CLOSE WINDOW

Gpb008.003: ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་ཡི་གེ་མེད་པའི་རྒྱུད
Wylie

རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སནྟི་བོ་དྷི་ཙིཏྟ་སཾ་ས་ར་མཱུ་ལཙྪེ་ད་ཨཱ་ཀ་ཤ་ས་མཱ་ན་ཀྵ་ར་ཏནྟྲ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་ཡི་གེ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་རྟོགས་པའི་དུས་གཅིག་ན།། མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས།། ཀུན་བཟང་ཡངས་པ་སྐྱེ་མེད་ཀློང། ། ཡེ་ཤེས་ལྔ་རྫོགས་འོད་ཟེར་འཕྲོ།། རྡོ་རྗེ་སེམས་དཔའ་འདུས་མ་བྱས།། ཨེ་མ་ངོ་མཚར་རྨད་བྱུང་གཙུག། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཀུན་གཞི་རྩད་ནས་ཅི་ལྟར་གཅད། ། ཤེས་བྱའི་གྲས་ཐག་གཅད་པ་ཅི།། རིག་པའི་གནད་ནི་གང་དུ་བསྡུ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གདོད་ནས་མ་སྐྱེས་སྙིང་པོ་ཨ།། འགྲོ་བ་ཀུན་ལ་རང་བཞིན་གནས།། མ་རིག་ལས་དང་རླུང་གིས་འཁོར། ། རྟོགས་ན་རྫོགས་སངས་རྒྱས་སུ་ངེས།། ཨེ་མ་རྡོ་རྗེ་སེམས་དཔའ་ཉོན།། བལྟ་བས་ཕྱི་རྒྱ་རླབས་ཀྱིས་གཅད།། ཏིང་ངེ་འཛིན་ལ་འབྱུང་འཇུག་མེད།། གཉིས་མེད་རྗོང་ན་ཡངས་པའི་རྒྱ།། ཀུན་ཏུ་བཟང་པོ་བདེ་ཆེན་ས། ། ཨེ་མ་སེམས་དཔའ་རྡོ་རྗེ་ཆེ།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། ནམ་མཁའ་བཞིན་དུ་སྤྲོས་དང་བྲལ།། སྣ་ཚོགས་རང་བཞིན་མི་གཉིས་ཚེ།། ཐིག་ལེར་རྫོགས་པས་མཚོན་དུ་མེད། ། ཨེ་མ་ཀུན་བཟང་བཅོམ་ལྡན་ཆེ།། སྐྱེ་བ་མེད་པའི་ཆོས་ཉིད་ལ།། སྐྱེ་བའི་ཆོ་འཕྲུལ་ཅི་སྟེ་འོང།། ཀུན་ལ་དེ་བཞིན་ཉིད་ཡོད་ན།། འབད་པ་མེད་པར་གྲོལ་བར་རིགས།། འཁྲུལ་པས་འཁོར་བ་ཇི་ལྟ་བུ། ། རྟོགས་པའི་ཐབས་སུ་གང་ཆེ་ལགས།། ལྟ་བསྒོམ་སྤྱོད་འབྲས་བྱེ་བྲག་གང།། ཐམས་ཅད་སེམས་ཉིད་ཤར་བ་ལ།། བར་དོ་ཞེས་པ་ཡོད་དམ་མེད།། རིག་པ་སྤྲོས་དང་བྲལ་བ་ལ།། བསྒོམ་དུ་ཡོད་པ་ཡིན་ནམ་མིན། ། སྣ་ཚོགས་རང་བཞིན་གཉིས་མེད་ལ།། འབྲས་བུ་ཐོབ་ཏུ་ཡོད་དམ་མེད།། མཚོན་མེད་ཐིག་ལེའི་ཡེ་ཤེས་ལ།། ཐུགས་རྗེ་འབྱུང་ངམ་མི་འབྱུང་ལགས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་ཙམ་ཉིད་ན་ངོ་བོས་སྟོང།། དེ་ཉིད་སྐྱེ་མེད་སྙིང་པོ་ཡིན།། གདོད་ནས་མ་སྐྱེས་ཚིག་ལས་འདས། ། སྤྲོས་བྲལ་བརྗོད་མེད་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམ་ཀློང།། དགག་བྱ་བསྒྲུབ་བྱ་རྣམ་པར་དག། མ་སྐྱེས་རྡོ་རྗེ་གཉིས་མེད་དང།། ཡིད་ལ་མི་བྱེད་བྱ་བཙལ་བྲལ།། མ་བཅོས་སྤྲོས་མེད་ཆོས་ཉིད་དབྱིངས། ། མཐའ་བྲལ་མི་དམིགས་རང་བཞིན་དག། བགྲོད་མེད་ལྷུན་གྲུབ་ཡངས་པ་ཆེ།། ཀུན་གྲོལ་ཉག་གཅིག་བདེ་བ་ཆེ།། དམིགས་མེད་ཡེ་ཤེས་རང་སྣང་དང།། བརྡལ་ཁྱབ་མཁའ་གསལ་དག་པའི་ཆོས། ། སྤྲོས་མེད་བྱང་ཆུབ་སྙིང་པོའི་རྫོང།། བསམ་འདས་བརྗོད་མེད་རང་སར་གྲོལ།། མི་འགྱུར་མཉམ་ཉིད་དཔེ་དང་བྲལ།། དཔེ་བྲལ་ཡེ་ཤེས་མཚོན་དུ་མེད།། གཉིས་མེད་རྫོགས་པས་མཐའ་བྲལ་རྫོང།། མི་སྐྱེ་མི་འགག་ཅིར་མི་དགོངས། ། འགག་མེད་ཨཱ་ལི་ཀཱ་ལིར་རོལ།། དགག་བསྒྲུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ།། སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐྱེ་མེད་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རྣམ་པར་མི་རྟོག་སྙིངཔོ་འདི།། ཡོངས་ཀྱི་རྒྱུད་ལ་སྦས་པ་མེད།། དོན་དམ་ཆོས་ཉིད་སྙིང་པོ་འདི།། ཀུན་ལ་ཏིལ་མར་བཞིན་དུ་ཁྱབ། ། ཟ་མ་ཏོག་གི་ནོར་བུ་བཞིན།། ལྷུན་གྱིས་གྲུབ་ཅིང་ཚང་བའོ།། མི་འགྱུར་ཀུན་རྫོགས་ནམ་མཁའ་ཆེ།། ཁྱབ་གདལ་འུབ་ཆུབ་ཐིག་ལེ་གཅིག། བརྗོད་བྲལ་རང་གྲོལ་གནས་སུ་དག། རྒྱལ་བ་རྣམས་ཀྱི་ཐུགས་དང་ནི། ། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡང།། སྙིང་པོ་ཡེ་ཤེས་ཡོངས་ལ་ཁྱབ།། མ་ལུས་ཡེ་ཤེས་ཆེན་པོར་གནས།། ཡེ་ཤེས་ཆེན་པོར་གང་འདོད་པ།། རང་གི་སེམས་ལ་བཙལ་བར་བགྱི། ། སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད།། ཆོས་ཅན་ཐམས་ཅད་ངོ་བོས་སྟོང།། མ་རྟོགས་བར་དུ་ཤེས་མི་འགྱུར།། ཡང་དག་བདེན་པའི་སྙིང་པོ་འདི།། རྟོགས་ལྡན་འགའ་ཡི་སྤྱོད་ཡུལ་མིན།། སེམས་ཉིད་ཡེ་ནས་རྣམ་པར་དག། ཨེ་མ་རང་ལ་གནས་བཞིན་དུ།། གཞན་ནས་ཐོབ་འདོད་ནོར་བའི་ལམ།། རྟོགས་པར་གྱུར་ན་དེ་བཞིན་ཉིད།། མ་རྟོགས་མུན་པའི་མཚོ་ལ་སྤྱོད།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ཀུན་ཁྱབ་ཡངས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། འཁོར་བ་ཐོག་མཐའ་མེད་པ་ནས།། ལྷན་ཅིག་སྐྱེས་པའི་མ་རིག་པས།། ཀུན་ནས་སློང་བའི་ས་བོན་བྱས།། ལས་དང་ཉོན་མོངས་རྐྱེན་བྱས་ནས། ། ཀུན་བརྟགས་མ་རིག་པ་ཡིས་འཁོར།། གྲིབ་མ་གཟུགས་ཀྱི་དཔེ་བཞིན་ནོ།། སྐྱོད་བྱེད་ལས་ཀྱི་རླུང་གིས་བརླབས།། ཞེ་སྡང་དམྱལ་བའི་ཚ་གྲང་འཁོར།། སེར་སྣ་བཀྲེས་སྐོམ་ཡི་དགས་འཁོར། ། གཏི་མུག་གླེན་ལྐུགས་བྱོལ་སོང་འཁོར།། ཕྲག་དོག་འགྱུར་བ་མི་རུ་འཁོར།། ང་རྒྱལ་འཐབ་རྩོད་ལྷ་མིན་འཁོར།། འདོད་ཆགས་ལྟུང་བ་ལྷ་རུ་འཁོར།། འཁོར་བ་ཟོ་ཆུའི་ཁྱུད་མོ་འདྲ།། ལྷ་མི་གཙང་མའི་ལུས་ཐོབ་ཀྱང། ། མ་རྟོགས་བར་དུ་འཁོར་བར་འཁྱམས།། ཐོག་མཐའ་མེད་ཀྱང་རྟོགས་ན་ཡོད།། ཨེ་མ་ཀུན་བཟང་བདེ་བ་ཆེ།། གཞི་དང་འཁྲུལ་པ་གང་ལས་བྱུང།། གཅིག་པ་ཡིན་ནམ་ཐ་དད་ཡིན།། སངས་རྒྱས་སེམས་ཅན་གང་སྔ་ལགས། ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རྐྱེན་སྣང་ག་པུར་སྨན་དུག་ཚུལ།། གསེར་གྱི་ཉ་མོ་བག་ལ་ཉལ།། ནམ་མཁའ་སྤྲིན་གྱི་དཔེ་ཡིས་མཚོན།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། འཁྲུལ་ཚུལ་གནད་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རྣམ་པར་དག་པ་ལ།། མ་རིག་འཁྲུལ་པའི་གྲིབ་མས་བསྒྲིབས།། བསྒྲིབས་ཀྱང་ཆོས་ཉིད་སྤྲོས་དང་བྲལ། ། ཁྱབ་གདལ་དོན་འདི་སུས་རྟོགས་པ།། རྒྱལ་སྲས་བཞིན་དུ་དབུལ་བ་སངས།། འདུ་འབྲལ་གཉིས་མེད་ཀུན་ཏུ་བཟང།། མཚན་མ་མ་སྤངས་རང་སར་གྲོལ།། འཁོར་བ་མ་བཀག་གནས་སུ་དག། འཁྲུལ་པ་མ་བསལ་རྩད་ནས་ཆོད། ། དུག་ལྔ་མ་བསྒྱུར་ཆོས་ཉིད་ཀློང།། རྩོལ་བསྒྲུབ་མེད་པར་ཡེ་སངས་རྒྱས།། ཡིན་པའི་དོན་ལ་ཡིན་པར་ཤེས།། དཔེར་ན་གསེར་ལ་གསེར་མཐོང་བཞིན།། ཡིད་ཀྱི་རྣམ་རྟོག་ཟད་པའོ།། ནམ་མཁའ་ཆེན་པོའི་ཀློང་ཆེན་བཞིན། ། ཁྱབ་གདལ་མི་འགྱུར་ཀུན་རྫོགས་གྲོལ།། ཉི་མ་སྤྲིན་མེད་སྙིང་པོ་བཞིན།། དུས་གསུམ་སྒྲིབ་མེད་དེ་བཞིན་ཉིད།། བརྒྱ་བྱིན་གཙུག་གི་ནོར་བུ་བཞིན།། འདོད་དགུ་འབྱུང་ལ་འགྲན་ཟླ་མེད། ། མ་གི་ཏ་ཡི་སྨན་བཞིན་དུ།། གང་ལ་རེག་པ་སྨན་དུ་འགྱུར།། དགྲ་བཅོམ་རྒྱལ་སྲས་མི་ལུས་མཆོག། རྟོགས་ན་ཁྱད་པར་ཡོད་པའོ།། རྟོགས་པའི་ཐབས་སུ་ཐམས་ཅད་ཤར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། རྟོགས་ལྡན་མཆོག་གི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རང་བཞིན་འོད་གསལ་བ།། སྒྲོ་སྐུར་ལྟ་བ་ཀུན་དང་བྲལ།། ཐམས་ཅད་གཅིག་གི་རང་བཞིན་ལ། ། སྤང་འགེགས་བྱིན་པས་བསླད་པ་མེད།། དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ།། སྦྱང་བགྲོད་གཉིས་བལྟ་རང་སར་གྲོལ།། སྐྱེ་འགག་གཉིས་སུ་མེད་པ་ལ།། བསྒྱུར་དང་སྤྱོད་ལྔ་རྣམ་པར་དག། དག་པའི་ཀློང་ན་བསྲུང་མཚམས་མེད། ། མཉམ་པས་རིམ་པར་བཀོད་པ་མེད།། རྟོགས་པས་བལྟ་བའི་ཡུལ་ལས་འདས།། གསལ་བས་བསམ་གཏན་སྤྲོས་དང་བྲལ།། ཡུལ་ལས་འདས་པས་སྤྱོད་དུ་མེད།། ལྷུན་གྱིས་གྲུབ་པས་རྩོལ་བསྒྲུབ་མེད། ། མ་ཡེངས་དྲན་པས་སྤྲོས་དང་བྲལ།། སྔགས་དང་ཕྱག་རྒྱ་རྣམ་པར་དག། སྟོང་ཉིད་ངང་ལ་མཆོད་བཤགས་མེད།། འཁོར་འདས་ཁྱབ་གདལ་ཆེན་པོ་ལ།། ཕྲིན་ལས་རྣམ་བཞི་གདོད་ནས་རྫོགས། ། འགྲོ་བ་མུ་སྟེགས་རིམ་དགུ་རྫོགས།། ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས།། འཁོར་འདས་བྱང་ཆུབ་སེམས་སུ་རྫོགས།། སྣང་སྲིད་ཐིག་ལེ་གཅིག་ཏུ་རྫོགས།། དྲན་པ་གཞི་བཞེངས་ཡོངས་སུ་རྫོགས།། རྒྱ་ཆད་ཕྱོགས་ལྷུང་མེད་པའོ། ། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ནམ་མཁའ་མཛོད་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། རང་རིག་བདེ་བ་ཆེན་པོ་ལ།། བསྒོམ་ཡོད་བསྒོམ་མེད་གཉིས་སུ་མེད། ། ཚིག་ཙམ་དོན་དམ་བདེ་ཆེན་དང།། མ་བཅོས་མ་ཡངས་རང་སར་གྲོལ།། དྲན་པ་རང་གྲོལ་བདེ་ཆེན་ཀློང།། སོ་མ་ལྷུག་པ་གྱིན་འདའ་ཙམ།། མིག་ཙམ་བསྒོམ་ཞེས་དེ་ལ་བྱ།། དྲན་རིག་ཤེས་པ་མ་འགགས་ལ། ། འཛིན་རིག་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་རྫོང།། མཉམ་ཉིད་རྣམ་དག་བརྡལ་བའི་ཀློང།། མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ། ། མ་བཙལ་རང་བཞག་རྙོག་པ་མེད།། ལྷུན་གྲུབ་རྟོག་པས་བྱ་བཙལ་བྲལ།། ཡེ་ནས་རང་བྱུངཡེ་ཤེས་ལ།། འཁྲུལ་དང་མ་འཁྲུལ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡེ་ཤེས་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད། ། བསྒོམ་པ་མིང་དུ་བཏགས་པས་ནོར།། ཅི་སྟེ་སྨྲ་བསམ་བརྗོད་ལས་འདས།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། དེ་ཀ་རྟོག་པ་ཆེན་པོ་ཡིན།། མཐོང་ཚོར་དེ་ཉིད་ཀློང་དུ་ཤར།། ཡིད་ལ་མི་བྱེད་བདེ་བ་ཆེ། ། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། བདེ་ཆེན་གསལ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། བླང་དོར་མེད་པའི་ཡེ་ཤེས་ནི།། སྐྱེ་མེད་འགག་མེད་ཆོས་ཉིད་ཀློང། ། བྱ་བྲལ་ལྷུན་རྫོགས་བློ་ལས་འདས།། ཨེ་མ་རང་ལ་གནས་བཞིན་དུ།། སྤྱད་པས་ཐོབ་འདོད་ཨེ་མ་འཁྲུལ།། སྤྱོད་བྱེད་བྲལ་བའི་ཡེ་ཤེས་ལ།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། ལམ་གྱིས་བཅོས་སུ་ག་ལ་ཡོད། ། ཅི་ཕྱིར་དགག་བསྒྲུབ་མེད་པ་ལ།། རྩལ་སྤྲུག་སྨོན་ཆགས་རེ་དོགས་མེད།། ངོ་མཚར་རྨད་བྱུང་རོལ་པ་འདི།། རྟག་ན་བདེ་བ་ཆེན་པོར་རྟག། ཆད་ན་འཁོར་བ་རྩད་ནས་ཆད།། བྱིང་ན་ཆོས་ཉིད་དབྱིངས་སུ་བྱིང། ། རྒོད་ན་ཡེ་ཤེས་རོལ་པར་རྒོད།། མཉམ་ན་མི་མཉམ་མཉམ་ཉིད་ཀློང།། ཐིམ་ན་འཁྲུལ་སྣང་ཆོས་ཉིད་ཐིམ།། སྐྱེ་མེད་དོན་ཏེ་ཡི་གེ་གཅིག། བྱ་བྲལ་མཁའ་ལྟར་ཡི་གེ་མེད།། ཡི་གེ་མེད་པ་རྒྱུད་ཀུན་མཆོག། ཨེ་མ་རྣམ་དག་བྱ་བཙལ་བྲལ།། བྱ་བྲལ་ངང་ལས་རྣམ་པར་རོལ།། ཅི་སྤྱོད་དོན་ལས་མ་གཡོས་ཤིང།། ཐུག་ཕྲད་རང་གྲོལ་རྩིས་ཟིན་ན།། མིང་ཙམ་སྤྱོད་ཅས་དེ་ལ་བྱ།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། རྣམ་རྟོག་ཡེ་ཤེས་སུ་འབར་བའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་མ་སྐྱེས་དོན་གྱི་ས།། ཐོབ་བསྒྲུབ་ཀུན་གྱི་ཡུལ་ལས་འདས།། རེ་དོག་བློ་ལས་རྣམ་པར་གྲོལ། ། གོ་བའི་ཡུལ་ནི་བདེ་བ་ཆེ།། ངང་དངས་རང་བཞིན་བདག་ཉིད་ཀློང།། རང་བཞིན་རྣམ་པར་དག་པ་ལ།། རོལ་པ་འགག་པ་མེད་པར་ཤར།། མཚན་ཉིད་དབྱེར་མེད་ཆེན་པོ་ལ།། བློ་རྟོག་ཆོས་ཉིད་དབྱིངས་སུ་གྲོལ། ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ།། བདེ་བ་ཆེན་པོ་ལོངས་སྤྱོད་སྐུ།། རྩལ་དུ་ཤར་བ་སྤྲུལ་པའི་སྐུ།། འདུ་འབྲལ་མེད་པ་རྡོ་རྗེའི་སྐུ།། ཚིག་གི་ཐ་སྙད་མ་ལགས་སམ།། གདོད་ནས་སྙིང་པོ་བྱང་ཆུབ་ལ། ། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད།། སྐུ་དང་ཡེ་ཤེས་ཚིག་ལས་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། སྙིང་པོ་ཀློང་ནས་གྲོལ་བ་ལ།། མངོན་སུམ་རྗེས་དཔག་ལོག་པར་རྟོག། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། ། ཅི་སྟེ་བྱ་བཙལ་བྲལ་བའི་ཕྱིར།། སྐྱེས་པ་སྐྱེ་མེད་བློ་ལས་འདས།། སྒྲ་དང་ཚིག་གི་མཐའ་ལས་གྲོལ།། སྟོང་པ་ཡེ་ཤེས་སྙིང་པོར་ཤར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཐམས་ཅདབྱང་ཆུབ་སེམས་ཡིན་ཏེ།། འཛིན་པའི་ཤེས་པ་ཡོད་པའི་ཕྱིར།། ཚོར་བ་ཉམས་སུ་མྱོང་བའོ།། སྣང་བ་སེམས་ཉིད་རྒྱན་ཤར་བས། ། སྣང་བའི་བར་དོ་སྟོང་རྒྱ་ཐེབ།། བསམ་གཏན་གཉིད་གཉིས་རོ་མཉམ་ཕྱིར།། རྨི་ལམ་བར་དོ་རྣམ་པར་དག། སྐྱེ་ཤི་མེད་པའི་དོན་རྟོགས་པས།། འཆི་ཀ་བར་དོ་བདེ་ཆེན་ཀློང།། ཕྱི་མ་བདེ་བ་མཆོག་ཐོབ་པས། ། སྲིད་པའི་བར་དོར་ལུས་མི་ལེན།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། སྤྲུལ་པའི་སྐུ་སྟེ་རྣམ་པར་དག། མ་རྟོགས་མོས་པའི་རྣལ་འབྱོར་ཀྱང།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། བདེ་བ་མཆོག་གི་ལས་འཕྲོ་མཐུད། ། ལས་ལས་གྲོལ་ན་ཐར་བའི་མཆོག། ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང།། སེམས་ལས་གུད་ན་ཡོད་མ་ཡིན།། ཕོ་མོ་མ་ཡིན་མ་ནིང་མིན།། ཁ་དོག་དབྱིབས་དང་མཚན་མ་མེད།། འདས་དང་མ་འོངས་ད་ལྟར་མེད། ། གཅིག་དང་ཐ་དད་ལས་གྲོལ་བ།། དྲན་པ་དངོས་མེད་རིག་པའི་རྒྱུན།། རླུང་ལས་བརྟེན་ཅིང་རྒྱུན་མི་ཆད།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད།། གཞིག་ཀྱང་རང་བཞིན་རྣམ་པར་དག། རྣམ་པར་མི་རྟོག་སྤྲོས་བྲལ་མཁའ།། ངོ་བོ་གཟུགས་མེད་ཚོར་བ་མེད། ། འདུ་ཤེས་འདུ་བྱེད་རྣམ་ཤེས་སྟོང།། དབང་པོ་ལྔ་དང་ཡུལ་ཡང་སྟོང།། སྐྱེ་མཆེད་ཁམས་དང་རྟེན་འབྲེལ་སྟོང།། བདེན་བཞི་བསལ་གསལ་དང་སྤྲོས་བྲལ་སྟོང།། ལྷ་དང་ཕྱག་རྒྱ་སྔགས་ཀྱང་མེད།། ཐབས་དང་ཤེས་རབ་བདེ་བ་སྟོང། ། དབུས་མཐའ་གཉིས་མེད་ཚིག་ཀྱང་མེད།། མེད་དེ་མེད་པའི་སྙིང་པོ་ཅན།། ཡོད་དེ་རྟོག་པའི་མཐའ་ལས་འདས།། མཐའ་བྲལ་དོན་གྱི་ཆོས་སྐུ་འདི།། ཕྱོགས་མེད་རྐྱེན་རྣམས་ཀུན་དང་བྲལ། ། རང་སྣང་ཐབས་ཀྱི་ཡེ་ཤེས་རོལ།། ཤེས་པ་ཤེས་བྱར་རྣམ་པར་དག། སྤྲོས་བྲལ་བསམ་འདས་སྨྲ་རུ་མེད།། མཐའ་བྲལ་ཚིག་གིས་མི་ཕེབས་ལ།། བསྒོམ་ཡོད་བློ་ཡི་རྟོག་པ་ཡིན།། བསྒོམ་མེད་སྐུར་འདེབས་བལྟ་བ་ལ། ། དེས་ན་གཉིས་མེད་བདེ་ཆེན་ཀློང།། སྤང་བྱ་བླང་བྱ་གཉིས་མེད་རྫོང།། བཏང་སྙོམས་མངོན་གྱུར་མེད་པ་ཉིད།། མི་རྟོག་ནམ་མཁའི་མཐའ་ལྟར་ཡངས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། ཆོས་ཉིད་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་རྣམས་འོད་གསལ་གཉིས་མེད་ལ།། བདག་ཏུ་མི་རྟོག་གཞན་མི་རྟོག། མི་རྟོག་རྟོག་ལས་རྣམ་པར་གྲོལ། ། གཉིས་མེད་བདེ་བ་ཆེན་པོ་ལ།། དཔེར་ན་གླང་ཆེན་ལྕགས་ཀྱུ་བཞིན།། མ་ཡེངས་དྲན་པས་རང་སར་གྲོལ།། གསེར་བུམ་ཏིལ་གྱི་སྒྲོན་མ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། རྫོགས་ཆེན་རྟོག་པའི་རྣལ་འབྱོར་ནི། ། གསེར་གླིང་བརྡལ་བའི་ཀླུང་ཆེན་བཞིན།། གང་བལྟས་རྫོགས་པ་ཆེན་པོའི་ཀློང།། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོལ་བསྒྲུབ་མེད་པར་རང་སར་གྲོལ།། གཉིས་མེད་གཉིས་སུ་མེད་པའི་ཕྱིར། ། སྐུ་གསུང་ཐུགས་ལ་རྟེན་མི་འཆའ།། འབྱུང་བ་ལྔ་ལ་རག་མ་ལུས།། སྲིད་གསུམ་ཡེ་ནས་རྣམ་པར་དག། འདོད་ཡོན་ཡེ་ཤེས་ལྔ་རུ་རོལ།། དུག་ལྔ་སྐུ་ལྔའི་ངང་དུ་ཐིམ།། སྡུག་བསྔལ་ཆོས་ཉིད་དབྱིངས་ཀྱི་རྒྱན། ། རྣམ་རྟོག་ཡེ་ཤེས་ཆེན་པོར་འབར།། འཁྲུལ་པའི་འགྲོ་འོང་ཟད་པ་དང།། འབྲས་བུ་ཐོབ་ཅེས་རེ་བ་མེད།། མེད་ནས་དོན་མེད་མ་ཡིན་ཏེ།། ལོངས་སྐུ་གཉིས་མེད་ཐམས་ཅད་རྫོགས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། འོད་གསལ་གཉིས་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། མིང་ཚིག་སྒྲ་ལས་འདས་པ་ཆེ།། མ་བསླབས་ཀུན་ལས་གྲོལ་ན་མཁས།། མ་བསམས་སྐྱེ་བ་མེད་པས་ཨ། ། མ་བསྒོམས་དབྱིངས་སུ་ཐིམ་པས་ཏི།། ཡོ་ག་རྫོགས་ཆེན་ཆོས་ཀྱི་རྩེ།། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ།། རྫོང་བཞི་གཉིས་མེད་ཚིག་གཅིག་ལྷ།། འཕྲང་བཞི་དབྱེར་མེད་ཆིག་ཆོད་ལྷ། ། ཀློང་བཞི་ཟུང་འཇུག་འདའ་ཁའི་ལྷ།། དབུལ་མོ་གཏེར་ཕྲད་སྐུ་བཞིའི་གདེང།། རྫོགས་པ་ཆེན་པོ་ས་གཅིག་པ།། གང་གིས་དེ་རྟོགས་དེ་ཡིས་ས།། ཡོངས་སུ་རྫོགས་པས་ཆོས་ཀྱི་རྩི།། བདེ་བ་ཆེ་ལས་གཞན་མེད་དོ། ། སྨྲ་བསམ་བརྗོད་མེད་ཆོས་ཀྱི་སྐུ།། གཉིས་མེད་བདེ་བ་ཆེན་པོའི་ཀློང།། སྤྲུལ་པ་རྒྱན་དང་རོལ་པར་ཤར།། སྐུ་ལྔ་ཡེ་ཤེས་ཐིག་ལེར་རྫོགས།། མ་སྐྱེས་པ་ཡི་དབྱིངས་ཉིད་དུ།། མ་གཡོས་པ་རུ་ཡིད་གནས་པས། ། མ་བསྒྲུབས་པ་ཡི་འབྲས་བུ་སྟེར།། མ་བསམས་པ་རུ་རེ་བ་བསྐང།། ཡེ་ཤེས་ཆེན་པོའི་རོས་གང་བས།། མཚོན་དུ་ཡོད་པ་མ་ཡིན་ཏེ།། ཡེ་ཤེས་རོལ་པས་འགྲོ་དོན་རྫོགས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐུ་གསུམ་ཐིག་ལེར་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདི་སྐད་གསུངས།། ཅིར་སྣང་དེ་བཞིན་ཉིད་དུ་གཅིག། འདི་ལ་བཅོས་བསླད་མ་བྱེད་ཅིག། མ་བཅོས་མཉམ་པའི་རྒྱལ་པོ་དེ།། མི་རྟོག་ཆོས་སྐུའི་དགོངས་པར་གནས།། སྐྱེ་མེད་ལྟ་བ་སྟོང་པ་ཉིད།། ཀུན་ཁྱབ་སྒོམ་པ་གཉིས་སུ་མེད།། འཁྲུལ་སྤྱོད་སེམས་ཀྱི་རྒྱན་དུ་རོལ།། རྟོགས་པའི་འབྲས་བུ་ཐིག་ལེར་གཅིག། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། གཏན་ཚིགས་བཞི་རུ་གཅིག་པའི་ཕྱིར།། ང་ལས་བྱུང་ཞིང་ང་རུ་ཐིམ།། ང་ཡི་རང་བཞིན་འོད་གསལ་ལོ།། ཨེ་མ་སེམས་དཔའ་རྡོ་རྗེ་ཆེ།། ནམ་མཁའི་མཐའ་ལྟར་ལོངས་སྤྱོད་པས། ། ཆོས་དབྱིངས་རྒྱ་མཚོ་ཟད་མི་ཤེས།། བདུད་རྩིའི་ཐིགས་པ་ལྕེ་ལ་ཞོག། རྒྱལ་པོ་བཙོན་དུ་བཟུང་བ་དང།། གངས་རི་རྩེ་ནས་བསྙིལ་བ་སྟེ།། ཤིང་རྟའི་གཟེར་མགོ་གཅད་པར་བྱ།། མཁའ་ལྟར་ཡི་གེ་མེད་པའི་རྒྱུད། ། རང་རིག་སེམས་ཀྱི་དཀྱིལ་དུ་ཆོང།། ཐུགས་རྗེ་ཡེ་ཤེས་རོལ་པར་འཆར།། ཨེ་མ་ཀུན་བཟང་རྒྱལ་བའི་ཡབ།། མ་འདྲེས་ཡོངས་རྫོགས་ཟབ་ཅིང་ཡངས།། ནམ་མཁའ་ལྟ་བུའི་རྒྱུད་བསྟན་པ། ། མིང་ཚིག་ཡི་གེ་མེད་པ་ལ།། བསྟན་དུ་འོང་བ་ཅི་ཡི་ཕྱིར།། བཅོམ་ལྡན་ཀུན་བཟང་བཀའ་སྩལ་པ།། མཚོན་དུ་མེད་པའི་ཆོས་ཉིད་ལ།། མཚོན་དུ་མེད་པའི་ཚིག་བརྗོད་ནས།། མཚོན་པའི་ཚིག་ལས་རྣམ་པར་གྲོལ། ། ལེགས་སོ་སེམས་དཔའ་རྡོ་རྗེ་ཆེ།། དོན་དམ་ཡི་གེ་མེད་པའི་རྒྱུད།། ཁྱོད་ལ་གཏད་དོ་བདེ་བ་ཆེ།། རང་བྱུང་ཡེ་ཤེས་རྒྱས་ཐོབ་ལ།། ཐིག་ལེ་ཉག་གཅིག་ངང་ལ་ཞོག། ཀུན་ཏུ་བཟང་པོ་བདེ་བ་ཆེ།། ཐིག་ལེ་ཆེན་པོ་ཡི་གེ་མེད། ། བྱ་བ་མེད་པས་རྣམ་པར་གྲོལ།། གྲོལ་ནས་གྲོལ་བའི་ལམ་ཡང་ཤར།། ཀུན་རིག་སེམས་ལ་མངོན་པར་བསྟོད།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད། བཅོམ་ལྡན་འདས་ཀུན་རིག་རྒྱལ་པོས་གསུངས་པ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཤྲི་སིང་ཧ་དང། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ།།།།

CLOSE WINDOW