སྨིན་པས་འབྲས་བུ་ཁམས་གསུམ་དུ་འཁོར། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། དེས་རྒྱུད་དྲུག་གི་སྡུག་བསྔལ་ཉམས་སུ་མྱོང་བ་སྟེ་འཁྲུལ་པ་མདོར་བསྡུས་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། དགའ་བའི་སེམས་དང། དང་བའི་ཡིད་དང། གུས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་འོད་མི་འགྱུར་བ་ལྷུན་གྱི་གྲུབ་པར་བཞུགས་པ་ལགས། སེམས་ཅན་གྱི་འཁྲུལ་པ་དོན་མན་ངག་གིས་བསྡུ་ན་ཇི་ལྟར་བསྡུ། སྙིང་དང་འདྲ་བའི་འཁོར་ཚོགས་དང། ། བདག་ཅག་རྣམས་ལ་བསྟན་དུ་གསོལ་ཞུས་པས། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཅན་འཁྲུལ་བའི་འཁྲུལ་ལུགས་མི་ཤེས་པས། ། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར་དེ།། རྒྱུ་མེད་རྐྱེན་དང་བྲལ་བ་མ་ཤེས་པས།། ཆོས་ཉིད་རྣལ་མར་འདུག་པའི་ཐིག་ལེར་བཏགས།། མཚོན་མེད་བརྗོད་མེད་འདས་པར་མི་ཤེས་པས།། སེམས་ཉིད་རྣམ་པར་དག་པའི་ཐིག་ལེར་བཏགས། ། རྟོག་མེད་ཆོས་སྐུར་མ་ཤེས་པས།། ཡེ་ཤེས་ཆེན་པོའི་ཐིག་ལེར་བཏགས།། གསལ་སྒྲིབ་མེད་པར་མ་ཤེས་པས།། འཕྲོ་འདུ་ཅན་གྱི་ཐིག་ལེར་འཕྲོ་འདུས་པས།། ཉོན་མོངས་དུག་ལྔའི་ས་བོན་བསྡུས། ། འཇིག་རྟེན་པ་ཡི་འབྱུང་བ་ལྔ་ཡི་ཐིག་ལེ་རུ།། ཉོན་མོངས་དུག་ལྔ་ཡུལ་དུ་ཞུགས།། ཉོན་མོངས་ཅན་གྱི་ཡིད་ཀྱི་ཐིག་ལེར་བསྡུས།། ཉོན་མོངས་དུག་ལྔ་ལ་ལོངས་སྤྱོད།། དབྱིངས་སྣ་ཚོགས་འཇུག་པའི་ཐིག་ལེར་བསྡུ། ། ཉོན་མོངས་དུག་ལྔ་གཟུགས་བརྙན་རྫོགས།། མཐའ་ལྕགས་རབ་ཏུ་འབར་བའི་ཐིག་ལེར་བསྡུ།། ཉོན་མོངས་དུག་ལྔའི་འབྲས་བུ་སྡུག་བསྔལ་བརྒྱད་དང་བཅུ་གཅིག་སྨིན།། ཅེས་གསུངས་སོ། ། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འཁྲུལ་པའི་དོན་མན་ངག་གི་བསྡུ་བའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་སེམས་དང། དང་བའི་ཡིད་དང། གུས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཐོག་མའི་སྟོན་པ་འོད་མི་འགྱུར་བ།། ལྷུན་གྱིས་གྲུབ་པར་བཞུགས་པ་ལགས།། སེམས་ཅན་རྐྱེན་གྱིས་འཁྲུལ་པ་དེ། ། དེ་ཡི་བཟློག་ཐབས་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རྐྱེན་གྱིས་འཁྲུལ་བའི་བཟློག་ཐབས་ནི། ། སྟོན་པ་ལུང་གི་གདེང་དང་གཅིག། བླ་མའི་མན་ངག་གདེང་དང་གཉིས།། འཇིག་རྟེན་འཐུན་དཔེའི་གདེང་དང་གསུམ།། ཉམས་མྱོང་རིག་པའི་གདེང་དང་བཞིས།། འཁྲུལ་པའི་རྩ་བ་ཀུན་གཞི་ལ། ། གཏན་ཚིགས་བཞི་བཞིས་དྲལ་བས།། ཀུན་གཞི་དངོས་པོ་མཚན་མ་མེད་པར་ཕེབས།། དེ་ཡི་མཐུན་དཔེ་བསྟན་པ་ནི།། དཔེར་ན་འདྲེ་བསད་རོ་མེད་བཞིན།། མ་རིག་པ་ལ་དངོས་པོ་མེད།། རྒྱུ་ཡི་རྐྱེན་ལས་བཟློག་པར་གསུངས། ། ཡིད་ཀྱི་རྣམ་པ་ཤེས་པ་དེ།། དེ་མ་ཡིན་ལ་དེར་འཛིན་ཞུགས་པ་ཡིན།། དེ་ཡི་མཐུན་དཔེ་བསྟན་པ་ནི།། དཔེར་ན་གཡེམ་མཁན་དོན་གྱིས་གནོངས་པ་བཞིན། ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་མེད་པར་ཤེས་པས་བདག་པོའི་རྐྱེན་ལས་བཟློག་པར་གསུངས། ཡུལ་ཅིར་སྣང་སེམས་ཀྱི་རང་བཞིན་དུ་ཤེས་པས། དེ་ཡི་མཐུན་དཔེ་བསྟན་པ་ནི། དཔེར་ན་མཁའ་སྤྲིན་ན་བུན་བཞིན།། དམིགས་པའི་རྐྱེན་ལས་བཟློག་པར་གསུངས། ། རིག་པ་གཅད་བྱ་གཅོད་བྱེད་གཉིས་མེད་པས།། དེ་ཡི་མཐུན་དཔེ་བསྟན་པ་ནི།། དཔེར་ན་གནམ་ལྕགས་སྟ་རེ་འདྲ།། མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་བཟློག་པར་གསུངས།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རྐྱེན་འཁྲུལ་ལྡོག་པར་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་དང། གདུང་བའི་ཡིད་དང། གུས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས།། སེམས་ཅན་རང་འཁྲུལ་མདོར་བསྟན་པའི།། དེ་ཡི་བཟློག་ལུགས་ཇི་ལྟར་ལགས། ། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཁྲུལ་པ་ཀུན་གྱི་འབྲས་བུ་ནི།། ཁམས་གསུམ་འཁོར་བའི་སེམས་ཅན་ལ།། སྡུག་བསྔལ་བརྒྱད་དམ་བཅུ་གཅིག་གནས་པ་སྟེ། ། འཁྲུལ་པ་ཀུན་གྱི་རྩ་བ་ཡིན།། དེ་ཡི་བཟློག་པའི་ཐབས་བསྟན་པ།། སྡུག་བསྔལ་ཅི་ལས་བྱུང་བརྟགས་པས།། འཁོར་བའི་སྙིང་པོ་དག་ལས་བྱུང།། འཁོར་བ་ཅི་ལས་བྱུང་བརྟགས་པས། ། ཆགས་སྡང་རྣམ་པ་ལྔ་ལས་བྱུང་བར་རིག། ཆགས་སྡང་ཅི་ལས་བྱུང་བརྟགས་པས།། གཟུང་འཛིན་གཉིས་ལས་བྱུང་བར་རིག། གཟུང་འཛིན་ཅི་ལས་བྱུང་བརྟགས་པས།། གཅོད་བྱེད་ཤེས་པ་དག་ལས་བྱུང་བར་རིག་གཅོད་བྱེད་ཅི་ལས་བྱུང་བརྟགས་པས། ། རྣོ་བའི་ཤེས་པ་དག་ལས་བྱུང།། རྣོ་བའི་ཤེས་པ་ཅི་ལས་བྱུང་བརྟགས་པས།། མ་བསྒྲིབ་གསལ་ཆ་དག་ལས་བྱུང།། གསལ་ཆ་ཅི་ལས་བྱུང་བརྟགས་པས། ། ཡེ་ཤེས་རང་ཤར་དག་ལས་བྱུང།། རང་ཤར་གང་ལས་བྱུང་བརྟགས་པས།། བྱས་པ་མེད་པའི་རང་བྱུང་ཆེན་པོར་ཤེས།། རང་བྱུང་ཆེན་པོའི་མཚན་ཉིད་ནི།། རྒྱུ་རྐྱེན་དག་གིས་མ་བསྐྱེད་ཅིང། ། རྩོལ་སྒྲུབ་གཉིས་ལས་མ་བྱུང་སྟེ།། ལྷག་མ་མེད་པར་ཀུན་དང་ལྡན།། ཐམས་ཅད་འདུས་པ་དང་ལྡན་པ།། ངན་པ་བོར་དུ་མེད་པས་བཟང་པོ་ཡིན།། རང་བྱུང་ཀུན་ཏུ་བཟང་པོ་དེ།། འགག་མེད་ཡེ་ཤེས་ཆེན་པོར་ཤར། ། ཀུན་ཏུ་བཟང་པོ་དང་རོལ་པ་ཐ་མི་དད་པས་རང་བྱུང་དང་ཡེ་ཤེས་ཐ་དད་མེད་པར་རྟོགས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འཁྲུལ་པ་མདོར་བསྟན་པ་བཟློག་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་དང། དང་བའི་ཡིད་དང།། གུས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། རང་འཁྲུལ་པ་རྒྱས་པར་འཁྲུལ་པ་དེ།། དེ་ཡི་བཟློག་ལུགས་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པ་དེས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཁྲུལ་པ་རྒྱས་པའི་བཟློག་ལུགས་ནི།། གདེང་ཆེན་གཞི་ཡི་དོན་བསྟན་ནས།། གཏན་ཚིགས་བཞི་ཡིས་རྒྱས་བཏབ་ནས། ། གཡོ་མི་གཡོ་ལ་ཡིད་ཙམ་གཡོ་བའི་ཡིད།། རླུང་ཆེན་གཡོས་པ་ངོས་གཟུང་ནས།། ཡེ་ཤེས་ཆེན་པོ་རླུང་འགག་པ་མེད་པར་ངོ་སྤྲད།། འགྱུ་མི་འགྱུ་ལ་ཡིད་ཙམ་འགྱུས་པ་ཡིས།། རང་རིག་ཆེན་པོར་ལྡོག་པ་དེ། ། དཔེར་ན་ཐབ་ཀྱི་དཀྱིལ་གྱི་མེ་བཞིན་ནོ།། རྣོ་ལ་མི་གཅོད་པའི་རིག་པ་ལ།། གཟུང་འཛིན་དང་བྲལ་བའི་རིག་པ་ཕྱེ་བར་ངོ་སྤྲོད་དོ།། གསལ་མི་གསལ་ཡིད་ཙམ་གསལ་བའི་ཡིད་དེ།། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་བཞིན་ནོ། ། གདལ་ཁྱབ་ཆེན་པོར་གསལ་བར་ངོ་སྤྲད།། གསལ་ལ་མཐོང་བའི་ཡིད་དང། གཏན་ལ་འབབས་པའི་ཡིད་དང། ཉེས་པར་འཛིན་པའི་ཡིད་དང། ཡིད་འཁོར་ལོ་རྣམ་གསུམ་ནི་སྣང་སྟོང་དབྱེར་མེད་གསུམ་དུ་ངོ་སྤྲད་དེ། ། དཔེར་ན་ཟླ་བའི་གཟུགས་བརྙན་བཞིན།། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། གསལ་ལ་མི་གཡོ་རྒྱ་མ་ཆད།། མི་འགྱུར་ཀུན་འགྲོ་རྣམ་པ་ལྔ། ། གསལ་བ་ནམ་མཁའི་རང་བཞིན་ནོ།། ཕྱོགས་མེད་མཐའ་བྲལ་ལྟ་བར་སྤྲད།། མི་གཡོ་རྒྱ་མཚོ་ཆེན་པོ་བཞིན།། སྲིད་གསུམ་འཁྲུགས་ཀྱང་གཡོ་བ་མེད།། མཉམ་གཞག་ཏིང་འཛིན་ཆེན་པོར་སྤྲད། ། མི་འགྱུར་རི་བོ་ལྟ་བུ་སྟེ།། བླངས་པ་མེད་ཅིང་དོར་བ་མེད།། ལྷུན་གྲུབ་རང་ཆས་འབྲས་བུར་སྤྲད།། རྒྱ་མ་ཆད་ཀྱི་གཏན་ཚིགས་དེ།། ཇི་ལྟར་གླང་ཆེན་ཆུར་ཞུགས་བཞིན།། ཉམས་པ་མེད་པའི་སྤྱོད་པ་བཤད། ། ཀུན་ཏུ་འགྲོ་བའི་ཡོན་ཏན་དེ།། འཕྲིན་ལས་ཐུགས་རྗེ་ཆེན་པོར་སྤྲད།། ཇི་ལྟར་བུ་གཅིག་པ་ཡི་མ་བཞིན་དུ།། བྱམས་སེམས་གདུང་དང་མ་བྲལ་བས།། སྙིང་རྗེ་ཆེན་པོར་ངོ་སྤྲོད་དོ།། ཞེས་གསུངས་སོ། ། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། རང་འཁྲུལ་རྒྱས་པ་བཟློག་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དང་བའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། སྙིང་དང་འདྲ་བའི་འཁོར་ཚོགས་ལ།། བདག་དང་མཐའ་ཡས་དོན་སླད་དུ། ། རང་འཁྲུལ་ཤིན་ཏུ་རྒྱས་པ་ཡི།། དེ་ཡི་བཟློག་ལུགས་བསྟན་དུ་གསོལ།། ཚངས་པའི་གསུང་ལྟར་སྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རང་འཁྲུལ་ཤིན་ཏུ་རྒྱས་པའི་བཟློག་ལུགས་ནི། ། ཐོག་མ་གཞི་མོའི་དུས་ཙམ་ན།། དངས་སྙིགས་མ་ཕྱེད་གསལ་ལུགས་དེ།། ཐིག་ལེ་སྐུ་གསུམ་རང་ཆས་གནས།། རང་བྱུང་ཡེ་ཤེས་འབྲུ་གསུམ་ཤར།། ཨ་ལས་རང་བྱུང་ཁ་དོག་ལྔ།། ང་ལས་རང་བྱུང་རོལ་པར་ཤར། ། ཡིད་དང་བློ་དང་སེམས་སུ་ཤར།། ཧ་ལས་རང་བྱུང་ཐུགས་རྗེ་སྙིང་རྗེར་ཤར།། རང་བྱུང་ཁ་དོག་དཀར་པོ་ལས།། རིག་པས་མ་དཔྱད་ཡིད་མ་གཟུང།། བློ་ཡིས་མ་གཟུང་སེམས་མ་ཆགས། ། དཀར་པོ་གྲོལ་བས་ཆོས་དབྱིངས་ཡེ་ཤེས་ཤར།། རང་བྱུང་ཁ་དོག་སྔོན་པོ་ལས། རིག་པས་མ་དཔྱད་ཡིད་མ་གཟུང།། བློ་ཡིས་མ་ཞེན་སེམས་མ་ཆགས།། སྔོན་པོ་གྲོལ་བས་མེ་ལོང་ཡེ་ཤེས་ཤར།། རང་བྱུང་ཁ་དོག་སེར་པོ་ལས། ། རིག་པས་མ་དཔྱད་ཡིད་ཀྱིས་མ་གཟུང།། བློ་ཡིས་མ་ཞེན་སེམས་མ་ཆགས།། སེར་པོ་གྲོལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཤར།། རང་བྱུང་ཁ་དོག་དམར་པོ་ལས།། རིག་པས་མ་དཔྱད་ཡིད་མ་གཟུང། ། བློ་ཡིས་མ་ཞེན་སེམས་མ་ཆགས།། དམར་པོ་གྲོལ་བས་སོ་སོར་རྟོག་པའི་ཡེ་ཤེས་ཤར།། རང་བྱུང་ཁ་དོག་ལྗང་ཁུ་ལས།། རིག་པས་མ་དཔྱད་ཡིད་མ་གཟུང།། བློ་ཡིས་མ་ཞེན་སེམས་མ་ཆགས། ། ལྗང་ཁུ་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཤར།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲོལ་བ་ལས།། འབྲས་བུ་ཆོས་སྐུ་ཞེས་ཀྱང་བྱ།། མེ་ལོང་ཡེ་ཤེས་གྲོལ་བ་ལས།། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་ཀྱང་བྱ། ། མཉམ་ཉིད་ཡེ་ཤེས་གྲོལ་བ་ལས།། སྤྲུལ་པའི་སྐུ་ཞེས་ཀྱང་བྱ།། སོ་སོར་རྟོག་པའི་ཡེ་ཤེས་གྲོལ་བ་ལས།། མངོན་པར་བྱང་ཆུབ་སྐུ་ཞེས་བྱ།། བྱ་བ་གྲུབ་པའི་ཡེ་ཤེས་གྲོལ་བ་ལས།། ཟག་པ་མེད་པའི་སྐུ་ཞེས་ཀྱང་བྱ། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རང་འཁྲུལ་རྒྱས་པར་བཟློག་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དང་བའི་སེམས་དང། དགའ་བའི་ཡིད་དང། མོས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པ་ལགས། འཁྲུལ་པ་མདོར་བསྟན་པ་དེའི་བཟློག་ཐབས་ཇི་ལྟར་ལགས། ། སྙིང་དང་འདྲ་བའི་འཁོར་ཚོགས་དང།། བདག་དང་མཐའ་ཡས་དོན་སླད་དུ།། ཚངས་པའི་གསུང་ལྟར་སྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཁྲུལ་ལུགས་མདོར་བསྟན་པ་དེའི་བཟློག་ཐབས་བསྟན་པ་ནི། མ་བྱུང་མ་སྐྱེས་སྔོན་རོལ་གྱི།། རྒྱུ་མེད་རྐྱེན་དང་བྲལ་བ་ཡི།། ཀུན་གཞི་སྡོང་པོ་ཆེན་པོ་དེ། ། རྒྱུད་ལུང་མན་ངག་རིག་པ་བཞིས།། རྩད་ནས་གཅད་ཅིང་དྲུང་ནས་གདོན།། ཚོགས་དྲུག་ཡལ་ག་རྒྱས་པ་མེད།། ཚོགས་དྲུག་ཡལ་ག་མ་རྒྱས་པས།། ཡུལ་དྲུག་བྱ་ལ་ལྡིང་ས་མེད།། ཉོན་མོངས་བྲུན་ཡལ་བླངས་ས་མེད། ། ཉོན་མོངས་བྲུན་རྣམས་མ་བླངས་པས།། སྐྱེ་བ་རྣམ་བཞིའི་ངོ་མི་སྨིན།། སྐྱེ་བ་བཞིར་ངོ་མ་སྨིན་ལས།། འབྲས་བུ་ཁམས་གསུམ་དུ་མ་འཁོར་རོ།། འབྲས་བུ་ཁམས་གསུམ་དུ་མ་འཁོར་བས།། སྡུག་བསྔལ་བརྒྱད་དང་བཅུ་དྲུག་མི་སྤྱོད་དོ། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། འཁྲུལ་པ་མདོར་བསྟན་པའི་བཟློག་ཐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དང་བའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། ། འཁྲུལ་པའི་དོན་མན་ངག་གི་བསྡུས་ནས་འཁྲུལ་པ་དེའི་བཟློག་ཐབས་ནི། སྙིང་དང་འདྲ་བའི་འཁོར་ཚོགས་དང།། བདག་དང་མཐའ་ཡས་དོན་སླད་དུ།། ཚངས་པའི་གསུང་ལྟར་སྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་དེས། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཁྲུལ་བའི་དོན་མན་ངག་གིས་བསྡུས་ནས་འཁྲུལ་པ་དེའི་བཟློག་ལུགས་འདི་ལྟར་ལགས། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར་ཐིག་ལེ་དེས། རྒྱུ་མེད་རྐྱེན་དང་བྲལ་བར་ཤེས་པས་ཆོས་ཉིད་རྣམ་དག་མིང་དང་བྲལ། མཚོན་མེད་བརྗོད་ལས་འདས་པ་ཤེས་པས་སེམས་ཉིད་རྣམ་པར་དག་པའི་མིང་དང་བྲལ། ། རྟོག་མེད་ཆོས་ཀྱི་སྐུ་རུ་ཤེས་པས་ཡེ་ཤེས་ལྔའི་མིང་དང་བྲལ།། གསལ་སྒྲིབ་མེད་པར་ཤེས་ཤིང་འཇིག་རྟེན་ལས་འདས་པའི་འབྱུང་བ་ལྔའི་ཐིག་ལེ་ཡེ་ཤེས་རྣམ་པ་ལྔ་ཡིན་པ་ལ་ཡིན་པར་ཤེས་པ་དང། མ་རིག་པ་མ་རིག་པ་ཡིན་པར་ཤེས་པས་གཟུང་འཛིན་ཐེ་ཚོམ་གྱི་ཤེས་པ་མ་རྨུགས།། ཡིན་པ་ལ་ཡིན་པར་བསྟན་པ་ཐོབ་པས་འཁྲུལ་འཁོར་གྱི་རྟོག་པ་དང་མཚན་མས་འཐིབས་པ་མེད། འཕྲོ་འདུ་ཅན་གྱི་ཐིག་ལེར་ཉོན་མོངས་དུག་ལྔ་ས་བོན་བསྡུས་མ་རྙེད།། དེས་འཇིག་རྟེན་པའི་འབྱུང་བ་ལྔའི་ཐིག་ལེར་ཉོན་མོངས་དུག་ལྔའི་ས་བོན་བསྡུས་མ་རྙེད། དེས་འཇིག་རྟེན་པའི་འབྱུང་བ་ལྔའི་ཐིག་ལེར་ཉོན་མོངས་དུག་ལྔ་ཡུལ་དུ་འཇུག་ས་མ་རྙེད། ཉོན་མོངས་ཅན་གྱིས་ཡིད་ཀྱིས་ཐིག་ལེར་ཉོན་མོངས་དུག་ལྔས་ལོངས་སྤྱོད་ས་མ་རྙེད། དབྱིངས་སྣ་ཚོགས་འཇུག་པའི་ཐིག་ལེར་ཉོན་མོངས་དུག་ལྔའི་གཟུགས་བརྙན་རྫོགས་ས་མ་རྙེད། ། དེས་ཐ་མ་ལྕགས་རབ་ཏུ་འབར་བའི་ཐིག་ལེར་ཉོན་མོངས་དུག་ལྔའི་འབྲས་བུ་སྨིན་ས་མ་རྙེད། དམིགས་འཛིན་རྟོག་གསུམ་གྱིས་ཐིག་ལེའི་དོན་མ་རྟོགས། མ་ནོར་བ་སྟོང་ཆད་ཕྱོགས་གསུམ་གྱིས་ཐིག་ལེའི་དོན་མ་རྙེད། བརྡ་རྒོད་བྲོད་གསུམ་གྱི་ཐིག་ལེའི་དོན་མ་རྟོགས། བྱིང་རྨུགས་ཐིབས་གསུམ་ཐུན་མོང་མ་ཡིན་པའི་འཇུག་སྒོ་ཡིན། དེ་དང་པོ་མ་རིག་དེ་མེད་ན།། ལུས་ཅན་རྣམས་ཀྱང་གྲོལ་བར་འགྱུར།། ཐོག་མ་རྣམ་དག་དེ་མེད་ན། ། འབད་རྩོལ་འབྲས་བུ་མེད་པར་འགྱུར།། ཡོད་དུ་མི་རུང་མེད་མི་རུང།། ལྟར་སྣང་གློ་བུར་བ་དག་ཡིན་པར་འདོད།། རྟོགས་ནས་སྒོམ་བྱེད་འཇུག་པའི་གདེང།། མངོན་དུ་འགྱུར་བས་འབྲས་བུའི་གདེང། ། དང་པོ་འཇུག་པ་ལམ་གྱི་གདེང།། བར་དུ་སྤྱོད་ལམ་གྲོགས་ཀྱི་གདེང།། ཐ་མ་མཐར་ཕྱིན་འབྲས་བུའི་གདེང།། རང་བཞིན་དག་པ་ཆོས་ཀྱི་སྐུ།། སྒྱུ་མ་དམ་པ་ཡེ་ཤེས་ནམ་མཁའ་འཇའ་ཚོན་འདྲ།། དང་པོ་ངོ་མ་ཤེས་རང་རྒྱུད་དུ་འཁྲུལ་པས་འཁོར་བ་བདག་འཛིངས་པ་འདྲ། ། ཐ་མ་ངོ་ཤེས་ཡིད་ཆེས་བ་དང་རིགས་སུ་གནས་ཤིང་དབྱེར་མེད་པས་འཁོར་འདས་ཞོ་མནན་པ་འདྲ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐིག་ལེ་དགུ་སྐོར་གྱི་མན་ངག་གིས་འཁྲུལ་པ་མན་ངག་ཏུ་བསྡུས་པ་བཟློག་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དང་བའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། དམ་པ་གཞི་ཡི་གནས་ལུགས་ལ། ། ལོག་རྟོག་མཚན་མ་ཡོད་དམ་མེད།། ཐུན་མོང་ཐེག་པ་གཞན་སུན་ཇི་ལྟར་གདོན།། ཐུན་མོང་མ་ཡིན་ཐེག་པ་རང་གཞུང་ཇི་ལྟར་སྐྱངས།། གདུང་བའི་རེ་བ་གང་གིས་བགྱི།། དམ་པ་དང་པོའི་སངས་རྒྱས་ལགས། ། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། དམ་པ་གཞི་ཡི་གནས་ལུགས་དེ།། ཡེ་ཡོད་ཡིན་ན་སྐྱོན་གཉིས་འབྱུང། ། ཡེ་མེད་ཡིན་ན་སྐྱོན་གཉིས་འབྱུང།། གཞི་ཡི་ངོ་བོ་དེ་ཉིད་ལ།། ལོག་རྟོག་མཚན་མ་ཡོད་སྲིད་ན།། སྐྱོན་གྱི་ཚད་མ་རྣམ་བཞི་འབྱུང།། གཞི་ཡི་ངོ་བོ་དེ་ཉིད་ལ།། ལོག་རྟོག་མཚན་མ་མི་མངའ་ན། ། སྐྱོན་གྱི་ཚད་མ་རྣམ་གཉིས་འབྱུང།། གཞི་ཡི་ངོ་བོ་དེ་ཉིད་ལ།། ལོག་རྟོག་མཚན་མ་མ་ཡིན་ན།། སྐྱོན་གཅིག་ཚད་མ་རྣམ་པ་གཅིག། གཞི་ཡི་ངོ་བོ་དེ་ཉིད་ལས།། ལོག་རྟོག་མཚན་མ་འབྱུང་མི་སྲིད།། སྐྱོན་གྱི་ཚད་མ་དཔེ་དོན་རྣམ་བཞི་འབྱུང། ། གཞི་ཡི་ངོ་བོ་དེ་ཉིད་ཀྱིས།། ལོག་རྟོག་མཚན་མ་བྱེད་སྲིད་ན།། སྐྱོན་གྱི་ཚད་མ་རྣམ་གཉིས་འབྱུང།། གཞི་ཡི་ངོ་བོ་དེ་ཉིད་དང།། ལོག་རྟོག་མཚན་མར་སོང་སྲིད་ན།། སྐྱོན་གྱི་ཚད་མ་རྣམ་བཞིར་འབྱུང། ། གཞི་ཡི་ངོ་བོ་དེ་ཉིད་དང།། ཡོད་པ་གཅིག་ལས་ལོག་རྟོག་མཚན་མར་སོང་སྲིད་ན།། སྐྱོན་གྱི་ཚད་མ་རྣམ་པ་གཅིག། གཞིའི་ངོ་བོ་དེ་ཉིད་རང་མེད་པ་གཅིག་ལས་ལོག་རྟོག་མཚན་མ་བྱུང་ན་རྒྱུད་དྲུག་སེམས་ཅན་འཁྲུལ་པར་འགྱུར། ། ཡང་ན་བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་པ་ཉམས།། གཞིའི་ངོ་བོ་དེ་ཉིད་རང་ཡོད་མེད་གཉིས་ཀ་ལས་ལོག་རྟོག་མཚན་མ་བྱུང་ན་སངས་རྒྱས་སེམས་ཅན་གཉིས་ཀ་འཁྲུལ་པར་འགྱུར། ། གཞིའི་ངོ་བོ་ཉིད་རང་ཡོད་མེད་གཉིས་ཀ་མ་ཡིན་པ་གཅིག་ལས་ལོག་རྟོག་མཚན་མ་བྱུང་སྲིད་བྱུང་ན་ཕུང་པོ་གསུམ་པ་འཁྲུལ་རྒྱུ་མེད། འོན་ཏེ་འཁྲུལ་ཀྱང་ལྟོ་བ་མེད། གཞིའི་ངོ་བོ་དེ་ཉིད་རང་རྫས་སུ་གྲུབ་པ་གཅིག་ལས། ལོག་རྟོག་མཚན་མ་བྱུང་ན་གཞིའི་ངོ་བོ་འདུས་བྱས་འགྱུར། གཞིའི་ངོ་བོ་དེ་ཉིད་རང་རྫས་སུ་མ་གྲུབ་པ་ལས་ལོག་རྟོག་མཚན་མ་འབྱུང་ན་རྫས་སུ་གྲུབ་པ་ལས་འབྱུང་མི་སྲིད། ཡུལ་དུ་བྱས་ནས་འབྱུང་ན་འཁྲུལ་པ་དངོས། ། ཡུལ་དུ་མ་བྱས་འབྱུང་མི་སྲིད།། གཞིའི་གནས་ལུགས་ལ་འཁྲུལ་པ་ཡོད་དམ་མེད།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། གཏན་ལ་འབེབས་པའི་མན་ངག་ལ་བཅུ་དྲུག་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དད་པའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། ། ངེས་དོན་ཀུན་ཏུ་བཟང་པོ་འདི།། སངས་རྒྱས་ཡང་དག་ལགས་མ་ལགས།། སངས་ཀྱི་རྒྱས་ལུགས་ཇི་ལྟར་རྒྱས།། སྙིང་དང་འདྲ་བའི་འཁོར་རྣམས་དང། ། བདག་དང་མཐའ་ཡས་དོན་སླད་དུ།། ཚངས་པའི་གསུང་ལྟར་བསྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག་ངེས་དོན་ཀུན་ཏུ་བཟང་པོ་འདི། ། མ་རིག་སངས་ལ་ཡེ་ཤེས་རྒྱས།། རྟོག་མེད་གསལ་བའི་ངོ་བོར་བཞུགས།། གཉིས་འཛིན་སངས་ལ་གཉིས་མེད་རྒྱས།། མཉམ་ཉིད་ལྷུན་གྱིས་གྲུབ་པར་བཞུགས། ། རྣམ་པ་དུ་མར་འཛིན་པ་སངས།། རྣམ་དག་དྲི་མ་མེད་པ་རྒྱས།། དྲི་མེད་གསལ་བའི་ངོ་བོར་བཞུགས།། ཕྱོགས་འཛིན་སངས་ལ་ཕྱོགས་མེད་རྒྱས།། མཐའ་བྲལ་རང་གྲོལ་ཆེན་པོར་བཞུགས། ། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ངེས་དོན་ཀུན་ཏུ་བཟང་པོ་འདི།། ཚོགས་བསགས་སྒྲིབ་སྦྱངས་མ་ཡིན་ཏེ།། ལམ་བགྲོད་ས་སྦྱང་སངས་རྒྱས་ནི།། ཐུན་མོང་འདོད་པ་དོན་དང་འགལ། ། ཐུན་མོང་མ་ཡིན་སངས་རྒྱས་ནི།། དག་པ་ཕྱོགས་མེད་སངས་རྒྱས་ཏེ།། རིན་ཆེན་གསེར་གླིང་ཕྱིན་པ་འདྲ།། ཐུན་མོང་མ་ཡིན་སངས་རྒྱས་ནི།། མི་ཚེ་བསྐལ་པར་དུས་མི་འདེབས།། མཁས་ཤིང་གྲོལ་བ་དག་ལ་བརྟེན། ། སྙིང་པོ་མཆོག་གིས་ཀུན་ལ་ཁྱབ།། མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་བྲི་བ་མེད།། ཐུན་མོང་མ་ཡིན་སངས་རྒྱས་ནི།། གཞན་ལས་རག་ལས་མ་ཡིན་ཏེ།། རྟེན་མེད་རང་གྲོལ་ཆེན་པོ་ཡིན། ། ཆ་ཤས་ཕྲ་མོའི་ཡུལ་དང་བྲལ།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཡོན་ཏན་དང་སངས་རྒྱས་ལུགས་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དང་བའི་ཡིད་མོས། གུས་པའི་ལུས་གསུམ་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། གཞི་མོ་ལྷུན་གྲུབ་འདུག་ཚུལ་ལ།། ཀུན་བཟང་དགོངས་པར་ཅི་ཕྱིར་བཏགས།། ལྟ་སྒོམ་ངོ་ཡིས་གང་དུ་གཟུང།། སྐུ་གསུང་ཐུགས་སུ་ཇི་ལྟར་བསྡུ།། སྙིང་དངའདྲ་བའི་འཁོར་ཚོགས་དང། ། བདག་དང་མཐའ་ཡས་དོན་སླད་དུ།། ཚངས་པའི་གསུང་ལྟར་བསྒྲག་ཏུ་གསོལ།། དེ་ནས་དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། གཞི་མོ་འོད་གསལ་ཆེན་པོ་དེ།། ཀུན་ཏུ་བཟང་པོའི་དགོངས་པ་རུ།། མ་བསྒྲིབས་ཕྱི་ནང་མེད་པར་གསལ།། མ་བཙལ་ལྷུན་གྱིས་གྲུབ་པར་གསལ།། མ་བསླད་གཉུག་མའི་ངང་དུ་གསལ།། མ་འགགས་བདག་ཉིད་ཆེན་པོར་གསལ། ། གཞི་ལ་གནས་པའི་ཡོན་ཏན་དང།། ཀུན་བཟང་ལྟ་བའི་དགོངས་པ་གཉིས།། མཚོ་ལ་སྦྲང་ཆར་བབས་པ་བཞིན།། དབྱེར་མེད་འོད་གསལ་ངང་དུ་ཐིམ།། ཡང་གསུངས་པ། སེམས་དཔའ་རིགས་ཀྱི་གཙོ་བོ་ཉོན་ཅིག། ཀུན་ཏུ་བཟང་པོའི་དགོངས་པ་ལ།། ཕྱོགས་མེད་མཐའ་དང་བྲལ་བས་ལྟ་བ་ཡིན།། དམིགས་མེད་ཡུལ་དང་བྲལ་བས་སྒོམ་པ་ཡིན།། ཀུན་ཏུ་བཟང་པོའི་དགོངས་པ་ལ།། གཟའ་གཏད་མེད་ཅིང་གཟུང་འཛིན་ཆ་ལས་འདས་པས་སྤྱོད་པ་ཡིན། ། ཡིད་ཆེས་མངོན་དུ་གྱུར་པས་འབྲས་བུ་ཡིན།། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཀུན་ཏུ་བཟང་པོའི་དགོངས་པ་ལ། ། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི།། དོན་གྱི་ངོ་བོ་གཅིག་གནས་པས།། སྐུ་ནི་རིན་པོ་ཆེ་ཡི་འོད་དུ་བཞུགས།། གསུང་ཀྱང་འོད་ཟེར་འགག་པ་མེད་པར་ཤར།། ཐུགས་ཀྱི་སྙིང་པོ་རང་ལ་རང་གྲོལ་བས། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཀུན་ཏུ་བཟང་པོའི་དགོངས་པའི་ཡོན་ཏན་མདོར་བསྡུས་ནས་ལྟ་སྒོམ་སྐུ་གསུང་ཐུགས་སུ་བསྟན་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། ། དང་བའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། གཞི་མོ་ལྷུན་གྲུབ་དམ་པ་དེ།། རིགས་ཅན་སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལགས། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། གཉིས་དང་ཤེས་པ་ཐ་དད་པས།། རང་བཞིན་ལྷུན་གྲུབ་དོན་མ་རྟོགས། ། སྐྱེ་ཤི་སྡུག་བསྔལ་གྲངས་མེད་པས།། བར་དོའི་གདམས་ངག་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རང་བཞིན་གནས་པའི་བར་དོ་རུ། ། ཀུན་གཞི་སྡོང་པོ་བཅུད་ལ་བོར།། སྦྲུལ་གྱི་རྐང་ལག་འབྱུང་བ་བཞིན།། སྐྱེ་ཤི་གཉིས་ཀྱི་བར་དོ་རུ།། ཐོག་མའི་ཡེ་ཤེས་ངོས་གཟུང་ལ།། དྭ་ཕྲུག་མ་དང་ཕྲད་པ་བཞིན།། ཏིང་འཛིན་སྔ་ཕྱི་བར་དོ་རུ། ། ཆོས་མ་གསལ་མི་གསལ་འདེབས་པས།། མར་མེ་གཅིག་ནས་གཅིག་ཏུ་འདེབས་པ་བཞིན།། སྲིད་པ་དག་གི་བར་དོ་རུ།། ལས་ཀྱི་འཕྲོ་རྣམས་མཐུད་པ་ནི།། ཡུར་བ་རྐོང་ཆད་ཆུ་བླངས་འདྲ།། དུས་གསུམ་རྒྱལ་བའི་ཐུགས་གཏེར་ལས། ། དོན་གྱི་མན་ངག་བཅུད་ཕྱུང་ནས།། མདོར་བསྟན་བར་དོ་རྣམ་བཞི་བཤད།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། དོན་གྱི་བཅུད་ཕྱུང་ནས་བར་དོ་བཞི་ལ་བཅུ་གཉིས་སུ་བསྟན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། དམ་པ་དང་པོའི་སངས་རྒྱས་ལགས།། བར་དོ་བཞིའི་མན་ངག་བསྟན་པའི།། ཡིད་ཆེས་པ་ནི་ཇི་ལྟར་འབྱུང། ། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཡ་མཐའ་རྒྱལ་བའི་དཀྱིལ་འཁོར་ནས།། མ་མཐའ་ན་རག་དམྱལ་ཁམས་ཀྱི། ། བདེ་སྡུག་སྐྱོན་ཡོན་ཐམས་ཅད་ཀུན།། གཞི་མོ་ལྷུན་གྲུབ་ངང་དུ་ཀུན་ཀྱང་གཅིག། ཆོས་རྣམས་རྩ་བ་དེ་ལ་ཡིད་ཆེས་བྱ།། སྙིང་པོ་མཆོག་གི་རྩ་བ་དེ།། ཡུལ་དུ་མ་གྱུར་སྔོན་དུ་འབྱིན་མི་ནུས།། ཀུན་གྱི་སྙིང་པོ་ཡིན་པས་ཡིད་ཆེས་དེ་ལ་བྱ། ། རང་བཞིན་རྒྱུ་ཡིས་མ་བསྐྱེད་པས།། ངོ་བོ་སྐྱོན་གྱིས་ཡོང་མི་ཁེགས།། རང་བཞིན་རྒྱུ་རྐྱེན་མེད་པར་ཡིད་ཆེས་དེ་ལ་བྱ།། སྙིང་པོ་མཆོག་གི་རྩ་བ་དེ།། རྒྱུད་ལུང་མན་ངག་ཆོས་རྣམས་ཀྱིས། ། སྤྱི་དང་རང་གི་མཚན་ཉིད་སྟོན་པས་ན།། སྟོན་པའི་སྒྲོན་མར་ཡིད་ཆེས་དེ་ལ་བྱ།། སྙིང་པོ་མཆོག་གི་རྩ་བ་དེ། ཕྱི་ཡི་འབྱུང་བ་རྣམ་བཞི་དང།། ནང་གི་ཤེས་པ་སྐད་ཅིག་མ།། གཞི་མོའི་དོན་ལ་དབྱེར་མེད་པས། ། གཉིས་མེད་ཡེ་ཤེས་ཆེན་པོར་ཡིད་ཆེས་དེ་ལ་བྱ།། སྙིང་པོ་མཆོག་གི་རྩ་བ་དེ།། རྒྱུ་འབྲས་ཐེག་པ་ཀུན་གྱི་མཆོག་ཡིན་པས།། ཐེག་པའི་ཡང་རྩེར་ཡིད་ཆེས་དེ་ལ་བྱ།། སྙིང་པོ་མཆོག་གི་རྩ་བ་དེ། ། རྒྱུ་རྐྱེན་དག་ལས་མ་བྱུང་སྟེ།། འབད་ཅིང་བཙལ་དུ་མེད་པས་ན།། ལྷུན་གྱིས་གྲུབ་པར་ཡིད་ཆེས་དེ་ལ་བྱ།། སྙིང་པོ་མཆོག་གི་རྩ་བ་དེ།། ས་བཅུ་ལམ་ལྔ་མ་བགྲོད་པར།། འབྲས་བུ་ཡེ་ཤེས་གྲུབ་པས་ན།། རྣམ་དག་ལམ་ཆེན་ཡིན་པར་ཡིད་ཆེས་དེ་ལ་བྱ། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། མན་ངག་ལ་ཡིད་ཆེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཡིད་ཆེས་དོན་དང་ཕྲད་པ་ལ། འབྲས་བུའི་ངོ་བོ་ཇི་ལྟར་གཟུང།། ཐོག་མའི་སྟོན་པས་བསྟན་དུ་གསོལ།། ཐོག་མའི་སྟོན་པ་འོད་མི་འགྱུར་བས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཤེས་རྒྱུད་གཅིག་གི་ངོ་བོ་ལ་ཆོས་སྐུ་ཐུགས་སུ་ངོ་སྤྲད། ལོངས་སྐུ་གསུང་དུ་ངོ་སྤྲད། སྤྲུལ་སྐུ་སྐུ་རུ་ངོ་སྤྲད། དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་རུ་ངོ་སྤྲད། ཟག་པ་མེད་པ་བདེ་བ་ཆེན་པོར་ངོ་སྤྲད། ཤེས་རྒྱུད་གཅིག་པའི་ངོ་བོ་ལ། གསང་བའི་སྐུ་ལྔ་གཅིག་ཏུ་གཏོགས།། སོ་སོ་ཐ་དད་མ་ཡིན་པས།། དབྱེ་བཀོལ་མེད་པའི་སྐུ་ཞེས་བྱ།། དེ་ལ་གཟུགས་དང་མཚན་མ་མ་གྲུབ་པས། ། རང་བཞིན་མེད་པ་སྐུ་ཞེས་བྱ།། དེ་ལ་དབྱིབས་དང་ཁ་དོག་མ་གྲུབ་པས། མཚན་མ་མེད་པའི་སྐུ་ཞེས་བྱ།། ཡུལ་དང་ཡུལ་ཅན་མ་ཡིན་པས།། སྣང་བ་མེད་པའི་སྐུ་ཞེས་བྱ།། ཚིག་དང་སྒྲ་ལས་འདས་པ་ན། ། བརྗོད་དུ་མེད་པའི་སྐུ་ཞེས་བྱ།། ཡང་གསུངས་པ། དེ་ཡི་དོན་ལས་མ་རྟོགས་པས།། སྣང་བའི་སྤྱོད་ཡུལ་གཞན་མེད་པས།། སྣང་བ་སྐུ་ཡི་རང་བཞིན་ཡིན།། གྲགས་པ་གསུང་གི་རང་བཞིན་ཡིན།། སྣང་གྲགས་རྟོག་པར་མ་སོང་བས། ། དྲན་རྟོག་ཐུགས་ཀྱི་རང་བཞིན་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་ངོ་སྤྲད་པའི་ལེའུ་སྟེ་ཉེར་དགུ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། འབྲས་བུ་སྐུ་གསུམ་རྟོགས་པ་ལ།། དུས་ལ་སྔ་ཕྱི་ཡོད་དམ་མེད།། བསྐལ་པ་མི་ཚེ་བགྲང་མི་བགྲང། ། ས་བཅུ་ལམ་ལྔ་བགྲོད་མི་བགྲོད།། གཞི་ལམ་འབྲས་བུ་གསུམ་དུ་དབྱེ་མི་དབྱེ།། དམ་པ་དང་པོའི་སངས་རྒྱས་ཀྱིས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འབྲས་བུ་སྐུ་གསུམ་ཐོབ་པ་ལ།། བསྐལ་པ་མི་ཚེ་མི་བགྲང་སྟེ།། ལོག་རྟོག་མཚན་མ་ནུབ་པ་དང།། སྐུ་ལྔ་མངོན་དུ་གྱུར་པ་གཉིས།། སྐད་ཅིག་དུས་ལ་སྔ་ཕྱི་མེད། ། ས་བཅུ་ལམ་ལྔ་མི་བགྲོད་དེ།། ཉོན་མོངས་དུག་གསུམ་གྲོལ་བ་དང།། འབྲས་བུ་སྐུ་གསུམ་ཐོབ་པ་གཉིས།། སྐད་ཅིག་གཅིག་ལ་སྔ་ཕྱི་མེད།། མ་རིག་འཁྲུལ་རྒྱ་རལ་བ་དང།། ཡེ་ཤེས་མཐོང་ཆེན་རྟོལ་བ་གཉིས། ། སྐད་ཅིག་དུས་ལ་སྔ་ཕྱི་མེད།། འཁྲུལ་བ་རྩད་ནས་ཆོད་པ་དང།། ཆོས་སྐུ་རང་ལ་རྟོགས་པ་གཉིས།། སྐད་ཅིག་དུས་ལ་སྔ་ཕྱི་མེད།། གཞི་དང་ལམ་དང་འབྲས་བུ་གསུམ།། སོ་སོ་ཐ་དད་མ་ཡིན་ཏེ། ། གཞི་ཡི་དུས་ན་སྐྱེ་བ་མེད།། ལམ་གྱི་དུས་ན་འགག་པ་མེད།། འབྲས་བུའི་དུས་ན་བློ་ལས་འདས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འབྲས་བུ་སྐུ་གསུམ་ཐོབ་པ་ལ་དུས་ལ་སྔ་ཕྱི་མེད་པར་བསྟན་པའི་ལེའུ་སྟེ་སུམ་བཅུ་ཐམ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། འབྲས་བུ་སྐུ་གསུམ་གྲུབ་པ་ལ།། བསོད་ནམས་ཚོགས་ལ་བསྟེན་མི་བསྟེན། ། ལུས་ངག་ཡིད་གསུམ་འབད་རྩོལ་འཚལ་མི་འཚལ།། དམ་པ་དང་པོའི་སངས་རྒྱས་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འབྲས་བུ་སྐུ་གསུམ་བཞུགས་ཚུལ་ནི།། བསོད་ནམས་ཚོགས་ལ་མི་བསྟེན་ཏེ།། མ་བསམས་ལྷུན་གྱིས་གྲུབ་པ་ཆེན་པོར་བཞུགས།། ལུས་ངག་ཡིད་གསུམ་མི་རྩོལ་ཏེ།། ཡང་མེས་གཞི་མོའི་བཞུགས་ཚུལ་ནི། ། མཚོན་མེད་བརྗོད་ལས་འདས་པ་སྟེ།། ཆོས་སྐུའི་དུས་ན་སྐྱེ་བ་མེད།། ལོངས་སྐུའི་དུས་ན་འགག་པ་མེད།། སྤྲུལ་སྐུའི་དུས་ན་གཞན་དོན་རྫོགས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། སྐུ་གསུམ་འབད་རྩོལ་ལ་རག་མ་ལུས་པར་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། འབྲས་བུ་སྐུ་གསུམ་གྲུབ་པ་ལ།། གདེང་དང་ལྡན་པའི་རྣལ་འབྱོར་པས།། རང་སེམས་གཞག་ལུགས་ཇི་ལྟར་ལགས།། དམ་པ་དང་པོའི་སངས་རྒྱས་ཀྱིས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། དངོས་པོ་གསུམ་པོ་དབྱེར་མེད་པས།། སེམས་ཉིད་མ་བཅོས་སྐུ་གསུང་ཐུགས་སུ་གཞག། ཉོན་མོངས་རང་བཞིན་འོད་གསལ་བ། ། རང་སེམས་རིག་པ་ཕྱི་ནང་བྲལ་བར་གཞག། ཕྱི་ཡི་ཡུལ་ལ་བཙལ་དུ་མེད་པས་ན།། རང་སེམས་ལྷུན་གྱིས་གྲུབ་པར་གཞག། མཚོན་པའི་རྒྱུ་དང་བྲལ་བས་ན།། རང་སེམས་བརྗོད་དུ་མེད་པར་གཞག། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཡེ་ཤེས་གཉེན་པོ་མེད་པའི་ཕྱིར།། རང་སེམས་བདེ་བ་ཆེན་པོར་གཞག། རྒྱུ་འབྲས་གཉིས་སུ་མེད་པས་ན།། རང་སེམས་སྒྲོ་སྐུར་བྲལ་བར་གཞག། ལོག་རྟོག་མཐའ་དང་བྲལ་བའི་ཕྱིར།། རང་སེམས་བསམ་ལས་འདས་པར་གཞག། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་ཉིད་འགག་པ་མེད་པའི་ཕྱིར། ། རང་སྣང་རོལ་པར་ཤར་བར་གཞག། སེམས་ཀྱི་རང་བཞིན་གཅིག་ཏུ་འདུག་པའི་ཕྱིར།། གཅིག་ཏུ་འདུས་པས་སྣ་ཚོགས་འབྱུང་བར་ཤར།། རྩོལ་སྒྲུབ་རྒྱུ་ལས་མ་རིག་པས།། འབྲས་བུ་གཞན་ལས་བསྒྲུབ་ཏུ་མེད་པར་གཞག། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རྣལ་འབྱོར་པས་སེམས་ཉིད་གཞག་ལུགས་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། རང་སེམས་ཐིག་ལེ་ཆེན་པོ་དེ།། བཅོས་པས་གྲུབ་བམ་མ་བཅོས་གྲུབ།། དམ་པ་དང་པོའི་སངས་རྒྱས་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ། ། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། ཀྱེ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རང་སེམས་ཐིག་ལེ་ཆེན་པོ་དེ།། བཅོས་པས་གྲུབ་པ་མ་ཡིན་ཏེ།། མ་བཅོས་རྣལ་དུ་གཞག་པས་གྲུབ། ། འདས་པའི་སངས་རྒྱས་ཐམས་ཅད་ཀྱང།། ཐིག་ལེའི་དོན་ལ་ཆོས་མི་མཛད།། མ་འོངས་པ་ཡི་སངས་རྒྱས་ཀྱང།། ཐིག་ལེའི་དོན་ལ་འཆོས་མི་སྲིད།། ད་ལྟར་བཞུགས་པའི་སངས་རྒྱས་ཀྱང།། ཐིག་ལེའི་དོན་ལ་ཡོང་མི་འཆོས། ། ཡང་གསུངས་པ། རིགས་ཀྱི་གཙོ་བོ་ཁྱོད་ཉོན་ཅིག། ཐོག་མའི་སྟོན་པ་ང་ཉིད་ཀྱང།། ཐིག་ལེའི་དོན་ལ་འཆོས་མ་མྱོང།། རིགས་ཀྱི་གཙོ་བོ་ཁྱོད་ཉིད་ཀྱང།། ཐིག་ལེའི་དོན་ལ་འཆོས་མ་བྱེད།། ཆུ་མ་རྙོག་སན་དངས། གླང་པོ་ཆེ་མ་བསྐྱོད་ན་མགྱོགས།། སེམས་མ་བཅོས་ན་བདེ། རིག་པ་མ་བཅོས་ན་གསལ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐིག་ལེ་བཅོས་སུ་མེད་པར་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། དམ་པ་དང་པོའི་སངས་རྒྱས་ལགས།། རང་སེམས་ཐིག་ལེ་ཆེན་པོ་དེ།། མ་བཅོས་མཉམ་པར་གཞག་པ་ལས།། གཏི་མུག་ཐིབས་པོར་མི་འགྱུར་རམ། ། དེ་ཡི་གསལ་ཆ་ཇི་ལྟར་ལགས།། ཐོག་མའི་སྟོན་པས་བསྟན་དུ་གསོལ།། སྟོན་པ་འོད་མི་འགྱུར་བས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཐིག་ལེ་ཆེན་པོའི་གསལ་ཆ་ནི་རིག་པ་གཅོད་བྱེད་དང་བྲལ་ཏེ་ཟག་པ་མེད་པའི་ཡེ་ཤེས་འོད་འབར་བར་གསལ། ཡིད་འཛིན་པ་དང་བྲལ་ཏེ་འཛིན་མེད་ཀྱི་ཡིད་ཕྱོགས་མེད་དུ་གསལ། བློ་ཞེན་པ་དང་བྲལ་ཏེ་ཞེན་མེད་ཀྱི་བློ་སྒྲིབ་པ་མེད་པར་གསལ། སེམས་ཆགས་སྡང་དང་བྲལ་ཏེ་ཆགས་མེད་ཀྱི་སེམས་བསམ་བརྗོད་དང་བྲལ་བར་གསལ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐིག་ལེ་ཆེན་པོ་གསལ་ཆ་མ་འགག་པར་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སྣང་སྲིད་འཁོར་འདས་ཀུན་གྱི་ཆོས།། ཐིག་ལེ་བྱང་ཆུབ་སེམས་སུ་ཇི་ལྟར་གཅིག། ཚུལ་གྱིས་བསྡུ་ན་གང་དུ་བསྡུ།། ཐོག་མའི་སྟོན་པས་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་རྣམས་ཐིག་ལེར་གཅིག་ལུགས་ནི། ། གཞི་ཡི་དུས་ན་རང་བཞིན་ལྷུན་གྱིས་གྲུབ་པར་ཀུན་ཀྱང་གཅིག། ལམ་གྱི་དུས་ན་མཚོན་བྱེད་བརྡ་ལ་བརྟེན་པར་ཀུན་ཀྱང་གཅིག། ལྟ་བའི་དུས་ན་དོན་མཐུན་ཕྱོགས་དང་བྲལ་བར་ཀུན་ཀྱང་གཅིག། འབྲས་བུའི་དུས་ན་ཡིད་ཆེས་ཐེ་ཚོམ་བྲལ་བར་ཀུན་ཀྱང་གཅིག། ཡང་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། ཆོས་རྣམས་ཐིག་ལེར་ཚུལ་གྱི་བསྡུ་ལུགས་ནི།། བདེ་སྡུག་ཀུན་གྱི་རྩ་བ་ནི། ། སྤྱི་བསྡུ་ཆེན་པོའི་བྱང་ཆུབ་སེམས།། སེམས་ཉིད་རང་གི་ངོ་བོ་ལ།། ཀུན་གཞིའི་དོན་ལ་ཕྱི་ནང་མེད།། མིང་གཞྀའི་ཕུང་པོ་སྐྱེ་བ་མེད།། ཡང་དག་དོན་ལ་བཤད་དུ་མེད།། རྫོགས་ཆེན་དོན་ལ་བསྒོམ་དུ་མེད། ། རིག་པའི་ཡུལ་ལ་ཕྱི་ནང་མེད།། ཁྱབ་གདལ་འུབ་ཆུབ་མཐའ་ཡས་ཏེ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཆོས་ཐམས་ཅད་ཐིག་ལེ་བྱང་ཆུབ་སེམས་སུ་གཅིག་པའི་ཚུལ་གྱིས་བསྡུས་པའི་ལེའུ་སྟེ་སོ་ལྔ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཆོས་རྣམས་ཐིག་ལེར་འདུས་པ་ལ།། རྫོགས་པ་ཆེན་པོར་ཇི་ལྟར་བཏགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཐོག་མའི་སྟོན་པས་གསུངས་པ། ། རིགས་ཀྱི་གཙོ་བོ་ཁྱོད་ཉོན་ཅིག། ཆོས་རྣམས་ཐིག་ལེར་འདུས་པ་ལ།། དེ་ལ་རྣམ་པ་བཞི་ཡོད་དེ།། དཔེ་རྫོགས་ནམ་མཁའ་ལྟ་བུ་སྟེ།། འབྱུང་བ་རྣམ་བཞི་མ་འདྲེས་པར།། ནམ་མཁའ་ཆེན་པོར་ཡོངས་སུ་རྫོགས། ། ཚིག་རྫོགས་རང་བཞིན་ལྷུན་གྱིས་གྲུབ་པར་རྫོགས།། དེ་བཞིན་ཉིད་རྫོགས་ལྟ་བ་ཡོངས་སུ་རྫོགས།། རིམ་པར་ཚུར་རྫོགས་རྣམ་པ་བཞི་རུ་རྫོགས།། དོན་རྫོགས་གཞི་མོ་འོད་གསལ་ཆེན་པོར་རྫོགས། ། རྟགས་རྫོགས་ཀུན་རྟགས་བྱང་ཆུབ་སེམས་སུ་རྫོགས།། དཔེ་རྫོགས་འབྱུང་བ་རྣམ་བཞི་ནམ་མཁའ་རྫོགས།། ཐིག་ལེ་བྱང་ཆུབ་སེམས་ཀྱི་དཔེ་བཞི་ནི།། རིན་པོ་ཆེ་གསེར་དང་འདྲ་སྟེ་ཅིར་ཡང་བསྒྱུར་དུ་བཏུབ། ། ཉི་མ་དང་འདྲ་སྟེ་གཅིག་གི་འོད་ཟེར་ཀུན་ལ་ཁྱབ།། ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་དགོས་དགུ་རང་ལས་འབྱུང།། ཟ་འོག་སྣམ་བུ་འདྲ་སྟེ་མ་འདྲེས་ཡོངས་སུ་རྫོགས།། ཞེས་གསུངས་སོ། ། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐིག་ལེ་བྱང་ཆུབ་སེམས་རྫོགས་པ་ཆེན་པོ་གཏན་ལ་འབེབས་པའི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་དགའ་བའི་མདངས་ཕྱུང། དང་བའི་ཡིད་གུས། མོས་པའི་ལུས་བཏུད་ནས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ཐོག་མའི་སྟོན་པ་འོད་མི་འགྱུར་བ་ལྷུན་གྱིས་གྲུབ་པར་བཞུགས་པ་ལགས། ཐེག་པ་བརྒྱད་པོའི་གཞུང་གིས་སུ། ། རྫོགས་ཆེན་ཨ་ཏི་མ་གཏོགས་པ།། དེ་ཡི་བསྲུང་མཚམས་གང་གིས་བསྲུངས།། སྙིང་དང་འདྲ་བའི་འཁོར་རྣམས་དང།། བདག་དང་མཐའ་ཡས་དོན་སླད་དུ།། ཚངས་པའི་གསུང་ལྟར་བསྒྲག་ཏུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཐུན་མོང་ཐེག་པ་བརྒྱད་པོ་ཡིས།། རྫོགས་པ་ཆེན་པོ་འདི་མ་རྟོགས།། དེ་ལ་བསྲུང་མཚམས་བཞི་ཡོད་དེ།། རང་རིག་རྩལ་གྱིས་སྲུང་མས་བསྲུངས། ། ལྷན་ཅིག་སྐྱེས་པའི་མ་རིག་པས་རྒྱུ་བྱས་ནས། མུན་པའི་འཁོར་སྒོ་དག་ཏུ་ཚུད།། ཡང་དབང་གཏེར་གྱིས་སྲུང་མས་བསྲུངས།། མུན་པའི་རང་བཞིན་གྱིས་སྣང་བའི་དོན་མ་མཐོང།། མུན་པའི་འཁོར་སྒོ་དག་ཏུ་ཚུད། ། སྦས་པ་ཐབས་ཀྱིས་སྲུང་མས་བསྲུངས།། དགོས་པའི་ཐབས་སྟོར་མུན་པའི་འཁོར་སྒོར་རྟག་ཏུ་ཚུད།། གབ་པ་མཆོག་གི་སྲུང་མས་བསྲུངས།། སྟོབས་ཀྱིས་མཐུ་མེད་འཁོར་བའི་བཙོན་རར་ཚུད། ། མུན་པའི་འཁོར་སྒོ་ཐ་མར་ཚུད།། རིག་པའི་འཆར་སྒོ་བཞི་ཡི་དོན་མ་རྟོགས།། སྒོ་མོ་ཆེ་ཡི་གནས་མ་རྙེད།། དེ་ལ་མ་རིག་མུན་པར་གསུངས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ། ཐེག་པ་བརྒྱད་ཀྱི་ཨ་ཏིའི་དོན་མ་རྟོགས་པའི་སྲུང་མ་ངོས་གཟུང་བའི་ལེའུ་སྟེ་སོ་བདུན་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། རྫོགས་པ་ཆེན་པོ་མ་རྟོགས་པས།། འཁོར་བར་འཁྱམས་པའི་སྡུག་བསྔལ་རྣམས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཁོར་བའི་རྒྱུ་མ་རིག་པ་ཡིན།། འཁོར་བའི་རྐྱེན་ལས་དང་ཉོན་མོངས་པ་ཡིན།། བྱེད་པ་པོ་སྐད་ཅིག་མ་རྒྱུན་དང་བཅས་པ་ཡིན།། དེས་དམིགས་ཆོས་ཉིད་ཡིན་པར་ངོ་མ་ཤེས།། སྡུག་བསྔལ་ཡང་ནས་ཡང་དུ་བསྣན། ། དཔེ་ཤིང་རྟའི་འཕང་ལོ་ཟོ་ཆུ་ཁྱུད་མོ་འདྲ།། འབྲས་བུ་སྡུག་བསྔལ་བརྒྱད་དང་བཅུ་གཅིག་མྱོང། བྱ་སླ་ལ་དོན་ཆེ། ཚེགས་ཆུང་ལ་གོ་དཀའ། ཐེག་པ་བརྒྱད་ཀྱིས་རང་གཞུང་གིས།། རྫོགས་ཆེན་ཨ་ཏིའི་དོན་མ་རྟོགས། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འཁོར་བའི་རྒྱུ་འབྲས་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། དམ་པ་དང་པོའི་སངས་རྒྱས་ལགས།། ལམ་གྱི་རྒྱུ་འབྲས་རྣམ་པའི་གྲངས།། སོ་སོར་དབྱེ་བའི་གོ་རིམ་རྣམས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ལམ་པའི་རྒྱུ་ནི་ཀུན་གཞི་བྱང་ཆུབ་སེམས།། ལམ་གྱི་རྐྱེན་ནི་ཏིང་འཛིན་རྣམ་པའི་གྲངས།། བྱེད་པ་པོ་ནི་རྣལ་འབྱོར་ལུས་ངག་ཡིད་གསུམ་ཡིན།། ལམ་གྱི་ཡོན་ཏན་རྟགས་དང་ཐུན་མོང་དངོས་གྲུབ་ཡིན། ། ལམ་གྱི་འབྲས་བུ་གནས་སྐབས་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐེག་པ་ཐུན་མོང་གི་ལམ་གྱི་གནས་སྐབས་ཀྱི་ཡོན་ཏན་མེ་ཏོག་དང་འདྲ་བར་བསྟན་པའི་ལེའུ་སྟེ་སོ་དགུ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། རྫོགས་ཆེན་ཨ་ཏི་ཡོ་གའི་དོན། མྱ་ངན་འདས་པའི་དོན་ཉིད་ནི། ། འདི་ལ་རྒྱུ་འབྲས་ཡོད་དམ་མེད།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རྒྱུ་ནི་བྱས་པ་མེད་པར་རང་བྱུང་ཡིན།། རྐྱེན་ནི་བླ་མ་དམ་པའི་གདམས་ངག་ཡིན། ། བྱེད་པ་པོ་ནི་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ཡིན།། ཡོན་ཏན་སྣང་སྲིད་ཡེ་ཤེས་ཆེན་པོར་ཤར་བ་ཡིན།། འབྲས་བུ་ཡེ་ཤེས་སྐུ་དང་རང་ལ་རྫོགས་པ་ཡིན།། ཡང་གསུངས་པ། རྫོགས་ཆེན་ཨ་ཏིའི་ཡོན་ཏན་ནི། ། ཡུལ་མེད་རིག་པ་ཀུན་ཏུ་ཤར།། ཇི་ལྟར་རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ།། བཙལ་མེད་ཡོན་ཏན་ཤུགས་ལས་འབྱུང།། ཇི་ལྟར་བ་མོ་ཉི་ཤར་བཞིན།། རྣམ་རྟོག་མཚན་མ་ངང་གིས་ཞི།། ཡང་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག་འཁོར་བའི་སྡུག་བསྔལ་ཆེན་པོ་ལས།། ཐར་བར་བྱེད་པའི་ཐབས་ཆེན་པོ།། ཁོག་པ་མདའ་དང་གཞུ་ལ་བརྟེན།། སྟག་རལ་གཟིགས་ཤུབས་རྒྱན་འདྲ་ཡང།། མདེའུ་ཐུང་མེད་ན་གནད་མི་འཕྲོད། ། ཡང་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། རྫོགས་ཆེན་ཨ་ཏི་ཡོ་གའི་དོན།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། བྱིན་རླབས་ཆེན་པོའི་ཡོན་ཏན་ནི།། མཚོ་ལུད་རླུང་གིས་བསྐྱོད་པ་བཞིན། ། བཀག་པས་ཁེགས་པར་མི་འགྱུར་ཏེ།། མ་ཐུབ་གསུམ་ནི་འདི་ལྟར་ཡིན།། བདེ་གཤེགས་བྱིན་རླབས་ཐུགས་མ་ཐུབ།། འབྱུང་བ་མཚན་མའི་རྟགས་མ་ཐུབ།། སྐྱེ་འགྲོ་གཏད་པའི་གཉེར་མ་ཐུག། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། ། ཆོས་སྒོར་མདའ་ཁུང་འདོན་པ་དང།། རྒྱལ་པོ་གྲོང་སྤྲང་བྱེད་པ་དང།། ཆོས་གོས་འོག་ཏུ་གྲི་འཛུགས་དང།། ཆེ་བཙུན་དུག་ལ་སྤྱོད་པ་དང།། དུས་དེར་ཉི་ཟླའི་འོད་ལྟར་འབྱུང།། ཞེས་གསུངས་སོ། ། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རྫོགས་པ་ཆེན་པོའི་དོན་རྒྱུ་འབྲས་སུ་ཕྱེ་ནས་བྱིན་རླབས་ཐུགས་ལ་འབྱུང་བ་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཆོས་ཉིད་ཐིག་ལེ་ཉག་གཅིག་ལ།། རྒྱུད་དང་ལུང་དང་མན་ངག་དང།། གཏན་ལ་འབེབས་པའི་རིགས་པ་བཞི།། གྲངས་ཀྱི་རྣམ་པ་ཕྱེ་བ་རྣམས། ། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། བཀའ་རྒྱུད་གཞན་ན་གསལ་བ་མེད།། ངེས་རྒྱུད་ཆེན་པོའི་ངང་གིས་བསྟན། ། དེ་ཡི་རྒྱུད་དུ་བསྟན་པ་ནི།། རང་དང་སྤྱི་ཡི་དབྱེ་བ་ནི།། དང་པོ་རྒྱུད་བདུན་སྐོར་དང་བཅས་པའི་སྤྱིའི་དོན་བསྟན་པ་ནི། རྣལ་འབྱོར་གཉིས་ཀྱི་ལྟ་བ་ནི། ཕྱིའི་བྱ་བ་མ་ལོག་པར་ཤེས་པས་དུས་ཐམས་ཅད་ལ་ཡིན། ནང་གི་རྒྱུད་དུ་བསྟན་པ་ནི།། རྣལ་འབྱོར་མ་ཧཱ་ཡོ་གའི་ལྟ།། བླང་དོར་མེད་པར་བསྟན་པ་ཡིན།། གསང་བའི་རྒྱུད་དུ་བསྟན་པ་ནི།། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱར་མེད་ཡིན།། དེ་ཁོ་ན་ཡི་རྒྱུད་དུ་བསྟན་པ་ནི། ། འཁྲུལ་པའི་དོན་ལ་མཁས་པ་ཡིན།། གཞི་ཡི་རྒྱུད་དུ་བསྟན་པ་ནི།། གནས་ལུགས་འགྱུར་བ་མེད་པ་ཡིན།། ཐབས་ཀྱི་རྒྱུད་དུ་བསྟན་པ་ནི།། སྣང་བ་འགག་པ་མེད་པ་ཡིན།། རྣལ་འབྱོར་རྒྱུད་དུ་བསྟན་པ་ནི། ། བྱ་བ་མེད་པའི་ཡེ་ཤེས་ཡིན།། ལམ་གྱི་རྒྱུད་དུ་བསྟན་པ་ནི།། བློ་ཡི་རྟོག་པ་གྲོལ་བ་ཡིན།། འབྲས་བུའི་རྒྱུད་དུ་བསྟན་པ་ནི།། འཁྲུལ་པའི་རྒྱུད་དུ་ཆོད་པ་ཡིན།། ལུང་གི་རྣམ་གྲངས་བསྟན་པ་ནི།། བཀའ་རྒྱུད་ཀུན་ནས་གསལ་བ་མེད། ། ཚིག་གི་རྒྱུད་དུ་བསྟན་པ་ནི།། སྒྲ་དང་ཡི་གེ་ཚིག་དང་རིམ་པར་ཕྱེ་བ་ཡིན།། པོ་ཏི་གླེགས་བམ་རྒྱུད་དུ་བསྟན་པ་ནི།། རིན་ཆེན་སྒྲོན་མ་ལ་སོགས་མ་བུར་བསྟན་པ་ཡིན།། རྒྱ་མ་ལས་ཀྱི་ལུང་དུ་ནི། ། ཆོས་ཉིད་སྡེ་གསུམ་བསྟན་པ་ཡིན།། ཡེ་ཤེས་ལྷ་ཡི་ལུང་དུ་ནི།། བསྐྱེད་པའི་རིམ་པ་ཐམས་ཅད་ཡིན།། བྱ་བྲལ་རྫོགས་པའི་ལུང་དུ་ནི།། རྫོགས་པའི་རིམ་པ་ཐམས་ཅད་ཡིན།། གསང་སྔགས་སྤྱིའི་ལུང་དུ་ནི། ཡུལ་དུ་མ་གྱུར་ཐམས་ཅད་ཐོགས་པ་མེད་པ་ཡིན། མན་ངག་གི་ངེས་ལུང་དུ་བསྟན་པ། བྱར་མེད་པའི་དོན་མི་འགྱུར་བ། དོན་གྱི་གསང་ལུང་དུ་བསྟན་པ། བློ་ཡི་ཡུལ་དུ་མ་གྱུར་པ། སྙན་ཁུང་བརྒྱུད་པའི་ལུང་དུ་བསྟན་པ་ནི། བླ་མ་བརྒྱུད་པ་བར་མ་ཆད་པའི་གདམས་པའོ།། གཏན་ལ་འབེབས་པའི་ལུང་དུ་བསྟན་པ། འཁྲུལ་པ་རྩད་ནས་གཅོད་པ་ཡིན།། མངོན་དུ་ཕྱུང་བའི་ལུང་དུ་བསྟན་པ། སྣང་བ་དབྱེ་གསལ་མེད་པ་ཡིན། ། ཡང་གསུངས་པ། རིག་པ་དགུ་ལ། ཕྱིའི་རིག་པ་བྱ་བ་བྱེད་པ། འཐད་པ་གྲུབ་པ། ལྟོས་ཏེ་ཤེས་པ་གསུམ་དུ་བསྟན། ནང་གི་རིག་པ་ཆོས་ཉིད་རིག་པ་དག་ཏུ་བསྟན། གསང་བའི་རིག་པ་ཆོས་ཉིད་ཀྱི་སྣང་བ། ཡེ་ཤེས་སུ་སྣང་བ། དེ་ཁོ་ན་ཉིད་ཀྱི་རིག་པ་དོན་ལ་མཇལ་ཤེས་པར་བསྟན།། རང་གི་རིག་པ་ཤེས་པར་བསྟན། གཞན་རིག་གསལ་བ་ཤེས་པའོ།། སྐད་ཅིག་མའི་རིག་པ་སྔ་ཕྱི་གཏན་ཚིགས་ཤེས་པའོ། ། རྒྱུན་དུ་གནས་པའི་རིག་པ་རྒྱ་ཆེ་ལ་ཚང་བ། རིག་པའི་གཙོ་བོ་རྣོ་བ། ཟབ་པ། མྱུར་བར་བསྟན། ཡང་གསུང་པ། མན་ངག་དགུ་ལ། ཕྱིའི་མན་ངག་ཀྲི་ཡོག་སྡེ་གསུམ་ལ་མཁས་པ། ནང་གི་མན་ངག་བསྐྱེད་རྫོགས་གསུམ་ལ་མཁས་པ། གསང་བའི་མན་ངག་ཕྱི་ནང་གསང་བའི་དབང་གསུམ་ལ་མཁས་པ། དེ་ཁོ་ན་ཉིད་ཀྱི་མན་ངག་སྙན་བརྒྱུད་གདམས་པ་ལ་མཁས་པ། ཚོགས་ལ་བཤད་པའི་མན་ངག་འབྲུ་འཛོམས་ཚིག་ལ་མཁས་པ། སློབ་མ་ལ་བསྟན་པའི་མན་ངག་ནི་གོ་སླ་ལ་ཚེགས་ཆུང་བ་སྡེ་སྐོར། རང་གི་སྙིང་དང་འདྲ་བའི་མན་ངག་རྩོད་པའི་སྒྲ་གསུམ་ལ་མཁས་པ། མན་ངག་གི་སྤྱི་སྡོམ་གསང་སྔགས་ཐམས་ཅད་ལ་མ་རྨོངས་པ། མན་ངག་གི་གཙོ་བོ་སློབ་པའི་དུས་གསུམ་ཤེས་ཤིང་གཅིག་སྐོར་དོན་ལ་གནས་པ། གཅིག་པུ་བསམ་གྱིས་མི་ཁྱབ། གཅིག་ལ་ཉོན་མོངས་སྐྱེ་མཁན་མེད། བག་ཆགས་ལ་བསགས་པ་མེད། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རྒྱུད་ལུང་རིགས་པ་མན་ངག་བཞི་རུ་ཕྱེ་བའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། ། ཐིག་ལེ་ཉག་གཅིག་མཚོན་པའི་ཐབས།། བརྡ་ཡི་མན་ངག་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་འོག་མིན་གྱི་གནས་ན་སེམས་ཅན་གྱི་མེས་པོ་དཔལ་ཚངས་པ་བྱ་བ་གཅིག་གནས་པས། ནམ་མཁའ་ནས་སྒྲ་གཅིག་བྱུང་སྟེ། དཔལ་ཚངས་པ་རང་ལ་ལྷ་ཁང་ཁྱད་པར་ཅན་གཅིག་འདུག་སྟེ། དེ་མི་མཐོང་བར་འདུག་པས་གྲོང་ཁྱེར་གསལ་ལྡན་འོད་ཀྱི་དཀྱིལ་ན་སྲས་ཀུན་རིག་སྣང་གསལ་འཁྲུལ་གྱི་མེ་ལོང་ཞེས་བྱ་བ་མོ་རྣོ་བ་ཞིག་ཡོད་ཀྱིས། དེ་ལ་ཐོབ་ཅིག་ཟེར་བའི་སྒྲ་གཅིག་བྱུང། མོ་བཏབ་པས་ཡུལ་མུན་སྣང་གཉིས་ཀྱི་སོ་མཚམས་ན་ཅི་བཏབ་སྐྱེ་བའི་ལྡུམ་ར་ཞིག་ཡོད་པས། དེ་ལ་རྒན་མོ་དབུལ་ལོང་མ་དང་ཁྱེའུ་ཐམས་ཅད་ཤེས་པ་གཉིས་འཐབ་ཅིང་ཡོད་པས། ཁྱེའུ་ཐམས་ཅད་ཤེས་པའི་རིགས་ཀྱིས་རང་གིས་ལྷ་ཚངས་པ་མཐོང་སྟེ། དེ་ནས་ཚངས་པས་ཁྱེའུའི་གྲོགས་བྱས་པས་རྒན་མོ་གྲོགས་དགོས་ནས་གྲོགས་པོ་ཚུ་རོལ་དུ་ཕྱིན་པས་རྒས་པོ་འཕུང་རྒྱས་སྟག་བྱ་བ་གཅིག་རྙེད། བུ་རི་བོ་མཐོ་ལ་སྙེག་དང། ཆུང་དུ་འཚོའུ་མ་ལ་སྡང་རྙེད། བུ་མོ་འབྲལ་མི་ཕོད་རྙེད། དམག་དཔོན་མུན་པའི་རང་བཞིན་རྙེད། དམག་དཔོན་ཁ་བྲག་ལམ་དུ་འཚོམ་རྙེད་ནས། དམག་བརྒྱད་ཁྲི་བཞི་སྟོང་གིས་དམག་ཁྱེའུ་ལ་དྲངས་སོ།། ཁྱེའུ་ཐམས་ཅད་ཤེས་པས་གྲོགས་མོ་བཙལ་བས་ཆུང་ཡོད་ཚད་བརླག་ཏུ་འཇུག་མ་རྙེད་དོ། ། བུ་ནམ་མཁའི་རང་བཞིན་ཅན་དང། བུ་མོ་ཕྲད་ཚད་རྐུ་བ་དང། བུ་ཆུང་ངུ་ཉི་མའི་རང་བཞིན་ཅན་དང། དམག་དཔོན་ཟླ་བའི་རང་བཞིན་གོ་ཆ་ཅན་དང། སྐྱེས་བུ་ལམ་ལ་མཁས་པ་དང།། དམག་བརྒྱད་ཁྲི་བཞི་སྟོང་གིས་རྒན་མོ་ལ་དམག་དྲངས་པས་རྒན་མོ་ཕུང་ངོ།། ལོང་བ་བཟའ་མི་བདུན་དམག་དང་ཆས་པ་དེ་ཁྱེའུ་ཐམས་ཅད་ཤེས་པས་བསད་དོ།། ཅི་བཏབ་སྐྱེ་བའི་བྲག་ཅིག་ཏུ་རེད་དེ་འདུག་གོ། ། སེམས་ཅན་གྱི་མེས་པོ་དཔལ་ཚངས་པས་རང་ལ་ཡོད་པའི་ལྷ་ཁང་མཐོང་ངོ།། ཀུན་གཞི་དཔེ་ཆུང་དང། ཁ་ཡན་སྒོ་དགུ་དང། གནད་ཀྱི་དཔེ་ཆུང་དང། སྤྱིའི་དཔེ་ཆུང་དང། སློབ་པའི་དུས་གསུམ་ལུས་པོ་འདྲ། མན་ངག་སྡེ་སྐོར་ལྕེ་དང་འདྲ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། བརྡའི་མན་ངག་རྣམ་གསུམ་ལྡེབས་དང་འདྲ་བར་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། རྫོགས་ཆེན་ཨ་ཏི་ཡོ་ག་ལ། ཕྱིར་རྒོལ་ཐེག་པ་བརྒྱད་པོ་ཡིས།། རིག་པའི་དམག་གིས་བསྐོར་སྲིད་ན། ། འབྲོས་པའི་མཁར་ནི་གང་ལ་བཅའ།། བསྲུང་པའི་མི་ནི་གང་ལ་བགྱི།། རྡེག་པའི་མཚོན་ནི་གང་ལ་བགྱི།། དམ་པ་དང་པོའི་སངས་རྒྱས་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རྫོགས་ཆེན་ཨ་ཏི་ཡོ་ག་ལ།། ཕྱིར་རྒོལ་ཐེག་པ་རིམ་པ་བརྒྱད་པོའི་དམག་གིས་བསྐོར་སྲིད་ན།། འབྲོས་པའི་རྫོང་ལ་བཞི་ཡོད་དེ། ། འདོད་པ་མི་སྒྲུབ་མི་འདོད་མི་སྤོང་དང།། འགལ་བ་མི་སྡུད་ཕྱལ་བར་མི་གཏོང་བ།། དེ་ཡང་ཨ་ཏི་འབྲོས་པའི་མཁར།། མ་བཀག་མ་ཞེས་གཟེར་བུ་ཆེན་པོ་བཞི།། དེ་ཡང་རྫོགས་ཚན་ཨ་ཏི་འབྲོས་པའི་མཁར། ། གཞི་གཅིག་གསལ་བ་ཐ་དད་སྐྱེ་མེད་པས།། གཏན་ཚིགས་ཆེན་པོ་བཞི་ཡི་མཁར།། དེ་ཡང་ཨ་ཏི་འབྲོས་པའི་མཁར།། སྣང་སྲིད་ཐིག་ལེ་ཆེན་པོར་གཅིག། དེ་ཡང་ཨ་ཏི་འབྲོས་པའི་མཁར།། སྲུང་བའི་མི་ལུས་རིག་པ་ཡིན། ། ལུང་རིག་ཁས་ལེན་འགྲོ་གླེང་ཡིན།། ལུང་མེད་སྨྱོན་པའི་ཚིག་འདྲ་བ།། རིགས་ཆད་པ་ལ་ལེན་མི་གདབ།། ཀུན་གྱི་སྙིང་དུ་སྡུག་མ་སྲིད།། དཔེར་ན་སྨད་འཚོང་བུ་བཞིན་ནོ།། བརྡེག་པའི་མཚོན་ཆ་གཉིས་ཡོད་དོ། ། གཞན་གྱི་འདོད་པ་ཁས་ལེན་ན།། རྣོ་ལ་མྱུར་མགྱོགས་མཚོན་ཆ་བརྡེག། གྲུབ་མཐའ་མ་ལོངས་ལན་མི་གདབ།། ཕྱག་རྒྱ་བཞི་ཡི་ར་བར་གཞུག། གཅིག་གམ་ཐ་དད་བརྟགས་པ་ཡིས།། འདོད་པ་དྲི་སྡེ་གཞན་སུན་གདོན། ཁས་ལེན་མེད་ན་ལན་མི་བླན།། སྟོང་པའི་ཀློང་ལ་འབྲོས་མཐའ་བསྐྱོན།། ང་རྒྱལ་སྨྲ་ན་འགོ་སྦྲེ་བྱ།། རིགས་པའི་མདའ་ནན་ཆེ་ན་འབྲེལ་བ་བྲི།། འབྲེལ་བ་མ་གྲུབ་གཡང་ལ་བསྐྱུར།། ཅེས་གསུངས་སོ། ། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས།། ཨ་ཏི་རང་ལ་གཞུང་བསྐྱབ་ཅིང་གཞན་སུན་གདོན་པའི་ལེའུ་སྟེ་ཞེ་གསུམ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། དམ་པ་དང་པོའི་སངས་རྒྱས་ལགས།། ཕྱི་པ་མུ་སྟེགས་ཐེག་པ་དང།། ནང་པ་སངས་རྒྱས་ཐེག་པ་གཉིས།། དེ་ཡི་ཁྱད་པར་ཇི་ལྟར་ལགས།། ཐོག་མི་སྟོན་པས་བསྟན་དུ་གསོལ།། ཐོག་མའི་སྟོན་པས་གསུངས་པ། ། སྟོང་པས་སྡུག་བསྔལ་བདག་བཞིར་འདོད།། མ་རྟོགས་པས་ན་མུ་སྟེགས་ཡི།། ལྟ་བ་སུམ་བརྒྱ་དྲུག་ཅུའི་གྲངས་རྙེད་འདོད།། བསྡུས་པས་དྲུག་ཅུ་རྩ་གཉིས་ཏེ།། དེ་ལས་བསྡུས་པས་ཉི་ཤུ་སྟེ།། དེ་ལས་བསྡུས་པས་རྣམ་པ་བཞི། ། དེ་ཡང་རྣམ་པ་གཉིས་སུ་འདུས།། རྟག་པ་དང་ནི་ཆད་པའོ།། ཆད་པའི་ལྟ་བ་རྟེན་ཆད་དང།། རྒྱུ་ཆད་ལམ་ཆད་འབྲས་བུ་ཆད་པ་བཞིར།། ལུང་དང་རིག་པ་གཉིས་ཀས་བསྒྲུབ།། རྟག་པར་འདོད་པའི་ལྟ་བ་ནི། ། ཕྱོགས་རྟག་དཔེ་རྟག་རྒྱུ་རྟག་འབྲས་བུ་རྟག་པ་བཞིར།། ལུང་དང་རིག་པ་གཉིས་ཀས་བསྒྲུབ།། དེ་ཡི་ལྟ་བ་ཕྱོགས་བཙལ་བ།། སེམས་ཅན་ཀུན་གྱི་སྙིང་དཀྱིལ་ན།། རྟག་པ་བཞི་ཡི་དངོས་པོ་གཅིག། རྒྱུ་རྐྱེན་གཉིས་ཀྱི་མ་བསྐྱེད་པས།། ལུས་ཀྱི་བོང་དང་སྦྱར་ཏེ་གནས།། ལྟ་བ་དེ་དག་གསལ་བར་ནི།། སྡེ་སྣོད་ཀུན་ན་གསལ་བ་ཡོད།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། འཇིག་རྟེན་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སེམས་ཉིད་ཐིག་ལེ་ཉག་གཅིག་ལ།། ཐེག་པ་དགུ་རུ་ཅི་ཕྱིར་གདགས། ། བརྟགས་པའི་གཏན་ཚིགས་ཇི་ལྟར་ལགས།། ཐོག་མའི་སྟོན་པས་བསྟན་དུ་གསོལ།། ཐོག་མའི་སྟོན་པས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། གཞི་མོ་འོད་གསལ་ཆེན་པོ་ལ།། མ་རིག་རྐྱེན་གྱིས་གཟུང་འཛིན་སྐྱེས། ། སེམས་ཀྱི་ངོ་བོ་ཐ་དད་ཤར།། དབང་པོ་རབ་འབྲིང་གསུམ་དུ་བྱུང།། དབང་པོ་རབ་ཀྱི་དོན་དུ་ནི།། ནང་གི་བསྐྱེད་རྫོགས་རྣམ་གསུམ་བསྟན།། དབང་པོ་འབྲིང་ནི་དོན་དུ་ནི།། ཕྱི་ཡི་ཀྲི་ཡོག་གསུམ་དུ་བསྟན། ། དབང་པོ་ཐ་མའི་དོན་དུ་ནི།། མདོ་སྡེ་འདུལ་བ་མངོན་པ་གསུམ།། སྡེ་སྣོད་ཀུན་གྱི་ཐེག་པ་བསྟན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཐེག་པ་དགུ་རུ་ཕྱེ་བའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སྟོན་པའི་འདུལ་ལུགས་རྣམ་གསུམ་ལ།། དྲང་དོན་ངེས་དོན་གཉིས་སུ་ཅི་ཕྱིར་གདགས། ། ཐེག་པ་ཆེ་ཆུང་མཚན་ཉིད་དེ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། འཇིག་རྟེན་པ་ཡི་གང་ཟག་ལ། ། མི་ཆོས་ལུགས་སུ་དྲངས་པ་ནི།། ལུས་ངག་ཡིད་གསུམ་གུས་པར་བསྟན།། གང་ཟག་མཚན་མ་གཙོ་བོར་འཛིན་པ་ལ།། མཚན་དང་ལྡན་པའི་སྐུས་དྲངས་ལ།། གང་ཟག་རང་བཞིན་ཞི་བ་ལ། ། ཆོས་ཉིད་སྟོང་པ་ནམ་མཁའ་ལྟ་བུར་དྲངས།། གང་ཟག་མི་མཐུན་སོ་སོར་ལ།། རྒྱ་མཚོ་ཙམ་གྱིས་ཆོས་ཉིད་དྲངས།། མུ་མཐའ་མེད་པར་གསུངས་པ་རྣམས།། རྒྱུ་འབྲས་གཉིས་ལས་མ་གཏོགས་པས།། མི་མཐུན་བྱེ་བྲག་ཕྱེ་བ་མེད། ། ཐེག་ཆེན་རིགས་དང་ལྡན་པ་ལ།། ཆོས་ཉིད་སྤྲོས་དང་བྲལ་བ་ཡི།། འབྲས་བུའི་དོན་ལ་ཡིད་ཆེས་བྱ།། ཐེག་དམན་ཐ་མའི་རིགས་ཅན་ལ།། རྒྱུ་ཡི་དུས་ན་ནན་ཏན་བསྟན།། ཡང་གསུངས་པ། སྙིང་རྗེ་ཤེས་རབ་ལྡན་པ་ཡིས།། གཞན་དོན་གཙོ་རུ་ལེན་པ་ལ།། ཐེག་ཆེན་རིགས་སུ་བསྟན་པ་ཡིན།། བློ་དམན་ཤེས་རབ་ཆུང་བ་ལ།། ཐབས་ཆེན་ཡན་ལག་བརྒྱད་པོ་ཡིས།། མི་ལྡན་གང་ཟག་དམན་པ་ལ། ། ཐེག་པ་ཆུང་ངུའི་རིགས་སུ་བསྟན།། ཡང་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། བྱིས་པ་རྣམས་ལ་དྲང་དོན་བསྟན།། རྣོན་པོ་རྣམས་ལ་ངེས་དོན་བསྟན།། སེམས་ཀྱི་གནས་སྐབས་ན། ཅི་སྤྱོད་ཅི་བསྒྲུབ་ཅི་བརྩམས་རྒྱུ་ཡིན་ལ། དུས་ནམ་ཞིག་མ་གོ་ན་གྲུབ་པའི་འབྲས་བུ་མི་བསླུ་བར་འབྲས་བུ་ཡིན། འཇིག་རྟེན་ཕྱི་མར་དུས་མི་འདེབས།། ནམ་མཁའ་སྟོང་པ་ཁུངས་མི་འདྲེན།། སེམས་ཅན་སྐལ་བ་ཆུང་བ་ལ་སྙད་མི་འདོགས། ཅེར་མཐོང་ཅེར་རྟོགས་ཅེར་གྲོལ།། རྟོགས་ཐོབ་དུས་གཅིག་ཏུའོ།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། བློའི་ཁྱད་པར་གྱིས་དྲང་དོན་དང། ངེས་དོན་དང། རྒྱུ་འབྲས་སུ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། སེམས་ཉིད་ཐིག་ལེ་ཉག་གཅིག་ལ།། མདོ་སྔག་གཉིས་སུ་ཕྱེ་བ་ཡི། ། དེ་ཡི་དགོངས་པ་ཇི་ལྟར་ལགས།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། མདོ་སྔགས་གཉིས་ཀྱི་ཁྱད་པར་ནི།། དེ་ལ་མདོ་སྡེའི་འདོད་གཞུང་ནི། ། དོན་དམ་མདོ་རུ་བསྡུས་པ་ལགས།། ཀུན་རྫོབ་ཏུ་ནི་སྤངས་པ་ཡིན།། འབྲས་བུ་གསང་སྔགས་འདོད་གཞུང་ནི།། སྤྲུལ་སྐུ་ད་ལྟ་ཐོབ་པ་ཡིན།། ལྷ་དང་རྣལ་འབྱོར་ཡུལ་དུ་གཅིག། ཐ་མལ་ཤེས་པ་ཟློག་དང་གསུམ། ། ས་ལམ་དུས་གཅིག་སྦྱངས་དང་གཅིག། འབྱུང་བཞི་སེམས་སུ་ཤེས་དང་གཉིས།། བཀའ་ཡི་ཞེན་པ་བཟློག་དང་གསུམ།། རྟོགས་པ་རྣམས་ལ་རྒྱུ་མེད་དང།། རྣལ་འབྱོར་རྣམས་ལ་སྒྲུབ་རྒྱུ་བྲལ། ། འབྲས་བུ་ལམ་དུ་བྱེད་དང་གསུམ།། རྟོག་ཚོགས་ལྷ་རུ་བསྒྱུར་བ་དང། ལྷ་དང་རྣལ་འབྱོར་གཉིས་མེད་དང།། དེ་ཉིད་དོན་གསུམ་ཡིན་དང་གསུམ།། ཉོན་མོངས་དུག་ལྔས་རྒྱུ་བྱས་ནས།། མཆོག་གི་དངོས་གྲུབ་བསྒྲུབས་པས་ན། ། རྒྱུ་ཡི་ཁྱད་པར་བསྟན་པ་ཡིན།། ལྷ་དང་དཀྱིལ་འཁོར་ལམ་བཅས་པས།། ལམ་གྱི་ཁྱད་པར་བསྟན་པ་ཡིན།། རང་སེམས་གདོད་ནས་དག་པས་ན།། རྟོགས་ཚད་གཞན་ནས་བཙལ་དུ་མེད། ། དེ་ལས་འབྲས་བུ་མཆོག་གྲུབ་པས།། དུས་ཀྱི་ཁྱད་པར་ཕྱེ་བ་ཡིན།། ཚེ་གཅིག་ལྷུན་གྲུབ་སྦྱོར་བ་ཡིས།། རང་དོན་ཉེ་བར་སྦྱོར་བ་ཡིན།། འཕྲིན་ལས་རྣམ་བཞི་རྫོགས་པས་ན།། གཞན་དོན་མཐའ་རུ་ཕྱིན་པ་ཡིན། ། སྒྲ་དང་ཚད་མས་གཞིག་ཏུ་མེད་པ་ཡིན།། དོན་གྱི་ཁྱད་པར་བསྟན་པ་ཡིན།། མཉམ་གཞག་རྗེས་ཐོབ་མེད་པས་ན།། ཏིང་འཛིན་ཁྱད་པར་བསྟན་པ་ཡིན།། ཉོན་མོངས་ཉོན་མོངས་སྒྲོལ་བས་ན། ། དགོངས་པའི་ཁྱད་པར་བསྟན་པ་ཡིན།། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྦྱོར་བས་ན།། ཚོགས་ཀྱི་ཁྱད་པར་བསྒྲུབ་པ་ཡིན།། ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ན།། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིན། ། ཡན་ལག་སྒུལ་སྤྱོད་གར་དུ་ཤེས་པས་ན།། མཛད་སྤྱོད་ཁྱད་པར་བསྟན་པ་ཡིན།། འདོད་ཆགས་ལ་སོགས་དུག་ལྔ་ཡིས།། དམིགས་པའི་སེམས་ནི་ཟིན་པ་ཡིན།། བསམ་གཏན་ཁྱད་པར་བསྟན་པ་ཡིན།། ཚེ་གཅིག་གིས་ལྷུན་གྱིས་གྲུབ་པའི་རིགས་འཛིན་ཐོབ་པས་ན། ། དབང་པོ་རབ་འབྲིང་གི་སྤྱོད་ཡུལ་དུ་བསྟན་པ་ཡིན་པས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། མདོ་སྔགས་སུ་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། ཐེག་པ་དགུ་རུ་ཕྱེ་བའི་ཤེས་རྒྱུད་སོ་སོའི་ངོ་བོ་ལ།། འཇུག་སྒོ་སོ་སོད་ཡོད་དམ་མེ། ། ཐོག་མའི་སྟོན་པས་བསྟན་དུ་གསོལ། ཐོག་མའི་སྟོན་པས་གསུངས་པ།། ཐིག་ལེ་ཉག་གཅིག་མ་རྟོགས་པ།། ཤེས་རྒྱུད་སོ་སོའི་ངོ་བོ་ལ། འཇུག་སྒོ་ལྟ་སྤྱོད་མི་མཐུན་པས།། ཉན་ཐོས་དག་གི་འཇུག་སྒོ་ནི། ། བདེན་པ་བཞི་ཡི་སྒོ་ནས་འཇུག། སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་དང་བཞི།། ཉན་ཐོས་དག་གི་ལྟ་བ་ནི།། ཕུང་པོ་ལ་སོགས་ཆོས་རྣམས་ལ།། མི་རྟག་པ་དང་དུ་མར་མཐོང།། གང་ཟག་ལ་ནི་བདག་མེད་རྟོགས། ། ཉན་ཐོས་དག་གི་སྒོམ་པ་ནི།། འཁོར་བར་སྐྱེས་པའི་རྩ་བ་ཀུན།། བདག་ཏུ་འཛིན་པ་ལས་བྱུང་བ།། སྐྱེས་བུ་ལུས་གཅིག་ཤ་གང་ལ།། མི་གཙང་སུམ་ཅུ་སོ་དྲུག་ལ།། བདག་ཅེས་བྱ་བ་མ་རྙེད་པས།། ཤེས་པ་ཚོམ་གྱིས་སོང་བ་ལ། ། བསམ་པ་དང་བྲལ་གཞག་པའོ།། ཉན་ཐོས་དག་གི་སྤྱོད་པ་ནི།། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཏེ།། འཚོ་བའི་ཡོན་ཏན་བཅུ་གསུམ་པོ། ཉན་ཐོས་པའི་ས་དག་ནི། དགྲ་བཅོམ་པའི་སའོ། ། ཡང་གསུངས་པ། རང་རྒྱལ་དག་གི་འཇུག་སྒོ་ནི།། རྟེན་འབྲེལ་བཅུ་གཉིས་སྒོ་ནས་འཇུག། རང་རྒྱལ་དག་གི་ལྟ་བ་ནི།། ཉན་ཐོས་ལས་ཀྱི་ཁྱད་པར་ནི།། ཆོས་ལ་བདག་མེད་ཕྱོགས་གཅིག་རྟོགས་པའོ།། རང་རྒྱལ་དག་གི་སྒོམ་པ་ནི། ། དཔེར་ན་གཉིད་ནི་སད་པ་ལ།། དབང་པོ་ཡུལ་ལ་མ་འཕྲོས་ཤིང།། རང་རྒྱལ་དག་གི་སྤྱོད་པ་ནི།། ཉན་ཐོས་པ་དང་མཐུན་པར་སྤྱོད་པ་ནི།། ཉན་ཐོས་པ་དང་མཐུན་པར་སྤྱོད། ། ས་ནི་རང་སངས་རྒྱས་ཀྱི་ས།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཉན་ཐོས་རང་རྒྱལ་བའི་ལྟ་སྒོམ་མདོར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་རིགས་ཀྱི་གཙོ་བོས་ཞུས་པ། ཐོག་མའི་སྟོན་པ་ལགས། མདོ་སྡེ་ཐེག་པ་ཆེན་པོ་ཡི།། ལྟ་སྒོམ་མདོ་རུ་བསྡུས་པའི་དོན།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཐོག་མའི་སྟོན་པས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། མདོ་སྡེ་ཐེག་པའི་འཇུག་སྒོ་ནི། ། བདེན་པ་གཉིས་ཀྱི་སྒོ་ནས་འཇུག། རྣམ་རིག་སེམས་ཙམ་ལྟ་བ་ནི།། ཀུན་བརྟགས་གཞན་དབང་ཡོང་གྲུབ་གསུམ་དུ་འདོད།། རྣམ་རིག་སེམས་ཙམ་སྒོམ་པ་ནི།། རང་གི་རིག་པའི་ངོ་བོ་ནི། ། གསལ་ལ་རྟོགས་པ་མེད་པ་ཡིས།། གཟུང་འཛིན་གཉིས་དང་བྲལ་བར་འདོད།། རྣམ་རིག་སེམས་ཙམ་སྤྱོད་པ་ནི།། ཕ་རོལ་དྲུག་ཚད་མེད་བཞི་ལ་སྤྱོད།། རྣམ་རིག་སེམས་ཙམ་ས་དག་ནི།། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་རུ་འདོད། ། ཡང་གསུངས་པ། ཐེག་ཆེན་དབུ་མའི་ལྟ་བ་ནི་རྣམ་པ་གསུམ་ཡོད་དེ། རྣལ་འབྱོར་པ་ཡི་དབུ་མ་ནི།། ཀུན་རྫོབ་ཏུ་ནི་སེམས་སྣང་འདོད།། དོན་དམ་རང་བཞིན་མེད་པར་འདོད།། རྣལ་འབྱོར་པ་ཡི་སྒོམ་པ་ནི། ། རང་བཞིན་མེད་པའི་ངང་ལ་འཇོག། སྤྱོད་པ་ཕ་རོལ་ཕྱིན་དྲུག་ཚད་མེད་བཞི་ལ་སྤྱོད།། མདོ་སྡེ་སྤྱོད་པའི་དབུ་མ་ནི།། རྣལ་འབྱོར་ཡོད་པ་དག་དང་མཐུན།། རབ་ཏུ་མི་གནས་དབུ་མ་ནི།། ཡོད་པའི་མཐའ་ལ་མི་གནས་པ། ། མེད་པའི་མཐའ་ལ་མི་གནས་ཏེ།། གཉིས་ཀ་ལ་ཡང་མི་གནས་པས།། གཉིས་མེད་པ་ཡང་མི་གནས་སོ།། རབ་ཏུ་མི་གནས་ལྟ་བ་ཡིན།། རབ་ཏུ་མི་གནས་སྒོམ་པ་ཡིན།། འདོད་མེད་སྤྱི་ཡི་ཆོས་ཉིད་སྒོམ། ། རབ་ཏུ་མི་གནས་སྤྱོད་པ་ནི།། མདོ་སྡེ་རྣལ་འབྱོར་ཉིད་དང་མཐུན།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། མདོ་སྡེ་ཐེག་པའི་ལྟ་སྒོམ་བསྡུས་པའི་ལེའུ་སྟེ་ཞེ་དགུ་པའོ། །།། དེ་ནས་རིགས་ཀྱི་གཙོ་བོས་ཞུས་པ། དམ་པ་དང་པོའི་སངས་རྒྱས་ལགས།། ཕྱི་རྒྱུད་སྡེ་གསུམ་ཐེག་པའི་ལྟ་སྒོམ་མདོ་རུ་བསྡུས་པའི་དོན།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། རིག་སྔགས་ཀྲི་ཡའི་འཇུག་སྒོ་ནི།། གཟའ་དང་སྐར་མ་དུས་ཚོད་དང།། མཚན་མ་བཟང་པོ་བརྟགས་ནས་འཇུག། རིག་སྔགས་ཀྲི་ཡའི་ལྟ་བ་ནི།། ཆོས་ཉིད་རྣམ་པར་དག་པའི་སེམས། ། མཐའ་དབུས་བྲལ་བའི་ཆོས་ཉིད་འདོད།། རིག་སྔགས་ཀྲི་ཡའི་སྒོམ་པ་ནི།། ཆོ་ཡ་ཡན་ལག་བཅུ་གཅིག་གིས།། བསྐྱེད་ནས་རྗེ་བོའི་ཚུལ་དུ་འདོད།། རིག་སྔགས་ཀྲི་ཡའི་སྤྱོད་པ་ནི། ། ཁྲུས་དང་གཙང་སྦྲ་དག་ལ་སྤྱོད།། འབྲས་བུ་ཀྲི་ཡ་རྡོ་རྗེ་འཛིན་པའི་ས།། ཡང་གསུངས་པ། ཨུ་པ་ཡ་ཡི་འཇུག་སྒོ་ནི།། དག་པ་གསུམ་གྱི་ལམ་ནས་འཇུག། ཨུ་པ་ཡ་ཡི་སྒོམ་པ་ནི།། རྣམ་པར་མི་རྟོག་པ་ཡི་སྟོང་པར་སྒོམ། ། གཞི་དང་ལྡན་པའི་ལྷ་སྣང་འདོད།། ཨུ་པ་ཡ་ཡི་སྤྱོད་པ་ནི།། ལས་སུ་ཁྲུས་དང་མཆོད་པ་བྱེད།། ཨུ་པ་ཡ་ཡི་འབྲས་བུ་ནི།། ལྟ་སྤྱོད་སོ་སོ་ཐ་དད་ཀྱིས།། དཔེར་ན་རྒན་མོ་འཁར་ཐོགས་འདྲ། ། ཡོ་ག་དག་གི་འཇུག་སྒོ་ནི།། མཚན་མ་མེད་པའི་སྒོ་ནས་འཇུག། ཡོ་ག་དག་གི་ལྟ་བ་ནི།། ཆོས་ཉིད་དག་པའི་བྱིན་རླབས་ལས།། སྣངབ་ལྷ་དང་ལྷག་མོར་ལྟ།། རང་དང་འདྲ་བའི་གྲོགས་པོར་འདོད།། རྣལ་འབྱོར་ཡོ་གའི་སྒོམ་པ་ནི། ། མངོན་པར་བྱང་ཆུབ་ལྔ་དང་ནི།། ཆོ་འཕྲུལ་བཞི་དང་ལྡན་པར་སྒོམ།། རྣལ་འབྱོར་ཡོ་གའི་སྤྱོད་པ་ནི།། ཏིང་འཛིན་ལས་སུ་རུང་པར་སྤྱོད།། འབྲས་བུ་ས་ཡི་རང་བཞིན་ནི།། ཆོས་དབྱིངས་སྟུག་པོ་བཀོད་པའི་ས། ། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ཕྱི་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་མདོར་བསྡུས་པའི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ་ཐོག་མའི་སྟོན་པ་ལགས། བསྐྱེད་རྫོགས་གཉིས་ཀྱི་ལྟ་སྒོམ་མདོར་བསྡུས་པ།། བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཐོག་མའི་སྟོན་པས་གསུངས་པ། རིགས་ཀྱི་གཙོ་བོ་ཉོན་ཅིག། རྣལ་འབྱོར་མ་ཧཱའི་འཇུག་སྒོ་ནི། ། ཤེས་རབ་ཐབས་དང་ལྡན་པ་ཡི།། གཉིས་སུ་མེད་པའི་སྒོ་ནས་འཇུག། མ་ཧཱ་ཡོ་གའི་ལྟ་བ་ནི། བདེན་པ་དབྱེ་རུ་མེད་པ་ཡི།། བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ།། སྤྱོད་ཡུལ་ཀུན་དང་བྲལ་བར་ལྟ། ། མ་ཧཱ་ཡོ་གའི་སྒོམ་པ་ནི།། ཏིང་འཛིན་གསུམ་དང་ལྡན་པ་སྟེ།། ཐབས་དང་ཤེས་རབ་ཟུང་འབྲེལ་བས།། སྐྱེ་བ་མེད་པའི་སྒོམ་པར་བསྟན།། མ་ཧཱ་ཡོ་གའི་སྤྱོད་པ་ནི།། ཏ་ན་ག་ན་དང། དམ་རྫས་བདུད་རྩི་ལྔ་ལ་སྤྱོད། ། མ་ཧཱ་ཡོ་གའི་འབྲས་བུ་ནི།། རྣལ་འབྱོར་ལུས་ངག་ཡིད་གསུམ་ནི།། སྐུ་གསུམ་རྡོ་རྗེ་འཆང་གི་ས།། ཨ་ནུ་ཡོ་གའི་འཇུག་སྒོ་ནི།། དབྱིངས་དང་ཡེ་ཤེས་སྒོ་ནས་འཇུག། ཨ་ནུ་ཡོ་གའི་ལྟ་བ་ནི།། རང་རིག་སྤྲོས་དང་བྲལ་བས་ཆོས་དབྱིངས་ཡིན། ། དབྱིངས་ཉིད་འགག་པ་མེད་པས་ཡེ་ཤེས་ཤར།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པས།། བྱང་ཆུབ་ཆེན་པོའི་ལྟ་བ་ཡིན།། ཨ་ནུ་ཡོ་གའི་སྒོམ་པ་ནི།། དོན་རྣམས་རྟོགས་པས་གཉིས་མེད་སྒོམ། ། དོན་ལ་རང་བཞིན་མཚན་མ་མེད།། རྟགས་ལ་དུས་གསུམ་ལྷ་རུ་སྒོམ།། ཨ་ནུ་ཡོ་གའི་སྤྱོད་པ་ནི།། ཞི་རྒྱས་དབང་དང་མངོན་སྤྱོད་བཞི།། གཞན་དོན་ཡོངས་སུ་རྫོགས་པར་བྱེད།། ས་དང་འབྲས་བུ་བསྟན་པ་ནི། ། སྐུ་གསུམ་ཡེ་ཤེས་བཞི་རྫོགས་ནས།། ཀུན་བཟང་དབྱེར་མེད་ས་དང་ལྡན།། ཞེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། བསྐྱེད་རྫོགས་གཉིས་ཀྱིས་ལྟ་སྒོམ་མདོར་བསྟན་པའི་ལེའུ་སྟེ་ང་གཅིག་པའོ། །།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས། རྫོགས་ཆེན་ཨ་ཏི་ཡོ་གའི་ལྟ་སྒོམ་མདོར་བསྡུས་པའི་དོན། རིགས་ཅན་སྐལ་བར་ལྡན་པ་ལ། ། ཐུགས་རྗེའི་ཚུལ་གྱིས་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། ཨ་ཏི་ཡོ་གའི་འཇུག་སྒོ་ནི།། རྩོལ་བ་དང་བྲལ་བའི་ཤེས་རབ་ཀྱིས། ། ངེས་པའི་གསང་སྒོ་བཙལ་ནས་ནི།། ལྷུན་གྲུབ་འོད་གསལ་སྒོ་ནས་འཇུག། ཨ་ཏི་ཡོ་གའི་ལྟ་བ་ནི།། མཆོག་ཏུ་གསང་བའི་དོན་མཆོག་ལྡན།། བསམ་མེད་ཀུན་ཏུ་འཆར་བ་ཡིན།། ཀུན་བྲལ་ཇི་མ་སྤངས་པ་ཡིན། ། རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན།། བསམ་མེད་བརྗོད་ལས་འདས་པ་ཡིན།། རེ་དོགས་སྒྲོ་སྐུར་བྲལ་བ་ཡིན།། ལྟ་བ་མེད་པའི་ལྟ་བ་ནི།། དེ་ནི་ལྟ་བའི་དམ་པ་ཡིན།། ཨ་ཏི་ཡོ་གའི་སྒོམ་པ་ནི། ། སྐྱེས་བུ་ཡིས་ནི་གདེང་ཆུད་ནས།། མ་དམིགས་ཀུན་ཏུ་གསལ་བ་ཡིན།། སེམས་ཆོས་སྐུའི་འོད་གསལ་དུ་བཞུགས་པ་ཡིན།། སྒྲ་གསུང་གི་ཟེར་ལ་རོལ་པ་ཡིན།། ཐུགས་ནམ་མཁའི་ཀློང་ན་གནས་པ་ཡིན།། སྐུ་གསུང་ཐུགས་དབྱེར་མེད་པ་རང་འོད་རང་ལ་ཤར་བ་ཡིན། ། ཨ་ཏི་ཡོ་གའི་སྤྱོད་པ་ནི།། གདེང་གསུམ་ཁོང་དུ་ཆུད་པ་ཡིན།། འཛིན་ཆགས་བྲལ་བས་སྤྱོད་པ་ཡིན།། བླང་དང་དོར་དང་རྩོལ་དང་སྒྲུབ།། གང་ཡང་མེད་པས་སྤྱོད་པ་ཡིན། ། མི་སྤངས་མི་སྒྲུབ་རྩོལ་མེད་པས།། སྤྱོད་པའི་གདེང་ཆེན་བསྟན་པ་ནི།། ཨ་ཏི་ས་དང་འབྲས་བུ་བསྟན་པ་ནི།། ས་ལ་སྦྱངས་དུ་མེད་པ་ཡིན།། ལམ་ལ་བགྲོད་དུ་མེད་པ་ཡིན།། ཏིང་འཛིན་དམིགས་སུ་མེད་པ་ཡིན། ། འབྲས་བུ་ལྷུན་གྲུབ་རང་ཆས་ཡིན།། མ་བསྒྲུབས་སྐུ་གསུང་གཞི་ལ་གྲུབ།། མ་བསགས་ཚོགས་རྣམས་དོན་གྱིས་རྫོགས།། མ་བརྒྱུད་ཡེ་ཤེས་རང་ལ་གསལ།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། ། རྫོགས་པ་ཨ་ཏི་ཡོ་གའི་ལྟ་སྒོམ་མདོ་རུ་བསྡུས་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོས་ཞུས་པ། ཀྱེ། དམ་པ་དང་པོའི་སངས་རྒྱས་ལགས།། རིན་ཆེན་དམ་པའི་སྒྲོན་མེ་བསྟན། ། དེ་ཡི་གཏད་རྒྱ་བསྟན་དུ་གསོལ།། དམ་པ་དང་པོའི་སངས་རྒྱས་ཀྱིས་གསུངས་པ།། རིགས་ཀྱི་གཙོ་བོ་སེམས་དཔའ་ཆེན་པོ་ཉོན་ཅིག། རིན་ཆེན་སྒྲོན་མ་འབར་བ་འདི།། སེམས་དཔའ་ཆེན་པོ་ཁྱོད་ལ་གཏད། ། སེམས་དཔའ་ཆེན་པོ་ཁྱོད་ཉིད་ཀྱིས།། རིགས་ཅན་ལས་དང་ལྡན་ལ་གཏོད།། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས།། དཀོན་མཆོག་ཡི་དམ་ལྷ་རྣམས་ལ།། རིན་ཆེན་སྣ་བདུན་མཆོད་པ་ཕུལ། ། ཞུ་བ་ཞུས་པས་མཉེས་པ་མེད།། ཐེ་ཚོམ་ཆོད་པས་ཡིད་ཆེས་སྐྱེས།། མན་ངག་དམ་པ་བཅུད་ལྡན་འདི།། མཉེས་པ་བདུན་དང་མདུད་པ་ལྔ།། དགྲོལ་བའི་རིགས་ཅན་མ་རྙེད་ནས།། རྒྱ་གར་རྡོ་རྗེ་གདན་དྲུང་གཏེར། ། རྒྱ་ནག་རི་བོ་རྩེ་ལྔའི་གཏེར།། ཁ་ཆེ་མེ་རི་འབར་བའི་གཏེར།། ཤར་ཕྱོགས་བྱ་རྒོད་སྤུངས་པའི་གཏེར།། བལ་པོ་འཕགས་པ་ཤིང་ཀུན་གཏེར།། ཨཽ་རྒྱན་དྷ་ན་ཀོ་ཤའི་གཏེར།། བོད་ཡུལ་རྒྱལ་པོ་བང་སོའི་གཏེར། ། དེ་རྣམས་པ་ཡི་གནས་སུ་ནི།། གཏེར་སྲུང་བཅས་ལ་སྦ་ཞིང་གཏད།། ཅེས་གསུངས་སོ།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ལས། རྒྱུད་ཀྱི་སྦ་ཐབས་དང་གཏད་པའི་རྒྱ་བསྟན་པའི་ལེའུ་སྟེ་ང་གསུམ་པའོ། །།། རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། ཞུ་ཆེན་གྱི་ལོ་ཙ་བ་གཉགས་ཛྙཱ་ནས་དབུ་ཚལ་གསེར་ཁང་དུ་རྒྱལ་པོ་ཡོན་མཆོད་ཀྱི་དོན་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །།། རྒྱ་གར་སྐད་དུ། རཏྣ་པྲ་ཏཱི་པཾ་ཏན་ཏྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྒྲོན་མ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་གསང་བདག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།
CLOSE WINDOW