| Wylie |
།།། རྒྱ་གར་སྐད་དུ།། མ་ཧཱ་སནྟི་ནི་ཡ་མཱརྠ་ས་མཱུ་ཧ་ཏནྟྲ་དྲྀཥྟི་སརྦ་གརྦྷ་རཏྣ་བྱཱུ་ཧ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད། ལྟ་བ་ཐམས་ཅད་ཀྱི་སྙྀང་པོ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ། བཅོམ་ལྡན་འདས་མཉམ་པ་ཉིད་ཀྱི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན། ཀུན་རིག་སེམས་ཀྱི་རྒྱལ་པོ་དེས། ། འོག་མིན་ཆོས་ཀྱི་དབྱིངས་གནས་ན།། ངེས་པའི་དོན་ལ་རབ་བཞུགས་ཏེ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི།། འཁོར་རྣམས་འདུས་ནས་རབ་ཏུ་འཁོར།། དེ་ཚེ་འདུས་པ་རྣམ་བཞི་ཡང། ། རྡོ་རྗེ་གསང་བ་རིན་ཆེན་སྙིང།། དྲི་མེད་གྲགས་པ་ལས་རབ་གྲུབ།། རྒྱལ་བའི་དབང་པོ་བསོད་ནམས་སྙིང།། ཞི་བའི་བདེན་དང་ཉི་མའི་འོད།། ནམ་མཁའི་སྙིང་པོ་འབུམ་གཟིགས་དང།། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་བཞུགས། ། རིག་འཛིན་སེམས་དཔའ་ཆེན་པོ་དང།། བློ་གྲོས་སྩོལ་དང་རྣམ་དག་དང།། དམ་པའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་བླ་མ་རྒྱལ་མཚན་དང།། རྣམ་པར་གྲོལ་བའི་ཏིང་འཛིན་དབང། ། ཆོས་དབང་དང་ནི་སྤོབས་པ་བརྩེགས།། བདུད་འཇོམས་དང་ནི་སེང་གེའི་སྒྲ།། རིན་ཆེན་མཐོང་དང་བརྩེ་བ་ཅན།། དབང་ཕྱུག་གཙོ་དང་ཡིད་དགེ་དང།། མཐོང་ན་དགའ་དང་བདེན་མོས་དང། ། གསུང་བརྩེགས་ལ་སོགས་འཁོར་རྣམས་ཀུན།། རང་རང་གཙོ་ལ་བསྐོར་ནས་ནི།། རྒྱལ་སྲས་སྤྲུལ་པའི་འཁོར་རྣམས་ཀྱང།། ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི།། ཐག་བཟང་རིས་དང་གང་བ་བཟང།། ཆོས་ཀྱི་རྒྱལ་པོ་རྟ་མགོ་ཅན། ། ཟུར་ཕུད་ལྔ་པ་ནོར་སྲུང་དང།། མགྲིན་བཅུ་དང་ནི་ཀླུ་རྒྱལ་དང།། དེ་འཁོར་ལ་སོགས་ཀུན་ཀྱང་གནས།། མཁའ་འགྲོ་སྡེ་ལྔ་སྲིན་མོའི་ཚོགས།། ཡེ་ཤེས་མཁའ་འགྲོ་རིག་པ་འཛིན།། རྡོ་རྗེ་མཁའ་འགྲོ་རིགས་ཀྱི་ཡུམ། ། རིན་ཆེན་མཁའ་འགྲོ་འདོད་དགུར་སྒྱུར།། པདྨ་མཁའ་འགྲོ་བདེ་ཆེན་རྒྱས།། ལས་ཀྱི་མཁའ་འགྲོ་ལུས་སྒྲིབ་སྦྱོང།། འཇིག་རྟེན་མཁའ་འགྲོ་དམ་བཏགས་པའོ།། འཁོར་གྱི་གཏོར་ཟན་ཕོ་མོ་ཀུན། ། སྙིང་རྗེ་མེད་པར་གསོད་ལ་དགའ།། རྐྱེན་མཐོང་ཙམ་ན་ཆད་པས་གཅོད།། ཀུན་ཀྱང་སྲིན་པོའི་ཆ་བྱད་ཅན།། རྔམས་པའི་ང་རོ་འཇིགས་ཚུལ་གྱིས།། བསྟན་པ་བསྲུང་ཕྱིར་དུས་དེར་འདུས།། སྤྲུལ་སྐུར་སྣང་བའི་འཁོར་རྣམས་ནི། ། དད་ཉན་ལྷ་མི་ལས་ཅན་ཀུན།། མོས་ཤིང་དད་པས་འདུས་པ་ཡིས།། ལས་དང་ཐུགས་རྗེ་འཛོམས་ནས་འཁོད།། དེ་ཚེ་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདག་ཕྱིར། ། གུས་པའི་ཚུལ་གྱིས་ཐལ་སྦྱར་ཏེ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རྩ་བ་གཅིག་པའི་ཆོས་ཉིད་ལ།། སངས་རྒྱས་ཆོས་རྣམས་ཇི་ལྟར་གསུངས།། ཆོས་ཉིད་གནས་ལུགས་ཇི་ལྟར་ཡིན།། སྣོད་ཀྱི་རིམ་པ་གང་ལ་བསྟན། ། ཆོས་རྣམས་གཏན་ལ་ཇི་ལྟར་དབབ།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ཀུན་རིག་སྟོན་པས་བཀའ་སྩལ་པ།། ལེགས་སོ་འདུས་པའི་འཁོར་རྣམས་ཀུན། ། དད་ལྡན་བུ་ལ་ངས་བསྟན་གྱིས།། ལེགས་པར་ཉོན་ལ་ཡིད་ལ་ཟུང།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང།། རྩ་བ་རང་སེམས་རྟོགས་པའི་ཕྱིར།། གཟི་ལྡན་ནོར་བུ་རིན་ཆེན་བཞིན།། ཆོས་སྐུའི་སྟོན་པ་ཀུན་བཟང་ངས། ། ཐམས་ཅད་ཡེ་ཤེས་ཆེན་པོར་མཁྱེན།། དེ་དོན་རང་རིག་ཆོས་ཀྱི་སྐུ།། ཚིག་དང་ཡི་གེ་བརྗོད་ལས་འདས།། རང་བྱུང་ཡེ་ཤེས་ཐུགས་ལ་གསལ།། དྲང་སྲོང་མངོན་ཤེས་དཔེ་བཞིན་དུ། ། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དུས་གསུམ་བདེ་གཤེགས་འཁོར་རྣམས་ལ།། ཡིད་ལ་བསྟན་པའི་དོན་ཉིད་ཤར།། ངེས་དོན་རྟོགས་ཕྱིར་ཡང་སངས་རྒྱས།། རང་རིག་ཆོས་སྐུའི་བྱིན་བརླབས་ཤར།། དེ་ཚེ་ངེས་པའི་དོན་ཆེན་འདི། ། རྡོ་རྗེ་སེམས་དཔས་དོན་རིག་ནས།། གཙང་རིགས་ལྷ་ཡི་གནས་ཆེན་དུ།། བརྩེར་དགོངས་དུས་ལ་བབ་གྱུར་ནས།། རིག་འཛིན་འཁོར་ལ་དབང་བསྐུར་ཏེ།། གསང་སྔགས་རང་གི་ངོ་བོས་བཤད། ། དུས་དེར་སྙིང་པོ་སེམས་དག་གིས།། ཕྱོགས་བཅུའི་འདུས་པའི་སངས་རྒྱས་ལ།། ཞུ་བ་ཞུས་ནས་ཐེ་ཚོམ་བཅད།། དེ་ཉིད་མངོན་དགའི་ཕུག་ཏུ་ཞུགས།། དེ་བསྐུལ་སྤྲུལ་པ་འཛམ་གླིང་དུ།། བྱང་ཆུབ་མོ་ཡི་བུར་སྐྱེས་ནས། ། རིག་པའི་གནས་ལྔ་ཐམས་ཅད་མཁྱེན།། ཡ་མཚན་ཅན་དུ་ཀུན་ཏུ་གྲགས།། སྤྱན་དྲངས་གནས་སུ་དོན་ཞུས་ཏེ།། བདུད་བཏུལ་ཚར་བཅད་དམ་ལ་བཏགས།། དེ་ནས་ཤཱཀྱ་ཐུབ་སྤྲུལ་དེ།། བཀྲ་ཤིས་བདེ་ལྡན་གནས་དག་ཏུ། ། ད་ལྟ་དུས་ཀྱི་དེང་སང་ན།། གསང་བདག་སྤྲུལ་པ་དད་ཉན་ལ།། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤེས་རབ་བློ་ཡི་ཁྱད་པར་ལས།། སྐུ་གསུམ་ཆོས་རྣམས་ཅི་གསུངས་པའི། ། བཤད་ལུགས་རྣམ་པ་དེ་དག་ཀུན།། གདུལ་བྱའི་འཁོར་ལ་ཐ་དད་ཀྱང།། དུས་གསུམ་གཅིག་ཕྱིར་ཁྱད་མེད་པས།། དོན་ལ་དབྱེར་མེད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད་རིན་པོ་ཆེ་རྣམ་པར་བཀོད་པ་ལས། ངེས་དོན་འབྱུང་བའི་རྒྱུད་གླིང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། ཆོས་ཉིད་གནས་ལུགས་བཀའ་སྩལ་པ། ། འཁོར་བ་མྱ་ངན་འདས་པའི་ཆོས།། གཞི་ལ་ཡང་དག་མེད་པའི་ཕྱིར།། རང་རིག་རྟོགས་པའི་ཆོས་སྐུ་ལ།། སྣང་བ་གཟུགས་བརྙན་མི་འགོག་པ།། ཆོས་ཉིད་ངེས་པའི་གནས་ལུགས་ཡིན། ། ཡེ་ནས་རང་བྱུང་རིག་པ་འདི།། ཡེ་ནས་ཡང་དག་ངོས་ཟིན་ཅིང།། བྱ་བ་མེད་ཅིང་བསྒྲུབ་ཏུ་མེད།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། ཡེ་ནས་རང་ལ་གནས་པའི་དོན།། གཞན་ནས་མི་འབྱུང་ཆོས་ཀྱི་སྐུ། ། རྒྱུ་ལས་མ་བྱུང་བདག་མེད་པས།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། མ་བཅོས་མ་བསླད་དོན་ཡིན་ཕྱིར།། མ་ནོར་ཇི་བཞིན་མ་འགགས་པ།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན། ། དུས་གསུམ་གཅིག་པར་ངེས་པའི་ཕྱིར།། མ་སྐྱེས་མི་ནུབ་ཡེ་ཤེས་ནི།། མི་འབྱུང་མི་འགྲོ་ཡེ་གནས་པ།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། རང་བྱུང་རིག་པ་རང་གསལ་ཏེ།། ཀུན་ལ་ཁྱབ་པ་མི་བྱེད་ཕྱིར། ། བལྟ་རུ་མེད་པས་ཐ་སྙད་མེད།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། དངོས་མེད་རང་རིག་ཡེ་ཤེས་དེ།། མཚོན་དུ་དཔེ་མེད་རྟོག་ལས་འདས།། བསམ་དུ་མེད་པ་བསམ་མི་ཁྱབ།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན། ། ངོ་བོ་རང་བྱུང་སྙིང་པོ་དེ།། རྒྱུ་ལས་མ་བྱུང་རྐྱེན་མེད་པས།། དངོས་པོ་མ་ཡིན་རྟག་ཆད་མེད།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། སྣང་བ་རང་གསལ་ཆོས་དབྱིངས་ལ།། སྤྲོས་དང་བྲལ་བས་སྒྲོ་སྐུར་མེད། ། མཐའ་དབུས་མེད་པས་རྒྱུ་འབྲས་མེད།། དེ་ཡང་ཆོས་ཉིད་གནས་ལུགས་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཞི་གཅིག་གང་ཡང་མི་འགལ་བ།། སངས་རྒྱས་རྣམས་ཀྱི་གནས་ལུགས་ཡི།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་རིན་པོ་ཆེ་རྣམ་པར་བཀོད་པ་ལས། དོན་ཆོས་ཉིད་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། ། དོན་ལྡན་སྣོད་བཅུད་རིམ་པ་ནི།། ཡང་དག་ངེས་པའི་སངས་རྒྱས་དོན།། གསང་སྔགས་ཀུན་གྱི་རྩ་བ་ཡིན།། དབང་རྣམས་རིམ་པར་རྫོགས་བྱས་ནས།། ཆོས་ཀྱི་གཞུང་དང་མི་འགལ་བར།། ཐོས་སྦྱངས་ཀུན་ལ་རབ་སྦྱངས་ནས། ། ངེས་དོན་བཀའ་རྒྱུད་གསང་བ་ཡི།། དམ་པའི་མཛོད་ཀྱི་གཏེར་ལྡན་ཞིང།། སྲིད་པར་ཞུས་ཀྱང་ཚད་མེད་པའི།། བླ་མ་རྡོ་རྗེ་སློབ་དཔོན་དེ།། ཚུལ་འཆོས་མེད་པར་གདེང་ལྡན་པའི།། དཔེ་ནི་ནགས་ཀྱི་སེང་གེ་བཞིན། ། གཅིག་པུར་གནས་ཀྱང་དོན་ལྡན་ལ།། སངས་རྒྱས་དགོངས་པ་ཐུགས་ལ་གསལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐལ་ལྡན་སློབ་མའི་མཚན་ཉིད་ནི།། བླ་མ་ལ་གུས་དད་ལྡན་པས། ། སེར་སྣ་ཆུང་ལ་བརྩོན་འགྲུས་ཆེ།། བརྩེ་གདུང་དམ་ཚིག་མི་འགལ་བསྲུང།། དོན་གསང་ཐུགས་ལ་ཤེས་རབ་ཟབ།། ཚུལ་ཤེས་ངང་བཟང་རྣམས་ཀྱི་དོན།། ཡོན་ཏན་ཟད་མེད་རིན་ཆེན་གཏེར།། ཐམས་ཅད་འབྱུང་བའི་གཞི་རུ་བསྟན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དང་མི་ལྡན་འདི་བསྟན་ན།། སངས་རྒྱས་རྣམས་ཀྱི་བཀའ་བཅག་སྟེ།། མཚམས་མེད་སྡིག་པས་ཆར་མི་ཕོད།། དམྱལ་བའི་འོག་གཞི་བྱེད་པར་གསུངས། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་རིན་པོ་ཆེ་རྣམ་པར་བཀོད་པ་ལས། སྣོད་བཅུད་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས། ། ཆོས་རྣམས་གཏན་ལ་དབབ་པའི་ཕྱིར།། དོན་གྱི་སྙིང་པོ་འདི་གསུངས་པས།། ཡང་དག་ངེས་དོན་རྟོགས་པའི་ཐབས།། འདུས་པ་ལྔ་ཡི་དོན་མཚོན་ཕྱིར།། སུན་འདོན་བདུན་གྱིས་ཤན་ཕྱེ་བ། ། སྐབས་དབྱེ་ལྔ་ཡི་སྒོ་ཕྱེས་ནས།། རྩ་བ་བཞི་ཡི་མདོར་བསྡུས་ལ།། འཕྲང་ཆེན་དྲུག་གིས་གཏན་ལ་དབབ།། ངེས་དོན་བདུན་གྱིས་ཉམས་སུ་བླངས།། ངེས་པ་གསུམ་གྱིས་ཁྱད་པར་འཕགས།། ཆེ་བ་ལྔ་ཡི་དངོས་འཛིན་དག། གཉིས་མེད་གསུམ་གྱིས་ལ་བཟླ་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱས།། འབྲས་བུ་དགུ་ཡིས་མཐའ་རུ་གཏུག། རྟོགས་པ་བཞི་ཡིས་གདེངས་ལྡན་བྱ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་ཆོས་རྣམས་གཏན་ལ་ཕབ་པ་མདོར་བསྡུས་ཏེ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་འདུས་པའི་སྙིང་པོ་ཡིས།། དད་ལྡན་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ། ། བདེན་པའི་དོན་ནི་འདི་སྐད་ཞུས།། སངས་རྒྱས་དགོངས་པ་གང་དུ་འདུས།། རྒྱུ་འབྲས་ངེས་ཚིག་ཇི་ལྟར་འདུས།། སྙིང་པོ་འདུས་པའི་ཁྱད་པར་གང།། དཔེ་དང་དོན་དུ་ཇི་ལྟར་འདུས།། རྫོགས་ཆེན་རང་གཞུང་ཇི་ལྟར་འདུས། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། སངས་རྒྱས་ཀུན་གྱི་དགོངས་པའི་ཆོས།། ངེས་དོན་བླ་མ་དམ་པ་ཡི།། གདམས་ངག་ཁྱད་པར་ཅན་དུ་འདུས། ། དཔེ་ཡིས་འདུས་ལ་དོན་གྱིས་འདུས།། རྟགས་དང་གཏན་ཚིགས་མཐུན་པར་འདུས།། དོན་ནི་རང་བྱུང་ཆོས་སྐུར་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཀུན་ཏུ་བཟང་པོའི་དགོངས་འདུས་པ། ། འཕོ་འགྱུར་མེད་པའི་བལྟ་བ་ལ།། སྐྱེ་འགགས་མེད་པའི་བསྒོམ་པ་ཤར།། བླང་དོར་མེད་པའི་སྤྱོད་པ་ལ།། རེ་དོགས་མེད་པས་འབྲས་བུ་གནས།། རིགས་ལྔའི་སངས་རྒྱས་དགོངས་འདུས་པ།། རང་བྱུང་སྐྱེ་མེད་རང་གསལ་དེ། ། འགགས་མེད་མི་འགྱུར་རིག་པ་དེ།། རྡོ་རྗེ་སེམས་དཔའི་དགོངས་པ་སྟེ།། མི་ཤིགས་ཡེ་ནས་རྡོ་རྗེའི་སྐུ།། ཆོས་ཉིད་མ་བཅོས་མ་བསླད་པ།། མི་ཟད་གཏེར་གྱི་དགོངས་པ་སྟེ།། འདུ་འབྲལ་མེད་པའི་ཡེ་ཤེས་ཐུགས། ། རིན་ཆེན་འབྱུང་ལྡན་དགོངས་པར་འདུས།། ཆོས་ཉིད་མཐའ་ཡས་བརྡལ་ཁྱབ་པ།། མ་བྱུང་མ་སྐྱེས་སྙིང་པོ་ལ།། འཕེལ་འགྲིབ་མེད་པར་རང་གནས་པ།། སྣང་བ་མཐའ་ཡས་དགོངས་པར་འདུས། ། སངས་རྒྱས་ཡེ་ཤེས་ད་ལྟ་ཉིད།། དེ་རྟོགས་རང་བྱུང་ཆོས་ཉིད་གསལ།། དོན་ཡོད་གྲུབ་པའི་དགོངས་པ་སྟེ།། དེ་ལས་འགྱུར་མེད་སངས་རྒྱས་ཐུགས།། ཡེ་ཤེས་ལུས་ཅན་སངས་རྒྱས་སྐུ།། དེ་ལྡན་སྣང་བའི་ཡུལ་རྣམས་ལ། ། ཞེན་མེད་རང་བྱུང་ཡེ་ཤེས་གསལ།། རྣམ་པར་སྣང་མཛད་དགོངས་པར་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེ་ནི་ཀུན་དཔེ་ནམ་མཁར་འདུས།། རྟགས་ནི་བྱང་ཆུབ་སེམས་སུ་འདུས། ། གཏན་ཚིགས་རང་བྱུང་སྙིང་པོར་འདུས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དུས་གསུམ་སངས་རྒྱས་དགོངས་འདུས་པ།། འདུས་མ་བྱས་པའི་ཡེ་ཤེས་དེ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར།། ཆོས་རྣམས་ཀུན་གྱི་སྙིང་པོ་རུ། ། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ།། སངས་རྒྱས་ཀུན་གྱི་དགོངས་པར་འདུས།། དགོངས་པ་དེ་དག་མཚོན་པའི་ཕྱིར།། རང་སེམས་བླ་མར་གསུངས་པ་ལ།། དབྱེ་བ་རྣམ་པ་གསུམ་ཡོད་དེ། ། སེམས་ཉིད་རྒྱུ་ཡི་བླ་མ་དང།། འབྲས་བུ་ཡེ་ཤེས་བླ་མ་དང།། སྣང་བ་ཆོས་དབྱིངས་བླ་མའོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཉིད་རྒྱུ་ཡི་བླ་མ་ནི།། ལོག་སྲེད་ཅན་ནི་མ་ཡིན་ཏེ།། ལུང་རིགས་ལྡན་པའི་གང་ཟག་གིས། ། འཁོར་འདས་ཆོས་རྣམས་བློས་བརྟགས་པས།། བདེ་དང་སྡུག་བསྔལ་གཉིས་སུ་མཐོང།། བདེ་སྡུག་གཉིས་ལ་དོན་བརྟགས་པས།། དགེ་སྡིག་གཉིས་ལས་བྱུང་བར་ངེས།། དད་པ་བརྩོན་འགྲུས་ཤེས་རབ་ཀྱིས། ། རྣམ་པའི་རྟོག་པའི་བློ་སྦྱང་ཕྱིར།། དྲང་བའི་དོན་ལ་དགོངས་ནས་ནི།། སྒྲིབ་སྦྱང་ཚོགས་བསགས་བྱ་བར་གསུངས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། འབྲས་བུ་ཡེ་ཤེས་བླ་མ་ནི།། ངེས་པའི་དོན་ལ་དགོངས་པའི་ཕྱིར། ། འཁོར་འདས་འབྱུང་བས་མ་རེག་པའི།། ཡེ་ཤེས་ངོས་ཟིན་མ་བཅོས་པ།། རང་རིག་ཆོས་སྐུ་དང་ལྡན་ཐུགས།། ངོ་བོ་ལོངས་སྤྱོད་རྫོགས་སྐུར་ལྡན།། ཐུགས་རྗེ་སྤྲུལ་པའི་སྐུ་རུ་འབྱུང།། གཞི་ནི་ཆོས་སྐུ་ཉག་གཅིག་ལས། ། གདུལ་བྱར་སྟོན་པ་གསུམ་དུ་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་ཆོས་དབྱིངས་བླ་མ་ནི།། འབྱུང་ཆེན་ལྔ་ནི་བླ་མ་སྟེ།། འདོད་ཡོན་ལྔ་སོགས་ཆོས་རྣམས་ནི།། ཚིག་དང་ཡི་གེས་མི་མཚོན་པར། ། ལྡེམ་དགོངས་རང་གི་ངོ་བོས་ནི།། སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་སངས་རྒྱས་ཆོས་ཀུན་བླ་མ་དམ་པའི་གདམས་ངག་ལ་འདུས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་གཞི་ནི་གཅིག་མོད་ཀྱང།། སེམས་ཀྱི་སྣང་བ་མི་འདྲ་སྟེ།། སྣོད་ཀྱི་རིམ་པ་དང་སྦྱར་ནས། ། དབང་པོ་རབ་འབྲིང་གསུམ་དུ་བྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་ཐ་མའི་དོན་དུ་ནི།། དགེ་སྡིག་ལས་ཀྱི་རྒྱུ་འབྲས་ཀྱིས།། འབྲས་བུ་བདེ་དང་སྡུག་བསྔལ་ལ།། གཉེན་པོ་དགེ་བས་རྒྱུ་བྱས་ནས། ། ཆོས་སྤྱོད་ལམ་དུ་ཁྱེར་བས་ཕྱིར།། སྡེ་སྣོད་གསུམ་ཀྱི་ཆོས་བསྟན་པས།། རྒྱུ་ཡི་ཐེག་པར་བཏགས་ཤིང་འདུས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབང་པོ་འབྲིང་གི་དོན་དུ་ནི།། འབྲས་བུ་རྡོ་རྗེ་ཐེག་པ་སྟེ། ། ཀྲི་ཡོག་རྒྱུད་ལུང་མན་ཆད་ཆོས།། ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས།། འབྲས་བུ་དེ་ཉིད་ཡེ་ཤེས་སྐུ།། རང་གི་ལུས་ངག་ཡིད་གསུམ་ནི།། སྐུ་གསུང་ཐུགས་སུ་སྦྱོར་བའི་ཕྱིར།། རྡོ་རྗེ་ཐེག་པར་བཏགས་ཤིང་འདུས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་རབ་ཀྱི་དོན་དུ་ནི།། བསྟན་པ་ཙམ་གྱིས་རྟོགས་པའི་ཆོས།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། ཤེས་པ་ཙམ་གྱིས་སངས་རྒྱས་ངེས།། པ་ན་ས་ཡི་འབྲས་བུ་བཞིན། ། རྒྱུ་འབྲས་རོ་གཅིག་ཐེག་པར་འདུས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་རྒྱུ་འབྲས་འདུས་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། ཀུན་གྱི་གཞི་ནི་ནམ་མཁའ་ལ།། མུན་པར་ནམ་ལངས་ཉི་ཤར་བཞིན།། གཞི་སེམས་རིག་པའི་ཡེ་ཤེས་ནི།། གཅིག་པ་མ་ཡིན་ཁྱད་པར་ཆེ།། དེ་དོན་ངས་བཤད་ལེགས་པར་ཉོན། ། འཁོར་འདས་བཞི་ནི་ངོ་བོ་ཉིད།། དེ་ལས་བསྐྱེད་པའི་ཆོས་རྣམས་བྱུང།། དེ་ཙམ་ཉིད་ནས་ངང་གིས་སྟོང།། གཞི་ལ་དངོས་མེད་ནམ་མཁའ་འདྲ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། མ་རིག་ལས་སྐྱེས་ཆགས་སྡང་སེམས། ། དེ་ཕྱིར་འཁོར་བའི་རྩ་བ་སྟེ།། ཉོན་མོངས་བག་ཆགས་བསྐྱེད་པར་བྱེད།། སེམས་ནི་ཚོགས་བརྒྱད་མུན་པ་འདྲ།། དེ་འདྲ་ལུང་གི་སློབ་དཔོན་གྱིས།། རིག་པའི་གཏན་ཚིགས་རྣམ་བཞི་ནི།། ཡུལ་གྱི་སྣང་བ་འདི་ཉིད་ལ། ། གཞིག་པར་རང་བཞིན་མེད་པར་ཤེས།། གསལ་ལ་མི་རྟོག་གང་བསྒོམ་པ།། ཐོས་པའི་ཤེས་རབ་ཡིན་པའི་ཕྱིར།། རིག་པ་ཡིན་ཏེ་ཡེ་ཤེས་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་དང་རིག་པའི་བར་དུ་ནི། ། ལུང་ལྡན་ངེས་པའི་གདམས་ངག་གིས།། སྣང་བ་གཏན་ཚིགས་མ་གཞིགས་པ།། འཁོར་འདས་མ་རིག་ཆོས་ཀྱི་སྐུ།། གཞི་ཤེས་ནང་གི་རིག་པ་དེ།། བསམ་པའི་ཤེས་པ་ཡིན་པའི་ཕྱིར།། རང་བྱུང་ཡིན་ལ་ངེས་ཤེས་མིན། ། ནམ་ལངས་མུན་པ་མེད་པ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ཤེས་ཆོས་སྐུའི་བར་དུ་ནི།། རྣལ་འབྱོར་རིག་པའི་བློ་ལྡན་པས།། སེམས་ཅན་རྒྱུ་བ་རྒྱུན་གཅོད་པས།། ཡེ་ཤེས་འགག་པ་མེད་པར་གསལ། ། བསྒོམ་པའི་ཤེས་རབ་ཡིན་པའི་ཕྱིར།། མཉམ་གཞག་ངང་ལ་ཡེངས་པ་མེད།། རྗེས་ཐོབ་མ་ཡེངས་རྟིང་བཞིན་དུ།། ཡེ་ཤེས་ངང་ལས་ཆོས་སྐུ་བཙལ།། དེ་ཤེས་གདེང་གིས་ཟིན་པ་ནི།། ཉི་ཤར་མུན་གྲིབ་མེད་པ་འདྲ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཀྱི་སྙིང་པོ་རིག་པ་དང།། སངས་རྒྱས་སྙིང་པོ་ཡེ་ཤེས་དང།། ཆོས་ཀྱི་སྙིང་པོ་རྫོགས་ཆེན་དང།། འབྱུང་བའི་སྙིང་པོ་ནམ་མཁའ་དང།། འཁོར་འདས་སྙིང་པོ་ངོ་བོ་ཉིད། ། དེ་དོན་རྣམ་པར་དབྱེ་བ་ནི།། ཀུན་བཟང་རྒྱུད་དུ་ངས་བཤད་ཀྱིས།། དད་ལྡན་ཕྱི་རབ་རྟོག་པར་གྱིས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་སྙིང་པོ་ངེས་དོན་འདུས་པར་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དཔེ་དང་དོན་དུ་བཀའ་སྩལ་པ།། དཔེར་ན་ཝཱའ་ར་ཎཱ་སཱིའི་རས།། ཚོན་གྱི་རྐྱེན་གྱིས་བསྒྱུར་བྱས་ནས། ། ཁ་དོག་སྣ་ཚོགས་ཅིར་སྣང་ཡང།། རས་སུ་དབྱེར་མེད་ངོ་བོ་གཅིག། སེམས་ཀྱི་སྣང་བ་སྣ་ཚོགས་པས།། ཡུལ་དབང་རྐྱེན་གྱིས་སོ་སོར་སྣང།། དེ་ཡང་འཁྲུལ་པའི་སེམས་སུ་སྣང།། དེ་ཕྱིར་སྣང་བ་ངེས་མེད་ཡིན། ། ཤེལ་སྒོང་དག་གི་ནང་དུ་ནི།། ཁ་དོག་སྣ་ཚོགས་རས་བཞག་པས།། ཁ་དོག་སྣ་ཚོགས་ཅིར་ཡང་སྣང།། སྣང་ཡང་ཤེལ་ལ་འགྱུར་བ་མེད།། དེ་བཞིན་རང་བྱུང་ངོ་བོ་ལ།། གཟུང་འཛིན་རྐྱེན་གྱིས་རིས་དྲུག་འབྱུང། ། འཁྲུལ་པའི་ངོ་ལ་ཅིར་ཡང་སྣང།། སྣང་ཡང་གཞི་ལ་འགྱུར་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གསེར་བཟོའི་ལག་གིས་བསྒྱུར་བྱས་ནས།། ཆོལ་ཟངས་དྲི་ཆུའི་སྣོད་བྱས་ན།། གསེར་ཀྱང་ངན་པའི་རྫས་སུ་སྣང། ། དེ་བཞིན་འཁྲུལ་པས་བརྟགས་ཙམ་ན།། ཡུལ་ཀྱང་མ་དག་འཇིག་རྟེན་ཁམས།། ངམ་གྲོག་གཡང་ས་ཚེར་དོང་སྣང།། གསེར་སྐུ་མཆོད་རྟེན་བྱས་ཙམ་ན།། ཚོགས་བསགས་རྟེན་དུ་འགྱུར་བའི་ཕྱིར། ། གསེར་ཀྱང་བཟང་པོའི་རྫས་སུ་མཐོང།། ཡེ་ཤེས་ཅན་གྱི་ངོ་གང་ལ།། ཡུལ་ཀྱང་ཞིང་ཁམས་རྣམ་པར་དག། རིན་ཆེན་གསེར་གྱི་ངོ་གང་ལ།། གསེར་གྱི་རྒྱུ་ལ་བཟང་ངན་མེད།། དེ་བཞིན་ཆོས་སྐུའི་ངོ་བོ་ལ། ། སྣང་དང་མི་སྣང་གཞི་ལ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣ་ཚོགས་དར་གྱི་ཚོགས་རྣམས་ལ།། ཟ་འོག་སྣམ་བུ་བྱས་ཙམ་ན།། སྣ་ཚོགས་དར་གྱི་མིང་དང་བྲལ།། ཟ་འོག་སྣམ་བུར་གཅིག་པ་ལྟར། ། ཆོས་སྐུ་རང་གི་སེམས་ཡིན་ཀྱང།། ལུང་ལྡན་རྐྱེན་གྱིས་བསྟན་ཙམ་ན།། སྣ་ཚོགས་འཛིན་པའི་སེམས་དང་བྲལ།། ཐིག་ལེ་ཉག་གཅིག་ཆེན་པོར་འདུས།། དཔེར་ན་སྨན་དུག་གཞི་གཅིག་ལ།། ལ་ལའི་སྨན་ལ་ལ་ལའི་དུག། དེ་བཞིན་ངེས་དོན་ཆོས་འདི་ལ།། ལ་ལའི་བྱང་ཆུབ་ལ་ལའི་དམྱལ།། ཧ་ལ་ནག་པོའི་དུག་དག་ཀྱང།། ཐབས་མཁས་བཟའ་ལེགས་སྨན་གྱི་མཆོག། དེ་བཞིན་འདོད་ཆགས་ཞེ་སྡང་ཡང།། ཉོན་མོངས་རང་སར་གྲོལ་ཙམ་ན། ། དེ་ནི་རང་བྱུང་ཡེ་ཤེས་ཡིན།། སྨན་གྱི་རྒྱལ་པོའི་བཅུད་ལེན་ཀྱང།། ཐབས་ལ་མི་མཁས་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་འདྲ།། རང་ལ་གནས་པའི་ཆོས་ཉིད་ཀྱང།། ལུང་མེད་འཁྲུལ་པའི་དབང་སོང་ཚེ། ། འདོད་ཆགས་ལ་སོགས་དུག་ལྔ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ས་འོག་གནས་པའི་རིན་ཆེན་གསེར།། ངོ་མ་ཤེས་ན་རྡོ་དང་འདྲ།། དེ་བཞིན་རང་ལ་ཡོད་པའི་དོན།། རྟོགས་པ་མེད་པའི་འཁྲུལ་རྟོག་སེམས། ། ངོ་ཤེས་ཕྲད་ན་མི་ཟད་གཏེར།། དགོས་འདོད་རེ་བ་དེ་ལས་བྱུང།། ངེས་དོན་ཆོས་སྐུ་རྟོགས་ཙམ་ན།། བྱིན་རླབས་ནོར་བུའི་ཚུལ་དུ་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མཁའ་ལ་གཟའ་སྐར་ཤར་བ་དང།། ཆུ་ནང་དག་གི་གཟུགས་བརྙན་ནི།། གཅིག་པ་མ་ཡིན་སོ་སོ་མིན།། དེ་བཞིན་རིག་པའི་རྒྱལ་པོ་དང།། རིག་པའི་རྩལ་དུ་སྣང་བ་གཉིས།། ལྡོག་བཅས་ཐ་དད་ངོ་བོ་གཅིག། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་དཔེ་དོན་འདུས་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་ལ། ། གསལ་འགྲིབ་མེད་པ་ཡེ་ཤེས་ཡིན།། རྩོལ་སྒྲུབ་དག་ལས་མ་བྱུང་བས།། རང་བྱུང་ལམ་ལ་རག་མ་ལུས།། ཡུལ་ལས་མ་བྱུང་ཡེ་གནས་ཏེ།། ལུང་ལྡན་རྐྱེན་གྱིས་རྟོགས་པས་ཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡང་དག་ཆོས་སྐུ་འདུས་པ་འདི།། རང་ལ་ཡོད་ཀྱིས་གཞན་མ་བལྟ།། ཆོས་ཉིད་ངང་ལས་ཐུགས་མ་བཅོས།། ལྟ་བའི་དོན་ལ་བརྗེད་མ་ངས།། སྒོམ་པའི་ངང་ལ་དྲན་མ་གསལ།། སྤྱོད་པའི་ཆོས་ལ་བཅོས་མ་བསླད། ། དམ་ཚིག་གཞུང་ལ་འཚུར་མ་རྐྱེན།། འབྲས་བུའི་ཆོས་ལ་རྟགས་མ་རིང།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། འགྲོ་ས་མེད་ཀྱིས་ཙེན་ནེར་འདུག། ཡེ་ནས་ཡིན་གྱིས་གཟོད་མ་འཚོལ།། འཁོར་བའི་ཆོས་ལ་ངོས་མ་འཛིན། ། སྣང་བའི་ཡུལ་ལ་ཞེན་མ་ཆེ།། འཇིག་རྟེན་གཏམ་ལ་བློ་མ་རྣོ།། ནམ་མཁའ་དག་ལ་བགོས་མ་བྱེད།། རྒྱལ་བའི་བཀའ་ལ་ཤེད་མ་བྱུང།། སློབ་དཔོན་དག་ལ་འགྲས་མ་འཛུག། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ལས། དོན་གྱི་བསྡུ་བ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ཀུན་རིགས་སེམས་ཀྱི་རྒྱལ་པོ་ལ།། ཡིད་ཀྱི་དྲན་པས་འདི་སྐད་གསོལ། ། མཚན་ཉིད་ཐེག་པ་ཇི་ལྟར་འཁྲུལ།། ཕྱི་ནང་གསང་སྔགས་སྒྲིབ་པ་གང།། ཐབས་མེད་ཡོན་ཏན་ཇི་ལྟར་རྫོགས།། ཐེག་ཆེན་ཀུན་དང་མི་འདྲ་གང།། རྫོགས་ཆེན་རང་གཞུང་དབྱེ་བ་དང། ། ལམ་དང་འབྲས་བུའི་ཁྱད་པར་གྱིས།། ཐེག་པ་གཞན་སུན་ཇི་ལྟར་གདོན།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། ། ཕུང་པོ་ལྔ་ཡིས་ཀུན་ཁྱབ་སྟེ།། སྤྱི་དང་རང་གི་མཚན་ཉིད་ནི།། སོ་སོའི་དབྱེ་བ་ངས་བཤད་ཀྱིས།། དང་པོ་སྤྱི་ཡི་མཚན་ཉིད་ཀྱིས།། ཕུང་པོ་ལྔ་རུ་འདོད་པའི་གཞུང།། སེམས་ཙམ་ཐེག་ཆེན་པ་ན་རེ། ། ཕུང་པོ་ལྔ་ལ་མ་གཏོགས་པའི།། ཆོས་ནི་གཞན་ནས་ཡོད་མིན་ཕྱིར།། ཕུང་པོ་ལྔ་ནི་ཡང་དག་ཡོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་ཡི་ཕུང་པོ་ལྔ་རྣམས་ཀྱང།། ལྷར་ནི་མ་ཤེས་དད་པ་ཡིས།། ས་དང་ཕ་རོལ་ཕྱིན་པ་ཡི། ། ལམ་ལ་རིམ་གྱིས་བགྲོད་བྱས་ནས།། རྣམ་པར་མི་རྟོག་ཏིང་འཛིན་གྱིས།། སྒྲིབ་པ་རྣམ་པ་གཉིས་སྦྱང་སྟེ།། ཐབས་དང་ཤེས་རབ་གཉིས་ལྡན་ནི།། རང་གི་དོན་དམ་ངེས་པ་ཡིན། ། འབྲས་བུ་ཐོབ་པའི་དུས་ན་ནི།། སྐུ་གསུམ་ཡེ་ཤེས་བཞི་རུ་འདོད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕུང་པོ་ལྔ་རུ་འདོད་པ་དེ།། ཡང་དག་དོན་དམ་མ་ཡིན་ཏེ།། དུ་མར་སྣང་ཡང་རྐྱེན་གྱིས་བསྐྱེད།། གཉེན་པོས་བཅོས་ཤིང་བསྒྱུར་ཡོད་ཕྱིར། ། ཀུན་རྫོབ་སྒྱུ་མ་ཙམ་ཡོད་པར།། ཡང་དག་དོན་དུ་འདོད་པ་འཁྲུལ།། མི་དང་ཐོ་ཡོར་ཐག་སྦྲུལ་བཞིན།། འཁྲུལ་པ་ཡིན་པར་ཐེ་ཚོམ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕུང་པོ་ལྔ་ཡི་དབྱེ་བ་དང། ། མཚན་ཉིད་སོ་སོར་ཐ་དད་པའི།། སེམས་ཙམ་གཞུང་དུ་ཞིབ་བསྟན་གྱིས།། ངེས་དོན་སྐབས་སུ་ངས་མ་བཤད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སེམས་ཙམ་སུན་འདོན་པ་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་བཟང་སྟོན་པས་བཀའ་སྩལ་པ།། གསང་སྔགས་ཕྱི་ནང་འདོད་པའི་གཞུང།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས།། སངས་རྒྱས་ཡིན་པར་བློས་བསྒྱུར་ནས། ། ཡེ་ཤེས་སེམས་དཔའ་མཆོད་ལ་སོགས།། ཚོགས་གཉིས་བསོད་ནམས་བསྐྱེད་ནས་ནི།། ཆོས་ཉིད་སྒྲིབ་པ་བྲལ་དུས་ན།། འབྲས་བུ་འབྱུང་བར་ངེས་པ་ནི།། སྐུ་གསུམ་ཡེ་ཤེས་ལྔར་འདོད་པས། ། རང་རིག་ཆོས་སྐུ་ངེས་དོན་བསྒྲིབས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཨ་ནུ་ཡོ་གའི་འདོད་པ་ནི།། ཕུང་པོ་ལྔ་སོགས་རྟོག་ཚོགས་ཀུན།། མ་བསྐྱེད་རྫོགས་པར་འདོད་པ་དེ།། འབྲས་བུ་ཡེ་ཤེས་ལྔ་དང་ནི། ། སྐུ་ལྔ་ལྷུན་གྲུབ་འདོད་པས་བསྒྲིབས།། ཡང་དག་འདུས་པའི་སྙིང་པོ་ཉོན།། རང་བཞིན་ལྷུན་གྲུབ་སངས་རྒྱས་ནི།། དུས་གསུམ་དག་ཏུ་མི་འགྱུར་ཅིང།། གཉེན་པོས་བཅོས་ཤིང་བསྒྱུར་དུ་མེད།། ཐབས་ནི་གང་ལའང་མི་བརྟེན་ཕྱིར། ། རང་བྱུང་ཀུན་ཏུ་བཟང་པོ་བྱ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཕུང་པོ་རྣམ་པ་ལྔ་ལས་ཀྱང།། སྐུ་ལྔ་ཡེ་ཤེས་ལྔ་རུ་འདོད།། ཕུང་པོ་གཅིག་ལས་མེད་པ་ལ།། འབྲས་བུ་ཐ་དད་འབྱུང་བ་ཡིས། ། གནས་འགྱུར་དུ་ནི་སངས་རྒྱས་ནས།། རིགས་ལྔའི་ཡོན་ཏན་རྫོགས་འདོད་པས།། ཤིན་ཏུ་མི་འཐད་འགལ་བའི་ཕྱིར།། མ་རིག་རྨོངས་པས་རང་ལ་བསྒྲིབས།། དེ་དོན་དགོངས་ཤིང་བསྒྲིབ་པ་ནི།། རྒྱུད་གཞན་དུ་ནི་ཞིབ་བསྟན་ཕྱིར། ། ངེས་དོན་སྐབས་སུ་ངས་མ་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མིང་གི་རྣམ་གྲངས་དུ་བསྟན་ཡང།། དོན་གྱི་ངོ་བོ་གཅིག་ཏུ་འདུས།། རྩལ་ཤུགས་ཚུལ་དུ་གཉིས་སུ་སྣང།། དོན་ལ་དགོས་མེད་ཚིག་དང་བྲལ། ། དེ་ཕྱིར་བྱིས་པའི་སྒྲིན་ཚིག་འདྲ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། སེམས་སུ་བྱས་ཤིང་བློ་ཡིས་བཅོས།། དེ་ཕྱིར་ཡང་དག་ཕུང་པོ་མིན།། དོན་དམ་ཆོས་ལ་སྨོས་ཅི་དགོས།། དེ་ཕྱིར་མ་རིག་རྨོངས་པ་ཀུན། ། གནས་འགྱུར་སངས་རྒྱས་འདོད་པས་ཕུང།། གཏན་དུ་འཁྱམས་པ་སྙིང་རེ་རྗེ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གསང་སྔགས་ཕྱི་ནང་གི་འདོད་གཞུང་སུན་འདོན་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། མུ་སྟེགས་ཆད་འདྲར་བསྐུར་བཏབ་ཀྱང།། ངེས་དོན་སྙིང་པོ་མ་མཐོང་ཕྱིར།། གཏན་ཚིགས་སྒྲོ་སྐུར་སྐྱོན་བཀལ་ཀྱང། ། དོན་དང་མཐུན་པར་མི་འགྱུར་རོ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཐེག་པ་འོག་མའི་ཆོས་ཀུན་བཞིན།། ཤེས་རབ་ཐབས་ལ་བརྟེན་དགོས་ན།། བྱས་པ་ཡིན་ཕྱིར་གནས་ལུགས་མིན། ། སྐུ་དང་ཡེ་ཤེས་འབྱུང་མི་སྲིད།། དེ་ཕྱིར་ཐབས་ལ་རག་ལུས་མེད།། རང་བྱུང་སྙིང་པོ་ཆོས་སྐུ་ནི།། ཉི་མ་དང་ནི་འོད་བཞིན་དུ།། ཤེས་རབ་ཆོས་སྐུ་གཅིག་པུ་ལ།། སྐུ་དང་ཡེ་ཤེས་ཀུན་ཀ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ངེས་དོན་བཀའ་ཡིས་དྲང་དོན་ཀུན།། སུན་བཏོན་སྒྲོ་འདོགས་ཆོད་པ་ཡིན།། ངེས་དོན་བཀའ་ལ་སུན་འདོན་མེད།། དེ་ཕྱིར་དྲང་དོན་བཀའ་འདི་གོལ།། ངེས་དོན་ཡང་ཏིའི་གཞུང་གིས་ནི། ། དངོས་སུ་སྣང་ཡང་འབྱུང་བ་མེད།། དོན་དམ་རང་བཞིན་ངོ་བོར་གནས།། དོན་དུ་བྱ་བ་མ་དམིགས་ཀྱང།། རང་བྱུང་ཡོན་ཏན་ཐུགས་ལ་རྫོགས།། ཆུ་ཟླའི་དཀྱིལ་འཁོར་ལྟ་བུར་སྣང།། རང་བྱུང་ལྷུན་གྱིས་གྲུབ་པ་ཡིས། ། རང་བྱུང་ངང་ལ་ཤུགས་ཀྱིས་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕུང་པོའི་དབྱེ་བ་འདུས་ལུགས་ཀྱང།། ཐུན་མོང་ཐེག་པར་སྒོ་བསྟུན་ཕྱིར།། ཀུན་དང་མི་མཐུན་བསྟན་པ་ཡང།། དྲང་དོན་ཡིན་ཕྱིར་ཡང་དག་མིན། ། ཡང་དག་ངེས་དོན་ཡང་ཏི་ནི།། དཔེར་ན་ཤིང་ཐོག་སྨིན་པ་ལ།། འབྲས་བུ་ཤུགས་ཀྱིས་འབྱུང་བ་ལྟར།། ཆོས་སྐུ་སྒྲིབ་པ་མེད་པ་ལ།། སྐུ་གསུམ་ཡེ་ཤེས་ལྔ་རྣམས་ཀྱང།། མ་བཙལ་རང་བཞིན་ལྷུན་གྱིས་རྫོགས། ། རིགས་ལྔའི་སངས་རྒྱས་དོན་གྱི་ཚང།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན།། མ་ལུས་ཐོགས་པ་མེད་པར་མཁྱེན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས་ཐབས་ལ་མ་བརྟེན་པར་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ཀྱིས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཐེག་པ་གཞན་དང་སྒོ་བསྟུན་ཕྱིར།། ཕུང་པོ་རྒྱུ་འབྲས་དོན་ཞུས་པ། ། ཕུང་པོ་རྣམ་པ་ལྔ་པོ་དེ།། ཡང་དག་ཡོད་དང་བྱིན་རླབས་སུ།། རྟག་ཆད་བྲལ་དང་ངོ་བོ་གནས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། རྣམ་ཤེས་ཕུང་པོ་ཡང་དག་ཡོད།། ཕུང་པོ་བཞི་ནི་བྱིན་རླབས་བྱུང།། རྟག་ཆད་བྲལ་བའི་རྣམ་ཤེས་ནི།། ཀུན་གཞི་རང་གིས་ངོ་བོ་ཡིན།། རྟག་ཆད་ངོ་བོར་གནས་པ་ནི།། ཕུང་པོ་གཞན་དང་ཚོགས་བདུན་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡི་འབྲས་བུ་སྐུ་ལྔ་དང།། ཡེ་ཤེས་ལྔ་རྣམས་ཡོད་ཚུལ་ནི།། འདུས་མ་བྱས་ཀྱི་ནམ་མཁའ་བཞིན།། དུས་གསུམ་འདུ་འབྲལ་མེད་པར་ནི།། ཆོས་སྐུ་ཡེ་ཤེས་ཡང་དག་ཡོད། ། སྐུ་དང་ཡེ་ཤེས་གཞན་དག་ནི།། བྱིན་གྱིས་བརླབས་ལས་འབྱུང་བ་སྟེ།། གཟའ་སྐར་རྒྱ་མཚོ་ཇི་བཞིན་དུ།། རྩོལ་དུ་མེད་པར་ཤུགས་ལས་འབྱུང།། ཆོས་སྐུ་མེ་ལོང་ལྟ་བུ་ནི།། རྟག་ཆད་གཉིས་དང་བྲལ་བར་གནས། ། ངོ་བོ་རང་བཞིན་ལྷུན་གྱིས་གྲུབ།། དེ་ཕྱིར་དུས་གསུམ་འཕོ་འགྱུར་མེད།། སྐུ་དང་ཡེ་ཤེས་གཞན་དག་ནི།། རྟག་ཆད་གཉིས་ཀྱི་ངོ་བོར་གནས། ཐེག་པ་གཞན་དུ་ཞིབ་བསྟན་གྱིས།། ངེས་དོན་སྐབས་སུ་ངས་མ་བཤད། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། ཐེག་པ་སྤྱི་དང་རང་གི་འགལ་བར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཡང་ཏི་རང་གཞུང་བཀའ་སྩལ་པ། ། རང་བྱུང་ཡེ་ཤེས་ཆོས་སྐུ་ལ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང།། ཡང་དག་དོན་དུ་མི་འདོད་ཕྱིར།། ཡེ་ཤེས་གཞན་ལ་སྨོས་ཅི་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ཡེ་ཤེས་ཆེན་པོ་ནི། ། དུས་གསུམ་དག་ཏུ་མི་འགྱུར་ལ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང།། ཐོག་མ་མེད་ཀྱང་ཐ་མ་ཡོད།། དེ་ཕྱིར་རྐྱེན་ལས་བྱུང་བ་ཡིན།། ཁམས་གསུམ་འཁོར་བའི་དུས་ཙམ་ན།། ཀུན་གཞི་རྣམ་པར་ཤེས་པ་ལ། ། གཉེན་པོས་བསྐྱེད་པའི་གནས་འགྱུར་གྱི།། ཡེ་ཤེས་བྱ་བའི་མིང་ཡང་མེད།། ངེས་དོན་ཡང་ཏིའི་གཞུང་གིས་ནི།། ཁམས་གསུམ་འཁོར་བའི་དུས་ན་ཡང།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་སྐུ་ཁྱབ་པ་ཡེ་གནས་ཕྱིར། ། སངས་རྒྱས་འབྲས་བུ་ཐོབ་དུས་ན།། ཡེ་ཤེས་ཆོས་ཀྱི་སྐུ་ནི་གནས།། དེ་ཕྱིར་དོན་དམ་ཆོས་སྐུ་ལ།། ཆོས་ནི་གཞན་ན་ཡོད་མི་སྲིད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འོ་ན་ཁྱོད་ཀྱི་འདོད་པ་དེ།། སེམས་ཅན་ལས་ནི་སངས་རྒྱས་པས། ། དེ་ཉིད་འགྱུར་བ་མ་ཡིན་ནམ།། ངེས་དོན་འགྱུར་བ་མ་ཡིན་ཏེ།། མ་རྟོགས་བག་ཆགས་བཅས་པ་དང།། རྟོགས་པ་བག་ཆགས་བྲལ་བའི་ཕྱིར།། ཁྱད་པར་ཐ་དད་སྣང་གྱུར་ཀྱང།། དོན་ལ་རྒྱུ་འབྲས་རིམ་གྱིས་མེད། ། ངོ་བོ་གཞི་ཡི་ཆོས་སྐུ་དང།། རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས།། ངོ་བོའི་གཞི་ལ་ཐ་དད་མེད།། ཉི་མ་རང་གི་ངོ་བོ་ལ།། མུན་གྲིབ་གྲང་བ་གང་ཡང་མེད།། གློ་བུར་སྤྲིན་གྱིས་བསྒྲིབས་ཙམ་ན། ། ཉི་འོད་མེད་པ་མ་ཡིན་ཏེ།། ངོ་བོ་འཕེལ་འགྲིབ་མེད་པ་ལྟར།། རྟོགས་མ་རྟོགས་པའི་ཁྱད་པར་ལས།། སེམས་ཅན་སངས་རྒྱས་གཅིག་པའི་ཕྱིར།། གཞི་ལ་དུས་གསུམ་འགྱུར་མེད་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ལུང་ལྡན་བསྟན་པས་ཐམས་ཅད་མཁྱེན།། དེ་དུས་འབྲས་བུ་སངས་རྒྱས་ཕྱིར།། ངོ་བོ་དག་ལ་འཕེལ་འགྲིབ་མེད།། སྐྱེ་འགག་མེད་པར་རྒྱུན་དུ་གནས།། སེམས་ཅན་དུས་ཀྱི་ཆོས་སྐུ་ལས།། དེ་ལས་འཕེལ་བ་རྡུལ་ཙམ་མེད། ། དེ་ཕྱིར་ཡང་དག་ངས་བཤད་ཉོན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འོ་ན་དུས་གསུམ་མི་འགྱུར་ཅིང།། ཐམས་ཅད་ཆོས་སྐུར་འདོད་པ་དེ།། ལུང་རིག་གཉིས་དང་འགལ་བ་དང། ། སྡུད་པའི་རྟོགས་པར་འགྱུར་བའི་ཕྱིར།། འོ་ན་རྟག་དང་ཁྱད་ཅི་ཡོད།། དེ་ཡང་དོན་དང་མི་འགལ་ཏེ།། ཐམས་ཅད་ཆོས་སྐུར་འདུས་པ་དེ།། བསྡུས་ནས་འདུས་པ་མ་ཡིན་ཏེ།། ཉི་འོད་བུ་རམ་མངར་བ་བཞིན། ། དུས་གཅིག་རྫོགས་པ་ཆོས་ཀྱི་སྐུ།། རང་བཞིན་ངང་གིས་གནས་པ་བཞིན།། རྒྱུ་རྐྱེན་ཚོགས་འདུས་མ་ཡིན་པས།། ལུང་དང་རིགས་པར་ཅི་ལ་འགལ།། ཁ་དོག་དབྱིབས་སུ་མེད་པ་ལ།། རྟག་པའི་སྐྱོན་གྱིས་ཅི་ལ་གོས། ། མི་འགྱུར་ཡེ་ནས་གནས་པ་ལ།། རྟག་ཅེས་ཟེར་ན་རྟག་དཀའ་བས།། ཆོས་སྐུ་རྒྱུན་དུ་ཡེ་ཡོད་ཕྱིར།། ཆད་པའི་སྐྱོན་གྱིས་ང་མ་གོས།། དངོས་པོ་མཚན་མ་མེད་པའི་ཕྱིར།། རྟག་པ་ཐེར་ཟུག་ང་ལ་མེད། ། དེ་ཕྱིར་སྐྱོན་མེད་གཉིས་ཀར་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཉིད་མཆོག་ཏུ་གསང་བའི་ཕྱིར།། སྒོ་ལྔ་དག་གི་སྤྱོད་ཡུལ་མིན།། དེ་ཕྱིར་ཆོས་སྐུ་བརྗོད་ལས་འདས།། བཏགས་པའི་ཐ་སྙད་ཀུན་དང་བྲལ། ། དེ་ཕྱིར་སེམས་ཀྱི་ཡུལ་ལས་འདས།། རང་བྱུང་རིག་པའི་ཡེ་ཤེས་ལ།། ཚིག་གི་མཚོན་པ་ཐམས་ཅད་ནོར།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཡང་ཏི་རང་དོན་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཉན་ཐོས་ལམ་དང་འབྲས་བུའི་གཞུང།། ཚེ་འདིའི་སྔ་མ་ཡང་སྔ་ལ།། དགེ་སྡིག་ལས་ནི་གང་བྱས་པས།། ད་ལྟའི་ལུས་འདི་བླངས་པ་ལ། ། བདེ་སྡུག་གཉིས་ཀ་དུས་འདིར་འབྱུང།། ཕྱི་མ་འཁོར་བར་ལྷུང་དོགས་ནས།། སྡིག་སྤང་དགེ་བ་སྤྱད་བྱས་ན།། འབྲས་བུ་ལྷ་མིའི་གོ་འཕང་ཐོབ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུ་རྐྱེན་ཚོགས་པའི་དགེ་སྤྱད་ནས། ། ལས་དེའི་འབྲས་བུ་ཐོབ་དུས་ནི།། གཞན་དོན་མཐར་ཕྱིན་གྲུབ་པ་ལས།། འབྲས་བུ་སངས་རྒྱས་ཐོབ་པར་དུ།། མཐོ་རིས་འབྲས་བུ་གནས་རྟེན་བཅས།། ལྷ་དང་མི་ཡི་ཐེམ་སྐས་ལ། ། རིམ་པར་འཛེགས་ནས་སངས་རྒྱས་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཁྱོད་ནི་ཡང་ཏི་རྫོགས་ཆེན་པ།། རྟོགས་པ་གཅིག་པུས་ཆོག་ཟེར་ན།། རྒྱུ་རྐྱེན་མ་ཚོགས་འབྲས་བུ་འདོད།། སྟོང་པ་ཉིད་ཀྱིས་མཐའ་རུ་ལྷུང། ། ལུང་རིགས་གཉིས་དང་ཤིན་ཏུ་འགལ།། དེ་བས་དགེ་བ་ཚོགས་པར་སྤྱད།། འབྲས་བུ་ལྷ་དང་མི་ཡི་ནི།། འབྲས་བུ་ཐོབ་པར་བྱ་བ་ལ།། རང་སེམས་རྟོགས་པས་མི་ཆོག་སྟེ།། བསོད་ནམས་ཚོགས་ནི་བསགས་ནས་ཀྱང། ། མྱ་ངན་འདས་པའི་མཐའ་བརྟེན་ཏེ།། ཏིང་འཛིན་རྩེ་གཅིག་བསྒོམ་གྱུར་ན།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་འགྱུར་བ་ལ།། ཁྱོད་ནི་ཡང་ཏི་རྫོགས་ཆེན་པ།། འཁོར་བ་ལས་ནི་ཐར་གྱུར་ནས། ། མྱ་ངན་འདས་པའི་མཐའ་རུ་བལྟ།། ལམ་དེའི་འབྲས་བུས་སངས་མི་རྒྱ།། དེ་བས་འབྲས་བུ་བླ་མེད་པའི།། བྱང་ཆུབ་ཐོབ་པར་བྱ་བ་ལ།། རྒྱུ་ནི་ས་དང་ཕ་རོལ་ཕྱིན།། ལམ་ལ་རིམ་གྱིས་བགྲོད་གྱུར་ན། ། གཞན་དོན་འབྲས་བུ་ཕུན་སུམ་ཚོགས།། གཟུགས་སྐུ་རྣམ་གཉིས་འཐོབ་པར་འགྱུར།། ཤེས་རབ་མི་རྟོག་རྩེ་གཅིག་ཏུ།། མ་ཡེངས་དོན་ལ་བསྒོམ་གྱུར་ན།། བདག་དོན་ཆོས་སྐུ་འགྲུབ་པར་གྱུར། ། ད་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་བདག་དང་གཞན་དོན་གྱིས།། ཕུན་སུམ་ཚོགས་པ་ཐོབ་པ་ནི།། འདི་ལས་ཐབས་ཆེན་ངེས་པའི་ལམ།། ཆོས་ནི་གཞན་ལ་ཡོད་དོ་ཟེར།། དེ་དག་དབྱེ་བའི་ཚོགས་བསགས་ཐབས། ། སྙིང་རྗེ་ཆེན་པོས་གཞིར་བཟུང་ནས།། ཐེག་པ་གཞན་དུ་ཞིབ་བསྟན་ཕྱིར།། ངེས་དོན་སྐབས་སུ་ངས་མ་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་སྔགས་ཕྱི་ནང་འདོད་པའི་གཞུང།། ལམ་དང་འབྲས་བུའི་ཁྱད་པར་ནི། ། ཐབས་དང་ཤེས་རབ་ཟུང་འབྲེལ་ནས།། བདེ་བའི་ཡོན་ཏན་རྙེད་པར་འགྱུར།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་ཐོབ་པར་བྱ་བ་ལ།། ཐབས་དང་ཤེས་རབ་འཛོམ་པ་དགོས། ། དེ་ཕྱིར་ཐབས་ནི་གང་ཞེ་ན།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན།། ལྷ་དང་ལྷ་མོར་གནས་འགྱུར་བར།། རིམ་གྱིས་བསྐྱེད་དམ་མ་བསྐྱེད་རྫོགས།། ཆོ་ག་གསུམ་མམ་བདུན་གྱིས་ནི།། བསྐྱེད་ཅིང་བསྒྱུར་བྱས་ཡེ་ཤེས་སེམས། ། སྤྱན་དྲངས་བསྟིམ་དང་མཆོད་ལ་སོགས།། གཞུང་དང་ལྡན་པར་བྱས་གྱུར་པས།། མཐར་ཕྱིན་འབྲས་བུ་ཐོབ་དུས་ན།། གཟུགས་སྐུ་རྣམ་གཉིས་འབྱུང་ནས་ཀྱང།། བྱང་ཆུབ་སེམས་དཔའ་མན་ཆད་ནས། ། སེམས་ཅན་དམྱལ་བ་ཡན་ཆད་ཀྱིས།། འགྲོ་དོན་མཐར་ཕྱིན་གྲུབ་པ་ལ།། སྟོང་ཉིད་ཏིང་འཛིན་བག་ཆགས་སྦྱངས།། ཆོས་སྐུ་ཐམས་ཅད་མཁྱེན་པ་ཡི།། ཡེ་ཤེས་བདེ་ལྡན་ཐོབ་པར་འགྱུར།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། འདི་ལས་ལྷག་པའི་ངེས་དོན་ཆོས།། རྫོགས་ཆེན་ཡང་ཏི་ཁྱེད་ལ་མེད།། དེ་ཕྱིར་ཐབས་ལ་བརྟེན་ནས་ནི།། ཤེས་རབ་ལྟ་བས་ཐག་བཅད་དེ།། འབྲས་བུ་ངེས་པར་འབྱུང་བར་འདོད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སྔགས་དང་མཚན་ཉིད་ཀྱི་ལམ་དང་འབྲས་བུ་དབྱེ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཐེག་བརྒྱད་ལམ་གྱི་གོལ་ས་ནི། ། ཁྱེད་ཅག་བློ་དམན་མ་རིག་པས།། ཐབས་དང་ཤེས་རབ་འབྲེལ་དགོས་ཟེར།། འཁྲུལ་པ་བརྟས་པའི་རྟོག་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་མར་འདོད་པ་ལ་ནི།། ཆུ་བསྲུབས་པས་ནི་མར་མེད་ལྟར། ། ཐབས་ཀྱི་མཚན་མ་དངོས་སུ་སྤྱད།། ཞེན་པའི་སེམས་ཀྱིས་བྱང་ཆུབ་འདོད།། དཔེར་ན་ཉི་མའི་སྙིང་པོ་ལ།། སྤྲིན་ནི་དཀར་ནག་གཉིས་ཀས་སྒྲིབ།། དེ་བཞིན་ཐབས་ལ་བརྟེན་པ་ཡི།། གང་ཟག་ཀུན་གྱིས་དངོས་པོར་བཟུང། ། དེ་ཕྱིར་ལམ་གྱི་གེགས་སུ་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་སྐྱེས་བུ་མི་རྣམས་ཀྱིས།། སྔགས་མེད་པ་ཡི་དུག་ཟོས་ན།། ཨ་ཤུ་ཀ་ཡི་རྐྱེན་ཡིན་ཕྱིར། ། ཆེ་ཆུང་གང་ཟོས་གཉིས་ཀ་འཆི།། ངེས་པའི་ལུང་ལྡན་དོན་མེད་ཕྱིར།། ཐབས་ནི་ཆེ་ཆུང་གཉིས་ཀས་བསྒྲིབས།། རྩོལ་བ་བྱས་པས་ཐམས་ཅད་གོལ།། དེ་ཕྱིར་རང་རིག་ཆོས་སྐུ་ནི།། སེམས་ཀྱི་གཟིབ་ན་ངོས་ཟིན་ན། ། ཐབས་ནི་གང་ལའང་བརྟེན་པ་མེད།། དེ་ཕྱིར་མན་ངག་སྙིང་པོའི་ཆོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཁྱེད་ཅག་ཐེག་པ་འོག་མ་པ།། མཚན་མ་དངོས་སུ་སྤྱད་སྒོ་ནས།། འབྲས་བུ་ཐམས་ཅད་མཁྱེན་པ་ཡི། ། ཡེ་ཤེས་ཐོབ་པར་འདོད་པ་ནི།། ཤིན་ཏུ་གཏི་མུག་སྨད་པའི་གནས།། ཀུན་བརྟགས་བསྒོམ་པའི་ཆོས་པ་ཀུན།། ལམ་གྱི་གེགས་ནི་ཐབས་ཡིན་ཕྱིར།། གོལ་ས་ཡིན་པར་ཀུན་ནས་བཤད།། དེ་ཕྱིར་ཐབས་ལ་བརྟེན་མི་དགོས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཉིད་དུ་འགྲོ་བ་ཡི།། ངེས་པའི་ལམ་ནི་གང་ཡིན་ཕྱིར།། ཐོག་མར་བལྟ་བའི་གདེངས་དང་ནི།། ཏིང་འཛིན་སྤྱོད་ལམ་དུས་གཅིག་ཏུ།། རང་བྱུང་སྙིང་པོའི་དོན་རྟོགས་ཕྱིར། ། བརྗོད་པའི་ཐ་སྙད་ཀུན་དང་བྲལ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། ཤེས་དང་སངས་རྒྱས་དུས་མཉམ་ཕྱིར།། དེ་ལས་ལྷག་པས་ཆོས་གཞན་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁྱེད་ནི་ཐེག་པ་འོག་མ་པ། ། བྱེ་མ་ལས་ནི་མར་བཙིར་བཞིན།། བེམ་པོ་འབྱུང་བ་རྣམ་བཞི་ལས།། སངས་རྒྱས་འདོད་པའི་སྙིང་རུལ་ཀུན།། བསྐལ་པར་བསྒྲུབ་ཀྱང་འགྲུབ་མི་སྲིད།། བེམ་པོ་རང་ཡང་སེམས་ཡིན་ན། ། ཡུལ་ལ་འཕོ་འགྱུར་ཡོད་པའི་ཕྱིར།། སེམས་ལ་སྐྱེ་ཤི་ཡོད་པར་འགྱུར།། དེ་ཕྱིར་རང་བྱུང་ཡེ་ཤེས་མིན།། རྫོགས་ཆེན་ལས་ནི་ཇི་ལྟར་འདོད།། ཡང་ཏི་དོན་དམ་ཆེན་པོ་ནི།། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། ། དྲན་པ་ཙམ་གྱིས་ཆོས་སྐུར་གསལ།། དེ་ཙམ་ཉིད་ནས་བཙལ་མི་དགོས།། དེ་ཕྱིར་མ་བསྒྲོད་པ་ཡི་ལམ།། དཔེར་ན་ནོར་བུ་རིན་ཆེན་བཞིན།། རྟོགས་པ་ཙམ་གྱིས་ཆོག་པའི་ཕྱིར།། བདག་གཞན་དོན་ནི་ལྷུན་གྱིས་གྲུབ། ། དེ་ཕྱིར་ངེས་དོན་ཡ་མཚན་ཆེ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཁྱེད་ཅག་ཐེག་པ་འོག་མ་པ།། དཔེར་ན་ཏིལ་ལ་མར་ཡོད་ཀྱང།། མ་བཙིར་བར་དུ་མར་མི་འབྱུང།། དེ་བཞིན་རང་ལ་ཡོད་མོད་ཀྱང། ། མ་བསྟན་བར་དུ་ཤེས་མི་སྲིད།། བསྐལ་པ་འབུམ་ཕྲག་བརྒྱ་ཡི་བར།། འདུས་བྱས་ཆོས་སྤྱོད་བྱས་གྱུར་ཀྱང།། འབྲས་བུ་ངས་རྒྱས་འབྱུང་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཤེས་བྱེད་ལམ་མང་ཡང། ། རང་ལ་ཡོད་པ་མ་ཤེས་ན།། གཞན་ལ་ཚོལ་བ་རྨོངས་པའི་ཆོས།། དེ་ཕྱིར་ཚོལ་མེད་དོན་འདི་གཅེས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཐེག་པ་གཞན་སུན་འདོན་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པའི་ཚིག་གིས་འདི་སྐད་གསོལ།། མ་རིག་ཡེ་ཤེས་དབྱེ་བ་གང། ། ཡུལ་སེམས་གཞི་ལ་གཅིག་མི་གཅིག། རྒྱུ་འབྲས་དོན་གྱི་དབྱེ་བ་གང།། བསྒོམ་དུ་ཡོད་མེད་ཇི་ལྟར་ཡིན།། རྟོགས་མ་རྟོགས་ཀྱི་ཁྱད་པར་གང།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་ཅན་ཀུན་ལ་གནས་པའི་དོན།། མ་རིག་ཡེ་ཤེས་ཁྱད་པར་ནི།། ང་ཡི་བཤད་ཀྱིས་ད་ཉོན་ཅིག། དང་པོ་འཁོར་འདས་བར་དོ་ལ།། ཤེས་བཞིན་ལུང་མ་བསྟན་དུ་ཡོད། ། དེ་ཉིད་རང་དུ་ངོ་མ་ཤེས།། དེ་ཕྱིར་གང་གི་བློ་ཡིས་འཇུག། དེ་ནི་གཏི་མུག་འཁོར་བའི་གཞི།། དེ་ལ་དཔྱད་ཀྱང་མི་ཤེས་པ།། གཞི་གནས་མ་རིག་པ་ཞེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལ་ཡུལ་མེད་འཛིན་པ་ནི། ། བག་ལ་ཉལ་བའི་ཆ་ཕྲ་བྱུང།། དེ་ཕྱིར་རང་ལ་རང་གིས་བསྒྲིབས།། ལྷན་ཅིག་སྐྱེས་པའི་མ་རིག་པ།། རྒྱུ་ཡི་རྐྱེན་ཞེས་དེ་ལ་བྱ།། རྒྱུ་དེ་ཤིན་ཏུ་མྱུར་བར་ནི།། དེ་མ་ཐག་ཏུ་འཛིན་པས་བརྟགས། ། བག་ཉལ་མིང་ལ་ཞེན་འཛིན་ཅིང།། དེ་མ་ཐག་པའི་རྐྱེན་ཞེས་བྱ།། རྒྱུ་དང་དེ་མ་ཐག་པ་ཡི།། རྐྱེན་གཉིས་ཟུང་དུ་འཛིན་པའི་ཕྱིར།། ལྷན་ཅིག་སྐྱེས་པའི་མ་རིག་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དེས་བསྐྱེད་ཤེས་པ་མངལ་དུ་འཇུག། ངར་འཛིན་ཆགས་སྡང་ཕྲ་མོ་སྐྱེ།། ནང་གི་བཟུང་བ་ཀུན་ཏུ་བརྟས།། དེ་ཕྱིར་དམིགས་པའི་རྐྱེན་ཞེས་བྱ།། ཁོང་ནས་ཕྱུང་ནས་ཕྱི་རོལ་གྱི།། བག་ཆགས་ཡུལ་གྱི་སྣང་བ་ལ། ། རང་གི་ཡིད་ཀྱི་ངན་རྟོག་ཞུགས།། ཡུལ་ལ་ཆོས་བརྒྱད་ཀུན་ཏུ་བརྟགས།། ང་བདག་ངན་རྟོག་འཛིན་བལྟས་ཞེན།། མངོན་རྒྱུ་ཆགས་སྡང་ཁ་ཚང་ཕྱིར།། དམིགས་པ་བདག་པོའི་རྐྱེན་གཉིས་ཚང།། ཀུན་བརྟགས་མ་རིག་པ་ཞེས་བྱ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྷན་ཅིག་ཀུན་བརྟགས་གཉིས་འཛོམ་པས།། ཀུན་གཞིའི་རྣམ་པར་ཤེས་པ་ཡིན།། དེས་བསྐྱེད་ཚོགས་བརྒྱད་ཁ་ཚང་བས།། འཁོར་བར་འཁྱམས་ཞེས་དེ་ལ་བྱ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི།། རང་སེམས་ངོ་བོ་རྟོགས་ལས་བྱུང།། ཡང་ན་རང་བྱུང་ཀུན་གྱི་གཞི།། ཤེས་ནས་ལུང་ལྡན་ངེས་པའི་དོན།། ཟུང་དུ་འཛོམ་ཕྱིར་ཡེ་ཤེས་ཡིན། ། སྨན་དང་སྨན་པ་འཛོམས་པ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། མ་རིག་པ་དང་ཡེ་ཤེས་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། ཡུལ་སེམས་དབྱེ་བ་བཀའ་སྩལ་པ། ། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན།། འཁྲུལ་སེམས་བག་ཆགས་བརྟས་པའི་ཕྱིར།། སྣང་བ་ཞེན་པ་སྣ་ཚོགས་པ།། ངོ་བོ་ཡུལ་དུ་གྲུབ་པ་མེད།། དེ་ཕྱིར་སྣང་བ་ལོག་འཁྲུལ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན། ། རང་གི་སེམས་ནི་འཁྲུལ་པའི་དཔེ།། ཐག་སྦྲུལ་ཐོ་ཡོར་མི་བཞིན་དུ།། མེད་ལ་ཡོད་འཛིན་ཀུན་ཏུ་བརྟགས།། ས་ཆུ་མེ་རླུང་འབྱུང་བ་བཞི།། འཁྲུལ་པའི་བག་ཆགས་བརྟས་པའི་ཕྱིར། ། དངོས་སུ་སྣང་ཡང་དོན་དུ་མེད།། དེ་ཡུལ་འདི་ནི་གཏན་མེད་ལ།། རྨོངས་པ་ཀུན་གྱིས་དམ་པར་འཛིན།། ལོག་པའི་རྗེས་སུ་འབྲང་བས་ལྟུང།། སྤྲེ་འདྲའི་ལུང་གིས་བསླད་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རང་རིག་ཆོས་སྐུ་ཡེ་ཤེས་ལ།། མ་རིག་རྐྱེན་བཞིས་མ་བསྐྱེད་པས།། ཀུན་གཞི་མེད་ཕྱིར་སེམས་ཀྱང་མེད།། ཡུལ་སེམས་གཉིས་ཀ་གཞི་ལ་མེད།། དེ་ཕྱིར་སེམས་མིན་ཆོས་སྐུ་ལ།། རང་རིག་ཡེ་ཤེས་བློ་ལྡན་པས། ། སྣང་བ་མེད་ཕྱིར་འཛིན་པ་བྲལ།། གསལ་ལ་འཛིན་མེད་མི་གཡོ་བ།། སངས་རྒྱས་ཀུན་གྱི་དགོངས་པར་བཤད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་སེམས་ཡུལ་དུ་འཛིན་པའི་རྒྱུ།། འཁོར་བའི་ས་བོན་མ་རིག་པས། ། རྒྱུ་རྐྱེན་བྱས་ནས་སྡུག་བསྔལ་འབྱུང།། དེ་ཕྱིར་རང་འཁྲུལ་རྨོངས་པའི་སེམས།། གཟུང་འཛིན་བྱིང་རྒོད་ཞེན་པའི་རྒྱུ།། ཡུལ་ལ་བརྟེན་ནས་ཆགས་སྡང་སྐྱེ།། འཁོར་བའི་རྒྱུ་ནི་ཆགས་སྡང་གཉིས། ། གཅིག་དང་མི་གཅིག་རྩོལ་བའི་བར།། འཁོར་བའི་མཐའ་ལ་ཟད་པ་མེད།། དེ་ཕྱིར་རང་རིག་དོན་རྟོགས་ནས།། སེམས་མེད་ཡུལ་འདི་ཅི་ལ་སྲིད།། དེ་བས་རང་སེམས་སྙིང་པོ་འདི།། སེམས་ཀྱི་ཡུལ་ལས་འདས་པའི་ཕྱིར། ། གཅིག་དང་མི་གཅིག་བརྗོད་ཀྱི་བར།། མ་རིག་བློ་ལ་ཡུལ་སེམས་ཡོད།། ལོག་ལྟ་ཅན་རྣམས་དམ་པར་འཛིན།། དེ་ཕྱིར་སྒྲ་དང་མཚན་མའི་ཆོས།། སྤྲེལ་འདྲའི་ལུང་གི་བློས་བཏགས་ནས།། ཡུལ་སེམས་རྩོལ་བའི་ཆོས་ཀུན་འབྱུང། ། ངས་ལུང་མན་ངག་བསྟན་པ་ཡིས།། ཡང་དག་ངེས་པའི་སངས་རྒྱས་ལ།། རང་རིག་ཆོས་སྐུ་སེམས་དང་བྲལ།། དེ་ཕྱིར་ཡུལ་མེད་རིག་པ་གཙོ།། ངའི་ལུང་གོ་བས་ཡུལ་སེམས་བརླག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཡང་རྩ་བ་མདོར་བསྡུས་ན།། ཉི་ཤར་མུན་གྲིབ་མེད་པ་བཞིན།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། གོལ་སྒྲིབ་ཡུལ་སེམས་གཞི་ནས་དག། དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ། ། དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར།། འཁྲུལ་མེད་ཡང་དག་མངོན་སངས་རྒྱས།། དེ་ཕྱིར་ངེས་དོན་རྟོགས་པས་ཆོག། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཡུལ་སེམས་གཞི་ལ་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། རྒྱུ་འབྲས་སྐབས་དབྱེ་བཀའ་སྩལ་པ།། ཡང་དག་ངེས་དོན་སྙིང་པོ་ལ།། མཛད་སྤྱོད་འབྱུང་བས་མ་བསླད་ཕྱིར། ། རྒྱུ་དང་འབྲས་བུ་ངོ་བོ་གཅིག། རང་བྱུང་རིག་པའི་ཆོས་ཉིད་ནི།། དཔེར་ན་ནོར་བུ་རིན་ཆེན་ལ།། དགོས་འདོད་འབྲས་བུ་དུས་གཅིག་རྫོགས།། དེ་བཞིན་ཆོས་སྐུའི་ངེས་དོན་ལ།། རྟོགས་པ་ཙམ་གྱིས་ཡོན་ཏན་རྫོགས། ། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐེག་གཞན་ཆོས་ཀུན་རྒྱུ་འབྲས་ཏེ།། དུས་གཅིག་མ་ཡིན་རིམ་གྱིས་ཚོལ།། རྩོལ་བསྒྲུབ་ཡོད་ཕྱིར་འཁོར་བའི་རྒྱུ།། གནས་སྐབས་བདེ་ཐོབ་མཐར་ཐུག་མེད། ། རྒྱུ་འབྲས་བསྐྱེད་རིམ་གོལ་བར་གསུངས།། དཔེར་ན་བྱས་པའི་རྫས་རྣམས་ཀུན།། མི་རྟག་མྱུར་དུ་འཇིག་པ་བཞིན།། རྒྱུ་རྐྱེན་བྱས་པའི་ཆོས་ཀུན་ནོར།། འབྲས་བུ་མི་འབྱུང་ཆུ་ཤིང་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། བདེན་དོན་རྩ་བ་མདོར་བསྡུས་ན།། ཏཀྵ་ཀ་ཡི་རྒྱན་བཞིན་དུ།། རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས།། དེ་བཞིན་ཆོས་སྐུའི་སྙིང་པོ་ལ།། བདེ་བའི་ཡོན་ཏན་རང་ལ་འཆར།། རྒྱུ་འབྲས་གཅིག་ཕྱིར་ལྷུན་གྱིས་གྲུབ། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱུ་འབྲས་དོན་གྱི་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། བསྒོམ་དུ་ཡོད་མེད་སྐབས་དབྱེ་བ། ། ཆེད་དུ་དགོངས་ཏེ་བཀའ་སྩལ་པ།། དེས་དོན་མ་ནོར་འཕྲད་འདོད་ན།། མ་བསྒོམས་སངས་རྒྱས་ད་ལྟ་ཉིད།། རང་བྱུང་ཆོས་སྐུ་ཡེ་ཡིན་ལ།། བྱང་ཆུབ་སྙིང་པོ་བསྒོམ་དུ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དེ་ཕྱིར་ཆོས་ཉིད་གདོད་ནས་དག། ཀུན་བཟང་ང་ཡི་ཡང་སྙིང་རྒྱུད།། མ་ནོར་གདམས་ངག་རྣམ་པ་ལྔས།། ཚེགས་མེད་རང་སེམས་སྙིང་པོའི་དོན།། སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། སངས་རྒྱས་དགོང་པ་ཇི་ལྟ་བ།། སེམས་ཅན་བློ་ཡིས་རྟོགས་པའི་ཐབས།། དཔེས་མི་མཚོན་ཕྱིར་མ་བཤད་པར།། གདམས་ངག་བསྟན་པ་ཙམ་གྱིས་ནི།། མ་བསྒོམས་ད་ལྟ་ཉིད་དུ་ཡང།། ངེས་དོན་རྟོགས་ཕྱིར་བསྒོམ་མེད་དོན། ། མ་བསྒོམས་འབྲལ་མེད་སངས་རྒྱས་ཐུགས། ཀུན་བཟང་ཐུགས་དང་མཉམ་པར་ནི།། བདེ་བའི་འཁོར་ལོའི་རྒྱུད་ཆེན་དུ།། བསྒོམ་དུ་མེད་པར་ངས་བཤད་ཀྱིས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དེ་དོན་གདམས་ངག་སྐལ་མེད་ལ།། ཞི་གནས་བློ་ནི་མ་ཡེངས་པ།། བསྒོམ་དུ་ཡོད་པ་གནས་པའི་ཐབས།། འཁོར་ལ་བསྟན་གྱིས་ཡིད་ཀྱིས་ཉོན།། བསྒོམ་དུ་མེད་ལ་སུ་སྐྲག་པ།། མཚན་ཉིད་དབང་གསུམ་རིམ་གྱིས་བསྟན། ། དེ་དོན་ཉམས་སུ་མྱོང་བ་ལ།། ཡིད་ཆེས་གདེང་དང་ལྡན་པར་འབྱུང།། དེ་ཕྱིར་རང་སེམས་དགོན་པ་བརྟེན།། དེ་གནས་ཤེས་རབ་ཤིན་ཏུ་འཕེལ།། ཉམས་ནི་ཕྱི་ནང་རིམ་གྱིས་འབྱུང། ། དེ་བྱུང་དགའ་བྲོད་སེམས་མི་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣམ་གྲངས་མཚོན་པའི་ཚིག་རྣམས་ལས།། བཟློག་སྟེ་བརྗོད་མེད་རང་ལ་བཞག། ཐ་མལ་རྗེས་སུ་མ་འབྲངས་པ།། བསྒོམ་དུ་ཡོད་པའི་མཆོག་ཏུ་བཤད། ། དེ་ཕྱིར་མ་ཡེངས་བསྒོམ་པ་ནི།། ཉིད་ལས་མི་གཞན་འཁོར་རྣམས་ཀྱང།། དོན་གྱི་སྒོ་ནས་ཤེས་པར་གནང།། རིག་འཛིན་སེམས་དཔའ་རྣམས་ཀྱང་ནི།། ཏིང་འཛིན་གོམས་པས་བརྟན་པ་ཐོབ། ། འཁོར་ན་གནས་པའི་དད་ཉན་ཀྱང།། མོས་པའི་ལྟ་བ་གོམས་པར་བྱེད།། ཤེས་རབ་དམན་པའི་རྣལ་འབྱོར་པ།། གནས་དང་མི་གཡོ་ལྷུན་གྲུབ་འདོད།། དེ་ཕྱིར་རང་སེམས་རྟོགས་པར་དཀའ། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། བསྒོམ་དུ་ཡོད་མེད་སྐབས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཡེ་ནས་ཡོད་པའི་ཆོས་ཀྱི་སྐུ། ། རྟོགས་མ་རྟོགས་ཀྱི་ཁྱད་དབྱེ་བ།། ལེགས་པར་ཉོན་ལ་ཡིད་ཀྱིས་ཟུང།། རང་སེམས་མ་རྟོགས་སེམས་ཅན་གྱིས།། འཁོར་བ་གང་ནས་གང་དུ་འཁྲུལ།། ཅེས་འཁྲུལ་ལྡོག་ཐབས་མ་ཤེས་པས།། ཡོད་མེད་གཟུང་འཛིན་བླ་དགས་ལ། ། འཁྲུལ་པ་རྣམས་ནི་དམ་པར་འཛིན།། འཁོར་འདས་ཆོས་ལ་བརྟགས་པས་ལན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གང་ལའང་རྟོག་པ་མ་ཤེས་ཕྱིར།། ལོག་ལྟ་གང་ཞིག་ནོར་བའི་ལམ། ། གཉིས་མེད་དོན་ལ་མ་རེག་འཁྲུལ།། དེ་ཕྱིར་གཉིས་མེད་མ་རྟོགས་ནས།། ལུས་ངག་སྩོལ་བ་སྡུག་བསྔལ་སྣོན།། དེ་ཕྱིར་ངེས་དོན་ལུང་མེད་ན།། ཐེག་དགུ་ཤེས་ཀྱང་གྲོལ་མི་སྲིད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ཡེ་ནས་ཡོད་པའི་ཆོས་ཉིད་ལ།། ལུང་ལྡན་ངེས་པའི་དོན་ཕྲད་ན།། རྟོགས་དུས་ད་ལྟའི་ཚེ་འདི་ལ།། རང་སེམས་སྙིང་པོ་རྟོགས་པར་གྱིས།། ཀུན་བཟང་ངང་ལ་ཐོག་མཐའ་མེད།། དུས་གཅིག་ཆོད་ཕྱིར་མངོན་སངས་རྒྱ། ། འདས་པའི་སངས་རྒྱས་ཀུན་གྱིས་ཀྱང།། ད་ཡོད་ཕྱིར་ན་ཐོག་མ་ཡོད།། སྐྱེ་བ་མི་ལེན་ཐ་མ་བྱུང།། ད་ལྟར་མ་བྱོན་སེམས་དཔའ་ཡིས།། ཐོག་མཐའ་མ་ཆོད་རྩོལ་བར་བྱེད།། དེ་ཕྱིར་རང་སེམས་རྟོགས་པར་དཀའ། ། སེམས་ཅན་ཀུན་ལ་སྨོས་ཅི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ངེས་པའི་ལུང་བསྟན་གྱིས།། འཁྲུལ་པ་ལྡོག་ཐབས་ཤེས་པ་དེས།། ངེས་དོན་ཚིག་གི་གདམས་ངག་ནི།། བསྟན་པས་དོན་རྟོགས་སྐད་ཅིག་མར། ། སངས་རྒྱས་ཀུན་དང་དགོངས་པ་མཉམ།། ཐོག་མཐའ་ཆོད་ཕྱིར་ཐམས་ཅད་མཁྱེན།། དེ་ཕྱིར་ངེས་པའི་རྒྱུད་དོན་འདི།། རྟོགས་པས་ཆོག་ཕྱིར་ཡ་མཚན་ཅན།། དེས་ན་ཚེགས་མེད་དོན་ཆེན་པོ། ། ཆོས་རྣམས་ཀུན་གྱི་མཆོག་ཏུ་བཤད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྟོགས་མ་རྟོགས་ཀྱི་ཁྱད་པར་སྐབས་དབྱེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ལ། ། རྡོ་རྗེ་སེམས་དཔས་དོན་ཞུས་པ།། ལྟ་སྒོམ་སྤྱོད་པ་འབྲས་བུ་ཡི།། རྩ་བའི་མདོ་ནི་ཇི་ལྟར་བསྡུ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། དངོས་མེད་རིག་པའི་ལྟ་བ་ནི།། རང་བྱུང་སྐུ་ཉིད་རྒྱུ་ཡིན་ཕྱིར།། ལྟ་བའི་ནང་ནས་དམ་པའི་མཆོག། དེ་ཕྱིར་དོན་ལ་རིག་པར་བལྟ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཤེས་པ་རང་གསལ་ལྟ་བ་ནི།། ངོ་བོ་དབྱེ་བ་རྣམ་དྲུག་གིས། ། རང་གི་མཚན་ཉིད་དེ་ཡིན་པས།། དེ་ཉིད་ལུས་མེད་ཆོས་ཀྱི་སྐུ།། ཕྱི་ནང་མེད་པ་རྣམ་དག་དབྱིངས།། ཉི་མ་ཤར་ནས་མུན་མེད་གསལ།། རང་བྱུང་ངོ་བོ་རིག་པར་ཤར།། དེ་ཙམ་ཉིད་ནས་ད་ལྟའི་ཐུགས། ། གསང་བ་དམ་པ་ལྟ་བའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་རིག་པའི་ལྟ་བ་ལ།། དེ་ལ་མ་ནོར་ངེས་ཤེས་ཏེ།། སྐྱེས་ཀྱང་དམ་པར་མི་འཛིན་ཕྱིར།། འདི་མཉམ་འཛིན་རྟོག་མེད་པར་གསལ། ། ཡང་དག་བློ་ལ་གོལ་ས་མེད།། དེ་ཕྱིར་དངོས་མེད་འཛིན་བྲལ་གྱིས།། ཡང་དག་ལྟ་བའི་དགོངས་པ་འདི།། མ་ནོར་ལུང་དང་མཐུན་གྱུར་ན།། ཀུན་བཟང་ང་དང་ལྟ་བ་མཐུན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། གཞི་ངེས་པ་དང་མ་ངེས་པ།། གར་མཁན་ལག་པ་ཇི་བཞིན་དུ།། སྣ་ཚོགས་སྣང་ཡང་གཟུང་དུ་མེད།། དེ་ཙམ་ཉིད་ནས་གཞི་མི་འགྱུར།། དེ་དོན་མ་ནོར་རྟོགས་པ་ན།། རང་གི་མཚན་ཉིད་རྟོགས་པ་ན། ། རང་གི་མཚན་ཉིད་འགྱུར་བ་མེད།། ཇི་སྐད་བཏགས་ཀྱང་དོན་དང་མཐུན།། རང་བྱུང་ངེས་པའི་ལྟ་བ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ལྟ་བ་ངེས་པ་མདོར་བསྡུ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་སྟོན་པས་ཡང་གསུངས་པ།། རང་རིག་ཡེ་ཤེས་གསལ་བ་ཡི།། དོན་དང་མི་འབྲལ་ཏིང་འཛིན་ནི།། གསལ་ལ་མི་རྟོག་མི་གཡོ་བ།། ངོ་བོ་ལ་སོགས་དབྱེ་བ་ཡིས། ། བརྒྱད་ཚན་གསུམ་གྱི་མན་ངག་གིས།། གཉིས་གསུམ་བསྲེས་པའི་ཆོས་ཉིད་ནི།། ཡེ་ཤེས་རང་བྱུང་ཆེན་པོ་ལ།། མི་རྟོག་ཡེ་ཤེས་ལྷུན་གྲུབ་ན།། རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། ། གསལ་ཙམ་ཉིད་ནས་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པས།། དེས་ཁྱབ་གར་གནས་སངས་རྒྱས་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའི་ངང་དུ་སྤྲིན་སངས་ལྟར།། ང་ཡི་ཆོས་སྐུ་ངོས་ཟིན་ན། ། ཐོག་མ་མེད་ནས་བསགས་པ་ཡི།། རྣམ་རྟོག་ཕུང་པོ་དཔག་མེད་པའི།། དངོས་དེ་ཆོས་སྐུ་རིག་པ་ལས།། རྣམ་རྟོག་སྟོང་པའི་ངང་དུ་སངས།། འདི་ཤེས་རང་རིག་སྒོམ་པའི་མཆོག། ཆོས་སྐུ་སྙིང་པོ་བྱང་ཆུབ་ལ། ། མཚོན་དུ་མེད་པར་རྐྱེན་དང་བྲལ།། དེ་བཞིན་ཉིད་དུ་ཀུན་རིག་ནས།། དེས་ཁྱབ་ཆོས་སྐུ་རང་གསལ་འདིས།། ཀུན་ལ་དབང་བསྒྲུབ་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ངེས་དོན་སྒོམ་པ་བསྡུ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། བྱ་བ་མེད་པའི་སྤྱོད་པ་ནི།། ད་ལྟའི་ལུས་འདི་བླངས་པའི་ཚེ། ། སྤྱོད་པའི་དབྱེ་བ་རྣམ་དྲུག་གིས།། དོན་རྟོགས་སྤང་བླང་མེད་པའི་ཕྱིར།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། དེ་ཡང་རང་སེམས་རྟོགས་པའི་གདེང།། དུས་དང་རྣམ་པ་ཐམས་ཅད་དུ།། རང་གསལ་རིག་པ་འདི་ཉིད་ལས། ། དེ་ལས་གཞན་དུ་བོགས་མི་འདོན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟ་ལུས་ངག་ཡིད་ཀྱིས་ཀྱང།། གཞན་དུ་མ་ཚོལ་དོན་འདི་ལ།། མ་ཡེངས་རིག་སྤྱོད་དོན་དྲན་ན།། འཁོར་བ་མེད་པའི་མཛད་སྤྱོད་ཡིན། ། གང་ཡང་རུང་བ་ཅི་ལ་ཡང།། སྐྱོན་ཡོན་དགགས་བསྒྲུབ་མེད་རྟོགས་པས།། འཇིག་རྟེན་ཐ་སྙད་འཛིན་པ་ནུབ།། དོན་གསལ་བརྗེད་ངས་ཆགས་པ་ཆུང།། རྩིང་ཆོས་ང་རྒྱལ་ཆོས་མི་འབྱུང། ། དེ་ཕྱིར་སྤྱོད་པའི་གདེང་དུ་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་རབ་བལྟ་བའི་གདེང་སྤྱོད་ཀྱིས།། དུག་ལྔ་རང་གྲོལ་ཡེ་ཤེས་ཀྱི།། གང་དུ་སྐྱེས་ཚེ་འདི་ཉིད་གསལ།། རང་བྱུང་རིག་པའི་གོལ་ས་མེད། ། དེ་ཕྱིར་རྣལ་འབྱོར་སྤྱོད་པ་སྟེ།། འདུ་ཤེས་རྟོགས་པ་ཐབས་ཀྱིས་ཀྱང།། ངོས་ཟིན་ངེས་པའི་གདེང་ལྡན་ཕྱིར།། རྐྱང་པ་དུས་མཉམ་ཡུལ་སྣང་ལ།། ཉི་ཟླ་གཟས་ཟིན་ཇི་བཞིན་དུ།། ཡེ་ཤེས་སྤྱོད་པའི་མཆོག་ཏུ་བསྟན། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སྤྱོད་པ་མདོར་བསྡུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ངེས་པའི་གདེང་ལྡན་ཡིད་ཆེས་པའི། ། དབྱེ་བ་རྣམ་པ་དྲུག་པོས་ནི།། ཕྱི་མ་མ་ཡིན་དུས་འདིར་ནི།། ཡེ་ཤེས་མངོན་གྱུར་འབྲས་བུ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་ཆུ་དངས་རྙོག་མེད་བཞིན།། རེ་དོགས་མེད་པའི་འབྲས་བུ་ལ། ། གོལ་སྒྲིབ་བྱ་བའི་མིང་ཡང་མེད།། ཉམ་ང་མེད་པའི་གདེང་གིས་ཟིན།། ཞེ་འདོད་མེད་པའི་ཉམས་ཞིག་འབྱུང།། ཉམས་མེད་རིག་པ་ཉམས་ཀྱི་མཆོག། དེ་དོན་ཡིད་ཆེས་འབྲས་བུའི་མཆོག། དཔེར་ན་རྩི་འཚལ་ཡོད་པའི་ཕྱིར།། འབྲས་བུ་གསེར་ལ་སྨོས་ཅི་དགོས།། དེ་བཞིན་ངེས་པའི་གདེང་ལྡན་ན།། འབྲས་བུ་སངས་རྒྱས་སྨོས་ཅི་དགོས།། ངེས་དོན་བྱང་ཆུབ་དུས་འདིར་འགྲུབ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཆོས་སྐུ་གཟུགས་བརྙན་འབྱུང་བའི་དཔེ།། ཉི་ཟླ་གཟའ་སྐར་རྩོལ་མེད་པར།། རྒྱ་མཚོར་གཟུགས་བརྙན་འཆར་བ་ལྟར།། སེམས་ཅན་མོས་པ་ཐ་དད་པར།། གཟུགས་སྐུ་རྣམ་གཉིས་དུས་གཅིག་འབྱུང། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། འབྲས་བུ་ངེས་པར་བསྡུ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ། ། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རྩ་བ་གཅིག་པའི་ཆོས་ཉིད་ལ།། འགྲོ་དྲུག་སྡུག་བསྔལ་ཅི་ལས་བྱུང།། མུ་སྟེགརྟག་ཆད་ཇི་ལྟར་འཁྲུལ།། ཐེག་པའི་རིམ་པ་གང་ལས་བྱུང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ། ། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་སྡུག་བསྔལ་འབྱུང་བ་ནི།། ལྷན་ཅིག་མ་རིག་རྒྱུ་ཉིད་ལས། ཀུན་བརྟགས་མ་རིག་རྐྱེན་བྱས་ནས། ། ཐག་པ་སྦྲུལ་དུ་འཛིན་པ་བཞིན།། དབང་པོས་ཡུལ་ལ་དེར་སེམས་པས།། ལེ་ལོ་སྙོམས་ལས་དམན་ལ་སྦྱར།། ཆགས་སྡང་ལྔ་ལ་ལོངས་སྤྱོད་པས།། དེ་ཡི་རྣམ་སྨིན་འབྲས་བུ་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དམྱལ་བས་རང་སེམས་མེ་སོགས་མཐོང།། ཡི་དྭགས་མི་གཙང་མཐོང་ཡུལ་སྡང།། བྱོལ་སོང་ངམ་གྲོག་གྱེན་ཐུར་སྣང།། མི་ཡིས་མཐོང་ཡུལ་བཞི་རུ་སྣང།། ལྷ་མ་ཡིན་གྱིས་གོ་མཚོན་མཐོང། ། ལྷ་ཡིས་རིན་ཆེན་སྣ་བདུན་མཐོང།། དེ་དག་འགྲོ་དྲུག་སྡུག་བསྔལ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། འགྲོ་དྲུག་སྡུག་བསྔལ་འབྱུང་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། མུ་སྟེགས་འཁྲུལ་ཚུལ་བཀའ་སྩལ་པ།། ཡོད་མཐར་འཛིན་པའི་ལྟ་བ་ནི།། འགྱུར་བ་བཞི་དང་རྟག་པ་ལྔ།། ཐམས་ཅད་བདག་གིས་བྱས་པར་འདོད།། རྒྱུ་འབྲས་ལོག་པའི་བརྟུལ་ཞུགས་ཀྱིས། ། ཐར་ལམ་མི་ཐོབ་འཁོར་བར་ལྟུང།། མར་འདོད་བྱེ་མ་བཙིར་བ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་མེད་ཆད་པའི་འདོད་པ་ནི།། ཕུང་པོས་བསྡུས་པའི་ཆོས་རྣམས་ཀུན།། རྡུལ་ཕྲན་དག་ལས་བྱུང་བའི་ཕྱིར། ། འབྱུང་བ་ལྔ་ཞིག་རང་ཐིམ་ནས།། མེ་ཤི་ཐལ་བ་རླུང་ཁྱེར་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཉིས་ཀ་གཞིར་འདོད་མུ་སྟེགས་ནི།། རིག་བྱེད་སྨྲ་བའི་ལྟ་བ་སྟེ།། གཞི་ནི་ངེས་པ་མེད་པ་ལ། ། སྣང་བ་གང་ཡང་མི་འགོག་འདོད།། གདོན་གྱིས་ཟིན་པའི་སྨྱོན་པ་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། སེམས་ཀྱི་རྩ་བ་མ་ཤེས་པས།། འབྱུང་ཆེན་གཏོས་ཀྱི་མུན་པ་བཞིན།། ཐུགས་རྗེའི་ཉི་ཟེར་ཞགས་ཐག་ཆད། ། དམྱལ་བའི་འབྲས་བུ་ཐེ་ཚོམ་མེད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། མུ་སྟེགས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཐེག་པའི་རིམ་པ་བཀའ་སྩལ་པ། ། གཞི་ནི་ངོ་བོ་ཉིད་སྐུ་སྟེ།། མཐུན་དཔེ་མེ་ལོང་ལྟ་བུ་ལ།། གཟུགས་བརྙན་ཐེག་པ་རིམ་དགུ་བྱུང།། དེ་རྣམས་དོན་གྱི་དབྱེ་བ་ནི།། དང་པོ་ཉན་ཐོས་ལྟ་བ་ཡང།། མདོ་སྡེ་པ་དང་བྱེ་བྲག་གཉིས། ། མཁན་སློབ་སྡོམ་པའི་ཁྱད་པར་གྱིས།། དཀའ་ཐུབ་ལུས་གདུངས་བཟོད་པ་དེས།། སེམས་ཀྱིས་ལུས་ངག་བཙོན་བཟུང་ཡང།། རྡུལ་དང་ཤེས་པ་གཉིས་འདོད་པས།། གླང་ཆེན་འདམ་དུ་བྱིང་བ་ལྟར།། ལུས་ངག་ལས་ཀྱི་རྩོལ་བ་ཡིས། ། འབྲས་བུ་མི་ཐོབ་སྙིང་རྗེའི་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བླ་མ་དག་ལ་མི་བརྟེན་པར།། རང་སེམས་དོན་ལ་བློ་སྦྱངས་ཕྱིར།། རྟེན་འབྲེལ་ཕྱི་ནང་རྩད་བཅད་ནས།། སྟོང་པ་ཉིད་ལ་རྟེན་འཆའ་བ། ། བཙན་པར་མི་འགྱུར་ཉམས་པའི་ཕྱིར།། ནོར་བུས་རྒྱལ་སྲིད་བསྒོམ་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་རྣམས་སེམས་སུ་འདུས་ནས་ནི།། ཀུན་རྫོབ་དང་ནི་དོན་དམ་དུ།། སོ་སོར་རྟོག་པའི་ཤེས་རབ་ཀྱིས། ། བདེན་པ་གཉིས་སུ་རྣམ་པར་ཕྱེ།། གཅིག་བོར་ནས་ནི་གཅིག་ཚོལ་བ།། ཆུ་བཞག་ཟླ་བ་ངོས་འཛིན་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐམས་ཅད་རྩ་བ་གཅིག་པ་ཡི། ། རང་གི་སེམས་ཀྱི་སྙིང་པོའི་དོན།། ཟབ་ལ་རྒྱ་ཆེ་མི་ཤེས་པས།། བསམ་དུ་མེད་ངང་གང་འཇོག་པ།། བྱིས་པ་དེ་ནི་བླུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱུ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཆོས་ཉིད་སྟོང་པའི་ངང་ལས་ནི།། དག་པ་བཞི་ཡི་སྒོར་ཞུགས་ནས། ། ཡོ་བྱད་ཕྱི་ལ་གཙོར་འཛིན་ཅིང།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་དུ།། རྒྱུད་དག་པ་ཡི་ཏིང་འཛིན་གྱིས།། སྐུ་ནི་གཟུགས་བརྙན་ཕྱག་མཚན་དང།། བཟླས་བརྗོད་གཙང་སྦྲ་དུས་ཚིགས་ཀྱིས།། རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ཡིས། ། རིགས་གསུམ་དཀྱིལ་འཁོར་ལྷར་གསལ་ཀྱང།། དངོས་གྲུབ་གཞན་ལ་རེ་བ་ཡིས།། ཁྱི་རྒན་འདབ་ཆགས་བསྙེགས་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་སེམས་དབྱེ་བ་མེད་པ་ལ། ། ཨུ་པ་ཡ་ཡི་ཐེག་པ་ཡང།། གོང་འོག་ལྟ་སྤྱོད་གཉིས་འཛིན་པ།། ནེ་ཙོ་མི་ལྟར་འཆོས་པ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། ཕྱག་རྒྱ་བཞི་ཡི་སྒོར་ཞུགས་ནས།། ཡོ་བྱད་གཙོ་རུ་མི་འཛིན་པར། ། དོན་དམ་སྐྱེ་འགག་མེད་པ་ལ།། ལྷ་ཡི་དཀྱིལ་འཁོར་འཕགས་པའི་སྐུ།། རྣམ་པར་སྣང་མཛད་ཆེན་པོ་ཡི།། ཆོས་དབྱིངས་དག་པའི་བྱིན་བརླབས་ལས།། ལྷ་དང་བདག་ཏུ་མཉམ་པ་ཡིས། ། དམ་ཚིག་ཡེ་ཤེས་ལྷར་གསལ་ཀྱང།། རྒྱལ་སྲིད་མེད་པའི་བློན་པོ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། བླ་མའི་དོན་མེད་ནན་བརྟགས་ཀྱིས།། དམིགས་པ་ཅན་ལ་སེམས་གཏད་ཀྱང།། རྣམ་པར་གྲོལ་བར་མི་འགྱུར་ཏེ། ། ནམ་མཁའ་དག་ལ་འཛིན་པ་བཞིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཕྱི་རྒྱུད་ཀྱི་ཐེག་པའི་ལྟ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། འཁོར་འདས་ཡེ་ནས་སངས་རྒྱས་ལ།། སེམས་ཀྱི་རྣམ་རྟོག་ཅི་སྐྱེས་ཀྱང།། མཚན་མའི་དངོས་པོར་མ་གྲུབ་པར།། དཔེར་ན་ནམ་མཁའི་སེར་བུ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ཡོད་མེད་དབུས་ལ་མི་གནས་པས།། སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་ཀྱི།། ཡུལ་སེམས་དབྱེ་བ་མེད་པར་འདོད།། དེ་ཕྱིར་བདེན་པ་གཉིས་མེད་གཞི།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དོན་ལམ་གྱི་རིམ་པ་ནི། ། ཐབས་དང་ཤེས་རབ་བསྒོར་ཞུགས་ནས།། ཏིང་འཛིན་གསུམ་གྱིས་ལྷ་བསྒོམས་པས།། གྲིབ་མ་གཟུགས་སུ་བསྒྱུར་བ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱས་པའི་ཆོས་རྣམས་མ་ལུས་ཀུན།། ཡིད་དང་ཀུན་གཞི་གཉིས་འདུས་པས། ། ཀུན་གཞི་མཁའ་ཀློང་རྣམ་དག་ཏུ།། རྣམ་རྟོག་མཚན་མ་གང་སྤྱོད་ཀྱང།། ནམ་མཁའ་གཟའ་སྐར་རྩོལ་མེད་བཞིན།། ཀུན་བཟང་བདེ་ཆེན་ཐབས་ཀྱི་གཙོ།། ཀུན་ཏུ་བཟང་པོ་གཉིས་མེད་མཁར། ། འདུ་འབྲལ་མེད་པ་ཆོས་ཀྱི་སྐུ།། བདེ་ཆེན་གཉིས་མེད་རིག་པའི་རྩལ།། ངེས་པའི་གསང་སྒོ་མ་ཤེས་པས།། ཀུན་བཟང་སྤྱོད་པས་དོན་མི་རྟོགས།། ཉི་མ་སྤྲིན་གྱིས་བསྒྲིབས་པ་འདྲ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཉིད་རྩོལ་བ་མེད་པ་ལ།། བསམ་པའི་དབང་གིས་བསྒྱུར་བྱས་ནས།། འཁོར་བའི་རྒྱ་མཚོར་གཡེང་གྱུར་ཏེ།། མི་ཤེས་པ་ལ་དེ་ལྟར་སྣང།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ། བསྐྱེད་རྫོགས་གཉིས་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། ཀུན་རིག་རང་བྱུང་སྟོན་པ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ། ། སྤྱི་ཡི་ཨ་ཏི་རྫོགས་ཆེན་ནི།། ཆོས་རྣམས་སེམས་སུ་ཇི་ལྟར་འདུས།། སེམས་འདོད་ལྟ་བ་ཇི་ལྟར་གོལ།། རང་སེམས་ངེས་དོན་ཇི་ལྟར་མིན།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་ས་ཆོས་རྣམས་གཅིག་པ་ནི།། འཁོར་བ་མྱ་ངན་འདས་པའི་ཆོས།། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ཏེ།། རྣམ་རྟོག་ཡེ་ཤེས་ཐ་དད་ཀྱང།། སེམས་ཀྱི་ཆོས་ཉིད་ངང་དུ་གཅིག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཡང་དེ་ཉིད་མཚོན་པའི་དཔེ།། སྤྲིན་དང་འཇའ་ཚོན་ཁུ་རླངས་དང།། འབྱུང་བའི་ཆོ་འཕྲུལ་སྣ་ཚོགས་ལ།། ནམ་མཁའི་ངང་དུ་རོ་གཅིག་བཞིན།། ཡུལ་གྱི་ཐ་དད་མཚན་མ་རྣམས། ། རང་གི་སེམས་ཀྱིས་བརྟགས་པའི་ཕྱིར།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། རིགས་རྒྱུད་མེད་ཕྱིར་སེམས་སུ་གཅིག། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཆོས་རྣམས་སེམས་སུ་འདུས་པར་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། སེམས་འདོད་གོལ་བར་བཀའ་སྩལ་པ།། སེམས་ཀྱི་ཆོས་སྐུ་བསྒྲིབས་པའི་ཕྱིར།། འཁོར་འདས་གཉིས་ཀྱི་བར་དོ་ན།། ཐོག་མཐའ་གཅོད་ནི་མ་ཤེས་ན། ། སྐྱེ་རྒས་ན་འཆི་ལས་མི་ཐར།། ས་མཁན་མེད་པའི་ཚོང་པ་འདྲ།། སྐྱེ་འཆི་གཉིས་ཀྱི་བར་དོ་ན།། ཆོས་སྐུར་ངོ་སྤྲོད་མ་ཤེས་ན།། མ་རིག་མུན་པ་སངས་དུས་མེད།། སྒྲོན་མེ་མེད་པའི་མུན་ཁུང་འདྲ། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་སེམས་གཉིས་ཀྱི་བར་དོ་ན། གོལ་ས་གཅོད་ནི་མ་ཤེས་ན།། ཉོན་མོངས་ཉེན་ལས་ལྡོག་མི་སྲིད།། དྲེད་མོ་གདོས་ཀྱིས་ཟིན་པ་འདྲ།། མཉམ་བཞག་རྗེས་ཐོབ་བར་དོ་རུ། ། རྒྱུན་དུ་འབྲལ་མེད་མ་ཤེས་ན།། ལྟ་བསྒོམ་གཉིས་ཀྱིས་རྐྱེན་མི་ཐུབ།། ཆུ་བྲན་ཐན་པས་བསྐམས་པ་འདྲ།། སྲིད་པ་དག་གི་བར་དོ་ན།། སངས་རྒྱས་འབྱུང་དུས་མ་ཤེས་ན།། གཟུགས་སྐུ་རྣམ་གཉིས་འབྱུང་མི་སྲིད། ། རིན་ཆེན་འདམ་ཁུང་སྟོར་བ་འདྲ།། བདག་གཞན་རྩོད་པའི་བར་དོ་ན།། གལ་མདོ་ཚིག་གི་འཕྲང་མེད་ན།། ཐེག་པ་གཞན་ལས་ཁྱད་མི་ཐོན།། གཡུལ་ངོར་ཕམ་པའི་བློན་པོ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དེ་དག་གདམས་ངག་མེད་པའི་སྐྱོན།། སེམས་ཀྱི་རྩ་བ་མ་རིག་པས།། འཁྲུལ་པ་སྣ་ཚོགས་འབྱུང་བའི་ཕྱིར།། འཁོར་བའི་རྩ་བ་ཆགས་སྡང་ལྔས།། ངན་སོང་གསུམ་དུ་རྟག་ཏུ་འཁོར།། དེ་ཕྱིར་མ་རིག་སེམས་ཀྱིས་འཁྲུལ། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཀྱི་འདོད་ལུགས་རྣམ་པ་བཅུས།། ནན་བརྟགས་ལྟ་བ་ལོག་པར་བསྟན།། དེ་ཕྱིར་སྣང་བ་སེམས་སུ་བྱས།། ངེས་དོན་མ་ཤེས་བློ་ཡིས་བཅོམ། ། ཡང་དག་སེམས་མེད་ཆོས་མ་ཤེས།། དེ་ཕྱིར་ལུང་མེད་རིགས་པས་དཔྱད།། ཡུལ་སེམས་རིག་པར་བློ་ཡིས་བསྲེས།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདེ་གཤེགས་སྙིང་པོ་མ་མཐོང་བར།། ལུང་ལྡན་ངེས་པའི་དོན་ཆེན་འདི། ། མ་རྙེད་བར་དུ་སངས་མི་རྒྱ།། དེ་ཕྱིར་ཆོས་ཀུན་རྩ་བ་ནི།། ཆོས་སྐུ་རང་གི་སེམས་ཀྱིས་བསྒྲིབས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ནི་དོན་མེད་འཁྲུལ་པའི་ཕྱིར།། ཆོས་སྐུའི་གོལ་ས་སེམས་ཡིན་པས། ། རང་བྱུང་ཆོས་ཉིད་སེམས་དང་བྲལ།། སེམས་བྲལ་རང་བྱུང་ཡེ་ཤེས་སྐུ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གང་ཡང་རུང་བ་ཅི་ལ་ཡང།། ཡིད་ཀྱི་སྒོ་ལྔའི་རྗེས་འབྲངས་པས།། ལྟ་བསྒོམ་མ་ཡིན་མ་རིག་སེམས། ། རིགས་དྲུག་བསྐྱེད་པ་སེམས་ཡིན་ཕྱིར།། མ་རིག་འཁྲུལ་པ་སེམས་ལས་བྱུང།། དེ་ཕྱིར་སེམས་ནི་གོལ་བར་གསུངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་འདུས་པའི་སྙིང་པོ་ལ།། ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ། ། སྣ་ཚོགས་སེམས་ནི་གཞན་གྱི་དབང།། རང་གི་སེམས་ཞེས་དེ་ལ་བྱ།། སྐྱོན་གྱི་རྩ་བ་སེམས་ཡིན་པས།། དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ།། སེམས་ཀྱི་རྒྱུ་རྐྱེན་སྐྱེས་པའི་ཕྱིར། ། ངེས་དོན་མ་ཡིན་འཁྲུལ་པའི་བློ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་ཨ་ཏིའི་གོལ་སར་བཤད།། དེ་ཕྱིར་སེམས་ནི་གོལ་བའི་ཆོས།། དམུས་ལོང་རིན་ཆེན་མི་མཐོང་འདྲ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རང་སེམས་གོལ་ས་ཡིན་པར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སེམས་ནི་འཁོར་བའི་རྩ་བ་སྟེ།། ཡུལ་ནི་སྣ་ཚོགས་སྣང་བ་ལ། ། སེམས་ཀྱི་རྟོག་པ་སྣ་ཚོགས་ཞེན།། དེ་ཕྱིར་སེམས་ནི་འཁོར་བའི་རྒྱུ།། རྟག་ཆད་འཛིན་པ་སེམས་ཡིན་པས།། ལྟ་བའི་གོལ་ས་སེམས་ལས་བྱུང།། གང་དྲན་རང་སེམས་འཁྲུལ་པ་སྟེ།། སེམས་ལས་བྱུང་བའི་རྣམ་རྟོག་གིས། ། ཆགས་སྡང་ཐམས་ཅད་བསྐྱེད་པར་བྱེད།། འཁོར་འདས་རེ་དོགས་སེམས་ཀྱིས་བྱས།། དེ་ཕྱིར་འཁོར་བའི་རྒྱུར་སེམས་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཀྱིས་བྱས་པ་རྟོག་པ་ཡིས། ། སྐྱེ་བ་བརྒྱུད་པ་གྲངས་མེད་པ།། སེམས་འདིས་བྱས་ཕྱིར་རང་བྱུང་མིན།། དེ་ཕྱིར་སེམས་ནི་གློ་བུར་འཁྲུལ།། དེ་ལྟར་ཆོས་བརྒྱད་དམ་པར་ཞེན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ངེས་དོན་མ་མཐོང་གླེན་པ་ཀུན། ། སེམས་ལས་མ་གཏོགས་ཆོས་མེད་ཟེར།། དེ་ཕྱིར་རྨོངས་པའི་བློ་རེ་ནོར།། གླེན་བསྒོམ་མུན་པ་བསྒོམ་པས་ཕུང།། གང་དྲན་སེམས་ཀྱི་ཆོས་འདི་ལོག། ཡིད་ལ་བྱེད་པའི་ལམ་ངན་ཀུན། ། བླང་དོར་སེམས་འདི་ཤིན་ཏུ་འཆལ།། དྲང་དོན་སེམས་སུ་བསྟན་པས་ཕུང།། འབད་རྩོལ་བྱས་པའི་སེམས་ཀྱིས་དཀྲུགས།། མཁྱེན་དུ་རེ་བའི་སྒྲིམ་ཚིག་གིས།། ངེས་དོན་མ་ནོར་བཀའ་འདི་བསླང།། ད་ཡང་འདུས་པའི་སྙིང་པོ་ཉོན། ། མ་རིག་རྨོངས་པའི་གང་ཟག་ཀུན།། ཆོས་སྐུ་རང་ཡང་སེམས་ཡིན་ཟེར།། དེ་ཕྱིར་ཚིག་ལས་དོན་མ་གོ།། མིང་ལས་ངེས་དོན་ཤེས་པ་དཀོན།། དེ་ཕྱིར་སེམས་ཀྱིས་བྱང་མི་ཆུབ།། དེ་ཉིད་བཙལ་བའི་མཐུན་དཔེ་ནི། ། རྗེས་བཙལ་བས་ནི་གླང་པོ་རྙེད།། སེམས་ཀྱི་ཕྱོགས་ནས་དོན་བཙལ་བས།། རང་རིག་རྒྱལ་པོ་ཡེ་ཤེས་རྙེད།། དེ་རྙེད་སེམས་ཀྱི་འཛིན་པ་བྲལ།། འཛིན་བྲལ་སེམས་མེད་རང་རིག་སྐུ། ། དེ་དོན་འབྲལ་མེད་བྱང་ཆུབ་ཀློང།། སེམས་བྲལ་ཏིང་འཛིན་རྒྱུན་དུ་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ལ་སངས་རྒྱས་འདོད་པ་ནི།། མོ་གཤམ་བུ་དང་གཉེན་བྱེད་བཞིན།། སྣང་བ་སེམས་ཡིན་ཟེར་བ་དེ། ། ར་གན་གསེར་དུ་བྱེད་པ་འདྲ།། དེ་བས་ལུང་ལྡན་དོན་རྙེད་ནས།། རང་བྱུང་སྙིང་པོའི་དོན་རྟོགས་ནས།། རང་རིག་སངས་ནས་རང་སེམས་བརླག། དེ་ཕྱིར་ཆོས་སྐུ་འགྱུར་བ་མེད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རང་སེམས་ངེས་དོན་མིན་པར་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་འདུས་པའི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་དོན་ཞུས་པ།། སྣང་བ་ཆོས་དབྱིངས་བལྟ་བ་གང།། དོན་གྱི་འགྱུར་མེད་གནས་ལུགས་ཅི། ། མཐའ་འབྲལ་གཞི་ངེས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རང་བྱུང་ཆོས་སྐུ་གཅིག་གཅིག་ལ།། ཡོན་ཏན་ཐམས་ཅད་འབྱུང་བ་ནི། ། དཔེར་ན་ནོར་བུ་རིན་ཆེན་ལྟར།། དེ་ནི་ལྷུན་གྲུབ་ཀུན་གྱི་གཞི།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བའི་རྒྱུ་ནི་ཞེན་རྟོག་སྟེ།། ལུང་ལྡན་གྲུབ་མཐས་བློ་མ་བསྒྱུར།། དབང་པོ་ཡུལ་ལ་རྟག་ཏུ་ཡེངས། ། ཆོས་བརྒྱད་གཟུང་འཛིན་དམ་པར་ཞེན།། ཆུ་བོ་བཞི་ཡིས་མི་འཇིགས་བཞིན།། འཁོར་བར་འཁྱམ་པའི་གཏན་གཞི་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྲ་རགས་ཡུལ་ནི་གཉེན་པོས་སྤོང།། རིས་སུ་འཛིན་ཅིང་དབྱེ་བ་སྤོང། ། ཡོད་མེད་འཆལ་པས་རྒྱུ་འབྲས་སྤོང།། བློ་ཡིས་གཞི་ཉིད་འཆོས་པའི་ཕྱིར།། ཉན་ཐོས་རང་རྒྱལ་གོལ་བར་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་རྣམས་སེམས་སུ་བསྡུ་བའི་ཕྱིར། ། ཡུལ་སེམས་གཉིས་མེད་འདོད་པ་དང།། སེམས་ཉིད་རང་སྣང་ཡིན་འདོད་པས།། སེམས་ཉིད་སྟོང་པ་ཡིན་བལྟ་དང།། ཅིས་ཀྱང་ཁས་མི་ལེན་པའི་ཕྱིར།། དབུ་མ་སེམས་ཙམ་བལྟ་བ་ཡིས། ། སྡུད་པའི་རྟོག་པས་གོལ་བའི་ཕྱིར།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ཡི་འབྱུང་བ་རྣམ་ལྔ་ནི།། གཞན་འབྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཕྱིར་མི་སྤོང་གནོད་མི་ནུས།། སེམས་སུ་མི་བསྡུ་ཕན་མི་ཐོག། དེ་ཕྱིར་ཁོ་ནར་ཞེན་མེད་ན། ། སྣང་བའི་ཡུལ་ནི་ཅིར་སྣང་ཡང།། སྒྲོ་སྐུར་མི་གདག་རང་གསལ་པ།། ཆོས་ཀྱི་དབྱིངས་ཞེས་དེ་ལ་བྱ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གོལ་མེད་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ་སྟེ་སོ་བཞི་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་ཀུན་ཏུ་བཟང་པོ་ཡིས།། གནས་ལུགས་འགྱུར་མེད་བཀའ་སྩལ་པ།། ཆོས་སྐུ་ཁྱབ་པའི་ཕྱི་ནང་ཆོས།། མཐའ་དབུས་མེད་པ་ཐམས་ཅད་ཀྱི། ། གནས་དང་གཞི་ཡི་རྟེན་བྱེད་པ།། རང་བྱུང་ཐིག་ལེ་ཉག་གཅིག་སྟེ།། འདི་ནི་བདེ་གཤེགས་ཐམས་ཅད་ཀྱི།། ཐུགས་ཀྱི་དམ་པའི་དཀྱིལ་འཁོར་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་སྙིང་པོ་འགྱུར་མེད་ལ། ། བློ་ཡིས་བཅོས་པས་གཞི་མི་འགྱུར།། དེ་ཕྱིར་རྐྱེན་གྱིས་བཅོས་སུ་མེད།། མ་བཅོས་ཡེ་ནས་ཀུན་གྱི་གཞི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་རྣམས་ཀུན་གྱི་རྩ་བའི་གཞི།། དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས། ། དེ་ཕྱིར་གཞི་ལ་འཕོ་འགྱུར་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ལྷུན་གྱིས་གྲུབ་པའི་ཕྱིར།། སངས་རྒྱས་ཉག་གཅིག་ཆོས་ཀྱི་སྐུ།། འདི་ནི་འཁོར་འདས་གཉིས་ཀྱི་རྒྱུ།། མ་རྟོགས་དུས་ན་འཁོར་བ་ལས། ། རྟོགས་ན་མྱ་ངན་འདས་ཞེས་བྱ།། གཞི་ལ་སངས་རྒྱས་སེམས་ཅན་མེད།། དེ་ཕྱིར་གཉིས་མེད་གཅིག་གི་ངང།། ཐམས་ཅད་དེ་ཡི་ངོ་བོར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་པས་གཞི་སྔའི་ཕྱིར། ། བླཽ་ཡིས་མ་བཅོས་འཁོར་འདས་མེད།། བག་ཆགས་མ་བརྟས་འབྱུང་བ་མེད།། གང་ཡང་མེད་ཕྱིར་ཀུན་གྱི་རྒྱུ།། རང་བྱུང་རྟོགས་པའི་བཅོམ་ལྡན་འདས།། ས་རྣམས་མ་བསྒྲོད་ངང་གིས་རྫོགས། ། ལམ་ལ་མི་བརྟེན་ལམ་དང་བྲལ།། མེད་པ་མ་ཡིན་ཡེ་ཤེས་ཉིད།། རྫོགས་ཆེན་མཉམ་ཉིད་ཀུན་ཏུ་ཁྱབ།། ཆོས་རྣམས་ཀུན་གྱི་ཆོས་ཆེན་པོ།། ཐམས་ཅད་ངོ་བོར་ལྷུན་གྱིས་གྲུབ།། དེས་བསྐྱེད་ཆོས་རྣམས་ཐམས་ཅད་འབྱུང། ། འཁྲུལ་བྲལ་རྟོག་མེད་གཞི་དང་མཐུན།། དེ་ཕྱིར་ལུང་ལྡན་རྐྱེན་གྱིས་ནི།། བློ་དངོས་གཅིག་པའི་དགོངས་པ་ལ།། གཞི་ཤེས་པ་ལ་རྟོགས་ཞེས་བྱ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ཀྱི་རྒྱལ་པོ་རབ་སྔགས་ཕྱིར། ། འཁོར་འདས་འབྱུང་བ་ཐམས་ཅད་ཀྱང།། རྩོལ་བ་མེད་པར་ཤུགས་ལས་འབྱུང།། དེ་ཕྱིར་ཀུན་གྱི་གཞི་འགྱུར་ཞེས།། ཀུན་བཟང་ཉིད་ཀྱི་གསུངས་པ་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གནས་ལུགས་འགྱུར་བ་མེད་པ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་འཁོར་གྱི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ནང་གི་སྒྲིབ་པས་བསྒྲིབ་མེད་དོན། ། ད་ལྟའི་ཆོས་སྐུ་འདི་ལ་ནི།། འདུས་མ་བྱས་ཕྱིར་རྟག་ཆད་མེད།། ཡེ་ཤེས་རྣམ་པ་ཉིད་ཡིན་ནོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་གཞི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ། ། རྟག་མེད་བདག་བྲལ་ཆོས་སྐུར་གནས།། དངོས་མེད་ཁྱབ་པས་ནམ་མཁའ་འདྲ།། ཆད་པ་མ་ཡིན་གཉུག་མར་གནས།། འཛིན་མེད་ཡེ་ཤེས་ངང་གིས་གསལ།། དངོས་པོར་མེད་པ་ཆོས་སྐུ་ཡོད།། རང་བྱུང་ཉི་མའི་སྙིང་པོ་འདྲ། ། དབུ་མར་མི་གནས་ཡེ་ཤེས་ནི།། ཅི་ཡང་མ་ཡིན་ཉོན་མོངས་སེལ།། མཐའ་གསུམ་བྲལ་བའི་ཆོས་ཉིད་ནི།། མི་འགྱུར་འཇོམས་པས་རྡོ་རྗེ་འདྲ།། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་རང་སེམས་རྟོགས། ། ཡུལ་དང་ཆོས་སྐུ་མ་འདྲེས་པ།། ཀ་ཤིའི་རས་ཀྱིས་རིན་ཆེན་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་རྟོགས་པར་ཡིད་ཆེས་པའི།། ཆོས་སྐུ་འགྱུར་མེད་རང་ལ་གསལ།། དེ་ཙམ་ཉིད་ནས་གདེང་གིས་ཟིན། ། ལོང་བ་མིག་ཕྱེད་གསལ་པོ་འདྲ།། དཔེར་ན་ནམ་མཁའི་ཉི་མ་བཞིན།། མ་རིག་མུན་པ་འཇོམས་པའི་ཐབས།། བལྟ་བ་གཞི་ངེས་དོན་ཉིད་ལ།། མ་ནོར་རིག་པ་གཅིག་ཡིན་ཏེ།། འབྲས་བུ་ལྷུན་གྲུབ་གཅིག་ཏུ་བསྟན། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། མཐའ་བྲལ་ལྷུན་གྱིས་གྲུབ་པའི་ལྟ་བ་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འཁོར་གྱི་དོན་དུ་ཡང་ཞུས་པ། ། མཚན་མ་ཟིལ་གྱིས་ཇི་ལྟར་མནན།། འགྲོ་དྲུག་གཡང་ས་ཇི་ལྟར་བཅད།། ཡེ་ཤེས་སྤྱི་བླུགས་ཇི་ལྟར་བསྒོམ།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། མཚན་མ་ཟིལ་གྱིས་མནན་པའི་ཕྱིར།། མ་རིག་མུན་པ་ལྟ་བུ་ལ།། རིག་པ་ཡེ་ཤེས་བསྟན་པའི་ཐབས།། རིག་པའི་དབང་ཆེན་བཀའ་སྩལ་པ།། དེ་ཡི་དང་པོ་དཔེ་བསྟན་པ།། བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ། ། རྒྱལ་སྲིད་དག་ལ་དབང་བསྐུར་བཞིན།། དོན་གྱིས་ཟིན་ནས་རང་བྱུང་འཆར།། དེ་དོན་ངེས་པར་དྲང་ཐབས་ཀྱི།། འདུས་མ་བྱས་ཀྱི་ནམ་མཁའ་ལ།། རང་གི་ཚད་དང་ལྡན་པ་ལ།། སེམས་ནི་དྲག་ཏུ་གཏད་པར་བྱ། ། དཔེར་ན་གྱི་ལིང་རྟ་འདུལ་བཞིན།། རང་གི་ཤེས་པ་མ་ཡེངས་པར།། དྲག་གཞན་བར་ནས་རྩོལ་བས་གདོན།། ཚད་ཟིན་དོན་ལ་གནས་པར་བྱ།། དེའང་ཁམས་དང་སྦྱར་བྱས་ལ།། ཁམས་བདེ་ཐུན་ནི་རིང་བར་བྱ། ། མི་བདེ་ཡུན་ནི་ཐུང་བར་བྱ།། ཡང་ན་ལངས་ལ་ཅུང་ཟད་བཅག། རྟགས་ནི་ལུས་སེམས་གཉིས་འབྱུང་སྟེ།། ལུས་ནི་འདར་ཞིང་མཆི་མ་འབྱུང།། སེམས་ནི་བདེ་ལ་བཏང་དཀའ་སྟེ།། ཏིང་འཛིན་རྩལ་གྱི་རྟགས་རྣམས་འབྱུང། ། རྟོག་པ་མེད་པར་གནས་པ་ནི།། བྱ་བ་བཏང་བའི་སྐྱེ་བུ་བཞིན།། ཅི་ཡང་མེད་པའི་རང་བཞིན་ལ།། མ་ཡེངས་གསལ་བར་ལྷུག་པར་བཞག། རྒོད་ན་ནམ་མཁའི་སྤྲིན་བཞིན་དུ། ། བྱུང་ཡང་གཞི་ལ་གནོད་མེད་ལྟར།། སེམས་ཀྱི་རྩོལ་བ་ཚད་ཟིན་ན།། རྟོག་པས་མི་བསྒྲིབ་བཅོས་མི་དགོས།། དེ་ཡིས་བསྒོམ་ཉམས་བསྟན་པ་ནི།། དམིགས་པའི་དོན་ལ་སེམས་གཏད་ཀྱང།། ཤེས་པ་གཏད་དུ་མི་ཆུད་པར། ། ཡུལ་ལ་མི་རྟོག་བདེ་བར་གནས།། ཞེན་པའི་རྟོག་པ་སྐྱེ་ན་ཡང།། བ་མོ་ལ་ནི་ཉི་ཤར་བཞིན།། རྗེས་སུ་མི་འབྲང་ལྷུན་གྱིས་འགྲོ།། དེ་ཚེ་ཞེ་ལ་ཡིད་ཆེས་འབྱུང།། དེ་དུས་ཉིད་དུ་རང་མཉམ་ནི། ། སྣང་མེད་འཁྲུལ་པ་ལོག་པ་ཙམ།། སྣང་བཅས་དོན་ཟིན་དེ་ཉིད་ཉམས།། དེ་ཉིད་གོམས་པས་ཉམས་སུ་བདེ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ནམ་མཁའ་མཚོན་པ་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་སོ་བདུན་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། འགྲོ་དྲུག་གཡང་ས་བཅད་པའི་ཕྱིར།། རྩ་བ་སེམས་ལས་འདས་པ་ཡི།། ཡེ་ཤེས་ངོས་བཟུང་བཀའ་སྩལ་པ།། ཀུན་གཞི་གཞི་ཆ་ངོ་བོ་ལ། ། ཆོས་སྐུ་ངོས་བཟུང་མཐུན་དཔེ་ནི།། རྩ་ཆུ་བརྟགས་ནས་ངོས་ཟིན་པ།། སྨན་པ་མཁས་པ་ཇི་བཞིན་དང།། ནོར་བུ་ཆུ་འདངས་དཔེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་རིག་པའི་དོན།། སྔ་མ་འཕྲོ་བ་ཡིད་ཡིན་ཏེ། ། ཕྱི་མ་སྐྱེ་བ་ཉོན་མོངས་ཡིན།། སྒོ་ལྔར་སྐྱེ་བ་རྟོག་པ་སྟེ།། དམིགས་འཛིན་མེད་པར་ངང་གི་གསལ།། གཉུག་མར་གནས་པས་འཕེལ་འགྲིབ་མེད།། ཡེ་ཤེས་ཟང་ཐལ་ཉིད་ཡིན་ཏེ།། རང་གི་ངོ་བོ་ཆོས་ཀྱི་སྐུ། ། ཤེས་པ་རྩོལ་མེད་དྲང་པོར་འཇུག། དཔེར་ན་ཐི་བྱ་ཚང་འཇུག་བཞིན།། རང་གི་ངོ་བོ་ཆོས་སྐུ་ལ།། བསྒོམ་དུ་མེད་པའི་དགོངས་པ་བྱ།། དེ་དོན་རྟགས་ནི་དངས་ཞིང་བདེ།། ཤེས་པ་མི་འགྱུར་བཀྲི་མི་འདོད། ། ཆུ་ལས་མི་འདའ་ཉ་བཞིན་དུ།། དོན་ལས་མི་འདའ་ཆོས་ཉིད་རྟགས།། དེ་རྟགས་ལྡན་པའི་རྣལ་འབྱོར་པས།། རྒྱལ་པོས་མངའ་བྱས་བཙུན་མོ་བཞིན།། སྔ་ཕྱི་གཉིས་པོ་སྐྱེས་པའི་ཚེ།། དེ་རྗེས་མི་གཅོད་ཆོས་སྐུ་སྟེ། ། དཔེར་ན་རྐུན་པོ་ཚོར་མ་ཐག། མ་བསྐྲད་རང་བཞིན་དེངས་པ་ལྟར།། རང་རྒྱུད་རྩོལ་བ་མེད་པ་ལ།། མི་གཡོ་མཉམ་པའི་དོན་ལ་བཞག། དེ་དོན་རྟོགས་པའི་རྣལ་འབྱོར་ཉམས།། ཤིང་བལ་ལྟ་བུར་ལུས་ཡང་ཞིང། ། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། ཆོས་ཉིད་བདེ་ཆེན་གསང་བའི་ཉམས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སེམས་ཀྱི་སེམས་ཉིད་ལ་རིག་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་སོ་བརྒྱད་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་སྤྱི་བླུགས་བསྟན་པའི་ཕྱིར།། རང་བྱུང་ཆོས་སྐུ་གསལ་བ་ཡི།། ཡེ་ཤེས་སྤྱི་བླུགས་བཀའ་སྩལ་པ།། ཡེ་ཤེས་ཆེན་པོའི་མཐུན་དཔེ་ནི།། རང་བྱུང་ངོ་བོ་ཉིད་ཁྱབ་ཕྱིར། ། མཐའ་དབུས་མེད་པས་ནམ་མཁའ་འདྲ།། དེ་དོན་རང་བྱུང་ཡེ་ཤེས་ལ།། སྣང་སྲིད་བསལ་བ་སྒོ་ལྔའི་ཡུལ།། རྟོག་པ་གསལ་བ་ཆོས་ཀྱི་སྐུ།། འཛིན་པ་མེད་པར་ལྷུན་གྱིས་གྲུབ།། ཁྱུང་ཆེན་ནམ་མཁར་ལྡིངས་པའི་ཚེ། ། འཕུར་རླབས་འོག་ཏུ་ཀུན་ཆུད་ལྟར།། ངེས་དོན་རྟོགས་པས་སྐུ་གསུམ་རྫོགས།། འབྱུང་འཇུག་མེད་པར་གཞག་པར་བྱ།། ཇི་བཞིན་ཉིད་ཀྱི་གནས་ལུགས་ནི།། རྣམ་པར་མི་རྟོག་ས་ལེ་བ། ། ས་ལེ་བ་ལ་རྟོག་པ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། ནོར་བུ་རིན་ཆེན་ཡོན་ཏན་ལ།། དགོས་འདོད་ཐམས་ཅད་ཤུགས་ཀྱིས་འབྱུང།། དེ་བཞིན་ཡེ་ཤེས་ངོས་ཟིན་ན།། བྱིང་རྒོད་མི་འབྱུང་ཆོས་ཉིད་གསལ། ། དཔེར་ན་དུག་ལ་སྔགས་བཏབ་པས།། ནད་རྣམས་སེལ་ཅིང་སྨན་འགྱུར་ལྟར།། ཆགས་སྡང་ལ་སོགས་དུག་རྣམས་ལ།། ཆོས་ཉིད་གསལ་ཐེབས་རང་སར་གྲོལ།། དེ་རྟགས་སྒྲ་ཐོས་རྨི་ལམ་བཟང། ། གཟུགས་རྣམས་མཐོང་ཞིང་བསྐོར་བ་བྱེད།། བདུད་རྩི་འདྲེན་ཅིང་ཆོས་སྟོན་པ།། བདུད་ཀྱི་ཆོ་འཕྲུལ་བཅཝོ་བརྒྱད་འབྱུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྟོག་པ་བཟང་ངན་ཅི་སྐྱེས་ཀྱང།། བླང་དོར་དགའ་བྲོད་སེམས་མི་བྱ། ། སྣང་བ་མི་འགག་རང་ཞིར་འགྲོ།། འཁྱག་རོམ་ཆུར་ལོག་ཇི་བཞིན་དུ།། དགོངས་པ་མ་གཡོས་དམ་པའི་རྟགས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཡེ་ཤེས་སྤྱི་བླུགས་ཀྱི་ཆོས་ཉིད་ལ་རིགས་པ་རྩལ་གྱི་དབང་བསྐུར་བའི་ལེའུ་སྟེ་སོ་དགུ་པའོ། །།། དེ་ནས་ཀུན་རིག་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་དོན་ཞུས་པ།། མ་བསྒོམས་ཡེ་ཤེས་ཇི་ལྟར་གསལ།། རྟོག་པ་རང་སར་ཇི་ལྟར་གྲོལ། ། ཐེ་ཚོམ་གེགས་རྣམས་ཇི་ལྟར་བསལ། ཀུན་རིག་སྟོན་པས་བཤད་དུ་གསོལ།། ཞུས་པའི་དོན་ནི་བཀའ་སྩལ་པ།། མ་བསྒོམས་དོན་དང་མི་འབྲལ་ལ།། ཐིག་ལེ་ཉག་མ་གཅིག་ཏུ་རྫོགས།། ཀུན་གཞི་གཞི་ཆ་ཆོས་སྐུ་ལ། ། སྣ་ཚོགས་སྣང་ཡང་འགྱུར་བ་མེད།། དེ་ཡང་རྡོ་རྗེ་སེམས་པ་ཉོན།། སེམས་ཉིད་བསྒོམ་དུ་མེད་པའི་དཔེ།། ནམ་མཁའ་བསྒོམ་དུ་མེད་དང་འདྲ།། དེ་བཞིན་སེམས་ཀྱིས་སེམས་བསྒོམ་དུ།། ཆོས་སྐུ་སེམས་ཀྱི་ཡུལ་ལས་འདས། ། སྟོང་ཉིད་རིག་པའི་ཡེ་ཤེས་ལ།། ངེས་པར་འགྱུར་མེད་བལྟ་བའི་གཟུངས།། དོན་དུ་མི་བརྗེད་ཏིང་འཛིན་ལ།། རང་སེམས་རྟོགས་ཕྱིར་བསྒོམ་མི་དགོས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། རང་བྱུང་ཆོས་སྐུའི་དོན་ཟིན་ན།། ཤེས་པ་གཏད་ལ་བསྒོམ་མི་དགོས།། དེ་ཕྱིར་རང་བྱུང་ནང་ནས་གསལ།། ཆོས་ཉིད་མ་བསྒོམས་འབྲལ་བ་མེད།། ཡང་དག་སངས་རྒྱས་དགོངས་པ་ལ།། འཕོ་འགྱུར་མེད་ཕྱིར་འདུས་མ་བྱས། ། དེ་རྟོགས་རྣལ་འབྱོར་སྐལ་ལྡན་གྱིས།། མ་བསྒོམས་ཆོས་ཉིད་རང་བྱུང་ཤུགས།། དེ་ལ་རྟོགས་པས་བསྐྱོད་མི་བྱེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ད་ལྟའི་ཤེས་པ་འདི་ཉིད་ལ།། མ་བཅོས་རང་གསལ་ཆོས་སྐུར་ཤེས། ། དེ་ཙམ་ཉིད་ནས་ཞེན་མེད་གསལ།། དེ་ཕྱིར་གཉེན་པོས་བསྒོམ་མི་དགོས།། དུང་ངེ་མ་ཡེངས་རང་ལུགས་ལ།། མ་ཡེངས་པ་ཞེས་བཏགས་པ་ཙམ།། དོན་ལ་ཆོས་སྐུ་དེ་ཉིད་ཡིན། ། དེ་ཕྱིར་མ་ཡེངས་འབྲལ་བ་མེད།། གར་གནས་ཤེས་པ་འདི་ཉིད་ལས།། གཞན་དུ་གཡོས་པ་རྡུལ་ཙམ་མེད།། དེ་ཕྱིར་ཆོས་ཉིད་རྒྱུན་དུ་གནས།། ཤེས་པས་ཆོག་ཕྱིར་རྩོལ་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ལུང་ལྡན་ངེས་པའི་དོན་ཟིན་ནས།། ཐམས་ཅད་རང་བྱུང་ཉིད་ཀྱི་དོན།། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ནས་ནུབ་པ་མེད།། དངོས་མེད་ཀུན་ཁྱབ་ཆོས་སྐུ་བདེ།། མེད་པ་མ་ཡིན་ཤེས་ཤིང་རིག། རིག་ཙམ་ཉིད་ནས་ངང་གིས་སྟོང།། སྟོང་པ་ཉིད་ན་མཐའ་དབུས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེན་འཛིན་སྐྱོན་བྲལ་བས།། གསལ་བདེ་སྟོང་པ་ཆེན་པོ་ལ། ། ངང་དུ་བཞག་པ་ཅི་ཡང་མེད།། མཉམ་གཞག་མེད་པས་རྗེས་ཐོབ་མེད།། ཐམས་ཅད་རང་བྱུང་ཆེན་པོ་ལས།། གཞན་དུ་གཡོ་བ་རྡུལ་ཙམ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། ། ལམ་མེད་ལམ་ལྔར་མ་བགྲོད་ཅིག། ས་མེད་ས་བཅུར་མ་སྦྱོར་ཅིག། རྟེན་མེད་དམིགས་པ་མ་འཆའ་ཞིག། སྒྲིབ་མེད་སྒྲིབ་གཉིས་མ་སྦྱོང་ཞིག། ཡུལ་མེད་ཚོགས་གཉིས་མ་གསོག་ཅིག། ངེས་དོན་འདི་རྙེད་བསྒྲུབ་མི་དགོས། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། མ་བསྒོམས་དོན་དང་མི་འབྲལ་བར་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་ཆོས་ཀྱི་རྒྱལ་པོ་ཡིས། ། རྣམ་རྟོག་རང་གྲོལ་བཀའ་སྩལ་པ།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་བཞིན།། ཐམས་ཅད་ཡེ་ཤེས་ཆོས་སྐུ་གསལ།། མ་རིག་མུན་པ་གདོད་ནས་སངས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དཔེར་ན་རྒྱལ་པོ་མཐོང་བའི་ཚེ།། མཉན་ཞིང་གུས་པའི་བློ་སྐྱེ་བཞིན།། ཆོས་ཉིད་དྲན་པས་རྟོག་པ་མེད།། རིག་པ་རྒྱུན་ཆགས་དག་ཏུ་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། ། རང་བྱུང་ངང་གིས་གནོད་མེད་ལྟར།། མ་རྟོགས་རང་གྲོལ་འཛིན་མེད་ཕྱིར།། ཡེ་ཤེས་ངོ་བོ་ཆོས་སྐུར་གསལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་དགུན་ཟླ་འབྲིང་པོ་ལ།། སྤང་ལ་མེ་མཆེད་ཇི་བཞིན་དུ། ། ཅི་དྲན་ཆོས་སྐུར་འོད་གསལ་བས།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་ལྟར།། གང་ཡང་ཆོས་ཉིད་རང་གསལ་ཕྱིར། ། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་བ་མྱ་ངན་འདས་པའི་ཆོས།། ཐམས་ཅད་ཆོས་ཉིད་འགྱུར་བ་ལས།། བསྒོམ་པའི་ཐ་སྙད་བྲལ་བའི་དོན།། རང་རིག་ཡེ་ཤེས་ཉིད་དུ་གསལ། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྣམ་རྟོག་ཐམས་ཅད་རང་གྲོལ་དུ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས། ། ཐེ་ཚོམ་གལ་འགགས་བཀའ་སྩལ་པ།། རྩོལ་བ་ཚིག་གི་འཕྲང་ཆེན་ནི།། གཞི་ངེས་སྣང་བ་མ་ངེས་ཕྱིར།། ལུང་དང་མན་ངག་མི་འགལ་བའི།། གཏན་ཚིགས་ཆེན་པོར་བཞག་པའོ།། དཔེར་ན་ཉི་མའི་སྙིང་པོ་ལ། ། མུན་སྣང་གཉིས་ཀ་མི་འགལ་བཞིན།། གཞི་གཅིག་གང་ཡང་མི་འགལ་ལ།། དེ་ཉིད་དུས་ན་ངོས་བཟུང་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་བྲན་རྒྱ་མཚོར་གཅིག་པ་བཞིན།། གང་དྲན་ཡེ་ཤེས་ཆེན་པོ་ལ། ། བྱིས་པ་རྣམས་ཀྱིས་ཐ་དད་བཟུང།། དེ་ཕྱིར་བློ་ཡི་སྣང་བ་ཡིན།། འབྱུང་བ་ནམ་མཁའ་འདུས་པ་བཞིན།། ཆོས་རྣམས་སེམས་སུ་འདུས་པ་ལས།། བློ་བཞག་ཐེག་པ་རིམ་དགུ་བྱུང།། གཞི་ལ་ཆོས་སྐུ་གཅིག་ལས་མེད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་ཉིད་སེམས་ལ་སྡུག་བསྔལ་འབྱུང།། རང་སེམས་ཡུལ་ལ་བེམ་པོར་འགྱུར།། གཅིག་ན་སྐྱེ་ཤི་མེད་པར་རིག། འཆི་འཕོ་འོང་ཕྱིར་བློ་འཕེལ་ཡིན། ། གཉིས་ཀ་ཡུལ་སེམས་བསྲེ་པར་འགྱུར།། ཐམས་ཅད་མ་ལུས་སེམས་ཡིན་ན།། སེམས་ཙམ་ཀ་ཏ་རིམ་པར་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཕར་འགེལ་ཚུར་འགེལ་སེམས་པ་ནི།། དེ་ཤེས་མ་འཕན་འཁོར་བ་རང། ། དེ་ཕྱིར་སེམས་རྟོག་རྩིས་སུ་ཆེ།། དེ་ཕྱིར་ལུང་ལྡན་གདམས་ངག་དགོས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ང་ཡི་ངེས་དོན་ཆོས་འདི་ལ།། བསྒོམ་དུ་ཡོད་མེད་འཁོར་བའི་ཆོས།། སེམས་ཅན་སངས་རྒྱས་གཅིག་པའི་ཕྱིར། ། རྒྱུ་འབྲས་དབྱེར་མེད་ལྷུན་གྱིས་གྲུབ།། རྟོགས་ནས་འབྲལ་མེད་མ་བསྒོམས་ཕྱིར།། ཆོས་སྐུ་རང་བྱུང་དེ་ཉིད་ནི།། དུས་གསུམ་དག་ཏུ་འབྲལ་མེད་བལྟ།། དེ་ཕྱིར་ངེས་དོན་བསྒོམ་མི་དགོས། ། ད་ཡང་འདུས་པའི་འཁོར་རྣམས་ཉོན།། ཕུང་པོ་སངས་རྒྱས་སྣ་ཚོགས་ནི།། བསྒོམ་པས་མ་ཕན་རྣལ་འབྱོར་འཆིང།། སྣང་བ་བོར་ནས་སངས་རྒྱས་ན།། རྟོག་ཚོགས་ལྷ་རུ་ཅི་ལ་ཡིན།། དེ་ལྟར་ཆོས་སྐུ་མ་ཤེས་ན། ། གསང་སྔགས་མན་ངག་ཅི་ལ་ཆེ།། དེ་ཕྱིར་བསྟན་ཤེས་བསྒོམ་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྲེལ་བ་ཡང།། མེད་ན་ཐུགས་རྗེས་ཕན་མི་ནུས།། ཡོད་ན་སེམས་ཅན་ཅི་ལ་འཁོར། ། གནས་སྐབས་འབྲེལ་བ་མེད་པ་ལ།། མཐར་ཐུག་ཅི་ཕྱིར་འབྲེལ་བ་ཡོད།། རྒྱུ་འབྲས་ཚུལ་ནི་འོག་མའི་ཆོས།། དེ་གཉིས་ལྟོས་པའི་རྒྱུ་འབྲས་མེད།། གཞི་མ་གཅིག་ལ་སྣང་ལུགས་གཉིས།། དོན་ལ་གཉིས་ཀ་ཡང་དག་མེད། ། དེ་ཕྱིར་འཁོར་འདས་མ་རིག་ཆོས།། ལམ་པའི་ཆོས་ནི་དགོས་མེད་ཕྱིར།། འཁོར་བའི་རྣམ་རྟོག་ཅི་ལ་ཡོད།། མ་སྤངས་གྲོལ་ཕྱིར་བསྒོམ་དུ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞི་ནས་བསམ་གཏན་ཉམས་མྱོང་བ། ། ཡིད་ལ་ཉམས་སུ་མྱོང་བ་ན།། ཞི་གནས་ཡིན་ཕྱིར་ལྷག་མཐོང་མེད།། ཉམས་མྱོང་མེད་ན་གདེང་དང་བྲལ།། དེ་ཕྱིར་བླུན་པོའི་སྤྱོད་ཡུལ་མིན།། གཞི་ཉིད་རྟོགས་ན་ཉམས་མི་དགོས། ། དེ་ཕྱིར་རྟོགས་པ་ཤིན་ཏུ་གཅེས།། གང་ལྟར་དྲན་པ་ཉམས་ཀྱི་མཆོག། དེ་ལ་འདི་ཤེས་སྨྲ་མི་ཤེས།། དེ་ཕྱིར་མ་བསྒོམས་ང་ཡི་ཉམས།། ད་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་གཉིས་པས་ང་སྔའི་ཕྱིར། ། སངས་རྒྱས་ཀུན་པས་ལུང་འདི་སྔ། ཀུན་ཏུ་བཟང་པོ་འདི་རྟོགས་པས།། སངས་རྒྱས་ཐམས་ཅད་ཕྱི་ནས་རྒྱས།། དེ་ཕྱིར་སངས་རྒྱས་མ་གསུངས་ཆོས།། སངས་རྒྱས་སེམས་ཅན་ང་ལས་བྱུང།། གཞི་ལ་འཁོར་འདས་མེད་པའི་ཕྱིར། ། སེམས་ཅན་ཐ་མལ་ལུས་སྲོག་ལ།། ཡེ་ཤེས་སྤྱོད་སྤང་ལ་སོགས་མེད།། ཕོ་ཚོད་བལྟ་བ་བདུད་ཀྱིས་བསླུས།། ད་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་རྩ་བ་ནི།། དངོས་པོ་མེད་ལ་ཤེས་པ་ཡོད། ། ཡིད་སྣང་སེམས་ཀྱི་རང་བཞིན་ལ།། ངེས་དོན་བཀའ་དང་དྲང་དོན་ལས།། ངོ་བོ་གཞི་གཅིག་མི་འགལ་ཀྱང།། རྣམ་སྣང་ཤཱཀ་ཐུབ་ཞིང་ཁམས་བཞིན།། དྲུག་གི་སྣང་བ་ཐ་དད་པ།། གཏན་ཚིགས་བཞི་ཡི་རང་བཞིན་ལས། ། སྣང་བ་ཞེན་པས་གང་འགོག་པ།། ལྟ་བའི་ཡུལ་ནི་རྣམ་བཞི་ཡིས།། ཐམས་ཅད་བློ་ཡི་སྣང་བ་སྟེ།། གང་ཡང་མ་ཡིན་ཞེན་པ་འགོག། དེ་ཕྱིར་ངེས་དོན་གདམས་ངག་ཆེ།། དེ་བས་རང་སེམས་རྟོགས་པའི་ཐབས། ། ཀུན་གཞི་གཞི་ཆ་ངོས་ཟིན་ན།། ཡེ་ཤེས་ལྷུན་གྲུབ་རྫོང་ཆེན་དུ།། རང་རིག་རྒྱལ་པོ་ཡེ་ཤེས་འཕྱོ།། མ་རྟོགས་ལོག་རྟོགས་དགག་པའི་ཕྱིར།། མདོ་སྡེ་དང་ནི་རྒྱུད་སྡེ་ལ།། ཚད་མ་བཞི་ཡི་གཏན་ཚིགས་ཀྱི། ། ཐེག་པ་གོང་འོག་ཁྱད་པར་གྱིས།། མིང་དང་ཐ་སྙད་བསམ་ཡས་ཀྱང།། ཞེན་པ་བཟློག་པའི་ཐབས་སུ་བཤད།། རྡོ་རྗེ་ཐེག་པ་འདི་ལས་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྣང་བ་མི་འགོག་ཆོས་དབྱིངས་ལ། ། ཞེན་པ་མེད་པས་ཡེ་ཤེས་ཏེ། ཀུན་གཞི་རང་བཞིན་མ་བཅོས་པ།། དེ་ཉིད་དོན་དང་གང་ལྡན་པ།། མི་ཡི་ལུས་ལ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཐེ་ཚོམ་གེགས་བསལ་བའི་ལེའུ་སྟེ་ཞེ་གཉིས་པའོ། །།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་དོན་དུ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། ངེས་པ་བདུན་གྱིས་ནམས་བླངས་པའི།། ལྟ་བ་སྒོམ་པ་སྤྱོད་པ་དང། ། དམ་ཚིག་ཕྲིན་ལས་འབྲས་བུ་དང།། རང་གིས་ཉམས་སུ་བླངས་པའི་ཐབས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས། ཀུན་རིག་སྟོན་པས་བཀའ་སྩལ་པ། ། གཞི་ངེས་ལྟ་བ་ཉམས་བླངས་པའི།། སངས་རྒྱས་རྒྱལ་པོ་ཆོས་སྐུ་ལ།། འཁོར་འདས་མེད་པ་རིག་པའི་ཀློང།། གཞི་ལ་འགྱུར་མེད་བལྟ་བའི་གདེང།། ཡུལ་ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ། ། དོན་ལ་འགྱུར་མེད་རང་བྱུང་སྟེ།། སྐྱོན་གྱིས་མ་གོས་ལྟ་བའི་གཟུངས།། འགྱུར་མེད་ཆོས་ཉིད་བརྡལ་བའི་ཀློང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། མི་སྐྱེ་མི་འགག་ལྟ་བ་ལ།། བསྒོམས་པས་མི་རྙེད་རྟོགས་པས་ཆོག། འབྲལ་མེད་ད་ལྟ་ཀུན་བཟང་ཐུགས།། དུས་དང་རྣམ་པ་ཐམས་ཅད་དུ།། སྐྱེ་ཤི་མེད་པ་ལྟ་བའི་མཆོག། དོན་དུ་ཡེ་ཤེས་མཐར་ཕྱིན་ལམ།། རེ་དོགས་མེད་ཕྱིར་ལྟུང་མི་སྲིད།། གདོད་ནས་སྙིང་པོ་འགྱུར་མེད་གཞི། ། དེ་ཉིད་རང་རིག་ཆོས་སྐུ་ལ།། རང་རིག་རང་བལྟས་ངོས་མཚར་ཆེ།། དེ་ཕྱིར་ཆོས་སྐུ་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གཞི་ངེས་པའི་ལྟ་བ་ཉམས་སུ་བླངས་པའི་ལེའུ་སྟེ་ཞེ་གསུམ་པའོ། །།། དེ་ནས་ཀུན་རིག་སྟོན་པ་ཡིས།། དོན་དང་མི་འབྲལ་ཏིང་འཛིན་ནི།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཆོས་ཉིད་མི་འགྱུར་ཡེ་ཤེས་ཀློང།། མ་བཅོས་ཡེ་ནས་གནས་པ་སྟེ། ། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་སྐུ།། དངོས་མེད་རང་གསལ་འབྲས་བུ་ལ།། རྐྱེན་བྲལ་སྙིང་པོས་གཞིག་ཏུ་མེད།། བསམ་དུ་མེད་པས་བསྒོམས་མི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབྱིབས་དང་བྲལ་བས་བྱང་ཆུབ་སེམས། ། ཁ་དོག་མེད་པས་མཚོན་དུ་མེད།། སེམས་ཀྱི་ཡུལ་ལས་འདས་པ་ཡིས།། སྐྱེ་ཤི་མེད་པས་འགྱུར་བ་མེད།། རྟག་ཆད་མེད་པས་འཁོར་བ་བྲལ།། མཐོ་དམན་མེད་པས་ཀུན་གྱི་རྩེ།། ཆེ་ཆུང་མེད་པས་དམིགས་དང་བྲལ། ཀུན་གཞི་མེད་པས་ཆོས་སྐུའི་ཀློང།། ཡངས་དོག་མེད་པས་བཟང་མོའི་མཁའ།། མཐའ་དབུས་མེད་པས་ཀུན་ལ་ཁྱབ།། ཡེ་ཤེས་ཟང་ཐལ་ཕྱི་ནང་མེད།། མཚོན་དུ་མེད་པས་ཚད་དང་བྲལ། ། འདུས་པའི་སྙིང་པོ་ད་ཉོན་ཅིག། སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཅོས་ཡེ་ནས་ངང་གིས་གསལ།། རྩོལ་བསྒྲུབ་ཅེས་ཀྱང་བཙལ་དུ་མེད།། རྟོག་པའི་དགོངས་ཉམས་བླང་བ་ནི།། མ་བཅོས་ཆོས་སྐུ་དག་པའི་ཀློང། ། འབྲས་བུ་སངས་རྒྱས་དེ་ཉིད་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། གདོད་ནས་འགྱུར་མེད་ཏིང་འཛིན་ལ།། རང་བྱུང་རིག་པའི་ཡེ་ཤེས་ཀྱི།། མ་བཅོས་རང་གསལ་ངང་བཞག་པས།། ཉམས་སུ་བླངས་པའི་དགོངས་པ་སྟེ། ། དེ་ལ་རྣལ་འབྱོར་གང་གནས་པ།། ད་ལྟ་ཉིད་ནས་སངས་རྒྱས་ཐུགས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། དོན་དང་འབྲལ་མེད་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྐྱོན་མེད་ཡོན་ཏན་ཀུན་ལྡན་པས།། ཤེས་རབ་ཐབས་ཀྱི་སྤྱོད་པ་ཡིས།། ཕྱི་ནང་ཆོས་རྣམས་རྫོགས་པར་ནི།། ང་ཡིས་བཤད་ཀྱིས་སེམས་དཔའ་ཉོན། ། ལྟ་སྒོམ་ངེས་པའི་དོན་གནས་པའི།། རྣལ་འབྱོར་ངེས་པའི་སྐལ་ལྡན་དེ།། དད་པས་ཀུན་ནས་བསླངས་པ་ཡིས།། སྙིང་རྗེའི་རླན་དང་མ་བྲལ་བས།། སེམས་བསྐྱེད་རྣམ་གཉིས་དེ་ལ་རྫོགས། ། གང་ལའང་མི་རྟོག་རང་གསལ་བའི།། ཆོས་ཉིད་ངང་དུ་རང་གནས་པས།། བྱིང་རྒོད་གཉིས་ཀྱི་སྐྱོན་བྲལ་གནས།། ཞི་གནས་བདེ་བ་དེ་ལ་རྫོགས།། ཕྱི་ནང་ཆོས་རྣམས་མ་ལུས་ཀུན།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས། ། སྒྱུ་མ་ལྟ་བུར་ཤེས་པའི་ཕྱིར།། དངོས་མེད་རྟོགས་པས་ལྷག་མཐོང་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལྟ་བའི་ངང་ལ་མཉམ་བཞག་པས།། སེར་སྣ་འཛིན་པའི་སེམས་མེད་པས། ། ཆོས་དང་བདག་ཏུ་མ་མཐོང་ཕྱིར།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་དོན་རྟོགས་པའི་རྣལ་འབྱོར་པས།། ལུས་ངག་ཡིད་ཀྱི་སྤྱོད་པ་ཡིས།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། ། རང་བྱུང་རིག་པའི་རྣལ་འབྱོར་པས།། ལྟ་བ་ངེས་པའི་གདེང་ཟིན་པས།། ཆོས་ཀྱི་དབྱིངས་སུ་ཀུན་ཤོང་ཕྱིར།། བཟོད་པའི་ཕ་རོལ་ཕྱིན་པ་རྫོགས།། ངེས་པའི་དོན་ལ་ཡིད་ཆེས་ནས།། རང་བྱུང་རིག་པ་ཤེས་པ་ཡིས། ། ལྟ་བའི་དོན་ལ་མ་ཡེངས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སྔ་ཕྱིས་མ་བསླད་གཉུག་མ་ལ།། གཞན་དུ་འཛིན་བྲལ་རང་བྱུང་སྐུ།། ཆོས་ཉིད་དོན་ལས་མི་གཡོ་ཕྱིར།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། ། ཐོས་པའི་ཤེས་རབ་བློ་སྦྱང་ནས།། ངེས་པའི་དོན་ནི་མཐར་ཕྱིན་པས།། ཆོས་རྣམས་ལྟ་བས་ཐག་ཆོད་ཕྱིར།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུང་ལྡན་ངེས་པའི་གདམས་ངག་གིས། ། ཆོས་ཀྱི་དབྱིངས་སུ་ཤེས་པའི་ཕྱིར།། སྣང་བ་གང་ཡང་མི་འགོག་པས།། ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། སྔོན་ནས་དགེ་བའི་ཚོགས་བསགས་པས།། བླ་མ་སངས་རྒྱས་ཀུན་དང་ཕྲད། ། མི་གནས་བླ་མེད་དོན་རྟོགས་པས།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། ཐོག་མཐའ་མ་རིག་སངས་པ་ལས།། ལུང་བསྟན་རང་གི་དོན་ཤར་བས།། མ་རིག་མུན་པ་ཀུན་བཅོམ་ཕྱིར།། སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས། ། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་སྐུའི་རྩ་བ་རབ་རྟོགས་པས།། ཡོན་ཏན་མ་ལུས་ཀུན་འདུས་ཕྱིར།། ཡེ་ཤེས་ཕ་རོལ་ཕྱིན་པ་རྫཽགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་ཀུན་གྱི་མཛད་སྤྱོད་ལ། ། ཐ་མལ་སྤྱོད་པའི་མིང་མེད་པས།། ལུས་ངག་དགེ་བ་མི་མཉམ་ཕྱིར།། ཚོགས་ཆེན་མ་ལུས་རྣམ་གཉིས་རྫོགས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཆོས་རྣམས་རྫོགས་པའི་མཛད་སྤྱོད་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སེམས་ཅན་དུས་ན་སངས་རྒྱས་སྤྱོད།། གང་ཡང་མ་བཅོས་དེ་བཞིན་ཉིད།། ཆོས་སྐུ་རྟོགས་ནས་འགྲོ་དོན་དུ། ། ཅིར་ཡང་སྣང་བ་སྤྲུལ་པའི་སྐུ།། མཛད་པ་བཅུ་གཉིས་མཐར་ཕྱིན་པ།། ཐུགས་རྗེའི་སྤྲུལ་པའི་ཀུན་འདུལ་ཡང།། བློ་ཡི་འདུ་ཤེས་རྡུལ་ཙམ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། བདག་ཏུ་རྟོག་པ་མེད་པའི་ཕྱིར། ། གཉིས་མེད་དོན་གཅིག་ཆོས་ཀྱི་སྐུ།། མཐུན་འཇུག་སྤྱོད་པ་རྒྱ་མཚོར་ནི།། སྤྱོད་པ་སྣ་ཚོགས་ཅི་བདེར་སྤྱོད།། པདྨའི་སྐྱེ་ས་འདམ་ཡིན་ཏེ།། དེ་ལ་སྐྱོན་གྱིས་གོས་མེད་ལྟར།། ཆོས་ཉིད་བླང་དོར་མེད་པར་རྟོགས། ། ཏིང་འཛིན་ཉམས་པ་རྡུལ་ཙམ་མེད།། ཐུན་མོང་མ་ཡིན་རྣལ་འབྱོར་པས།། འཆིང་གྲོལ་མེད་ཕྱིར་གོལ་ས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་རིག་སྤྱོད་ལྟ་བའི་གཟུངས། ། རྒྱུན་དུ་མི་འབྲལ་དོན་མཛད་པ།། སངས་རྒྱས་མཛད་སྤྱོད་དུས་འདིར་འགྲུབ།། དེ་ཕྱིར་རྩོལ་མེད་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སྤྱོད་པ་འཆིང་གྲོལ་མེད་པ་ཉམས་སུ་བླངས་བ་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ། །།། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་སྟོན་པ་ཀུན་བཟང་གིས།། དམ་ཚིག་བསྲུང་དང་ཉམས་མེད་པ།། ངེས་པའི་དོན་དུ་བཀའ་སྩལ་པ།། གདེང་ལྡན་ངེས་པའི་ཡེ་ཤེས་ཀྱིས། ། བསྲུང་དུ་མེད་པའི་དམ་ཚིག་སྟེ།། ཡེ་བསྲུང་ཆེན་པོའི་ངང་དུ་བསྡམ།། སྡོམ་པ་ཕྱི་ནང་དམ་ཚིག་ཀྱང།། གདུལ་བྱ་ཇི་ལྟར་འདོད་པ་སྟོན།། ཐ་སྙད་ཙམ་དུ་འདུལ་མོད་ཀྱང།། དམ་དུ་བཅའ་བ་རྡུལ་ཙམ་མེད། ། ཆོས་སྐུ་ཐུགས་ཀྱི་མཚན་ཉིད་དེ།། དེ་ཡི་ངང་དང་མི་འབྲལ་ན།། ཡེ་བསྲུང་གདེང་དང་ལྡན་པའི་ཕྱིར།། དམ་དུ་བཅས་ཀྱང་སྐྱོན་མེད་ཕྱིར།། དངོས་པོ་མེད་པ་ནམ་མཁའ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། ང་ཡི་ཆོས་ཉིད་དམ་ཚིག་ནི།། མ་བཅོས་མཁའ་ལ་ཉི་ཤར་འདྲ།། མུན་པ་མེད་པར་རང་གསལ་བ།། ལྷངས་ཀྱིས་རྟོགས་ན་ལྟ་བ་ཡིན།། རང་གི་ཤེས་པ་གཉུག་མ་ཡིས།། དོན་ལ་མ་ཡེངས་ཏིང་འཛིན་ལ། ། སྣང་བའི་ཡུལ་ལ་མ་ཞེན་པ།། གང་ཡང་མ་བཀག་སྤྱོད་པའི་ཕུལ།། ངེས་དོན་རྟོགས་པའི་ཆོས་ཉིད་ལ།། མི་འདའ་དམ་ཚིག་བསྲུང་བ་སྟེ།། བསྲུང་དུ་མེད་པས་ཉམས་པ་མེད།། དེ་ཕྱིར་ཡེ་ཤེས་འབྲལ་མེད་པའི། ། དབྱིངས་ནས་རིག་པ་རང་ལ་ཤར།། སྣ་ཚོགས་བསགས་པའི་ཀུན་གཞི་ཡི།། སྔ་ཕྱི་གྲུབ་པ་ག་ལ་ཡོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལུང་ལྡན་ངེས་པའི་དོན་བསྟན་པའི།། སེམས་རྟོགས་མ་བརྗེད་ལྟ་བ་ལ། ། རྒྱུན་དུ་འབྲལ་མེད་དམ་ཚིག་བླང།། རང་བྱུང་ཆོས་སྐུ་ཆེན་པོ་ལ།། བརྩོན་འགྲུས་མ་ཡེངས་གུས་པའི་ཐབས།། ལུང་ལྡན་ངེས་པའི་གདམས་ངག་ལ།། ཤེས་རབ་གོ་ཆ་དད་པའི་ལམ།། ཡིད་ཆེས་གདེང་གིས་འགྱུར་བ་མེད། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ཉིད་གོམས་ཤིང་བརྟན་པའི་ཚེ།། ཤེས་རིག་མ་ཉམས་གསལ་བའི་རྟགས།། དེ་ལྡན་ཆོས་ཉིད་མངོན་དུ་རྟོགས།། དེ་ཕྱིར་དམ་ཚིག་ཀུན་གྱི་མཆོག། དེ་ལྟའི་རྣལ་འབྱོར་གང་རུང་གིས། ། སྤོང་སྡུད་ཞེན་པ་མེད་པའི་ཕྱིར།། ཡུལ་ནི་མ་འགགས་ཆོས་ཀྱི་དབྱིངས།། བླ་མ་རྡོ་རྗེ་སློབ་དཔོན་ལ།། གཡོ་སྒྱུ་མེད་པའི་དམ་ཚིག་གིས།། འགལ་སེམས་རྡུལ་ཙམ་མེད་པའི་ཕྱིར།། སྤྱོད་པར་མ་ཆགས་ཁོང་ཁྲོ་མེད། ། མཆེད་དང་ལྕམ་དྲལ་ལ་སོགས་པའི།། བརྩེ་གདུང་ཆོས་བྱེད་མི་འགྱོད་པ།། ངེས་དོན་རྟོགས་པའི་ཡེ་ཤེས་ལ།། རིག་པ་སོ་ཐུབ་དགོན་པའི་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན། ། དུས་དང་སྤྱོད་ལམ་ཐམས་ཅད་དུ།། རྒྱུན་དུ་གསལ་ཐེབས་ཆོས་སྤྱོད་ཡིན། དམ་ཚིག་ཆེན་པོའི་ཆོས་ཉིད་ལ།། རྒྱུན་དུ་མི་འབྲལ་ལྷ་དྲན་ཕྱིར།། མཚམས་མེད་བྱས་ཀྱང་ངེས་པའི་དོན།། དེ་ལྡན་ཉེས་པ་རྡུལ་ཙམ་མེད། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། དམ་ཚིག་བསྲུང་ཉམས་མེད་པའི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པ་ཀུན་བཟང་གིས།། ཕྲིན་ལས་རྫོགས་པར་བཀའ་སྩལ་པ། ། དཔེར་ན་ཡིད་བཞིན་ནོར་བུ་ལ།། དགོས་འདོད་ཐམས་ཅད་འབྱུང་བ་བཞིན།། ཡེ་ཤེས་རིག་པའི་དབང་ཐོབ་ཕྱིར།། ཕྱི་ནང་དབང་རྣམས་དེ་ལ་རྫོགས།། ཕྱོགས་བཅུ་ཡེ་ཤེས་ལྷུན་གྲུབ་པས། ། མི་རྟོག་ཡེ་ཤེས་གེགས་བསལ་ནས།། གནོད་བྱེད་མཚམས་བརྟོལ་མེད་པའི་ཕྱིར།། ཕྱི་ནང་མཚམས་ཀུན་དེ་ལ་རྫོགས།། རང་བཞིན་དག་པའི་ངོ་བོ་ལ།། འཁོར་བའི་སྐྱོན་གྱིས་མ་གོས་ཕྱིར།། མ་རིག་རྣམ་རྟོག་སྒྲིབ་མེད་པས། ། དོན་གྱི་བཤགས་པ་དེ་ལ་རྫོགས།། ཡེ་ནས་རང་བྱུང་ཆོས་སྐུ་ལ།། འཁོར་འདས་གཞི་ལ་མེད་པའི་ཕྱིར།། གཉིས་མེད་དོན་ལ་བློ་གནས་པས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། དུག་ཉིད་སྦྱོར་ཤེས་སྨན་གྱི་མཆོག། དུག་ལྔ་རང་གྲོལ་ཡེ་ཤེས་ཀྱིས།། ཉོན་མོངས་བདུད་རྩི་ཆེན་པོ་ལ།། ཡེ་ཤེས་བྱིན་བརླབས་དེ་ལ་རྫོགས།། བག་ཆགས་བརྟས་པའི་སྣང་བ་ལ།། མོས་པའི་ཏིང་འཛིན་དབང་བསྒྱུར་བ། ། འབྱུང་བ་ལྔ་ཡིས་ཀུན་ཁྱབ་པ།། དབང་ཆེན་རིམ་པའི་ཕྲིན་ལས་རྫོགས།། ཕྱོགས་བཞི་རང་བཞིན་ལྷུན་གྲུབ་པས།། རིན་ཆེན་ལྔ་ལས་བྱས་པ་ཡི།། གཞལ་ཡས་ཁང་ཆེན་ཕྲིན་ལས་རྫོགས།། རྟོག་ཚོགས་ལྷ་རུ་གནས་བསྒྱུར་བས། ། འཁྲུལ་སྣང་མེད་པར་གནས་པའི་ཕྱིར།། རིག་ཚོར་དོན་གྱིས་ལྷར་གསལ་བས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། འཁོར་འདས་གཞི་ལ་མེད་པའི་ཕྱིར། ཀུན་ཏུ་བཟང་པོའི་ངོ་བོ་ལས།། སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། ། སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས།། ཡེ་ནས་གནས་པའི་རང་བྱུང་དེ།། རང་ཆས་ཡོད་ཕྱིར་མ་བཙལ་བའི།། ཆོས་ཉིད་དོན་ལ་མི་འགྱུར་བས།། བརྟན་པར་བཞུགས་པའི་ཕྲིན་ལས་རྫོགས། ། གཞི་ལ་སྐྱོན་ཡོན་མེད་པའི་ཕྱིར།། རང་བྱུང་ཕྱི་ནང་མེད་པས་ན།། བཟང་ངན་བླང་དོར་མི་བྱེད་པས།། ཟིལ་གྱིས་མནན་པའི་ཕྲིན་ལས་རྫོགས།། ཡང་དག་སངས་རྒྱས་དགོངས་པ་ལ།། དབྱེར་མེད་གཅིག་ཏུ་རྫོགས་པ་ཡིས། ། ཐམས་ཅད་འདྲེན་པ་ཆེན་པོ་སྟེ།། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། ཡེ་ཤེས་ལྷ་ཡི་ང་རྒྱལ་གྱིས།། ལུས་ངག་ཡིད་ཀྱི་བྱ་བ་ཀུན།། བསྒུལ་བསྐྱོད་ཐམས་ཅད་ཡེ་ཤེས་རོལ།། ཕྱག་རྒྱའི་མཆོད་མ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་མིསསིང་ཏེxཏ་ཨིསསིང་བཞིན་སྙིང་རྗེ་ཆགས། ། ཞེན་པ་གང་ཡང་མེད་པའི་ཕྱིར།། དེ་ཡང་འགག་མེད་རོལ་པ་ཡིན།། གོལ་དང་ལྟུང་བ་མེད་པའི་ཕྱིར།། ཆོས་ཉིད་གཞན་དང་ཕྲག་དོག་མེད།། དེ་ཕྱིར་རང་བྱུང་ཆེན་པོར་ཤར། ། དེ་ཡང་འགག་མེད་རོལ་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། འབྱུང་བ་འདོད་ཡོན་དུག་ལྔ་ཡང།། ཐམས་ཅད་ཡེ་ཤེས་ཆོས་སྐུར་ཤར།། ཀུན་གཞི་རང་བྱུང་དེ་ཤེས་པས།། ཀུན་ལ་དབང་བསྐུར་ཐོབ་པ་ཡིན། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རོལ་པ་འགག་མེད་ཀྱི་གཏན་ཚིགས་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།།།། དེ་ནས་ཀུན་རིག་སྟོན་པ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ། ། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱི།། ངེས་དོན་རྩ་བ་ཆོས་སྐུ་ལ།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་བྱ།། སངས་རྒྱས་སེམས་ཅན་ངོ་བོ་ལ།། རང་བྱུང་ཡིན་ཕྱིར་གཉིས་སུ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དེ་ཉིད་རྟོགས་པས་འཁོར་འདས་དག། དེ་ཕྱིར་མཚན་ཉིད་གཉིས་སུ་མེད།། ཕྱི་དང་ནང་དང་སྣོད་དང་བཅུད།། མཐོ་རིས་ངན་སོང་དགེ་དང་སྡིག། དག་དང་མ་དག་གཙང་རྨེ་དང།། ཡིན་དང་མིན་དང་བླང་དོར་དང། ། བྱ་དང་མི་བྱ་སྐྱོན་ཡོན་སོགས།། ཐ་སྙད་གཉིས་སུ་གསུངས་པ་ཀུན།། དཔེར་ན་རི་བོང་རྭ་བཞིན་དུ།། ཚིག་ཏུ་ཡོད་ལ་དོན་ལ་མེད།། དེ་ཕྱིར་མཚན་ཉིད་གཉིས་མེད་པའི།། གཏན་ཚིགས་ཆེན་པོར་བཞག་པ་ཡིན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་དང་བྲལ་བའི་ཆོས་སྐུ་འདི།། མེད་པ་མ་ཡིན་དྲན་དང་ཚོར།། ཆད་པ་མ་ཡིན་རིག་ཅིང་གསལ།། རྟག་པ་མ་ཡིན་དངོས་པོ་མེད།། གཉིས་སུ་མ་སོང་ཟླ་བོ་མེད། ། གཅིག་ཏུ་མ་སོང་ཀུན་ལ་ཡོད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཅན་རང་གི་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད་པ་ཡི།། ཆོས་རྣམས་རྩ་བ་གཅིག་པའི་དོན།། གཏན་ཚིགས་དག་གིས་ཡིད་ཆེས་བྱ། ། གཉིས་མེད་ཅེས་སུ་བཏགས་པ་ནི།། འདྲེས་པའི་དོན་གྱིས་མ་ཡིན་ཏེ།། གང་དང་མ་འདྲེས་རང་བྱུང་སྐུ།། ཆད་དང་གཉིས་མེད་མ་ཡིན་ཏེ།། སངས་རྒྱས་སྙིང་པོ་ཆོས་སྐུ་ཡོད། ། དེ་ཕྱིར་གཞི་ལ་འཁོར་འདས་མེད།། གཉིས་ཀ་མེད་ཕྱིར་མཐར་མ་རིག། རང་བྱུང་ཆོས་སྐུ་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས།། མཚན་ཉིད་གཉིས་སུ་མེད་པའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ངོ་བོ་ཉིད་དུ་སྔོ་གྲོལ་བ།། གཏན་ཚིགས་ངེས་པར་ཡིད་ཆེས་དོན།། ལུས་ངག་རྩོལ་བ་མེད་པའི་ཕྱིར། ། རང་བྱུང་ཇོ་ལ་འཆིང་གྲོལ་མེད།། དེ་ཕྱིར་ངོ་བོ་ཉིད་དུ་གནས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། གཟུང་འཛིན་སྐྱོན་གྱིས་མ་གོས་པས།། རྣམ་རྟོག་ཇོ་ནི་རང་སར་གྲོལ།། དེ་ཕྱིར་ངེས་དོན་ཡེ་ཤེས་ཀློང། ། ལས་ཀྱི་དབང་དུ་གཞི་མི་འགྱུར།། དེ་ཕྱིར་ཆོས་སྐུ་རྟོགས་པས་གྲོལ།། དེ་ལས་སོགས་པ་གང་ཡང་མེད།། ངེས་པའི་ལུང་ལྡན་ཡིད་ཆེས་པའི།། ངེས་པའི་གདེང་རྙེད་རྣལ་འབྱོར་པས།། མི་ཡི་ལུས་ནི་འདི་ཉིད་། སངས་རྒྱས་འབྲས་བུ་ད་ལྟ་ཐོབ།། དེ་ཕྱིར་རང་བློ་ངོ་བོ་ཉིད།། དུས་འདིར་རྩོལ་བས་བཙལ་དུ་མེད།། འཛིན་མེད་གསལ་བས་སྒོམ་དུ་མེད།། དེ་ཕྱིར་ཡང་དག་དགོངས་པའི་གདེང།། དེ་དང་སུ་ལྡན་རྣལ་འབྱོར་མཆོག། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱང་ཆུབ་སེམས་ནི་རྣམ་དག་པས།། དེ་དོན་རང་བྱུང་དོན་རྟོགས་པས།། སངས་རྒྱས་གཞན་དུ་བསྒྲུབ་མི་དགོས།། དེ་ཕྱིར་ལུང་ལྡན་གདམས་ངག་གཅེས། ། ཆོས་ཉིད་དག་ཏུ་བློ་གྲོལ་ཕྱིར།། ཉོན་མོངས་དུག་ལྔ་རང་སར་གྲོལ།། དེ་ལ་སྐྱོན་གྱིས་མ་གོས་ཏེ།། རང་བྱུང་ལུས་ལ་ཡེ་ཤེས་ཐུགས།། སེམས་ཅན་རང་བློ་འཛིན་པ་མེད།། དེ་ཕྱིར་ཉམས་པ་རྡུལ་ཙམ་མེད། ། ད་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་མ་ལུས་ཐམས་ཅད་ཀུན།། བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང།། ནམ་མཁའ་ཚིག་པར་མི་འགྱུར་བཞིན།། ངེས་དོན་རྟོགས་པའི་རྣལ་འབྱོར་ལ།། ལྷ་སྲིན་མཁའ་འགྲོས་དགྲར་ལངས་ཀྱང། ། གནོད་པས་མི་ཚུགས་ཇི་བཞིན་བྱེད།། དེ་ཕྱིར་ལུང་ལྡན་ཤིན་ཏུ་གཉན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རང་བློ་ངོ་བོ་ཉིད་དུ་གྲོལ་བའི་གཏན་ཚིགས་བསྟན་པའི་ལེའུ་སྟེ་རེ་བདུན་པའོ། །།། དེ་ནས་ཀུན་རིག་སྟོན་པ་ལ།། འདུས་པའི་འཁོར་གྱི་དོན་ཆེད་དུ།། རྡོ་རྗེ་སེམས་དཔས་འདི་སྐད་གསོལ།། ངེས་དོན་གདུལ་བྱ་འབྲས་བུ་ཡི།། སྐུ་གསུམ་སྟོན་པ་ཇི་ལྟར་འབྱུང།། དེ་འཁོར་ལས་ཅན་གང་ལ་གསུངས། ། འགྱུར་མེད་རྒྱུན་གྱི་དཔེ་དོན་གང།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སངས་རྒྱས་ངོ་བོ་སྐུ་གསུམ་ལས། ། ཆོས་སྐུར་རང་བྱུང་རིག་པ་དེ།། དུས་གསུམ་དག་ཏུ་སྐྱེ་འགག་མེད།། འགྲོ་འོང་མེད་པར་ཡེ་ནས་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་ཆོས་སྐུའི་མཐུན་དཔེ་ནི།། འདུས་མ་བྱས་པའི་ནམ་མཁའ་ཆེ། ། དངོས་མེད་ཀུན་ཁྱབ་དུས་གསུམ་གཅིག། མཐའ་དབུས་རིས་སུ་དབྱེ་རུ་མེད།། དེ་དོན་རང་བྱུང་ངོ་བོ་དེ།། ཚིག་ཏུ་བརྗོད་མེད་རང་རིག་སྐུ།། ཐུགས་ལ་གསལ་ཕྱིར་ངེས་ཤེས་པས།། དེ་ཕྱིར་ཀུན་བཟང་ཆོས་ཀྱི་སྐུ། ། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང།། རང་བཞིན་འོག་མིན་བྱང་ཆུབ་ཐུགས།། དེ་ལས་འགྱུར་བ་རྡུལ་ཙམ་མེད།། རང་བྱུང་རིག་པ་རྣམ་པར་དག། སྙིང་པོ་ཆོས་སྐུ་ཐུགས་སྒོ་ན།། རྒྱུ་འབྲས་གཞི་ལ་མེད་པའི་དོན། ། ཆོས་ཉིདརྩོལ་བྲལ་སྙིང་པོ་ཡིས།། འཁོར་འདས་མ་རིག་ལྷུན་རྫོགས་ཆོས།། ཆོས་སྐུ་སྟོན་པ་ཀུན་བཟང་གིས།། དགོངས་པའི་ངེས་དོན་བྱིན་བརླབས་ཀྱིས།། ཕྱོགས་བཅུའི་ཉིད་ལས་མི་གཞན་འཁོར། ། དུས་གསུམ་སངས་རྒྱས་ཉིད་ལ་བཤད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཆོས་སྐུའི་གདུལ་བྱ་བསྟན་པའི་ལེའུ་སྟེ་རེ་བརྒྱད་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་གྞལ་པ། ། གཞའ་ཚོན་རྣམ་ལྔ་མ་འདྲེས་གསལ།། དེ་ཙམ་ཉིད་ནས་དངོས་མེད་ཡིན།། དེ་བཞིན་རང་གི་ངོ་བོ་ཡང།། སྐྱེ་མེད་ཆོས་སྐུ་ཉིད་ཀྱི་རྩལ།། རིགས་ལྔ་སྐུ་མདོག་བརྒྱན་པ་འབྱུང།། དེ་ཕྱིར་ལོངས་སྐུའི་སངས་རྒྱས་ཀུན་གཞི་ཆོས་སྐུའི་གཞི་ཆ་ལ།། སྔ་ཕྱི་བག་ཆགས་མེད་པར་གསལ།། འབྱུང་ལྔའི་རོལ་པ་སྣ་ཚོགས་ཀྱང།། ཞེན་པ་མེད་ཕྱིར་ཆོས་ཉིད་དབྱིངས།། ཡང་དག་ངེས་པའི་འབྲས་བུ་རྙེད། ། ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས།། ལྡེམ་དགོངས་ཕྱི་ནང་གསང་བའི་དོན།། ས་བཅུའི་རིག་འཛིན་སེམས་དཔའ་ལ།། གསང་སྔགས་རང་གི་ངོ་བོས་སྟོན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ལོངས་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་རེ་དགུ་པའོ།།།། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། སྤྲུལ་པའི་སྐུ་ཡི་སངས་རྒྱས་ནི།། ཇི་ལྟར་སྟོན་ཕྱིར་སྤྲུལ་པའི་སྐུ། ། འགྲོ་བའི་དོན་ཕྱིར་གདུལ་བྱ་ལ།། ཅི་རིགས་པར་ནི་དོན་མཛད་དོ།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཞན་དོན་སྤྲུལ་སྐུའི་མཐུན་དཔེ་ནི།། ངེས་མེད་བྲག་ཆ་ཁྱུང་དང་ནི།། སེང་གེ་ཆུ་ཟླ་གཟུགས་བརྙན་དང། ། ཨུ་དུམ་ཝ་རའི་མེ་ཏོག་འདྲ།། སྤྲུལ་སྐུ་རང་གི་ངོ་བོ་ནི།། ཐུབ་པ་དྲུག་ཏུ་སྐུ་སྤྲུལ་ཏེ།། མི་ཡིས་ཤཱཀྱ་ཐུབ་པར་མཐོང།། ལྷ་མི་རྣམས་ཀྱི་སྟོན་པ་ཡིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཞིང་ཁམས་གསུམ་ཀྱི་གནས་འདི་ཡི། ། འགྲོ་དྲུག་སེམས་ཅན་ལས་དག་ནས།། ཚོགས་གཉིས་བསག་ཐབས་ལ་བརྟེན་ནས།། སྒྲིབ་སྦྱངས་འབྲས་བུ་རིམ་གྱིས་འབྱུང།། སྤྲུལ་སྐུའི་གསུང་གི་སྒོ་ནས་ནི།། གང་ལ་གང་འོས་དྲང་དོན་དུ།། དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས། ། སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། སྤྲུལ་སྐུའི་འཁོར་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། ཀུན་རིག་སྟོན་པས་བཀའ་སྩལ་པ།། འབྲས་བུ་ངེས་པར་མཐར་ཐུག་ཕྱིར།། ཆེ་བའི་ཡོན་ཏན་གཏན་ལ་དབབ།། དེ་དོན་ལེགས་པར་ངས་བཤད་ཉོན།། འཁོར་འདས་གཉིས་ཀྱི་གཞི་གྱུར་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ། ། དེ་ལས་འཁོར་འདས་ཐམས་ཅད་སྐྱེས།། གཞི་ལ་འཁོར་འདས་གྲུབ་པ་མེད།། འཁྲུལ་ངོར་བདེན་གྱིས་དོན་ལ་མེད།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དེ་ལ་བསྐྱེད་པར་ནུས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། ། དཔེར་ན་གསེར་རྒྱུ་གཅིག་པ་ལ།། དབྱིབས་དང་གཟུགས་ནི་ཐ་དད་པ།། བྱས་པ་དེ་དག་མིང་རེ་གྲགས།། གྲགས་ཀྱང་གསེར་གྱི་ངོ་བོ་གཅིག། དེ་བཞིན་འཁོར་འདས་སྣ་ཚོགས་ལ།། བླུན་པོ་རྣམས་ཀྱིས་ཐ་དད་བཟུང། ། དེ་ལ་སྤང་སྡུད་ཞེན་པ་བྱས།། གཞི་ལ་ངོ་བོ་གཅིག་ལས་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནོར་བུ་རིན་ཆེན་ལྟར།། རྙེད་པ་ཡོད་ལ་སྟོར་བ་མེད།། རང་བྱུང་ངོ་བོ་རྟོགས་པ་ལ། ། མ་བཙལ་ཡོན་ཏན་ཐམས་ཅད་བྱུང།། དེ་ཕྱིར་ཆོས་སྐུ་ཉིད་ཀྱི་རྩལ།། རྟོགས་པའི་བྱིན་རླབས་སྐུ་གསུམ་བྱུང།། ཆོས་སྐུ་ཀུན་བཟང་ངེས་དོན་ལ།། རྟོགས་པས་ཕྱོགས་ཕྱིར་ཡེ་སངས་རྒྱས།། ད་ཡང་འདུས་པའི་སྙིང་པོ་ཉོན། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐུགས་ཀྱི་སྤྲུལ་པ་བྱུང་བ་ནི།། རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ།། སྣོད་དང་ལྡན་པའི་རིག་འཛིན་ལ།། རྒྱུད་ལུང་གཉིས་ཀྱི་ངེས་པའི་ཆོས། ། སྐྱེ་བ་གཅིག་ཏུ་བསྒྲུབ་གྱུར་ན།། རྡོ་རྗེ་འཆང་གི་ས་ལ་འདུག། ད་ཡང་འདུས་པའི་སྙིང་པོ་ཉོན།། སྨན་མཆོག་རྒྱལ་པོ་ཆེན་པོ་ནི།། ལྷ་ཡི་བདུད་རྩི་མ་གི་ཏས།། ཤི་བ་ཀུན་བསླང་སྨན་གྱི་མཆོག། གང་ལ་རེག་པས་འཚོ་བ་ལྟར། ། ཡང་ཏིག་ཐིག་ལེ་ཉག་གཅིག་ལ།། ངེས་པའི་ལུང་ལྡན་དོན་བསྟན་ན།། ལུས་ངག་རྩོལ་བ་མི་དགོས་ཕྱིར།། བསྟན་དང་སངས་རྒྱས་དུས་མཉམ་བྱུང།། དེ་ཕྱིར་མན་ངག་ཤེས་པས་ཆོག། ད་ཡང་འདུས་པའི་སྙིང་པོ་ཉོན། ། གསུང་གི་སྤྲུལ་པ་ཤཱཀ་ཐུབ་ཀྱིས།། སེམས་ཅན་སྐྱེ་བོ་ལས་དག་ལ།། སྡེ་སྣོད་རྣམ་པ་གསུམ་གྱི་ཆོས།། བསྐལ་པ་གྲངས་མེད་རྣམ་གསུམ་ན།། འབྲས་བུ་བཅུ་གཅིག་ས་གནོན་འདོད།། ད་ཡང་འདུས་པའི་སྙིང་པོ་ཉོན། ། དཔེར་ན་དཔག་བསམ་ལྗོན་ཤིང་ལས།། བསོད་ནམས་ཆེ་ཆུང་རིམ་པ་ཡིས།། འབྲས་བུ་སྣ་ཚོགས་རབ་འབྲིང་འབྱུང།། དེ་ཕྱིར་ལས་དང་རྐྱེན་ལས་འབྱུང།། དེ་བཞིན་དྲང་དོན་ཆོས་རྣམས་ཀུན། ། གང་ཟག་བློ་ཡི་རིམ་པ་ལ།། ཅི་རིགས་པ་ཡི་ཆོས་བསྟན་པས།། འབྲས་བུ་ལྷ་དང་མི་རུ་སྐྱེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་ཆོས་ཀྱིས་སངས་མི་རྒྱ།། ཨ་མྲའི་འབྲས་བུ་སྨིན་མི་སྲིད།། མ་རྟོགས་ཆོས་ཀུན་ཅི་སྤྱད་ཀྱང། ། རྣམ་པར་གྲོལ་བར་མི་འགྱུར་རོ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རང་རིག་འབྲས་བུ་མཐར་ཐུག་པའི་ལེའུ་སྟེ་དོན་གཅིག་པའོ།།།། དེ་ནས་འདུས་པའི་འཁོར་རྣམས་ལ། ། འགྱུར་མེད་དོན་གྱི་དཔེ་དོན་ནི།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཆུ་བོ་ཆེན་པོའི་དཔེ་བཞི་ཡིས།། མི་འགྱུར་དོན་ཆེན་དེས་མཚོན་པ།། བཤད་ཀྱང་འཁོར་རྣམས་ལེགས་པར་ཉོན།། ཆུ་གཞན་སྐྱེ་འབྲི་ཡོད་མོད་ཀྱི། ། ཆུ་བོ་ཆེན་པོ་གང་གཱ་ལ།། དབྱར་སྐྱེ་དགུན་འབྲི་མེད་པར་ནི།། རྒྱུན་མི་ཆད་པར་རྟག་པ་བཞིན།། རང་བྱུང་སྐྱེ་མེད་རྣལ་འབྱོར་ལ།། དུས་དང་རྣམ་པ་ཐམས་ཅད་དུ།། ལྟ་བ་འཕེལ་འགྲིབ་མེད་པར་ནི། ། ཡེ་ཤེས་ཆེན་པོ་རྒྱུན་མི་ཆད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་གཞན་མཚོ་རབ་ཡོད་མོད་ཀྱང།། ཆུ་བོ་ཆེན་པོ་པཀྵུ་ལ།། གཏིང་ལ་རིང་ཐུང་མེད་འབབ་ཅིང།། དྲག་དལ་མེད་པར་སྙོམས་པ་བཞིན།། ཐེག་གཞན་རེས་འཇོག་ཡོད་གྱུར་ཀྱང། ། ངེས་དོན་ཆོས་གྱི་ཏིང་འཛིན་ལ།། ཐུན་མཚམས་མེད་པར་རྒྱུན་དུ་གནས།། དེ་ཕྱིར་འབྱུང་འཇུག་མེད་པར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་གཞན་འགྱར་འགྱུར་ཡོད་མོད་ཀྱང། ། ཆུ་ཆེན་ནཻ་རཉྫ་ན་ལ།། ཀྱག་ཀྱོག་མེད་པར་དལ་འབབ་ཅིང།། དྲང་པོར་འགྱུར་བ་མེད་པ་བཞིན།། ཐེག་གཞན་ཇང་དོར་ཆེད་བྱེད་ཀྱང།། ངེས་དོན་ཡང་ཏི་རྫོགས་ཆེན་ལ།། བཟང་ངན་ཆེ་ཆུང་མེད་པར་མཉམ། ། ངེས་དོན་རྟོགས་པའི་འབྲས་བུ་ནི།། གོལ་སྒྲིབ་ལྷད་མེད་ངེས་པའི་ཆོས།། འགྲོ་བ་ཀུན་ལ་ཕན་པའི་ཆོས།། ཕྱི་མ་མ་ཡིན་དུས་འདིར་འབྱུང།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆུ་བོ་བཞི་འདུས་རྒྱ་། ཆུ་བྲན་མང་པོ་ཀུན་འདུས་ཕྱིར།། རྒྱ་མཚོ་ཆེན་པོར་རོ་གཅིག་ཀྱང།། ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ།། ལྟ་སྒོམ་སྤྱོད་པ་འབྲས་བུ་འདུས།། དེ་ཕྱིར་རང་རིག་ཆོས་སྐུ་ཉིད།། དེ་རྩལ་སྣང་བ་ཆོས་དབྱིངས་ལ། ། གང་ཡང་མ་འགགས་ལྷུན་གྱིས་གྲུབ།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། འགྱུར་བ་མེད་པའི་དཔེ་དོན་མཐར་ཐུག་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ཀུན་རིག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོངས་དོན་འདི་སྐད་གསོལ།། མཚན་ཉིད་སངས་རྒྱས་ཇི་ལྟར་བཞེད།། ཀྲི་ཡ་སངས་རྒྱས་ཇི་ལྟར་འདོད།། བསྐྱེད་རྫོགས་གཉིས་ཀྱི་སངས་རྒྱས་གང། ། ཡང་ཏི་སངས་རྒྱས་ཇི་ལྟར་གནས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཉན་ཐོས་རང་རྒྱལ་མདོ་སྡེ་ནི། ། བསྐལ་པ་གྲངས་མེདགསུམ་དུ་ནི།། ཚོགས་ནི་རྣམ་པ་གཉིས་བསགས་ཏེ།། ལམ་ལྔ་རིམ་གྱིས་དགྲོད་བྱས་ནས།། དཀའ་ཐུབ་མཐར་ཕྱིན་འབྲས་བུར་ངེས།། བུད་མེད་ལུས་བོར་ཕོ་ལུས་ཐོབ།། བདེན་བཞི་སྤང་བླང་ཉན་ཐོས་ཀྱི། ། ས་རྣམས་གནོན་པའི་འབྲས་བུ་ནི།། དགྲ་བཅོམ་ཆེན་པོ་སྡུག་བསྔལ་བྲལ།། ཚངས་པར་སྤྱོད་པ་དགེ་སློང་ཚོགས།། བདེ་སྐྱིད་ལྡན་པ་སྤྲུལ་སྐུའི་ཚུལ།། བྱ་བ་བྱས་ཤིང་བྷཱ་ར་ཧན།། ཟག་པ་མེད་ཅིང་འཁོར་བ་སྟོངས། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་ཏི་རྫོགས་ཆེན་ལ་ལྟོས་ན།། འགྲོ་དོན་མི་བྱེད་ཐབས་དང་བྲལ།། ཆོས་སྐུ་མ་རྟོགས་ཤེས་རབ་བྲལ།། ལུང་ལྡན་ངེས་པའི་དོན་མ་མཐོང།། ཐབས་དང་ཤེས་རབ་བྲལ་པའི་ཕྱིར། ། ཉན་ཐོས་རང་རྒྱལ་ཉིད་དུ་ལྟུང།། དེ་ཕྱིར་ངེས་པའི་སངས་རྒྱས་མིན།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱང་ཆུབ་སེམས་དཔའི་འབྲས་བུ་ཡང།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ། འགྲོ་བའི་དོན་དུ་དཀའ་སྤྱད་ཀྱི།། ཐབས་ཀྱི་ཕ་རོལ་ཕྱིན་པ་བཅུས།། སྒྲིབ་གཉིས་སྦྱང་ནས་ཚོགས་གཉིས་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན། ཀུན་ཏུ་འོད་ཀྱི་ས་ལ་ནི།། མི་ལུས་མེད་པར་ལོངས་སྐུའི་ཚུལ། ། མཚན་དང་དཔེ་བྱད་ཐམས་ཅད་ལྡན།། དོན་དམ་རང་བཞིན་མེད་པའི་ཕྱིར།། སངས་རྒྱས་ཆེ་བའི་ཆོས་ཀུན་མཁྱེན།། གདུལ་བྱ་འཁོར་གྱིས་ལོངས་སྐུ་མཐོང།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱང། ། ཡང་ཏི་རྫོགས་ཆེན་ལ་ལྟོས་ན།། ངེས་དོན་སྙིང་པོ་མ་མཐོང་ཕྱིར།། གཞི་ན་མ་རིག་ཡོད་པས་ན།། རྩོལ་བ་བྱས་པས་ཆོས་སྐུ་བསྒྲིབས།། དེ་ཕྱིར་ཡང་དག་སངས་རྒྱས་མིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱུ་མཚན་ཉིད་ཀྱི་སངས་རྒྱས་བསྟན་པའི་ལེའུ་སྟེ་དོན་གསུམ་པའོ།།།། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཀྲི་ཡ་ལྷ་དང་ལྷ་མོ་དང།། ཕོ་མོ་གཉིས་ཀྱི་ཚུལ་དུ་གནས། ། རིགས་གསུམ་མགོན་པོ་སངས་རྒྱས་པ།། བྲམ་ཟེའི་ཚུལ་དུ་གཙང་སྤྱོད་པས།། དག་པའི་སངས་རྒྱས་འབའ་ཞིག་འདོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུ་། གཟུགས་བརྙན་ཆུ་ཟླ་ལྟ་བུ་དེས།། འགྲོ་དོན་སྨོན་ལམ་སྟོབས་ཀྱིས་བྱེད།། དེ་ཕྱིར་དག་པའི་སངས་རྒྱས་འདོད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། འབྲས་བུ་ཕྱག་རྒྱ་བཞི་བསྒྲུབས་ཏེ། ། འབྲས་བུ་སྟུག་པོ་བཀོད་པའི་སར།། ཆོས་ཀྱི་དབྱིངས་སུ་སངས་རྒྱས་འདོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཐབས་དང་ཤེས་རབ་བདེ་སྤྱོད་ནི།། ལྷ་དང་ལྷ་མོ་ཀུན་ཀྱང་ནི། ། ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན།། སེམས་དཔའ་སེམས་མ་མང་པོ་ཀུན།། འཇིག་འབྲལ་མེད་ལ་ཡེ་ཤེས་ལྷ།། ཆགས་པའི་ཚུལ་གྱི་བཏེག་པའི་ཚུལ།། ལག་བཅངས་འཁྱུད་པ་ཙམ་གྱིས་ཀྱང།། བདེ་བ་ཆོས་ཀྱི་དབྱིངས་སུ་སྨིན། ། གསང་སྔགས་ཐབས་ཆེན་འབྲས་བུའི་མཆོག། སངས་རྒྱས་ས་ན་འཇའ་ཚོན་བཞིན།། རང་བཞིན་མེད་པ་སྐྱེ་ཤི་བྲལ།། རྣམ་པར་སྣང་མཛད་ལ་སོགས་པའི།། སངས་རྒྱས་བདེ་སྐྱིད་ཀུན་ལྡན་ཕྱིར། ། གཞལ་ཡས་དཀྱིལ་འཁོར་ཞིང་ཁམས་རྣམས།། བསམ་པ་ཙམ་གྱིས་རང་བཞིན་འབྱུང།། དཔེར་ན་འཕྲུལ་དགའི་ལོངས་སྤྱོད་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀྲི་ཡོག་སངས་རྒྱས་ཀྱང།། ཡང་ཏི་རྫོགས་ཆེན་ལ་ལྟོས་ན། ། རྩེད་མོ་འདྲ་སྟེ་ལ་ཏ་སློབ།། ཡང་དག་ངེས་དོན་མ་ཤེས་པས།། རེ་དོགས་ཡོད་ཕྱིར་ལྷུན་གྲུབ་མིན།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། གསང་སྔགས་ཕྱི་རྒྱུད་ཀྱི་སངས་རྒྱས་བསྟན་པའི་ལེའུ་སྟེ་དོན་བཞི་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། རྣལ་འབྱོར་ཆེན་པོའི་སངས་རྒྱས་ནི།། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས།། ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར། ། དཀྱིལ་འཁོར་མ་ལུས་རང་ལ་རྫོགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་བསྒྲུབས་སངས་རྒྱས་སྐྱེ་བ་འདིས།། རྡོ་རྗེ་འཆང་གི་ས་ནོན་ཚེ།། ཐབས་དང་ཤེས་རབ་བདེ་སྤྱོད་པ།། དགའ་འདུས་ཕོ་མོའི་དཔེ་བཞིན་དུ། ། འཁྲིག་པའི་སྦྱོར་བས་ཐབས་ཀྱིས་ནི།། སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཞི་ཁྲོའི་ལྷ་ཚོགས་རྒྱན་དང་བཅས།། འདོད་ཆགས་འཁྲིག་པའི་ཚུལ་དུ་གནས། ། བདེ་སྐྱིད་སངས་རྒྱས་ངོ་བོ་ལ།། ཡེ་ནས་ལྷ་ཡི་དཀྱིལ་འཁོར་ཉིད།། གྲངས་ཀྱིས་མི་ལངས་ཕོ་མོ་ཀུན།། འགྲོ་དོན་མ་ལུས་དུས་གཅིག་བྱེད།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། ཆོས་རྣམས་རྣམ་རྟོག་དབྱེར་མེད་པས། ། ནམ་མཁའ་སྟོང་འབྱུང་སྣ་ཚོགས་བཞིན།། སྐྱེ་ཤི་མེད་པ་སྨོས་ཅི་དགོས།། དུས་འདིར་འབྱུང་བས་ཁྱད་པར་འཕགས།། དེ་ཕྱིར་ཐབས་ལ་བརྟེན་པའི་མིས།། འབྲས་བུ་བྱང་ཆུབ་ཆུད་མི་འཛའ།། ཐབས་ཀྱི་ནང་ན་དམ་པའི་མཆོག། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྗེས་སུ་རྣལ་འབྱོར་སངས་རྒྱས་ནི།། མ་བསྐྱེད་རྫོགས་པའི་ཡེ་ཤེས་ཀློང།། ལྷ་ཡི་དཀྱིལ་འཁོར་རང་བྱུང་སྐུ། ཀུན་བཟང་རོལ་པ་ཐབས་ཀྱི་ཡབ།། ཀུན་ཏུ་བཟང་མོ་ཤེས་རབ་ཡུམ། ། རང་ལ་རྫོགས་པས་བསྐྱེད་མི་དགོས།། བཙལ་དུ་མེད་པས་སྐྱེ་ཤི་མེད།། འདུ་འབྲལ་མེད་པའི་སངས་རྒྱས་ལ།། ཀུན་ཏུ་བཟང་པོའི་ས་ཞེས་གདགས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་རྒྱུད་ལུང་། ཡང་ཏི་རྫོགས་ཆེན་ལ་ལྟོས་ན།། རང་བྱུང་ངེས་དོན་མ་ཤེས་པས།། ཆེད་དུ་བྱེད་པའི་རྩོལ་བས་བསྒྲིབས།། རེ་དོགས་ཕྲ་མོ་ཡོད་པའི་ཕྱིར།། ངེས་ལུང་མ་ཤེས་སྣང་བར་འཆོལ། ། གཟུགས་ཅན་སངས་རྒྱས་འདོད་པའི་ཕྱིར།། ཆོས་སྐུའི་སངས་རྒྱས་དོན་ལ་བསྒྲིབས།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཐེག་དགུའི་རྒྱུད་ལུང་གི་སངས་རྒྱས་བསྟན་པའི་ལེའུ་སྟེ་དོན་ལྔ་པའོ། །།། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཐིག་ལེ་ཉག་གཅིག་མངོན་ཕྱུང་ནས།། ལུང་བསྟན་ངེས་པའི་དོན་ཕྱིར་དུ།། རྣམ་སྨིན་ལུས་དང་བྲལ་མ་ཐག། ཐོག་མཐའ་མེད་པའི་སངས་རྒྱས་ཆེ། ། སྐད་ཅིག་གཅིག་ལ་མ་རིག་སངས།། ལུས་མེད་རིག་པའི་ཡེ་ཤེས་རྒྱས།། རང་བྱུང་ཐུགས་ལ་སྐྱེ་ཤི་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྡན།། ནམ་མཁའ་ཉི་མའི་སྙིང་པོ་འདྲ། ། ད་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་ལུས་ཅན་སངས་རྒྱས་ལ།། སེམས་ཅན་མེད་ཕྱིར་དོན་མི་དགོས།། རང་བྱུང་རིག་པའི་ཆོས་སྐུ་ལ།། རང་ལ་ཡོད་པ་ངོ་ཤེས་ཕྱིར།། ཆེད་དུ་རྩོལ་བས་བསྒྲུབ་མི་དགོས། ། རང་བྱུང་རིག་པའི་ཆོས་སྐུ་ལ།། དུས་གསུམ་འཁྲུགས་ཀྱང་འཕོ་འགྱུར་མེད།། སྟོང་གསུམ་ཞིག་ཀྱང་ཉམས་མི་སྲིད།། རང་བྱུང་ཆོས་སྐུ་ཁ་མིག་ཅན།། དེ་ཡི་གཟུགས་བརྙན་གཟུགས་སྐུ་གཉིས།། མ་བཙལ་འབྱུང་བ་ཆོས་ཀུན་སྟོན། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱུད་ལུང་ཉན་ཐོས་ཡན་ཆད་ན།། འབྲས་བུ་གཟུགས་སྐུ་འབྱུང་མི་སྲིད།། ཡིད་སྨོན་གྱིས་ནི་སངས་རྒྱས་ཀྱང།། ངེས་དོན་ཡང་ཏིག་སངས་རྒྱས་མིན། ། དུས་དང་རྣམ་པ་ཐམས་ཅད་ཀྱང།། འདུས་མ་བྱས་པའི་སངས་རྒྱས་ནི།། དངོས་མེད་རང་བྱུང་རིག་པའི་སྐུ།། དེ་དོན་ཆོས་སྐུ་ཤེས་པ་ལ།། དྲང་བའི་དོན་དུ་གཟུགས་སྐུ་འབྱུང།། ཐབས་ལ་མི་བརྟེན་ཡོན་ཏན་རྫོགས། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཡང་དག་པར་ངེས་དོན་སངས་རྒྱ་བར་བསྟན་པའི་ལེའུ་སྟེ་དོན་དྲུག་པའོ།།།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་ལ་ཕན་གདགས་ཕྱིར། ། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། རིག་འཛིན་སེམས་དཔའི་དོན་ཆེད་དུ།། སངས་རྒྱས་རྟོགས་པ་བཤད་དུ་གསོལ།། རྒྱལ་སྲས་སྤྲུལ་པའི་དོན་ཆེད་དུ།། རིག་འཛིན་རྟོགས་པ་བཤད་དུ་གསོལ། ། མཁའ་འགྲོ་རྣམས་ཀྱི་དོན་ཆེད་དུ།། རྒྱལ་སྲས་རྟོགས་པ་འདིར་གསུངས་ཤིག། དད་ཉན་རྣལ་འབྱོར་དོན་ཆེད་དུ།། མཁའ་འགྲོའི་རྟོགས་པ་འདིར་སྨྲོས་ཤིག། དེ་སྐད་ཞུས་པའི་དོན་གསན་ནས། ། ཀུན་རིག་སྟོན་པས་བཀའ་གྞལ་པ།། ད་ཡང་འདུས་པའི་འཁོར་བཞི་ཀུན།། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ།། རང་སེམས་ཆོས་སྐུའི་དོན་རྟོགས་པས།། རང་རང་ཐུགས་ལ་མངའ་བ་ཡིས།། ཚིག་ཏུ་མཚོན་པ་འདིར་སྨྲོས་ཤིག། ། རྡོ་རྗེ་གསང་བའི་རིན་ཆེན་སྙིང།། དྲི་མེད་གྲགས་པ་ལས་རབ་གྲུབ།། ཞི་བ་བདེ་དང་ཉི་མའི་འོད།། ནམ་མཁའི་སྙིང་པོ་འབུམ་གཟིགས་རྣམས།། གོ་རིམ་བཞིན་དུ་རྟོགས་བརྗོད་ཕྱིར།། ངེས་པའི་དགོངས་། རང་སེམས་དངོས་པོ་མེད་པ་ལ།། རིག་པ་སྟོང་པའི་ངང་ལ་གནས།། དེ་ཕྱིར་རང་བྱུང་ཆོས་ཀྱི་སྐུ།། དེ་ལ་སྐྱོན་གྱིས་གོས་པ་མེད།། ད་ནི་དགོངས་དོན་འདིར་གསུངས་པ། ། རང་བྱུང་རིག་པའི་ཡེ་ཤེས་ལ།། དངོས་པོ་མཚན་མ་མེད་པའི་ཕྱིར།། གང་ལ་འདུ་ཤེས་མེད་འཇུག་པ།། རྟོག་མེད་གསལ་བ་སྒོམ་པའི་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། དུས་གསུམ་སྐྱེ་འགག་མེད་པའི་ཕྱིར། ། རང་རིག་ཆོས་སྐུ་ཡེ་ཤེས་གསལ།། ལྔ་ཕྱི་ད་ལྟ་མེད་པར་གནས།། དེ་ལས་མི་འདའ་ཆོས་ཉིད་ལ།། དེ་དོན་མི་རྟོག་དགོངས་པའི་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། སངས་རྒྱས་ཐུགས་ནི་ཆོས་ཀྱི་སྐུ། ། ཕུང་པོ་མེད་ཕྱིར་རྒུད་པ་མེད།། སྐྱེ་ཤི་མེད་པ་རང་བྱུང་སྐུ།། དེ་ཉིད་རྟོགས་པ་བལྟ་བ་ལ།། དེ་དོན་ཡེངས་མེད་བསྒོམ་པའི་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། ངོ་བོ་ཡེ་ནས་སངས་རྒྱས་ཕྱིར། ། འཁོར་འདས་མེད་པར་རྣམ་པར་དག། སྐྱེ་ཤི་མེད་པའི་རིག་པ་འདི།། དུས་གསུམ་མི་འགྱུར་དགོངས་པ་ཡིན།། ཡང་ནི་དགོངས་དོན་འདིར་གསུངས་པ།། རྒྱུ་རྐྱེན་མ་སྐྱེས་འབྲས་བུ་ལ།། ལུང་ལས་མ་བྱུང་ཡེ་ཤེས་ཤར། ། སེམས་ལས་མ་བྱུང་ཆོས་སྐུ་རྟོགས།། དེ་དང་མི་འབྲལ་དགོངས་པའི་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། ཆོས་ཉིད་ངང་ལས་དངོས་པོ་མེད།། དེ་ཕྱིར་མཚན་མ་རང་སར་གྲོལ། ། དེ་ཕྱིར་ཐིག་ལེ་ཉག་གཅིག་ལ།། ཡེངས་མེད་འབྲས་བུ་སངས་རྒྱས་ཉིད།། ཡང་ནི་དགོངས་དོན་འདིར་གསུངས་པ།། སེམས་ཀྱི་ཡུལ་འདས་བྱང་ཆུབ་ཐུགས།། རང་ལ་བལྟས་པས་ཡེ་ཤེས་མཐོང།། དེ་དོན་དངོས་མེད་བྱང་ཆུབ་སྐུ། ། དེ་ལས་མ་ཡེངས་ངེས་དོན་མཆོག། ཡང་ནི་དགོངས་དོན་འདིར་གསུངས་པ།། དངོས་པོར་མ་མཐོང་ཆོས་སྐུར་མཐོང།། བསྒོམ་དང་མི་བསྒོམ་ཐ་སྙད་བྲལ།། གང་ལའང་མི་གནས་རིག་པར་ཤར། ། དེ་དོན་སངས་རྒྱས་དགོངས་པ་ཡིན།། ཡང་ནི་དགོངས་དོན་འདིར་གསུངས་པ།། ངེས་པའི་རང་རིག་ཡེ་ཤེས་ལ།། གང་ཡང་མི་བསམ་དྲན་མེད་དེ།། ཡིད་ཆེས་གདེང་དང་ལྡན་པ་མཆོག། དེ་ལ་འགྱུར་མེད་ཆོས་ཀྱི་སྐུ། ། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་ཀྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་དོན་བདུན་པའོ།།།། དེ་ནས་ཀུན་བཟང་སྤྱན་ཇར་ནི།། རིག་འཛིན་རྟོགས་པ་བརྗོད་པའི་ཕྱིར། ། ཇོ་གྲོས་གཙོ་དང་རྣམ་དག་སྙིང།། དམ་པའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་ཇ་མ་རྒྱལ་མཚན་འཛིན།། རྣམ་པར་གྲོལ་བ་ཏིང་འཛིན་དབང།། ཆོས་དབང་དང་ནི་བསོད་ནམས་བརྩེགས།། བདུད་འཇོམས་དང་ནི་སེང་གེའི་སྒྲ། ། རིན་ཆེན་མཐོང་དང་བརྩེ་བ་ཅན།། དབང་ཕྱུག་གཙོ་དང་ཡིད་དགེ་དང།། མཐོང་དགའ་བདེན་མོས་གསུང་བརྩེགས་རྣམས།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། ངེས་པའི་གདེང་ཉམས་བརྗོད་པ་ནི། ། སྤངས་ན་རྩོལ་བའི་གོལ་སྒྲིབ་ཡིན།། སྤང་སྔང་མེད་པའི་དོན་རྟོགས་ན།། ངེས་དོན་དགོངས་པ་དེ་ལས་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། གསལ་ལ་མ་ཡེངས་ཆོས་ཀྱི་། མ་བསྒོམས་འབྲལ་མེད་ཏིང་ངེ་འཛིན།། དམིགས་སུ་མེད་པས་ནམ་མཁའ་འདྲ།། འདུ་འབྲལ་མེད་པས་རྒྱུན་དུ་གནས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། སེམས་ལ་གཉེན་པོ་མེད་པས་ནི། ། བསམ་པའི་ཡུལ་ལས་འདས་པས་ན།། གཞན་ནས་མ་འོངས་རྒྱུན་མི་ཆད།། དེ་ཉིད་རང་རིག་ཆོས་སྐུར་རྟོགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་རིག་པ་རང་ཤར་ཕྱིར།། མ་རིག་མུན་པ་རྩད་ནས་གཅོད། ། དེ་ལ་གཉེན་པོས་བཅོས་སུ་མེད།། གདོད་ནས་རང་བྱུང་སངས་རྒྱས་ཐུགས།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཆོས་ཉིད་ཡེ་ནས་མ་བཅོས་པའི།། དེ་ཉིད་ནམ་མཁའི་རང་བཞིན་ལྟར།། སྐྱེ་མེད་རང་གསལ་ཆོས་ཉིད་ལ། ། རྒྱུན་དུ་འབྲལ་མེད་བྱང་ཆུབ་ཀློང།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་དག་པས་པདྨ་འདྲ།། འཁོར་བའི་སྐྱོན་གྱིས་མ་གོས་པ།། དེ་ཕྱིར་ཆོས་ཉིད་ངང་ལ་ནི། ། འབྲལ་མེད་བྱང་ཆུབ་སེམས་སུ་གསལ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཟབ་མོའི་མིང་ནི་ཅིར་བཏགས་ཀྱང།། དཔེས་ཀྱང་མཚོན་མེད་བརྗོད་ལས་འདས།། དམིགས་པའི་ཡུལ་བྲལ་ཆོས་ཀྱི་སྐུ། ། དེ་ལས་མི་འགྱུར་ཉམས་ཀྱི་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ཆོས་སྐུ་མཐའ་དབུས་མེད།། དེ་ལས་མ་ཡེངས་རྩོལ་བསྒྲུབ་འདས།། མཚོན་དུ་མེད་པས་རྐྱེན་མི་ཚུག། དེ་ཕྱིར་དུས་གསུམ་འབྲལ་བ་མེད། ། ཡང་ནི་གདེང་ཉམས་འདིར་གསུངས་པ།། སྙིང་པོ་ཆོས་སྐུའི་རིག་འཛིན་དེ།། ལྷུན་གྱིས་གྲུབ་ཕྱིར་ཡེ་ཤེས་ཀློང།། དེ་ཡི་ངང་ལ་འཁོར་བ་མེད།། དེ་ཕྱིར་སངས་རྒྱས་དགོངས་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ། ། འབྱུང་བཞི་ཞིག་པའི་ནམ་མཁའ་བཞིན།། ཆོས་ཉིད་སྙིང་པོ་རིག་པ་ནི།། ཡེ་ཤེས་རང་གསལ་འགྱུར་བ་མེད།། དེ་ཕྱིར་བསྒོམ་མེད་བྱང་ཆུབ་སྐུ།། ཡང་ནི་གདེང་ཉམས་འདིར་གསུངས་པ། ། མཚན་མའི་ཡུལ་མེད་བྱང་ཆུབ་ལམ།། དེ་ལས་མ་བཙལ་རང་བཞག་ན།། ཡང་དག་དོན་གྱི་དགོངས་པ་སྟེ།། དེ་ཉིད་མི་འབྲལ་བསྒོམ་པའི་མཆོག། ཡང་ནི་གདེང་ཉམས་འདིར་གསུངས་པ།། མངོན་སུམ་མི་གནས་ཆོས་སྐུ་ལ། ། ཐ་དད་བྲལ་བས་ཡེ་ཤེས་ཀློང།། དེ་ལས་མཚོན་པའི་མིང་མ་རྙེད།། དེ་ལས་མ་གཡོས་བསྒོམ་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། བསྒོམས་པས་རྙེད་པར་མི་འགྱུར་ཏེ། ། མ་བསྒོམས་པས་ཀྱང་སྟོར་བྲལ་མེད།། དེ་ཕྱིར་ཆོས་ཉིད་འབྲལ་བ་མེད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རང་བྱུང་ཆོས་ཉིད་ནམ་མཁའ་འདྲ།། དེ་བཞིན་ཏིང་འཛིན་སྤྲོས་མེད་གསལ། ། དེ་ལ་གཉེན་པོས་བཅོས་སུ་མེད།། དེ་ཕྱིར་འབྲལ་མེད་དགོངས་པ་ཡིན།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཡུལ་གྱི་མཚན་མ་སྣ་ཚོགས་པ།། དེ་ཙམ་ཉིད་ནས་རང་བཞིན་ཤེས།། དེ་ཕྱིར་སེམས་རྟོགས་ཆོས་སྐུར་གསལ། ། ཡང་ནི་གདེང་ཉམས་འདིར་གསུངས་པ།། གང་ཡང་མ་སྤངས་སྐྱོན་མ་གོས།། འགྲོ་འོང་མེད་པར་རྒྱུན་དུ་གནས།། བྱིང་རྒོད་རྐྱེན་གྱི་དབང་མི་འགྲོ།། དེ་ལས་སྒྲིབ་མེད་སངས་། ཡང་ནི་གདེང་ཉམས་འདིར་གསུངས་པ།། མ་བཙལ་རང་ལས་རྙེད་པའི་ཕྱིར།། ལྷག་མཐོང་དྲན་པ་བལྟ་བའི་གཟུངས།། དེ་ཕྱིར་མི་འབྲལ་བསྒོམ་པའི་གདེང།། ཡེ་ནས་ཡོད་པས་སྟོར་བྲལ་མེད། ། ཡང་ནི་གདེང་ཉམས་འདིར་གསུངས་པ།། བསྒོམ་མེད་དམིགས་དང་བྲལ་བའི་ཕྱིར།། ཕྱག་རྒྱ་བསྒྱུར་མི་དགོས་པར་ངེས།། གསུང་མེད་རིག་པའི་དགོངས་པ་ཡིན།། ཡེ་ཤེས་ཐུགས་ལ་འགྱུར་བ་མེད། ། གཞན་ཡང་རིག་འཛིན་སེམས་དཔའི་ཚོགས།། བསམ་གྱིས་མི་ཁྱབ་གྲངས་ལས་འདས།། རང་རང་གདེང་ཉམས་འདིར་གསུངས་པ།། དེ་དོན་ངེས་པ་ཆོས་སྐུར་གཅིག། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རིག་འཛིན་སེམས་དཔའ་རྣམས་ཀྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་དོན་བརྒྱད་པའོ།།།། དེ་ནས་རྒྱལ་སྲས་སྤྲུལ་པའི་ཚོགས།། ཚངས་པ་བརྒྱ་བྱིན་རྒྱལ་པོ་བཞི།། ཐག་བཟང་རིས་དང་གང་བ་བཟང། ། མཁའ་ལྡིང་རྒྱལ་པོ་རྟ་མགོ་ཅན།། ཟུར་ཕུད་ལྔ་པ་ནོར་སྲུངས་དང།། མགྲིན་བཅུ་དང་ནི་ཀླུ་རྒྱལ་རྣམས།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། ངེས་དོན་རྟོགས་པ་འདིར་གསུངས་པ།། རྩོལ་བསྒྲུབ་བྲལ་བ་བྱང་ཆུབ་ཐུགས། ། རེ་དོགས་མེད་པས་གོལ་ས་མེད།། དེ་དོན་མ་བྲལ་ཆོས་ཉིད་ལ།། རྒྱུན་དུ་འབྲལ་མེད་ཡེ་ནས་ཡོད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། སྣང་བ་ཆོས་དབྱིངས་རྟོག་མེད་ལས།། སྒྲོ་སྐུར་བྲལ་བ་ཆོས་ཀྱི་དབྱིངས། ། དེ་ཉིད་དུས་མཉམ་རང་གསལ་བ།། སངས་རྒྱས་ཀུན་གྱི་དགོངས་པར་གོ། ཡང་ནི་རྟོགས་དོན་འདིར་གསུངས་པ།། གོལ་ས་མེད་པའི་ལྟ་བ་ལ།། བྱིང་རྒོད་བྲལ་བའི་བསྒོམ་པར་གསལ། ། ཕྲག་དོག་མེད་པའི་སྤྱོད་པ་དེ།། དེ་ཉིད་ཡེ་ཤེས་ཆོས་ཉིད་ཀློང།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ནོར་བུ་ཆུ་དངས་དཔེ་བཞིན་དུ།། དྲན་པ་ཙམ་གྱིས་མ་རིག་སངས།། བཙལ་དུ་མེད་པས་ཡེ་ཤེས་རྒྱས། ། དེ་དུས་ཉིད་ན་གཟུགས་སྐུ་འབྱུང།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ངེས་དོན་ལུང་ལ་ཡིད་ཆེས་པས།། ཐེ་ཚོམ་མེད་ལས་རང་བྱུང་གསལ།། རིག་པ་མི་འགག་བདེ་ཆེན་ཀློང།། དེ་ལས་མི་འགྱུར་དགོངས་པར་ཤེས། ། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཡུལ་གྱི་མཚན་མ་ཅིར་སྣང་ཡང།། ཡིད་ཀྱིས་དགག་སྒྲུབ་མེད་པར་ནི།། ཆོས་དབྱིངས་གདེང་ལྡན་ངེས་དོན་ལ།། སྤང་དང་སྡུད་པའི་ཞེན་མེད་དོ།། ཡང་ནི་རྟོགས་དོན་འདིར་གསུངས་པ། ། ལུང་ལ་ཡིད་ཆེས་དགོངས་པ་མེད།། ཟབ་ལ་རྒྱ་ཆེ་དགོངས་པ་གསལ།། དེ་དོན་རྟོགས་གོམས་འབྲས་བུ་ལ།། སངས་རྒྱས་ངེས་པ་དེ་ལ་བྱ།། ཡང་ནི་རྟོགས་དོན་འདིར་གསུངས་པ། ། ཚེ་རབས་ཀུན་ཏུ་མཐུ་བརྟས་པས།། སྔ་ཕྱི་ཞེན་པའི་རྟོག་པ་ལ།། མ་ཡེངས་ཆོས་ཉིད་རང་གསལ་བ།། དེ་ལས་བསྒོམ་པ་རྡུལ་ཙམ་མེད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། རང་བྱུང་ངེས་དོན་རྒྱུན་མི་འཆད། ། ཡང་དག་ཏིང་འཛིན་རྒྱུན་མི་འཆད།། དེ་ཕྱིར་ངེས་ཤེས་འགྱུར་བ་མེད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། འཁོར་བས་མ་བསླད་ཏིང་འཛིན་ལ།། མ་བསྒོམས་ཆོས་ཉིད་ད་ལྟའི་ཐུགས།། བསྒོམ་མཉམ་རྗེས་མེད་པར་རྒྱུན་དུ་གནས།། ཡང་ནི་རྟོགས་དོན་འདིར་གསུངས་པ།། རང་སེམས་མ་བཅོས་རང་ལུགས་ལ།། མ་བཅོས་རང་བཞག་བསྒོམ་པ་སྟེ།། བརྗོད་དུ་མེད་པའི་ཉམས་མྱོང་གསལ། ། དེ་དོན་རང་སེམས་རྟོགས་པ་ཡིན།། ཡང་ནི་རྟོགས་དོན་འདིར་གསུངས་པ།། དེ་དོན་ཆོས་ཉིད་འགྱུར་མེད་ལ།། བློ་ཡིས་བརྟགས་པ་ཐམས་ཅད་མེད།། གང་ཡང་མ་སྤངས་རང་བྱུང་ལ། ། དེ་ལ་བསྒོམ་དུ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱལ་སྲས་སྤྲུལ་པའི་འཁོར་གྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་དོན་དགུ་པའོ།།།། དད་ཉན་འཁོར་ལ་ཕན་དོན་དུ།། མཁའ་འགྲོ་སྡེ་ལྔ་འཁོར་དང་བཅས། ། རང་རང་རྟོགས་པ་བརྗོད་པའི་ཕྱིར།། ངེས་པའི་དོན་དུ་འདིར་གསུངས་པ།། གཏི་མུག་མུན་པ་འཐིབས་པ་ལ།། ཐོག་མཐའ་ཆོད་པས་མ་རིག་སངས།། ཡུལ་འདི་མ་བཤིགས་ཆོས་ཀྱི་དབྱིངས། ། དེ་རྙེད་རང་སེམས་རྟོགས་པ་ཡིན།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཞེ་སྡང་ཁ་དོག་ཡུལ་ལ་སྐྱེ།། ཕྱི་ཡི་གོལ་ས་གཅོད་ཤེས་ན།། ཞེ་སྡང་རང་གྲོལ་རྒྱལ་བའི་ཐུགས།། དེ་དུས་ཉིད་ན་ཆོས་ཀྱི་སྐུ། ། ཡང་ནི་རྟོགས་དོན་འདིར་གསུངས་པ།། རྟོགས་དོན་བདེ་བའི་ཡེ་ཤེས་ཤར།། རྒྱལ་པོ་ངོ་བོ་ཉིད་ཀྱི་སྐུ།། དེ་དོན་མི་འབྲལ་ཆོས་སྐུར་གསལ།། དེ་ལ་སྐྱོན་གྱིས་གནོད་མི་ཚུགས།། ཡང་ནི་རྟོགས་དོན་འདིར་གསུངས་པ། ། ཕོ་མོ་འདོད་ཆགས་ཅི་སྤྱད་ཀྱང།། གོལ་མེད་ཡེ་ཤེས་རྒྱུན་མི་འཆད།། སྔ་ཕྱིར་མ་སོང་ཞེན་མེད་ཕྱིར།། བདེ་ཆེན་ལོངས་སྤྱོད་ཆེན་པོར་བཤད།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ལྟ་དམན་ཆོས་ལ་ཕྲག་དོག་ཀྱང། ། གོལ་བ་ཡིན་ཕྱིར་ཉེས་མེད་དགེ། དེ་ཕྱིར་བྱང་ཆུབ་བདེ་བའི་ཀློང།། དེ་ལ་སྐྱོན་གྱིས་གོས་མི་སྲིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་རིག་འཛིན་སྤྱན་སྔ་རུ།། འཇིག་རྟེན་མཁའ་འགྲོས་འདི་སྐད་གསོལ། ། དམ་བཅས་དོན་ལས་བདག་མི་འདའ།། བཀའ་བཞིན་བགྱི་བའི་དོན་ཆེད་དུ།། ངེས་དོན་འདུས་པའི་དོན་ཆེན་འདི།། མི་ནུབ་པ་རུ་བདག་གིས་བསྲུངས།། འདི་ལ་འགལ་བྱེད་སྡིག་ཅན་ཀུན། ། མྱུར་དུ་བསྒྲལ་ལ་ཞལ་དུ་རྡུང།། ད་ཡང་སྟོན་པའི་འཁོར་ཀུན་ཉོན།། བདག་ཅག་ཡིད་ཀྱིས་དམ་བཅས་པའི།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། སྡིག་ཅན་བསད་ཀྱང་གྲོལ་བར་ངེས།། རྣམ་སྨིན་སྲོག་ལ་ལོངས་སྤྱོད་ཀྱིས། ། སངས་རྒྱས་རིག་འཛིན་རྣམས་ཀྱིས་ཀྱང།། རང་སེམས་ཆོས་སྐུར་བྱིན་གྱིས་རློབས།། དེ་སྐད་བརྗོད་པའི་དོན་གསན་ནས།། ཀུན་རིག་སྟོན་པས་འཁོར་རྣམས་ལ།། རྩ་བ་ངེས་པའི་དོན་འདི་གསུངས། ། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། ཤེས་རབ་སྔོ་ཡི་ཁྱད་པར་ལས།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང།། དོན་ལ་དབྱེར་མེད་ངོ་བོ་གཅིག། དེ་ཕྱིར་འཁོར་རྣམས་ཆོས་སྐུར་རྟོགས།། སངས་རྒྱས་འབྲས་བུ་དེ་ཉིད་ཡིན། ། ལྟ་བའི་སྙིང་པོའི་དོན་གཏད་པ།། ཆོས་ཀྱི་རྒྱལ་པོ་ཀུན་རྫོགས་འདི།། སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང།། ཡིད་ལ་བརྣག་ཅིང་བཅང་བར་གྱིས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ང་ཡིས་བསྟན་པའི་སྙིང་། སངས་རྒྱས་ཀུན་གྱི་གསང་བའི་ཆོས།། རིག་འཛིན་རྣམས་ཀྱི་ཐུགས་ལ་སྤོས།། ཆོས་སྐྱོང་རྣམས་ཀྱིས་གཏེར་ལྟར་སྲུངས།། དེ་དོན་ནམ་ངག་ངེས་དོན་འདི།། ལོག་སྲེད་ཞེན་ཆགས་མ་ངེས་ལ། ། ནམ་ཡང་བསྟན་པར་མ་བྱེད་ཅིག། ཉམ་ཐོས་ལ་སོགས་ལྟ་དམན་ལ།། བསྟན་ཀྱང་གོ་བར་མི་འགྱུར་ལ།། མི་ཐེག་ཁལ་ཆེན་བཀལ་བ་བཞིན།། དོན་མ་གོ་བས་ངན་སོང་ལྟུང།། ད་ཡང་འདུས་པའི་འཁོར་ཀུན་ཉོན། ། དེ་བས་རང་སེམས་སྔོན་སྦྱངས་པའི།། རྣལ་འབྱོར་དད་ལྡན་འཁོར་རྣམས་ལ།། འཆི་ཀའི་སྙིང་པོ་དོན་མཚོན་ནས།། ངེས་དོན་རྒྱུད་འདི་རྟོགས་པར་གྱིས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་གསང་ངེས་དོན་ཁྱད་པར་ཅན། ། འབྲས་བུ་ངེས་པའི་གདམས་ངག་འདི།། བླ་མར་མི་གུས་ང་རྒྱལ་ཅན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕོངས་གཞོགས་སློང་ཁ་གསགས་ཅན།། གཡོ་སྒྱུའི་ཐབས་ཀྱིས་ཆོས་འདོད་ལ། ། རྒྱུད་ཀྱི་སྙིང་པོའི་ལྟ་བ་ནི།། ནམ་ཡང་བསྟན་པར་མ་གསུངས་སོ།། རྙེད་འདོད་རང་བཟོར་ངེས་དོན་ཆོས།། གལ་ཏེ་སྙིང་པོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགྲར་ལྡང་ན།། མཁའ་འགྲོ་དམ་ཅན་སྨོས་ཅི་དགོས། ། རང་གི་སྲོག་བཅད་མནར་མེད་ལྟུང།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་དོན་འདུས་པའི་རྒྱུད་ཆེན་འདི།། མར་མེ་ཤི་ཁའི་འོད་བཞིན་དུ།། བསྟན་པ་འཇིག་པའི་དུས་དག་ཏུ།། ཀུན་བཟང་ཐུགས་རྗེའི་བྱིན་རླབས་ཀྱིས། ། རྣལ་འབྱོར་སྐལ་ལྡན་རྣམས་ལ་འབྱུང།། དེ་ཚེ་ངེས་དོན་འབྲས་བུ་འདི།། གུ་ལང་གསེར་བཞིན་མི་ནུབ་ཙམ།། སྣོད་ལྡན་འགའ་ལ་བསྟན་པ་ལས།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན།། ཀུན་ཀྱང་ངེས་པའི་དོན་ལ་ཞོག། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་མ་རྟོགས་དམན་རྣམས་ཀྱིས།། ལམ་ལྔ་སྦྱངས་ཤིང་ཚོགས་བསགས་ཀྱང།། ངེས་དོན་མ་ཤེས་འབྲས་བུ་ཆུང།། དེ་བས་རང་བྱུང་སྙིང་པོ་འདི། ། ལུང་ལྡན་རྣམས་ལ་རྟོགས་པར་གྱིས།། དེ་རྟོགས་འབྲས་བུ་སངས་རྒྱས་འབྱུང།། འགྲོ་བའི་མགོན་པོས་འདི་སྐད་གསུངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། གསང་བའི་མན་ངག་རྒྱུད་ཆེན་འདི།། ལན་གཅིག་དུས་ཀྱི་དེང་སང་ན། ། སྣོད་ལྡན་ཀུན་ལ་ཆོས་འདི་འབྱུང།། དེ་ཚེ་ཐེག་དམན་སྒྲོ་སྐུར་འདེབས།། རང་གིས་རང་བསླུས་འཁོར་བར་ལྟུང།། འདི་ལ་མོས་ཤིང་འཛིན་པ་ལ།། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། ། བསོད་ནམས་མི་ཟད་གཏེར་དང་ལྡན།། ཕྱི་མའི་འབྲས་བུ་དུས་འདིར་འབྱུང།། ཀུན་ཏུ་བཟང་པོས་དེ་སྐད་བཤད།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལས། རྒྱུད་བཤད་ཅིང་བཟུང་བར་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ། །།། རྫོགས་པ་ཆེན་པོ་ངེས་དོན་འདུས་པ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང། བོད་ཀྱི་ལོཙྪ་བ་ཨཱ་ཙརྱ་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།
CLOSE WINDOW