༄##། །རྒྱ་གར་སྐད་དུ། ཨཱརྱ་སད་དྷརྨ་སྨྲྀ་ཏྱུ་པ་སྠཱ་ན། བོད་སྐད་དུ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། འཕགས་པ་ ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། ན་ལ་ཏིའི་གྲོང་གི་བྲམ་ཟེའི་གྲོང་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ ཅིག་ཏུ་སྔ་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་དོང་ངོ ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་དག་ག་ལ་བ་དེར་དོང་སྟེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་དག་དང་ ལྷན་ཅིག་ཏུ་ཡང་དག་པར་དགའ་བར་འགྱུར་བ་དང ། ཡང་དག་པར་མགུ་བར་འགྱུར་བའི་ཆོས་ཀྱི་གཏམ་བྱས་ནས་གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་དག་གིས་དྲིས་པ། ཀྱེ་ཤཱཀྱ་པ་དག་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ལུས་ཀྱི་ཆད་པ་མི་དགེ་བ་མི་འདོད་པ་མི་སྡུག་པ་ ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་པ་བདེན་ནམ། ངེད་ཅག་ཀྱང་ལུས་ཀྱི་ཆད་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །ཀྱེ་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ངག་གི་ ཆད་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད། ངེད་ཅག་ཀྱང་ངག་གི་ཆད་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ ཡིད་ཀྱི་ཆད་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད། ངེད་ཀྱང་ཡིད་ཀྱི་ཆད་པ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྟོན་ཅིང་གཞན་དག་གི་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ན། ཁྱེད་ཀྱི་དགེ་སྦྱོང་གཽ་ཏ་མའི་ཆོས་ 68-1-82b 68-1-83a འདུལ་བ་དང་ངེད་ཀྱི་ཐ་དད་དུ་བྱ་བ་ཅི་ཡོད། བསམ་པ་ནི་ཅི་ཡོད། ཁྱད་པར་ནི་ཅི་ཡོད། གང་གིས་ན་དགེ་སྦྱོང་གཽ་ཏ་མའི་ཆོས་འདུལ་བ་ནི་ངེད་ཀྱི་ལས་ཁྱད་པར་དུ་འཕགས། དགེ་སྦྱོང་གཽ་ཏ་མ་དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བདག་ཉིད་ སྒྲོགས། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་དག་གིས་དེ་སྐད་དྲིས་པ་དང ། དགེ་སློང་གསར་དུ་རབ་ཏུ་བྱུང་བ་དག་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་བྲལ་བས་རྗེས་སུ་ཡི་རང་བར་ཡང་མི་བྱེད་ལན་ཡང་མ་བཏབ་བོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་དང་བྲལ་བ་དག་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ན་ལ་ཏིའི་གྲོང་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དགེ་སློང་རབ་ཏུ་མང་པོ་དག་ཟས་ཀྱི་བྱ་བ་བྱས་ནས་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཕྱི་ཞིག་ན་བསོད་སྙོམས་བླངས་ཏེ། ན་ལ་ཏིའི་ གྲོང་ག་ལ་བ་དེར་སོང་ངོ ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དགེ་སློང་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བསྙད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་དགེ་སློང་རབ་ཏུ་མང་པོ་དག་ ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཚེ་དང་ལྡན་པ་ཁྱེད་དང་ལྷན་ཅིག་རྒྱལ་པོའི་ཁབ་ཀྱི་ལམ་སྲང་དང ། བཞི་མདོ་དང ། སུམ་མདོ་གཅིག་ཏུ་རིམ་གྱིས་དོང་བ་ལས། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་དང་ཕྲད་པར་གྱུར་ན་ནི་དེས་ན་བདག་ གིས་གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་དེ་དག་ཆོས་དང་འཐུན་པས་ཚར་བཅད་ཟིན་པ་ཞིག་ན། ཀྱེ་མ་བདག་ཀྱང་ལམ་སྲང་དང ། བཞི་མདོ་དང ། སུམ་མདོ་གཞན་ནས་བསོད་སྙོམས་ལ་རྒྱུ་རྒྱུ་ནས་འདིར་ཕྱིན་ཏེ། གང་ཚེ་དང་ལྡན་པ་དག་གཞན་མུ་སྟེགས་ ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་དང་ལྷན་ཅིག་གཏམ་བྱས་པའི་འདྲི་བའི་ཚུལ་དེ་ནི་བདག་གིས་ཚོར་ཡང་མ་ཚོར་རོ། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀུན་ཏུ་སྤྱན་མངའ་བ་ཐམས་ཅད་མངོན་སུམ་པ། ལས་དང་འབྲས་བུ་དང་རྣམ་པར་སྨིན་པ་མཁྱེན་པ་དེ་ཧ་ཅང་མི་རིང་ 68-1-83b བ་ཞིག་ན་མུ་སྟེགས་ཀྱི་ལྟ་བ་ཅན་ཐམས་ཅད་ཟིལ་གྱིས་མནན་ནས། ཉན་ཐོས་དང ། དགེ་བསྙེན་དང ། ལྷ་དང་མི་རྣམས་ལ་ལས་དང་འབྲས་བུ་རྣམ་པར་སྨིན་པའི་ཆོས་སྟོན་གྱིས། ཁྱེད་དེ་ལ་ཞུས་ཤིག་དང ། དེ་ཡང་ལས་དང་རྣམ་པར་སྨིན་པ་ཐམས་ཅད་སྟོན་པར་ མཛད་དོ། །གང་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དག་གིས་མ་མཐོང་བ་དེ་ཁྱེད་ལ་སྟོན་པར་མཛད་ཅིང ། གང་བདག་ཅག་གི་མངོན་སུམ་དུ་མ་གྱུར་པ་དེ་ཡང་ཁྱོད་ལ་བཅོམ་ལྡན་འདས་ ཤིན་ཏུ་མངོན་སུམ་དུ་གྱུར་པ། ལས་དང་འབྲས་བུ་རྣམ་པར་སྨིན་པ་མཁྱེན་པ་སྟོན་པར་མཛད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ ། །དེ་ནས་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ཉིན་མོའི་གནས་པས་བཞུགས་པ། རི་ རབ་ལྟར་རང་གི་འོད་ཀྱི་དྲ་བས་མངོན་པར་འབར་བ། ཉིན་མོའི་ཉི་མ་ལྟར་སྣང་བས་རབ་ཏུ་གསལ་བ། མཚན་མོའི་ཟླ་བ་ལྟར་ཞི་བས་རབ་ཏུ་སིམ་པར་མཛད་པ། མཚོ་ལྟར་ཤིན་ཏུ་གསལ་བ། རྒྱ་མཚོ་ལྟར་ཟབ་པ། རི་རབ་ལྟར་མི་གཡོ་བ། སེང་གེ་ལྟར་དཔའ་ བ། ཕ་མ་ལྟར་འབྱུང་པོ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ། ཐུགས་རྗེ་ཆེན་པོས་བརླན་པའི་ཐུགས་སེམས་ཅན་ཐམས་ཅད་ཀྱི་གཉེན་གཅིག་པར་གྱུར་པ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱི་རྟེན་དུ་གྱུར་པ། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་ཆེན་པོ་སུམ་ཅུ་རྩ་བདུན་གྱིས་སྐུ་བརྒྱན་པ། རབ་ཏུ་དང་བས་ལུས་ཅན་ཐམས་ཅད་ཀྱི་མིག་མགུ་བར་མཛད་པ། ཟླ་བ་དང་ཉི་མའི་འོད་ཟིལ་གྱིས་གནོན་པ། ཤཱཀྱའི་རྒྱལ་པོའི་སྲས་ཀུན་ཏུ་སྤྱན་མངའ་བ། སྤྱན་དྲི་མ་གསུམ་དང་བྲལ་བ། བདེན་པ་གཉིས་ གསུང་བ། སྡུག་བསྔལ་གཉིས་མཁྱེན་པ། བསྒོམ་པ་གཉིས་བསྒོམས་ཤིང་མངོན་སུམ་དུ་མཛད་པ། ལམ་གྱི་འབྲས་བུ་མངོན་དུ་མཛད་པ། འགོག་པའི་དེ་ཉིད་མཁྱེན་པ། ཁམས་གསུམ་མངོན་སུམ་དུ་མཛད་པའི་སྤྱན་མངའ་བ། ཁམས་གསུམ་གཞན་ 68-1-84a ཡང་དག་པར་སྟོན་པ། ཁམས་བཅཝ་བརྒྱད་ཀྱི་དེ་ཉིད་མཁྱེན་པ། མོས་པ་ཡིད་ལ་བྱེད་པའི་དེ་ཉིད་མཁྱེན་པ། ཡོན་ཏན་གྱི་ཀླུང་རང་གི་ཡོན་ཏན་བཅཝ་བརྒྱད་དག་དང་ལྡན་པ། སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་བ། སྟོབས་བཅུ་དང་ ལྡན་པ། བསྙེངས་པ་མི་མངའ་བ་བཞིས་མི་བསྙེངས་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲན་པ་ཉེ་བར་གཞག་པ་གསུམ་དང་རྟག་ཏུ་ལྡན་པ་དེ་མཐོང་ངོ ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ཆོས་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་ པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། དུལ་བས་མགོ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་དགེ་སློང་གཅིག་ཅིག་བསྒོ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་ཤིན་ཏུ་ཉེ་ བར་ཕྱིན་ནས། ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིར་བདག་སྔ་དྲོའི་དུས་སུ་ལྷུང་བཟེད་དང་ཆོས་གོས་འཚལ་ནས། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ མཆི་མཆི་ན་ཞེས་བྱ་བ་སྔ་མ་བཞིན་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་དང་ལྷན་ཅིག་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པ་སྔོན་དུ་འགྲོ་བའི་གཏམ་འདྲི་བའི་བར་སྔ་མ་བཞིན་ཏེ། དེ་དག་བཅོམ་ལྡན་འདས་ལ་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དགེ་སློང་དེ་དག་དང་ན་ལ་ཏིའི་གྲོང་གི་བྲམ་ཟེ་ལ་སོགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་ཅག་ལ་ཆོས་བཤད་པར་བྱ་བ་འདི་ལྟ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་ དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡང་དག་པར་རབ་ཏུ་བསྟན་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ 68-1-84b ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ།དགེ་སློང་དེ་དག་བཅོམ་ལྡན་འདས་ལ་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དམ་པའི་ཆོས་དྲན་པ་ཉེ་བར་ གཞག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ལ་ཡང་ཆོས་ཉིད་དུ། ཆོས་མ་ཡིན་པ་ལ་ཡང་ཆོས་མ་ཡིན་པ་ཉིད་དུ་མཐོང་བ་དེ་དྲན་པ་རྟག་ཏུ་ཉེ་བར་གནས་པར་འགྱུར་ཞིང་འདི་ལ་ཐེ་ཚོམ་ཡང་མི་སྐྱེ། ཆོས་ཉན་པ་ལ་མངོན་པར་ དགའ་བར་ཡང་འགྱུར། རྒན་རབས་ལ་ཡང་རིམ་གྲོ་བྱེད་དོ། །དེ་ནི་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་གསུམ་གྱི་ལས་ཀྱི་འབྲས་བུ་དང ། འཆི་བ་དང ། སྐྱེ་བའི་རྣམ་པར་སྨིན་པ་ཤེས་པར་འགྱུར་ཏེ། ལྟ་བ་མ་ལོག་པ་ཡིན་ཞིང་ གཞན་གྱིས་ཁ་མི་ཕྱིན་པར་འགྱུར་རོ། །དགེ་སློང་དག་དེ་ལ་ལུས་ཀྱི་ཆད་པ་རྣམ་པ་གསུམ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པའོ། །དེ་ལ་སྲོག་གཅོད་པ་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་ཕ་རོལ་ལ་ སེམས་ཅན་དུ་འདུ་ཤེས་ཤིང་བསམས་བཞིན་དུ་སྲོག་ཆགས་བསད་དེ་སྲོག་དང་བྲལ་བར་བྱས་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། ཆེན་པོ་དང ། འབྲིང་དང ། ཐ་མའོ། །དེ་ལ་ཆེན་པོ་ནི་དགྲ་བཅོམ་པ་ལ་སོགས་པ་བསད་པ་སྟེ་མནར་མེད་པར་འགྲོ་བའོ། ། འབྲིང་ནི་ལམ་ལ་གནས་པ་བསད་པའོ། །ཐ་མ་ནི་དུད་འགྲོ་དང་ཚུལ་ཁྲིམས་འཆལ་པ་སྤྱད་པ་བསད་པའོ། །ཡང་རྣམ་པ་གསུམ་སྟེ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའིའོ། །ཡང་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱིས་བྱས་པ་དང ། ཞེ་ སྡང་གིས་བྱས་པ་དང ། གཏི་མུག་གིས་བྱས་པའོ། །དེ་ལ་འདོད་ཆགས་ཀྱིས་བྱས་པ་ནི་རི་དགས་ལ་སོགས་པ་ལའོ། །ཞེ་སྡང་གིས་བྱས་པ་ནི་སྦྲུལ་དང་ནེའུ་ལེ་ལ་སོགས་པ་ལའོ། །གཏི་མུག་གིས་བྱས་པ་ནི་མཆོད་སྦྱིན་ལ་སོགས་པ་ལའོ། །ཡང་རྣམ་པ་ 68-1-85a གསུམ་སྟེ། རང་གིས་བྱས་པ་དང ། གཞན་གྱིས་བཅོལ་བ་དང ། གཉི་གས་བྱས་པའོ། །རྒྱུ་ལྔས་སྲོག་གཅོད་པ་བྱས་ཀྱང་ཁ་ན་མ་ཐོ་བས་གོས་པར་མི་འགྱུར་ཏེ། འདི་ལྟ་སྟེ། ལམ་དུ་འགྲོ་བར་ཞུགས་པ་མི་ཤེས་པས་སྲོག་ཆགས་ ཕྲ་མོ་དང ། གྲོག་སྦུར་ལ་སོགས་པ་སྲོག་དང་བྲལ་བར་བྱེད་པ་དང ། གཞན་ལ་མཚོན་ཆ་གཟས་པ་ལས་བསམ་པ་དང་མི་ལྡན་པར་གཞན་ལ་ཕོག་སྟེ། དེ་སྲོག་དང་བྲལ་བ་དང ། ནད་པ་ལ་སྨན་པ་ཕན་པར་འདོད་པས་ཉེས་པར་མ་མཐོང་སྟེ། སྨན་བྱིན་པ་ལས་དེ་ཤི་ བ་དང ། དེ་བཞིན་དུ་མས་བུ་གདུལ་བར་བྱ་བའི་ཕྱིར་བརྡེག་པ་ལས་དེ་སྲོག་དང་བྲལ་བ་དང ། མེ་འབར་བའི་ནང་དུ་སྲོག་ཆགས་མི་འདོད་བཞིན་དུ་ལྷུང་བ་སྟེ། རྒྱུ་རྣམ་པ་དེ་ལྔས་སྲོག་བཅད་པར་གྱུར་ཀྱང་གོས་པར་མི་འགྱུར་རོ། །ཡང་སྲོག་གཅོད་པ་རྣམ་པ་གསུམ་སྟེ། གཞན་ལ་བསྒོ་བ་དང ། བདག་ཉིད་བྱེད་པ་དང ། གཉི་གས་བྱེད་པའོ། །གཞན་ཡང་མ་བྱིན་པར་ལེན་པ་རྫོགས་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་ མཐོང་སྟེ། ཕ་རོལ་གྱིས་ཡོངས་སུ་བཟུང་བ་ལ་བདག་གིར་བྱ་བའི་བསམ་པས་རྐུ་བར་བྱེད་པ་འདི་ནི་མ་བྱིན་པར་ལེན་པ་རྫོགས་པ་ཡིན་ནོ། །འབྲས་བུ་ཆུང་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལྟ་སྟེ། རྒྱལ་པོའི་ཆད་པས་ཉེན་པ་དང ། བླ་མའི་དོན་དང ། ཕ་མ་ནད་པ་དང ། རང་སངས་རྒྱས་དང ། དགྲ་བཅོམ་པ་དང ། ཕྱིར་མི་འོང་བ་དང ། རྒྱུན་དུ་ཞུགས་པ་ལ་སོགས་པ་དང ། ནད་པ་དང ། ལྟོགས་པ་དེ་དག་གི་དོན་དུ་མ་བྱིན་པར་བླངས་པ་འདི་ནི་འབྲས་བུ་ཆུང་བ་ཡིན་ནོ། །མ་བྱིན་པར་ལེན་པའི་སྡོམ་པ་མ་བླངས་པས་མ་བྱིན་པར་ལེན་པ་ འདི་ནི་རྣམ་པར་སྨིན་པ་ཆུང་བ་ཡིན་ནོ། །གཞན་ཡང་འབྲས་བུ་ཆུང་བར་འགྱུར་བ་ནི་མ་བྱིན་པར་ལེན་པ་བྱས་ནས། སེམས་ཀྱིས་འཆགས་པར་བྱེད། འགྱོད་ལ་ཕྱིར་ཞིང་མི་བྱེད། ཕ་རོལ་ཡང་མ་བྱིན་པར་ལེན་པ་ལས་ཕྱིར་ཟློག་པར་བྱེད། སྡོམ་པའི་ལུང་ཡང་ 68-1-85b འབོགས་པར་བྱེད། ལམ་ལ་ཡང་འཇོག་པར་བྱེད། མ་བྱིན་པར་ལེན་པ་སྤོང་བ་དག་ལ་འཇོག་པར་བྱེད་ཅིང ། ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་མི་བྱེད་པའོ། །མ་བྱིན་པར་ལེན་པའི་ལས་ཀྱི་ཉེར་བསྡོགས་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་མ་བྱིན་ པར་ལེན་པ་པོས་ཕ་རོལ་ལ་གཡོ་སྒྱུ་བྱེད་ཅིང་གསང་ཐབས་སུ་སྨྲ་བ་དང ། འཇལ་ལུགས་ལ་གཡོ་བྱེད་པ་དང ། མི་རིགས་པའི་ལས་ལྷག་པར་སྤྱོད་པ་རྣམ་པ་འདི་དག་ནི་ལས་ཀྱི་ཉེར་བསྡོགས་ཡིན་ནོ། །ལས་ཇི་ལྟ་བུ་ཡིན་ཞེ་ན། གང་གི་ཚེ་ཕ་རོལ་གྱིས་ ཡོངས་སུ་བཟུང་བའི་རྫས་ཀྱི་རྣམ་པ་མ་བྱིན་པར་ལེན་པ་འདི་ནི་ལས་ཡིན་ནོ། །ལས་ཀྱི་མཇུག་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་བྱས་ནས་རྗེས་སུ་ཡི་རང་བར་བྱེད་ཅིང་གོམས་པར་བྱེད་ལ་མང་དུ་བྱས་ཏེ། རྗེས་སུ་ཡི་རང་བ་ཀུན་ཏུ་འཆབ་པར་བྱེད། ཚུལ་ཁྲིམས་ དང་ལྡན་པ་གཞན་མ་བྱིན་པར་ལེན་པ་ལ་རབ་ཏུ་འཇོག་པར་བྱེད་པ་འདི་ནི་ལས་ཀྱི་མཇུག་ཡིན་ནོ། །རྣམ་པ་འདི་གསུམ་གྱིས་མ་བྱིན་པར་ལེན་པའི་ལས་ཀྱི་ཉེར་བསྡོགས་དང ། མཇུག་དང་བྲལ་བ་མ་བྱིན་པ་ལེན་པའི་ཆད་པའི་འབྲས་བུ་ཆུང་བར་འགྱུར་ཏེ། མྱོང་བར་ འགྱུར་བར་ངེས་པ་མ་ཡིན་ནོ། །གཞན་ཡང་འདོད་པས་ལོག་པར་གཡེམ་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བས་མཐོང་སྟེ། འདི་ལ་འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་སྤྱོད་པ་ན་རང་གི་ཆུང་མའམ་གཞན་གྱི་ཆུང་མ་དག་གི་སྐྱེ་ གནས་མ་ཡིན་པར་འཇུག་པར་བྱེད། གཞན་བྱེད་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད། མི་བྱེད་པ་ཡང་ཐབས་ཀྱིས་བྱེད་དུ་འཇུག་པ་འདི་ནི་འདོད་པས་ལོག་པར་གཡེམ་པ་ཞེས་བྱའོ། །འདོད་པས་ལོག་པར་གཡེམ་པའི་འབྲས་བུ་ཆུང་བར་འགྱུར་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་བྱས་ནས་འགྱོད་ཅིང་འཆགས་ཏེ། རྗེས་སུ་ཡི་རང་བར་མི་བྱེད། གཞན་འདོད་པས་ལོག་པར་གཡེམ་པ་ཡང་ཕྱིར་ཟློག་པར་བྱེད། ལམ་ལ་འཇོག་པར་བྱེད། ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང་བྲལ་བའི་སེམས་ཡིན་ཞིང་ཚུལ་ཁྲིམས་དང་ 68-1-86a ལྡན་པ་ཡིན་ཏེ། འདི་ནི་འདོད་པས་ལོག་པར་གཡེམ་པའི་འབྲས་བུ་ཆུང་བར་འགྱུར་ཞིང་མྱོང་བར་འགྱུར་བར་མ་ངེས་པ་ཡིན་ནོ། །ལུས་ཀྱི་ཆད་པ་རྣམ་པ་གསུམ་པོ་དེ་དག་ནི་འབྲས་བུ་ཆུང་བ་དང་འབྲས་བུ་ཞན་པར་འགྱུར་རོ། །དེ་དག་ནི་ངའི་ཉན་ ཐོས་སམ་ང་ལས་ཐོས་ནས་ལས་དང་འབྲས་བུ་རྣམ་པར་སྨིན་པ་ཤེས་ཤིང་གཞན་གྱིས་ཁ་དྲང་དུ་མི་རུང་བ་གཞན་ལ་རག་མ་ལས་པ་མ་གཏོགས་པ། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་སམ། ལྷ་དང་བཅས་པའི་འཇིག་རྟེན་ནམ། བདུད་དང་བཅས་ པའམ། ཚངས་པ་དང་བཅས་པའམ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའམ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པས་རྟོགས་པའི་ཡུལ་མ་ཡིན་ནོ། །གཞན་ཡང་ངག་གི་ཆད་པ་ལྕི་བ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་དང་ལས་དང་ རྣམ་པར་སྨིན་པ་ཤེས་པ་ཡིན་ཏེ། ངག་གི་ཆད་པ་རྣམ་པ་བཞི་ལ་འདི་ལྟ་སྟེ། བརྫུན་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ཚིག་ཀྱལ་པ་དང་བཞིའོ། །དེ་ལ་བརྫུན་གང་ཞེ་ན། བདག་ཉིད་ལ་བདག་ཉིད་སླུ་ཞིང་གཞན་ཡང་སླུ་བ་ཡིན་ཏེ། སྨྲས་པའི་ཚེ། རྒྱལ་པོའམ། བློན་པོའི་མངོན་སུམ་དུ་གཞན་དག་ལ་གནོད་པའམ། འཕྲོག་པར་བྱེད་པ་ལོག་པས་བསྐྱེད་པའི་བརྫུན་གྱི་སྐྱོན་རབ་ཏུ་འཇུག་པ་འདི་ནི་བརྫུན་དུ་སྨྲ་བ་ངག་གི་ཆད་པ་རྫོགས་པ་ཡིན་ཏེ། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་ཡིན་ནོ། །གཞན་ཡང་ ངག་གི་ཆད་པ་ཕྲ་མ་ཞེས་བྱ་བ་ནི་དོན་གཅིག་ལ་འཐུན་པར་ཞུགས་པ་རྣམས་ལ་དབྱེན་བྱ་བའི་བསམ་པས་ཚིག་རྗོད་པར་བྱེད་པ་འདི་ནི་ཕྲ་མའི་ངག་གི་ཆད་པ་ཡིན་ནོ། །ཕྲ་མའི་འབྲས་བུ་ཆུང་བ་ཇི་ལྟ་བུ་ཡིན་ཞེ་ན། བདག་གཏི་མུག་གིས་ངན་པ་བྱས་སོ་ཞེས་འཆགས་པར་བྱེད། གཞན་ཕྲ་མ་ལ་མངོན་པར་དགའ་བ་ཟློག་པར་བྱེད། ལམ་ལ་ཡང་དག་པར་འཇོག་པར་བྱེད་ལ་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་མི་བྱེད་པ་ཡིན་ནོ། །ལས་ཀྱི་ཉེར་བསྡོགས་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཕྲ་མ་ལ་མངོན་པར་དགའ་བ་ཉོན་མོངས་པ་རྒྱགས་པ་ལ་ 68-1-86b མངོན་པར་ཞུགས་པའི་ཚིག་གཞན་དུ་བཏགས་ནས་གཞན་ལ་སྨྲ་བ་འདི་ནི་ལས་ཀྱི་ཉེར་བསྡོགས་ཡིན་ནོ། །ཕྲ་མའི་ལས་ཀྱི་ལམ་དང་ཡང་དག་པར་རབ་ཏུ་ལྡན་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྡང་བའི་སེམས་ཀྱིས་ཡང་དང་ཡང་དུ་གཞན་འབྱེད་ལ་རྗེས་སུ་ཡི་རང་ཞིང་ཀུན་དགའ་ བར་བྱེད་པ་འདི་ནི་ཕྲ་མའི་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པ་ཡིན་ནོ། །ལས་ཀྱི་མཇུག་དང་བཅས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཕྲ་མ་བྱས་ནས་རྗེས་སུ་ཡི་རང་བར་བྱེད། ཕྱིར་ཞིང་བྱེད་བྱེད་པ་ལ་རྗེས་སུ་ཡི་རང་བར་བྱེད། ཡིད་ཀྱིས་ཀུན་ཏུ་རྟོག་པར་བྱེད། དེ་ ཉིད་ལ་མངོན་པར་དགའ་བར་བྱེད། ངང་ཚུལ་གཞན་དུ་མི་བྱེད་པ་ཡིན། སྡང་བའི་སེམས་ཡིན། གཞན་དག་གིས་བཙལ་ཅིང་ཡིད་ཆེས་པའི་གནས་སུ་མི་འགྱུར་བ་ཡིན། སྨོད་པ་ཡིན། ངོ་ཚ་བར་མི་བྱེད་ཅིང་ཁྲེལ་མེད་ལ་བདག་ཉིད་ལ་སྨོད་པར་མི་བྱེད་པ་ འདི་ནི་ཕྲ་མའི་ཆད་པ་ཡིན་ནོ། །གཞན་ཡང་ཚིག་རྩུབ་པོའི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་དང ། ལས་དང་ཀུན་འབྱུང་བ་མཐོང་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ། འདི་ནི་ཚིག་རྩུབ་པོས་བདག་གདུང་བར་བྱེད་ཅིང་ཡིད་དུ་མི་འོང་ བ་རྣ་བར་ཐོས་ལ་གླགས་སྐྱེད་པར་བྱེད། དེ་གཞན་ལ་གནས་ཏེ། མཁྱུད་པ་དང ། འཆགས་པ་དང ། དགོད་པ་དང ། ཁྲོ་བའི་བསམ་པས་རྣམ་པར་སྨིན་པ་དུ་མ་རྣམ་པ་དུ་མའོ། །དེ་ལ་ཚིག་རྩུབ་པོ་ཆེན་པོས་ནི་སེམས་ཅན་དམྱལ་བའི་ཚོར་བ་མྱོང་བར་འགྱུར། ཚིག་རྩུབ་པོ་འཆགས་པས་ནི་མྱོང་བར་འགྱུར་བར་མ་ངེས་པ་ཡིན་ཏེ། འདི་དག་ནི་ངག་གི་ཆད་པ་གསུམ་པ་ཡིན་ནོ། །ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང ། ཡང་དག་པར་ལྡན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གཞན་ཡང་ངག་གི་ཆད་པ་བཞི་པ་ཇི་ལྟ་བུ་ ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ལས་དང་ཆོས་དང་རྣམ་པར་སྨིན་པའི་རྣམ་པ་དུ་མ་ཤེས་པ་ཡིན་ཏེ། ཚིག་ཀྱལ་པ་ཞེས་བྱ་བ་སྔ་ཕྱི་འབྲེལ་བ་མེད་པའི་ཚིག་ཀྱལ་པ་སྔ་མ་དང་ཕྱི་མར་མི་སྦྱོར་བ་ཡིན་ཏེ། མྱོང་བར་འགྱུར་བར་མ་ངེས་ཤིང་ཁ་ན་མ་ཐོ་བ་མི་མང་བ་ཡིན་པ་འདི་ནི་ངག་གི་ 68-1-87a ཆད་པ་བཞི་པ་ཡིན་ནོ། །གཞན་ཡང་ཡིད་ཀྱི་ཆད་པ་ཇི་ལྟ་བུ་ཡིན། རྣམ་པ་ནི་དུ་ཞིག་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པ་ལས་དང་ཆོས་དང་རྣམ་པར་སྨིན་པ་ལ་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡིད་ཀྱི་ཆད་པ་རྣམ་པ་གསུམ་མཐོང་སྟེ། འདི་ ལྟ་སྟེ། བརྣབ་སེམས་ནི་གཞན་གྱི་འབྱོར་པ་མཐོང་ནས་ཤིན་ཏུ་རྟོག་པར་བྱེད། སེམས་ཀྱིས་འདོད་པར་བྱེད། རྫས་འདི་ནི་བདག་གིར་བྱའོ་སྙམ་སྟེ། བརྣབ་སེམས་འདི་ནི་ཡིད་ཀྱི་ཆད་པ་དང་པོ་ཡིན་ནོ། །གཞན་ཡང་ཡིད་ཀྱི་ཆད་པར་འགྱུར་བ་ནི་ཕ་རོལ་གྱི་ཕུན་སུམ་ ཚོགས་པ་མཐོང་ནས་ཡིད་རབ་ཏུ་སྡང་བ་གནོད་སེམས་ཏེ། ཡིད་ཀྱི་ཆད་པ་གཉིས་པ་ཡིན་ནོ། །གཞན་ཡང་ཡིད་ཀྱི་ཆད་པ་གསུམ་པ་ནི་ལོག་པར་ལྟ་བས་ཕྱིན་ཅི་ལོག་ཏུ་མཐོང་བ་ལོག་པར་ལྟ་བའི་ཆད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཡོད་པ་འཇིག་པ་དང་།ལོག་ པར་ཤེས་པའོ། །དེ་ལ་ཡོད་པ་འཇིག་པ་ནི་འདི་ལྟར་སྦྱིན་པ་མེད། སྦྱིན་སྲེག་མེད། མཆོད་སྦྱིན་མེད། ལེགས་པར་བྱས་པ་དང ། ཉེས་པར་བྱས་པ་དག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་རྒྱ་ཆེར་སྦྱར་རོ། །ལོག་པར་ཤེས་པ་ཞེས་བྱ་བ་ནི། བདེ་བ་དང་སྡུག་བསྔལ་གང་ཡིན་པ་དེ་ནི་ལྷས་བྱས་ཀྱི་ལས་ཀྱི་འབྲས་བུས་ནི་མ་བྱས་སོ་ཞེས་ཟེར་བ་སྟེ། འདི་ནི་ལོག་པར་ལྟ་བ་རྣམ་པ་གཉིས་པ་ཡིན་ནོ། །གཞན་ཡང་ཇི་ལྟར་ན་ལུས་དང་ངག་དང་ཡིད་རྣམ་པ་གསུམ་གྱི་ཆད་པ་རྣམ་པ་བཅུ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ ན། ཚེ་འདི་ཉིད་ལ་ལས་ཀྱི་འབྲས་བུ་མྱོང་བར་འགྱུར་བར་ངེས་པ་དང ། ཤི་ནས་གཞན་དུ་སྐྱེས་ན་དེའི་རྒྱུ་ཅན་གྱི་ལས་ཀྱི་འབྲས་བུ་གང་ཡིན་པ་དང་རྒྱུ་འཐུན་པའི་འབྲས་བུ་ཇི་ལྟ་བུ་ཡིན་པ་དང ། ཡང་འཇིག་རྟེན་འདིར་སྐྱེས་ན་ཡང་དེ་དག་ཅི་འདྲ་བར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ལས་དང་ཆོས་དང་རྣམ་པར་སྨིན་པ་ལ་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ལུས་ཀྱི་སྲོག་གཅོད་པ་དང་པོའོ། །སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་ 68-1-87b བ་དང་དུད་འགྲོ་དང་ཡི་དགས་ཀྱི་ཡུལ་རྣམས་སུ་སྐྱེ་བར་བྱེད་དོ། །གལ་ཏེ་མི་དག་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་དེ་ཚེ་ཐུང་བ་ཡིན་ནོ། །གལ་ཏེ་རྔོན་པ་ལྟ་བུ་ལ་ཆགས་པས་སྲོག་གཅོད་པ་བྱས་ན། སྲོག་གཅོད་པ་བྱས་པ་དེ་ཉམས་པར་འགྱུར་ ཏེ། དེ་རི་དགས་དང ། ཕག་དང ། སྲེག་པ་དང ། ཁྱིམ་བྱ་དང ། གོང་མ་སྲེག་དང ། ཉ་ལ་སོགས་པར་གྱུར་པ་ན། རྒྱའམ་མཆིལ་བས་གསོད་དོ། །འཁོར་བ་ན་ལས་དེ་ལྟ་བུའི་རྒྱུས་འབྲེལ་བ་གལ་ཏེ་ཡང་མི་རྣམས་དང་སྐལ་བ་མཉམ་ པར་མིའི་ནང་དུ་སྐྱེས་ན་དེ་ཚེ་ཐུང་བར་འགྱུར་ཞིང ། མཁས་པ་རྣམས་ཀྱི་ཡུལ་དུ་སྐྱེ་བར་མི་འགྱུར་ལ། མཚོན་མང་པོས་འཁྲུག་པའི་ཡུལ་དུ་མྱུར་བ་ཉིད་དུ་གསོད་དོ། །སྲོག་གཅོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་ཚིགས་སུ་བཅད་པ། ཁ་ཅིག་མངལ་ དང་དེ་བཞིན་གཞན། །བཙས་པའི་ཁྱིམ་དང་གཞན་དག་ནི། །གོག་པ་ཙམ་དང་དེ་བཞིན་དུ། །གཞན་དག་ཡོངས་སུ་རྒྱུག་ན་འཆི། །དེ་ལྟར་སྲོག་གཅོད་པ་ནི་ད་ལྟར་གྱི་ཚེ་ལ་རྣམ་པར་སྨིན་པས་དབང་དུ་བྱས་པའི་ལས་ཡིན་ནོ། །གཞན་ཡང་མ་ བྱིན་པར་ལེན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་རྣམ་པར་སྨིན་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་མྱོང་བ་དང་ཚེ་འདི་དང་རྒྱུ་འཐུན་པའི་འབྲས་བུ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ལས་དང་ཆོས་དང་རྣམ་པར་སྨིན་པ་ལ་རྗེས་སུ་ལྟ་བ་དེས་ ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ། དེ་ལྟར་མ་བྱིན་པར་ལེན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ ནང་དུ་སྐྱེས་ན་ཡང་དབུལ་བར་འགྱུར་ཏེ། ལོངས་སྤྱོད་བསྒྲུབས་པ་གང་དག་ཡོད་པ་དེ་དག་རྒྱལ་པོའི་ཆད་པ་དང ། ཆུ་དང ། མེ་དང ། མཚོན་དང ། ཆོམ་རྐུན་གྱི་འཇིགས་པ་དག་གིས་བསགས་བསགས་པ་དག་ཆུད་ཟ་བར་འགྱུར། ནམས་ཀྱང་བདེ་བར་མི་ 68-1-88a འགྱུར་ཏེ། འདི་ནི་མ་བྱིན་པར་ལེན་པའི་ཆད་པའི་འབྲས་བུ་རྣམ་པ་གསུམ་པ་ཡིན་ནོ། །གཞན་ཡང་ནང་གི་འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་འབྲས་བུ་རྣམ་པ་གསུམ་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་ སྤྱོད་པ་ལས་དང་ཆོས་དང་རྣམ་པར་སྨིན་པ་ལ་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང་ཡི་དགས་རྣམས་ཀྱི་ ཡུལ་དུ་སྐྱེའོ། །གལ་ཏེ་མིར་སྐྱེས་ན་ཡང་རྒྱུ་འཐུན་པའི་འབྲས་བུས་དེའི་ཆུང་མ་གུས་པ་མེད་པར་འགྱུར། མཚན་གཉིས་པར་འགྱུར། འཇིག་རྟེན་པས་བརྙས་པར་འགྱུར་རོ། །འདི་ནི་ལུས་ཀྱི་ཆད་པ་རྣམ་པ་གསུམ་པའི་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གསུམ་ ཡིན་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་ཀྱི་ལུས་ཀྱི་ཆད་པ་མི་འདོད་པ་ནས་རྒྱས་པར་ལས་ཀྱི་རྣམ་པར་སྨིན་པའི་བར་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཏི་མུག་དང་འགྲོགས་པ་བསྒོམས་པའི་སེམས་དང་ལྡན་པ་གཞན་གྱིས་ནི་ངའི་ ལས་དང་ཆོས་དང་རྣམ་པར་སྨིན་པའི་གང་ཡིན་པ་འདི་མི་མཐོང་གི་།འདི་ལྟར་ངའི་ཉན་ཐོས་དང ། ངའི་རྣལ་འབྱོར་སྤྱོད་པ་དག་གིས་རྗེས་སུ་མཐོང་ངོ ། །གཞན་ཡང་ཚིག་དང་ངག་གི་ཆད་པ་ཇི་ལྟ་བུ་ཡིན། རྣམ་པ་ནི་དུ་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པ་ཆོས་ ལ་ཆོས་ཀྱི་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་ངག་གི་ཆད་པ་རྣམ་པ་བཞི་མཐོང་སྟེ། འདི་ལྟ་སྟེ། བརྫུན་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ཚིག་ཀྱལ་པའོ། །དེ་ལ་བརྫུན་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་ དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་ཀྱི་སྐྱེ་གནས་རྣམས་སུ་སྐྱེའོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང ། སེམས་ཅན་ཐམས་ཅད་ཀྱིས་ཚིག་གཟུང་བར་མི་འགྱུར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དང་ཁྱིམ་བདག་གི་འཁོར་ 68-1-88b དང་རྒྱལ་རིགས་ཀྱི་འཁོར་དང་རང་གི་བུ་དང་ཆུང་མས་ཀྱང་ཚིག་གཟུང་བར་མི་འགྱུར། དེའི་ཁ་ནས་དྲི་མནམ་པ་འབྱུང ། སོ་དང་ཁ་དང་མདོག་དང་པགས་པ་མི་སྡུག་པར་འགྱུར། འཇིག་རྟེན་པ་ཀུན་གྱིས་ཀྱང་ལོག་པའི་མངོན་པར་སྤྱོད་པས་མངོན་པར་སྦྱོར་བར་ འགྱུར། རྟག་ཏུ་འཇིགས་པར་ཡང་འགྱུར། དེའི་མཛའ་བཤེས་དང ། གཉེན་དང ། སྐྱེ་བོ་སྙིང་དུ་སྡུག་པ་དག་བསྟེན་པར་མི་འགྱུར། བྱེད་པ་བརྩམས་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར། དོན་མེད་པ་ཐམས་ཅད་སྤྱོད་པར་འགྱུར་ཏེ། འདི་ནི་ བརྫུན་གྱི་ལས་ཀྱི་འབྲས་བུ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་ཡིན་ནོ། །གཞན་ཡང་ངག་གི་ཆད་པ་གཉིས་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་འབྲས་བུ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དེས་ཐོས་པ་ལས་ བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། ཕྲ་མ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེའོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང་ དེ་ལྐུགས་པར་འགྱུར། འོན་པར་འགྱུར། དེའི་ཁ་ནས་དྲི་མནམ་པ་འབྱུང ། དེའི་ཚིག་ལ་སུ་ཡང་ཡིད་མི་ཆེས་ཤིང་དེ་སྐྱེ་བོ་ཀུན་གྱི་བཞད་གད་པར་འགྱུར། གདོང་གི་མདོག་མི་སྡུག་པར་འགྱུར། གནས་གཅིག་ལ་མངོན་པར་དགའ་བར་མི་འགྱུར། སེམས་ གཡོ་བར་འགྱུར། སེམས་འཐས་པར་འགྱུར་ཏེ། འདི་ནི་ཕྲ་མའི་ཆད་པ་ཡིན་ནོ། །ཚིག་རྩུབ་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། ཚིག་རྩུབ་པོ་ཀུན་ ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེའོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང་སུ་ལས་ཀྱང་དབུགས་ཕྱིན་པ་མི་འཐོབ། སྐྱེ་བོ་ཀུན་གྱིས་ཀྱང་རྟག་ཏུ་མངོན་ 68-1-89a པར་གཙེ་བར་འགྱུར་ཏེ། སུས་ཀྱང་དབུགས་འབྱིན་པར་མི་འགྱུར། བུ་དང་ཆུང་མ་ལས་དགའ་བའི་ཚིག་གཅིག་ཙམ་ཡང་མི་འཐོབ། རི་དགས་ལྟར་རྟག་ཏུ་སྐྱེ་བོ་ཀུན་གྱིས་འཇིགས་པར་འགྱུར། དགེ་བའི་བཤེས་གཉེན་དང་སྤྱོད་ པར་མི་འགྱུར། སྡིག་པའི་གྲོགས་པོར་འགྱུར་ཏེ། རྣམ་པ་གསུམ་པོ་འདི་ནི་ཚིག་རྩུབ་པོའི་འབྲས་བུ་ཡིན་ནོ། །གཞན་ཡང་ཚིག་ཀྱལ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ ལ་ཆོས་ཀྱི་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཚིག་ཀྱལ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་འགྲོའོ། །གལ་ཏེ་མི་རྣམས་དང་སྐལ་ བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང་སྐྱེ་བོ་ཀུན་མི་དགའ་ཞིང་ཡ་ང་བར་འགྱུར། རྒྱལ་པོའི་ཕོ་བྲང་དང་མཛའ་བཤེས་དང་གཉེན་དག་གི་ཁྱིམ་དུ་ཡང་སྨྱོན་ཐབས་མཁན་ལྟ་བུར་འགྱུར་ཏེ། དེ་ནི་ཚིག་ཀྱལ་པའི་ཆད་པ་ཡིན་ནོ། །གཞན་ཡང་ཡིད་ཀྱི་མི་དགེ་བ་རྣམ་པ་གསུམ་ པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། བརྣབ་སེམས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེའོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་དེའི་རྫས་བསགས་བསགས་པ་དག་རྒྱལ་པོ་དང ། ཆུ་དང ། མེའི་གནོད་པས་འཕྲོག་པར་འགྱུར་རྟག་ཏུ་དབུལ་བར་ཡང་འགྱུར་རོ། ། གཞན་ཡང་གནོད་སེམས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ཡིད་ཀྱི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། གནོད་སེམས་ཀུན་ཏུ་ 68-1-89b བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེའོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང་དེ་རི་བྲགས་དང ། ཀླ་ཀློ་རྟག་ཏུ་མཚོན་གྱིས་འཁྲུག་ཅིང་རྟག་ཏུ་ འཇིགས་པ་རྣམས་སུ་སྐྱེ་བར་འགྱུར། རྟག་ཏུ་གཡང་ས་རྣམས་སུ་ལྟུང་བར་འགྱུར། དེའི་སེམས་ནམས་ཀྱང་བདེ་བར་གནས་པར་མི་འགྱུར་ཞིང ། གནོད་པ་དག་གིས་རྟག་ཏུ་གནོད་པར་འགྱུར་རོ། །གཞན་ཡང་ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ པའི་ཡིད་ཀྱི་ཆད་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་མཐོང་སྟེ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་མནར་མེད་ པ་ལ་སོགས་པར་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་མྱོང་བར་སྐྱེ། དུད་འགྲོའི་སྐྱེ་གནས་སུ་ཚེ་བྱེ་བ་བརྒྱ་ཕྲག་དུ་མར་འཕོ་ཞིང་སྐྱེ། དེ་བཞིན་དུ་ཡི་དགས་ཀྱི་ཡུལ་དུ་ཡང་སྐྱེའོ། །གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ཡང་དེ་ཇི་སྐད་ བཤད་པའི་མི་དགེ་བའི་ལས་ཀྱི་ལམ་གྱི་སྐྱོན་སྟོང་དུ་སྒྱུར་བ་ཐམས་ཅད་དེ་ལ་འབྱུང་ངོ ། །གཞན་ཡང་རྣམ་པ་གཞན་གང་གིས་ན་མི་དགེ་བ་བཅུའི་ཆོས་དག་ཤིན་ཏུ་ཕྲ་བ་རྗེས་སུ་སེམས་ན་ཡང་འཁོར་བ་ན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ སུ་འཁྱམ་པ། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། སྲོག་གཅོད་པ་ཇི་ལྟར་ཀུན་ཏུ་སྟེན། ཇི་ལྟར་སྒོམ། ཇི་ལྟར་མང་དུ་བྱེད་ཅེ་ན། འདི་ལ་སྲོག་གཅོད་པ་གྲོགས་ པོ་ངན་པའམ། སློབ་མའམ། དེའི་གྲོགས་ལ་ཀུན་ཏུ་སྟེན་པར་བྱེད། དེ་དང་ལྷན་ཅིག་ཀུན་ཏུ་དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། ཀུན་ཏུ་གནས་པར་བྱེད། དེ་ལ་ཡིད་ཆེས་པའི་གནས་སུ་བྱེད། ཐམས་ཅད་ཡོན་ཏན་དུ་ལྟ་བར་བྱེད། 68-1-90a དེའི་ཚུལ་གྱིས་རྗེས་སུ་འཇུག་པར་བྱེད། མི་དགེ་བའི་བཤེས་གཉེན་ནམ། སློབ་མ་དེས་མི་སྲོག་གཅོད་པའི་ཚུལ་ཅན་དེ་སྲོག་གཅོད་པའི་རྒྱུ་བྱེད་པ་གཏམ་སྣ་ཚོགས་ལམ་མ་ཡིན་པར་གྱུར་པ་དང ། སྲོག་གཅོད་པ་ལ་རབ་ཏུ་འཇོག་པར་བྱེད་དེ། དེ་བཞིན་དུ་མཆོད་སྦྱིན་གྱི་གཏམ་མམ། དེ་བཞིན་དུ་རི་དགས་ཀྱི་གཏམ་མམ། དེ་བཞིན་དུ་རོ་ལ་ཆགས་པ་རབ་ཏུ་ཉེས་པའི་གཏམ་མམ། དེ་བཞིན་དུ་དགྲ་བོ་མི་མཛའ་བ་དང་འབྲེལ་བ་ལ་ལན་ལྡོན་པའི་གཏམ་མམ། དེ་བཞིན་དུ་དེའི་རྫས་ལ་ཆགས་པའི་གཏམ་ མམ། དེ་བཞིན་དུ་ཉོན་མོངས་པ་ལ་རབ་ཏུ་སྤྲོ་བ་རྫས་ལ་ཆགས་པ་དང ། གྲགས་པའི་ལས་ཀྱི་གཏམ་རྣམས་ལ་རབ་ཏུ་འཇོག་པར་བྱེད། དེ་ཡང་དེ་ལ་ཡིད་ཆེས་པའི་གནས་སུ་རྗེས་སུ་འཇུག་པ་ན། སྲོག་གཅོད་པ་ཀུན་ཏུ་སྟེན་པར་བྱེད་དོ། །དེ་ལྟར་སྲོག་ གཅོད་པ་བསྟེན་པ་ནི། སེམས་ཅན་དམྱལ་བར་འགྲོ། ཡི་དགས་ཀྱི་འཇིག་རྟེན་དུ་འགྲོ། དུད་འགྲོའི་འཇིག་རྟེན་དུ་འགྲོ་སྟེ། མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་བ་སྐྱེ་བོ་མཁས་པ་ཀུན་གྱིས་སྨད་པར་འགྱུར་རོ། །མིར་སྐྱེས་ན་ཡང་ཚེ་ཐུང་བའི་རྒྱུར་ འགྱུར་རོ། །དེ་ལྟར་ན་བཤེས་གཉེན་ངན་པའི་ས་བོན་ཅན་གྱི་སྲོག་གཅོད་པ་དེ་ནི་སྲོག་གཅོད་པ་ཀུན་ཏུ་སྟེན་པར་བྱེད་དོ། །མི་ངན་པ་གོམས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན་མི་ངན་པ་སྲོག་གཅོད་པ་བསྟེན་པ་ཞེས་བྱ་བ་སྔ་མ་བཞིན་སྦྱར་ཏེ། སྲོག་གཅོད་པ་བྱས་ནས་ཡིད་ཀྱིས་དགའ་ བར་བྱེད། མགུ་བར་བྱེད། ཡིད་ཀྱིས་ཀུན་ཏུ་རྟོག་པར་བྱེད། ཡོན་ཏན་དུ་ལྟ་བའི་བློ་ཅན་དུ་བྱེད། སྲོག་གཅོད་པ་ཉིད་ལ་ཀུན་ཏུ་རྟོག་པར་བྱེད། རྣམ་པ་མང་པོས་གཞན་གྱི་སྲོག་འཕྲོག་པར་བྱེད་དོ། །དེ་སྐྱོན་དུ་མི་འགྲང ། དེ་ལ་སྨོད་པར་མི་བྱེད། དེ་ལ་དགའ་བ་ དང་འབྲལ་བར་མི་བྱེད། ཕྱིར་ཞིང་དེའི་ངང་ཚུལ་དུ་བྱེད། སྲོག་མི་གཅོད་པའི་ཚུལ་ཅན་གཞན་དག་ཀྱང་སྲོག་གཅོད་པ་དེ་ལ་རབ་ཏུ་འཇོག་པར་བྱེད། གཏམ་རྒྱུད་དང་བཅས་པ་སྣ་ཚོགས་དག་གིས་སྔ་མ་བཞིན་དུ་སྦྱར་ཏེ། དེ་ལྟར་སྲོག་གཅོད་པ་གོམས་པར་བྱེད་ 68-1-90b དོ། །མང་དུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ན་གང་སྲོག་གཅོད་པ་བྱས་ནས་གོམས་པར་བྱེད་པ་སྔ་མ་བཞིན་དུ་སྦྱར་ཏེ། འདི་ལ་སྲོག་གཅོད་པ་བྱེད་པ་ན། དེ་ལ་གོམས་པ་དང ། སྡིག་པའི་གྲོགས་པོ་དང་ཕྲད་པས་རྒྱ་འབྲེ་བར་བྱེད། དེ་ལ་དུག་མདའ་ བྱེད། ཁྱི་སོགས་པར་བྱེད། སྲོག་གཅོད་པའི་བྱ་སྡུད་པར་བྱེད། གཏུམ་པོ་དང་སྟེན་པར་བྱེད། ཐབ་མོ་ལ་དགའ་སྟེ། ཡ་ལད་དང ། མཚོན་ཆ་དང ། རལ་གྲི་དང ། མདའ་བོ་ཆེ་དང ། སྟེའུ་ཀ་དང ། འཁོར་ལོ་དང ། གོ་མཚོན་ལ་སོགས་པའི་ ངང་ཚུལ་ཅན་ཡིན། སྲོག་གཅོད་པར་བྱེད་པའི་རྒྱུ་གཞན་གང་ཡིན་པ་དེ་ཐམས་ཅད་ཀྱང་ཡོངས་སུ་འཛིན་པར་བྱེད་དོ། །མི་དེ་ལྟ་བུ་ནི་སྲོག་གཅོད་པ་མང་དུ་བྱེད་པ་ཡིན་ནོ། །རྒྱུ་དེ་དང ། གཞི་དེ་དང ། རྐྱེན་དེས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་ དགས་རྣམས་ཀྱི་ཡུལ་དུ་སྐྱེ་སྟེ། གནོད་པ་མི་བཟད་པས་མངོན་པར་གནོད་དོ། །སྲོག་གཅོད་པ་ཐ་མ་དང ། འབྲིང་དང ། ཆེན་པོས་རྣམ་པར་སྨིན་པ་ཐ་མ་དང ། འབྲིང་དང ། ཆེན་པོ་ཉེ་བར་སྤྱོད་པར་འགྱུར་རོ། །ལས་བྱས་ལ་བསགས་པས་ནི་ལས་ཀྱི་ རྣམ་པར་སྨིན་པ་མྱོང་བར་མི་འགྱུར་བ་མེད་དེ། དེ་ལྟར་ན་བདག་ཉིད་ཀྱིས་བྱས་པའི་ལས་ནི་བདག་ཉིད་ཀྱིས་ཉེ་བར་སྤྱོད་པར་འགྱུར་རོ། །དེ་ལྟ་བས་ན་གལ་ཏེ་འཁོར་བ་ལ་ཡིད་བྱུང་ན་སྡིག་པ་སྤངས་ནས་དགེ་བ་ཀུན་ཏུ་སྤྱད་པར་བྱ་སྟེ། འདི་ནི་སྲོག་གཅོད་པ་ཀུན་ཏུ་སྟེན་ཅིང་ མང་དུ་བྱེད་པ་ཡིན་ནོ། །ཇི་ལྟར་ན་མ་བྱིན་པར་ལེན་པ་ཀུན་ཏུ་སྟེན་ཅིང་སྒོམ་སྟེ་མང་དུ་བྱེད་པ་ཡིན། ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། སེམས་ཅན་དམྱལ་བ་ཇི་ལྟར་མྱོང་བར་འགྱུར་ཞེ་ན། འདི་ལ་ཚུལ་ཁྲིམས་འཆལ་པའི་མི་ནི་ངོ་བོ་ཉིད་ཀྱིས་མ་བྱིན་ པར་ལེན་པའི་ངང་ཚུལ་ཅན་ཡིན་ཏེ། གྲོགས་པོ་ངན་པའམ། སློབ་མ་དང་འབྲེལ་བས་མ་བྱིན་པར་ལེན་པ་ཐ་མ་དང ། འབྲིང་དང ། ཆེན་པོ་ཀུན་ཏུ་སྤྱོད་དོ། །དེ་ལ་ཐ་མ་ནི་རྒྱལ་པོའི་ཆད་པས་སྐྲག་ནས་གཞན་གྱི་ལེན་པ་ཡིན་ཏེ་སྔ་མ་བཞིན་ནོ། །འབྲིང་ནི་ 68-1-91a དངོས་པོ་ཆུང་ངུ་ཡིན་ཏེ། ཞིང་བཟང་པོ་ལ་བརྐུས་པ་མ་ཡིན་པ་འདི་ནི་མ་བྱིན་པར་ལེན་པ་འབྲིང་ཡིན་ནོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་དག་ལས་ནི་ཆུང་ངུ་ཞིག་བླངས་ན་ཡང་ཆེན་པོར་འགྱུར་ཏེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་མ་བྱིན་པར་བླངས་པ་དེ་དག་ལས་ཀྱང་རིས་སུ་འཐུན་པར་སླར་ཕུལ་ན། སངས་རྒྱས་དང ། ཆོས་ཀྱི་ནི་དག་པར་འགྱུར་ལ། དགེ་འདུན་གྱི་བརྐུས་པ་ནི་ཚོར་བ་མ་མྱོང་བར་དག་པར་འགྱུར་བ་མེད་དེ་ཞིང་ལྕི་བའི་ཕྱིར་གལ་ཏེ་ཞལ་དུ་འདུ་བའི་སྒོ་ཞིག་ན་ནི་དེ་ སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ལ་གལ་ཏེ་ཞལ་དུ་འདུ་བའི་སྒོ་མ་ཡིན་ན་ནི། དེའི་ནང་གི་བར་མནར་མེད་པའི་འཁོར་མུན་ནག་ཆེན་པོ་ལ་སོགས་པར་སྐྱེ་བར་འགྱུར་རོ། །གལ་ཏེ་མ་བྱིན་པར་ལེན་པ་ཆུང་ངུ་ཞིག་བླངས་ནས་ཀྱང་ཀུན་ཏུ་སྟེན་ཅིང་སེམས་ལ་དགའ་བར་བྱེད་དེ། གོམས་པར་བྱེད་ལ་མང་དུ་བྱེད་ན། མ་བྱིན་པར་ལེན་པ་ཆུང་ངུ་དེས་ཀྱང་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་འཆགས་པར་བྱེད་ཅིང་རྗེས་སུ་ཡི་རང་བར་མི་བྱེད་ལ་འགྱོད་ན་དེའི་མྱོང་བར་འགྱུར་བར་མ་ ངེས་པ་ཡིན་ནོ། །གལ་ཏེ་མ་བྱིན་པར་ལེན་པའི་ངང་ཚུལ་ཅན་ཞིག་དེ་ཐབས་དུ་མས་མ་བྱིན་པར་ལེན་པ་ཀུན་ཏུ་སྤྱོད་ན། འདི་ནི་མ་བྱིན་པར་ལེན་པ་ཀུན་ཏུ་བསྟེན་པ་ཡིན་ནོ། །གོམས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་མ་བྱིན་པར་ལེན་པའི་རྫས་ཐོབ་ནས་མགུ་ བར་འགྱུར་ཞིང་ཆོམ་རྐུན་ལ་མངོན་པར་དགའ་བར་བྱེད་དོ། །དེ་རྫས་དེ་ཐོབ་ནས་བཟའ་བ་དང ། བགོ་བ་བྱས་ཤིང་དགའ་བར་འགྱུར་ཏེ། ཡོན་ཏན་དུ་བཟུང་ནས་གཞན་དག་ཀྱང་མ་བྱིན་པར་ལེན་པ་ལ་རབ་ཏུ་འཇོག་པར་བྱེད། ཡང་དག་པར་འཇུག་པར་བྱེད། ཡང་དག་པར་འཛིན་དུ་བཅུག་ཅིང་བྱེད་དུ་འཇུག་པ་དེ་ལྟ་བུ་ནི་མ་བྱིན་པར་ལེན་པ་གོམས་པར་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་མང་དུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་མ་བྱིན་པར་ལེན་པ་བྱས་ནས། མལ་ཆ་དང ། བཟའ་བ་དང ། བཅའ་བ་དང་། 68-1-91b གོས་དང ། རྒྱན་དང ། བཏུང་བ་དང ། སྨད་འཚོང་བ་དང ། རྒྱན་པོ་མང་པོ་དག་ལ་མངོན་པར་དགའ་བར་བྱེད་དོ། །དེ་སེམས་ཀྱིས་མངོན་པར་དགའ་བར་བྱེད་དེ། བདེ་བ་ཐམས་ཅད་ཀྱི་ནང་ན་འདི་ལྟ་སྟེ། མ་བྱིན་པར་ལེན་པ་ཞེས་བྱ་བ་འདི་ནི་ལེགས་ པར་བྱས་པ་ཡིན་ནོ། །རྒྱུ་དེས་བདག་མལ་ཆ་དང ། བཟའ་བ་དང ། བཅའ་བ་དང ། གོས་དང ། རྒྱན་དང ། བཏུང་བ་དང ། སྨད་འཚོང་བ་དང ། རྒྱན་པོ་མང་པོ་དག་གིས་མཆོག་ཏུ་བདེ་བ་མྱོང་ངོ ། །མ་བྱིན་པར་ལེན་པ་དེ་བདག་གིས་ཀུན་ཏུ་ སྤྱད་པར་བྱ་སྟེ། དེ་བདག་ལ་བདེ་བ་རབ་ཏུ་མང་པོ་དག་ཏུ་འགྱུར་རོ་སྙམ་ན་སྔ་མ་བཞིན་དུ་སྦྱར་ཏེ། འདི་ནི་མ་བྱིན་པར་ལེན་པ་མང་དུ་བྱེད་པ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བ་རྣམས་སུ་མྱོང་བར་འགྱུར་བར་ངེས་པ་ཡིན་ནོ། །འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ ཅིང་བསྒོམས་ཏེ། མང་དུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཟིལ་གྱིས་ནོན་པ་ནི་འདོད་ཆགས་དང་བཅས་པའི་རིས་འཐུན་པ་གཞན་འདི་ལྟ་སྟེ། བྱེའུ་མཆིལ་པ་དང ། ངུར་བ་དང ། གོང་མ་སྲེག་དང ། ནེ་ཙོ་དང ། རྨ་ བྱ་དང ། སྲེག་པ་དང ། ཉ་དང ། སྲོག་ཆགས་དུད་ཀ་དག་ནི་ལྷ་མ་ཡིན་གྱི་རིས་དག་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཡིན་ཏེ། འདོད་ཆགས་ཤས་ཆེ་བའི་གྲོགས་པོ་ངན་པ་དང་ལྷན་ཅིག་ཡན་ལག་མ་ཡིན་པར་སྤྱོད་པ་ཡིན་ནོ། །དེ་ཚུལ་བཞིན་མ་ཡིན་པ་ ཉིས་འགྱུར་གྱིས་མངོན་པར་ཞེན་ལ་དེ་འདོད་ཆགས་ཚིམ་པ་མེད་པ་དང་བཅས་པའི་སེམས་ཀྱིས་ཚུལ་བཞིན་མ་ཡིན་པ་ཀུན་ཏུ་སྤྱོད་དེ། གང་དྲི་ཟ་དེར་ཉེ་བར་འགྱུར་ཞིང་གང་གིས་དེར་སྐྱེ་བར་འགྱུར་བ་ཚུལ་བཞིན་མ་ཡིན་པ་དེ་ནི་སྐྱེ་གནས་ཀྱི་ཞིང་ལ་སྐྱོན་ཡོད་པའི་ཕྱིར་དེར་སྐྱེ་བར་ མི་འགྱུར་རོ། །རྒྱུ་དེས་ན་ཚུལ་བཞིན་མ་ཡིན་པ་དང་བཅས་པའི་འདོད་པས་ལོག་པར་སྤྱོད་པ་ནི་ངན་པ་ཡིན་ནོ། །མི་དེ་རེག་བྱའི་འདོད་ཆགས་ཤས་ཆེ་བས་དེ་དང་དེ་ཉིད་ལ་མངོན་པར་དགའ་སྟེ། དེ་ནི་འདི་ལྟར་འདོད་པས་ལོག་པར་གཡེམ་པ་འདི་ཡང་དང་ཡང་དུ་སྟེན་ 68-1-92a ཅིང་རེག་བྱ་ངན་པ་ལ་མངོན་པར་དགའ་བ་ཡིན་ཏེ། འདི་ལྟར་འདི་ནི་འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་པ་ཡིན་ནོ། །འདོད་པས་ལོག་པར་གཡེམ་པ་གོམས་པར་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལས་འདོད་པས་ལོག་པར་གཡེམ་པ་ཡང་དང་ཡང་དུ་ སྟེན་ཅིང་ཡིད་ཀྱིས་ཡང་དག་པར་རྟོག་པར་བྱེད། དེའི་ཡིད་ལ་མངོན་པར་དགའ་བ་གཞན་སྤངས་ཏེ། དེ་འདོད་པས་ལོག་པར་གཡེམ་པ་འདི་ཉིད་གོམས་པར་བྱས་ནས། ཡང་ཡུལ་བདེ་བ་དེ་གོམས་པར་བྱེད་པ་ཡིན་ནོ། །མང་དུ་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བརླན་པའི་བྱིས་པ་སོ་སོའི་སྐྱེ་བོ་ནི། འདི་ལྟར་འདོད་པས་ལོག་པར་གཡེམ་པ་ནི་མཆོག་ཏུ་བཟང་བ་ཡིན་ལ། འདོད་པས་ལོག་པར་མི་གཡེམ་པ་ནི་མ་ཡིན་ཞེས་ཡོན་ཏན་མཆོག་དང་འདྲ་བར་ཡང་དག་པར་འཛིན་པར་བྱེད་དོ། ། དེ་གཞན་ཤིན་ཏུ་མང་པོ་དག་ཀྱང་འདོད་པས་ལོག་པར་གཡེམ་པ་ལ་མངོན་པར་འཇུག་ཅིང་བྱེད་དུ་འཇུག་སྟེ། འདི་ནི་འདོད་པས་ལོག་པར་གཡེམ་པ་མང་དུ་བྱེད་པ་ཡིན་ནོ། །ལུས་ཀྱི་རྣམ་པ་གསུམ་པོ་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མི་དགེ་བ་ཡིན་ནོ། །ངག་ གི་ནི་རྣམ་པ་བཞི་སྟེ། བརྫུན་དང ། ཚིག་རྩུབ་པོ་དང ། ཕྲ་མ་དང ། ཚིག་ཀྱལ་པའོ། །དེ་ལ་བརྫུན་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་ལ་བདག་ཉིད་སླུ་ཞིང་གཞན་ཡང་སླུ་བར་བྱེད་པ་ཡིན་ཏེ། བརྫུན་དུ་སྨྲ་བ་འདི་ནི་བདག་དང་གཞན་སླུ་བར་བྱེད་པ་ ཡིན་ནོ། །དེ་ཡང་རྒྱུ་ལྔ་དང་ལྡན་པ་ཡིན་ཏེ། འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། འཇིགས་པ་དང ། རྙེད་པ་དང ། ཆོས་ལོག་པའི་འདུལ་བ་ཡོངས་སུ་སྡུད་པའོ། །བརྫུན་དུ་སྨྲ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་རྒྱལ་པོའི་ཕོ་བྲང་འཁོར་ན་ འདུག་ཀྱང་རུང ། ཁྱིམ་བདག་གི་འཁོར་གྱི་ནང་ན་འདུག་ཀྱང་རུང ། ཉེ་དུའི་ནང་ན་འདུག་ཀྱང་རུང་སྟེ། མཛའ་བཤེས་དང ། མཛའ་བཤེས་མ་ཡིན་པ་དག་སྨྲ་བ་ན། མཛའ་བཤེས་ཀྱི་ཕྱིར་ནི་འདོད་ཆགས་ཀྱིས་བརྫུན་སྨྲ་ལ། མཛའ་བཤེས་མ་ཡིན་ 68-1-92b པའི་ཕྱིར་ནི་ཞེ་སྡང་གིས་ཀྱང་བརྫུན་སྨྲའོ། །རྙེད་པའི་ཕྱིར་ཡང་བརྫུན་སྨྲ་སྟེ། ནོར་ལ་ཆགས་པ་དེ་བརྫུན་སྨྲའོ། །ཆོས་ལོག་པའི་ཚིག་ཡོངས་སུ་སྡུད་པས་ཀྱང་བརྫུན་སྨྲ་སྟེ། འདི་ལ་བྲམ་ཟེ་རྣམས་ཡོན་ཏན་གྱི་ཕྱིར་དང ། ནོར་འཕྲོག་པའི་ཕྱིར་དང ། རང་ གི་སྲོག་ལ་གནོད་པ་དང ། བག་མ་ལེན་པ་དག་གི་ཕྱིར་བརྫུན་སྨྲས་ཀྱང་མི་གོས་སོ་ཞེས་ཟེར་རོ། །དེ་ནི་ཆོས་ལོག་པའི་ཚིག་ཡོངས་སུ་སྡུད་པའི་བརྫུན་སྨྲ་བ་ཡིན་ཏེ། མི་གཏི་མུག་པ་ལོག་པར་ལྟ་བའི་ཚིག་ཡོངས་སུ་སྡུད་པ་འདི་ནི་སེམས་ཅན་དམྱལ་བ་མི་ བཟད་པར་ཡང་འགྱུར་རོ། །སེམས་ཅན་དམྱལ་བ་འགྲུབ་པར་འགྱུར་བའི་ས་བོན་དག་ནི་འདི་ལྟ་སྟེ། བརྫུན་སྨྲ་བ་ཡིན་པས་རང་གི་སྲོག་གི་ཕྱིར་རམ། གཞན་གྱི་སྲོག་གི་ཕྱིར་བརྫུན་ཅུང་ཟད་ཀྱང་སྨྲ་བར་མི་བྱ་བ་འདི་ནི་མཆོག་ཡིན་ནོ། །འཇིགས་པས་ཀྱང་ བརྫུན་སྨྲ་སྟེ། གང་བདག་གིས་བརྫུན་འདི་མ་སྨྲས་ན། དེ་བདག་གི་སྲོག་ལ་དམན་པ་དོན་མེད་པ་ཆེན་པོ་འཐོབ་པར་འགྱུར་རོ་སྙམ་ནས་དེ་གང་ལས་འཇིགས་པར་འགྱུར་བ་དེའི་དོན་དུ་བརྫུན་སྨྲ་བ་ཡིན་ཏེ། རྒྱུ་ལྔ་པོ་འདི་དག་གིས་བྱིས་པ་དག་བརྫུན་སྨྲ་བ་སྨྲ་སྟེ། གཏི་མུག་ནི་ཐམས་ཅད་ལ་གནས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། འཇིག་རྟེན་ཕ་རོལ་ཁྱད་གསོད་ཅིང ། །ཆོས་གཅིག་ལས་ནི་འདའ་བྱེད་པ། །བརྫུན་དུ་སྨྲ་བའི་ལུས་ཅན་གྱིས། །སྡིག་པ་མི་བྱེད་ཅི་ཡང་མེད། །མི་ཡི་ལུས་སུ་སྐྱེས་མ་ཐག་། ཁ་ནས་སྟ་རེ་ལྟ་བུ་ཡི། །ཚིག་འབྱུང་ངན་པར་བརྗོད་སྨྲ་བ། །དེ་ཡིས་བདག་ཉིད་གཅོད་པར་བྱེད། །བདེན་པར་སྨྲ་ཞིང་འཁྲུག་མི་བྱ། །བསླངས་ན་ཆུང་ཡང་སྦྱིན་པར་བྱ། །གནས་འདི་གསུམ་དང་ལྡན་པ་ནི། །ལྷ་རྣམས་དག་གི་དྲུང་དུ་འགྲོ། །དེ་ ལྟ་བས་ན་རྒྱུ་ཐམས་ཅད་དང ། རྐྱེན་ཐམས་ཅད་ཀྱིས་བརྫུན་དུ་སྨྲ་བར་མི་བྱ་ཞིང་གཞན་བརྫུན་སྨྲ་བ་ན་རྗེས་སུ་ཡི་རང་བར་མི་བྱ། བརྫུན་སྨྲ་བ་དང་ལྷན་ཅིག་འབེལ་བའི་གཏམ་ཟེར་དུ་མི་འགྲོ། མི་གནས། འདུག་པར་མི་བྱའོ། །གཞན་དུ་ན་འདི་ཡང་བརྫུན་སྨྲ་བ་ 68-1-93a མངོན་དུ་ཟེར་བ་ཡིན་ནོ་ཞེས་སྐྱེ་བོ་གཞན་དག་གིས་བསམས་པར་འགྱུར་ཏེ། དེ་ལྟར་ན་ལས་དྲི་མ་ཅན་ལ་མངོན་པར་དགའ་བའི་མི་རྣམས་དང་འགྲོགས་པས་ལས་དྲི་མ་ཅན་དུ་གཞན་དག་སེམས་སོ། །དེ་ལྟ་བས་ན་སྡིག་པའི་གྲོགས་པོ་དང་འགྲོགས་ པར་མི་བྱ་སྟེ། འདི་ལྟ་སྟེ། སྡིག་པའི་གྲོགས་པོ་དང་འགྲོགས་པ་ནི་འཁོར་བའི་འཆིང་བ་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་གནས་ཡིན་ལ། དགེ་བའི་བཤེས་གཉེན་དང་འགྲོགས་པ་འདི་ནི་ཐར་པ་མཆོག་ཡིན་ཏེ། འདི་ དག་ནི་བརྫུན་དུ་སྨྲ་བ་མདོར་བཤད་པ་ཡིན་ནོ། །གཞན་ཡང་ཕྲ་མ་ཇི་ལྟ་བུ་ཡིན། རྣམ་པ་དུ་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཕྲ་མ་ཞེས་བྱ་ བ་ནི་འཐུན་ཞིང་འབྱོར་པ་དག་ལ་དབྱེ་བའི་བསམ་པས་ཚིག་བརྗོད་པ་ནི་ཕྲ་མ་ཡིན་ནོ། །དེ་རྣམ་པ་གཉིས་ཏེ། ཕ་རོལ་དང་སྦྱོར་བ་དང ། མི་སྦྱོར་བའོ། །དེ་ལ་ཁྱོད་ཀྱིས་མི་གཉིས་དང་དབྱེ་བའི་སྦྱོར་བ་གྱིས་ཤིག་ཅེས་དགྲའམ། དགྲ་ཆུང་ངུ་གཞན་དག་གིས་ སྦྱོར་བ་བྱེད་པ་དང ། བདག་ཉིད་ཀྱིས་འབྱེད་པར་འདོད་པའོ། །གཞན་ཡང་ཚིག་རྩུབ་པོ་ཇི་ལྟ་བུ་ཡིན། རྣམ་པ་དུ་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་ སྟེ། ཚིག་རྩུབ་པོ་ཞེས་བྱ་བ་ནི་བདག་དང་གཞན་ལ་གནོད་པ་བྱེད་པ། ཁྲོ་བའི་རྒྱུ་འཐུན་པར་གྱུར་པ། ཡིད་དུ་མི་འོང་བ། མི་སྡུག་པ། མི་དགའ་བའི་ཚིག་བརྗོད་པ་ཉན་པ་དང ། མི་འཐུན་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང་བཅས་ པ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ལྷན་ཅིག་སྤྱོད་པའི་ཚིག་སྨྲ་བ་འདི་ནི་ཚིག་རྩུབ་པོ་ཞེས་བྱ་སྟེ། རྣམ་པ་དུ་མ། དམིགས་པ་དུ་མ། རྒྱུ་དུ་མ། སེམས་ཀྱི་ཀུན་ནས་ལྡང་བ་དུ་མ། རྣམ་པར་སྨིན་པ་དུ་མ། བདེ་འགྲོར་འགྲོ་བ་རྣམ་པར་འཇིག་པ་དུ་ 68-1-93b མ། སྐྱེ་བོ་ཐམས་ཅད་མི་དགའ་བར་བྱེད་པ། འཇིག་རྟེན་ལྡང་བའི་རྒྱུར་གྱུར་པ། འཐུན་པར་གྱུར་པ། རྣམ་པར་འཇིག་པར་བྱེད་པ། ཡིད་མི་ཆེས་པའི་གནས་སུ་གྱུར་པ། ཡིད་གཅུགས་པ་མ་ཡིན་པ། ལྕེ་དུག་ལྟ་བུར་གྱུར་པའི་ཚིག་རྩུབ་པོ་དག་གི་དྲི་ མ་ནི་ཚངས་པ་མཚུངས་པར་སྤྱོད་པས་རྣམ་པར་སྤངས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། བརྟན་པས་ཚིག་རྩུབ་སྤང་བྱ་ཞིང ། །རྟག་ཏུ་ཡང་དག་ཚིག་སྨྲོས་ཤིག་།ཚིག་སྙན་མངོན་པར་དགའ་བའི་མི། །མྱ་ངན་འདས་ལ་ཉེ་བར་གནས། །ཚིག་ ཞི་རྟག་ཏུ་སྨྲ་བྱ་ཞིང ། །དྲི་མ་ཡོད་པ་རྣམ་པར་སྤང ། །ཚིག་གི་དྲི་མས་ཟིལ་ནོན་པ། །མི་གང་དེ་ནི་དམྱལ་བར་འགྲོ། །ཚིག་གི་དྲི་མས་ཟིལ་ནོན་པ། །གང་ཡིན་དེ་ལ་བདེ་བ་མེད། །སེང་གེ་སྦྲུལ་ནི་འཕགས་མིན་ལྟར། །དེ་དག་ལ་ནི་མཐོ་རིས་ མེད། །གང་དག་ཚིག་རྩུབ་མི་སྨྲ་ཞིང ། །གང་དག་གཡོ་ནི་རྣམ་སྤངས་པ། །དེ་དག་ཐམས་ཅད་དགའ་སྐྱེད་ཅིང ། །བདེ་བ་དང་ནི་དབུགས་འབྱིན་བྱེད། །སྐྱེ་བོ་དེ་ནི་འཇིག་རྟེན་འདིར། །དགའ་ཞིང་ཕ་རོལ་མཐོ་རིས་འགྲོ། །དེ་འདྲ་བ་ཡི་མི་དག་ ནི། །མཁས་པ་དེ་ལ་ཕྱག་བྱར་འོས། །བདེན་ཚིག་རྟག་ཏུ་ཞི་བ་དང ། །གཡོ་སྒྱུ་མེད་ཅིང་དྲང་པོའི་སེམས། །གཞན་ལ་གནོད་པ་བྱེད་དང་བྲལ། །དེ་ནི་ཆོས་ཀྱི་རྒྱལ་མཚན་དགའ། །ལག་པ་བརྡབས་པའི་སྒྲ་ལྟ་བུར། །མི་ནི་ཆུང་བར་གྱུར་པ་ ཡིན། །གང་དག་དེ་ཐོབ་ཆོས་མི་ཤེས། །མི་ནི་རྨོངས་པ་དག་གིས་བསླུས། །གང་དག་བདག་སྡུག་མི་འགྱུར་དང ། །གང་དག་བདེ་བ་མི་འདོད་པ། །དེ་ནི་སྡིག་གི་ལས་བྱེད་ཅིང ། །སྲེད་པའི་རྒྱུ་ཡིས་རྣམ་པར་བསླུས། །གང་དུ་ལས་ཀྱི་ རྗེས་འགྲོ་བ། །ནོར་དང་བུ་དང་ཆུང་མ་དང ། །མཛའ་བཤེས་ཉེ་དུ་གཉེན་འདབ་དང ། །དེར་ནི་འགྲོ་བར་མི་ནུས་སོ། །ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འགྲོ། །མཁའ་ལ་བྱ་དག་གནས་པ་ཡིན། །དེའི་གྲིབ་ལྷན་ 68-1-94a ཅིག་འགྲོ་བ་བཞིན། །ཇི་ལྟར་ལམ་རྒྱགས་ཉུང་བ་དག་།ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པའི། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་རྒྱགས་མང་བདོག་པ། །ལམ་ ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ། །ཡུན་རིང་ཡུལ་གཞན་གནས་པ་ཡི། །མི་དག་བདེ་བར་འོངས་པ་ལྟར། །གཉེན་དང་སྡུག་པ་མཛའ་བཤེས་དག་།འདིར་འོངས་མངོན་ པར་དགའ་བ་ལྟར། །དེ་བཞིན་བསོད་ནམས་བྱས་པའི་མི། །འཇིག་རྟེན་འདི་ནས་ཕར་འགྲོ་བ། །བསོད་ནམས་ཉིད་ཀྱིས་མངོན་དགའ་སྟེ། །གཉེན་སྡུག་དག་ནི་འོངས་པ་བཞིན། །དེ་ལྟ་བས་ན་ཚེ་ཕྱི་མའི། །བསོད་ནམས་དག་ནི་བྱ་ཞིང་བསགས། ། བསོད་ནམས་འཇིག་རྟེན་ཕ་རོལ་ཏུ། །སྲོག་ཆགས་རྣམས་ནི་དྲན་གནས་ཡིན། །སྤྱོད་པ་འཐུན་པར་གང་སྤྱོད་པའི། །བསོད་ནམས་དག་ལ་ལྷ་བསྟོད་ཅིང ། །དེ་དག་འདིར་ནི་མངོན་དགའ་ལ། །ཕ་རོལ་མཐོ་རིས་དགའ་བར་འགྱུར། །གནས་འདི་ གཞན་གྱིས་མཐོང་བ་ཡི། །མཁས་པ་དག་གིས་ཚུལ་ཁྲིམས་བསྲུངས། །འཕགས་པ་མཐོང་བ་ཕུན་སུམ་ཚོགས། །འཇིག་རྟེན་འདིར་ནི་ཞི་བ་བསྟེན། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་མི་དགེ་བའི་ལས་ཀྱི་ ལམ་གྱི་ཚིག་བཞི་པའི་ཚིག་ཀྱལ་པ་ལ་རྟོག་པར་བྱེད་དེ། དེ་ལ་ཚིག་ཀྱལ་པ་རྣམ་པ་དུ་ཡོད་ཅེ་ན། ཚིག་འབྱུང་བ་སྔ་ཕྱི་འབྲེལ་བ་མེད་པའི་ཚིག་ཀྱལ་པ་དང ། སེམས་འཇུག་པ་ཡང་བས་སྔ་ཕྱི་འབྲེལ་བ་མེད་པའི་ཚིག་བརྗོད་པའི་ཚིག་ཀྱལ་པའོ། །རྒྱགས་པ་དང་ བཅས་པ་དང ། རྒྱགས་པ་མེད་པའི་དུས་ཀྱིས་བསླངས་པ་ཡང་བྱེད་པའི་རྒྱུའི་ངོ་བོ་སྐྱེད་པ་དེ་ཚེ་འདི་ལ་ཡིད་གཅུགས་པའི་གནས་སུ་མི་འགྱུར་ཞིང་ཚེ་འདིའི་ལས་ཀྱི་ལམ་སྐྱེད་པ་འཇིག་རྟེན་པ་ཀུན་གྱིས་སྨོད་པའི་གནས་ཀྱི་རྒྱུ། དོན་མེད་པར་སྨྲ་བ་ནི་ཚིག་ཀྱལ་པ་སྟེ། 68-1-94b ཚིག་གི་དྲི་མ་བཞི་པ་འདི་ནི་མི་དགེ་བའི་ལས་ཀྱི་ལམ་བསྐྱེད་པ་དང ། སྐྱེད་པར་བྱེད་པ་སྨྲ་བར་མི་བྱ་ཞིང་རྗེས་སུ་ཡི་རང་བར་མི་བྱ་ལ། གཞན་གྱི་ཚིག་ཀྱལ་པ་སྨྲ་བ་དེ་ལ་གནས་པར་མི་བྱའོ། །ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལམ་ནི་བརྣབ་སེམས་དང ། གནོད་སེམས་ དང ། ལོག་པར་ལྟ་བའོ། །དེ་ལ་བརྣབ་སེམས་ནི་གཞན་གྱིས་ཡོངས་སུ་བཟུང་བའི་ནོར་རྫས་དང ། ནོར་རྫས་ཀྱི་རྣམ་པ་ལ། ངག་དང་ཡིད་ཀྱིས་ཤིན་ཏུ་རྟོག་པར་བྱེད་དེ། འདི་ནི་བདག་གིར་བྱའོ་སྙམ་པ་ཡང་དག་པ་མ་ཡིན་པའི་ཚུལ་བཞིན་ཡིད་ལ་བྱེད་ཅིང་དེ་ གཞན་གྱི་ཕུན་སུམ་ཚོགས་པ་ལ་འཕྲལ་ལ་སེམས་ལྡང་སྟེ། དོན་ལ་འཆུམས་པ་རྒྱུ་མེད་པ་ཡིན་ནོ། །དེ་ནི་བརྣབ་སེམས་ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལམ་ཡིན་ཏེ། མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ། ཡིད་མ་ཞི་བ། མ་ སྦྱངས་པའི་བྱིས་པ་སྐྱེ་བོ་བརྣབ་སེམས་ཀྱིས་རབ་ཏུ་བསླུས་པ་དེ་གཞན་གྱི་ཕུན་སུམ་ཚོགས་པ་ལ་འཕྲལ་ལ་ཡིད་ཀྱིས་ཤིན་ཏུ་རྟོག་པར་བྱེད། རོ་མྱོང་བར་བྱེད། ཡང་དང་ཡང་དུ་བྱེད། ཡོངས་སུ་སྒྱུར་བར་བྱེད། རྟག་ཏུ་འདོད་པར་བྱེད། རྟག་ཏུ་དགའ་བར་བྱེད་ཅིང་ གཞན་གྱི་ནོར་རྫས་ཕུན་སུམ་ཚོགས་པ་མཐོང་ན་སྡུག་བསྔལ་བ་ཡིན་ནོ། །འདི་ནི་བརྣབ་སེམས་ཞེས་བྱ་སྟེ། ཡིད་ཀྱི་མི་དགེ་བའི་ལས་ཀྱི་ལམ་གྱི་དྲི་མ་ཆེན་པོ་ཡིན་ནོ། །གཞན་ཡང་སེམས་ལས་བྱུང་བ་གནོད་སེམས་མི་དགེ་བའི་ལས་ཀྱི་ལམ་ལ་སོགས་པ་ཇི་ལྟ་བུ་ཡིན་ ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། གཞན་དག་གིས་རྒྱུ་མ་ཡིན་པ་ཡིད་ཀྱི་ཉེས་པའི་གནོད་སེམས་དང ། གཞན་དག་གི་ཕུན་སུམ་ཚོགས་པའམ། ཕུན་སུམ་ཚོགས་པ་མ་ཡིན་པ་མཐོང་ནས། རྒྱུ་མ་ཡིན་པ་ཇི་ལྟར་འདོད་པ་བཞིན་བྱས་པ་ཡིད་ཀྱི་ཉེས་པ་མི་བཟད་པ་ཆེན་པོ་སྐྱེ་བར་འགྱུར་ཏེ། གནོད་སེམས་དེ་ནི་སེམས་ཅན་དམྱལ་བ་མྱོང་བར་འགྱུར། དགེ་བའི་ཆོས་ཀྱི་ལོ་ཏོག་ཏུ་གྱུར་པ་རྣམས་ཀྱི་སེར་བ། ཡང་ 68-1-95a དག་པའི་ཤེས་རབ་ཀྱི་མིག་གི་མི་འཐུན་པར་གྱུར་པ། མུན་ནག་སྙིང་ལ་གནས་པའི་མེ་དེ་ཚུལ་ཁྲིམས་ཐམས་ཅད་སྲེག་པར་བྱེད་པ། མདོག་ངན་པའི་རྒྱུ། ཆོས་ཀྱི་སྟེགས་གཅོད་པར་བྱེད་པ། འཇིག་རྟེན་འདི་དང ། འཇིག་རྟེན་ཕ་རོལ་གྱི་དགྲ་ ནང་དུ་ཞུགས་པ། སེམས་རྩེ་གཅིག་པ་ཉིད་འཇིག་པར་བྱེད་པ། བྱམས་པ་དང་མི་འཐུན་ཞིང ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང ། ཀུན་འབྱུང་དང ། ལམ་དང ། འགོག་པ་རྣམས་འཇིག་པར་བྱེད་པ་ཡིན་ནོ། །གནོད་སེམས་ཞེས་བྱ་བ་ སེམས་ཅན་དམྱལ་བའི་ཕོ་ཉ་མཆོག་ཡིན་ཏེ། དེ་སྐྱེས་བུ་དམ་པ་དང ། འཕགས་པ་ཉན་ཐོས་དང ། ཐོས་པ་དོན་དུ་གཉེར་བ་རྣམས་ཀྱིས་སྤོང་བར་འགྱུར་རོ། །གཞན་ཡང་ལོག་པར་ལྟ་བ་དམ་པའི་ཆོས་ཀྱི་མི་འཐུན་པར་གྱུར་པ་ལྟ་བ་ངན་པ་ཐམས་ཅད་ཀྱི་མུན་གནག་ སྙིང་ལ་ཡང་དག་པར་སྐྱེ་བར་འགྱུར་བ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཐོག་མ་མེད་པའི་དུས་ནས་ཞུགས་ཤིང་སྐྱེས་པ། སེམས་ཅན་ དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་འགྲོ་བའི་རྒྱུ་སྐྱེད་པ། མུན་པ་མུན་ནག་ཏུ་གྱུར་པ། ལྟ་བ་ངན་པ་ལ་མངོན་པར་དགའ་བ། ཡང་དག་པའི་ལམ་གྱི་མི་འཐུན་པར་གྱུར་པ། མཚོན་དང ། མེ་དང ། དུག་དང ། གཡང་ས་ལྟ་བུ། སྐྱེ་བོ་ཐམས་ ཅད་རྣམ་པར་འཇིག་པར་བྱེད་པ། ཕྱིན་ཅི་ལོག་ཏུ་ལྟ་ཞིང་ལོག་པར་ལྟ་བ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་ཏེ། རྐྱེན་ཡོད་པ་དང ། ལས་དང་འབྲས་བུ་ལ་སྐུར་པ་འདེབས་པའོ། །དེ་ལ་རྐྱེན་ཡོད་པ་ནི་བདེ་བ་དང ། སྡུག་བསྔལ་གང་ཡིན་པ་དེ་དག་ནི། དེ་དག་ ཉིད་ཀྱིས་བྱས་ཀྱི་ལས་དང ། འབྲས་བུས་བྱས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །ལས་དང་འབྲས་བུ་ལ་སྐུར་པ་འདེབས་པ་ནི། སྦྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་དེ་དག་ལོག་པར་ལྟ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཐམས་ཅད་དོན་ཐམས་ 68-1-95b ཅད་མེད་པར་བྱེད་པའི་རྩ་བ་ཡིན་ནོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་གཉིས་པ། གཞན་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བཟློག་ནས། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དག་གི་ལས་ བྱེད་པར་འགྱུར་བ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། འདི་ནི་རེ་ཞིག་འཁོར་བའི་འཆིང་བ། ཆོས་ཟད་པར་བྱེད་པ། འདི་ལྟ་སྟེ། འཆིང་ བའི་རྒྱུ་མི་དགེ་བའོ། །ཐར་པའི་རྒྱུའི་དངོས་པོ་ནི་དགེ་བ་ཡིན་ཏེ། དེ་ལ་སྲོག་གཅོད་པ་སྤངས་པས། འཁོར་བར་གཏོགས་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པར་འགྱུར་ཏེ། དེ་ཚེ་འདི་ཉིད་ལ་བསྔགས་པར་འགྱུར། དེའི་བཞིན་གྱི་མདོག་དང་ དབང་པོ་རྣམས་གསལ་བར་འགྱུར། ཚེ་རིང་པོར་འགྱུར་བའི་ལས་བྱེད་པར་འགྱུར། གང་སྲིན་པོ་དང ། ཤ་ཟ་དང ། གྲུལ་བུམ་གྱི་རིགས་དང ། གཞན་ཡང་སེམས་ཅན་འཚེ་བར་བྱེད་པ་དེ་དག་ཀྱང་ཉིན་མཚན་དུ་སྲུང་བར་བྱེད། ཕྱི་བཞིན་དུ་ལྷ་དག་ཀྱང་ མངོན་པར་སྲུང་བར་བྱེད་ལ། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། གལ་ཏེ་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་འདོད་ན་ཡང ། ཇི་ལྟར་བརྩོན་འགྲུས་བརྩམས་པ་བཞིན་མྱོང་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་ཀྱི་ ལམ་ཐ་མ་དང ། འབྲིང་དང ། ཆེན་པོ་རྣམས་ཀྱི་སོ་སོ་ཡང་དག་པར་མྱོང་བར་འདོད་ན། དེ་རྣམ་པ་གསུམ་པོ་འདིར་འགྱུར་ཏེ། གལ་ཏེ་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་དགྲ་བཅོམ་པར་གྱུར་ནས། ཡོངས་སུ་མྱ་ངན་ལས་འདའོ། །གལ་ ཏེ་བྱང་ཆུབ་འབྲིང་དུ་ཡོངས་སུ་བསྔོ་ན། དེ་རང་སངས་རྒྱས་སུ་འགྱུར་རོ། །གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ 68-1-96a གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྲོག་ཡིན་ཏེ། གང་སྲོག་དེ་མངོན་ པར་སྲུང་བ་དེས་ནི་བདེ་བ་ཐམས་ཅད་སྦྱིན་པར་འགྱུར་ལ། སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སེམས་ལས་བྱུང་བ་སོ་སོར་བསྒོམས་པ་སྲོག་བྱིན་པའོ། །ཚུལ་ཁྲིམས་ཀྱི་ནང་ན་མཐོ་རིས་སུ་སྐྱེ་བའི་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སྲོག་བྱིན་པའི་ཚུལ་ཁྲིམས་སོ། །གལ་ཏེ་ཡུལ་གྱི་བདེ་བ་ཀུན་ནས་ཉོན་མོངས་པ་སྲེད་པའི་རྒྱུར་འགྱུར་བར་ཡོངས་སུ་བསྔོ་ན། དེ་ཚངས་པའམ། བདུད་དམ། བརྒྱ་བྱིན་དུ་འགྱུར། གལ་ཏེ་མིའི་བདག་ཉིད་ཆེན་པོར་ཡོངས་སུ་བསྔོ་ན། དེ་འཁོར་ལོས་སྒྱུར་བའི་ རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞི་ལ་སྤྱོད་པར་འགྱུར། གལ་ཏེ་ལྷ་མ་ཡིན་གྱི་བདག་ཉིད་ཆེན་པོར་ཡོངས་སུ་བསྔོ་ན། དེ་ལྷ་མ་ཡིན་གྱི་རྒྱལ་སྲིད་བྱེད་པར་འགྱུར། གལ་ཏེ་གནོད་སྦྱིན་གྱི་བདག་ཉིད་ཆེན་པོར་ཡོངས་སུ་བསྔོ་ན། དེ་གནོད་སྦྱིན་གྱི་ རྒྱལ་སྲིད་བྱེད་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་འདི་ནི་དམ་པའི་ཆོས་ཀྱི་ས་བོན་དུ་གྱུར་པ། འཁོར་བའི་སྐྱབས་སུ་གྱུར་པ། འཁོར་བའི་མུན་གནག་ཏུ་ཞུགས་པ་རྣམས་ཀྱི་སྒྲོན་མར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་ཞེས་བྱའོ། །སྲོག་གཅོད་པ་ སྤངས་པ་བྱམས་པ་བསྒོམས་པར་འགྱུར་ཞིང ། སྙིང་རྗེའི་རྒྱུད་ལ་གནས་པ་ཡིན་ཏེ། བསམས་ནས་སྲོག་གཅོད་པ་སྤངས་ན་གཙང་ཞིང་དགའ་བར་འགྱུར། གང་གི་ཚེ་ཕ་རོལ་ཡང་དག་པར་བསྲུང་བར་མ་ནུས་པ་དེའི་ཚེ་བཏང་སྙོམས་སུ་འགྱུར་ཞིང ། དེ་ཚངས་པའི་ གནས་བཞི་ལ་གནས་པའི་རྒྱུད་དུ་འགྱུར། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བའི་སྙིང་པོ་ནི་བསམ་གྱིས་མི་ཁྱབ་པ་སྟེ། རྣམ་པ་གང་དང་གང་གིས་ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོ་བ་དེ་ལྟ་དེ་ལྟར་ཡོངས་སུ་འགྲུབ་བོ། །དཔེར་ན། གསེར་མགར་མཁས་པ་དེ་ནི་ 68-1-96b གསེར་བཟང་པོ་བླངས་ནས། ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་གསེར་དེ་ལ་བྱེད་དེ། དེ་ལས་རྒྱན་ནམ། དེ་ལས་བུམ་པའམ། དེ་ལས་མིའི་གཟུགས་སམ། དེ་ལས་སངས་རྒྱས་ཀྱི་གཟུགས་བྱེད་དོ། །དེ་བཞིན་དུ་སྲོག་གཅོད་པ་ཡང་དག་པར་བསྲུངས་ཏེ། མ་ཉམས་ཤིང་མ་རལ་ལ། མ་ཞིག་ན་ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོ་བ་དེ་ལྟ་དེ་ལྟར་ཡོངས་སུ་འགྲུབ་བོ། །དེ་ལྟ་བས་ན་སྲོག་གཅོད་པ་སྤངས་པའི་སེམས་ཅན་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་དང ། ཉེ་བར་གནས་ཤིང ། དེ་དགེ་བའི་བཤེས་གཉེན་དང་ཡང་དག་ པར་སྤྱོད། སེམས་ཅན་དེ་བདག་དང་གཞན་ལ་ཕན་པའི་སྐལ་བ་དང་ལྡན་ཞིང ། དེ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་འགྲོ་བ་ལ་བསོད་ནམས་ཀྱི་ཞིང་དུ་གྱུར་པ་ཡིན། དེས་འཁོར་བ་ན་ཆོས་དང་ལྡན་པའི་ཆོས་ཀྱི་རྗེས་སུ་འཇུག་ པ། ཆོས་དང་ལྡན་པའི་ཀུན་ཏུ་རྟོག་པ་རྣམས་འགྲུབ་པར་འགྱུར་ཞིང ། གྲུབ་པ་ཡང་བརྟན་པར་འགྱུར་ལ། རྒྱལ་པོ་དང ། ཆོམ་རྐུན་དང ། ཆུ་དང ། མེས་འཇིགས་པ་དང ། ཐུན་མོང་མ་ཡིན་པར་འགྱུར་ཏེ། བདག་ཉིད་ཉེ་བར་སྤྱོད་པར་འགྱུར་རོ། །ཆོས་ དང་ལྡན་པའི་འགྲན་ཟླ་གཞན་དག་གིས་མི་ནོན་པར་མཐོང་སྟེ། དེ་ལྟ་བས་ན་སྲོག་གཅོད་པ་སྤང་བར་བྱའོ། །དེ་ནས་གཞན་ཡང་མ་བྱིན་པར་ལེན་པ་སྤངས་པས་ལེགས་པར་བྱས་པ་མཐོང་བ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་ གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། མ་བྱིན་པར་ལེན་པ་སྤངས་པ་ནི། གཞན་གྱིས་ཡོངས་སུ་བཟུང་བའི་ཆགས་པ་ཆེན་པོའི་དྲ་བ་ལས་གྲོལ་བར་འགྱུར། ཚེ་འདི་ཉིད་ལ་དེ་དབུགས་འབྱུང་བར་འགྱུར། རྒྱལ་པོའམ། བློན་པོའི་ཡིད་བརྟན་པར་འགྱུར། རྒྱལ་པོའི་འཁོར་དང ། ཁྱིམ་བདག་གི་འཁོར་དང ། རྒྱལ་རིགས་ཀྱི་འཁོར་དང ། དགེ་སྦྱོང་གི་འཁོར་དང ། བྲམ་ཟེའི་འཁོར་དུ་ཡིད་བརྟན་པ་དང ། དགའ་བ་དང ། སྡུག་པ་དང ། ཡིད་དུ་འོང་ཞིང་ཚིག་ཡོངས་སུ་གཟུང་ 68-1-97a བར་འོས་པར་འགྱུར། དེའི་ལོངས་སྤྱོད་གང་ཡིན་པ་དེ་དག་རྟག་ཅིང་གཞན་ལ་གནོད་པ་མེད་པར་འགྱུར་ལ། རྒྱལ་པོ་དང ། ཆུ་དང ། ཆོམ་རྐུན་དང ། མེའི་འཇིགས་པ་མེད་པར་འགྱུར། མ་བསམས་པར་དེ་དག་འཕྲལ་ལ་འབྱུང་ བར་འགྱུར་ལ། བྱུང་ནས་ཀྱང་ཞིང་དང་ཚུལ་ཁྲིམས་དང་ལྡན་པ་དང ། ལམ་བཟང་པོ་ལ་ཞུགས་པ་དང ། འཇིག་རྟེན་པ་རྣམས་ལ་ཡང་དག་པར་ཉེ་བར་སྦྱོར་བར་འགྱུར། ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་རོ། ། གལ་ཏེ་ངེས་པར་འབྱུང་བའི་ལམ་གྱིས་ཡོངས་སུ་བསྔོ་ན། ངེས་པར་འབྱུང་བར་འགྱུར་ལ་སྔ་མ་བཞིན་དུ་ཚངས་པའམ། བདུད་དམ། བརྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། འདི་ ལྟར་ཚུལ་ཁྲིམས་ལ་མངོན་པར་དགའ་བ་དེ་བྱང་ཆུབ་རྣམས་འཐོབ་པར་འགྱུར་རོ། །དེ་ནས་གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤངས་པའི་འབྲས་བུ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་ བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། འདོད་པས་ལོག་པར་གཡེམ་པ་སྤངས་པ་ནི་དགེ་བའི་ལས་ཀྱི་ལམ་བཟང་པོ་སྤྱོད་ཅིང ། ཚེ་འདི་ཉིད་ལ་དེ་བསྔགས་པར་འགྱུར། ཡིད་ཆེས་པའི་གནས་སུ་ཡང་འགྱུར། བུད་མེད་ཀྱི་ནང་ན་འདུག་ཀྱང་ དོགས་པ་མེད་པར་འགྱུར། དེ་རྒྱལ་པོའམ། བློན་པོའི་ཡིད་བརྟན་པར་འགྱུར། དེའི་ཆུང་མ་ནམ་ཡང་གཞན་གྱིས་འཕྲོག་པར་མི་འགྱུར་ཞིང་རྟག་ཏུ་དེའི་རིམ་གྲོ་བྱེད་པར་བརྩོན་པར་འགྱུར་ལ་བསམ་པ་དང་འཐུན་པར་ཡང་འགྱུར། ཉམ་ཐག་པར་གྱུར་པ་ན་ཡང་ཁྱད་དུ་གསོད་པར་མི་འགྱུར་ཞིང་ཚུལ་དང་མི་འཐུན་པར་མི་འགྱུར་ལ། གཅིག་ལ་གཅིག་གནོད་པ་བྱེད་པ་ལ་མངོན་པར་དགའ་བར་མི་འགྱུར། དེའི་ཆུང་མ་དེ་ལ་བརྙས་པ་བྱེད་པར་མི་འགྱུར་ཞིང་འཇིག་རྟེན་ཐམས་ཅད་ལ་མ་དང་སྲིང་མོ་ལྟ་བུར་ཀུན་ཏུ་སྤྱོད་པར་འགྱུར་ 68-1-97b ལ་དེའི་ཆུང་མ་འཇིག་རྟེན་ལ་ཁྲོ་བ་མེད་པར་འགྱུར་ཏེ། སྔ་མ་བཞིན་དུ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་ལྷ་དག་ལས་འཆི་བར་འགྱུར་བ་དེའི་ཚེ། ལྷའི་བུ་གཞན་ཞིག་དེར་སྐྱེ་བར་འགྱུར་རོ། །གང་གིས་ འདོད་པས་ལོག་པར་གཡེམ་པ་བྱས་པར་གྱུར་ན་དེ་ཚེ་མ་འཕོས་པར་ལྷ་གཞན་ཞིག་ལྷའི་བུ་མོ་དེ་དག་གི་ནང་དུ་སྐྱེ་བར་འགྱུར་ལ་དེ་ཡང་དེ་དང་མངོན་སུམ་དུ་འགྱུར་ཏེ། དེ་དང་ལྷ་གཞན་དག་དང་ལྷན་ཅིག་ཏུ་དགོད་པར་བྱེད། འཛུམ་པར་བྱེད། དགའ་མགུར་སྤྱོད་པར་ བྱེད་དོ། །དེ་འཆི་བ་ན་དེའི་ཆུང་མས་མཐོང་ནས་གཞན་དུ་འགྲོ་བར་བྱེད་དེ། ཕྲག་དོག་གི་ཞགས་པས་ཡོངས་སུ་བཟུང་བ་དག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པ་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ འདི་ནི་བར་ཆད་ཆེན་པོ་ཡིན་ནོ། །དེ་ལྟ་བས་ན་འདོད་པས་ལོག་པར་གཡེམ་པ་སྤོང་བ་གང་ཡིན་པ་དེ་ནི་དགེ་བའི་ལས་ཀྱི་ལམ་ཆེན་པོ་ཡང་དག་པར་འཛིན་ཅིང་མྱ་ངན་ལས་འདས་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །དེ་ནས་གཞན་ཡང་དགེ་བའི་ཕྱོགས་ཐམས་ཅད དང་མི་འཐུན་པར་གྱུར་པའི་བརྫུན་སྤངས་པས་དགེ་བའི་ཕྱོགས་ཆེན་པོ་ཡང་དག་པར་འཛིན་པ་ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་ མིག་གིས་མཐོང་སྟེ། བརྫུན་དུ་སྨྲ་བ་སྤངས་པ་དེ་ནི་སྐྱེ་བོ་ཀུན་གྱི་མིག་དང་རྣ་བའི་ལྐོག་ཏུ་གྱུར་ཀྱང་ཡིད་ཆེས་པའི་གནས་ཆེན་པོར་འགྱུར་ཞིང་ནོར་རྫས་མེད་ན་ཡང་སྐྱེ་བོ་ཀུན་དང་རྒྱལ་པོས་ཇི་ལྟར་འདོད་པ་བཞིན་མཆོད་པར་འགྱུར་ཏེ། ཇི་ལྟར་ནམ་མཁའ་ལ་གཟའ་དང ། རྒྱུ་སྐར་གྱི་དབུས་ན་ཟླ་བ་རབ་ཏུ་གསལ་བ་དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་ནང་ན་བདེན་པར་སྨྲ་བ་དེ་རབ་ཏུ་གསལ་ལོ། །རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་བདེན་པ་རིན་པོ་ཆེ་མཆོག་ཏུ་བཟང་ངོ ། །འཁོར་བ་ཐམས་ཅད་ལས་སྒྲོལ་བའི་ནང་ན་བདེན་པར་སྒྲོལ་བ་ཁྱད་པར་ 68-1-98a དུ་འཕགས་སོ། །ངན་འགྲོ་ཐམས་ཅད་ལས་ཕྱིར་ཟློག་པའི་ནང་ན་བདེན་པས་ཕྱིར་ཟློག་གོ། །སྒྲོན་མ་ཐམས་ཅད་ཀྱི་ནང་ན་བདེན་པ་སྒྲོན་མ་ཡིན་ནོ། །ལམ་སྟོན་པ་ཐམས་ཅད་ཀྱི་ནང་ན་བདེན་པ་ལམ་སྟོན་པ་ཡིན་ནོ། །འདུ་བྱེད་ཀྱི་རྫས་འབྱུང་བ་ ཐམས་ཅད་ཀྱི་ནང་ན་བདེན་པའི་རྫས་གཞན་གྱི་ནད་འཕྲོག་པ་ཡིན་ནོ། །རྩལ་ཐམས་ཅད་ཀྱི་ནང་ན་བདེན་པ་རྩལ་ཡིན་ནོ། །སྐྱོབ་པ་ཐམས་ཅད་ཀྱི་ནང་ན་བདེན་པ་སྐྱོབ་པ་ཡིན་ནོ། །མཛའ་བཤེས་ཐམས་ཅད་ཀྱི་ནང་ན་བདེན་པ་མཛའ་བཤེས་ཁྱད་པར་འཕགས་པ་ ཡིན་ནོ། །གང་བདེན་པའི་ནོར་ཀུན་ཏུ་འཛིན་པ་དེ་ནི་ནམས་ཀྱང་འཁོར་བའི་ངན་འགྲོ་ལོག་པར་ལྟུང་བ་དབུལ་བར་མི་འགྱུར་ཞིང ། ལྷ་རྣམས་དང་ཉེ་བར་འགྱུར་ལ། གང་དང་གང་དུ་སྐྱེ་བ་དེ་དང་དེར་སྐྱེ་བའི་རིགས་ཆེ་ཞིང ། གཟུགས་བཟང་པོར་འགྱུར་ཏེ། སྐྱེ་བོ་ཐམས་ཅད་ལ་སྡུག་པ་དང ། དགའ་བ་དང ། ཡིད་དུ་འོང་བ་དང ། ཚིག་ཡིད་ཆེས་པར་འགྱུར། དེ་གནོད་སྦྱིན་དང ། ཤ་ཟ་དག་གིས་མི་མཐོང་ལ་གཙེ་བར་མི་ནུས་ཤིང ། ཡུལ་གཞན་དུ་ཕྱིན་ན་ཡང་མལ་ཆ་དང ། ན་བའི་གསོས་སྨན་གྱི་རྐྱེན་མང་པོ་ཕུན་ སུམ་ཚོགས་པར་འགྱུར། དེས་འདོད་པ་གང་དག་ཡིད་ལ་བསམས་པ་དེ་དག་ཀྱང་དེ་ལས་འགྲུབ་པར་འགྱུར་ཏེ། དེས་མིའི་བདེ་བ་མཆོག་མྱོང་ནས་གལ་ཏེ་འཆི་བའི་དུས་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་འཇིག་རྟེན་དུ་ཤིན་ཏུ་ཚེ་རིང་བ་དང ། ཤིན་ཏུ་རྫུ་འཕྲུལ་ཆེ་བ་དང ། ཤིན་ཏུ་གནས་མཐོ་བར་སྐྱེ་བར་འགྱུར་རོ། །སྔ་མ་བཞིན་དུ་གལ་ཏེ་རྣམ་པར་བྱང་བ་ཟག་པ་མེད་པའི་ལམ་གྱིས་ཡོངས་སུ་སྔོ་བར་བྱེད་ན། མྱ་ངན་ལས་འདས་པའི་མཐར་འགྱུར་རོ། །དེ་ནས་གཞན་ཡང་དགེ་བའི་ལས་ཀྱི་ལམ་ལ་ སྤྱོད་པ། ཕྲ་མ་སྤངས་པས་ཚེ་འདི་དང་ཕ་རོལ་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་ཇི་ལྟར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཕྲ་མ་ 68-1-98b སྤངས་པས་ཚེ་འདི་ལ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ནི་མཛའ་བཤེས་དང ། གཉེན་འདབ་དང ། རྩ་ལག་དང ། ཆུང་མ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་བརྟན་པར་འགྱུར། གཞན་གྱིས་ཁ་དྲང་ དུ་མི་རུང་ཞིང་བཤེས་པ་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། སྤུན་མི་འཐུན་པ་དག་གིས་དབྱེ་བར་མི་ནུས་སོ། །གལ་ཏེ་ནོར་དང་བྲལ་བར་འགྱུར་ཏེ། ནོར་དང་བྲལ་བར་གྱུར་ན་ཡང་མི་གཏོང་ཞིང་མུ་གེ་དང ། འབྲོག་དགོན་པ་དང ། རི་དང ། གཡང་ས་ དང ། གནས་སྐབས་མི་འཐུན་པར་ཆུད་ན་ཡང་མི་གཏོང་སྟེ། ནམས་ཀྱང་འབྲལ་བར་མི་འགྱུར་ལ་གང་དག་དེའི་སྐྱོན་སྨྲ་ན་དེ་དག་དེ་ལ་ཐབས་ཀུན་གྱིས་ཉན་པར་མི་བྱེད་དོ། །དེ་རྒྱལ་པོའི་ཕོ་བྲང་འཁོར་དུ་བརྟན་པར་འགྱུར་ཞིང་ཆུ་དང ། མཚོན་ཆ་དང ། མི་ མཛའ་བའི་འཇིགས་པ་མེད་པར་འགྱུར་ཏེ། དྲི་མ་ཆེན་པོ་ཕྲ་མ་སྤངས་པའི་ཡོན་ཏན་ནི་དེ་དག་ཡིན་ནོ། །ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེ་དེར་ཡང་ལྷའི་རིས་འཐུན་པའི་ལྷ་མོའི་ཚོགས་མང་པོ་རྟག་ཏུ་ རྗེས་སུ་ཆགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མེ་ཏོག་ཕྲེང་དང ། ཕྱེ་མ་དང ། བྱུག་པ་དང ། རྒྱན་ཐོགས་པ་རྣམས་ཀྱིས་རྟག་ཏུ་དགའ་བའི་མཆོག་བྱེད་པར་འགྱུར་རོ། །སྔ་མ་བཞིན་དུ་གལ་ཏེ་ཕྲ་མ་སྤངས་པ་རྣམ་པར་བྱང་བ་ཟག་པ་མེད་པར་ཡོངས་སུ་བསྔོ་ ན། དེ་ཟག་པ་མེད་པའི་བསམ་གཏན་གྱི་ལམ་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ནས་གཞན་ཡང་མི་དགེ་བའི་ལས་ཀྱི་ལམ་འཇིག་རྟེན་ཐམས་ཅད་སྐྱོ་བར་བྱེད་པ་ཚིག་རྩུབ་པོ་སྤངས་པའི་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟར་འཐོབ་པར་འགྱུར་ ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཚིག་རྩུབ་པོ་སྤངས་པ་དེ་ནི་དགེ་བ་མཐོང་བར་འགྱུར། དྲང་པོའི་རང་བཞིན་དང ། དབུགས་དབྱུང་བའི་གནས་ 68-1-99a དང ། འཇིག་རྟེན་ཀུན་གྱིས་རྟོགས་པ་དང ། ཚིག་འཇམ་ཞིང་དེས་ལ་སྙན་པ་དང ། གཞན་ལ་རྣམ་པར་འཚེ་བར་མི་བྱེད་ཅིང ། སྐྱེ་བོ་ཐམས་ཅད་ཀྱི་དབུགས་འབྱུང་བ་བྱེད་པར་འགྱུར། དེ་རྒྱང་རིང་པོ་ནས་མཐོང་ནས། སྐྱེ་བོ་ཀུན་ཉེ་བར་ འགྲོ་བར་བྱེད། མཛའ་བཤེས་ཀྱང་མང་བར་འགྱུར། ནོར་རྫས་མེད་ན་ཡང་སྐྱེ་བོ་ཀུན་དེའི་བྲན་དང་འདྲ་བར་འགྱུར་རོ། །གལ་ཏེ་དེ་ལས་གཞན་ཞིག་གིས་ཉོན་མོངས་པ་བྱུང་ན་ཡང་དེ་དག་གིས་དེ་ནམས་ཀྱང་གཏོང་བར་མི་བྱེད་ཅིང ། དེའི་དོན་ཐམས་ཅད་ཉོན་ མོངས་པ་མེད་པར་ཉེ་བར་སྒྲུབ་ལ་དེ་ལ་མི་མཛའ་བ་དང ། རྒྱལ་པོ་དང ། ཆུ་དང ། མེ་དང ། མཚོན་གྱིས་འཇིགས་པ་མེད་པར་འགྱུར་རོ། །ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ཀྱང་ཚིག་ གི་རྒྱུ་འཇམ་པ་དང ། ཕན་པ་དང ། སྙན་པ་དང་ལྡན་པར་འགྱུར་ཞིང་རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བར་འགྱུར་རོ། །སྔ་མ་བཞིན་དུ་གལ་ཏེ་ངེས་པར་འབྱུང་བའི་བསམ་གཏན་བདེ་བའི་གནས་ཟག་པ་མེད་པར་ཡོངས་སུ་བསྔོ་ན། དེ་བྱང་ཆུབ་གསུམ་འཐོབ་པར་ འགྱུར་རོ། །དེ་ནས་གཞན་ཡང་མི་དགེ་བའི་ལས་ཀྱི་ལམ་ཚིག་ཀྱལ་པ་སྤངས་པས་ཚེ་འདི་ལ་ཇི་ལྟར་འཐོབ་པར་འགྱུར་བ་དང ། ཕྱི་མ་ལ་གང་དུ་སྐྱེ་བར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་ པའམ། ལྷའི་མིག་གིས་མཐོང་སྟེ། ཚིག་ཀྱལ་པ་སྤངས་པ་ནི་འཇིག་རྟེན་ན་རིགས་བཙུན་པར་འགྱུར་ཞིང་དེ་བཀུར་བར་ཡང་འགྱུར། ཚིག་སྔ་ཕྱི་འབྲེལ་བར་འགྱུར་ཞིང་ཚིག་ལ་སྐྱེ་བོ་ཐམས་ཅད་མངོན་པར་དགའ་བར་འགྱུར། དེ་ལ་སྐྱོན་གྱིས་སུ་ཡང་རྣམ་པར་འཚེ་བར་ མི་བྱེད་ལ་ཚིག་ཤིན་ཏུ་འབྲེལ་ཅིང་འཇིག་རྟེན་ན་བཙུན་པར་འགྱུར་ཏེ། དལ་བ་དང ། སྙན་པ་དང ། ཁོང་དུ་ཆུད་པ་དང ། ཆོས་དང་ལྡན་པ་དང ། འཇམ་པ་དང ། ཟབ་མོའི་རྒྱུའི་ཚུལ་དང ། ཆོས་ཉིད་དང་མི་འགལ་བའི་གཏམ་སྨྲ་བ་འཇིག་རྟེན་ན་བླ་མ་དང་ 68-1-99b འདྲ་བར་ལྟ་ཞིང་ནོར་རྫས་བརྟན་པར་ཡང་འགྱུར། ལོག་པར་སྤངས་པ་ཡང་སྐྱེ་བོ་ཕ་རོལ་དག་གིས་ཡོན་ཏན་དུ་འཛིན་པར་འགྱུར་ཞིང་དེའི་ཡོན་ཏན་དེས་སྐྱེ་བོ་དག་གཟུང་བར་འགྱུར་རོ། །ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་ འགྱུར་ཏེ། དེར་སྐྱེས་ནས་ཀྱང་ལྷའི་བུ་ཐམས་ཅད་སེམས་པར་འགྱུར་ཞིང་རྫུ་འཕྲུལ་ཆེ་བ་དང ། ལྷའི་བདེ་བ་དཔེ་མེད་པ་ལ་སྤྱོད་པར་འགྱུར་རོ། །སྔ་མ་བཞིན་དུ་གལ་ཏེ་རྣམ་པར་བྱང་བ་ཟག་པ་མེད་པའི་བསམ་གཏན་གྱི་བདེ་བར་ཡོངས་སུ་བསྔོ་ན། དེ་བྱང་ ཆུབ་གསུམ་འཐོབ་པར་འགྱུར་རོ། །དེ་ལྟར་ལུས་ཀྱི་རྣམ་པ་གསུམ་དང ། ངག་གི་རྣམ་པ་བཞི་མི་དགེ་བ་ཡོངས་སུ་སྤངས་ན་མཐར་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ནི་དགེ་བའི་ལས་ཀྱི་རྒྱུ་ཡིན་ལ་འཇིག་རྟེན་ན་ཡང་བསྔགས་པར་འགྱུར་ཞིང་ལྷ་རྣམས་ཀྱི་ ནང་དུ་ཡང་སྐྱེ་བར་འགྱུར་རོ། །དེ་ལུས་དང་ངག་གི་ལས་ཡང་དག་པར་གྱུར་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་རྒྱུ་ནི་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ནང་གི་ཡང་དག་པར་གྱུར་པ་རྗེས་སུ་མཐོང་ངོ ། །དེ་ནས་གཞན་ཡང་ཡིད་ཀྱི་ལས་ཇི་ ལྟར་དགེ་བར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཡིད་ཀྱི་མི་དགེ་བ་དེ་རྣམ་པ་གསུམ་པོ་དེ་དག་ཟློག་པས་དགེ་བའི་འབྲས་བུ་ཚེ་འདི་ལ་བདེ་བ་གནས་ པ་མྱོང་བར་འགྱུར་ཞིང་ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། གལ་ཏེ་འཁོར་བ་ལ་ཡིད་བྱུང་ན་དེ་རྒྱུ་དེས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་འགྱུར་རོ། །ཡིད་ཀྱི་ལས་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའོ། །དེ་ནས་གཞན་ཡང་བརྣབ་སེམས་སྤངས་པས་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟ་བུ་ཞིག་འབྱུང་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་ 68-1-100a པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། བརྣབ་སེམས་སྤངས་པ་ནི་རྒྱལ་པོའམ། རྒྱལ་པོའི་བློན་པོའི་ནོར་རྫས་ཀྱི་རྣམ་པ་མང་པོ་ཐམས་ཅད་གང་ལ་ཡང་ཡིད་ཀྱིས་དབྲོག་པའི་དོན་དུ་སེམས་པར་མི་བྱེད་པ་ཡིན་ནོ། ། དེའི་ནོར་རྫས་གཞིག་ཏུ་སྟོར་ན་ཡང་གཞན་གྱིས་རྙེད་ཅིང་དེ་ལ་སྐྱེ་བོ་དེ་དང ། གཙོ་བོར་གྱུར་པ་ཞིག་ན་ཡང་སླར་སྦྱིན་པར་བྱེད་དེ། ནོར་དང་རྟག་ཏུ་ལྡན་ཞིང་གཞན་དག་གིས་མི་ཐུབ་པར་འགྱུར་རོ། །ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་འཇིག་རྟེན་ དུ་སྐྱེ་བར་འགྱུར་ལ། དེར་སྐྱེས་ནས་ཀྱང་ལྷ་དང་ལྷ་མ་ཡིན་དུ་གཡུལ་འགྱེད་པའི་ཚེ་ལྷ་མ་ཡིན་གང་གིས་ཀྱང་ཡོངས་སུ་ཐུབ་པར་མི་འགྱུར་ཞིང་རྡེག་པར་མི་འགྱུར་ལ། རྣམ་པར་ཐོ་འཚམ་པར་མི་འགྱུར་རོ། །དེ་དག་ལས་རྣམ་པར་ཕྱེ་བར་མི་འགྱུར་ཏེ། ལྷའི་བུ་ ཐམས་ཅད་ལ་འདོད་པ་དང ། སྡུག་པ་དང ། ཡིད་དུ་འོང་བར་འགྱུར་ཞིང ། སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་སྡུག་པ་དཔེ་མེད་པ་ཉེ་བར་སྤྱོད་པར་འགྱུར་རོ། །སྔ་མ་བཞིན་དུ་གལ་ཏེ་ངེས་པར་འབྱུང་བ་ཟག་པ་མེད་པའི་བསམ་གཏན་ གྱི་འབྲས་བུའི་ལམ་དུ་ཡོངས་སུ་བསྔོ་ན། དེ་བྱང་ཆུབ་གསུམ་འཐོབ་པར་འགྱུར་རོ། །དེ་ནས་གཞན་ཡང་གནོད་སེམས་མི་དགེ་བའི་ལས་ཀྱི་ལམ་སྤངས་པས་དགེ་བའི་ལས་ཀྱི་འབྲས་བུ་ཇི་ལྟར་འཐོབ་པར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་ སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། གནོད་སེམས་སྤངས་པས་ཚེ་འདི་ཉིད་ལ་འབྱོར་པ་དང་བདེ་བར་གནས་པར་འགྱུར་ལ། སྐྱེ་བོ་ཐམས་ཅད་དགའ་བ་དང ། ཡིད་དུ་འོང་བར་འགྱུར། ཕ་རོལ་གྱིས་འཇིགས་ ཤིང་ཉམ་ང་བ་མི་བཟད་པ་ཆེན་པོ་དང་རྣམ་པར་གཙེ་བར་མི་ནུས་ཤིང ། རྒྱལ་པོའི་འཁོར་གྱི་འཇིགས་པ་དང ། ཆོམ་རྐུན་དང ། གཡང་སའི་འཇིགས་པ་དང ། མེའི་འཇིགས་པ་དང ། གནོད་པའི་འཇིགས་པ་དང ། གཡོའི་འཇིགས་པ་དང ། ཆུའི་འཇིགས་ 68-1-100b པ་དང ། འཇིགས་པ་དུ་མ་ཉམ་ང་བ་དག་དང་བྲལ་ཞིང་འཇིགས་པ་དང ། ཉམ་ང་བ་དག་ལས་ཀུན་ཏུ་ཐར་ཏེ། །སྐྱེ་བོ་ཐམས་ཅད་ཀྱི་སྡུག་པ་དང ། མཆོག་ཏུ་དགའ་བར་འགྱུར། སྡིག་པའི་སྐྱེ་བོ་དང ། དགེ་བའི་སྐྱེ་བོ་ལ་བུ་དང ། སྤུན་དང་འདྲ་བར་སྡུག་པར་ འགྱུར་རོ། །ལུས་དང་བྲལ་ནས་ཀྱང་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་རྫུ་འཕྲུལ་ཆེ་བ་དང ། མཐུ་ཆེ་བར་འགྱུར། གཟུགས་དང ། སྒྲ་དང ། རེག་བྱ་འདོད་པ་ཐམས་ཅད་འབྱོར་པ་ལ་གནས་པར་འགྱུར་ཞིང་དགའ་བའི་ ཚལ་དང ། ཡོངས་སུ་འདུ་བ་དང ། རྣམ་པར་མཛེས་པ་དང ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ཆེན་པོ་རྣམས་སུ་ལྷའི་བུ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་འགྱུར། དེའི་ལུས་དང ། ངག་དང ། ཡིད་ལ་ལྷ་གང་གིས་ཀྱང་རྣམ་པར་གཙེ་བར་མི་ནུས་ཤིང ། དེ་ ལ་ལྷ་འབུམ་སྙེད་དག་གིས་དགའ་བ་སྐྱེད་པར་འགྱུར་ལ། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་འདོད་པ་དང ། སྡུག་པ་དང ། དགའ་བ་དང ། ཡིད་དུ་འོང་བར་འགྱུར། ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པའི་ཉོན་མོངས་པ་དག་ཀྱང་མེད་ཅིང་འཁྲུག་པ་དག་དང་འབྲལ་བར་ འགྱུར་རོ། །གལ་ཏེ་ངེས་པར་འབྱུང་བ་འཇིག་རྟེན་ལས་འདས་པའི་ལམ་ཉོན་མོངས་པ་མེད་པར་ཡོངས་སུ་བསྔོ་ན། དེ་ལྷའི་འཇིག་རྟེན་དེ་ནས་ཤི་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་ལ་ཉེ་བར་སྤྱོད་པ་རྣམ་པ་དུ་མར་འགྱུར་ཏེ། འདི་ལྟ་སྟེ། བུད་མེད་རིན་པོ་ཆེ་ནི་དེའི་བུད་མེད་ཀྱི་ལུས་ལས་ཙན་དན་དང་སྤོས་འབྱུང་ཞིང་ཁ་ནས་ཨུད་པ་ལའི་དྲི་འབྱུང ། བྱ་ཀ་ལིང་ག་ལྟར་རེག་ན་བདེ་བར་འགྱུར་ཏེ། བྱ་ཀ་ལིང་ག་ཞེས་བྱ་བ་ནི་རྒྱ་མཚོའི་གླིང་ལ་གནས་པའི་བྱ་ཡིན་ནོ། །དེ་ལྟར་འདིའི་མཐུས་གང་ ལ་རེག་པ་ཉིད་ཀྱི་ལུས་ཀྱི་ཉོན་མོངས་པ་མེད་པར་འགྱུར་ཞིང ། གླིང་དེ་ན་གནས་པའི་སྐྱེ་བོ་བཀྲེས་པ་དང ། སྐོམ་པ་དང ། མྱ་ངན་དང་བྲལ་བར་འགྱུར། བུད་མེད་དེ་ལྟ་བུ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས་གྲང་བའི་དུས་སུ་ནི་དྲོ་བར་བྱེད་ཅིང་དྲོ་བའི་དུས་སུ་ནི་ 68-1-101a བསིལ་བར་བྱེད་དེ། དེ་ལ་མི་གཞན་གང་གིས་ཀྱང་རེག་པར་བྱ་བར་མི་ནུས་སོ། །དེ་གནོད་སེམས་སྤངས་པའི་མཐུས་དགེ་བའི་ལས་ཀྱི་རྗེས་སུ་ཞུགས་པ་དགེ་བ་ཐམས་ཅད་ཡང་དག་པར་རྟོགས་པའི་མི་དེ་དག་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟར་མཐོང་ ངོ ། །དེ་ཡང་རྒྱལ་པོ་དེའི་ཡིད་དུ་འོང་ཞིང་དེ་ལ་གུས་པར་བྱེད་ལ་དེའི་སྙིང་དུ་སྡུག་པ་དང ། རྟག་ཏུ་བདེ་བའི་རྗེས་སུ་འཇུག་པར་འགྱུར་རོ། །བུད་མེད་ཀྱི་སྐྱོན་རྣམ་པ་ལྔ་སྤངས་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེས་པ་གཞན་ལ་སེམས་པ་དང ། སེར་སྣ་དང ། མི་ རིགས་པར་ཆགས་པ་དང ། མི་རིགས་པའི་གནས་ལ་རྗེས་སུ་དགའ་བ་དང ། ཁྱིམ་ཐབ་ཀྱི་སྲོག་གཅད་པར་འཛིན་པའོ། །བུད་མེད་རིན་པོ་ཆེའི་ཡོན་ཏན་ལྔ་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། བསམ་པ་དང་འཐུན་པར་འགྱུར་བ་དང ། བུ་མང་པོ་བཙའ་ བར་འགྱུར་བ་དང ། རིགས་འཐུན་པར་འགྱུར་བ་དང ། སྲིད་མཐོ་བར་འགྱུར་བ་དང ། ཁྱིམ་ཐབ་བུད་མེད་གཞན་ལ་སེམས་ན་ཕྲག་དོག་མི་བྱེད་པའོ། །གཞན་ཡང་བུད་མེད་ཆེན་མོའི་ཡོན་ཏན་གསུམ་དང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། ཚིག་ཅལ་ཅོལ་མེད་ པར་འགྱུར་བ་དང ། ལོག་པར་ལྟ་བ་མེད་པར་འགྱུར་བ་དང ། ཁྱིམ་ཐབ་མེད་ཀྱང་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དག་གི་དབང་དུ་མི་འགྱུར་བའོ། །དེ་རྒྱུ་དེས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེ་ ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུད་མེད་རིན་པོ་ཆེ་ལ་ཉེ་བར་སྤྱོད་པར་འགྱུར་རོ། །དེ་ནས་གཞན་ཡང་གནོད་སེམས་ཀྱི་དྲི་མ་ཆེན་པོ་སྤངས་པས་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཇི་ལྟར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། གཞན་གྱི་མི་དགེ་བའི་ལས་ཀྱི་རྒྱུ་འཐུན་པ་གནོད་སེམས་ཆེན་པོ་སྤངས་པས། རིན་པོ་ཆེ་གཉིས་པ་ནོར་བུ་རིན་པོ་ཆེ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ། དེའི་ཡོན་ 68-1-101b ཏན་བརྒྱད་དང་ལྡན་པ་ཡིན་ནོ། །འདི་ལྟ་སྟེ། མཚན་མོ་རབ་ཏུ་གསལ་བ་ཡིན་ཏེ། ཇི་ལྟར་སྟོན་ཀའི་ཟླ་བ་ཉ་བ་ནི། སྟོན་ཀ་འོད་གསལ་བར་འགྱུར་བ་དེ་ལྟར་ནོར་བུ་ཡང་མཚན་མོའི་མུན་པ་མུན་ནག་དག་ལ་དཔག་ཚད་བརྒྱར་འོད་འབྱུང་ཞིང་ཉིན་པར་ཚ་བས་གདུངས་ པ་རྣམས་ལ་ནི་འོད་བསིལ་བ་འབྱུང་སྟེ། ཚ་བ་སེལ་བར་བྱེད་པ་འདི་ནི་ནོར་བུ་དེའི་ཡོན་ཏན་གཅིག་ཡིན་ནོ། །གཞན་ཡང་ཡོན་ཏན་གཉིས་པ་ནི་གང་གི་ཚེ་ལམ་དུ་ཞུགས་པ་ལ་ཆུ་དང་བྲལ་བ་དེའི་ཚེ། སྐོམ་པས་གདུངས་པ་རྣམས་ལ་ཆུ་ཆེན་པོ་ཡན་ལག་བརྒྱད་དང་ ལྡན་པ་རབ་ཏུ་འབྱུང་བར་འགྱུར་ལ་དེས་སྐོམ་པ་དེ་དག་ཐམས་ཅད་སེལ་བར་འགྱུར་ཏེ། འདི་ནི་ནོར་བུ་དེའི་ཡོན་ཏན་གཉིས་པ་ཡིན་ནོ། །གཞན་ཡང་ནོར་བུ་དེའི་ཡོན་ཏན་གསུམ་པ་ནི་གང་འཁོར་ལོས་སྒྱུར་བའི་རྒྱལ་པོས་བསམས་པ་ནོར་བུ་དེ་ལས་འབྱུང་སྟེ། འདི་ ནི་ནོར་བུ་དེའི་ཡོན་ཏན་གསུམ་པ་ཡིན་ནོ། །གཞན་ཡང་ནོར་བུ་དེའི་ཡོན་ཏན་བཞི་པ་ནི། ཡན་ལག་བརྒྱད་པར་འགྱུར་ཏེ། དེའི་ཆ་རེ་རེས་འོད་ཀྱི་ཁ་དོག་སྣ་ཚོགས་གཏོང་སྟེ། སྔོན་པོ་དང ། སེར་པོ་དང ། དཀར་པོ་དང ། དམར་པོ་དང་། བཙོད་ཀའི་ཁ་དོག་ལྟ་བུའོ། །གཞན་ཡང་ནོར་བུ་དེའི་ཡོན་ཏན་ལྔ་པ་ནི་ནོར་བུ་དེ་གང་ན་འདུག་པ་དཔག་ཚད་བརྒྱར་ཉེ་བ་དག་གི་ནད་མེད་པར་འགྱུར། རྟག་ཏུ་ཡིད་མཉམ་པར་གཞག་པ་དང་དེའི་འདོད་པ་ཐམས་ཅད་ལས་ཇི་ལྟ་བ་བཞིན་དུ་འབྲས་བུ་མེད་པར་མི་འགྱུར་རོ། ། གཞན་ཡང་ནོར་བུ་དེའི་ཡོན་ཏན་དྲུག་པ་ནི་ཀླུ་ངན་པས་ཆར་མི་བཟད་པ་མངོན་པར་དབབ་པར་མི་ནུས་སོ། །གཞན་ཡང་ནོར་བུ་དེའི་ཡོན་ཏན་བདུན་པ་ནི་མྱ་ངམ་དང ། གཡང་ས་དང ། དགོན་པ་དང ། ཤིང་ལྗོན་པ་དང ། ཡུལ་དང་བྲལ་བ་རྣམས་ཤིང་ལྗོན་པ་ དང ། མཚེའུ་དང ། ཚལ་དང ། པད་མ་དང ། ནགས་ཚལ་དང ། ནེའུ་གསིང་ཕུན་སུམ་ཚོགས་པར་འགྱུར་རོ། །གཞན་ཡང་ནོར་བུ་དེའི་ཡོན་ཏན་བརྒྱད་པ་ནི་མི་གང་ཡང་དུས་མ་ཡིན་པར་འཆི་བར་མི་འགྱུར་ཞིང ། དུད་འགྲོའི་འགྲོ་བར་མི་འགྱུར་ཏེ། དུད་ 68-1-102a འགྲོའི་འགྲོ་བ་དག་གིས་ཀྱང་གནོད་པར་མི་འགྱུར་རོ། །མི་འཐུན་པས་ཡང་མི་འཐུན་པ་ལ་གནོད་པར་མི་འགྱུར་ཏེ། འདི་ལྟ་སྟེ། ནེའུ་ལེ་དང ། སྦྲུལ་ལྟ་བུ་སྟེ་ཡོན་ཏན་ཆེན་པོ་བརྒྱད་པོ་དེ་དག་དང་ལྡན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ དེའི་གནོད་སེམས་སྤངས་པ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་བ་ནི་དེའི་བུ་ཡང་སྟོང་ཐམ་པར་འབྱུང་སྟེ། དཔའ་ཞིང་རྟུལ་ཕོད་ལ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་མངོན་པར་འཇོམས་པ། བསམ་པའི་རྗེས་སུ་འཇུག་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། རིགས་འཐུན་པ། འཁོར་གྱི་སྐྱེ་བོ་ཐམས་ཅད་དགའ་ཞིང་རང་བཞིན་གྱིས་རྗེས་སུ་ཆགས་པ་དག་ཡིན་ནོ། །དེ་ནས་གཞན་ཡང་གནོད་སེམས་སྤངས་པས་གསུམ་པ་འཇིག་རྟེན་དུ་འཁོར་ལོ་རིན་པོ་ཆེ་ཇི་ལྟར་འབྱུང་ཞེ་ ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། འཁོར་ལོ་རིན་པོ་ཆེ་ཡོན་ཏན་ལྔ་དང་ལྡན་པར་མཐོང་སྟེ། འདི་ལྟ་སྟེ། འཛམ་བུའི་ཆུ་བོའི་གསེར་ལས་བྱས་ པ། ཚད་དཔག་ཚད་ལྔ་བརྒྱ་ཡོད་པ། རྩིབས་སྟོང་ཡོད་ཅིང ། འཇིག་རྟེན་ན་ཉི་མ་གཉིས་པ་ལྟ་བུར་རྣམ་པར་མཛེས་ཏེ། འདི་ནི་དེའི་ཡོན་ཏན་དང་པོ་ཡིན་ནོ། །གཞན་ཡང་འཁོར་ལོ་རིན་པོ་ཆེའི་ཡོན་ཏན་གཉིས་པ་ནི་ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་ གཅིག་གིས་ཐོགས་པ་མེད་པར་འགྲོའོ། །གཞན་ཡང་འཁོར་ལོ་རིན་པོ་ཆེ་དེའི་ཡོན་ཏན་གསུམ་པ་ནི་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ལུས་འཕགས་པོ་དང ། བྱང་གི་སྒྲ་མི་སྙན་དང ། རྒྱལ་ཆེན་བཞིའི་ལྷའི་ གནས་གང་དུ་འགྲོ་བར་འདོད་པ་དེ་དང་དེར་ནམ་མཁའ་ལ་འཁོར་ལོ་རྩིབས་སྟོང་ཡོད་པས་འགྲོ་ཞིང ། དེའི་མཐུས་དེའི་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་དང ། རྟ་དང ། ཤིང་རྟ་དང ། རྐང་ཐང་བ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འགྲོའོ། །གཞན་ 68-1-102b ཡང་འཁོར་ལོ་རིན་པོ་ཆེ་དེའི་ཡོན་ཏན་བཞི་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་མི་ཐོས་པ་དེ་འཁོར་ལོ་རིན་པོ་ཆེ་དེས་གྲོགས་བྱས་ཏེ་ཐོས་པར་བྱེད་དོ། །གཞན་ཡང་འཁོར་ལོ་རིན་པོ་ཆེ་དེའི་ཡོན་ཏན་ལྔ་པ་ནི་སྔོ་བ་གང་ཡང་མེད་དེ། ཆོས་དང་ལྡན་པའི་ཆོས་ ཀྱི་རྗེས་སུ་འཇུག་པའི་རྒྱལ་པོ་ལ། རྒྱལ་པོའམ། བློན་པོའི་ཆོས་ཀྱི་གྲོགས་པོས་མཐོང་མ་ཐག་ཏུ་དེ་དག་ཐམས་ཅད་འབུལ་ཏེ། དེ་ལྟར་འཁོར་ལོ་རིན་པོ་ཆེ་ཡོན་ཏན་ལྔ་དང་ལྡན་ནོ། །རིན་པོ་ཆེ་ཆེན་པོ་གསུམ་པ་བཤད་ཟིན་ཏོ། །དེ་ནས་གཞན་ཡང་གནོད་ སེམས་སྤངས་པའི་དགེ་བའི་ལས་ཀྱི་མཐའ་སྤྱད་པ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཞི་པ་གླང་པོ་རིན་པོ་ཆེ་ཇི་ལྟར་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་ པའམ། ལྷའི་མིག་གིས་མཐོང་སྟེ། འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་གླང་པོར་འགྱུར་བ་ནི་ཅང་ཤེས་པ། མཆོག་ཏུ་བཀའ་མཉན་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བར་བྱེད་པ། ཡན་ལག་བདུན་ལེགས་པར་ གནས་པ་ཡིན་ཏེ། འདི་ལྟ་སྟེ། རྐང་ལག་བཞི་དང་མཇུག་མ་མ་ཟེགས་པ་དང ། རླིག་པ་མདོམས་ཀྱི་གནས་ན་འདུག་པ་དང ། སྣ་ལེགས་པར་གནས་པ་སྟེ། དེ་དག་ལ་སོགས་པ་དེའི་ཡན་ལག་བདུན་དག་སའི་སྟེང་ན་ལེགས་པར་རབ་ཏུ་གནས་པ་ཡིན། སྟོབས་ཆེ་བ་ཡིན་ཏེ། རང་བཞིན་གྱིས་གླང་པོ་ཆེ་སྟོང་གི་སྟོབས་ཡང་དག་པར་འཛིན་པར་བྱེད། རྐན་འཇམ་པ་དང་ལྡན་ཞིང་མདོག་དཀར་བ་ཁ་བ་དང་དངུལ་གྱི་མདོག་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། བརྒྱ་བྱིན་གྱི་གླང་པོ་ཆེ་ལྟ་བུ་ཡིན་ལ། གླང་པོ་ཆེ་གཞན་དག་དེའི་ དྲི་ཚོར་ནས་མདུན་དུ་འདུག་པར་མི་བྱེད་དོ། །གནས་གསུམ་དུ་གཡུལ་འགྱེད་པར་འགྱུར་ཏེ། འདི་ལྟ་སྟེ། ཆུ་དང ། སྐམ་ས་དང ། བར་སྣང་ལའོ། །ཤུགས་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། ཉིན་གཅིག་གིས་འཛམ་བུའི་གླིང་ལན་གསུམ་དུ་ 68-1-103a སྐོར་བར་བྱེད་དོ། །སྐུད་པས་ཀྱང་དཀྲིར་རུང་བར་འགྱུར་ལ་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླང་པོ་ཅང་ཤེས་ལ་ཞོན་པ་དེའི་ཚེ་སེམས་དང་འཐུན་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་སེམས་འཇུག་པར་འགྱུར་བ་དེར་གླང་པོ་ ཅང་ཤེས་པ་དེ་མ་བསྐུལ་ཀྱང་འཇུག་གོ། །དལ་གྱིས་འགྲོ་ཞིང་འགྱིང་བས་སྤྱི་བོ་བསྐྱོད་པ། གནོད་པ་མེད་ཅིང་འཁྲུག་པ་མེད་ལ། སྡུག་པ་དང་མཛེས་པར་འགྲོ་བ་ཡིན། བྱིས་པའི་ནང་དུ་སོང་ན་ཡང་བྱིས་པ་རྣམས་ལ་འཇིགས་པར་མི་བྱེད། ལམ་སྲང་དང ། བཞི་མདོ་དང ། བ་གམ་གྱི་ནང་དུ་སོང་སྟེ། ཕན་ཚུན་འགྲོ་བ་ན་བུད་མེད་ཀྱིས་ཀྱང་རེག་པར་བཟོད་པ་ཡིན། གཡུལ་འགྱེད་པའི་དུས་སུ་དྲག་ལ། གནས་པའི་དུས་སུ་ནི་སྐུད་པས་དཀྲིར་རུང་བ་ཡིན་ཏེ། རྒྱལ་པོའི་གླང་པོ་ཆེའི་ཡོན་ཏན་ནི་དེ་དག་ཡིན་ནོ། ། འཁོར་ལོས་སྒྱུར་བའི་རྒྱལ་པོས་དགེ་བ་བཅུའི་ལས་ཀྱི་ལམ་རེ་རེ་སྤྱད་པས་ཀྱང་འཁོར་ལོས་སྒྱུར་བའི་ས་བོན་འདི་དག་འགྲུབ་ན། དགེ་བ་བཅུའི་ལས་ཀྱི་ལམ་མཐའ་དག་གི་རྗེས་སུ་ཞུགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་རྣལ་འབྱོར་སྤྱོད་པ་དེ་ལྷའི་མིག་གིས་ འཁོར་ལོས་སྒྱུར་བའི་བཞི་པ་གླང་པོ་རིན་པོ་ཆེ་མཐོང་ངོ ། །དེ་ནས་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་རིན་པོ་ཆེའི་ཡོན་ཏན་ནི་དུ་ཞིག་དང་ལྡན་པར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་ པའམ། ལྷའི་མིག་གིས་མཐོང་སྟེ། རྟ་རིན་པོ་ཆེ་ངང་པ་དང་མེ་ཏོག་ཀུ་མུ་ད་ལྟར་དཀར་བ་ཡིན། ཀུན་ནས་ལྷའི་ནོར་བུའི་གཙུག་ལ་སོགས་པ་མཚན་བཟང་པོས་བརྒྱན་པ་ཡིན། བོང་སྟོང་དང ། མདོག་དང ། དབྱིབས་ཕུན་སུམ་ཚོགས་པ་ཡིན། བསྒོ་ན་ཉིན་ གཅིག་གིས་འཛམ་བུའི་གླིང་ལན་གསུམ་དུ་སྐོར་བར་བྱེད་ལ་དེའི་ལུས་དག་ལ་ཤིན་ཏུ་ནད་མེད་པ་ཡིན་ཏེ། འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་ལྔ་པ་ཡིན་ནོ། །དེ་ནས་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་ 68-1-103b འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། བློན་པོ་རིན་པོ་ཆེའི་ཡོན་ཏན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། གང་རྒྱལ་པོའི་བྱ་བའི་རྣམ་པ་ཡིད་ལ་སེམས་པ་དེ་ཉིད་མ་བསྒོས་ ཀྱང་དེའི་ཡིད་ཀྱིས་ཤེས་ནས། རྒྱལ་པོ་ལ་ཡོངས་སུ་འབུལ་བར་བྱེད་དེ། ཤིན་ཏུ་རྫོགས་པ་དང ། དེ་བསགས་པ་དང ། མ་ཆགས་པ་དང ། ཆོས་མ་ཡིན་པ་རྣམ་པར་སྤངས་པ་དང ། ཤིན་ཏུ་རིགས་པ་བརྩམས་པ་དང ། ཡུལ་དང ། དུས་དང་ལྡན་པ་ དང ། ཉོན་མོངས་མེད་པ་དང ། གཞན་ལ་གནོད་པ་མེད་པ་དང ། སྐྱེ་བོ་ལ་རྣམ་པར་མི་འཚེ་བ་དང ། ཡང་དག་པའི་ཐ་སྙད་དང་ལྡན་པའི་རང་བཞིན་ལ་སྐྱོ་བ་མེད་པར་བྱེད་དོ། །རྒྱལ་པོའི་བྱ་བའི་རྣམ་པའམ་ཆོས་ཀྱི་དོན་གྱི་བྱ་བ་འདོད་པ་དང་ལྡན་ཞིང་མ་འོངས་པའི་ བྱ་བ་དང་ལྡན་པ་ཐམས་ཅད་ཡོངས་སུ་འབུལ་བར་བྱེད་དོ། །འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བློན་པོ་རིན་པོ་ཆེ་ཡིན་ཏེ། ལྷག་པའི་གནོད་སེམས་སྤངས་པའི་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་པ་དག་ནི་འཇིག་རྟེན་ཐམས་ཅད་ལ་ཕ་མ་ལྟར་ཕན་པར་འདོད་པར་གནས་ པ་ཡིན་ནོ། །དེ་ནས་གཞན་ཡང་ཇི་ལྟར་ན་བདུན་པ་ཁྱིམ་བདག་རིན་པོ་ཆེ་འབྱུང་བར་འགྱུར། ཁྱིམ་བདག་རིན་པོ་ཆེ་དེའི་ཡོན་ཏན་ནི་དུ་ཞིག་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་ མིག་གིས་མཐོང་སྟེ། རྒྱལ་པོའི་བཀའ་ཉན་པའི་ཁྱིམ་བདག་རིན་པོ་ཆེའི་ཡོན་ཏན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྡོ་རྗེ་དང ། རིན་པོ་ཆེ་མཐོན་ཀ་དང ། མརྒད་དང ། སྤུག་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱིས་ངམ་གྲོག་དང ། གཡང་ས་དང ། རི་ཁྲོད་དང ། མི་འཐུན་པ་གཞན་དག་ཏུ་མ་བསྐོས་ཀྱང་ཤིན་ཏུ་འགེངས་ལ་རིན་པོ་ཆེ་རྣམས་ཀྱང་ཟད་པ་མེད་པར་འགྱུར་ན། གསེར་དང་དངུལ་ལྟ་ཞིག་སྨོས་ཀྱང་ཅི་དགོས། ཁྱིམ་བདག་རིན་པོ་ཆེ་འདིའི་འབྱོར་པ་ནི་ཤིན་ཏུ་གནས་པ་ཡིན་ཏེ། གཡོ་མེད་པ་དང ། སྒྱུ་མེད་པ་དང་། 68-1-104a གཞན་ལ་མི་གནོད་པ་དང ། སྐྱེ་བོ་ཐམས་ཅད་དགའ་བ་ནི་ཁྱིམ་བདག་རིན་པོ་ཆེ་ཡིན་ནོ། །དེ་ལྟར་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ནི། མིའི་གནས་བཞི་རྣམས་ལ་སྒོ་བར་བྱེད་ཅིང་ཀླུ་དང ། ལྷའི་རིས་གཉིས་དང ། རྒྱལ་ཆེན་བཞི་དང ། སུམ་ ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དབང་པོའི་སྟན་ཕྱེད་འཕྲོག་པ་ཡིན་ཏེ། དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ། །དེའི་ཉེ་བའི་རིན་པོ་ཆེ་སྣ་བདུན་ནི་རིན་པོ་ཆེ་དེ་དག་ལས་ཆུང་ཟད་དམན་པ་ཡིན་ཏེ། འདི་ལྟ་སྟེ། རལ་གྲི་ཉེ་བའི་རིན་པོ་ཆེ་ དང ། པགས་པ་ཉེ་བའི་རིན་པོ་ཆེ་དང ། མལ་ཆ་ཉེ་བའི་རིན་པོ་ཆེ་དང ། ཚལ་ཉེ་བའི་རིན་པོ་ཆེ་དང ། ཁྱིམ་ཉེ་བའི་རིན་པོ་ཆེ་དང ། གོས་ཉེ་བའི་རིན་པོ་ཆེ་དང ། ལྷམ་ཉེ་བའི་རིན་པོ་ཆེའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རལ་གྲི་ཉེ་བའི་རིན་པོ་ཆེའི་ཡོན་ ཏན་ནི་འདི་ལྟ་སྟེ། ཡུལ་འཁོར་གང་དག་རྒྱལ་པོའི་ཡིད་དང ། ཚིག་ལས་འགལ་བར་བྱེད་འདོད་པ་དེར་རལ་གྲི་ཉེ་བའི་རིན་པོ་ཆེ་འགྲོ་སྟེ། དེས་བཏབ་པ་མེད་ཅིང་རལ་གྲི་རིན་པོ་ཆེས་སུ་ལ་ཡང་བཏབ་པ་མེད་ཀྱིས་ཀྱང་ཡུལ་འཁོར་ཀུན་གྱིས་མཐོང་ནས་འདུད་པར་བྱེད་ དོ། །ཉེ་བའི་རིན་པོ་ཆེ་དེའི་ཡོན་ཏན་ནི་འདི་ཡིན་ཏེ། བཟང་བ། མི་བཟད་པ། ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ཀྱང་ཡུལ་འཁོར་དེ་དག་ཐམས་ཅད་འདུད་པར་བྱེད་དེ། འདི་ནི་རལ་གྲི་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ཡིན་ནོ། །པགས་པ་ཉེ་བའི་རིན་པོ་ ཆེའི་ཡོན་ཏན་ཇི་ལྟ་བུ་ཡིན་ཞེ་ན།པགས་པ་རིན་པོ་ཆེ་ནི་རྒྱ་མཚོ་ནས་འབྱུང་སྟེ། དེ་བྱུང་བར་གྱུར་པ་དང ། ཚོང་པ་དག་གིས་རྒྱལ་པོ་ལ་འབུལ་བར་བྱེད་དེ། དེའི་ཡོན་ཏན་ནི་འདི་དག་ཡིན་ནོ། །དེ་རྒྱ་མཚོའི་ཀླུའི་པགས་པ་ཡིན་ཏེ། ཞེང་དུ་དཔག་ཚད་ལྔ་ལ་ཆུར་ དཔག་ཚད་བཅུ་སྟེ། དེ་ཆར་གྱིས་མི་རླན། རླུང་གིས་མི་སྐྱོད། མེས་མི་འཚིག་།གྲང་ན་དྲོ་བར་བྱེད་ཅིང ། དྲོ་ན་བདེ་བ་བསིལ་བར་བྱེད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་གང་དུ་འགྲོ་བ་དེར་བློན་པོ་རིན་པོ་ཆེས་དེ་ཁྱེར་བར་བྱེད་དེ། ཇི་ 68-1-104b ལྟར་སོ་སོ་ནས་བྱེད་པ་ལྟར་དེ་རྒྱལ་པོའི་འཁོར་གྱི་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་དོ། །བུད་མེད་མི་སྡུག་པ་དག་མི་མཐོང་ཞིང་དཀར་བ་དེ་དང་ལྡན་པར་འགྱུར་ལ་ཟླ་བ་དང ། ཉི་མའི་འོད་སྣང་བ་དེ་དང་ཡང་ལྡན་པར་འགྱུར་རོ། །གསུམ་པ་རྒྱལ་པོའི་མལ་ཆ་རིན་པོ་ཆེ་ནི་ཡང་ཞིང་ འཇམ་ལ་མཐོན་དམན་ཅན་ཡིན་ཏེ། དེའི་རྒྱུ་མཚན་ནི་བཏེག་ན་འཕར་བ་དང་མནན་པ་ནེམ་བྱེད་པ་ཡིན་ནོ། །གལ་ཏེ་བསམ་གཏན་སེམས་ན་དེའི་བསམ་གཏན་རྣམ་པར་གྲོལ་ཞིང་བློ་གྲོས་གསལ་བར་བྱེད། གལ་ཏེ་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་ཡིན་ན་དེ་མལ་ ཆའི་སྟེང་དུ་འདུག་ན། དེའི་ཚེ་འདོད་ཆགས་དང་བྲལ་ཞིང་ཆགས་པ་མེད་པར་བྱེད་དོ། །ཞེ་སྡང་དང་གཏི་མུག་དག་ལ་ཡང་དེ་བཞིན་ཏེ། མལ་ཆ་ཉེ་བའི་རིན་པོ་ཆེ་ནི་བསམ་གཏན་གྱི་གནས་དང་འདྲའོ། །རྒྱལ་པོ་མལ་ཆ་རིན་པོ་ཆེའི་ནང་ན་འདུག་པ་བུད་ མེད་ཀྱིས་མཐོང་ལ་དེའི་ཚེ་མཆོག་ཏུ་དགའ་བ་སྐྱེས་ཀྱང་ཡིད་ལ་ཤིན་ཏུ་འདོད་ཆགས་པར་མི་འགྱུར་ཏེ། གསུམ་པ་འདི་ནི་མལ་ཆ་ཉེ་བའི་རིན་པོ་ཆེའི་ཡོན་ཏན་ཡིན་ནོ། །བཞི་པ་ཚལ་ཉེ་བའི་རིན་པོ་ཆེ་ཡོན་ཏན་དུ་ཡོད་ཅེ་ན། འདི་ལྟ་སྟེ། གལ་ཏེ་རྒྱལ་པོ་ཚལ་དུ་ བསམ་གཏན་ལ་དགའ་བར་འགྱུར་ཏེ། དེ་དེར་ཉེ་བར་འགྲོ་ན་ཚལ་དེའི་མཐུ་དང ། རྒྱལ་པོའི་དགེ་བའི་ལས་ཀྱིས་གང་ལྷའི་འཇིག་རྟེན་གྱི་ཚལ་གྱི་དགའ་བའི་རྣམ་པ་མེ་ཏོག་དང ། འབྲས་བུ་དང ། བྱ་དང ། པད་མ་དང ། ལྟེང་ཀ་དང ། འབབ་པའི་ཆུ་ངོགས་ བདེ་བ་དང ། ལྷའི་བུ་མོ་དག་རོལ་མོ་བྱེད་ཅིང ། དགོད་ལ་མཛེས་པ། རྩེ་བ་དེ་དག་ཐམས་ཅད་ལྷའི་རིས་དེ་ནས་ཚལ་དེར་ཉེ་བར་འོང་སྟེ། རྒྱལ་པོ་དེ་ཡང་ལྷ་བཞིན་དུ་ལྷའི་འདོད་པའི་ཡོན་ཏན་ལྔ་དག་དང་ལྡན་པར་འགྱུར། ཚལ་ཉེ་བའི་རིན་པོ་ཆེ་དེར་བུད་མེད་དང་ལྷན་ཅིག་ཤིན་ཏུ་ དགའ་ཞིང་དགའ་མགུར་སྤྱོད་པར་བྱེད་དེ། དགེ་བའི་ལས་ཀྱི་རྣལ་འབྱོར་སྤྱོད་པ་དེ་བཞི་པ་ཚལ་ཉེ་བའི་རིན་པོ་ཆེ་མཐོང་ནས་གནས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེ་ཇི་ལྟ་བུ་ཡིན། ཡོན་ཏན་ནི་དུ་ཞིག་དང་ལྡན་ཞེ་ན། འདི་ལྟ་སྟེ། གང་འཁོར་ 68-1-105a ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེའི་ནང་དུ་ཉལ་བར་གྱུར་ན། མཚན་མོ་ཉལ་བ་དེའི་ཚེ་ཟླ་བ་ལྟ་བར་འདོད་ན་འོང་ཞིང་གཟའ་དང ། རྒྱུ་སྐར་དང ། སྐར་མདའ་དག་ཀྱང་དེའི་ཁྱིམ་དེར་ཉེ་བར་འོང་བར་འགྱུར། དེའི་ནོར་བུ་ཡང་ མཐོང་ན་དགའ་བར་འགྱུར། ལྷ་མོ་དག་ཀྱང་ལྷའི་རོལ་མོ་བྱེད་པར་འགྱུར། གང་མྱ་ངན་མང་པོ་དང་བྲལ་བའི་མི་དེ་བདེ་བར་གཉིད་ལོག་པར་འགྱུར། གཉིད་ལོག་པ་ན་རྨི་ལམ་དགེ་བ་མཆོག་ཏུ་དགའ་བ་དག་མཐོང་བར་འགྱུར། གྲང་བའི་དུས་སུ་ནི་ རླུང་དྲོ་བ་ལྡང་ཞིང ། དྲོ་བའི་དུས་སུ་རླུང་བསིལ་བ་རེག་ན་བདེ་ཞིང་འཇམ་པ་ལྡང་ངོ ། །མཚན་མོ་ཐུན་གསུམ་ལས་ཐུན་གཉིས་ལ་ཉལ་ཞིང་ཐུན་གསུམ་པ་ལས་གཉིད་དང་བྲལ་ནས་ལངས་ཏེ། བདེ་བའི་ཆོས་ལ་གནས་པར་འགྱུར་ཏེ། འདི་ནི་འཁོར་ལོས་སྒྱུར་ བའི་རྒྱལ་པོའི་ཁྱིམ་ཉེ་བའི་རིན་པོ་ཆེ་ཡིན་ནོ། །གོས་ཉེ་བའི་རིན་པོ་ཆེའི་རྣམ་པ་དུ་ཡོད་ཡོན་ཏན་ནི་དུ་ཞིག་དང་ལྡན་ཞེ་ན། འདི་ལྟ་སྟེ། ཐགས་བཟང་ཞིང་མཆོག་ཏུ་འཇམ་ལ་དྲི་མས་མ་གོས་པ་ཡིན་ཏེ། གྱོན་ནས་གྲང་བ་དང ། དྲོ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། ཉམ་ཆུང་བ་དང ། ངལ་བ་དང ། དུབ་པའི་གནོད་པ་མེད་ལ། མེ་དང་མཚོན་དག་གིས་བསྲེག་པ་དང ། གཅད་པར་མི་ནུས་སོ། །དེ་ནས་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལྷམ་ཉེ་བའི་རིན་པོ་ཆེ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་ སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། ལྷམ་ཉེ་བའི་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྐང་པ་ལ་གྱོན་ན་ཇི་ལྟར་སྐམ་ས་ལ་རྐང་པ་མི་འབྱིང་བ་དེ་བཞིན་དུ་ཆུ་ལ་ཡང་མི་འབྱིང་བར་ འགྱུར་རོ། །གལ་ཏེ་དལ་གྱིས་སྔོན་དུ་འགྲོ་བར་འདོད་ན། དཔག་ཚད་བརྒྱར་ཡང་འགྲོ་བར་འགྱུར་ཞིང་ལུས་ལ་ངལ་བ་མེད་དེ། འདི་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང ། ཉེ་བའི་རིན་པོ་ཆེ་སྣ་བདུན་དག་ལ་སྤྱོད་པ་ཡིན་ཏེ། མིའི་ 68-1-105b གནས་བཞི་དང ། ལྷའི་རིགས་གཉིས་ལ་ཉེ་བར་སྤྱོད་པ་ཡིན་ནོ། །དེའི་བུ་དཔའ་ཞིང་རྟུལ་ཕོད་ལ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཐམ་པ་ཡོད་དེ། དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕྱག་བྱེད་དོ། །གནོད་སེམས་མི་དགེ་བའི་ལས་སྤངས་པ་ ནི། དགེ་བ་བཅུའི་ལས་ཀྱི་ལམ་གྱི་རྒྱུ་འཐུན་པ་བདེ་བ་དེ་དག་མྱོང་བར་འགྱུར་རོ། །དེ་ནས་གཞན་ཡང་འཁོར་བ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ། ཐོག་མ་མེད་པའི་དུས་ནས་མུན་པ་མུན་ནག་ཏུ་གྱུར་པ། ཡང་དག་པར་སྦྱོར་བ་ཐམས་ཅད་ཀྱི་བག་ལ་ཉལ་དུ་གྱུར་པ་ ལོག་པར་ལྟ་བ་སྤངས་པ་ཇི་ལྟ་བུ་ཡིན། ཡང་དག་པའི་ལྟ་བས་འཁོར་བ་ལས་གྲོལ་བ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། རྣལ་འབྱོར་སྤྱོད་ པ་དེས་ཆོས་ལ་ཆོས་ཀྱི་རྗེས་སུ་མཐོང་བ་ནི་འདི་ལ་ལོག་པར་ལྟ་བ་སྤངས་ཤིང ། དེའི་ཡང་དག་པའི་ལྟ་བས་དོན་མེད་པ་ཐམས་ཅད་སྤངས་ལ། ཡང་དག་པའི་སྦྱོར་བའི་བག་ལ་ཉལ་འདོར་བར་འགྱུར། དེ་མྱ་ངན་ལས་འདས་པ་ཉེ་བར་འགྱུར་ཞིང་འཁོར་བ་དང་རིང་བར་ འགྱུར། འདི་ལ་ལོག་པར་ལྟ་བ་རྣམ་པ་ལྔ་མཐོང་ནས་དབང་པོ་ལྔ་བསྒྲུབས་པར་འགྱུར་བ་ནི་སྐྱེས་བུ་དམ་པ་དམ་པའི་ཆོས་ལ་མངོན་པར་དགའ་བ་དེ་ཐོག་མ་ནས་འདི་ལྟར་སངས་རྒྱས་ཀྱི་ཡོན་ཏན་དེ་དག་རྣར་ཐོས་ནས་དེའི་ཚེ་འདི་ལྟར་འཁོར་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ལ་ དམིགས་ཤིང་འགྲོ་བ་ལྔ་རྣམས་ལ་འཇིགས་པ་ཆེན་པོ་ལྔ་དམིགས་ཏེ། ལྷ་རྣམས་ལ་བག་མེད་པས་འཆི་བའི་སྡུག་བསྔལ་དང ། མི་རྣམས་ལ་འདོད་པའི་སྡུག་བསྔལ་དང ། སེམས་ཅན་དམྱལ་བ་རྣམས་ལ་གནོད་པའི་སྡུག་བསྔལ་དང ། ཡི་དགས་རྣམས་ལ་བཀྲེས་ པ་དང་སྐོམ་པའི་སྡུག་བསྔལ་དང ། དུད་འགྲོ་རྣམས་ལ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཏེ། དེ་ལྟར་རྣམ་པ་ལྔ་པོ་དེ་དག་རྣམ་པ་དུ་མ་ཡོད་ཅིང་སྡུག་བསྔལ་གྱི་ཡན་ལག་དབྱེ་བ་དག་དཔག་ཏུ་མེད་པར་དམིགས་སོ། །དེའི་ཚེ་འདི་ལྟར་ཐོག་མ་ཉིད་དུ་འཁོར་བ་ 68-1-106a ཐམས་ཅད་ལས་ངེས་པར་བྱུང་བར་གྱུར་ཅིང་སྣང་བར་གྱུར་ལ་དམ་པའི་ཆོས་ངེས་པར་འབྱེད་པའི་ཆ་ལམ་རབ་ཏུ་འབྱུང་བར་སེམས་བསྐྱེད་དེ། དེའི་སེམས་བསྐྱེད་པ་གཅིག་ལས་དགེ་བའི་ཆོས་ཀྱི་རྒྱུན་ཉིད་སྐྱེའོ། །གང་གིས་དེའི་སེམས་བསྐྱེད་པ་དེ་དང་ ཡང་དག་པར་ལྡན་པ་ལ་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རབ་ཏུ་མགུ་ཞིང་ཀུན་ཏུ་དགའ་ལ་རབ་ཏུ་དགའ་སྟེ། སེམས་རངས་པར་གྱུར་ནས་ཡིད་ལ་རིགས་ཀྱི་བུ་འདིའི་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ་སྟེ། དེ་ཐོག་མ་མེད་པའི་དུས་ནས་འདོད་ཆགས་ཞེ་སྡང་གཏི་མུག་ རྣམས་སྤོང་བར་འདོད་ལ་བདུད་ཀྱི་ཡུལ་གྱི་དངོས་པོ་མི་འདོད་པར་ཞུགས་པ། ཀུན་ནས་ཉོན་མོངས་པའི་ཡུལ་དག་གིས་དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པའི་སྲེད་པ་དག་ལ་ཀུན་ཏུ་མི་དགའ་བ་ཡིན་ནོ་སྙམ་མོ། །གཞན་ཡང་ལོག་པར་ལྟ་བ་དང་བྲལ་བའི་རིགས་ ཀྱི་བུ་དེ་ནི་དེ་ལྟར་རྟག་ཏུ་རབ་ཏུ་འབྱུང་བའི་སེམས་ཀུན་ཏུ་བསྟན་པར་བྱེད་ཅིང་གོམས་པར་བྱེད་ལ་མང་དུ་བྱེད། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད། དམ་པའི་ཆོས་ཉན་པ་ལ་དགའ་བར་འགྱུར། སངས་རྒྱས་ཀྱི་ཆོས་ལ་ཕྱིར་ཞིང་སེམས་གསལ་ལ་ཕྱག་འཚལ་ བར་བྱེད། ལུས་དང་ངག་གི་ལས་ཀྱི་མཐའ་ཞི་ཞིང་ཤིན་ཏུ་གསལ་བ་ཡིན་ཏེ། དེ་ལྟར་དེའི་ལུས་དང་ངག་དང་ཡིད་ཞི་བས་ཉིན་མོ་མཉམ་པར་གཞག་པར་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་གྱིས་རིག་ནས་ཀུན་ཏུ་དགའ་བར་འགྱུར་ཏེ། རིགས་ཀྱི་བུ་འདི་དགེ་བའི་བཤེས་ གཉེན་ལ་སེམས་རབ་ཏུ་དང་ཞིང་ཁྱིམ་གྱི་གནས་གཟེབ་ལྟ་བུར་གྱུར་པ་ལ་སེམས་ཀུན་ཏུ་མི་ཆགས། དེས་བདུད་ཀྱི་ཡུལ་རྣམས་ལ་ཐོག་མ་མེད་པའི་དུས་ནས་ཞུགས་པའི་འདོད་ཆགས་ཞེ་སྡང་གཏི་མུག་དག་གིས་འདོད་པའི་ལྷ་དང་ལྷན་ཅིག་ཏུ་འདུ་ཤེས་དག་ལ་ཆགས་པ་ མེད་ཅིང ། བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་ལ་ཉོན་མོངས་པ་སྤོང་བར་འདོད་པ་དེ་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་གྱིས་རིག་ནས་ཀུན་ཏུ་དགའ་བར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་དེ་དེ་ལྟར་འཁོར་བའི་སྡུག་བསྔལ་ལ་དམིགས་ནས་ཆེས་ཤིན་ཏུ་རབ་ 68-1-106b ཏུ་འབྱུང་བའི་སེམས་སྐྱེད་པར་བྱེད་དེ། དེ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་དང ། སྦྱར་བའི་ཆང་དང ། བརྫུན་དུ་སྨྲ་བ་སྤངས་ནས་སྡོམ་པ་ལེན་པར་འགྱུར་རོ། །དེ་གང་གི་ཚེ་དགེ་བསྙེན་གྱི་སྡོམ་པ་ རྫོགས་པར་སྤྱོད་པར་འགྱུར་བ་དེའི་ཚེ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་ཀུན་ཏུ་དགའ་སྟེ། རིགས་ཀྱི་བུ་ཆེ་གེ་མོ་ཞིག་མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་བ་གྲོང་ཁྱེར་ཆེ་གེ་མོ་ཞིག་དང ། གྲོང་རྡལ་ག་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་སྐྲ་དང་ཁ་སྤུ་བྲེགས་ ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བདུད་ཀྱི་ཕྱོགས་ནི་དམས་པར་བྱེད་ཅིང ། དམ་པའི་ཆོས་ཀྱི་ཕྱོགས་ནི་མཐོ་བར་བྱེད། བདུད་ཀྱི་འཆིང་བ་ནི་རྣམ་པར་གཅོད་པར་བྱེད་ཅིང་ཉོན་མོངས་པ་ཆེན་པོ་འདོད་ ཆགས་ཞེ་སྡང་གཏི་མུག་ལས་གྲོལ་བར་བྱེད་དོ་ཞེས་མངོན་པར་སྒྲོགས་སོ། །ལོག་པར་ལྟ་བ་ནི་ཀུན་ཏུ་སྦྱོར་བའི་བག་ལ་ཉལ་ཐམས་ཅད་ཀྱི་གཞི་ཡིན་ལ། ཡང་དག་པར་ལྟ་བ་ནི་མཐའ་མྱ་ངན་ལས་འདས་པའི་གཞི་ཡིན་ཏེ། རྣལ་འབྱོར་སྤྱོད་པ་པས་ཆོས་དེ་རྗེས་སུ་མཐོང་ ངོ ། །དེའི་ཚེ་འདི་ལྟར་ཐོག་མ་ཉིད་དུ་ཡང་དག་པའི་ལྟ་བ་ལ་མངོན་པར་སྟོད་པར་བྱེད་དེ། མི་དགོད་མི་སྨོད་སྐྱོན་དུ་མི་འགྲང་ལ་ཕ་རོལ་དག་ལ་སྟོན་པར་བྱེད་ཅིང་རབ་ཏུ་འཇོག་པར་བྱེད་དོ། །ལོག་པར་ལྟ་བ་ལ་སྨོད་དེ། སྟོད་པར་མི་བྱེད་ལ་སྨོད་པར་བྱེད་དོ། །ཡང་ དག་པར་ལྟ་བས་ནི་ལོག་པར་ལྟ་བ་ལས་དང ། ཆོས་དང ། རྣམ་པར་སྨིན་པ་ཡང་དག་པར་མངོན་པར་སྟོན་པར་བྱེད་ཅིང་འཇོག་པར་མི་བྱེད་དོ། །འཆིང་བ་རྣམས་ཀྱི་རྩ་བ་ནི་ལོག་པར་ལྟ་བ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་འཆིང་བ་ཡིན་ཞིང་འབྱུང་པོ་ རྣམས་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་ཀྱི་ཡུལ་དུ་གནས་པའི་མཐའ་ཡིན་ནོ། །རིགས་ཀྱི་བུས་དེ་སྤངས་ན་དགེ་བ་དུ་མ་དེ་དག་ཐོབ་པར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་དེ་འདི་ལྟར་ཁྱིམ་གྱི་གནས་ནི་སྡུག་བསྔལ་བ་ 68-1-107a ཉམ་ང་བ་འཆིང་བར་གྱུར་པ་དུ་མ་ཡིན་ཏེ། རང་དབང་མེད་པར་རིག་ནས་ཁྱིམ་ནས་འབྱུང་ཞིང་རབ་ཏུ་འབྱུང་བར་འདོད་ལ་བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་པའི་སྐྱེས་བུ་དམ་པ་དེ་ས་བླ་དང ། བར་སྣང་ལ་སྤྱོད་པའི་ལྷ་དག་གིས་རིག་ནས་ཀུན་ཏུ་ དགའ་སྟེ། རྒྱལ་པོ་ཆེན་པོ་བཞི་རྣམས་ལ་ཀུན་ཏུ་དགའ་བའི་ཡིད་ཀྱིས་རིགས་ཀྱི་བུ་འདི་ཞེས་བྱ་བ་གྲོང་ཆེ་གེ་མོ་ཞིག་དང ། གྲོང་རྡལ་མང་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་ཡང་དག་པའི་དད་པ་ཉིད་ཀྱིས་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་བྱུང་ངོ ། །དེ་ཁྱིམ་ནས་བྱུང་བས་བདུད་ཀྱི་ཕྱོགས་ནི་དམས་པར་བྱེད་ཅིང་དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོ་བར་བྱེད་དོ་ཞེས་མངོན་པར་བསྙད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ས་བླ་དང ། བར་སྣང་ལ་སྤྱོད་པའི་ལྷ་དག་དང ། གནོད་སྦྱིན་དེ་དག་ལས་དེ་སྐད་ཐོས་ནས་ཡིད་དགའ་ལ་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་རབ་ཏུ་དགའ་བར་འགྱུར་རོ། །དེ་ལྟར་འཛམ་བུའི་གླིང་གི་མི་དམ་པའི་ཆོས་དགེ་བའི་གཏམ་གྱིས་སྤྲོ་བ་སྐྱེས་ནས། རིགས་ཀྱི་བུ་དེ་ཇི་ལྟར་རིགས་པར་འཕགས་པ་དགེ་སྦྱོང་གི་མཁན་པོ་ལ་ བསྙེན་བཀུར་བྱེད་དོ། །བསྙེན་བཀུར་བྱས་ནས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ཏེ་སོ་སོར་ཐར་པའི་སྡོམ་པ་ལེན་ཏོ། །སྡོམ་པ་བླངས་པས་ས་བླ་དང ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལྷག་པར་ཀུན་ཏུ་དགའ་སྟེ། རྒྱལ་པོ་ཆེན་པོ་བཞི་ ལ་འཛམ་བུ་གླིང་ན་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཅེས་བྱ་བ་གྲོང་མང་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་ལོག་པར་ལྟ་བ་སྤངས་ནས་ཡང་དག་པར་ལྟ་བའི་ལས་དང ། ཆོས་ཡང་དག་པར་བླངས་པ། བུ་དང་ཆུང་མ་ལ་སྲེད་པ་དུག་ལྟ་བུ་དོན་མེད་ཅིང་ཉམ་ང་བ་ ཐམས་ཅད་སྤངས་ནས། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ཤིང་སོ་སོར་ཐར་པ་བླངས་ཏེ། བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་པ། དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པ་སྤོང་བར་འདོད་པ་ཡིན་ནོ་ཞེས་མངོན་པར་བསྙད་དོ། །དེ་ནས་ 68-1-107b དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་ཀུན་ཏུ་དགའ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་འཛམ་བུའི་གླིང་དུ་རིགས་ཆེ་གེ་མོ་ཞིག་ལས་གྲོང་མང་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ལོག་པར་ལྟ་བ་སྤངས་ནས། ཡང་དག་པར་ལྟ་བས་ སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་བགོས་ནས་དད་པ་ཉིད་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགེ་སློང་ག་གེ་མོ་ཞིག་གི་དྲུང་དུ་གནས་སོ་ཞེས་མངོན་པར་སྒྲོགས་སོ། །དེ་ལྷ་རྣམས་ཀྱིས་ཐོས་ནས་བདུད་ཀྱི་ཕྱོགས་དམས་པར་འགྱུར་ཞིང ། དམ་ པའི་ཆོས་ཀྱི་ཕྱོགས་ནི་འཕེལ་བར་འགྱུར་རོ་ཞེས་ཡིད་དགའ་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་ཐོས་ནས་ཤིན་ཏུ་ཡིད་དགའ་བར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་དེ་འདི་ལྟར་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ ལྟ་ལ་བཟོད་ཅིང་དུལ་ཏེ། སེམས་ཡང་དག་པར་སྡོམ་པ། འདུ་འཛི་ལ་མི་དགའ་ཞིང་ཉེ་བར་ཁྲོ་བ་མེད་པ། རིགས་ནས་རིགས་སུ་ཉེ་བར་སྟེན་ཅིང་སྡིག་པའི་གྲོགས་པོ་དང་འགྲོགས་པར་མི་བྱེད་ལ་ཡུལ་གྱི་རྣམ་པར་རྟོག་པ་ལ་ལྟ་བར་མི་བྱེད། བཟའ་བ་ཞིམ་པོ་ མང་དུ་མི་འདོད་ཅིང་ཚོགས་ངན་པ་དང་སྤྱོད་པར་མི་བྱེད། ཡུལ་གྱི་སྤྱོད་པ་ལ་མངོན་པར་དགའ་བར་མི་བྱེད་ཅིང་ནམ་དུ་ཡང་མཛའ་བཤེས་སུ་ལྟ་བའི་ངང་ཚུལ་ཅན་དུ་མི་བྱེད། ཡུལ་ལ་སྤྱོད་པའི་ཚུལ་ཁྲིམས་སུ་མི་བྱེད་ཅིང་དྲན་པ་ཉེ་བར་གཞག་པ་ལ་རྟག་ཏུ་བརྩོན་པར་ འགྱུར། ཞི་བའི་ཟས་ཀྱིས་གནས་ཤིང་བདུད་ཀྱི་འཆིང་བ་གཅོད་པ་ལ་རྟག་ཏུ་བརྩོན་པར་འགྱུར། ཡང་དག་པར་ལྟ་བ་ལ་རྟག་ཏུ་བརྩོན་ཞིང་སྐྱེས་བུ་དམ་པ་འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། འབྱུང་པོ་རྣམས་ལ་གང་མི་ འཚེ། །རྟག་ཏུ་བྱམས་སེམས་བཟོད་ལྡན་པ། །འབྱུང་པོ་ཀུན་གྱི་ཕ་ལྟ་བུར། །དེ་ལ་འཇིག་རྟེན་རྗེས་སུ་ལྟ། །མ་བྱིན་ལེན་པ་སྤངས་པ་ནི། །རྟག་ཏུ་ཤེས་ལྡན་དབང་པོ་ཐུལ། །ལུས་ཀྱི་ལས་མཐའ་དགེ་བ་དང ། །སྲིད་པ་དག་ལས་དེ་རྒལ་ལོ། རི་མོར་ 68-1-108a བྲིས་པའི་བུད་མེད་ལ། །མིག་གིས་ལྟ་བར་མི་བྱེད་དེ། །འཇིག་རྟེན་འདོད་པ་དམ་བཅོམ་པ། །དེ་ལྟ་བུ་ནི་གྲོལ་ཞེས་བྱ། །དཔའ་ལ་བོང་བ་གསེར་དུ་འདྲ། །མྱ་ངན་བྲལ་ཞིང་མཉམ་པར་གཞག་།ཉོན་མོངས་འདོད་ཆགས་མ་འདྲེས་པ། ། དེ་ནི་མཐའ་ཡས་སྒོ་ཐོབ་བོ།། །།གང་ལ་དོན་དང་དོན་མིན་མཉམ། །དེ་བཞིན་རྙེད་དང་མ་རྙེད་དང ། །བདེ་དང་སྡུག་བསྔལ་སེམས་མཉམ་པ། །དེ་ནི་དགེ་སློང་ཞེས་བྱའོ། །མཛའ་བཤེས་མི་བཤེས་གཉི་ག་སྤངས། །སེམས་ནི་མཉམ་ཞིང་དབང་པོ་ཐུལ། ། གང་དག་ཡུལ་གྱིས་ཉོན་མི་མོངས། །དེ་ཡང་བྲམ་ཟེར་ཤེས་པར་བྱ། །ཡུལ་ནི་གང་ཟག་དུག་འདྲ་ལ། །སྡང་བ་དཔའ་བོ་ཉོན་མོངས་བྲལ། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དེ་ཡི་མྱ་ངན་འདས་མི་རིང ། །སྐྱེ་དང་འཇིག་པའི་དེ་ཉིད་ཤེས། །ཡང་ དག་ལྟ་ལ་ཆགས་པ་མེད། །གངས་རི་ལྟ་བུར་བློ་མི་གཡོ། །དེ་ནི་འཁོར་བ་ལས་གྲོལ་ལོ། །ཙན་དན་དང་ནི་རལ་གྲིར་མཉམ། །ཟས་ནི་ཞིམ་དང་མི་ཞིམ་མཉམ། །ཟབ་དར་སྣམ་བུ་མཉམ་པ་ནི། །སྲེད་པས་གནོད་པར་མི་འགྱུར་རོ། །རྙེད་དང་བཀུར་ སྟི་མི་དགའ་ཞིང ། །རྩཝ་སྟན་ཙམ་གྱིས་ཆོག་ཤེས་ལ། །རྙེད་དང་བཀུར་སྟི་མེ་ལྟ་བུར། །གང་གིས་མཐོང་བ་དེ་མཐོང་ངོ ། །གང་དག་ཡུལ་གྱི་དབང་མི་འགྱུར། །སྲེད་པའི་ཆུ་བོར་མི་འཇུག་ལ། །རང་གི་ལས་འབྲས་དེ་ཉིད་ཤེས། །དེ་ནི་དགེ་ སློང་སངས་རྒྱས་གསུངས། །གང་དག་འདས་པའི་དུས་མི་འདོད། །མ་འོངས་པ་ལ་བློ་མི་དགའ། །རྣལ་འབྱོར་པ་ནི་ད་ལྟར་ལ། །མི་དགའ་དེ་ཡི་བློ་གྲོས་མེད། །གང་གི་བློ་གྲོས་ཕྱིར་ལོག་པ། །ཆོས་ལ་རྟག་ཏུ་གནས་པར་འགྱུར། །དཀར་པོ་ཆོས་ ལ་མཉམ་གཞག་པ། །དེ་ནི་འཁོར་བར་མི་འཇུག་གོ། །གང་གིས་སེམས་ལ་རྙོག་མི་བྱེད། །རིག་པ་མེ་ལྟ་བུ་ཡིན་ནོ། །གང་ལ་ཡུལ་ནི་བྲན་ལྟ་བུ། །དེ་ལ་སྡུག་བསྔལ་མེད་པ་ཡིན། །གང་གིས་དབང་པོ་དབང་བྱེད་ཅིང ། །དབང་པོའི་དབང་དུ་མི་ 68-1-108b འགྲོ་ལ། །གང་དག་གཟུགས་སོགས་མི་འཕྲོགས་ཤིང ། །ཉོན་མོངས་མེད་པ་ཐུབ་དང་འདྲ། །གང་གིས་བསམས་པ་དགེ་བ་དག་།བཟོད་ལྡན་མཐོང་ན་དགའ་བ་དང ། །སེམས་ནི་རབ་ཏུ་དགའ་བྱེད་པ། །མི་དེ་ཟླ་འདྲ་ཐུབ་པ་ཡིན། །གང་ དག་དགོན་པར་མངོན་དགའ་བ། །ཁང་བཟངས་མཆོག་ལ་ཆགས་པ་མེད། །ཐང་གི་ཤིང་ལ་མངོན་དགའ་ཞིང ། །ཟས་སློང་དགེ་སློང་ཞེས་བྱའོ། །དཔའ་བོ་ཞི་དུལ་བློ་བཟང་བ། །བདེ་དང་སྡུག་བསྔལ་དེ་ཉིད་རིག་།དེ་ནི་བླ་མེད་གནས་ འགྲོ་ཞིང ། །གང་དུ་སོང་བར་ཉོན་མི་མོངས། །སྙིང་བརྩེ་ལྡན་ཞིང་བློ་གྲོས་དྲང ། །རྟག་ཏུ་བསམ་གཏན་ཕ་རོལ་འགྲོ། །ཕལ་པ་རྣམས་དང་མཉམ་མི་འགྲོ། །རྣལ་འབྱོར་དེ་ནི་བདེན་ཚིག་ལྡན། །ལོག་པར་ལྟ་བའི་ཆོས་དེ་དག་།སྤངས་པས་ དེ་དག་འཐོབ་པར་འགྱུར། །གཞན་ཡང་ལོག་པར་ལྟ་བ་སྤངས་པས་ཡང་དག་པར་ལྟ་བ་སྔོན་དུ་འགྲོ་བའི་ཡིད་རྣམ་པར་རྟོག་པ་སྤངས་པའི་རིམ་གྱིས་ཟག་པ་མེད་པའི་བསམ་གཏན་ལ་མངོན་པར་དགའ་བ་ལས་བླ་དང་བར་སྣང་ལ་སྤྱོད་པའི་ལྷ་དང ། གནོད་ སྦྱིན་དང ། རྒྱལ་པོ་ཆེན་པོ་བཞི་རྣམས་ཇི་ལྟར་དགའ་བར་འགྱུར་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་རྒྱལ་པོ་ཆེན་ པོ་བཞིའི་ལྷ་དེ་དག་དང ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སྒྲོགས་པར་བྱེད་པ་ནི་ལྷ་འདི་ལྟར་འཛམ་བུའི་གླིང་ན་རིགས་ཆེ་གེ་མོ་ཞིག་ལས། གྲོང་ག་གེ་མོ་ཞིག་དང ། གྲོང་རྡལ་ག་གེ་མོ་ཞིག་ཏུ་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ཚུལ་ཁྲིམས་དང ། ཡང་དག་པར་སྡོམ་པ་སྤྱོད་པ། སྤོབས་པ་རིགས་པ་དང་གྲོལ་བ། དྲན་པ་ཉེ་བར་གཞག་པ། ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བ། བདུད་ 68-1-109a ཀྱི་ཕྱོགས་དམས་པར་བྱེད་ཅིང ། དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མ་ཐོ་བར་བྱེད་དེ། དེ་བདག་ཅག་གིས་ལྷ་རྣམས་ལ་གསོལ་བ་ལགས་སོ། །དེ་ཐོས་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཤིན་ཏུ་ཡིད་དགའ་བ་དང ། བརྒྱ་བྱིན་གྱི་མདུན་ན་ འདོན་དེ་དང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀུན་ཏུ་དགའ་བར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་ལེའུར་བཅད་པའོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་གསུམ་པ། དེ་ནས་གཞན་ཡང་ཟག་པ་རིམ་ གྱིས་སྤངས་པའི་དགེ་སློང་དག་དང་པོ་མི་དགེ་བའི་ཆོས་སྤོང་ཞིང ། དགེ་བའི་ཆོས་ཇི་ལྟར་སྒོམ་པར་བྱེད་ཅིག་གུ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། དགེ་ སློང་དེ་ཐོག་མ་ཉིད་དུ་ཡུལ་དང་དབང་པོ་འདི་དག་ཕན་ཚུན་རྒྱུ་རྐྱེན་དུ་གྱུར་པ་དག་གིས་སྐྱེ་བོ་ཀུན་ཐོག་མ་མེད་པའི་དུས་ནས་འཁོར་བར་ཞུགས་ཤིང་ཡོངས་སུ་འཁྱམ་པ་དེ་དག་ཉིད་ཀྱི་སྐྱེ་བའི་རྒྱུར་གྱུར་པ། ཡུལ་གྱི་རྒྱ་མཚོ་ལ་རྣམ་པར་རྟོག་པར་བྱེད་དེ། ནང་དང་ཡུལ་དེ་ དག་གིས་སྐྱེ་བོ་འདི་དག་འཁྱམ་མོ་སྙམ་མོ། །དེ་རེ་ཞིག་ཐོག་མ་ཉིད་དུ་དེ་ལྟར་དབེན་པ་ལ་མངོན་པར་དགའ་བ་གོམས་པར་བྱེད་དེ། དགོན་པ་དང ། ཚལ་གྱི་ནང་དང ། ཀུན་དགའི་ར་བ་དང ། སོག་མའི་ཁྲོད་དང ། ཤིང་དྲུང་དང ། དུར་ཁྲོད་དབེན་པ་རྣམས་ སུ་སེམས་སྤྲེའུ་ལྟ་བུ་གདུལ་བའི་ཕྱིར་གོམས་པར་བྱེད་དེ། དབེན་པ་ལ་མངོན་པར་དགའ་བའི་སེམས་ཤིན་ཏུ་དང་བར་བྱེད་དོ། །དེ་གྲོང་དག་ཏུ་དགོད་དགོད། སྒེག་སྒེག་།རྩེ་རྩེ་བ་དག་ལ་མངོན་པར་མི་དགའ་ཞིང་ཕ་རོལ་གྱི་བུད་མེད་དེ་ལ་ལྟ་བར་མི་བྱེད་ལ། འདུ་ འཛི་ལ་མངོན་པར་དགའ་བར་མི་བྱེད་དོ། །ཚངས་པར་སྤྱོད་པ་ལ་ཚོགས་གཉིས་འདྲ་སྟེ། འདུ་འཛི་དང་སྨད་འཚོང་ངོ ། །དེ་ཚོགས་གཉིས་སྤངས་ནས་དང་པོར་དེའི་ཡིད་རྩེ་གཅིག་ལ་དགའ་ཞིང་རབ་ཏུ་དང་བར་བྱེད་དེ། དེ་ཐོག་མ་ཉིད་དུ་ཇི་ལྟར་ན་སེམས་འདི་བསྡུ་བ་ 68-1-109b དང་གཟུང་བར་ནུས་སྙམ་དུ་ཡང་དག་པར་རྣམ་པར་རྟོག་པར་བྱེད་དོ། །དེ་ཐོག་མ་ཉིད་དུ་འདི་ལྟར་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་དག་གིས་དགེ་བ་དང ། མི་དགེ་བ་དང ། ལུང་དུ་མ་བསྟན་པ་ལ་ཡིད་འཇུག་པར་བྱེད་དོ་སྙམ་མོ། །བཅཝ་བརྒྱད་གང་ཞེ་ན། འདི་ལྟ་ སྟེ། མིག་གིས་གཟུགས་མངོན་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པར་འགྱུར་བ་སོ་སོར་མྱོང་བར་བྱེད་ཅིང ། ཡང་དག་པར་རབ་ཏུ་རྟོག་པར་བྱེད་དོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། འདོད་ ཆགས་དང་བྲལ་བ་ཡིན་ཏེ། དེའི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །དེ་ལྟར་རྣ་བས་སྒྲ་ཐོས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་ དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་ལ་དམིགས་པ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །དེ་བཞིན་དུ་ སྣས་དྲི་བསྣམས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །དེ་བཞིན་དུ་ལྕེས་རོ་མྱོང་ནས། ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་ རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །དེ་བཞིན་དུ་ལུས་ཀྱིས་རེག་བྱ་ལ་རེག་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ 68-1-110a ནོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱིས་ཆོས་ཤེས་ནས། ཡིད་ བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་ སྨིན་པ་ཡིན་ཏེ། དེ་ལྟར་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་ཀྱི་རྣམ་པར་སྨིན་པ་དག་གིས་འཁོར་བ་ན་འཆི་བ་དང་སྐྱེ་བར་འགྱུར་རོ་སྙམ་མོ། །གང་གི་ཚེ་དགེ་སློང་དེ་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་དག་མཐོང་བ་དེའི་ཚེ་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་ ཀུན་ཏུ་དགའ་ནས་ས་བླའི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །བར་སྣང་ལ་སྤྱོད་པ་དང ། ས་བླའི་གནོད་སྦྱིན་ཡིད་རབ་ཏུ་དགའ་བས་རྒྱལ་པོ་ཆེན་པོ་བཞི་ལ་མངོན་པར་བསྙད་དོ། །རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་གང་འཛམ་བུའི་གླིང་དུ་གྲོང་ཆེ་གེ་མོ་ཞིག་དང ། གྲོང་ རྡལ་མང་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་རིགས་ཆེ་གེ་མོ་ཞིག་གི་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་དག་ལ་རབ་ཏུ་རྟོག་པར་བྱེད་ཅིང་མངོན་སུམ་དུ་བྱེད་ ལ་དབེན་པ་ལ་མངོན་པར་དགའ་སྟེ། མཐའ་གཅིག་ལ་སྤྱོད་པ་ཡིན་ནོ་ཞེས་མངོན་པར་བསྙད་དོ། །རྒྱལ་པོ་ཆེན་པོ་བཞི་དག་ལས་རྒྱལ་ཆེན་བཞིའི་ལྷ་དག་གིས་དེ་ཐོས་ནས་བདུད་ཀྱི་ཕྱོགས་ནི་དམས་པར་འགྱུར་ལ། དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོ་བར་ འགྱུར་རོ་སྙམ་ནས། ཀུན་ཏུ་དགའ་བར་འགྱུར་རོ། །རྒྱལ་ཆེན་བཞིའི་ལྷ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ། ལྷ་གང་འཛམ་བུའི་གླིང་ན་རིགས་ཆེ་གེ་མོ་ཞིག་ལས་ཞེས་བྱ་བ་ནས། རིགས་ཀྱི་བུ་ཆེ་གེ་མོ་ཞིག་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་ 68-1-110b བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་དབེན་པ་ནས་དུར་ཁྲོད་ཀྱི་བར་ལ་དགའ་བ་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་ལ་རབ་ཏུ་རྟོག་པར་བྱེད་ཅིང་མངོན་སུམ་དུ་བྱས་ནས་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་མངོན་པར་བསྙད་དོ། །རྒྱལ་ཆེན་བཞིའི་ ལྷ་དེ་དག་ལས་ལྷའི་དབང་པོ་ཀོའུ་ཤི་ཀས་དེ་ཐོས་ནས་ཡིད་མཆོག་ཏུ་དགའ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་དེ་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་རབ་ཏུ་མཐོང་བ། འདོད་པ་ལས་གཞན་པའི་ས་ཇི་ལྟ་བུ་ཡིད་ལ་བྱེད་ཅིག་གུ་སྙམ་ནས། རྣལ་ འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། འཕགས་པའི་བྱིན་གྱི་རླབས་བཞི་མཐོང་སྟེ།འདི་ལྟ་སྟེ། ཤེས་རབ་ཀྱི་བྱིན་གྱི་རླབས་དང ། བདེན་པའི་བྱིན་གྱི་རླབས་དང ། གཏོང་བའི་བྱིན་གྱི་རླབས་དང ། ཉེ་བར་ཞི་བའི་བྱིན་གྱི་རླབས་སོ། །དགེ་སློང་གིས་ཤེས་རབ་ཀྱི་བྱིན་གྱི་རླབས་ཇི་ལྟར་མཐོང་ཞེ་ན། འདི་ལ་དགེ་སློང་ནི་དགེ་སློང་བདག་ཉིད་ཀྱི་ལུས་ཇི་ལྟར་གནས་པ་དེ་ཆོས་ཉིད་ཀྱིས་མཐོང་སྟེ། ལུས་འདི་ལ་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ནམ་མཁའི་ཁམས་དང ། རྣམ་པར་ཤེས་པའི་ཁམས་དེ་དག་རབ་ཏུ་ཤེས་ཤིང་རྣམ་པར་འབྱེད་ལ་སོ་སོར་རྟོག་གོ། །དེ་ལ་སའི་ཁམས་གང་ཞེ་ན། སའི་ཁམས་རྣམ་པ་གཉིས་ཏེ། ནང་ན་ཡོད་ པ་དང ། ཕྱི་རོལ་ན་ཡོད་པའོ། །དེ་ལ་ནང་ན་ཡོད་པ་གང་ཞེ་ན། ལུས་འདི་ལ་གང་ཆུང་ཟད་ནང་དང་སོ་སོའི་ནང་དུ་བཟུང་བ་དང་ཟིན་པའོ། །དེ་ལ་བཟུང་བ་ནི་པགས་པ་དང ། ཤ་ལ་སོགས་པས་བསྡུས་པའོ། །ཟིན་པ་ནི་སྐྲ་དང ། སྤུ་དང ། སེན་མོ་དང ། སོས་ བསྡུས་པའོ། །སྲ་བ་དང་མཁྲང་བའི་རྣམ་པ་ནི་བཟུང་བ་དང་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང ། སྤུ་དང ། སེན་མོ་དང ། སོ་དང ། རྔུལ་དང ། རང་གི་ཤ་དང ། རུས་པ་དང ། རྩ་དང ། རྒྱུས་པ་དང ། སྙིང་དང ། མཆིན་པ་ 68-1-111a དང ། གློ་བ་དང ། མཁལ་མ་དང ། མཆེར་པ་དང ། མཆིལ་མ་དང ། ཕོ་བ་དང ། ལོང་ཀ་དང ། རྒྱུ་མ་དང ། གཉེ་མ་དང ། ལྟོ་དང ། ལྟོ་བ་དང ། གླད་པ་དང ། གླད་རྒྱས་རྣམས་སོ། །གང་གཞན་ཡང་ལུས་འདི་ལ་ནང་ དང ། སོ་སོའི་ནང་དུ་སྲ་བ་དང ། མཁྲང་བའི་རྣམ་པ་བཟུང་བ་དང ། ཟིན་པ་འདི་ནི་ནང་གི་སའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། ཕྱི་རོལ་ལ་གང་ཆུང་ཟད་སྲ་བ་དང་མཁྲང་བའི་རྣམ་པ་མ་བཟུང་བ། མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ ཞེས་བྱའོ། །དེ་ལ་གང་སའི་ཁམས་དེ་གཅིག་ཏུ་བསྡུས་པའི་ཁམས་འདི་ནི་ཁམས་ཙམ་སྟེ། ཚོར་བས་གནས་སུ་མ་བྱས་ཤིང ། འདོད་རྒྱལ་གྱིས་མ་བྱས་པའི་སའི་ཁམས་རྟག་པར་མ་ཡིན། བདེ་བར་མ་ཡིན། གཙང་བར་མ་ཡིན་པར་མཐོང་ཞིང ། དེ་བདག་ཏུ་ མི་ལྟ་བའི་ཤེས་རབ་ཀྱི་བྱིན་གྱིས་བརླབས་ལ་ལྷག་པར་མོས་པའི་དགེ་སློང་དེ་ནི་འདི་དག་ཐམས་ཅད་བདག་གི་མ་ཡིན་དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན་ནོ་སྙམ་མོ། །འདི་དག་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས། སའི་ཁམས་ལ་སེམས་འདི་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དེ་ལྟར་དགེ་སློང་ཤེས་རབ་ཀྱི་བྱིན་གྱིས་བརླབས་ལ་ལྷག་པར་མོས་པར་འགྱུར་རོ། །དེ་ལ་ཆུའི་ཁམས་གང་ཞེ་ན། ཆུའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་ན་ཡོད་པ་དང ། ཕྱི་རོལ་ན་ཡོད་པའོ། ། དེ་ལ་ནང་ན་ཡོད་པ་ནི་ལུས་འདི་ལ་གང་ཆུང་ཟད་ཆུ་དང་ཆུའི་རྣམ་པ་འབྱུང་བའི་མཚན་ཉིད་ཡིན་ཏེ། ཆུའི་ཁམས་ནི་ལུས་ལ་གཤེར་བའི་བདག་ཉིད་དུ་ཡོད་པ་རྔུལ་དང ། མཆིལ་མ་དང ། སྣབས་དང ། གླད་པའི་པྲི་དང ། ཁྲག་དང ། ཞག་དང ། ཆུ་སེར་དང ། ཚིལ་ དང ། རྐང་དང ། མཁྲིས་པ་དང ། གཅིན་དང ། གླད་རྒྱས་རྣམས་སོ། །གང་གཞན་ཡང་ལུས་འདི་ལ་ནང་སོ་སོའི་ནང་དུ་ཆུ་དང་ཆུའི་རྣམ་པ་བཟུང་བ་དང་ཟིན་པ་གང་ཆུང་ཟད་ཡོད་པ་འདི་ནི་ནང་གི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་གང་ཞེ་ན། གང་ཆུང་ཟད་ 68-1-111b ཕྱི་རོལ་གྱི་ཆུ་དང་ཆུའི་རྣམ་པར་གཤེར་བ་དང ། གཤེར་བའི་རྣམ་པ་སྟེ། མ་བཟུང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དེ་ལ་གང་ནང་གི་ཆུའི་ཁམས་དང ། གང་ཕྱི་རོལ་གྱི་ཆུའི་ཁམས་དེ་དག་གཅིག་ཏུ་བསྡུས་པའི་ཁམས་འདི་ནི་ཁམས་ཙམ་སྟེ། འདི་དག་ཐམས་ཅད་བདག་གི་མ་ཡིན། དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན་པ་ཆུའི་ཁམས་ཡང་དག་པར་མཐོང་ནས་ཆུའི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། དེ་ལྟར་དགེ་སློང་ཤེས་རབ་ཀྱི་བྱིན་གྱིས་བརླབས་ལ་འཇུག་པ་ ཡིན་ནོ། །དེ་ལ་མེའི་ཁམས་གང་ཞེ་ན། མེའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་ན་ཡོད་པ་དང ། ཕྱི་རོལ་ན་ཡོད་པའོ། །དེ་ལ་ནང་གི་མེའི་ཁམས་ནི་ལུས་འདི་ལ་གང་ཆུང་ཟད་ནང་དང ། སོ་སོའི་ནང་གི་མེ་དང ། མེའི་རྣམ་པ་བཟུང་བ་དང་ཟིན་པའོ། ། དེ་དག་གང་ཞེ་ན། འདི་ལྟ་སྟེ། གང་གིས་གདུང་བར་བྱེད་པ་དང ། གང་གིས་ཡོངས་སུ་སྲེག་པར་བྱེད་པ་དང ། གང་གིས་འབར་བར་བྱེད་པ་དང ། གང་གིས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ལེགས་པར་བདེ་བར་ འཇུ་བར་འགྱུར་བ་དང ། གང་གཞན་ཡང་ལུས་འདི་ལ་ནང་གི་དང ། སོ་སོའི་ནང་གི་མེ་དང་མེའི་རྣམ་པ་བཟུང་བ་དང་ཟིན་པ་འདི་ནི་ནང་གི་མེའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། ཕྱི་རོལ་གྱི་གང་ཆུང་ཟད་མེ་དང ། མེའི་རྣམ་པ་ དང ། དྲོ་བ་དང་དྲོ་བའི་རྣམ་པ་སྟེ། མ་བཟུང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་གང་ནང་གི་མེའི་ཁམས་དང ། གང་ཕྱི་རོལ་གྱི་མེའི་ཁམས་དེ་དག་གཅིག་ཏུ་བསྡུས་པའི་ཁམས་འདི་ནི་ཁམས་ཙམ་སྟེ། དེ་དག་ཐམས་ཅད་བདག་གི་མ་ ཡིན། དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན། འདི་ལྟར་དེ་དག་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་མེའི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་བྱེད་པ་པོས་གནས་སུ་མ་བྱས་ཀྱང་མེའི་ཁམས་ 68-1-112a རབ་ཏུ་འཇུག་གོ། །དེ་ལ་རླུང་གི་ཁམས་གང་ཞེ་ན། རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་ན་ཡོད་པ་དང ། ཕྱི་རོལ་ན་ཡོད་པའོ། །དེ་ལ་ནང་གི་གང་ཞེ་ན། ལུས་འདི་ལ་གང་ཆུང་ཟད་ནང་དང ། སོ་སོའི་ནང་གི་རླུང་དང ། རླུང་ གི་རྣམ་པ་ཡང་བ་དང ། ཡང་ཞིང་གཡོ་བ་བཟུང་བ་དང ། ཟིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། སྟེང་དུ་འགྲོ་བའི་རླུང་དང ། འོག་ཏུ་འགྲོ་བའི་རླུང་དང ། ངོས་སུ་འགྲོ་བའི་རླུང་དང ། ལྟོར་འགྲོ་བའི་རླུང་དང ། དེ་བཞིན་དུ་རལ་གྲི་དང ། ཁབ་དང ། མཚོན་ཆ་ ལྟ་བུའི་རླུང་དང ། རླུང་སྐྲན་དང ། སྲིན་བུ་དང ། ལྷན་ཅིག་རྒྱུ་བའི་རླུང་བརྒྱད་ཅུ་དག་ཡོད་དོ། །རླུང་བརྒྱད་ཅུ་དག་ཡན་ལག་དང་ཉིང་ལག་དག་གི་རྗེས་སུ་འཇུག་གོ། །གང་ལུས་འདི་ལ་གཞན་ཡང་ནང་དང་སོ་སོའི་ནང་གི་རླུང་དང ། རླུང་གི་རྣམ་པ་ཡང་ཞིང་ གཡོ་བ་བཟུང་བ་དང་ཟིན་པ་འདི་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། ཕྱི་རོལ་གྱི་གང་ཆུང་ཟད་རླུང་དང ། རླུང་གི་རྣམ་པ་ཡང་ཞིང་གཡོ་བ་མ་བཟུང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱའོ། །དེ་ལ་ནང་གི་རླུང་གི་ ཁམས་དང་གང་ཕྱི་རོལ་གྱི་དེ་དག་ཐམས་ཅད་མངོན་པར་བསྡུས་པའི་ཁམས་འདི་ནི་ཁམས་ཙམ་སྟེ། དེ་དག་བདག་གི་མ་ཡིན། དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན་ལ་བྱེད་པ་པོས་གནས་སུ་མ་བྱས་ཤིང་ཚོར་བ་པོས་གནས་སུ་མ་བྱས་ཏེ། དེ་ལྟར་འདི་དག་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་རླུང་གི་ཁམས་དེ་ལ་སེམས་འདོད་ཆགས་དང་བྲལ་བར་བྱེད་དེ། འདི་ནི་ཤེས་རབ་ཀྱི་བྱིན་གྱི་རླབས་མངོན་སུམ་དུ་བྱེད་པའི་དགེ་སློང་ཡིན་ནོ། །དེ་ལ་ནམ་མཁའི་ཁམས་ གང་ཞེ་ན། ནམ་མཁའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་ན་ཡོད་པ་དང ། ཕྱི་རོལ་ན་ཡོད་པའོ། །དེ་ལ་ནང་གི་ལུས་འདི་ལ་གང་ཆུང་ཟད་ནང་དང ། སོ་སོའི་ནང་གི་ནམ་མཁའ་དང ། ནམ་མཁའི་རྣམ་པ་བཟུང་བ་དང་ཟིན་པ་མི་གསལ་ཞིང་གཟུགས་ཀྱི་རྣམ་ 68-1-112b པས་ཁྱབ་པར་བྱ་བ་དང ། ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ནང་དུ་འཇུག་པར་སྐབས་འབྱེད་པ་དང ། མིད་པའི་སྦུབས་དང ། མིག་ཕུགས་དང ། སྣའི་བུ་ག་དང ། ལྕེའི་བུ་ག་དང ། ཟས་ནང་དུ་འགྲོ་བ་ལྕེས་སྐབས་ འབྱེད་པར་བྱེད་པ་འདི་ནི་ནང་གི་ནམ་མཁའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་ནམ་མཁའི་ཁམས་གང་ཞེ་ན། གང་ཆུང་ཟད་མ་བཟུང་བ་མ་ཟིན་པ་མི་གསལ་ཞིང་ཁྱབ་པར་བྱེད་པ་མ་ཡིན་པ་སྟེ། འདི་ལྟ་སྟེ། ཤིང་ལོའི་བར་གྱི་གསེབ་དང ། རི་ཕུག་གི་བུ་ ག་དང ། རི་ཕུག་གི་བུ་གའི་གསེབ་དང ། ཆུ་བོའི་གསེབ་དང ། གང་ཕྱི་རོལ་གྱི་བུ་ག་ཡོད་པ་འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཞེས་བྱའོ། །དེ་ལ་གང་ནང་གི་གཟུགས་ཀྱི་རྣམ་པའི་ནམ་མཁའི་ཁམས་དང ། གང་ཕྱི་རོལ་གྱི་དེ་དག་གཅིག་ཏུ་བསྡུས་པའི་ ཁམས་འདི་ནི་ཁམས་ཙམ་སྟེ། དེ་དག་ཐམས་ཅད་བདག་གི་མ་ཡིན། དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན་ཏེ། འདི་ལྟར་དེ་དག་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་ནམ་མཁའི་ཁམས་ལ་སེམས་འདོད་ ཆགས་དང་བྲལ་ཞིང་དེ་དག་མཐོང་ནས་འཇུག་པར་མི་འགྱུར་རོ། །དེ་དག་ཐམས་ཅད་བདག་གི་མ་ཡིན།དེ་དག་བདག་མ་ཡིན། དེ་དག་བདག་དང་བདག་གི་མ་ཡིན་ཏེ། བྱེད་པ་པོས་གནས་སུ་མ་བྱས་ཤིང ། ཚོར་བ་པོས་གནས་སུ་མ་བྱས་པའི་ནམ་ མཁའི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ལ་ཡིད་ཀྱི་ཁམས་གང་ཞེ་ན། སྐྱེ་མཆེད་བཅུ་གཉིས་དང ། ཡང་དག་པར་ལྡན་པ་ནི་ཡིད་ཀྱི་ཁམས་ཏེ། མིག་གི་རྣམ་པར་ཤེས་པས་དོན་མཐོང་བ་ཡིད་ཀྱི་རྣམ་པར་ཤེས་པས་རྗེས་སུ་མྱོང་ སྟེ། དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་འབྱུང་བའི་རྩ་བ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། ཡིད་ནི་སྔོན་དུ་འགྲོ་བའི་ཆོས། །ཡིད་མགྱོགས་ཡིད་ནི་ 68-1-113a འགྲོ་བ་ཡིན། །ཡིད་ནི་ཤིན་ཏུ་གསལ་བ་ཡིས། །སྨྲ་བ་དང་ནི་འབྱེད་པར་འགྱུར། །སྡིག་པའི་མཚན་ཉིད་བསལ་བ་ཡིས། །འཆི་དང་སྐྱེ་བ་རྣམ་ཤེས་ཤིང ། །ལས་འབྲས་དེ་ཉིད་ཤེས་པ་ནི། །འཆི་བ་མེད་པའི་གནས་འཐོབ་བོ། ། གང་དག་དབང་པོ་ཀུན་འཛིན་པ། །འབྱུང་པོ་ཀུན་ལ་ཕན་པར་དགའ། །དབང་པོ་བདེ་ཞིང་ཞི་ལ་དུལ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཇི་ལྟར་དབང་པོ་དྲུག་ལ་གནས། །འདོད་ཆགས་དགྲ་ནི་ཟློག་པར་བྱེད། །དཔའ་བོ་ཤེས་རབ་བྱེད་ལྡན་གང ། ། དེ་ནི་ཞི་བའི་གནས་འཐོབ་བོ། །དགོན་པར་གནས་ལ་དགའ་བྱེད་ཅིང ། །མཉམ་གཞག་ས་ལ་གནས་པ་ནི། །མཁའ་སྤྲིན་རླུང་གིས་གཏོར་བ་ལྟར། །སྡིག་པའི་ཆོས་རྣམས་འཇིག་པར་བྱེད། །ལུས་ངག་ལས་ཀྱི་མཐའ་དགེ་ཞིང ། །སྤྱོད་པ་ དགེ་ལ་ཡང་དག་དགའ། །དེ་ཉིད་ལྟ་ཞིང་བྱ་བ་མཁས། །བདུད་ཀྱིས་བསྒྲུབས་པ་འཇིག་པར་བྱེད། །འདོད་ཆགས་ལ་སོགས་མི་གནོད་ཅིང ། །དགེ་བའི་སེམས་ལ་བརྐམ་ཆགས་མེད། །བྱམས་དང་སྙིང་རྗེ་མང་བ་ནི། །དགེ་སློང་ངེས་པར་འབྱུང་ ལ་གནས། །གང་དག་ཡུལ་གྱི་འཆིང་བའི་རྒྱུ། །གཟུགས་ལ་སོགས་པ་མི་འདོད་པ། །དེ་ནི་ཞི་བ་མཆོག་འགྲོ་ཞིང ། །གང་དུ་སོང་བར་ཉོན་མི་མོངས། །དེ་ནས་གཞན་ཡང་ཅི་དགེ་སློང་འདི་དང་ཡིད་ཀྱི་དཔྱོད་པ་བཅཝ་བརྒྱད་ཀྱི་དང་པོའི་ས་ལས་ས་ གཞན་གཉིས་པ་ལ་འདུག་པ་ནི། ཁམས་དྲུག་གི་དེ་ཉིད་ཤེས་པའི་ས་ལ་ཅི་ད་ལྟར་ཆོས་རྗེས་སུ་དྲན་པའི་ས་ལ་འཇུག་གམ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་ གིས་བརྟགས་ན། ས་གཞན་གསུམ་པ་ལ་འཇུག་གོ། །དགེ་སློང་དེ་ཉིད་མཐོང་བ་དེའི་ས་གཞན་གང་ཞེ་ན། སེམས་ཕན་ཚུན་དུ་འགྱུར་བ་ནི་ས་གཞན་ཡིན་ཏེ། དེ་བདེ་བ་སྐྱེས་པ་རྣམ་པར་ཤེས་ཤིང་སྡུག་བསྔལ་སྐྱེས་པ་རྣམ་པར་ཤེས། ཡིད་བདེ་བ་ 68-1-113b རྣམ་པར་ཤེས་ཤིང་ཡིད་མི་བདེ་བ་རྣམ་པར་ཤེས། བཏང་སྙོམས་རྣམ་པར་ཤེས་ཤིང་བདེ་བ་ཆུང་ཟད་རྣམ་པར་ཤེས་ཏེ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་སྐྱེའོ། །དེ་བདེ་བའི་ཚོར་བ་འདི་མྱོང་བ་ན་བདེ་བའི་ཚོར་བ་མྱོང་ངོ་ཞེས་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནས་དེ་བདེ་བ་མྱོང་བའི་རེག་པ་གང་འགགས་ན། དེ་བདེ་བ་མྱོང་བའི་རེག་པ་ལ་བརྟེན་ནས་ཚོར་བ་སྐྱེས་པ་མྱོང་བ་ན། བདག་གི་བདེ་བའི་ཚོར་བ་ནུབ་བོ་ཞེས་ཚོར་བ་ནུབ་པ་སོ་སོར་མངོན་པར་ཤེས་སོ། །བདག་གི་བདེ་ བའི་ཚོར་བ་ཉེ་བར་ཞི་ཞིང་སྡུག་བསྔལ་གྱི་ཚོར་བ་སྐྱེ་སྟེ། བརྟེན་ནས་འབྱུང་བའི་སྡུག་བསྔལ་གྱི་ཚོར་བ་སོ་སོར་མངོན་པར་ཤེས་སོ། །བདག་གི་བདེ་བའི་ཚོར་བ་སྐྱེས་ཏེ། དེ་དག་སོ་སོར་མངོན་པར་ཤེས་སོ། །ཇི་ལྟར་བདེ་བ་མྱོང་བར་འགྱུར་བའི་རེག་པ་བཤད་ པ་དེ་ལྟར་སྡུག་བསྔལ་མྱོང་བར་འགྱུར་བ་ཡང་རྒྱ་ཆེར་ཡང་དག་པར་བརྗོད་པར་བྱའོ། །ཡིད་བདེ་བ་རྣམ་པར་ཤེས་པ་ཇི་ལྟ་བུ་ཡིན་ཞེ་ན། ཡིད་བདེ་བའི་གཞིར་འགྱུར་བའི་རེག་པ་ལ་བརྟེན་ནས་ཡིད་བདེ་བ་སྐྱེས་པའོ། །ཡིད་མི་བདེ་བ་སོ་སོར་མངོན་པར་ཤེས་པ་ ཇི་ལྟ་བུ་ཡིན་ཞེ་ན། ཡིད་མི་བདེ་བའི་གཞིར་འགྱུར་བའི་རེག་པ་ལ་བརྟེན་ནས་ཡིད་མི་བདེ་བ་སྐྱེས་པའོ། །དེ་ནས་འདི་ལྟར་དེའི་ཡིད་བདེ་བའི་གཞིར་འགྱུར་བའི་ཚོར་བ་ཇི་ལྟ་བ་བཞིན་རྗེས་སུ་རྟོག་སྟེ། ཡིད་བདེ་བའི་གཞིར་འགྱུར་བ་འགོག་པ་མཐོང་ནས་ཡིད་བདེ་བ་ ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །གང་བདག་གི་ཡིད་བདེ་བའི་ཚོར་བ་སྔོན་སྐྱེས་པ་དེ་ཟད་ཅིང་ཞི་ལ་རྣམ་པར་བྲལ་བ་དེ་ལས་དེའི་འདོད་ཆགས་དང་བྲལ་བ་སྐྱེ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་མྱོང་བར་བྱེད་དོ། །དེ་བཞིན་དུ་ཡིད་མི་བདེ་བ་ལ་ ཡང་བརྗོད་པར་བྱ་ཞིང་བཏང་སྙོམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེའི་ས་གཞན་གསུམ་པ་འདི་ལ་འཇུག་པ་ལ་ས་བླའི་གནོད་སྦྱིན་ཤིན་ཏུ་དགའ་ནས། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་ 68-1-114a བཞི་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཀཽ་ཤི་ཀ་ལ། གང་འཛམ་བུའི་གླིང་ན་རིགས་ཀྱི་བུ་དེ་སྐྲ་དང་ཁ་སྤུ་བྲེགས་ཏེ། དད་པས་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ། ཡུལ་ཆེ་གེ་མོ་ཞིག་དང ། གྲོང་ཁྱེར་མང་གེ་མོ་ཞིག་ཏུ་རིགས་ཆེ་གེ་མོ་ཞིག་ལས་རིགས་ཀྱི་བུ་མིང་ཆེ་གེ་མོ་ཞིག་ཅེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང ། དེ་ས་གཞན་ གསུམ་པ་ལ་ཞུགས་ཏེ། བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་པས་བདུད་ཀྱི་ཕྱོགས་ནི་དམས་པར་བྱེད་ལ། དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོ་བར་བྱེད་དོ་ཞེས་མངོན་པར་བསྙད་དོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཀཽ་ཤི་ཀས། དེ་ཐོས་ནས་ མཆོག་ཏུ་དགའ་ཞིང ། གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ཏེ། རྫུ་འཕྲུལ་ཆེ་བའི་ལྷའི་ཚོགས་ལ་སོགས་པས་བསྐོར་ནས། འཐབ་བྲལ་གྱི་ལྷ་རྣམས་ལ་འཛམ་བུའི་གླིང་ན་རིགས་ཀྱི་བུ་ཞེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། ས་གཞན་གསུམ་པ་ལ་ཞུགས་པའི་བར་དང ། བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་པ། བདུད་ཀྱི་ཕྱོགས་དམའ་བར་བྱེད་ཅིང ། དམ་པའི་ཆོས་ཀྱི་ཕྱོགས་མངོན་པར་མཐོ་བར་བྱེད་དོ་ཞེས་བསྙད་དོ། །ལྷའི་དབང་པོ་བརྒྱ་བྱིན་ལས་དེ་ཐོས་ནས། འཐབ་བྲལ་གྱི་ལྷ་རྣམས་ཤིན་ཏུ་ཡིད་དགའ་བར་འགྱུར་རོ། ། དེ་ནས་གཞན་ཡང་དགེ་སློང་དེ་ས་གཞན་གསུམ་པ་ལས་ས་གཞན་བཞི་པ་ལ་ཇི་ལྟར་འཇུག་ཅིག་གུ་སྙམ་ནས།རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། དེས་གཞན་ བཞི་པ་ལ་འཇུག་པ་ནི་རེག་པའི་རྐྱེན་གྱིས་བདེ་བ་མྱོང་བར་འགྱུར་བ་བདེ་བའི་རྒྱུ་དང ། བདེ་བའི་གཞི་དང ། བདེ་བའི་རྐྱེན་གྱིས་བདག་གི་ཚོར་བ་སྐྱེས་སོ། །དེ་འགགས་ཤིང་རྣམ་པར་ཞི་ལ་ནང་དུ་ནུབ་པ་དེ་མ་ཐག་ཏུ་སྡུག་བསྔལ་གྱི་རེག་པ་དང ། སྡུག་བསྔལ་གྱི་ 68-1-114b གཞི་དང ། སྡུག་བསྔལ་ཀུན་འབྱུང་བ་དང ། སྡུག་བསྔལ་ཉིད་ཀྱིས་བདག་གི་སྡུག་བསྔལ་གྱི་ཚོར་བ་སྐྱེས་སོ། །དེ་བཞིན་དུ་བཏང་སྙོམས་ཀྱི་རྐྱེན་དང ། རེག་པའི་རྐྱེན་གྱིས་ཚོར་བ་སོ་སོར་མངོན་པར་ཤེས་སོ། །སྐད་ཅིག་སྐད་ཅིག་ལ་བདག་གི་རེག་པའི་ཚོར་ བའི་གྲོགས་དང་རེག་པ་འབྱུང་བ་སྐྱེ་སྟེ། དེ་བདེ་བའི་ཚོར་བ་ལ་མི་དགའ་ཞིང་ཆགས་པར་མི་བྱེད་ལ་ཚོར་བ་དེ་ལ་མངོན་པར་མི་དགའ་ཞིང་མང་དུ་མི་བྱེད་དེ་རོ་མྱོང་བར་མི་བྱེད་དོ། །དེ་བཞིན་དུ་སྡུག་བསྔལ་གྱི་ཚོར་བས་ཀྱང་གནོད་པར་མི་བྱེད་ཅིང་རྣམ་པར་འཚེ་བར་མི་ བྱེད་ལ་རྙོག་པ་ཅན་དུ་མི་བྱེད་དོ། །དེ་བཏང་སྙོམས་ལ་གནས་ཏེ། དྲན་པ་དང་ཤེས་བཞིན་དང་ལྡན་པ་ཡིན་ན་ནི། ཚོར་བ་གསུམ་པོ་འདི་དག་གིས་གལ་ཏེ་ན་གཏན་དུ་སེམས་འདོད་ཆགས་དང་བྲལ་བར་འགྱུར། ཡང་ན་བཏང་སྙོམས་ཁྱད་པར་ཅན་གཞན་དུ་འགྱུར་ ཏེ། ཡོངས་སུ་དག་པ་དང་རྣམ་པར་བྱང་བར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་བདག་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བཏང་སྙོམས་འདི་ལྟར་ཡོངས་སུ་དག་པ། འདི་ལྟར་རྣམ་པར་བྱང་བ་འདི་རྫོགས་པར་བྱ་ཞིང་བདག་གི་སེམས་དང་ འཐུན་པར་བྱ་སྟེ། བདག་གི་བཏང་སྙོམས་ཀྱི་མཐར་གཏུགས་པ་དང་འབྲེལ་བ་མངོན་སུམ་དུ་བྱས་ལ། དེ་ལ་མཆོག་ཏུ་ལྷག་པར་གནས་པར་བྱ། བདག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བཏང་སྙོམས་ཀྱིས་བསྡུས་པ་དེ་རྫོགས་པར་བྱས་ཏེ་གནས་སོ། །བདག་ གིས་འདི་ལྟར་ཡོངས་སུ་དག་ཅིང་འདི་ལྟར་རྣམ་པར་བྱང་བ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང ། ཅི་ཡང་མེད་པའི་སྐྱེ་མཆེད་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བཏང་སྙོམས་འདི་རྫོགས་པར་བྱས་ཏེ། གནས་པར་བྱའོ་སྙམ་མོ། །དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དེ་དང་བདག་གི་སེམས་འཐུན་པར་བྱེད་ལ་བཏང་སྙོམས་དེ་ལ་གནས་ཤིང་འདུག་སྟེ། དེ་ལ་ལྷག་པར་ཆགས་པ་དང ། དེ་ཉེ་བར་ལེན་པ་བདག་གི་འདུ་ཤེས་མེད་ 68-1-115a འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བཏང་སྙོམས་རྫོགས་པར་བྱས་ཏེ་གནས་པར་བྱའོ་སྙམ་མོ། །འདི་ལྟ་སྟེ་དཔེར་ན། གསེར་མགར་རམ། གསེར་མགར་གྱི་སློབ་མ་མཁས་པ་དེ་སོལ་མལ་དུ་གསེར་འཇུག་པར་བྱེད་དོ། །བཅུག་ནས་ཕྲ་སྐམ་ གྱིས་བཟུང་ཞིང་ཡམ་ཤིང་གིས་འབུད་ཀུན་ཏུ་འབུད་དོ། །ལས་ལེགས་པར་བྱས་པའི་གསེར་དེ་དགེ་ཞིང་བཀྲ་ཤིས་ལ་ཁ་དོག་བཟང་བ། ལས་བྱེད་པ་ཐམས་ཅད་བསྟོད་པ། ཁ་དོག་བཟང་བར་བསྔགས་པ། ཡུལ་ཐམས་ཅད་དུ་རྗེས་སུ་འཐུན་པར་འཇུག་པ་དེ་ དྲི་མ་དང་བྲལ་ཞིང་སྐྱོན་ལྷག་མ་ཡང་མེད་ལ་དུལ་ཞིང་བཀྲ་ཤིས་ཏེ། རིན་པོ་ཆེའི་འོད་ཀྱང་ཟིལ་དུ་རླག་པར་བྱེད་དོ། །དེ་གསེར་མགར་རམ། གསེར་མགར་གྱི་སློབ་མ་མཁས་པ་གཞན་ཞིག་གིས་གསེར་ལེགས་པར་སྦྱང་བ་བྱས་པར་རིག་ནས་ཅི་འདོད་པར་བྱེད་དེ། ་གལ་ཏེ་བགོ་བར་བྱ་བ་དག་ལ་དྲིལ་བུའི་རྒྱན་བྱེད། གལ་ཏེ་ཤིན་ཏུ་བལྟ་ན་སྡུག་པ་དག་བྱེད། གལ་ཏེ་དཔུང་རྒྱན་དུ་བྱེད། གལ་ཏེ་སྙིང་གར་མཛེས་པའི་རྒྱན་བྱེད། གལ་ཏེ་གླེགས་བམ་ལ་མཛེས་པར་བྱེད། གལ་ཏེ་མགོ་རྒྱན་དུ་བྱེད། གལ་ཏེ་སོར་ གདུབ་ཏུ་བྱེད། གལ་ཏེ་གསེར་གྱི་ཕྲེང་བར་བྱེད། གལ་ཏེ་རྒྱན་ཅོད་པན་དུ་བྱེད་དེ། གང་དང་གང་དུ་ཁྱེར་བ་དེ་དང་དེར་ལས་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ཤིན་ཏུ་ཚུལ་ཁྲིམས་དང་ལྡན་པ་ཤེས་རབ་ཅན་ནི་བདག་གིས་འདི་ལྟར་ཡོངས་སུ་དག་ ཅིང་འདི་ལྟར་རྣམ་པར་བྱང་བ་གལ་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བཏང་སྙོམས་དེ་རྫོགས་པར་བྱས་ལ་བདག་དེ་དང་འཐུན་པར་དེ་ལ་གནས་ཏེ། དེ་དང་འབྲེལ་བ་དང ། དེ་ལ་ལྷག་པར་གནས་པ་དང ། དེ་ཉེ་བར་ལེན་ཅིང་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ཀྱི་བཏང་སྙོམས་རྫོགས་པར་བྱས་ཏེ་གནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང ། ཅི་ཡང་མེད་པའི་སྐྱེ་མཆེད་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །དེ་འདི་སྙམ་དུ་སེམས་ཏེ། གང་བདག་གི་བཏང་སྙོམས་ 68-1-115b འདི་ནི་མི་རྟག་པ་མི་བརྟན་པ་ཐེར་ཟུག་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པར་དེ་གཟུགས་མེད་པའི་སྐྱེ་མཆེད་བཞི་པོ་དེ་ཉིད་ལ་དམིགས་ནས། བདག་གི་བཏང་སྙོམས་མི་རྟག་ཅིང་མི་རྟག་པར་དམིགས། མི་བརྟན་ཞིང་མི་བརྟན་པར་དམིགས་ཏེ། འདུས་བྱས་སུ་རིག་པར་བྱའོ་སྙམ་མོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་མི་རྟག་ཅིང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དམིགས་སུ་མེད་པ་དང ། ཅི་ཡང་མེད་པའི་སྐྱེ་མཆེད་དམིགས་སུ་མེད་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བཏང་སྙོམས་ འདི་ནི་གཡོ་བ་དང་བྲལ་བ་ཡིན། འདི་ནི་ཞི་བ་ཡིན། འདི་ནི་ཉེ་བར་ཕན་པ་ཡིན་ནོ་སྙམ་མོ། །དེ་ལུས་ཀུན་ཏུ་ཚོར་བ་སྐྱེ་ཞིང་མྱོང་བ་ན་སོ་སོར་མངོན་པར་ཤེས་ཤིང་སྐྱེས་པ་རྣམས་ཀྱང་སོ་སོར་མངོན་པར་ཤེས་སོ། །འགགས་པ་སོ་སོར་མངོན་པར་ཤེས་ཤིང་འགག་ པ་ཡང་སོ་སོར་མངོན་པར་ཤེས་སོ། །མིག་གི་རེག་པ་ལས་བྱུང་བ་སོ་སོར་མངོན་པར་ཤེས་ཏེ། དེ་བཞིན་དུ་རྣ་བའི་རེག་པ་ལས་བྱུང་བ་སོ་སོར་མངོན་པར་ཤེས། སྣའི་རེག་པ་ལས་བྱུང་བ་སོ་སོར་མངོན་པར་ཤེས། དེ་བཞིན་དུ་ལྕེ་དང ། ལུས་དང ། ཡིད་ཀྱི་རེག་པ་ ལས་བྱུང་བའི་ཚོར་བ་སོ་སོར་མངོན་པར་ཤེས་སོ། །དགེ་སློང་ཚོར་བ་མངོན་སུམ་དུ་བྱས་པ་དེ་ཚོར་བ་དེ་དག་ཉིད་ཤིན་ཏུ་རྒྱས་པར་རྟོག་སྟེ། དེ་མིག་གི་རེག་པ་ལས་བྱུང་བའི་ཚོར་བ་སྐྱེ་བ་ན་སྐྱེས་པ་ལ་གནས་ཤིང་མྱོང་བར་བྱེད་ལ་འགགས་ཤིང་འགག་པ་ན་བདག་གི་ཚོར་བ་ འགགས་སོ་ཞེས་སོ་སོར་མངོན་པར་ཤེས་སོ། །གཞན་ཡང་རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་སོ་སོར་མངོན་པར་ཤེས་ཏེ། གང་བདག་གི་མིག་གི་རེག་པ་ལས་བྱུང་བའི་ཚོར་བ་དེ་འགགས་ཤིང་།ནུབ་ལ་མེད་པར་འགྱུར་ཏེ་ཡང་མི་འབྱུང་ངོ ། །དེ་དག་འགགས་ ནས་གཞན་ཡང་རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་སྐྱེས་པ་བདེ་བ་འདི་བདེ་བ་ལ་དམིགས་པས་སྡུག་བསྔལ་མ་ཡིན། བདེ་བ་དང་སྡུག་བསྔལ་ལ་དམིགས་པས་བདེ་བ་མ་ཡིན་ཞིང་སྡུག་བསྔལ་མ་ཡིན་ནོ་སྙམ་མོ། །དེ་རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་ཇི་ལྟ་བ་བཞིན་ 68-1-116a རྗེས་སུ་མཐོང་ཞིང་རྣམ་པར་ཤེས་ནས། རྣ་བ་དང་འབྲེལ་བའི་ཚོར་བ་དག་ལ་ཀུན་ཏུ་ཆགས་པ་མེད་ལ་དེ་ཚོར་བ་མྱོང་བ་ན་འདོད་ཆགས་དང་བྲལ་ཏེ། རྣམ་པར་གྲོལ་བར་འགྱུར་རོ། །རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་དེ་འགགས་ན་སྣའི་དམིགས་པའི་ ཚོར་བ་སྐྱེ་སྟེ། དེ་སྣས་ཀུན་ནས་བསླང་བ་སྣས་ཀུན་ནས་སོ་སོར་མྱོང་བར་བྱེད་དེ། བདག་སྣའི་རེག་པ་ལས་བྱུང་བའི་ཚོར་བ་སྐྱེས་པ་བདེ་བ་ལ་དམིགས་པ་ནི་བདེ་བའོ། །སྡུག་བསྔལ་ལ་དམིགས་པ་ནི་སྡུག་བསྔལ་ལོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་ མ་ཡིན་པ་ལ་དམིགས་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ནོ་སྙམ་མོ། །དེ་སྣའི་དམིགས་པའི་ཚོར་བ་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་མྱོང་བར་བྱེད་དེ། ནུབ་པ་ཡང་སོ་སོར་མྱོང་བར་བྱེད་དོ། །དེ་འགགས་ན་སྣའི་དམིགས་པའི་ཚོར་བ་བདེ་བ་དང ། སྡུག་བསྔལ་དང ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྐྱེ་སྟེ། དེ་སོ་སོར་མྱོང་བར་བྱེད་དོ། །བདག་གི་སྣའི་དམིགས་པའི་ཚོར་བ་སྐྱེ་སྟེ། ཇི་ལྟར་ལྷག་པར་ཆགས་པ་སྐྱེས་པ་དེ་ལྟར་བདག་གི་འགོག་པ་འདི་དག་ཀྱང་སྐྱེ་སྟེ། དེ་འགགས་ ནས་ལྕེའི་དམིགས་པའི་ཚོར་བ་རྣམ་པ་གསུམ་སྐྱེ་བ་ནས་ཡིད་ཀྱི་དམིགས་པའི་ཚོར་བ་རྣམ་པ་གསུམ་སྔ་མ་བཞིན་ནོ། །དེ་ས་གཞན་བཞི་པ་ལ་ཚོར་བ་ཡང་དག་པར་རྒྱ་ཆེ་བ་ལ་འཇུག་སྟེ། དེའི་བརྩོན་འགྲུས་བརྩམས་པ་སྤྲོ་བ་ཆེན་པོ་བདུད་ཀྱི་འཆིང་བ་གཅོད་པར་ འདོད་པ་ལ་ས་བླའི་གནོད་སྦྱིན་ཤིན་ཏུ་དགའ་ནས། བར་སྣང་གི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ ཀྱང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་མངོན་པར་བསྙད་དོ། །བརྒྱ་བྱིན་གྱིས་ཀྱང་འཐབ་བྲལ་གྱི་ལྷ་རྣམས་ལ་མངོན་པར་བསྙད་དོ། །གང་འཛམ་བུའི་གླིང་ན་རིགས་ཀྱི་བུ་ཡུལ་ཆེ་གེ་མོ་ཞིག་དང ། གྲོང་མང་གེ་མོ་ཞིག་དང ། རིགས་ག་གེ་མོ་ཞིག་ལས་རིགས་ཀྱི་ 68-1-116b བུ་ཆེ་གེ་མོ་ཞེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་འབད་པ་དང ། བརྩོན་པས་རིམ་གྱིས་ས་གཞན་བཞི་པའི་ཚོར་བ་ཡང་དག་པར་རྒྱ་ཆེ་བ་ལ་ཞུགས་པ་བདུད་ཀྱི་ཕྱོགས་ནི་དམའ་བར་ བྱེད་ཅིང་ཡང་དག་པ་དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོ་བར་བྱེད་པ་དེ་བདག་གིས་ལྷ་རྣམས་ལ་བསྙད་དོ་སྙམ་མོ། །བརྒྱ་བྱིན་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་པ་དེ་འཐབ་བྲལ་གྱི་ལྷ་དག་གིས་མཐོང་ནས་དགའ་སྟེ། བརྒྱ་བྱིན་ལ་སྨྲས་པ། བརྒྱ་བྱིན་གང་ འཛམ་བུའི་གླིང་གི་མི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དེ་བརྒྱ་བྱིན་ཁྱོད་ཀྱི་དམ་པའི་ཆོས་དང་འཐུན་པར་གྱུར་པ་ཉིད་ཡིན་ནོ། །གཞན་ཡང་དགེ་སློང་དེ་བདུད་ཀྱི་འཆིང་བ་སྤོང་ཞིང་རབ་ཏུ་སྤོང་བའི་ཚོར་བ་ལ་ཇི་ལྟར་རྟོག་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། དགེ་སློང་དེ་ཡང་དག་པའི་ཚོར་བ་ཉིད་ལ་འདི་ལྟར་རྣམ་པར་རྟོག་པར་བྱེད་དེ། དེ་མིག་གི་རྣམ་པར་ཤེས་པའི་དམིགས་པ་མི་དགེ་བ་སྐྱེས་པ་དེ་ལངས་ པ་ན་དགེ་བ་ལ་དམིགས་པ་གཉིས་པས་འགགས་སོ། །དགེ་བ་སྐྱེས་པ་དེ་ཡང་ལུང་དུ་མ་བསྟན་པ་ལ་དམིགས་པས་འགགས་ཤིང་ལུང་བསྟན་པ་ཡང་འགགས་ལ་ལུང་དུ་མ་བསྟན་པ་སྐྱེས་སོ། །དེ་བཞིན་དུ་རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་དང ། སྣའི་རེག་ པ་ལས་བྱུང་བའི་ཚོར་བ་དང ། ལྕེའི་རེག་པ་ལས་བྱུང་བའི་ཚོར་བ་དང ། ལུས་དང ། ཡིད་ཀྱི་རེག་པ་ལས་བྱུང་བའི་ཚོར་བ་སོ་སོར་མྱོང་བར་བྱེད་དོ། །སོ་སོར་མྱོང་བར་བྱེད་པ་ན་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་ཞིང་དེའི་ཉོན་མོངས་པ་བསྲབས་པར་ འགྱུར་རོ། །དེ་དེ་ལྟར་སྒོམ་པ་ན་ཚོར་བ་ཕྲ་མོ་དེ་དག་སོ་སོར་ཤེས་སོ། །དེ་ཆོས་ཀྱི་ཚོར་བ་དང་ལྷན་ཅིག་འགག་པ་མཐོང་སྟེ།ཇི་ལྟར་མར་མེའི་འོད་ཉི་མའི་འོད་ཀྱིས་འགག་པ་དེ་བཞིན་དུ་ཚོར་བ་གཉི་ག་འགག་གོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ཚོར་བ་ 68-1-117a རྒྱས་པ་སོ་སོར་མྱོང་བར་བྱེད་དེ། དཔེར་ན་མར་མེའི་འོད་ལ་མར་མེའི་འོད་གཉིས་པས་གསལ་བར་བྱེད་པ་བཞིན་ནོ། །གཞན་ཡང་ཚོར་བ་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། ཚོར་བ་གང་ཞིག་དང ། ཚོར་བ་གཞན་གང་ཞིག་གི་ཚོར་བ་དང་ལྷན་ཅིག་ གཏན་དུ་མི་འཐུན་པར་འགྱུར་རམ་སྙམ་པ་ལས་དགེ་བའི་ཚོར་བ་དང ། མི་དགེ་བའི་ཚོར་བ་ལྷན་ཅིག་གཏན་དུ་མི་འཐུན་པར་མཐོང་སྟེ། དཔེར་ན་མར་མེའི་འོད་དང ། སྐར་མའི་འོད་ལྷན་ཅིག་མི་འཐུན་པ་བཞིན་ནོ། །གཞན་ཡང་དགེ་སློང་དེ་རབ་ཏུ་རྣམ་པར་འབྱེད་ པར་བྱེད་དེ། ཚོར་བ་གང་ཞིག་ལ་ཚོར་བ་གང་ཞིག་གིས་གཏན་དུ་སེལ་བར་བྱེད་ཅེ་ན། དེ་ཟག་པ་མེད་པ་ལ་དམིགས་པའི་ཚོར་བས་ཟག་པ་དང་བཅས་པ་ལ་དམིགས་པའི་ཚོར་བ་གཏན་སེལ་བ་ཉིད་དུ་མཐོང་སྟེ། དཔེར་ན་མེའི་འོད་ཀྱིས་ཁ་བ་ཞུ་བ་བཞིན་ནོ། །ཚོར་ བ་གང་ཞིག་ལ་ཚོར་བ་གང་ཞིག་གིས་གནོད་ཞིག་གུ་སྙམ་ནས་ཡང་འདི་རྒྱས་པར་བྱེད་དེ། གང་གི་ཚེ་མི་བདེ་བའི་ཚོར་བ་ལ་བདེ་བའི་ཚོར་བས་ཟིལ་གྱིས་གནོན་པར་མཐོང་ངོ ། །དེ་ཡང་རྒྱས་པར་བྱེད་དེ། དཔེར་ན་ཉི་མས་ཉིན་མོའི་ཟླ་བའི་འོད་ཟིལ་གྱིས་གནོན་པར་ འགྱུར་ཞིང་ཟླ་བའི་འོད་དེ་ཡང་མཚན་མོ་རྒྱས་པར་འགྱུར་བ་བཞིན་ནོ། །དེ་ནས་གཞན་ཡང་དགེ་སློང་དེ་ཚོར་བ་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། གང་ཚོར་བ་མང་པོ་དང་ལྡན་པ་དག་ཚོར་བ་གཅིག་གི་དྲན་པ་རྩེ་གཅིག་པའི་ཚོར་བ་དང་ལྷན་ཅིག་མི་འཐུན་པ་ཟིལ་ གྱིས་གནོན་པར་འགྱུར་རམ་སྙམ་ན། དེ་འཇིག་རྟེན་པ་བྱེད་པའི་ཚོར་བ་མང་པོ་དག་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཚོར་བས་ཟིལ་གྱིས་གནོན་པར་མཐོང་སྟེ། དཔེར་ན་མཚན་མོ་རྒྱུ་སྐར་དང ། གཟའ་དང ། སྐར་མ་མང་པོའི་འོད་དག་ཟླ་བའི་ འོད་གཅིག་གི་ཟིལ་གྱིས་གནོན་པ་བཞིན་ནོ། །གཞན་ཡང་དགེ་སློང་དེ་ཚོར་བ་རྗེས་སུ་མཐོང་བའི་ཚོར་བ་ཆེས་ཕྲ་བ་ལ་རྟོག་པར་བྱེད་དེ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་ཀྱིས་ཀུན་ནས་བསླང་བ་ཟག་པ་དང་བཅས་པའི་ཚོར་ 68-1-117b བ་མང་བ་ནི་གང་ཡིན། དགེ་བ་ནི་ཇི་ལྟར་རྩོམ་ཞིག་གུ་སྙམ་ན་དེ་འཇིག་རྟེན་པའི་ཟག་པ་དང་བཅས་པའི་ཚོར་བ་མང་བ་ཡང་ཟག་པ་མེད་པའི་སྣང་བས་ཐུབ་པར་འགྱུར་ཏེ། དཔེར་ན་མཚན་མོ་རྒྱུ་སྐར་དང ། གཟའ་དང ། སྐར་མ་རྣམས་ཀྱི་འོད་ཟླ་བའི་སྣང་བ་གནས་ པས་ཐུབ་པ་བཞིན་ནོ། །དེ་ནས་གཞན་ཡང་དགེ་སློང་དེ་ཚོར་བ་དེ་ལ་རྟོག་སྟེ། བདག་གི་ཚོར་བ་གཞན་ཡུན་ཇི་སྲིད་ཅིག་ཏུ་གནས་སྙམ་མོ། །དེ་སྐད་ཅིག་ལ་བདག་གི་ཚོར་བ་གཞན་སྐྱེ་ཞིང་འཇིག་པར་གནས་པར་མཐོང་སྟེ། དཔེར་ན་གློག་བཞིན་ནོ། །གཞན་ ཡང་དགེ་སློང་དེ་འདི་ལྟར་རབ་ཏུ་རྣམ་པར་རྟོག་སྟེ། ཅི་མིག་གི་ཚོར་བ་སྣའི་ཚོར་བའི་རྐྱེན་དུ་འགྱུར་རམ་སྙམ་མོ། །དེ་བློ་གཅིག་བཞིན་དུ་དབང་པོ་ཐ་དད་པའི་དམིགས་པའི་ཚོར་བ་དབང་པོ་དེ་དག་ཐམས་ཅད་ཀྱིར་མཐོང་སྟེ། དཔེར་ན་བ་ལང་གཅིག་ཅིག་རྟ་དང ། རྔ་མོ་དང ། བོང་བུ་དང ། མ་ཧེའི་རིགས་ཐ་དད་པ་རྣམས་ཀྱི་རྐྱེན་དུ་མི་འགྱུར་བ་དེ་བཞིན་དུ་ཐོག་མ་མེད་པ་ནས་བརྩོན་པའི་དབང་པོ་ལྔས་ཀུན་ནས་བསླང་བའི་ཡུལ་གྱི་བྱེ་བྲག་ཐ་དད་པའི་དབང་པོ་རྣམས་ཀྱི་དམིགས་པ་ནི་གཅིག་ཏུ་མི་འགྱུར་ཏེ། དཔེར་ན། གླང་དང ། རྟ་དང ། རྔ་མོ་དང ། བོང་བུ་དང། མ་ཧེ་དང ། ཕག་བཞིན་ནོ། །དེ་ལྟར་ཚོར་བ་རྗེས་སུ་མཐོང་བའི་དགེ་སློང་དེ་དག་ནི་ཤེས་པ་ཆེས་ཞིབ་པ་སྐྱེ་བར་འགྱུར་ཏེ། དེ་ཤེས་པ་དེ་ལ་ཀུན་ཏུ་སྟེན་ཅིང་སྒོམ་སྟེ་མང་དུ་བྱེད་དོ། །དེ་ཀུན་ཏུ་བསྟེན་པ་ན་ཚོར་བ་རྗེས་ སུ་མཐོང་ཞིང་ཟད་པ་དང་འཇིག་པ་རྗེས་སུ་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་གི་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱིས་ཀུན་ནས་བསླང་བའི་ཚོར་བ་གང་ནས་འོང་ཞིང་གང་དུ་སོང ། འགག་པ་ན་གང་དུ་སོགས་པར་ འགྱུར་སྙམ་མོ། །དགེ་སློང་ཚོར་བ་ཟད་པ་དང ། འཇིག་པ་རྗེས་སུ་མཐོང་བ་དེ་རབ་ཏུ་སེམས་པ་ན། ལམ་གྱི་རྣམ་པ་ལ་འདི་སྙམ་དུ་སེམས་ཏེ། མིག་གི་ཚོར་བ་གང་ནས་ཀྱང་སྐྱེ་བ་མེད་ཅིང་འོང་བ་མེད་ལ། འགག་པ་ན་ཡང་གང་དུ་ཡང་སོགས་པར་མི་ 68-1-118a འགྱུར་ཏེ། མིག་གི་ཚོར་བ་མ་བྱུང་བ་ལས་འབྱུང་ཞིང ། བྱུང་ནས་ཀྱང་སོ་སོར་འབྲལ་བར་འགྱུར་རོ། །མིག་གི་འབྱུང་ཁུང་ལས་ཚོར་བ་འབྱུང་སྟེ། དཔེར་ན་རྒྱ་མཚོའི་གཞི་ལས་ཆུ་འབྱུང་བ་བཞིན་ནོ། །འགག་པ་ན་ཡང་གང་དུ་ཡང་མི་སོགས་ ཏེ། དཔེར་ན་ཆུ་བོ་གཞོལ་བར་འགྲོ་བ་རྒྱ་མཚོར་འདུ་བ་བཞིན་ཏེ། མིག་གི་ཚོར་བ་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་སོ་སོར་འཇིག་པར་འགྱུར་རོ་སྙམ་མོ། །མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་ཚོར་བ་དག་ནི་རྟེན་ཅིང་ འབྲེལ་བར་འབྱུང་བ་ཡིན་ཏེ། དཔེར་ན་རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པ་ཞིག་འཁོར་ལོ་ལ་ཡང་བརྟེན། འཇིམ་པ་ལ་ཡང་བརྟེན། རྩོལ་བ་ལ་ཡང་བརྟེན། ཆུ་ལ་ཡང་བརྟེན་ནས་རྒྱུ་འཇིམ་པ་ལ་བརྟེན་པའི་བུམ་པ་འབྱུང་བར་འགྱུར་ཏེ། བུམ་ པ་དེ་འབྱུང་ཁུང་གང་ནས་ཀྱང་མ་འོངས་ཤིང་འཇིག་པ་ན་ཡང་གང་དུ་ཡང་སོགས་པར་མི་འགྱུར་མོད་ཀྱི། རྒྱུ་རྐྱེན་ལས་བུམ་པ་འབྱུང་བ་དེ་བཞིན་དུ། མིག་ལ་ཡང་བརྟེན། གཟུགས་ལ་ཡང་བརྟེན། སྣང་བ་ལ་ཡང་བརྟེན། ནམ་མཁའ་ལ་ཡང་བརྟེན། ཡིད་ ལ་བྱེད་པ་ལ་ཡང་བརྟེན་ནས། མིག་གི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྐྱེའོ། །དཔེར་ན་བུམ་པ་གལ་ཏེ་རྒྱུ་རྐྱེན་བཟང་པོ་ལས་བྱུང་ན་བུམ་པ་དེ་ལེགས་པར་འགྱུར་ཞིང ། གལ་ཏེ་ངན་ན་དེའི་ཚེ་བུམ་པ་ མ་ལེགས་པར་འགྱུར་བ་དེ་བཞིན་དུ་གལ་ཏེ་དམིགས་པའི་རྒྱུ་དང་རྐྱེན་བཟང་ན་དེའི་ཚེ། མིག་ལ་སོགས་པ་ཚོར་བ་བཟང་པོ་སྐྱེ་བར་འགྱུར་ཏེ། ཆོས་དང་ལྡན་པའི་དགེ་བའི་རིམ་གྱིས་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། །གལ་ཏེ་རྒྱུ་དང་རྐྱེན་མི་བཟང་ན་དེའི་ཚེ་ མིག་ལ་སོགས་པའི་ཚོར་བ་ངན་པ་སྐྱེ་བར་འགྱུར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ལ་དམིགས་པ་འཁོར་བ་ན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོར་འགྲོ་བར་འགྱུར་རོ། །ལས་དང་འབྲས་བུར་འབྲེལ་བ་ཐམས་ཅད་ལ་མཁས་པར་སེམས་པའི་ 68-1-118b དགེ་སློང་ནི་ཚོར་བ་རྗེས་སུ་ཚོལ་བ་ན་ཚོར་བ་དུ་མ་ལ་གནས་པར་མཐོང་སྟེ། བྱེད་པ་པོས་གནས་སུ་མ་བྱས་ཤིང་རྒྱུ་མེད་པ་ལས་ཀྱང་མ་བྱུང་ལ་འདོད་རྒྱལ་གྱིས་ཀྱང་མ་བྱས། ཐེར་ཟུག་ཏུ་གནས་པ་མ་ཡིན། རྟག་པ་མ་ཡིན། བརྟན་པ་མ་ཡིན། ཐེར་ཟུག་མ་ ཡིན། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ཞིང ། དེའི་ཚོར་བའི་ཕུང་པོ་དེ་མཐོང་ནས་ཡང་འབྱུང་བའི་སྲེད་པ་དགའ་བའི་འདོད་ཆགས་ཀྱི་མོད་ལ་སྐྱེས་པའི་དྲི་མ་ཅན་ཡོངས་སུ་ཉམས་པར་བྱེད་དེ། འཁོར་བ་ཐམས་ཅད་མི་རྟག་པར་རྗེས་སུ་མཐོང་བའི་དགེ་སློང་ནི་ ལམ་ཀུན་ཏུ་སྟེན་པར་བྱེད་ཅིང་གོམས་པར་བྱེད་ལ་མང་དུ་བྱེད་དོ། །དེ་དེ་ལྟར་སྒོམ་པ་ན་ཀུན་ཏུ་སྦྱོར་བ་དག་སྤོང་བར་བྱེད་ཅིང་བག་ལ་ཉལ་འདོར་བར་བྱེད་དེ། ཀུན་ཏུ་སྦྱོར་བ་དག་གང་ཞེ་ན། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་ བ་དང ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང ། མ་རིག་པའི་ཀུན་ཏུ་སྦྱོར་བ་དང ། ལྟ་བའི་ཀུན་ཏུ་སྦྱོར་བ་དང ། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང ། ཐེ་ཙོམ་གྱི་ཀུན་ཏུ་སྦྱོར་བ་དང ། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང ། སེར་སྣའི་ཀུན་ཏུ་སྦྱོར་བ་སྟེ། ཀུན་ ཏུ་སྦྱོར་བ་དེ་དག་སྤོང་བར་བྱེད་དོ། །བག་ལ་ཉལ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང ། སྲེད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང ། ལྟ་བའི་བག་ལ་ཉལ་དང ། ཁོང་ཁྲོ་བའི་བག་ལ་ཉལ་དང ། མ་རིག་པའི་བག་ལ་ ཉལ་དང ། ང་རྒྱལ་གྱི་བག་ལ་ཉལ་དང ། ཐེ་ཙོམ་གྱི་བག་ལ་ཉལ་ཏེ། འདི་དག་ནི་གཙོ་བོ་ཇི་ལྟ་བ་བཞིན་དུ་སྲིད་པ་གསུམ་དུ་ཡོངས་སུ་འཇུག་པར་བྱེད་པ། ས་གསུམ་དུ་ཡོངས་སུ་རྒྱུ་བར་བྱེད་པ། ཉེས་པ་གསུམ་ལ་ཡོངས་སུ་འཇུག་པར་བྱེད་པ། དུས་གསུམ་ གྱི་རྗེས་སུ་འགྲོ་བ། བར་མ་གསུམ་གྱི་ཚོར་བ་གསུམ་རྗེས་སུ་བསྒོམས་པ། སྐྱེ་བ་གསུམ་དུ་འཕོ་བར་བྱེད་པ་སྟེ། འཁོར་བའི་རྒྱུར་གྱུར་པ་ཡིན་ནོ། །དེ་ནས་གཞན་ཡང་ཇི་ལྟར་དགེ་སློང་དེ་རྒྱུ་དང་རྐྱེན་དུ་བཅས་པ་འདི་དག་ཁོང་དུ་ཆུད་པར་འགྱུར། མིག་གི་རྐྱེན་ 68-1-119a ནི་གང ། རྒྱུ་ནི་གང་ལས་སྐྱེས། གཞི་གང་ལ་ལྟ་བར་བྱེད་ཅིག་གུ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། མིག་གི་རྒྱུ་ནི་ལས་ ལས་བྱུང་ཞིང ། ལས་ཀྱིས་སྐྱེ་བ་མངོན་པར་བསྒྲུབས་ཏེ། དཔེར་ན་ཤིང་བ་ཊའི་ས་བོན་ཆུང་ངུ་ལས་ཤིང་ལྗོན་པ་སྐྱེ་ལ་ཤིང་ལྗོན་པའི་རྒྱུ་རྐྱེན་ལས་ཡང་ཤིང་བ་ཊའི་ས་བོན་ཕྲ་མོ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་མི་ཤེས་པ་ལས་ལས་མངོན་པར་འགྲུབ་པར་འགྱུར་ལ། ལས་ལས་ཀྱང་སྐྱེ་བ་མངོན་པར་འགྲུབ་པར་འགྱུར་ཏེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། འཁྲུག་པ་རྣམས་ཡོད་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ལས་ཀྱི་རྒྱུ་སྲེད་པའི་ཞགས་ པ་དེས་བཅིངས་པའི་བྱིས་པ་སོ་སོའི་སྐྱེ་བོ་ནི་འཁོར་ལོ་ལྟ་བུའི་རྒྱ་མཚོར་ཡོངས་སུ་འཁྱམ་མོ། །ཚོར་བ་དེ་དག་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་འདི་དག་ལ་འདུ་ཤེས་ཀྱི་ལས་སུ་བྱ་བ་མེད་དེ། ལས་མེད་ན་སྲེད་པ་འ་བྱུང་བར་མི་འགྱུར་ལ། དེ་མེད་ན་ཚོར་བ་མེད་པར་འགྱུར་རོ། །རྒྱུ་ རྐྱེན་ནི་དཔེར་ན་སྙིང་པོ་ལ་ཡང་བརྟེན། ཀོང་བུ་ལ་ཡང་བརྟེན། མར་ལ་ཡང་བརྟེན། མེ་ལ་ཡང་བརྟེན་ནས་མར་མེའི་འོད་སྐད་ཅིག་ལ་མངོན་པར་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་དགེ་སློང་དེ་ཚོར་བའི་རྒྱུ་དང་རྐྱེན་མཐོང་བ། ལས་ཀྱི་རྒྱུ་ཚོལ་ཞིང་ལས་ཀྱི་རྗེས་སུ་འབྲང་ བ། ལས་ཀྱི་མཐུས་ཚོར་བ་ཐམས་ཅད་སྐྱེ་བར་འགྱུར་རོ། །དེ་ལ་ལུས་ནི་ཀོང་བུ་ལྟ་བུ་ཡིན། དབང་པོ་དག་ནི་མར་ལྟ་བུ་ཡིན། འདོད་ཆགས་ཞེ་སྡང་གཏི་མུག་ནི་མེ་ལྟ་བུ་ཡིན་ཏེ། ཤེས་པ་སྐད་ཅིག་མ་ནི་མར་མེའི་འོད་འབར་བ་ལྟ་བུ་ཡིན་ནོ། །རྣལ་འབྱོར་ པ་གང་གིས་སྲིད་པ་གསུམ་དུ་འགྲོ་བའི་ཚོར་བ་དེ་ཉིད་ཚོལ་ཞིང་མཐོང་བ་ནི་ཤེས་པ་ཡིན་ཏེ། དཔེར་ན་གསེར་མགར་གསེར་བླངས་ནས། ལས་དང་ལས་སུ་བྱས་པའི་གསེར་ལས་རྒྱན་གྱི་རྣམ་པ་ལེགས་པར་མངོན་པར་འགྲུབ་པར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་སྤྱོད་ 68-1-119b པ་གསེར་མགར་ལྟ་བུ་དེ་དམིགས་པ་གསེར་ལྟ་བུ་ལ་དམིགས་ཏེ། གལ་ཏེ་དམིགས་པ་བཟང་ན་དེ་ལས་བཟང་པོ་མངོན་པར་འགྲུབ་པར་འགྱུར་ཞིང ། མྱ་ངན་ལས་འདས་པར་འགྲོའོ། །གལ་ཏེ་དམིགས་པ་ངན་ན་དེ་ངན་པ་འགྲུབ་པར་འགྱུར་རོ། །འདིར་ཚིགས་ སུ་བཅད་པ། རྒྱུ་རྐྱེན་དེ་ཉིད་ཤེས་པ་ནི། །དོན་ཞིབ་ངེས་པར་བྱས་པ་ཡིན། །ཐར་པའི་རྒྱུན་ལ་མངོན་དགའ་ན། །སྲེད་པས་ཁྱེར་བར་མི་འགྱུར་རོ། །ལུས་ཅན་ཐམས་ཅད་ལས་དག་གི་།རྗེས་འབྲང་ལས་ཀྱི་སྐྱེ་གནས་དང ། །ལས་ཀྱི་འབྲས་བུར་སྦྲེལ་ ནས་སུ། །སྲིད་པ་ཉམ་ངར་ཀུན་ཏུ་འཁྱམ། །གང་ཞིག་མི་དགེ་མི་ལེན་ཅིང ། །རྟག་ཏུ་དགེ་བའི་ལས་དགའ་བ། །ཟླ་འོད་དྲི་མ་མེད་པ་ལྟར། །རྣལ་འབྱོར་འགྲོ་བ་དེ་འདྲར་འགྱུར། །མེ་ཡིས་ཤིང་སྐམ་བསྲེགས་པ་ལྟར། །སྡིག་པའི་ཆོས་རྣམས་རབ་བསྲེགས་ པ། །སྡིག་ལས་གྲོལ་ཞིང་ཉོན་མོངས་རྒལ། །ས་གསུམ་དག་ཏུ་རྣམ་པར་མཛེས། །གང་ཞིག་ཡིད་ནི་ཐར་འདོད་ཅིང ། །ནམས་ཀྱང་འཁོར་བར་མི་དགའ་བ། །དེ་ནི་འཁོར་བར་མི་འཆིང་སྟེ། །མཁའ་ལ་བྱ་ནི་འགྲོ་བ་བཞིན། །གང་ཞིག་ཚོར་འབྱུང་དེ་ ཉིད་ཤེས། །ཚོར་བའི་འབྲས་བུ་རིག་པ་ནི། །དེ་ཉིད་གྲོལ་བར་ཤེས་པར་བྱ། །དེ་ཉིད་རིག་པ་སྲིད་གསུམ་དུ། །བདེ་སྡུག་གིས་ནི་དེ་མི་གནོད། །ཞིམ་དང་ང་བས་གོས་པ་མེད། །གང་དག་སྲིད་པ་འབར་བ་ལྟར། །རྣལ་འབྱོར་དེ་ནི་བསམ་པ་ལྡན། ། བློ་གྲོས་རྟག་ཏུ་མི་རྨོངས་ཤིང ། །རྟག་ཏུ་ཆོས་ཀྱི་ཕ་རོལ་འགྲོ། །དགེ་སློང་སྡོམ་ལ་མངོན་དགའ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གཉེན་ལྟ་བ་ལ་དགའ་མེད་ཅིང ། །མཁས་པ་དག་ལ་ལྟ་འདོད་ལ། །ཁྱིམ་གྱི་སྐྱོན་ལས་ངེས་འབྱུང་བ། །དེ་ལྟ་ བུ་ནི་དགེ་སློང་ཡིན། །དབང་པོ་ཐམས་ཅད་རབ་ཞི་ཞིང ། །ཡུལ་རྣམས་ལ་ནི་ཆགས་མེད་ལ། །གཉའ་ཤིང་གང་ཙམ་ལྟ་བ་དག་།དེ་ལྟ་བུ་ནི་དགེ་སློང་ཡིན། །ཁྲོ་མེད་ཁྱིམ་ལ་སྤྱོད་མེད་ཅིང ། །ཚོང་ཟོང་ཉོ་འཚོང་མི་བྱེད་ལ། །སྲང་དང་བཞི་མདོར་མི་ 68-1-120a དགའ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གླུ་དང་གར་ལ་མི་ལྟ་ཞིང ། །ཉེས་རྩོམ་རྣམས་ལ་ཆགས་མེད་ལ། །གང་དག་དུར་ཁྲོད་དགའ་བྱེད་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཉི་མ་གཅིག་ལ་བསོད་སྙོམས་མཆོག་།བླངས་ ནས་སང་གིར་མི་སེམས་ལ། །ལྟོ་འགྲངས་ཙམ་གྱིས་ཆོག་བྱེད་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་དག་གོས་མཆོག་རྣམ་སྤོང་ཞིང ། །ཕྱག་དར་ཁྲོད་ཀྱིས་ཆོག་འཛིན་ལ། །གང་དག་རིགས་པར་ཟས་ཟ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ དག་ལས་ནི་མི་རྩོམ་ཞིང ། །ལས་རྣམས་ཀུན་ལ་བསམ་མེད་ལ། །སྤྲོ་མེད་འདུད་པ་མེད་པ་ནི། །དེ་ལྟ་བུ་ནི་དགེ་སློང་ཡིན། །འདོད་པའི་ཁྲོ་ལས་རྣམ་གྲོལ་ཞིང ། །གཏི་མུག་འདམ་ནི་རྣམ་སྤངས་ལ། །སྡིག་པའི་ཆོས་ཀྱིས་མ་གོས་པ། །དེ་ལྟ་བུ་ནི་དགེ་སློང་ ཡིན། །ཀུན་ཏུ་སྦྱོར་བ་ཀུན་ལས་འདས། །བག་ལ་ཉལ་བ་ཐམས་ཅད་སྤངས། །བསམ་པ་ཀུན་ལས་རྣམ་གྲོལ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །འཕགས་ལམ་ཡན་ལག་བརྒྱད་པ་ཡིས། །མྱ་ངན་འདས་པའི་གྲོང་ཁྱེར་གནས། །གང་ དག་ཉོན་མོངས་ཀུན་བཅོམ་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དབང་པོ་དུལ་ཞིང་བློ་གྲོས་བརྟན། །འདོད་པའི་འདམ་ནི་རྣམ་པར་སྤངས། །རྩེ་གཅིག་ཡིད་ནི་ལེགས་གནས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་དག་ས་ཡི་རིམ་ཤེས་ལ། །ས་ཡི་དེ་ཉིད་ སྟོན་བྱེད་ཅིང ། །གང་དག་ཕན་ཚུན་ས་ཤེས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཟག་བཅས་ཟག་པ་མེད་པའི་ཆོས། །རྒྱུ་དང་རྐྱེན་དུ་འབྱུང་བ་དག་།རྣམ་པ་བཞིན་དུ་ཀུན་ཤེས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །ཚངས་པར་སྤྱོད་པ་དྲང་ཞིང་ཞི། །རྨུགས་ དང་གཉིད་ནི་རྣམ་སྤངས་ལ། །ནང་པར་ལྡང་ཞིང་མཁས་གཙང་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་ཞི་གནས་ལྷག་མཐོང་ལ། །དགའ་ཞིང་བསམ་གཏན་བཞི་ལ་དགའ། །དགོན་པ་ཀུན་དགར་དགའ་བ་དག་།དེ་ལྟ་བུ་ནི་དགེ་སློང་ཡིན། །ནམ་ 68-1-120b མཁའ་ལ་ནི་བྱ་གནས་པ། །དེའི་གྲིབ་རྟག་ཏུ་རྗེས་འགྲོ་ལྟར། །གང་བློ་དམ་པའི་ཆོས་ལ་གནས། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་ཉོན་མོངས་ཉེ་ཉོན་མོངས། །བཅོམ་ཞིང་ཞི་ལྟ་བློ་གྲོས་གཙང ། །དབུགས་དབྱུང་རྔུབ་པའི་རྣམ་པ་ཤེས། །དེ་ ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་རིག་པའི་ཆོ་ག་ཤེས། །རྣལ་འབྱོར་རིག་ཅིང་དེ་ཉིད་སྟོན། །ལམ་དང་ལམ་མིན་རིམ་ཤེས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་དགའ་ལ་མི་ཆགས་ཤིང ། །འཇིགས་པ་དག་ལ་འཇིགས་མེད་ལ། །དཔའ་བོ་ དགའ་དང་འཇིགས་མཉམ་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །རྒ་དང་འཆི་བའི་དེ་ཉིད་ཤེས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །སེམས་ཀྱི་རྣམ་པ་ཕན་ཚུན་ཤེས། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་ཞིག་སྣམ་སྦྱར་ལྷུང་བཟེད་ཀྱིས། །ཆོག་འཛིན་སོགས་ འཇོག་མི་བྱེད་ལ། །འདོད་པ་ཆུང་ཞིང་ཚངས་པར་སྤྱོད། །དེ་ལྟ་བུ་ནི་དགེ་སློང་ཡིན། །དྲི་མེད་སྟན་གཅིག་ཟས་ཟ་ཞིང ། །ཞིམ་པའི་རོ་ལ་མི་ཆགས་ལ། །རྙེད་དང་བཀུར་སྟི་སྤངས་པ་དག་།དེ་ལྟ་བུ་ནི་དགེ་སློང་ཡིན། །བཏང་སྙོམས་སྙིང་རྗེ་དག་ལ་དགའ། ། འཆབ་དང་སྐྱོན་ནི་རྣམ་སྤངས་ཤིང ། །ཉེས་པའི་རྫས་ཀུན་ངེས་བསྲེགས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དགེ་སློང་དེ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་ཚོར་བ་དེ་དག་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོག་སྟེ། དེ་ཤེས་པ་ཤིན་ཏུ་ཞིབ་མོས་མིག་གི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བའི་དམིགས་པ་རྗེས་སུ་རྒྱུ་བ་མེད་པར་མཐོང་ངོ ། །དམིགས་པ་གཉིས་པས་ལྷན་ཅིག་འགག་ཅིང་འཇིག་པ་མཐོང་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དམིགས་པ་འདས་ནས་བདག་སྒྲ་ལ་དམིགས་པ་དང་བཅས་པའི་ཚོར་བ་སྡུག་པའམ་ མི་སྡུག་པ་སྐྱེ་སྟེ། བདག་གི་སེམས་དེ་དང་ལྷན་ཅིག་གྱུར་པ་མེད་དོ་སྙམ་ནས། དེས་སེམས་ཀྱི་དམིགས་པ་དེ་བརྟན་པར་བྱས་ནས་འཛིན་པར་བྱེད་དོ། །རྣ་བའི་ཚོར་བ་སྒྲ་ལ་དམིགས་པ་དང་བཅས་པ་དེ་འགགས་ནས་སྣའི་ཚོར་བ་དྲི་ལ་དམིགས་པ་སྐྱེ་སྟེ། དེ་སྣའི་ཚོར་བ་ལ་ 68-1-121a ཡང་རྟོག་པར་བྱེད་ཅིང་ཤིན་ཏུ་རྟོག་པར་བྱེད་དེ། བདག་གི་སྣའི་ཚོར་བ་དྲི་དང་བཅས་པ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་སྐྱེ་སྟེ། བདག་གི་སྣའི་ཚོར་བ་དེའི་སེམས་གྱུར་པ་གལ་ཏེ་དེས་སེམས་གྱུར་པ་མཐོང་ ན། དེས་ཡང་དམིགས་པ་དེ་ཉིད་ལ་གོམས་པར་བྱེད་ཅིང་སྤྱོད་ལ་འབད་ཅིང་བརྩོན་ཏེ་ལས་སུ་རུང་བར་བྱེད་ལ། དགེ་བའི་ཆོས་ཟག་པ་མེད་པས་སེམས་གོམས་པར་བྱེད་དོ། །གལ་ཏེ་མི་གཡོ་ན་ལྕེའི་དམིགས་པ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པ་ལ་དམིགས་པར་བྱེད་དེ། དེ་དམིགས་པ་དེ་མངོན་སུམ་དུ་བྱས་ནས་བདེ་བ་དང་སྡུག་བསྔལ་དང ། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལ་ལྟ་བར་བྱེད་ཅིང་ཅི་འདིས་བདག་གི་སེམས་གྱུར་ཏམ་སྙམ་མོ། །གལ་ཏེ་རོ་ལ་དམིགས་པའི་ཚོར་བ་སྐྱེས་པས་ སེམས་གྱུར་པ་མཐོང་ན། དེས་ཡང་སེམས་དམིགས་པའི་ཀ་བ་ལ་མོས་པའི་ཐག་པས་བཅིངས་ནས། ཇི་ལྟར་སེམས་འདི་ལྕེའི་ཚོར་བ་དང་བཅས་ཤིང ། སྲེད་པ་དང་བཅས་པས་མི་འཕྲོག་པར་བྱ་སྙམ་ནས་སྤྱོད་ཅིང་འབད་ལ་ནན་ཏན་དུ་བྱེད་དོ།། །། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་པ། དེ་ནས་གཞན་ཡང་དགེ་སློང་དེ་ལུས་ཀྱི་རེག་བྱ་དང་བཅས་པའི་རེག་བྱའི་ཚོར་བ་དམིགས་པའི་ཀ་བ་ལ་བཅིངས་ནས་དགེ་བ་དང ། མི་དགེ་བ་དང ། ལུང་དུ་མ་བསྟན་པ་ལ་རྟོག་པར་བྱེད་དེ། གལ་ཏེ་དེ་རེག་བྱའི་ཚོར་བ་དེས་སེམས་གྱུར་པར་མཐོང་ན་ཡང་ཇི་ལྟར་དམིགས་པའི་ཀ་བ་ལ་བཅིངས་ནས་ལས་སུ་རུང་བར་བྱེད་ཅིང་གྱུར་པ་མེད་པ་དེ་ལྟར་བྱེད་དོ། །ཡང་དགེ་སློང་དེ་ཡིད་ལ་འོང་བའི་ཡིད་དང་ཤིན་ཏུ་འབྲེལ་བའི་ཆོས་ཀྱིས་ཚོར་བ་དགེ་བ་དང ། མི་དགེ་བ་དང ། ལུང་དུ་བསྟན་པ་དང ། ལུང་དུ་མ་བསྟན་པ་ལ་ལྟ་བར་བྱེད་དེ། གལ་ཏེ་ཚོར་བ་དེ་དག་གིས་ཡིད་གྱུར་ན་དེ་དམིགས་པའི་ཀ་བ་དེ་ལ་མོས་པའི་ཐག་པས་བཅིངས་ནས་ལས་སུ་རུང་བར་བྱེད་དེ། གྱུར་པ་མེད་པ་དེ་ལྟར་བྱེད་དོ། །ཡུལ་དྲུག་ལུས་ལ་ཡོད་པའི་ཚོར་བ་ 68-1-121b ལ་ལྟ་བའི་དགེ་སློང་ཡང་དག་པའི་ཚོར་བ་འབྱུང་བ་དང་ཟད་པ་དེ་ཉིད་མཐོང་བ་ནི་གནས་ལྔ་པ་ལ་འཇུག་སྟེ། དེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་པའི་སྒྲོན་མས་ཚོར་བ་མྱོང་བར་བྱེད་པའི་ཚོར་བ་འདི་དག་གང་ཞིག་ཡིན་ཞེས་རྣམ་པར་རྟོག་པར་བྱེད་དོ། །དེ་ཡིད་ ཀྱི་རྣམ་པར་ཤེས་པའི་ཚོར་བ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཡིད་དང་ཤིན་ཏུ་འབྲེལ་བར་མཐོང་ལ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་རྟོག་པས་འཕྲོགས་ཤིང་ཤིན་ཏུ་རྟོག་པའི་མེས་བསྲེགས་ཏེ། འདི་ལ་ཚོར་བ་པོ་དང ། བྱེད་པ་པོ་ནི་ གང་ཡང་མེད་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འདུ་བྱེད་ཀྱི་ཕུང་པོ་འདི་ཉིད་སྐྱེ། འདུ་བྱེད་ཀྱི་ཕུང་པོ་འདི་ཉིད་འགག་གོ་སྙམ་མོ། །དེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཇི་ལྟ་བ་བཞིན་རྗེས་སུ་མཐོང་ཞིང་རྗེས་སུ་འཇུག་པ་དེས་སེམས་མི་འཕྲོགས་ཤིང་རྣམ་པར་མི་གཡོ་ ལ་སྐྱོན་དུ་འགྱུར་བར་མི་བྱེད་དེ་དྲི་མ་ཅན་དུ་མི་བྱེད་དོ། །ཡང་དགེ་སློང་དེ་རྣ་བའི་ཚོར་བ་ལ་རྟོག་པར་བྱེད་དེ། ཚོར་བ་རྗེས་སུ་མྱོང་ཞིང་རིག་པའི་ཚོར་བ་འདི་གང་ཡིན་སྙམ་མོ། །དེ་རྣ་བའི་ཚོར་བ་འདི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཤིན་ཏུ་འབྲེལ་བར་མཐོང་སྟེ། ཡིད་དང་ ཤིན་ཏུ་འབྲེལ་བ་དེ་ལ་གནས་པར་ཟད་ཀྱི་འདི་ལ་བྱེད་པ་པོ་དང་ཚོར་བ་པོ་མེད་ཅིང་རྣ་བའི་ཚོར་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བྱེད་པ་པོ་དང ། ཚོར་བ་པོ་མེད་དེ། འདུ་བྱེད་ཀྱི་ཕུང་པོ་སྟོང་པ་འདི་རྒྱུ་རྐྱེན་གྱི་དབང་གིས་སྐྱེ་ཞིང་འགག་གོ་སྙམ་མོ། །ཡང་དགེ་སློང་དེ་ སྣའི་ཚོར་བ་ལ་རྟོག་པར་བྱེད་དེ། ཚོར་བ་འདི་མྱོང་ཞིང་རིག་པ་གང་ཞིག་ཡིན་སྙམ་མོ། །དེ་ཚོར་བ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཤིན་ཏུ་འབྲེལ་བར་མཐོང་སྟེ། དེ་ལ་དམིགས་པ་དེ་ལ་གནས་པ་དེ་རྒྱུ་དང་རྐྱེན་ལས་བྱུང་ཞིང་རྗེས་སུ་མྱོང་བའི་མཚན་ཉིད་ཡིན་གྱི་འདུ་བྱེད་ ཀྱི་ཕུང་པོ་སྟོང་པ་འདི་བྱེད་པ་པོས་གནས་སུ་མ་བྱས་ཤིང་ཚོར་བ་པོས་གནས་སུ་མ་བྱས་པ་རྒྱུན་ཆགས་པར་འཇུག་པ་ཡིན་ནོ་སྙམ་སྟེ། དེ་སྣའི་ཚོར་བ་རྟོགས་ནས་བྱེད་པ་པོ་དང་ཚོར་བ་པོ་མེད་ཅིང་དོན་གྱི་བར་དུ་གཅོད་པར་གྱུར་པ་ནི་མེད་དོ་སྙམ་མོ། །ཡང་དགེ་སློང་དེ་ལྕེའི་ 68-1-122a ཚོར་བ་ལ་རྣམ་པར་རྟོག་སྟེ། ལྕེའི་ཚོར་བ་འདི་མྱོང་ཞིང་རིག་པ་གང་ཡིན་སྙམ་མོ། །དེ་ལྕེའི་ཚོར་བ་འདི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཤིན་ཏུ་འབྲེལ་བར་མཐོང་སྟེ། དེ་ལ་གནས་པ་དེ་དང་འབྲེལ་བ་དེ་ལ་དམིགས་པ་དེའི་རྒྱུ་ལས་བྱུང་ཞིང ། དེ་ ལ་བརྟེན་པ་ཡིན་གྱི། འདི་ལ་བྱེད་པ་པོ་དང ། ཚོར་བ་པོ་དང ། དོན་གྱི་བར་དུ་གཅོད་པར་འགྱུར་བ་མེད་དེ། འདུ་བྱེད་ཀྱི་ཕུང་པོ་འདིའི་རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེའོ་སྙམ་མོ། །ཡང་དགེ་སློང་དེ་ལུས་ཀྱི་རེག་བྱའི་ཚོར་བ་ལ་རྟོག་པར་བྱེད་དེ། ལུས་ཀྱི་ཚོར་བ་ མྱོང་ཞིང་རིག་པ་འདི་གང་ཡིན་སྙམ་མོ། །དེ་ལུས་ཀྱི་ཚོར་བ་འདི་ཡིད་ཀྱི་རྣམ་པར་ཤེས་པ་དང་ཤིན་ཏུ་འབྲེལ་བར་མཐོང་སྟེ། འདི་ལ་བྱེད་པ་པོའམ་ཚོར་བ་པོ་དོན་གྱི་བར་དུ་གཅོད་པར་འགྱུར་བ་ནི་མེད་དེ། འདུ་བྱེད་ཀྱི་ཕུང་པོ་སྟོང་པ་འདི་རྒྱུ་དང་རྐྱེན་གྱི་དབང་གིས་ འཇུག་གོ་སྙམ་མོ། །ཡང་དགེ་སློང་དེ་ཡིད་ཀྱི་ཚོར་བ་ལ་རྣམ་པར་རྟོག་པར་བྱེད་དེ། ཡིད་ཀྱི་ཚོར་བ་མྱོང་ཞིང་རིག་པ་འདི་གང་ཡིན་སྙམ་མོ། །དེ་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། གསུམ་འདུས་པའི་རེག་པ་རེག་པ་དང་ ལྷན་ཅིག་བྱུང་བའི་ཚོར་བ། དཔེར་ན་རྫས་དྲི་ཞིམ་པ་དུ་མ་བསྡུས་པ་ལས་སྤོས་བཟང་པོ་འབྱུང་ངོ ། །སྤོས་དེའི་རྒྱུ་མི་འབྱུང་བ་གཅིག་ཀྱང་མེད་པ་དེ་བཞིན་དུ་རྒྱུ་དང་རྐྱེན་འདུས་པ་ལས་ཚོར་བ་ཐམས་ཅད་འབྱུང་གི། བྱེད་པ་པོས་གནས་སུ་མ་བྱས་ཤིང་ཚོར་བ་པོས་གནས་ སུ་མ་བྱས་པ་ཡིན་ནོ། །དཔེར་ན་ལོ་མ་ལ་ཡང་བརྟེན། ཟེ་བ་ལ་ཡང་བརྟེན། སྡོང་བུ་ལ་ཡང་བརྟེན། ཟེ་འབྲུ་ལ་ཡང་བརྟེན་ནས་པད་མ་ཞེས་བྱ་བའི་མེ་ཏོག་འབྱུང་སྟེ། པད་མ་དེའི་རྒྱུ་གཅིག་ཀྱང་མེད་དོ། །དེ་བཞིན་དུ་དམིགས་པ་ལ་ཡང་བརྟེན། ནམ་ མཁའ་ལ་ཡང་བརྟེན། ཡིད་ལ་བྱེད་པ་ལ་ཡང་བརྟེན། སྣང་བ་ལ་ཡང་བརྟེན་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འབྱུང་སྟེ། མིག་ལས་སྐྱེས་པ། མིག་ལ་བརྟེན་པའི་ཚོར་བ་དེ་རིགས་གཅིག་པ་མ་ཡིན། རྫས་གཅིག་པ་མ་ཡིན། འབྱུང་བ་གཅིག་ 68-1-122b པ་མ་ཡིན་ཞིང་ཐེར་ཟུག་ཏུ་གནས་པ་མ་ཡིན་ལ་སྤྲུལ་པ་ལྟ་བུ་ཡིན་ནོ་སྙམ་མོ། །དེ་ཇི་ལྟ་ཇི་ལྟར་དེ་ཉིད་ཚོལ་བའི་དགེ་སློང་དེ་ནི་དེ་ལྟ་དེ་ལྟར་དེའི་ཆོས་དཀར་པོ་འབྱུང་བར་འགྱུར་ཏེ།དཔེར་ན་བུ་རམ་ཤིང་སྣོད་ཀྱི་ནང་དུ་བཅུག་ནས་མེས་བསྐོལ་བ་དེས་དེ་དང་པོ་ཞུ་ཞིང་དྲི་མར་འགྱུར་ བ་ནི་བུ་རམ་དྲི་མ་ཅན་ཞེས་བྱའོ། །ལན་གཉིས་སུ་བསྐོལ་བ་དང ། དཀར་བར་འགྱུར་ཞིང་བུ་རམ་དུ་ཤེས་སོ། །ལན་གསུམ་པ་ལ་ཤིན་ཏུ་དཀར་བར་འགྱུར་ཏེ། དེ་ཇི་ལྟ་ཇི་ལྟར་བུ་རམ་ཤིང་བསྐོལ་བ་དེ་ལྟ་དེ་ལྟར་ཤིན་ཏུ་དྲི་མ་དང་བྲལ་བར་འགྱུར་བ་དེ་བཞིན་དུ་དགེ་ སློང་དམིགས་པའི་སྣོད་དུ་ཡེ་ཤེས་མེ་ལྟ་བུས་སེམས་ཀྱི་རྒྱུན་བུ་རམ་ཤིང་ལྟ་བུ་ཡོངས་སུ་སྐོལ་བར་བྱེད་དོ། །དེའི་དབུ་བ་ལྟ་བུ་བསམ་གཏན་དང་པོ་ཐོབ་པར་འགྱུར་ཞིང་དེའི་དཀར་བ་ལྟ་བུ་བསམ་གཏན་གཉིས་པ་ཐོབ་པར་འགྱུར་ཏེ། དེ་བཞིན་དུ་ཇི་ལྟ་ཇི་ལྟར་དགེ་སློང་ གི་སེམས་ཀྱི་རྒྱུན་ཡེ་ཤེས་ཀྱི་མེས་སྐོལ་བར་བྱེད་པ་དེ་ལྟ་དེ་ལྟར་ཟག་པ་མེད་པའི་ཆོས་ཤིན་ཏུ་དཀར་ཞིང་ཤིན་ཏུ་དྲི་མ་མེད་ལ་ཤིན་ཏུ་སྐྱོན་མེད་པར་འགྱུར་ཏེ། ལས་ཕྱིར་ཕྱོགས་པ་དྲི་མ་དང་བྲལ་ཞིང་དཀར་ལ་དག་པ་སྐྱེ་བར་འགྱུར་རོ། །གཞན་ཡང་དགེ་སློང་དེ་ཚོར་བ་དེ་དག་ལ་ཤིན་ཏུ་རྣམ་ པ་ཕྲ་བ་གཞན་གྱིས་རྟོག་པར་བྱེད་དེ། སེམས་ཅན་ཆེ་གེ་མོ་ཞིག་གི་ཚོར་བ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་ཕྲ་བའམ་རགས་པ་དྲི་མ་ཅན་གཏི་མུག་དང་ལྡན་པ་སྐྱེས་པ་དེ། ཚོར་བ་རགས་པ་ཆེ་གེ་མོ་ཞིག་གིས་བསལ་ཅིང་སྤངས་ཏེ། ལྷག་མ་དང་བཅས་པར་བྱས་སོ། ། རྣ་བའི་ཚོར་བ་དང ། སྣའི་ཚོར་བ་དང ། ལྕེའི་ཚོར་བ་དང ། ལུས་ཀྱི་ཚོར་བ་ཡང་དེ་བཞིན་ནོ། །དགེ་སློང་དེ་དེ་ལྟར་བརྩོན་ཞིང་སྤྲོ་ལ་བདུད་ཀྱི་སྡེ་འཇོམས་པ་ན། ས་བླའི་གནོད་སྦྱིན་དང ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་མངོན་ པར་བསྙད་དོ། །ས་བླའི་གནོད་སྦྱིན་དང ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དེ་དག་དང ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་བསྙད་དོ། །ས་བླའི་གནོད་སྦྱིན་དེ་དག་དང ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དེ་དག་དང ། རྒྱལ་ 68-1-123a པོ་ཆེན་པོ་བཞི་པོ་དེ་དག་དང ། རྒྱལ་ཆེན་བཞིའི་ལྷ་དེ་དག་གིས་ཀྱང་ལྷའི་དབང་པོ་བརྒྱ་བྱིན་ལ་མངོན་པར་བསྙད་དོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ནས་ཡིད་དགའ་བས་འཐབ་བྲལ་གྱི་ལྷ་རྣམས་ལ་མངོན་པར་བསྙད་དེ། སྔ་མ་བཞིན་ནོ། །འཐབ་བྲལ་གྱི་ལྷ་དེ་དག་ཀྱང་བརྒྱ་བྱིན་ལ་དགའ་ནས་རིན་པོ་ཆེ་སྣ་ཚོགས་ཐོགས་ཤིང་ལུས་ལྷའི་ཕྲེང་བ་དང ། སྤོས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། སྒྲ་དང ། རེག་བྱ་དང ། གཟུགས་དང ། དྲི་ཡིད་དུ་འོང་ཞིང་བདེ་བ་དཔེ་མེད་པ། རབ་ ཏུ་དགའ་བའི་ཤུགས་ཀྱིས་དགའ་ལྡན་གྱི་ལྷའི་རིས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་དང ། གཞལ་མེད་ཁང་དང ། གྲོང་ཁྱེར་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་དཔག་ཚད་སྟོང་ཕྲག་བཞི་བཅུ་ཡོད་པ། ཡིད་ཀྱིས་བརྟགས་པ་ཞེས་བྱ་བ་དེར་བྱང་ཆུབ་སེམས་དཔའི་ ཁང་བཟངས་དཔག་ཚད་ཁྲི་ཡོད་པ། ཟག་པ་མེད་པར་འགྲོ་བ་ཞེས་བྱ་བ་དེ་ན་བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་ཅིག་ཏུ་བཞུགས་པ་དེ་ལ་འཐབ་བྲལ་གྱི་ལྷ་དག་ཡིད་རབ་ཏུ་དགའ་ནས་གོས་ཕྱོགས་གཅིག་ཏུ་བགོས་ཏེ། པུས་མོ་ས་ལ་ བཙུགས་མགོ་བཏུད་ཐལ་མོ་སྦྱར་ནས་གསོལ་པ། ལྷ་འདི་ལྟར་འཛམ་བུའི་གླིང་ན་ལས་ཀྱི་ས་ལ་གནས་པ། གྲོང་ཆེ་གེ་མོ་ཞིག་དང ། གྲོང་རྡལ་མང་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ཏུ་རིགས་ཆེ་གེ་མོ་ཞིག་ལས་རིགས་ཀྱི་བུ་ཆེ་གེ་མོ་ཞིག་སྐྲ་དང ། ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་སྤྱོད་པ་ལ་ནན་ཏན་བགྱིད་ཅིང་བླ་མ་ལ་བསྙེན་བཀུར་བགྱིད་པ། ཟག་པ་མེད་པའི་ཆོས་ཀྱི་དེ་ཉིད་ཚོལ་ཞིང་ཚོར་བའི་དེ་ཉིད་མཐོང་བ་ཞེས་བགྱི་བ་ས་གཞན་བཞི་པ་ལ་ཞུགས་ནས་བདུད་ཀྱི་ཕྱོགས་ འཇོམས་པར་བགྱིད་ཅིང་དམ་པའི་ཆོས་ཀྱི་ཟམ་པ་བརྟན་པར་བགྱིད། ཆོས་དཀར་པོ་རབ་ཏུ་སྟོན་པར་བགྱིད་ཅིང ། བདུད་ཀྱི་ཕྱོགས་སྨོད་པར་བགྱིད་ལ། ལྷའི་ཕྱོགས་འཕེལ་བར་བགྱིད་པ་དེ་བདག་ཅག་གིས་ལྷ་རྣམས་ལ་མངོན་པར་གསོལ་ལོ། །འཐབ་བྲལ་གྱི་ལྷ་ 68-1-123b རྣམས་ལ་བྱམས་པས་ལྷའི་ཕྱོགས་འཕེལ་བར་གྱུར་པ་དེ་ཐོས་ནས། ཀྱེ་ལྷ་དག་འདི་ལྟར་གང་བདུད་ཀྱི་ཕྱོགས་དམའ་བར་བྱེད་ཅིང ། དམ་པའི་ཆོས་ཀྱི་ཕྱོགས་མངོན་པར་མཐོ་བར་བྱེད་ལ། ཉོན་མོངས་པ་རྣམས་ལས་རབ་ཏུ་གྲོལ་བར་བྱེད་ཅིང་བདུད་ཀྱི་སྡེ་རྣམ་པར་ འཇོམས་པར་བྱེད་པ་ལ་བདག་རབ་ཏུ་དགའོ་ཞེས་གཏམ་དུ་བྱེད་དོ། །གཞན་ཡང་དགེ་སློང་དེས་ཚོར་བའི་ཚོགས་དྲུག་མདོར་བསྡུས་པ་ཇི་ལྟ་བ་བཞིན་མཐོང་ནས་ཚོར་བའི་ཕུང་པོའི་སའི་ཆོས་ས་གཞན་ལྔ་པ་ལ་ཇི་ལྟར་འཇུག་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ ཀྱི་རྗེས་སུ་ལྟ་ཞིང་གནས་པས་བརྟགས་ན། ཡང་དགེ་སློང་དེ་ཚོར་བའི་དེ་ཉིད་མཐོང་ཞིང་ཚོར་བའི་ཚོགས་དྲུག་གི་ལས་ཀྱི་མཐར་བྱས་ལ། འདུ་ཤེས་ཀྱི་ཕུང་པོ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་ཅིང་མཚན་མར་བྱེད་དོ། །ས་གཞན་འདུ་ཤེས་དང་བཅས་པ་གང་ ཡིན་སྙམ་ན། བདག་ཆོས་དཀར་པོ་དབེན་པ་ལ་སྤྱོད་ཅིང་ཕན་པ་དང་མི་ཕན་པ་ལས་དབེན་པར་སྤྱོད་པའི་འདུ་ཤེས་ཀྱིས་འདུ་ཤེས་སུ་བྱེད་ཅིང ། དེ་ཡང་དག་པར་སེམས་པར་བྱེད་ལ། དེ་ཆོས་དཀར་པོ་མཚན་མར་བྱེད་པ་ནི་འདི་ལྟར་ཐོག་མ་ཉིད་དུ་ཆོས་རྣམས་རབ་ཏུ་རྣམ་པར་ འབྱེད་དེ། དམིགས་པ་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པ་དང ། བསྟན་དུ་མེད་ཅིང་ཐོགས་པའི་འདུ་ཤེས་ཇི་ལྟར་སྐྱེ་བར་འགྱུར་བ་གང་ཡིན་ཞིག་གུ་སྙམ་ནས། དེ་ཤིན་ཏུ་དབེན་པས་འདུ་ཤེས་དེ་ལ་རྟོག་པར་བྱེད་ཅིང་དེ་འདུ་ཤེས་དེས་གཟུགས་རྣམ་པ་བཅུ་གཅིག་ ལ་མཚན་མར་དམིགས་ཏེ། འདི་ལྟ་སྟེ། རིང་བ་དང ། ཐུང་བ་དང ། གྲུ་བཞི་དང ། ཟླུམ་པོ་དང ། ཟུར་གསུམ་དང ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀའོ། །དེ་ལ་འདུ་ཤེས་ཀྱི་མཚན་མས་རིང་པོར་བྱེད་པ་ ནི། ཀྱེ་མ་བྱིས་པ་བློ་ཞན་པ་རྣམས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་སྐྱེ་བ་དང ། འཆི་བ་དང ། ལས་དང ། འབྲས་བུ་དང ། འཆི་འཕོ་དང ། འབྱུང་བ་དང ། སྡུག་པ་དང ། བྲལ་བ་དང ། གྲང་བ་དང ། ཚ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། དུབ་ 68-1-124a པ་དང ། ན་བ་དང ། གཞན་གྱིས་བསྒོ་བ་དང ། བརྙས་པ་དང ། བྲན་གྱི་ངོ་བོ་དང ། གཅིག་ལ་གཅིག་ཟ་བ་དང ། སོགས་པར་བྱེད་ཅིང་དོན་མེད་པར་གྱུར་པ་དཔག་ཏུ་མེད་པ་འདི་ཀུན་ནི་བཟོད་པར་དཀའ་བ་ཡིན་ཏེ། ལུས་དང ། ངག་དང ། ཡིད་ཀྱིས་ཀུན་ནས་བསླངས་པའི་ཉེས་པར་བྱས་པའི་ལས་ཀྱི་བྱེ་བྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་དག་ཡང་དང་ཡང་དུ་ཁྱབ་པར་བྱས་ཤིང་རྣམ་པར་གཙེས་པའི་འཁོར་བ་འདི་ནི་རིང་ངོ་སྙམ་མོ། །དེ་ལ་མིར་གྱུར་པ་རྣམས་ལ་འདོད་ པས་ཉོན་མོངས་ཤིང་གཅིག་ལ་གཅིག་འདྲིད་པ་དང ། གཞལ་བླུགས་དང ། ཤགས་དང ། ཚོང་པ་དང ། རྒྱལ་པོའི་ཕོ་བྲང་དུ་སྟེན་པ་དང ། མཚོ་དང ། ངམ་གྲོག་དང ། ཡུལ་གཞན་དུ་འགྲོ་བ་དང ། འཐབ་མོ་དང ། ཞིང་རྨེད་པ་དང ། ཕྱུགས་སྐྱོང་ བ་དང ། ཀླ་ཀློར་སྐྱེ་བ་དང ། ལོག་པར་ལྟ་བ་དང ། དབང་པོ་མ་ཚང་བ་དང ། དམ་པའི་ཆོས་དང་བྲལ་བ་དང ། སངས་རྒྱས་འབྱུང་བ་དང་བྲལ་བ་དང ། རྐྱེན་མ་ཚང་བ་དང ། མི་ཁོམ་པ་དང ། ཆང་འཐུང་བ་དང ། མ་བྱིན་པར་ལེན་པ་དང ། བརྫུན་དུ་སྨྲ་བ་ དང ། འདོད་པས་ལོག་པར་གཡེམ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ཚིག་ཀྱལ་པ་ལ་ཡིད་རྣམ་པར་ཞེན་པའི་འཁོར་བ་འདི་ནི་རིང་ངོ་སྙམ་དུ་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །ལྷ་རྣམས་ཀྱི་ འཁོར་བ་ཡང་རིང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དེ། ཡུལ་སྡུག་པ། སྒྲ་དང ། རོ་དང ། གཟུགས་དང ། དྲི་ལ་རབ་ཏུ་ཆགས་ཤིང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། བག་མེད་པ་དང ། བུད་མེད་ཀྱི་ཉོན་ མོངས་པ་དང ། དགའ་བའི་ཚལ་དང་།ཡོངས་སུ་འདུ་དང ། རྣམ་པར་མཛེས་པ་དང ། ཤིང་རྟ་སྣ་ཚོགས་དང ། ཚལ་དང ། ནགས་ཚལ་དང ། ལྟེང་ཀ་དང ། དལ་གྱིས་འབབ་པ་དང ། ཀུན་ཏུ་རྩེ་བ་དང ། མེ་ཏོག་དང ། སྤོས་དང ། བདུད་རྩིའི་རོ་དང་ 68-1-124b རྣམ་པ་སྣ་ཚོགས་སུ་རྩེ་བ་དང ། ཁ་ཟས་དང ། གནས་ཁང་ལ་རབ་ཏུ་ཆགས་པ་དང ། ཙན་དན་དང ། ལྷའི་མེ་ཏོག་ཕྲེང་དང ། ཕྱེ་མ་དང ། བྱུག་པ་དང ། མེ་ཏོག་མན་དཱ་ར་བ་དང ། ལྷའི་རོལ་མོ་དང ། ལྷའི་གླུ་དབྱངས་ལ་སེམས་རབ་ཏུ་ཆགས་ ཤིང ། དམ་པའི་ཆོས་ལ་ཁ་ཕྱིར་ཕྱོགས་པའི་ལྷ་རྣམས་ཀྱི་འཁོར་བ་ནི་རིང་ངོ་སྙམ་མོ། །ཡི་དགས་རྣམས་ཀྱི་འཁོར་བ་ཡང་རིང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དེ། ཉེས་པར་བྱས་པའི་ལས་ཀྱིས་འགྲོ་བ་བཀྲེས་པ་དང ། སྐོམ་པ་དང ། དུབ་པ་ དང ། ཉམ་ཆུང་བ་དང ། མེའི་ཆར་རབ་ཏུ་འབབ་པ་དང ། མིད་པ་ཁབ་ཙམ་ལ་ལྟོ་རི་ཙམ་པ་དང ། ལྟོ་རྒལ་བ་ལ་ཞར་བ་དང ། ཕྲག་དོག་དང ། སེར་སྣ་སྐྱེས་ཤིང་གཅིག་ལ་གཅིག་མཚོན་གྱིས་འདེབས་པ་དང ། མུན་ནག་ཏུ་འཇུག་ཅིང་གཡང་སར་རབ་ཏུ་ ལྟུང་བ་དང ། ཆུ་བོ་དང ། ལྟེང་ཀ་དང ། འབབ་ཆུའི་དངོ་དང ། མཚོར་རྒྱུག་པ་དང ། གཤིན་རྗེའི་མིས་རལ་གྲི་དང ། དབྱིག་པ་དང ། གཞོར་དང ། མདུང་གིས་བཏབ་ཅིང་སྡུག་བསྔལ་བ། སྐྱུགས་པ་དང ། ངར་སྣབས་ཀྱི་ཁ་ཟས་ལོ་འབུམ་ཕྲག་དུ་མར་ ཟ་བ། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་མཆི་མ་རབ་ཏུ་འབྱུང་ཞིང་བཟོད་པར་དཀའ་བ། ཡུལ་ངན་བྱུང་ཞིང་གདོང་དང་ལུས་སྐྲས་ཁེབས་པ། ལུས་ལ་སྲིན་བུ་འབུམ་ཞུགས་པ། ལུས་ནད་ཐམས་ཅད་འབྱུང་བའི་གཞིར་གྱུར་ཅིང་ཐེབས་པ། འཁོར་བར་ ཡུན་རིང་དུ་ཞུགས་པ། ལྕགས་ཀྱི་བྱ་རོག་མཆུ་འབར་བ་དག་གིས་མིག་ཕྱུང་བ། ལུས་ཤིང་བསྲེགས་པ་འདྲ་ཞིང་ཕ་རོལ་གྱིས་གནོན་པ། གཅིག་ལ་གཅིག་ཟ་བ། དགོན་པ་དཔག་ཚད་བྱེ་བ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་ཏུ་ཞུགས་པ། མགོན་མེད་ཅིང་ཟས་ དང ། སྐོམ་གྱི་མེས་ལུས་བསྲེགས་པ། མུན་ནག་ཏུ་ཞུགས་པའི་ཡི་དགས་དག་ནི་དམ་པའི་ཆོས་མཉན་པ་ལ་ཁ་ཕྱིར་ཕྱོགས་པ་ཡིན་ཏེ། ལོག་པར་ལྟ་བས་བསླུས་པ་རྣམས་ཀྱི་འཁོར་བ་ནི་རིང་ངོ་སྙམ་དུ་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །གཅིག་ 68-1-125a ལ་གཅིག་ཟ་ཞིང་ཁོང་དུ་ཆུད་པར་བྱ་བ་དང ། ཁོང་དུ་ཆུད་པར་བྱ་བ་མ་ཡིན་པ་ཤེས་པ་ལ་ཁ་ཕྱིར་ཕྱོགས་པ་རྣམས་ནི་ཆུ་དང་ཆུ་ལ་སྤྱོད་པ་རྣམས་རྟག་ཏུ་སྐོམ་པས་གདུངས་ཤིང་སྙིང་ཡོངས་སུ་བསྐམས་པ་དང ། གཟུང་བས་འཇིགས་པ་ཆུ་སྲིན་ བྱིས་པ་གསོད་དང ། ཆགས་བརྐམ་དང ། སྲམ་དང ། རུས་སྦལ་དང ། ཉ་དང ། ཉ་མིད་དང ། ཉ་མིད་མིད་དང ། ཆུ་སྲིན་ཀུམ་བྷི་ར་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། ཆུ་སྲིན་ཉ་ཕྱིས་དང ། ཆུ་སྲིན་དུང་ལ་སོགས་པ་ཆེན་པོ་དང ། ཆུང་ངུ་ རྟག་ཏུ་གཅིག་ལ་གཅིག་ཟ་བ་དང ། དེ་ལས་གཞན་པ་རྒྱས་བཤོར་ཞིང་བཟུང་བས་འཇིགས་པ་རྣམས་དང ། དེ་བཞིན་དུ་སྐམ་ས་ལ་རྒྱུ་བ་རི་དགས་དང ། མ་ཧེ་དང ། ཕག་རྒོད་དང ། གླང་པོ་དང ། ཁྱུ་མཆོག་དང ། རྟ་དང ། བོང་བུ་དང ། བ་ལང་ དང ། རི་དགས་རུ་རུ་དང ། དྲེད་མོ་དང ། བསེ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ཀྱིས་འཆིང་ཞིང་མཚོན་གྱིས་གསོད་པ་དང ། ནད་དང ། རྒ་བ་དང ། འཆི་བས་གཅིག་ལ་གཅིག་གནོད་པ་བརྒྱ་ཕྲག་སྟོང་གིས་ཉེན་པ་རྣམས་དང ། དེ་བཞིན་དུ་ནམ་མཁའ་ ལ་རྒྱུ་བ་བྱ་རོག་དང ། འུག་པ་དང ། ངང་པ་དང ། རྨ་བྱ་དང ། ཁྱིམ་བྱ་དང ། བྱ་ཀོམ་ཥྚི་ཀ་དང ། ཕུག་རོན་དང ། བྱ་དཾ་ཏྱུ་ཧ་དང ། བྱ་ཙ་ཤ་དང ། བྱ་འདབ་བརྒྱ་དང ། བྱ་ཚ་ཡ་བ་ལིན་དང ། བྱ་ཤང་ཤང་ཏེའུ་དང ། བྱ་སན་ཏ་པ་ལ་སོགས་པ་ གཞན་ཡང་བྱའི་རིགས་དག་གསོད་པ་དང ། འཆིང་བ་དང ། བཀྲེས་པ་དང ། སྐོམ་པ་དང ། གཅིག་ལ་གཅིག་ཟ་བ་དང ། གྲང་བ་དང ། ཚ་བས་གནོད་པ་རྣམས་དང ། གནས་གསུམ་ལ་གནས་པ་སྐམ་ས་དང ། ཆུ་དང་བར་སྣང་ལ་རྒྱུ་བའི་དུད་འགྲོར་ གྱུར་པ་རྣམས་ལ་མི་བཟོད་ཅིང་སོ་སོའི་འཇིགས་པ་རྣམས་ཀྱི་འཁོར་བ་ནི་རིང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །དེ་བཞིན་དུ་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ 68-1-125b ཏུ་ཚ་བ་དང ། མནར་མེད་པ་རྣམས་ཀྱི་མི་བཟོད་པ། བསམ་པ་ཤིན་ཏུ་ངན་པ་རྣམས་ཀྱི་སོ་སོའི་འཇིགས་པ་བརྒྱ་སྟོང་དུ་མ་ཡོད་པ། མེ་དང ། མཚོན་དང ། གཡང་ས་དང ། བརྐྱལ་པའི་ཆུ་བོ་དམར་པོའི་ནང་དུ་ལུས་རབ་ཏུ་འཇུག་པ། ལོ་མའི་རལ་གྲིའི་ ནང་དུ་འཇུག་ཅིང་འདབ་མས་སོ་སོར་ཉམས་སུ་མྱོང་བ། བ་ཚཝའི་ཆུའི་ནང་དུ་འཇུག་ཅིང་ས་རབ་ཏུ་འབར་བ་ལ་འགྲོ་བ། སྲེག་པར་བྱེད་པའི་པད་མ་མི་བཟད་པ། གནོད་པར་བྱེད་པ། བཟོད་པར་དཀའ་བ་རྣམ་པ་དུ་མ་མཚུངས་པ་མེད་པའི་སེམས་ཅན་དམྱལ་བ་རྣམས་ཀྱི་འཁོར་ བ་ནི་རིང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །དགེ་སློང་དེ་འདུ་ཤེས་ཀྱི་ཕུང་པོ་རབ་ཏུ་རྣམ་པར་དཔྱོད་པ་ལ་བསྟན་དུ་ཡོད་ཅིང ། ཐོགས་པ་དང་བཅས་པ་ཡུན་རིང་པོའི་གཟུགས་འཕགས་པའི་བདེན་པ་བཞི་ལ་ལས་དང་འབྲས་བུའི་རྒྱུའི་གཞི་དམིགས་པ་ སེམས་ཅན་རྣམ་པ་སྣ་ཚོགས་དཔག་ཚད་བརྒྱ་ཕྲག་སྟོང་གི་འགྲོ་བར་སོང་བ་རྣམས་ལ་ལྟ་བར་བྱེད་ཅིང ། མཚན་མར་བྱེད་ལ། རྣམ་པར་འབྱེད་པར་བྱེད། གཞི་ལ་དམིགས་པའི་འདུ་ཤེས་རབ་ཏུ་གསལ་བས་མཐོང་སྟེ། འཁོར་བ་ལ་ཡིད་འབྱུང་བར་བྱེད་དོ། ། གཞན་ཡང་ཇི་ལྟར་ན་དགེ་སློང་དེ་ཐུང་ངུ་རྣམ་པར་འབྱེད་ཅིང་མངོན་སུམ་དུ་བྱེད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། དགེ་སློང་དེ་བདུད་ཀྱི་སྡེ་རྣམ་པར་འཇིག་པར་ བྱེད་དེ། ཇི་ལྟར་ཐུང་བ་རྣམ་པར་འབྱེད་ཅེ་ན། འཁོར་བ་ཐུང་བའི་བརྟུལ་ཞུགས་དང ། སྡོམ་པ་དང ། སྦྱིན་པ་དང ། ཚུལ་ཁྲིམས་དང ། ཆོག་ཤེས་པ་དང ། བླ་མ་ལ་གུས་པ་དང ། ཡིད་དྲང་བ་དང ། ཡང་དག་པའི་ལྟ་བ་དང ། ཕ་མ་ལ་གུས་པ་ དང ། སངས་རྒྱས་ལ་ཆོས་ཉན་ཅིང་ལྟ་ལ་བསྙེན་བཀུར་བྱེད་པ་དང ། གཡོ་བྱེད་པ་དང ། གཞལ་བླུགས་དང ། འདྲིད་པ་དང ། དགེ་བའི་བཤེས་གཉེན་གྱི་སྤྱོད་པ་མ་ཡིན་པ་སྤོང་བ་དང ། ཕྱུག་པ་དང ། ཡིད་དྲང་བ་དང ། སྙིང་བརྩེ་བ་དང ། ལུས་ 68-1-126a དང ། ངག་དང ། ཡིད་ལས་སུ་རུང་བ་དང་ལྡན་ཞིང་མིའི་སྙིང་དང་ལྡན་པ་རྣམས་ཀྱི་འཁོར་བ་ནི་ཐུང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །དེ་བཞིན་དུ་གང་དག་བག་མེད་པ་ལ་ཞུགས་པ་རྣམས་ཀྱི་དགའ་བའི་ཚལ་དང ། རྣམ་པར་ མཛེས་པ་དང ། ཤིང་རྟ་སྣ་ཚོགས་དང ། ཡོངས་འདུ་དང ། ནགས་ཚལ་དང ། ལྟེང་ཀ་དང ། པད་མ་སྣ་ཚོགས་དང ། རྒྱན་དང ། དོ་ཤལ་དང ། བྲོ་གར་དང ། ཁྲོན་པ་དང ། ཤིན་ཏུ་མཛེས་པའི་དཔག་བསམ་གྱི་ཤིང་དང ། འབབ་ཆུ་དང ། ཆུ་ མིག་ཚག་ཚིག་དང ། ཚལ་དང ། བདུད་རྩི་དང ། ཟས་དང ། གནས་ཀྱི་ཁྱད་པར་དག་སྤངས་ནས། གང་དག་ཚུལ་ཁྲིམས་ཀྱི་རྣམ་པའི་ཟས་བསམ་གཏན་དང། ཀློག་པ་ལ་གནས་ཤིང་ལེགས་པར་ལྟ་ལ་ཁ་ཏོན་དུ་འདོན་པ་དང ། སྦྱིན་པ་དང ། དུལ་བ་དང་ ཡང་དག་པར་སྡོམ་པ་དང ། ཚངས་པར་སྤྱོད་པ་དང ། དབང་པོ་དུལ་བ་དང ། སྨྲ་བའི་ཚིག་ཉུང་བ་དང ། ཆོས་འདོད་པ་དང ། ཞི་བའི་ཟས་ལ་གནས་པའི་ལྷ་གང་ཡིན་པ་དེ་དག་གི་འཁོར་བ་ནི་ཐུང་ངོ ། །ཇི་སྐད་བཤད་པ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་བཀྲེས་པ་ དང ། སྐོམ་པ་དང ། ཁ་སྐམས་པ་དང། ཚལ་ཤིང་བསྲེགས་པ་བཞིན་དུ་དམན་ཞིང་ཞུམ་ལ་སྐྲ་དང ། གདོང་ཤིང་བསྲེགས་པ་ལྟ་བུའི་ལུས་ཅན་གང་ཡིན་པ་དེ་དག་སྡུག་བསྔལ་དུ་མི་བགྲང་བར་གང་དག་སྐད་ཅིག་ཙམ་ཞིག་ཀྱང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དབང་པོ་རབ་ཏུ་དང་བས་དད་པ་ཆུང་ངུ་ཞིག་བྱས་པ་དེ་དག་གི་འཁོར་བ་ནི་ཐུང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །གཅིག་ལ་གཅིག་ཟ་ཞིང་རྡེག་པ་དང ། གྲང་བ་དང ། ཚ་བ་དང ། ཡུལ་ངན་དང ། འཇིགས་པས་འཇིགས་པ་དེ་ དག་གལ་ཏེ་ནུས་ན་སྐད་ཅིག་ཙམ་དུ་རྣམ་པར་གནོད་པ་མི་བགྲང་བར་སྐད་ཅིག་ཙམ་ཞིག་ཀྱང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སེམས་དང་བར་བྱས་པའི་དུད་འགྲོ་དེ་དག་གི་འཁོར་བ་ནི་ཐུང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །ཡང་སོས་ 68-1-126b དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་གང་དག་སྡུག་བསྔལ་ཤིན་ཏུ་གནོད་པ་རྣམ་པ་སྣ་ཚོགས་དེ་དག་སྡུག་ བསྔལ་དུ་མི་བགྲང་བར། གང་དག་སྐད་ཅིག་ཙམ་དུ་ཚུལ་ཁྲིམས་ལ་སེམས་དད་པར་བྱེད་པའི་སེམས་ཅན་དམྱལ་བ་དེ་དག་གི་འཁོར་བ་ནི་ཐུང་བར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དེ། དེ་དེ་ལྟར་འཁོར་བ་ཐུང་བར་སེམས་སོ། །འཁོར་བ་གྲུ་བཞི་པོ་ཇི་ལྟ་བུ་ཞིག་ སྙམ་ན། དེ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་བདག་གི་བ་མེད་ཅིང་བདག་ཏུ་ང་རྒྱལ་མེད་ལ་ངེས་པར་གོང་དུ་འགྲོ་བ་དེ་རྣམས་ཀྱི་འཁོར་བ་ནི་གྲུ་བཞི་པོ་ཡིན་པར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་མི་ཤེས་ པས་ཡོངས་སུ་འགྱུར་ཞིང ། སེམས་བཟང་པོ་མ་ཡིན་པའི་རྗེས་སུ་འཇུག་པའི་འཁོར་བ་ནི་ཟླུམ་པོ་ཡིན་པར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་སོ། །དགེ་བ་དང ། མི་དགེ་བ་དང ། ལུང་དུ་མ་བསྟན་པའི་ལས་འདྲེན་མ་དག་ནི་སེམས་ཅན་དམྱལ་བ་དང ། ལྷ་དང ། འདྲེན་མ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ལ་མི་དགེ་བའི་ལས་ཀྱིས་ནི་སེམས་ཅན་དམྱལ་བ་རྣམས་སུའོ། །དགེ་བའི་ལས་ཀྱིས་ནི་ལྷ་རྣམས་སུའོ། །འདྲེན་མས་ནི་མི་རྣམས་སུ་སྐྱེ་སྟེ། ལས་གསུམ་ཉེ་བར་འགྲོའོ། །གང་དག་གནས་གསུམ་གྱི་སྐྱེ་ བར་སྐྱེས་པ་དེ་རྣམས་ཀྱི་འཁོར་བ་ནི་ཟུར་གསུམ་པོ་ཡིན་པར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །རྒྱལ་ཆེན་བཞི་པ་དང ། འཐབ་བྲལ་གྱི་ལྷ་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལས་ལྟ་བུར་སྐྱེས་པའི་ལྷ་དག་ལས་ཤི་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། གང་དག་མི་ལས་ཤི་ནས་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མི་ཁོམ་པ་མེད་པའི་ས་དེ་དག་གི་འཁོར་བ་ནི་ཟླུམ་པོ་ཡིན་པར་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །ལས་དམར་པོས་ཡོངས་སུ་བཟུང་བ་དག་ནི་དུད་འགྲོ་ཡིན་ཏེ། དེ་དག་ཀྱང་གཅིག་ལ་ 68-1-127a གཅིག་ཟ་ཞིང་དམར་པོ་ལ་དགའ་བའི་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པར་བྱེད་དོ། །ལས་ཁ་དོག་དཀར་པོས་ཡོངས་སུ་བཟུང་བ་ནི་ལྷ་དང་མི་ཡིན་ཏེ། གཙང་ཞིང་དགེ་བའི་ལས་ཀྱི་ལམ་རིན་པོ་ཆེ་ལས་བྱུང་བའི་རིམ་གྱིས་ལྷ་དང་མིར་སྐྱེ་བ་འཛིན་ཏེ། ལྷ་འཆི་བ་ན་དེ་ལ་ལྷ་དག་བདེ་འགྲོ་མིའི་འཇིག་རྟེན་དུ་བཞུད་ཅིག་ཅེས་སྨྲའོ། །དེ་བཞིན་དུ་མི་འཆི་བ་ན་གཉེན་དང ། མཛའ་བཤེས་དང ། ཆུང་མ་དག་མིག་མཆི་མས་གང་ཞིང་ངོ་མ་ཟུང་གནག་པ་དག་བདག་ཅག་ཐོང་ལ་བདེ་འགྲོ་མིའི་འཇིག་རྟེན་དགྱེས་པར་བཞུད་ ཅིག་ཅེས་སྨྲའོ། །དེ་འདི་སྙམ་དུ་སེམས་ཏེ། མི་དེ་ཉིད་ཐོབ་ཀྱང་གང་དགེ་བ་དང ། སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་རབ་ལ་བརྩོན་འགྲུས་མེད་པ་དེ་ནི་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་དགོན་པར་གཙེས་ཤིང་ཡོངས་སུ་ འཁྱམ་སྟེ། སོ་སོའི་སྐྱེ་བོ་ནི་ལས་ཀྱི་ལམ་གྱིས་བསླུས་ཤིང་ཆུད་གཟན་པ་ཡིན་ནོ་སྙམ་མོ། །དགེ་སློང་དེ་ཚོར་བའི་དེ་ཉིད་མཐོང་བ། འདུ་ཤེས་ཀྱི་ཕུང་པོ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་དམིགས་པའི་དེ་ཉིད་མཐོང་བ་ནི་འདི་ལྟར་དེ་ཉིད་ཚོལ་བར་བྱེད་དེ། མིག་དང ། གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ། །གསུམ་འདུས་པ་ལས་རེག་པ་བརྗོད་པའི་འདུ་ཤེས་རྣམ་པར་འབྱེད་དེ། གཟུགས་མཐོང་ན་བཟང་བ་དང ། མི་བཟང་བ་དང ། ཉེ་བ་དང ། བསྐལ་པ་དང ། རིང་བ་དང ། ཐུང་བ་དང ། གྲུ་བཞི་ དང ། ཟླུམ་པོ་དང ། དཀར་པོ་དང ། ཟུར་གསུམ་དང ། གཟུགས་ཀྱི་དབྱིབས་འདུ་ཤེས་ཀྱིས་ཡང་དག་པར་རྣམ་པར་འབྱེད་ཅིང་མཚན་མར་བྱེད་ལ་གཞི་ལ་ལྟ་བར་བྱེད་དོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་གཞི་འདུ་ཤེས་སུ་བྱེད་ཅིང་རྣམ་པར་ འབྱེད།དགེ་བ་དང ། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཤིན་ཏུ་འབྱེད་ཅིང་མངོན་སུམ་དུ་བྱེད་དོ། །རྒྱུ་དང་ལྡན་པ་ལ་དམིགས་ཤིང ། རྒྱུ་མ་ཡིན་པ་དང་ལྡན་པ་ཤེས་ནས་རྣམ་པར་སྤོང་བར་བྱེད། ཕན་པ་དང ། མི་ཕན་པའི་མཚན་ཉིད་མི་འདྲ་བ་འདས་པ་ལ་ 68-1-127b འདུ་ཤེས་སུ་བྱེད་དེ། ཇི་ལྟར་འདིས་བདག་གི་བྱས་པ་ཉེས་པ་བྱས་པའི་འདུ་ཤེས་ཀྱིས་འདུ་ཤེས་པར་བྱེད་དེ། སྔ་མ་བཞིན་ནོ། །གལ་ཏེ་འདུ་ཤེས་མེད་ན་དྲན་པ་ཡང་མེད་དེ། དྲན་པ་དེ་དང་འདུ་ཤེས་སུ་འབྲེལ་བ་ནི་དེའི་དམིགས་པ་ཡིན་ཞིང་དེའི་རྐྱེན་ཡིན་ཏེ། དཔེར་ན་འོད་དེའི་རྐྱེན་དེའི་གཞི་དེའི་རྒྱུ་མར་མེ་ཡིན་པ་དེ་བཞིན་དུ་དྲན་པ་ནི་འདུ་ཤེས་ཀྱི་རྒྱུ་འདུ་ཤེས་རབ་ཏུ་བྱུང་བ་འདུ་ཤེས་ཀྱི་བདག་པོ་ཡིན་ནོ་སྙམ་མོ། །དགེ་སློང་དེ་ས་གཞན་ལྔ་པ་འདུ་ཤེས་སུ་རེག་པ་ཞེས་བྱ་བ་ལ་འཇུག་སྟེ། དེ་ཡང་དག་པའི་ཚོར་བ་བདེ་བ་ལ་འདུ་ཤེས་ སུ་བྱེད་ཀྱང་དེ་ལ་དགའ་བ་མེད་ལ་སེམས་ཅན་དམྱལ་བ་རྣམས་ཀྱི་ལས་བྱས་པ་སྡུག་བསྔལ་དེ་ཡང་འཇིགས་པ་མེད་པར་དེ་མཚུངས་པར་རྟོག་སྟེ། གསེར་བཟང་པོ་བཞིན་ནོ། །དགེ་སློང་འདུ་ཤེས་ཅན་དེ་འདུ་ཤེས་ཀྱི་རྣམ་པ་གཞན་གྱིས་རྟོག་པར་བྱེད་དེ། དེ་འདུ་ཤེས་ ལས་རྣམ་པར་གྲོལ་ཞིང་རྟོག་པར་བྱེད་པ་གཞན་མ་ཡིན་པ་བདག་གི་འདུ་ཤེས་ཀྱི་རྐྱེན་ནི་གང་ཡིན། རྒྱུ་ནི་གང་ཡིན་གཞི་ནི་གང་ཡིན་སྙམ་མོ། །དེ་འདུ་ཤེས་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། རྐྱེན་ཚོགས་པ་དེས་འདི་སྐྱེ་ཞིང་དེ་འགོག་པ་ལས་འགག་པར་ འགྱུར་ཏེ། དཔེར་ན་ཟླ་བ་ལ་ཡང་བརྟེན། ཆུ་ཤེལ་ལ་ཡང་བརྟེན་ནས། ནོར་བུ་ཆུ་ཤེལ་ལས་ཆུ་དང་བ་འབྱུང་བ་དེ་བཞིན་དུ་རྒྱུ་དང་རྐྱེན་ལ་བརྟེན་ནས་འདུ་ཤེས་འབྱུང་བར་འགྱུར་ཏེ། འདུ་ཤེས་འདི་ནི་རྒྱུ་མེད་པ་ལས་འབྱུང་བ་མ་ཡིན་ཞིང ། བྱེད་པ་པོ་དང་ཚོར་ བ་པོས་མ་བྱས། འདོད་རྒྱལ་བས་མ་བྱུང་བར་འདི་སྐྱེའོ་སྙམ་མོ། །དགེ་སློང་དེ་འདུ་ཤེས་ཀྱི་ཕུང་པོའི་དེ་ཉིད་ཚོལ་བ་ཡིན་ཏེ། དེ་འདུ་ཤེས་ཀྱི་དེ་ཉིད་མཐོང་ཞིང་དེ་སྐྱེ་བ་དང་།འཇིག་པའི་དེ་ཉིད་ཤེས་པ་རིམ་པ་ཤིན་ཏུ་ཕྲ་མོས་ཚོལ་བ་ཡིན་ནོ། །ཆུ་བོའི་རྒྱུན་ འབབ་པ་ལྟར་འདུ་ཤེས་ལ་ཞུགས་པ། རྒྱུ་དང་རྐྱེན་གྱི་དབང་གིས་དགེ་བ་འབྱུང་བ། རྒྱུ་དང་རྐྱེན་གྱི་དབང་གིས་མི་དགེ་བར་འགྱུར་བར་སྐྱེས་སོ། །དེ་ཡང་སེམས་སྤྲེའུ་ལྟ་བུ་ཉམས་པས་ལུང་དུ་མ་བསྟན་པ་འགྱུར་བ་ལུང་དུ་མ་བསྟན་པ་སྐྱེས་སོ། །དེ་བདེ་ 68-1-128a བའི་འདུ་ཤེས་ལ་བདེ་བར་མི་ལྟ་སྟེ། ཟག་པ་མེད་པའི་བདེ་བ་ལ་བདེ་བར་འདུ་ཤེས་ཤིང་བདེ་བ་ལ་ཡང་བདེ་བ་མ་ཡིན་པར་འདུ་ཤེས་ཏེ། བདེ་བ་དེ་དག་ནི་ཆུང་ངུར་འདུ་ཤེས་སོ། །ཇི་ལྟར་ན་བདེ་བའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་ཕུང་ པོ་སྐྱེ་བ་དང ། འགོག་པར་ལྟ་ཞིང་ཚོར་བ་དག་ལ་ཡང་མངོན་པར་ཆགས་པ་མེད་ཅེ་ན། ཚོར་བ་ནུབ་པ་དེས་འདུ་ཤེས་མངོན་པར་དགའ་བ་མེད་ཅིང་འདུ་ཤེས་ནུབ་པ་དེས་འདུ་བྱེད་རྣམས་འབྱུང་བར་འདོད་པ་མེད་དེ། གནས་པ་མེད་ཅིང་འཇིག་པ་མེད་ལ་གཞན་དུ་འགྱུར་ བ་མེད་པའི་རྣམ་པར་ཤེས་པ་འབྱུང་བ་ལ་མངོན་པར་འདོད་པ་མེད་དོ། །གནས་པ་མེད་ཅིང་འཇིག་པ་མེད་ལ། གཞན་ལ་འགྱུར་བ་མེད་པའི་ངོ་བོ་འདི་ནི་དགེ་སློང་ཕུང་པོའི་དེ་ཉིད་ཤེས་པ་ཡིན་ཏེ། བདུད་ཀྱི་ཡུལ་ལ་མི་གནས་ཤིང ། འདོད་ཆགས་ཞེ་སྡང་གཏི་མུག་ རྣམས་ཀྱིས་གནོད་པ་མེད་པ་ཡིན། དེ་རྟག་པ་དང ། བདེ་བ་དང ། གཙང་བ་དང ། བདག་ཏུ་ལྟ་བ་མ་ཡིན། འཁོར་བ་ན་སྒྲ་དང ། རེག་པ་དང། གཟུགས་དང ། དྲི་སྡུག་པ་དྲ་བའི་ཞགས་པ་ལྟ་བུ་དག་གིས་འཆིང་བར་མི་འགྱུར་ཞིང་དྲན་པ་ཉམས་པར་མི་འགྱུར་ ཏེ། དེ་དྲན་པ་ཉེ་བར་གནས་པ་རྣམ་པར་ཤེས་ཤིང་ཟག་པ་ཟད་པར་བྱ་བ་ནུས་ལ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །འདིར་ཚིགས་སུ་བཅད་པ། དགེ་སློང་བརྩོན་འགྲུས་ཞན་པ་དང ། །ལེ་ལོ་བྱེད་ཅིང་ལྟ་བ་ལ། །གང་ཞིག་རྟག་ཏུ་ སྤྲོ་དགའ་མེད། །དེ་ལྟ་བུ་ནི་དགེ་སློང་ཡིན། །མལ་ཆ་སྟན་ལ་ལོངས་མི་སྤྱོད། །དགེ་སློང་ཡིན་ཞེས་སངས་རྒྱས་གསུངས། །གང་ཞིག་ལེ་ལོ་མངོན་དགའ་བ། །དེ་ནི་དགེ་བའི་འོས་མིན་ནོ། །ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་ གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ནི་མེད་པ་ཡིན། །བགོ་བ་ཙམ་གྱིས་ཆོག་འཛིན་པ། །དེ་ནི་དགེ་སློང་ཡིན་ཞེས་བརྗོད། །གང་གི་བློ་གྲོས་བརྗོད་མེད་ཅིང ། །བསམ་གཏན་མེད་ལ་ཟག་ཟད་མེད། །ཆ་བྱད་ཙམ་གྱིས་ཆོག་ 68-1-128b འཛིན་པ། །དེ་ལྟ་བུ་ནི་དགེ་སློང་མིན། །གཙུག་ལག་ཁང་དང་ཀུན་དགར་བརྩོན། །ཆོས་ཀྱི་སྤྱོད་ཡུལ་དགའ་མེད་ཅིང ། །བུད་མེད་ཆང་ལ་ཆགས་པའི་བློ། །དེ་ལྟ་བུ་ནི་དགེ་སློང་མིན། །གང་ཞིག་བདུད་ཀྱི་འཆིང་གཅོད་དང ། །སྡིག་པའི་ ལས་དག་གཅོད་བྱེད་ལ། །།དགེ་འདུན་སྤྱོད་ཡུལ་མི་སྤྱོད་པ། །དེ་ནི་དགེ་སློང་སངས་རྒྱས་གསུངས། །སྦྲུལ་གདུག་དང་ནི་ཏ་མྲ་དག་།སྨིན་པ་ཟ་བ་ཉིས་ན་རུང ། །ཚུལ་ཁྲིམས་འཆལ་ན་དགེ་འདུན་གྱི། །བཟའ་བཏུང་སྤྱོད་པ་མི་རུང་ངོ ། །གང་ ཞིག་ཉོན་མོངས་འདུས་པ་ནི། །དེ་ནི་བསོད་སྙོམས་འོས་མིན་ཞིང ། །དེ་ནི་བསོད་སྙོམས་རིགས་མིན་ཏེ། །དེ་ནི་དམྱལ་བའི་འོས་ཡིན་ནོ། །སྦྲུལ་གདུག་ཁུང་ན་འདུག་ལྟ་བུའི། །ཉོན་མོངས་གང་གིས་བཅོམ་ཞིང་སྤངས། །དགེ་སློང་དེ་ནི་བསོད་ སྙོམས་སྤྱོད། །དེ་ནི་བུད་མེད་ལྟ་བ་མེད། །གལ་ཏེ་བདག་ཉིད་གཏར་བཞག་ཅིང ། །སྡིག་པ་རྣམས་ལ་ཆགས་པ་ནི། །དགེ་འདུན་རིན་ཆེན་སུན་བྱེད་པ། །དེ་ནི་དགེ་སློང་ཇི་ལྟར་ཤེས། །གང་ཞིག་རྙེད་དང་བཀུར་སྟི་དང ། །གང་ཞིག་ཡུལ་སྡུག་སེམས་ བྱེད་ལ། །བུད་མེད་ལྟ་ཞིང་དེ་འདོད་པ། །དགེ་མིན་ཁྱིམ་མིན་གཡོན་ཅན་ཡིན། །ཇི་ལྟར་མེ་ཡིས་ཚལ་བསྲེགས་བཞིན། །གང་གིས་ཉོན་མོངས་ཚལ་བསྲེགས་པ། །བྲམ་ཟེ་དེ་ཡིན་དེ་དགེ་ཞིང ། །སྡིག་པའི་ཟས་ལ་མི་ཆགས་སོ། །རྟག་པར་གྲོང་ དུ་འགྲོ་སྤྲོ་ཞིང ། །གཡོན་ཅན་རྟག་ཏུ་ཁྲུས་བྱེད་པ། །རྨོངས་པ་བདག་དང་གཞན་སླུ་སྟེ། །དམ་ཆོས་ལམ་ལ་རྨོངས་པ་ཡིན། །ཡིད་ནི་ཞི་ཞིང་དགོན་པ་རུ། །རྟག་ཏུ་བསམ་གཏན་ཕ་རོལ་འགྲོ། །བྲམ་ཟེ་དེ་ཡིན་དེ་དགེ་ཞིང ། །དགེ་བའི་ལམ་གྱི་ སྤྱོད་ཡུལ་ཡིན། །དགོན་པ་དག་ཏུ་དགའ་བྱེད་པ། །དེར་ནི་འདོད་ཆགས་བྲལ་བ་དགའ། །འདོད་པ་ཚོལ་བའི་ཡིད་དག་ནི། །དེར་ནི་དགའ་བར་མི་འགྱུར་རོ། །གང་ཞིག་འབེལ་བའི་གཏམ་དགའ་ཞིང ། །ཡུལ་གྱི་སྲེད་པས་མངོན་དགའ་བ། །གང་ན་འཆི་ 68-1-129a བ་མེད་པ་ཡི། །ཞི་བའི་གྲོང་དུ་མི་འགྲོའོ། །རྒྱལ་པོ་བསྟེན་ཅིང་ཟས་དང་སྐོམ། །ཤིན་ཏུ་ཞིམ་འདོད་རྟག་ཁྲོ་བ། །མིང་གི་དགེ་སློང་གཡོ་ཐབས་ཀྱིས། །གང་དག་རྒྱལ་པོའི་སྒོར་འདུག་ཅིང ། །ཁྱིམ་པ་དག་དང་ཉེ་རྩོམ་བཅས། །དེ་ ནས་དེ་དག་སུན་འབྱིན་ཅིང ། །སྦྱིན་བདག་བདེན་སེམས་སླུ་བར་བྱེད། །ཇི་ལྟར་གླང་ཆེན་ཚལ་གནས་བཞིན། །གང་དག་བུ་སྨད་ཡོངས་སྤངས་ནས། །ཞི་བའི་ཚལ་ན་གནས་པ་ནི། །དེ་དག་སྲེད་སྤངས་བསམ་པ་མཉམ། །དགེ་སློང་དེ་ཉེས་པ་དེ་ དག་སྤངས་ནས་དེ་ཉིད་མཐོང་བ་དེ་ལས་གཞན་པ་གཟུགས་ལ་སོགས་པ་ཕུང་པོའི་དེ་ཉིད་མཐོང་བ། ཐར་པ་ལ་འབད་ཅིང་སྤྱོད་དེ། བླ་མ་ལ་ཡོངས་སུ་འདྲི། ལམ་དང་ལམ་མ་ཡིན་པའི་དེ་ཉིད་ཤེས་ཤིང ། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཐར་པའི་ གྲོང་ཁྱེར་དེ་ཚོལ་བ་ནི་ལམ་བརྩོན་པའི་ངང་ཚུལ་ཅན་མཉམ་པར་ལྟ་ཞིང་དྲི་མ་མེད་པའི་སེམས་དང ། ཞི་བའི་སེམས་ཀྱིས་ལམ་དེ་ཀུན་ཏུ་སྟེན་ཅིང་སྒོམ་སྟེ་མང་དུ་བྱེད་དོ། །དེ་ཟག་པ་མེད་པའི་ལས་ཀྱི་ལམ་གྱི་དགེ་བ་དང་ཡང་དག་པར་ལྡན་པ་དེས་བདུད་ཀྱི་ཕྱོགས་ནི་ དམས་པར་བྱེད་ཅིང་དམ་པའི་ཆོས་ཀྱི་ཕྱོགས་ནི་འཕེལ་བར་བྱེད་དོ་ཞེས་ས་བླའི་གནོད་སྦྱིན་དག་གིས་ཤེས་ནས། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་ རྒྱལ་ཆེན་བཞི་པ་ནས་སྔ་མ་བཞིན་དུ་སྦྱར་ཏེ། འཐབ་བྲལ་དང་དགའ་ལྡན་གྱི་ལྷ་དག་གིས་དགའ་ལྡན་གྱི་གནས་ན་བྱམས་པ་བཞུགས་པའི་བར་ལ་མངོན་པར་བསྙད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གཅིག་ཅིག་མཆོག་ཏུ་དགའ་ཆེས་ནས། གཞན་འཕྲུལ་དབང་ བྱེད་ཀྱི་ལྷ་རྣམས་ལ་མངོན་པར་བསྙད་དེ། འཛམ་བུའི་གླིང་དུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་པ་ནས་སྔ་མ་བཞིན་དུ་སྦྱར་ཏེ། དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡིད་མཆོག་ཏུ་དགའ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ 68-1-129b རོ། །དེ་ནས་གཞན་ཡང་དགེ་སློང་དེས་གཞན་ལྔ་པ་ལ་ཇི་ལྟར་འཇུག་ཅིག་གུ་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། སྐྱེ་མཆེད་གཟུགས་ཅན་བཅུ་ལ་ རྟོག་པར་བྱེད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང ། གཟུགས་ཀྱི་སྐྱེ་མཆེད་དང ། རྣ་བའི་སྐྱེ་མཆེད་དང ། སྒྲའི་སྐྱེ་མཆེད་དང ། སྣའི་སྐྱེ་མཆེད་དང ། དྲིའི་སྐྱེ་མཆེད་དང ། ལྕེའི་སྐྱེ་མཆེད་དང ། རོའི་སྐྱེ་མཆེད་ དང ། ལུས་ཀྱི་སྐྱེ་མཆེད་དང ། རེག་བྱའི་སྐྱེ་མཆེད་དེ། སྐྱེ་མཆེད་གཟུགས་ཅན་བཅུ་པོ་དེ་དག་ལ་རྟོག་པར་བྱེད་དོ། །བདག་གི་མིག་གི་སྐྱེ་མཆེད་ལ་ཡང་བརྟེན། གཟུགས་ཀྱི་སྐྱེ་མཆེད་ལ་ཡང་བརྟེན་ནས་འདུ་ཤེས་སུ་ཇི་ལྟར་འགྱུར་ཞེ་ན། མིག་ལ་ཡང་བརྟེན་གཟུགས་ལ་ཡང་བརྟེན་ནས། མིག་ གི་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། །གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པ་ཚོར་བ་དང ། འདུ་ཤེས་དང ། སེམས་པ་འབྱུང་ངོ ། །དེ་ལ་ཚོར་བ་གང་ཡིན་པ་དེ་ནི་མྱོང་བའོ། །སེམས་པ་གང་ཡིན་པ་དེ་ནི་སེམས་པར་བྱེད་པའོ། ། དེ་ལ་འདུ་ཤེས་གང་ཡིན་པ་དེ་ནི་ཤེས་པ་ཡིན་ཏེ། འདི་ལྟར་གཟུགས་འདི་ནི་རིང་པོ། གཟུགས་འདི་ནི་ཐུང་ངུ ། གཟུགས་འདི་ནི་སྡུག་པ། གཟུགས་འདི་ནི་མི་སྡུག་པ། གཟུགས་འདི་ནི་བསྟན་དུ་ཡོད་པ། གཟུགས་འདི་ནི་ཐོགས་པ་དང་བཅས་པ། གཟུགས་འདི་ནི་བསྟན་དུ་མེད་ པ། གཟུགས་འདི་ནི་ཐོགས་པ་མེད་པ་ཞེས་རྣམ་པར་རིག་བྱེད་མ་ཡིན་པའི་བར་རྣམ་པ་བཅུ་གཅིག་པོ་འདི་ནི་འདུ་ཤེས་ཀྱི་གཟུགས་སུ་རྣམ་པར་དབྱེ་སྟེ། དེ་ལྟར་གསུམ་འདུས་པ་ལས་རེག་པ་སྐྱེའོ། །དེ་རེག་པ་དང་ལྷན་ཅིག་ སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་འབྱུང་སྟེ། དེ་ལ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་མྱོང་བའི་དོན་ནི་ཚོར་བའི་དོན་ནོ། །འདུ་ཤེས་ཀྱི་དོན་ནི་ཚོར་བའི་ཚེ་ཡང་དག་པར་ཤེས་པ་ཡིན་ཏེ། ཆོས་འདི་དག་ 68-1-130a ལ་ཡིད་འཇུག་པ་སྐྱེ་བའི་མཚན་ཉིད་མི་འདྲ་ཞིང་ངོ་བོ་ཉིད་མི་འདྲ་བ་ཡིན་ཏེ། དཔེར་ན་ས་ཆེན་པོ་བཅུའི་ཆོས་ལྟ་བུའོ། །སེམས་པའི་མཚན་ཉིད་མི་འདྲ་བ་ཡང་དེ་བཞིན་ཏེ། རྣམ་པར་རྟོག་པས་ཡིད་ལ་བྱེད་པ་དང ། དཔྱོད་པ་དང ། དྲན་པ་དང ། ཚོར་བ་དང ། འདུ་ཤེས་དང ། སེམས་པ་དང ། རེག་པ་དང ། བརྩོན་འགྲུས་དང ། ཏིང་ངེ་འཛིན་དེ་དག་ནི་དམིགས་པ་གཅིག་ལ་མཚན་ཉིད་མི་འདྲ་བ་ཉིད་ཡིན་ནོ། །དེ་བཞིན་དུ་ཚོར་བའི་མཚན་ཉིད་ཀྱང་མི་འདྲ་ཞིང་དེ་བཞིན་དུ་འདུ་ཤེས་ཀྱི་མཚན་ཉིད་ཀྱང་མི་འདྲ་ བ་ཡིན་ཏེ། དཔེར་ན་ཉི་མའི་གཞི་གཅིག་ཡིན་ཀྱང་འོན་ཀྱང་འོད་ཀྱི་ངོ་བོ་ཐ་དད་པ་དེ་བཞིན་དུ་ཚོར་བའི་ངོ་བོ་ཉིད་ཀྱང་གཞན་ཡིན་ལ། སེམས་པའི་ངོ་བོ་ཉིད་ཀྱང་གཞན་ཡིན་ནོ། །དེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང ། འདུ་ཤེས་དང ། སེམས་ པའི་དེ་ཁོ་ན་ཉིད་ཤེས་ནས། མིག་འདི་ནི་གསོག་ཏུ་མཐོང ། གསོབ་ཏུ་མཐོང ། སྙིང་པོ་མེད་པར་མཐོང་ངོ ། །ཡང་དག་པར་མཐོང་བའི་དགེ་སློང་དེ་ནི་ལམ་གྱི་དེ་ཁོ་ན་ཉིད་ཤེས་ནས་ལོག་པར་ལྟ་བ་སྤངས་ཏེ། །དེ་ཡང་དག་པའི་ལྟ་བ་སྔོན་དུ་བཏང་བས་དེ་ མིག་དང་ལྷན་ཅིག་སྐྱེས་པའི་འདུ་ཤེས་ཀྱི་གཏི་མུག་རྙོག་པ་ཅན་གྱི་ངོ་བོ་ཉིད་དུ་གྱུར་པ་སྤོང་ངོ ། །ཤའི་གོང་བུའི་དེ་ཁོ་ན་ཉིད་མཐོང་སྟེ། ཚིལ་དང ། རྣག་དང ། ཁྲག་དང་།མཆི་མའི་གནས་ཡིན་པར་རིག་ནས། འདོད་ཆགས་སྤོང་ཞིང་མི་རྟག་པར་རིག་ ནས་རྟག་པར་མི་ལྟ་བ་ཡིན་ལ། རུས་པའི་བུ་གའི་ནང་ན་ཤའི་གོང་བུ་ཡོད་པར་རིག་ནས་འདོད་ཆགས་དང་བྲལ་བར་འགྱུར། རྒྱུས་པས་སྦྲེལ་བར་རིག་ཅིང་མིག་གི་སྐྱེ་མཆེད་འདི་ནི་གཅིག་ལ་གཅིག་འབྲེལ་བར་རྟོགས་ཏེ། འདི་ལ་སྙིང་པོ་མེད་ཅིང་བདག་མེད་པར་ རིག་ལ། མདོར་ན་མིག་འདི་ནི་སྡུག་བསྔལ་དུ་གྱུར་པ་ཡིན་ནོ་ཞེས་རྣམ་པར་ཤེས་ཤིང་མཐོང་ནས། མིག་གི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་མིག་གི་སྐྱེ་མཆེད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ཤིང་གཟུགས་ལ་རྣམ་པར་དཔྱོད་པར་བྱེད་དེ། 68-1-130b གལ་ཏེ་ཡང་དག་པ་མ་ཡིན་པའི་གཟུགས་འདི་སྡུག་པ་དང ། མི་སྡུག་པ་དང ། ལུང་དུ་མ་བསྟན་པ་ཡོངས་སུ་རྟོག་སྟེ། ཅི་འདི་ལ་སྙིང་པོ་ཡོད་དམ། ཅི་གཙང་ངམ། ཅི་རྟག་གམ། ཅི་བདེ་བ་ཡོད་དམ་སྙམ་མོ། །དེ་གཟུགས་ལྟ་ཞིང་ཤེས་ཏེ། རྟོག་ པས་གཟུགས་སུ་མི་དམིགས་ཏེ། འདི་ལ་སྙིང་པོ་མེད་དོ། །གཟུགས་སྡུག་པ་དང ། མི་སྡུག་པ་འདི་ནི་ཀུན་ཏུ་རྟོག་པ་ཙམ་སྟེ། འདི་ལ་སྡུག་པ་དང ། མི་སྡུག་པའི་ངོ་བོ་ནི་མེད་ལ། སྡུག་པ་དང ། ཁོང་ཁྲོ་བ་ཁོ་ནར་ཀུན་ཏུ་རྟོག་པས་བཟུང་བའི་ འཇིག་རྟེན་འདི་ནི་སྡུག་པ་དང་སྡང་བར་སེམས་སོ་སྙམ་མོ། །དེ་མིག་གི་སྐྱེ་མཆེད་མཐོང་ནས། རྣ་བའི་སྐྱེ་མཆེད་ལ་ལྟ་བར་བྱེད་དེ། དེ་སྒྲ་ལ་སོ་སོར་རྟོག་གོ། །སྒྲ་སྐྱེས་པ་དབང་པོའི་ཡུལ་ལ་འཇུག་སྟེ། དེས་རྣ་བ་ལ་ཡང་བརྟེན། སྒྲ་ལ་ཡང་བརྟེན། དེ་སྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་ བརྟེན་ནས། རྣ་བའི་རྣམ་པར་ཤེས་པ་སྐྱེ་སྟེ། གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་འབྱུང་ངོ ། །དེ་ལ་རེག་པ་དང ། ལྷན་ཅིག་སྐྱེས་པ་གང་གིས་མྱོང་བར་བྱེད། དེ་ལ་རེག་པ་དང་ལྷན་ ཅིག་བྱུང་བའི་འདུ་ཤེས་གང་གིས་ཀུན་ཏུ་ཤེས་པར་བྱེད།། རེག་པ་དང་ལྷན་ཅིག་བྱུང་བའི་སེམས་གང་གིས་སེམས་པར་བྱེད་སྙམ་ན། འདུ་ཤེས་ནི་འདི་ལྟ་སྟེ། འདི་ནི་རིང་ངོ་སྙམ་པའི་མཚན་ཉིད་དོ། །སྒྲ་འབྱུང་བའི་རྐྱེན་འདི་ལས་སྐྱེས་པའི་སྒྲ་མི་གསལ་བ་དང་ ཆུང་བ་དང ། ཆེན་པོར་སྙན་པ་དང་མི་སྙན་པ་འདི་འབྱུང་སྟེ། དེ་སྒྲ་བྱུང་བ་དེ་ལ་སོ་སོར་རིག་པར་བྱེད་ཅིང་ཡང་དག་པར་སེམས་པར་བྱེད་ལ་འདུ་ཤེས་ཀྱིས་རྣམ་པར་འབྱེད་པར་བྱེད། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱེད་ཅིང་ཚོར་བས་ཤེས་པར་བྱེད་ལ། སོམ་ ཉིས་རྣམ་པར་དཔྱོད་པར་བྱེད་དོ། །དེ་རྣ་བའི་སྐྱེ་མཆེད་ལ་མངོན་པར་ཞེན་པ་ན་རྟོག་པར་བྱེད། རྟོག་པ་ན་རྣམ་པར་དཔྱོད་པར་བྱེད། རྣམ་པར་དཔྱོད་པ་ན་སོ་སོ་ཡང་དག་པར་རིག་པར་བྱེད་དེ། འདི་ལ་སྒྲ་ངོ་བོ་ཉིད་ཀྱིས་སྙན་པའམ་མི་སྙན་པ་ནི་མེད་དོ། །སྒྲ་སྙན་ 68-1-131a པའམ་མི་སྙན་པ་འདི་ནི་ཀུན་ཏུ་རྟོག་པ་ཙམ་ཁོ་ན་སྟེ། སྒྲ་འདི་ནི་ངོ་བོ་ཉིད་ཀྱིས་རྟག་པའམ། བདེ་བའམ། སྙིང་པོའམ། བདག་དང་བཅས་པ་ནི་མེད་ལ། སྒྲ་སྙན་པའམ། མི་སྙན་པ་འདི་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཁོ་ནའོ་ སྙམ་མོ། །དེ་སྒྲའི་སྐྱེ་མཆེད་ལ་མངོན་པར་ཀུན་ཏུ་རྟོག་པ་ན། སྒྲ་ཐོས་པ་ན་རྨོངས་པ་མེད་ཅིང་ཆགས་པ་མེད་ལ། སྙིང་པོ་མེད་པར་རྟོགས་སོ། །དེ་རྣ་བ་དང ། སྒྲའི་སྐྱེ་མཆེད་ལ་མངོན་པར་རྟོག་པ་ན། རྣ་བའི་རྣམ་པར་ཤེས་པ་ལ་ཆགས་པ་མེད་ ཅིང་འདོད་ཆགས་དང་བྲལ་བ་འཐོབ་སྟེ། རྣ་བའི་རྣམ་པར་ཤེས་པ་ནི་བདག་མ་ཡིན་ཞིང ། རྣ་བའི་རྣམ་པར་ཤེས་པ་ནི་བདག་གི་མ་ཡིན་ནོ་སྙམ་མོ། །རེག་པ་དང ། ཚོར་བ་དང ། སེམས་པ་ཡང་དེ་བཞིན་ནོ། །ཡང་དགེ་སློང་དེ་སྣ་དང ། དྲིའི་སྐྱེ་ མཆེད་ལ་ལྟ་སྟེ། སྣ་ལ་ཡང་བརྟེན། དྲི་ལ་ཡང་བརྟེན། དེ་སྐྱེད་པ་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས། སྣའི་རྣམ་པར་ཤེས་པ་སྐྱེ་སྟེ། ཉེ་བའམ། རིང་བའམ། ཡིད་དུ་འོང་བའམ། ཡིད་དུ་མི་འོང་བའམ། དྲི་ཞིམ་པའམ། དྲི་མི་ཞིམ་ པའམ།རླུང་གིས་ཁྱེར་ཏེ་འོངས་པའམ། ཁྱེར་ཏེ་མི་འོང་བའི་དྲི་སོ་སོར་སྣོམ་མོ། །དེ་ལ་སྣའི་སྐྱེ་མཆེད་ལ་ཕྱི་རོལ་གྱི་དྲི་དེ་སྦྱོར་བར་བྱེད་དེ། དེ་ལ་གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་འབྱུང་ངོ ། །དེ་ལ་མྱོང་བའི་མཚན་ཉིད་ནི་ཚོར་བའོ། །ཤེས་པའི་མཚན་ཉིད་ནི་འདུ་ཤེས་སོ། །དེ་རྣ་བ་དང ། སྒྲའི་སྐྱེ་མཆེད་མཐོང་ནས། ནང་གི་རེག་པའི་མཚན་ཉིད་ནི་རེག་པ། ཤེས་པའི་མཚན་ཉིད་ནི་འདུ་ཤེས། དེ་སེམས་པའི་མཚན་ ཉིད་ནི་འདུ་ཤེས་དེ་སེམས་པར་བྱེད་པ་ཡིན་ཏེ། ཆོས་འདི་དག་ནི་སྐད་ཅིག་མ་གཅིག་ལ་དམིགས་པ་ཡིན་ལ། བྱ་བ་ནི་ཐ་དད་པར་རྩོམ་པ་ཡིན་ཏེ། དཔེར་ན་ཇི་ལྟར་ངོ་བོ་ཉིད་མི་འདྲ་བ་ས་ཆེན་པོའི་ཆོས་བཅུ་པ་ལྟ་བུའོ། །དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་ཀྱི་ 68-1-131b མཚན་ཉིད་ཐ་དད་ཅིང་སྐད་ཅིག་མ་གཅིག་ལ་གཞན་བྱ་བ་གཅིག་རྩོམ་པ་ཡིན་ནོ་སྙམ་སྟེ། སྔ་མ་བཞིན་ནོ། །དགེ་སློང་དེ་སྣ་དང་དྲིའི་སྐྱེ་མཆེད་ཀྱི་དེ་ཁོ་ན་ཉིད་ཤེས་པར་དེ་ཉིད་འདི་ལྟར་ཚོལ་ཏེ། ཅི་འདི་ལ་སྐྱེ་མཆེད་འདི་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་པ་མེད་ ཅིང་ཡོངས་སུ་འགྱུར་བ་ཡིན་ཏེ། སྣ་དང ། དྲིའི་སྐྱེ་མཆེད་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ཤེས་ལ། དེ་དག་ཐམས་ཅད་ལ་བདག་མེད་ཅིང་བདག་གི་མེད་དོ་ཞེས་རིག་ནས་སྣ་དང ། དྲིའི་སྐྱེ་མཆེད་འདི་ནི་ཀུན་ཏུ་རྟོག་པ་ཁོ་ན་ ཙམ་ཡིན་ལ། དེས་སོ་སོའི་སྐྱེ་བོ་ཐམས་ཅད་བཅིངས་པ་ཡིན་ཏེ། བློ་ཞན་པ་དག་ནི་རྣམ་པ་ལ་སོ་སོར་རྟོག་གོ་སྙམ་མོ། །ཡང་དགེ་སློང་དེ་ལྕེའི་སྐྱེ་མཆེད་ཚོལ་བར་བྱེད་དེ། ལྕེ་ལ་ཡང་བརྟེན། རོ་ལ་ཡང་བརྟེན། དེ་སྐྱེད་པ་ཡིད་ལ་བྱེད་པ་ལ་ཡང་བརྟེན་ ནས། ལྕེའི་རྣམ་པར་ཤེས་པ་སྐྱེ་སྟེ། གསུམ་འདུས་པ་ལས་རེག་པ་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་འབྱུང་ངོ ། །དེ་ལ་མྱོང་བའི་མཚན་ཉིད་ནི་ཚོར་བ། ཤེས་པའི་མཚན་ཉིད་ནི་འདུ་ཤེས། རེག་པའི་མཚན་ཉིད་ ནི་རེག་པ། སེམས་པའི་མཚན་ཉིད་ནི་སེམས་པར་བྱེད་པ་ཡིན་ཏེ། ཆོས་འདི་དག་ནི་འདུ་ཤེས་ཀྱི་མཚན་མ་ལ་དམིགས་པ་ཡིན་ཞིང ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་གྱུར་པ། བྱ་བ་ཐ་དད་པ་རྩོམ་ཞིང་ཐམས་ཅད་ཀྱང་དོན་གཅིག་རབ་ཏུ་སྒྲུབ་པ་ཡིན་ཏེ། དཔེར་ན་ཤིང་ལ་ཡང་བརྟེན། སྐམ་པ་ལ་ཡང་བརྟེན། ཐེའུ་ལ་ཡང་བརྟེན། ཐབ་ལ་ཡང་བརྟེན། མགར་བ་ལ་ཡང་བརྟེན་ནས། ལག་པའི་རྒྱན་སོར་གདུབ་གཅིག་བྱེད་དེ། ཆོས་དེ་དག་ཐམས་ཅད་ཀྱི་མཚན་ཉིད་མི་འདྲ་བ་དེ་བཞིན་དུ་ལྕེའི་སྐྱེ་མཆེད་ཀྱི་ཆོས་འདི་ ཡང ། ལྕེའི་སྐྱེ་མཆེད་དང་རོའི་སྐྱེ་མཆེད་སྐྱེད་དོ། །ཡང་དགེ་སློང་དེ་ལྕེའི་སྐྱེ་མཆེད་ཀྱི་དེ་ཁོ་ན་ཉིད་མཐོང་བ་འདི་ལྟར་རབ་ཏུ་རྟོག་པར་བྱེད་དེ། ལྕེའི་སྐྱེ་མཆེད་ལ་རྟག་པའམ། བདེ་བའམ། གཙང་བའམ། བདག་དང་བཅས་པ་ཆུང་ཟད་ཡོད་པ་ 68-1-132a རྣམ་པ་ཐམས་ཅད་དུ་རྣམ་པར་བསམས་ན་གང་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་ཆོས་ཆུང་ངུ་ཙམ་ཡང་མི་དམིགས་ཏེ། དེ་ལྕེ་དང་རོའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལོ། །དེ་སེམས་ཅན་རྒྱ་མཚོ་དེ་དག་ཐམས་ཅད་གང་དུ་ཞུགས་ཤིང་ཆགས་པ། མི་ དང ། ལྷ་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་འགྲོ་བ་ལྔ་པོ་དག་གཅིག་ལ་གཅིག་གནོད་ཅིང་ཞུགས་ཏེ་འཆིང་ངོ ། །དེ་ལྕེ་དང་རོའི་སྐྱེ་མཆེད་ལས་རྣམ་པར་གྲོལ་ཞིང་འདོད་ཆགས་དང་བྲལ་ཏེ། ལྕེའི་སྐྱེ་མཆེད་དག་ལ་བདག་མེད་ ཅིང་ལྕེ་དང་རོའི་སྐྱེ་མཆེད་དག་ལ་བདག་གི་མེད་དེ། བདག་རྟག་པའམ། བརྟན་པའམ། ཐེར་ཟུག་པ་མེད་ཅིང་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ཏེ། ལྕེ་དང་རོའི་སྐྱེ་མཆེད་ནི་མེད་པ་ཡིན་ནོ་སྙམ་སྟེ། དེ་དེ་ལས་ཀྱང་འདོད་ཆགས་དང་བྲལ་ལོ། །གཞན་ ཡང་དགེ་སློང་དེ་ལུས་དང ། རེག་བྱའི་སྐྱེ་མཆེད་ལ་ལྟ་བར་བྱེད་དེ། དེ་ལུས་ལ་ཡང་བརྟེན། རེག་བྱ་ལ་ཡང་བརྟེན་ནས། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་འབྱུང་སྟེ། ཆོས་འདི་དག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་མིག་གི་དབང་པོའི་སྐྱེ་མཆེད་རྣམས་བཤད་པ་དེ་བཞིན་དུ། ལུས་ཀྱི་རེག་པ་ཡང་ཁོང་དུ་ཆུད་པར་བྱའོ།། །།འཕགས་པ་དམ་ པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ལྔ་པ། དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་དེ་སྐྱེ་མཆེད་གཟུགས་ཅན་བཅུ་བརྟགས་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་དེ་ཁོ་ན་ཉིད་རྟོག་ཅིང་ཆོས་ཀྱི་སྐྱེ་མཆེད་ལ་ལྟ་བར་བྱེད་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། ཆོས་གང་ཆོས་ཀྱི་སྐྱེ་མཆེད་དུ་བསྡུས་པ་ནི་སོ་སོར་བརྟགས་པས་འགོག་པ་དང ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནམ་མཁའོ།། 68-1-132b དེ་ལ་ཆོས་གང་ཆུང་ཟད་མེད་པའི་ཆོས་དེ་བསྡུས་པ་ནི་ནམ་མཁའ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་ས་སོར་རྟོག་པའི་ཤེས་རབ་ཡིན་ཏེ། དེ་རྣམ་པ་དུ་མ་མངོན་སུམ་དུ་བྱས་ནས་གནས་སོ་སོར་རྟོག་པས་ཉོན་མོངས་པ་སེལ་ ཞིང་ཟད་པར་བྱེད་ལ་འཇིག་པར་བྱེད། ཟག་པ་མེད་པ་ཐམས་ཅད་ལ་ཕྱོགས་པར་བྱེད་ཅིང་མངོན་དུ་བྱེད་པ་ཡིན་ནོ། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་སོ་སོར་བརྟགས་པ་མ་ཡིན་པ་ཞེས་བྱ་བ་གང་མི་ཤེས་ཤིང་ཤེས་པ་མེད་ལ། སོ་སོར་རེག་པ་མེད། ཤེས་པ་མ་ཡིན་ཞིང་ཤིན་ཏུ་ཁོང་དུ་ཆུད་པ་མེད་ལ། རབ་ཏུ་རྟོག་པ་མེད། གཞན་གྱི་རྣམ་པར་ཤེས་པ་བརྒྱ་ཕྲག་སྟོང་སྐྱེས་པ་དག་ཀྱང་འཇིག་པར་བྱེད་ཅིང ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་བདག་ འཇིག་པར་བྱེད་ལ། ཡང་འབྱུང་བར་མི་བྱེད་པ་གསུམ་པ་འདི་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། ནམ་མཁའ་དང་ཆོས་གསུམ་པོ་འདི་དག་ནི་སྐྱེ་བ་མེད་ལ་རྟག་པ་དེ་དག་དུས་ཀྱིས་མ་བསྐྱེད་ཅིང་སྐྱེ་བར་མི་འགྱུར་ལ་མི་སྐྱེའོ། །དེ་ནས་གཞན་ཡང་ཇི་ལྟར་ན་ དགེ་སློང་དེ་ཆོས་ཀྱི་སྐྱེ་མཆེད་གཟུགས་དང་གཟུགས་མ་ཡིན་པ་རྣམ་པ་གཉིས་རྣམ་པར་འབྱེད་ཅེ་ན། དེ་ལ་གཟུགས་ཅན་བཅུ་ནི་སྐྱེ་མཆེད་གཟུགས་ཅན་ཡིན་ནོ། །དེ་ལ་ཇི་ལྟར་ན་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་མིག་གི་རྣམ་པར་ཤེས་པས་བསྟན་དུ་ཡོད་ཅིང་ཐོགས་ པ་དང་བཅས་པའི་གཟུགས་ཇི་ལྟར་ན་དམིགས་པར་འགྱུར། དེ་བཞིན་དུ་ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པས་སྒྲ་འཛིན་པར་འགྱུར། དེ་བཞིན་དུ་ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པས་དྲི་འཛིན་པར་འགྱུར། དེ་ བཞིན་དུ་ལྕེའི་རྣམ་པར་ཤེས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པས་རོ་རྣམ་པར་ཤེས་པར་འགྱུར། དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པས་ཕྱི་རོལ་གྱི་སྐྱེ་མཆེད་ལྔ་དང ། གཞན་ནང་གི་སྐྱེ་མཆེད་ལྔ་པོ་འདི་དག་ཇི་ལྟར་ན་བསྟན་དུ་ 68-1-133a མེད་ཅིང་ཐོགས་པ་མེད་པ་དག་གིས་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་སྐྱེ་མཆེད་དག་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དགེ་སློང་དེ་ཇི་ཙམ་དུ་དམིགས་པའི་རྣམ་པར་འགྱུར་བ་དེ་ཙམ་དུ་རྣམ་པར་མཐོང་ཞིང་དེ་རྣམ་པར་ཤེས་པ་སྐྱེ་སྟེ། རྒྱ་དང་ རྒྱའི་འབུར་བཞིན་ནོ། །དེ་ལ་རྒྱ་དེའི་མི་འདྲ་བ་མཁྲང་བ་དང ། རྒྱའི་འཇམ་པ་དང ། སྙི་བ་དང ། མཁྲང་བ་དང ། མི་མཁྲང་བ་དེ་ལས་རྒྱའི་འབུར་འབྱུང་ངོ ། །དེ་བཞིན་དུ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་རྣམ་པར་ཤེས་པ་བསྟན་དུ་ཡོད་ཅིང་ཐོགས་པ་དང་ བཅས་པ་ལ་དམིགས་པ་འཛིན་ཏོ། །གསུམ་པ་རྒྱའི་འབུར་འབྱུང་བ་བཞིན་དུ་མི་འདྲ་བ་དེ་དག་ཐམས་ཅད་ལས་མི་འདྲ་བ་འབྱུང་སྟེ། དེ་ལྟར་མི་འདྲ་བ་ལས་མི་འདྲ་བ་འབྱུང་བ་ནི་མཐའ་དང་པོ་ཡིན་ནོ། །མཐའ་གཉིས་པ་ནི་འདྲ་བ་དག་ལས་འདྲ་བ་འབྱུང་བ་ཡིན་ཏེ། དཔེར་ན་ཐགས་དཀར་པོ་དག་ལས་གོས་ཀྱི་སྣམ་བུ་དཀར་པོར་ཤེས་པ་ལྟ་བུའོ། །མཐའ་གསུམ་པ་ནི་མི་འཐུན་པ་དག་ལས་མི་འཐུན་པ་འབྱུང་བ་ཡིན་ཏེ། དཔེར་ན་གཙུབ་ཤིང་ལས་མེ་འབྱུང་ཞིང་མེ་དང་ཤིང་མི་འཐུན་པར་མཐོང་བ་ལྟ་བུའོ། །མཐའ་བཞི་པ་ནི་སླ་བ་ ལས་བསྐ་བ་འབྱུང་བ་ཡིན་ཏེ། དཔེར་ན་འོ་མ་སླ་བ་ལས་བསྐ་བ་འབྱུང་བ་ནི་ཇི་ལྟར་འོ་མ་སླ་བ་ལས་ཞོ་བ་སྐ་བ་འབྱུང་བ་དེ་བཞིན་དུ་དངོས་པོ་མི་འདྲ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྒྱུ་རྐྱེན་གྱི་བྱེ་བྲག་གིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེའོ། །འདིར་ ཚིགས་སུ་བཅད་པ། ཆོས་རྟོགས་པ་ལ་མངོན་དགའ་ཞིང ། །བསམ་གཏན་ཀུན་དགར་གནས་ལྡན་ལ། །དེ་ཡི་མཚན་ཉིད་ཤེས་པ་ནི། །མྱ་ངན་འདས་པ་མཆོག་འཐོབ་བོ། །བྱམས་ལ་རྟག་པར་ཀུན་ཏུ་དགའ། །ཆོས་ཀྱི་སྤྱོད་ཡུལ་བརྩོན་བྱེད་ཅིང ། །ལུས་ ཀྱི་མཚན་ཉིད་དེ་ཤེས་པ། །དེ་ཉིད་ཁོ་ན་དགེ་སློང་ཡིན། །གང་གི་བློ་གྲོས་ཚུལ་བཞིན་སེམས། །འདོད་དང་ཁྲོ་བས་མི་ཉམས་པ། །དགེ་སློང་དེ་ཡིན་ཤེས་པར་བྱ། །དེ་ལས་བཟློག་ན་གཞན་དུ་འགྱུར། །འབྱུང་པོ་ཀུན་ལ་བརྩེ་ཞིང་ཞི། །ཆགས་པ་ཐམས་ 68-1-133b ཅད་རྣམ་སྤངས་ལ། །འཆིང་བ་ཀུན་ལས་ངེས་གྲོལ་བ། །དེ་ཉིད་རིག་པ་དགེ་སློང་ཡིན། །གང་གི་རྣམ་ཤེས་ལས་རུང་བཞིན། །གང་དག་ཡུལ་གྱིས་མི་ཉམས་པ། །གསེར་ལ་དྲི་མ་མེད་པ་བཞིན། །དག་པ་དགེ་སློང་ཞེས་བྱ་འོ། །གང་གི་ཡིད་ལ་ དགའ་བ་དང ། །མི་དགའ་བ་ཡིས་གོས་མེད་ཅིང ། །སྐྱོན་རྣམས་ཐམས་ཅད་རྣམ་སྤངས་པ། །དེ་ནི་དགེ་བའི་གཏེར་དུ་བལྟ། །ཚུལ་ཁྲིམས་ཉེ་བར་ཁྲོ་མེད་ཅིང ། །ཆོས་སྤྱོད་པ་དག་དབང་པོ་ཐུལ། །སེམས་ཅན་མི་དམན་བློ་གྲོས་ལྡན། །དེ་ལྟ་བུ་ནི་དགེ་ སློང་ཡིན། །གང་དག་བསྟན་བཅོས་བསྟན་བཅོས་དོན། །རྟག་ཏུ་རྣམ་ཤེས་བློ་གྲོས་དགའ། །བཟའ་བཏུང་དག་ལ་དགའ་མེད་པ། །ཞི་བའི་ཡིད་དེ་དགེ་སློང་ཡིན། །གང་དག་ཚལ་དགོན་གཙུག་ལག་ཁང ། །དུར་ཁྲོད་དང་ནི་རྩཝ་བཏིང་ལ། །ཡིད་ནི་ དགའ་བར་བྱེད་པ་དག་།དེ་ལྟ་བུ་ནི་དགེ་སློང་ཡིན། །སྐྱོན་རྣམས་དེ་ཉིད་ལས་ཤེས་ཤིང ། །འབྲས་བུའི་བྱེ་བྲག་རིག་པ་དང ། །རྒྱུ་དང་རྐྱེན་གྱི་དེ་ཉིད་ཤེས། །སྡིག་དང་བྲལ་བ་དགེ་སློང་ཡིན། །སྡིག་པའི་དགོན་པ་བཅོམ་བྱས་ཤིང ། །སྐྱོན་བཅོམ་དབང་པོ་ ཐུལ་བ་དང ། །ཡང་སྲིད་རྣམ་པ་ཤེས་པ་ནི། །ཞི་བའི་ཡིད་དེ་དགེ་སློང་ཡིན། །བསྔགས་པས་སྙིང་ལ་དགའ་མེད་ལ། །སྨད་པས་ཞུམ་པ་མེད་པ་ནི། །རྒྱ་མཚོ་ལྟ་བུར་ཟབ་པ་སྟེ། །རྣལ་རིག་དགེ་སློང་ཞེས་བྱ་འོ། །བློ་གྲོས་བརྟན་པ་བདག་མི་སྟོད། །སྙན་ པར་སྨྲ་ཞིང་དུས་སུ་སྨྲ། །བརྐམ་མེད་གྲགས་པ་མཁས་པ་དག་།དགེ་སློང་དེ་ནི་ཞི་ཞེས་བྱ། །འདོད་པའི་ཁམས་སུ་འགྲོ་བའི་རྒྱུ། །དེ་བཞིན་གཟུགས་ཀྱི་ཁམས་དང་ནི། །གཟུགས་མེད་ཁམས་ཀྱི་དེ་ཉིད་ཤེས། །བསྟན་རིག་དགེ་སློང་ཞེས་བྱ་འོ། །འཇིག་ རྟེན་གཏམ་ལ་ཆགས་མེད་ཅིང ། །གང་གི་ཡུལ་དག་དུག་ལྟ་བུ། །ཆགས་པའི་སྐྱོན་དག་རྟག་འཇོམས་པ། །དགེ་སློང་དེ་ནི་སངས་རྒྱས་བས་བསྟན། །གང་གི་བློ་གྲོས་འདོད་རྣམས་ལ། །འདམ་ལྟ་བུར་ནི་རྟག་ཏུ་ལྟ། །བརྟན་པ་བློ་གྲོས་ངེས་གྲོལ་ཞིང ། །དེ་ནི་ 68-1-134a འཁོར་བའི་འཆིང་ལས་གྲོལ། །གང་ཞིག་ལེ་ལོ་ཐག་བསྲིངས་པ། །བསམ་གཏན་ཁ་ཏོན་ལས་རུང་ཞིང ། །སེམས་ཅན་རྣམས་ལ་ཕན་བྱེད་པ། །དགོན་གནས་དགེ་སློང་ཞེས་བྱའོ། །གང་གི་བློ་གྲོས་དྲིས་ལན་ལྡོན། །སྤོབས་ དང་ལྡན་ཞིང་དབང་པོ་ཐུལ། །དེ་ནི་ཆོས་ཀྱི་གཏམ་ཤེས་ཏེ། །གང་དག་བཟློག་ན་རྩཝ་དང་འདྲ། །གང་གི་བློ་གྲོས་ལུས་དུབ་པས། །རྣམ་པ་ཀུན་ཏུ་སྐྱོ་མེད་ཅིང ། །དོན་དུ་བྱ་བ་ཀུན་ཤེས་པ། །དེ་ནི་དགེ་འདུན་སོགས་པ་བྱེད། །ཚོང་ཟོང་ཕྱིར་མིན་ལོངས་ཕྱིར་ མིན། །གྲགས་པའི་དོན་དུ་ག་ལ་ཞིག་།གང་བློ་དགེ་འདུན་དོན་སེམས་པ། །དེ་ནི་འཁོར་བའི་འཆིང་ལས་གྲོལ། །གང་གི་བརྟུལ་ཞུགས་མཐོ་རིས་དང ། །རྙེད་དང་གྲགས་པའི་དོན་དུ་མིན། །ཐམས་ཅད་མྱ་ངན་འདས་དོན་བྱེད། །དགེ་སློང་དེ་ནི་ཞི་ཞེས་བྱ། ། སྡིག་པ་དག་ནི་རྟག་ཏུ་སྤངས། །ལེགས་པར་བྱེད་ལ་རྟག་དགའ་ཞིང ། །སྡིག་པའི་བཤེས་དང་མི་འདྲེ་བ། །སངས་རྒྱས་བསྟན་ལ་དགེ་སློང་ཡིན། །སེམས་ནི་བྱམས་པར་བསྒོམས་བྱས་ཤིང ། །མཁས་པ་དྲང་པོའི་སེམས་ལྡན་ལ། །བསླབ་པའི་གཞི་ལ་ ཉམས་མེད་པ། །མྱ་ངན་འདས་པ་ཡོང་མི་རིང ། །འཁོར་བའི་སྐྱེ་དང་རྒ་བ་ཡི། །འཇིགས་ལས་ཁ་ནི་ཕྱིར་ཕྱོགས་ཤིང ། །བསམ་གཏན་ལྡན་ལ་བག་ཡོད་པ། །མྱ་ངན་འདས་པ་ཡོང་མི་རིང ། །མི་རྟག་སྟོང་པ་བདག་མེད་དང ། །བྱ་བའི་རྣམ་པ་ཤེས་པ་ དང ། །བསམ་གཏན་འཕེལ་བའི་རྣམ་ཤེས་པ། །མྱ་ངན་འདས་པ་ཡོང་མི་རིང ། །དེ་ནས་གཞན་ཡང་དགེ་སློང་དེ་ས་གཞན་ལྔ་པ་ལས་ས་གཞན་དྲུག་པ་ལ་ཇི་ལྟར་འཇུག་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ ཤེས་པའམ།ལྷའི་མིག་གིས་བརྟགས་ན། དགེ་སློང་དེ་མུ་བཞི་པ་ལ་ལྷག་པར་མོས་པ་ཡིན་ནོ། །ཇི་ལྟར་ན་ཆོས་འདི་དག་གི་རྒྱུ་འདྲ་བ་དག་ལས་འདྲ་བ་འབྱུང་བ་དང ། མི་འདྲ་བ་དག་ལས་མི་འདྲ་བ་དང ། འདྲ་བ་མ་ཡིན་པ་དག་ལས་འདྲ་བ་མ་ཡིན་པ་དང ། ཕྱེད་འདྲ་ 68-1-134b བ་དག་ལས་ཕྱེད་འདྲ་བ་འབྱུང ། ཇི་ལྟར་རྒྱུ་འདྲ་བ་དག་ལས་འདྲ་བ་འབྱུང་ཞེ་ན། དཔེར་ན་འབྲུ་དང ། འབྲུའི་རྒྱུར་གྱུར་པ་དག་ལས་འབྲུ་ཉིད་སྐྱེ་བ་དེ་བཞིན་དུ། ནང་གི་དགེ་བའི་ལས་འདྲ་བ་དག་ལས་འདྲ་བའི་འབྲས་བུ་ཉིད་ལྷ་དང་མི་རྣམས་ལ་དམིགས་པ་ནི་མུ་དང་པོ་ ཡིན་ནོ། །རྒྱུ་མི་འདྲ་བ་དག་ལས་མི་འདྲ་བ་འབྱུང་བ་ནི་དཔེར་ན་འོ་མ་ལས་ཞོ་སྐྱུར་བ་འབྱུང་བ་དེ་བཞིན་དུ་ནང་གི་ཡང་འཇིག་རྟེན་འདིར་ཀུན་ནས་ཉོན་མོངས་པ་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་འདོད་པ་སྡུག་པ་དག་བྱས་པས། ཞོ་སྐྱུར་བ་འབྱུང་བ་དེ་ བཞིན་དུ་མི་འདོད་ཅིང་མི་སྡུག་ལ་ཡིད་དུ་མི་འོང་བའི་འབྲས་བུ་རྣམ་པར་སྨིན་པ་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ལ་དམིགས་པ་ནི་མུ་གཉིས་པ་ཡིན་ནོ། །རྒྱུ་མི་འདྲ་བ་དག་ལས་མི་འདྲ་བ་འབྱུང་བ་ནི་དཔེར་ན་ཚོན་སྔོན་པོ་དང ། བབ་ལར་སྦྱར་ན་ ཁ་དོག་མི་འདྲ་བ་འབའ་ཞིག་ཏུ་འགྱུར་བ་དེ་བཞིན་དུ། ནང་གི་ཆོས་ལ་ཡང་ལས་དང་འབྲས་བུ་རྣམ་པར་སྨིན་པའི་ལས་དང ། འབྲས་བུ་མི་འདྲ་བ་འབྱུང་བ་སྟེ། ལས་དང་འབྲས་བུ་མི་འདྲ་བ་ནི་དཔེར་ན། ལོག་པར་ལྟ་བ་མཆོད་སྦྱིན་པ་དག་མཐོ་རིས་འདོད་པའི་ཕྱིར་ཕྱུགས་ དག་གསོད་དེ། དེ་དག་སེམས་ཅན་དམྱལ་བར་འགྲོ་བ་ནི་མུ་གསུམ་པ་ཡིན་ནོ། །རྒྱུ་ཕྱེད་འདྲ་བདག་ལས་ཕྱེད་འདྲ་བ་འབྱུང་བ་ནི། ཐགས་ཕྲ་མོ་དཀར་པོ་ཉིད་ལས་སྣམ་བུ་དཀར་པོ་སྟུག་པོ་ཉིད་དུ་བྱེད་དེ། ཕྲ་མོ་དང ། སྟུག་པོ་གཉིས་མི་འདྲ་བ་ཉིད་དུ་ཡོད་པ་དེ་བཞིན་དུ་རྒྱུ་ ཕྱེད་འདྲ་བདག་ལས་ཕྱེད་འདྲ་བ་འབྱུང་བ་ནི། མི་དགེ་བའི་ལས་བསགས་པ་ཕྲ་མོར་གྱུར་པ་དག་གིས་སེམས་ཅན་དམྱལ་བ་ཆེན་པོ་དག་བྱེད་པ་ནི་མུ་བཞི་པ་ཡིན་ནོ། །དགེ་སློང་དེ་ལས་དང་འབྲས་བུ་འོང་བ་དང་འགྲོ་བའི་བྱེད་པའི་རྗེས་སུ་བསམས་པ་མཐོང་ནས། ལས་དང་འབྲས་བུ་ འཁོར་ལོ་བཞིན་དུ་སྲིད་པར་འགྲོ་བའི་མུ་བཞི་པ་སེམས་པར་བྱེད་དེ། རིས་དང་ལྡན་པའི་མི་ལ་གནོད་པར་བྱེད་པའི་ལས་ཐོབ་པ་མེད་པ་གང་ཡིན་པ་དེ་ནི་མུ་དང་པོ་ཡིན་ནོ། །མི་ལ་གནོད་པར་བྱེད་པའི་ལས་ཐོབ་པ་གང་ཡིན་པ་ནི་མུ་གཉིས་པ་ཡིན་ནོ། །གནོད་པར་བྱེད་པའི་ 68-1-135a ལས་ཐོབ་པ་དང་མ་ཐོབ་པ་གང་ཡིན་པ་ནི་མུ་གསུམ་པ་ཡིན་ནོ། །གནོད་པར་བྱེད་པའི་ལས་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་པ་གང་ཡིན་པ་ནི་མུ་བཞི་པ་ཡིན་ནོ། །རིས་དང་ལྡན་པར་གནོད་པར་བྱེད་པའི་ལས་ཐོབ་པ་མེད་པ་གང་ཡིན་པ་ དེ་ནི་ཡོད་དེ། དཔེར་ན་འཇིག་རྟེན་པར་གྱུར་པ་དག་རྒྱུ་སྔར་མ་ཐོབ་པར་མི་དག་ལ་གནོད་པར་བྱེད་པ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་མིག་གི་རྣམ་པར་ཤེས་པ་ལས་ཀྱི་རྒྱ་མཚོ་ཐོབ་པ་མེད་པའི་མི་ལ་འདོད་པ་དང ། མྱ་ངན་ལ་སོགས་པས་གནོད་པར་བྱེད་པ་ནི་མུ་དང་ པོ་ཡིན་ནོ། །མི་ལ་གནོད་པར་བྱེད་པའི་ལས་ཐོབ་པ་གང་ཡིན་པ་ནི། དཔེར་ན་འཇིག་རྟེན་པ་དག་མེའམ། རལ་གྲི་དང་ཕྲད་ན་སྲེག་གོ་ཞེའམ། གཅོད་དོ་ཞེས་ཟེར་བ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་མི་དགེ་བའི་ལས་ཐོབ་ན། སེམས་ཅན་དམྱལ་བ་ དང ། དུད་འགྲོ་དང ། ཡི་དགས་རྣམས་སུ་གནོད་པ་བྱེད་པ་ནི་མུ་གཉིས་པ་ཡིན་ནོ། །གནོད་པར་བྱེད་པའི་ལས་ཐོབ་པ་དང་མ་ཐོབ་པ་གང་ཡིན་པ་ནི། དཔེར་ན་འཇིག་རྟེན་པ་དག་རིག་སྔགས་དང ། དུག་གི་མཐུ་ཐོབ་པ་དང ། མ་ཐོབ་པ་སྦྱིན་པར་བྱེད་པ་ལྟ་བུའོ། ། འཇིག་རྟེན་ལས་འདས་པ་ནི། འཆི་བའི་ཡུལ་གྱི་དུས་སུ་སེམས་ཅན་དམྱལ་བ་རྣམས་ཀྱི་མཚན་མའི་གཟུགས་བརྙན་ཐོབ་པ་ནི་མུ་གསུམ་པ་ཡིན་ནོ། །གནོད་པར་བྱེད་པའི་ལས་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་པ་གང་ཡིན་པ་ནི། དཔེར་ན་འཇིག་རྟེན་ པ་དག་སྨན་གྱི་ས་བོན་བཏབ་པ་སྐྱེ་བར་འགྱུར་བ་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང་མ་ཡིན་པ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་དཔེར་ན། དགེ་སློང་དགྲ་བཅོམ་པ་ལ་ངེས་པར་མྱོང་བར་འགྱུར་བའི་ལས་རི་རབ་ཙམ་ཡོད་ཀྱང་དགྲ་བཅོམ་པ་མྱ་ངན་ལས་འདས་ཏེ། དགྲ་བཅོམ་པ་ལ་ཡོད་པའི་ལས་དེ་དག་ཐོབ་པ་མེད་ཅིང་གནོད་པར་ཡང་མི་འགྱུར་ལ། གྲོལ་བ་ནི་མུ་བཞི་པ་ཡིན་ནོ། །ཚེ་འདི་ལ་མྱོང་བར་འགྱུར་ལ། སྐྱེས་ནས་མྱོང་བར་འགྱུར་བ་མ་ཡིན་པའི་ལས་ནི་མུ་དང་པོ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་ལ། ཚེ་ 68-1-135b འདི་ལ་མྱོང་བར་འགྱུར་བ་མ་ཡིན་པ་ནི་མུ་གཉིས་པ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་བ་དང ། ཚེ་འདི་ལའང་མྱོང་བར་འགྱུར་བ་ནི་མུ་གསུམ་པ་ཡིན་ནོ། །ཚེ་འདི་ལ་ཡང་མྱོང་བར་འགྱུར་བ་མ་ཡིན་པ་དང ། སྐྱེས་ནས་ཀྱང་མྱོང་བར་འགྱུར་བ་མ་ཡིན་པ་ནི་མུ་བཞི་པ་ ཡིན་ནོ། །ཚེ་འདི་ལ་མྱོང་བར་འགྱུར་ལ། སྐྱེས་ནས་མྱོང་བར་འགྱུར་བ་མ་ཡིན་པའི་ལས་གང་ཡིན་ཞེ་ན། དཔེར་ན་འཇིག་རྟེན་པ་དག་རྒྱལ་པོ་ལ་གནོད་པ་བྱས་ན། ཆད་པས་གཅོད་པ་ནི་ཚེ་འདི་ལ་མྱོང་བར་འགྱུར་བ་ཡིན་ལ། སྐྱེས་ནས་མྱོང་བར་འགྱུར་བ་མ་ ཡིན་པ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་སྦྱིན་པས་དེ་བསྔགས་པར་འགྱུར་བ་ཚེ་འདི་ལ་མྱོང་བ་ཡོད་པ་དེ་དང ། འཇིག་རྟེན་ཕ་རོལ་ཏུ་ལྷན་ཅིག་མི་འགྲོ་བ་ནི་མུ་དང་པོ་ཡིན་ནོ། །སྐྱེས་ནས་མྱོང་བར་འགྱུར་ལ། ཚེ་འདི་ལ་མྱོང་བར་འགྱུར་བ་མ་ཡིན་པ་ནི། དཔེར་ ན་འཇིག་རྟེན་པ་དག་མེ་དོང་དུ་ཞུགས་པས་མཐོ་རིས་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི། ཚེ་འདི་ལ་དགེ་བའམ། མི་དགེ་བ་བྱས་པས་གཞན་དུ་རྒྱུ་དང་འབྲས་བུ་མངོན་སུམ་དུ་མཐོང་བ་ཐོབ་པ་ནི་མུ་གཉིས་པ་ཡིན་ནོ། །ཚེ་འདི་ ལ་མྱོང་བར་འགྱུར་ཞིང ། སྐྱེས་ནས་ཀྱང་མྱོང་བར་འགྱུར་བ་ནི་མུ་གསུམ་པ་ཡིན་ཏེ། དཔེར་ན་འཇིག་རྟེན་པ་དག་ཚེ་འདི་ལ་མྱོང་བར་འགྱུར་བ་དང ། སྐྱེས་ནས་མྱོང་བར་འགྱུར་བ་ལྟ་བུའོ། །འཇིག་རྟེན་ལས་འདས་པ་ནི་མུ་གསུམ་པ་བཞིན་ནོ། །ཚེ་འདི་ལ་ མྱོང་བར་འགྱུར་བ་མ་ཡིན་ཞིང ། སྐྱེས་ནས་ཀྱང་མྱོང་བར་འགྱུར་བ་མ་ཡིན་པ་ནི་དཔེར་ན། འཇིག་རྟེན་པ་དག་མི་སྨྲ་བའི་བརྟུལ་ཞུགས་ལྟ་བུ་ཡིན་ཏེ། མི་སྨྲ་བའི་བརྟུལ་ཞུགས་དང ། སྦྱིན་པ་དང ། ཚུལ་ཁྲིམས་དག་ནི་ཚེ་འདི་ལ་མྱོང་བར་འགྱུར་བ་ ཡིན་ནོ། །འཇིག་རྟེན་ལས་འདས་པ་ནི། ལུང་དུ་མ་བསྟན་པའི་སེམས་ཀྱི་ལས་ཡིན་ཏེ། ལུང་དུ་མ་བསྟན་པའི་ལས་དེས། ཚེ་འདི་ལ་མྱོང་བར་འགྱུར་བའི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་དམིགས་ཤིང ། སྐྱེས་ནས་ཀྱང་མྱོང་བར་འགྱུར་བ་ 68-1-136a མ་ཡིན་པ་ནི་མུ་བཞི་པ་ཡིན་ནོ། །དེ་ལྟར་དགེ་སློང་དེ་ཕྱོགས་གཅིག་ཏུ་འདུག་ནས། སེམས་ཅན་དམྱལ་བ་དང ། ལྷ་དང ། མི་རྣམས་ཀྱི་ལས་དང ། འབྲས་བུ་དང ། རྣམ་པར་སྨིན་པའི་དྲ་བ་མང་པོ་ཡན་ལག་དུ་མ་མཐོང་ནས། ཡང་དག་པའི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ནས་གཞན་ཡང་དགེ་སློང་དེ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་ཇི་ལྟ་བུ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ། ལས་དང ། ལས་ཀྱི་འབྲས་ བུ་དགེ་བ་དང ། མི་དགེ་བ་ཤེས་པ་ཡིན་ཏེ། འདི་ལྟར་སེམས་ཅན་འདི་དག་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན། ངག་གིས་ཉེས་པར་སྤྱོད་པ་དང ། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ནི། འཕགས་པ་རྣམས་ལ་སྐུར་པ་འདེབས་ཤིང ། ལོག་པར་ལྟ་བ་ཡང་དག་པར་བླངས་པ་ཡིན་ཏེ། དེ་རྒྱུ་དེ་དང ། རྐྱེན་དེ་དག་གིས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དགས་རྣམས་ཀྱི་ཡུལ་དུ་སྐྱེའོ། །གཞན་ཡང་སེམས་ཅན་འདི་དག་ ལུས་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ་དང ། ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ་ནི། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་མ་ཡིན་ཏེ། དེ་དག་རྒྱུ་དེ་དང ། རྐྱེན་དེ་དག་གིས་ལུས་དང་བྲལ་ནས། བདེ་འགྲོ་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །རང་གི་ལས་དང ། ཆོས་དང ། རྣམ་པར་སྨིན་པར་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་དགེ་སློང་དེ་ནི། གཞན་དག་ལས་ཐོས་པ་ལ་རྣམ་པར་རྟོག་ཅིང ། བདུད་ཀྱི་དབང་དུ་སོང་བའི་སེམས་ཅན་དག་དང་ སྤྱོད་པ་མཚུངས་པར་མི་སྤྱོད་ལ། མྱ་ངན་ལས་འདས་པའི་མཐར་གཏུགས་པའི་སྤྱོད་པ་ལ་ཡིད་འབྱུང་བ་དང ། དགེ་བ་དང ། འཁོར་བའི་མཐར་གཏུགས་པ་དང་ལྡན་པ་དང ། འཁོར་བ་འདི་ལས་ཇི་ལྟར་བདག་ཉིད་ཀྱིས་བདག་དང ། སྦྱིན་ 68-1-136b བདག་དང ། སྦྱིན་པ་པོ་དག་སྒྲོལ་བ་དང ། གཞན་དག་ལ་ཡང་ཕན་གདགས་པ་བྱེད་པར་གྱུར་པས་སྤྱོད་དོ། །ཆོས་དང ། ལས་དང ། རྣམ་པར་སྨིན་པ་ཤེས་པའི་དགེ་སློང་དེ། སེམས་ཅན་དམྱལ་བ་དང་།ཡི་དགས་དང ། དུད་འགྲོ་ དང ། ལྷ་དང ། མི་རྣམས་ཀྱི་ལས་དང ། ཆོས་དང ། རྣམ་པར་སྨིན་པ་ལ་རྟོག་ཅིང་དཔྱོད་པར་བྱེད་དེ། དཔེར་ན་ནོར་བུ་ཤིན་ཏུ་དང་ཞིང་གསལ་བ། ནོར་བུ་བཻ་དཱུརྱའི་བུ་གའི་ནང་དུ་སྐུད་པ་བཅུག་པ་སེར་པོའམ། བཙོད་ཀའ་མ། དཀར་ པོ་ཇི་ལྟར་སྣང་བ་དེ་བཞིན་དུ། ལས་ཀྱི་ནོར་བུའི་ནང་དུ་རྣམ་པར་སྨིན་པའི་སྐུད་པ་ཡོད་པ་དེ་དགེ་སློང་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་རྣམ་པར་དག་པ་དེས་མཐོང་ངོ ། །ཡང་དགེ་སློང་དེ་ཐོས་པ་ལས་བྱུང་བའི་ཤེས་པས་ནོར་བུ་ལྟ་བུའི་ལས་དང ། ཆོས་དང ། རྣམ་པར་སྨིན་པ་མཐོང་སྟེ། དཔེར་ན་ནོར་བུ་དཀར་ཞིང་ཤིན་ཏུ་དཀར་བ་གང་ཞིག་།ཀུན་ནས་གསལ་ཞིང་རྨ་མེད་ལ། དང་ཞིང་དབུག་བཟོད་པ། ལས་སུ་བྱར་རུང་ཞིང་ཀུན་ཏུ་སྒོར་གྱུར་ལ། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པ། ནོར་དང་ལྡན་ཞིང་རྒྱལ་པོ་ལ་འོས་པ། ཡོན་ཏན་རྣམ་པ་དེ་དག་དང་ལྡན་པའི་ནོར་བུ་དེ། རྒྱལ་པོའམ། རྒྱལ་པོའི་བུས་དེའི་ཡོན་ཏན་ཤེས་ཤིང ། དེའི་རིན་ཤེས་པར་གྱུར་ནས། རྒྱན་དུ་བྱ་བ་ནས་གདགས་པའི་བར་དུ་བྱས་པ་དེ་བཞིན་དུ། དགེ་ སློང་དེ་ཕྱོགས་དཀར་པོ་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ནོར་བུ་འདི་ཀུན་ནས་དཀར་ཞིང ། ཤིན་ཏུ་གསལ་ལ་སྡིག་པ་མེད་པ། ཁ་ན་མ་ཐོ་བ་མེད་ཅིང་དང་ལ་དབུག་བཟོད་པ། ཆོས་ཀྱི་ཕྱོགས་དང་གཉེན་པོ་སྐྱེད་པ། དྲི་བ་དང་ལན་ལྡོན་པ་ལ་ཆོས་ཀྱི་ཐུར་ མས་འབིགས་པར་བཟོད་ཅིང ། ལས་སུ་རུང་བ་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་པ་དག་ཇི་ལྟ་ཇི་ལྟར་ཡོངས་སུ་སྔོ་བར་བྱེད་པ་དེ་ལྟ་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ནོར་བུ་འདི་ལས་སུ་རུང་བ་ཉིད་དུ་དེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དམ། དེ་བདུད་ 68-1-137a ཀྱི་རྒྱལ་སྲིད་དམ། དེ་ཚངས་པའི་རྒྱལ་སྲིད་དམ། དེ་ཟག་པ་མེད་པའི་བསམ་གཏན་གྱི་ཏིང་ངེ་འཛིན་སྒོམ་པའི་རྒྱལ་སྲིད་འགྲུབ་པར་བྱེད་དེ། དེ་དེ་ལྟར་དམ་པའི་ཆོས་ཀྱི་ནོར་བུ་འདི་ལས་སུ་རུང་ཞིང་ཀུན་ཏུ་སྒོར་གྱུར་པ་ཡིན་ནོ། །ཀུན་ ཏུ་སྒོ་ནི་ལྷ་དང་མིའི་སྒོར་གྱུར་པ་ཡིན་ཏེ། དེ་ལྟར་དམ་པའི་ཆོས་ཀྱི་ཀུན་ཏུ་སྒོར་གྱུར་པ་ནི། འཁོར་བའི་གྲོང་ཁྱེར་ལས་འབྱུང་ཞིང ། མྱ་ངན་ལས་འདས་པའི་སྒོའི་རྗེས་སུ་འཇུག་པ་ཡིན། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པ་ཞེས་བྱ་བ་ནི། ཡང་དག་པའི་ ལྟ་བ་དང་ལྡན་པ་སློབ་པ་རྣམས་ཀྱིས་བསྔགས་པའོ། །རྒྱལ་པོ་ལ་འོས་པ་ཞེས་བྱ་བ་ནི། དམ་པའི་ཆོས་ཀྱི་ལམ་བསྒྲུབ་པ་ཤེས་པའི་སེམས་ཀྱི་དབང་ཕྱུག་ཏུ་རུང་བའོ། །དེར་ཞུགས་པ་ཞེས་བྱ་བ་ནི། ནོར་བུ་བཻ་དཱུརྱ་དང ། དམ་པའི་ཆོས་ཀྱི་ནོར་བུ་ ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དེ་དང ། ཆོས་འཐུན་པར་དམིགས་པའོ། །ཡང་དགེ་སློང་དེ་ལས་དང ། ཆོས་དང ། རྣམ་པར་སྨིན་པ་ནོར་བུ་བཞིན་དུ་མཐོང་སྟེ། དཔེར་ན་ནོར་བུ་གཞན་ཞིག་རྨ་ཡོད་ཅིང་ཐམས་ཅད་དུ་བཟང་བ་མ་ཡིན་ལ། ཀུན་གྱི་སྒོ་མ་ཡིན། དཀར་བ་མ་ཡིན་ཞིང་དབུག་ཏུ་མི་བཟོད་ལ། ལས་སུ་བྱར་མི་རུང ། སྐྱེ་བོ་ཀུན་གྱིས་བསྔགས་པ་མ་ཡིན་ཞིང ། རྒྱལ་པོའམ། རྒྱལ་པོའི་བུ་ལ་རུང་བ་མ་ཡིན་པ་དེ་བཞིན་དུ། གཞན་མུ་སྟེགས་ཅན་ཆོས་ཀྱི་གཟུགས་བརྙན་ གྱི་ཆོས་ཀྱི་ནོར་བུ་རྨ་ཡོད་པ་དེའི་རྨ་གཅིག་པོ་ནི་འཇིག་ཚོགས་ལ་ལྟ་བ་དང ། ཚུལ་ཁྲིམས་དང ། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང ། ཐེ་ཙོམ་ཡོད་པ་ཡིན་ནོ། །ཀུན་གྱི་སྒོ་མ་ཡིན་པ་ནི། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ སྒོ་ཡིན་ནོ། །ནོར་དང་མི་ལྡན་པ་ནི། ཟག་པ་མེད་པའི་བཀྲ་ཤིས་དང་མི་ལྡན་པའོ། །དབུག་པར་མི་བཟོད་པ་ནི། ལེགས་པར་འདྲི་བ་དང ། ལན་གླན་པའི་ཆོས་ཀྱི་གཏམ་འབུགས་པའི་ཐུར་མར་མི་རུང་བའོ། །རྒྱལ་པོའམ། རྒྱལ་པོའི་བུ་ལ་ 68-1-137b འོས་པ་མ་ཡིན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དབང་ཕྱུག་དམ་པའི་ཆོས་ཀྱི་ལམ་དུ་ཞུགས་པ་སྐྱེས་བུ་གང་ཟག་བརྒྱད་རྣམས་སུ་མི་རུང་བ་སྟེ། རྣམ་པ་དེ་ལྟ་བུའི་ཆོས་ཀྱི་གཟུགས་བརྙན་ཆོས་མ་ཡིན་པ་མགུལ་དུ་ཐོགས་སོ། །དེ་དག་ནོར་བུ་དེའི་གཟུགས་བརྙན་ གྱི་ནོར་བུ་ཐོགས་ནས། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་འཁོར་བ་ཐོག་མ་མེད་པའི་དུས་ནས་ཞུགས་ཏེ་ཡོངས་སུ་འཁྱམ་མོ། །དེ་ལྟ་བས་ན་དགེ་སློང་ནོར་བུ་དེ་ལྟ་བུའི་ནོར་བུར་གྱུར་ཏེ། དཔེར་ན་བྱིས་པ་སོ་སོའི་ སྐྱེ་བོ་ནི། བཻ་དཱུརྱ་དང་འདྲ་བའི་ནོར་བུ་མཆིང་བུ་མཐོང་ནས། བཻ་དཱུརྱ་ཡིན་ནོ་སྙམ་དུ་སེམས་པ་བཞིན་ནོ། །དགེ་སློང་དེ་ཆོས་དང་ཆོས་མ་ཡིན་པའི་བརྟག་པའི་དེ་ཁོ་ན་ཤེས་པས་གཞན་བདུན་པ་ལ་འཇུག་སྟེ། དེ་ལ་ཞུགས་པའི་བརྟུལ་ཞུགས་ས་བླའི་ གནོད་སྦྱིན་དག་གིས་མཐོང་ནས། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལའོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལའོ། །དེ་དག་གིས་ཀྱང ། སུམ་ཅུ་རྩ་གསུམ་པ་ རྣམས་ལའོ། །དེ་དག་གིས་ཀྱང་བརྒྱ་བྱིན་ལའོ། །བརྒྱ་བྱིན་གྱིས་ནི་འཐབ་བྲལ་བ་རྣམས་ལའོ། །འཐབ་བྲལ་བ་དག་གིས་ནི་དགའ་ལྡན་པ་རྣམས་ལའོ། །དགའ་ལྡན་པ་དག་གིས་ཀྱང་བྱམས་པ་ལའོ། །བྱམས་པས་ཀྱང་འཕྲུལ་དགའ་བ་ རྣམས་ལའོ། །འཕྲུལ་དགའ་བ་རྣམས་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་པ་རྣམས་ལ། འཛམ་བུའི་གླིང་དུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཅེས་བྱ་བ་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་ལས་དང ། ཆོས་དང ། རྣམ་པར་སྨིན་པ་ རྣམ་པར་རིག་བྱེད་མ་ཡིན་པའི་འདུ་ཤེས་ཀྱི་གཟུགས་བཅུ་གཅིག་རྗེས་སུ་ཇི་ལྟར་མཐོང་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས། གང་གི་ཚེ་ཆོས་ཐམས་ཅད་ཀྱི་བྱེད་པ་དང་ལྡན་པ་གང་སྡོམ་པ་ཉིད་བླངས་ཏེ། དེ་ཕན་ཆད་ 68-1-138a གཉིད་ལོག་གམ། མྱོས་སམ། རབ་ཏུ་མྱོས་ཀྱང ། དགེ་བའི་ཆོས་ཀྱི་རྒྱུན་ཉིད་རབ་ཏུ་འཇུག་སྟེ། དཔེར་ན། ཆུ་བོའི་རྒྱུན་བར་ཆད་མེད་པ་རྟག་ཏུ་འབབ་པ་དེ་བཞིན་དུ། སྐྱེས་བུ་དེ་གཉིད་ལོག་གམ། མྱོས་སམ། རབ་ཏུ་མྱོས་པའི་འཇུག་པ་ཡང་དེ་བཞིན་ནོ། །དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ། ཐོགས་པ་མེད་པར་འདོད་དོ། །གཟུགས་དེ་ཇི་ལྟ་བུ་ཡིན་ཞེ་ན། ལས་ཀྱི་ངོ་བོ་ཉིད་ཡོད་པ་ཉིད་ཡིན་ཏེ། དེ་ལྟ་བས་ན། གཟུགས་དེ་ཡང ། གཟུགས་རྣམ་པ་བཅུ་གཅིག་པོ་དེ་དག་ཡིན་ལ། དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཡིན་ནོ། །དགེ་སློང་དེས། སེམས་ཅན་འདི་དག་གི་གཟུགས་ཐ་དད་པ། གནས་སྐབས་ཐ་དད་པ། མིང་དང་འགྲོ་ བ་ཐ་དད་པ། གནས་ཀྱི་རྣམ་པ་ཐ་དད་པ་ཇི་ལྟ་བུར་མཐོང་ཞེ་ན། འདི་ལྟར་དེ་སེམས་ཅན་དེ་དག་གི་།སེམས་ཐ་དད་པ། གནས་ཀྱི་རྣམ་པ་དང ། མོས་པ་ཐ་དད་པ་དང ། ལས་ཀྱི་རྣམ་པ་ཐ་དད་པ་མཐོང་བ་དེའི་ཕྱིར། གཟུགས་ཐ་དད་ པ་དང ། གནས་སྐབས་ཐ་དད་པ་དང ། མིང་དང་འགྲོ་བ་ཐ་དད་པ་དང ། གནས་ཀྱི་རྣམ་པ་ཐ་དད་པ་དེ་དག་ནི། དཔེར་ན་རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་མཁས་པ་ཞིག་།ས་ཡིད་དུ་འོང་ཞིང་འཇམ་ལ་མཁྲང་བ་ཞིག་མཐོང་ ནས་འདུག་སྟེ། ཚོན་སྣ་ཚོགས་དག་གིས། རི་མོའི་རྣམ་པ་སྣ་ཚོགས་གཟུགས་ལེགས་ཤིང ། ལེགས་པའི་རྣམ་པ་སྣ་ཚོགས། སེམས་ཀྱི་དབང་གིས་འདྲི་བ་དེ་བཞིན་དུ། སེམས་རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་ལྟ་བུ་འདི་ ལྷག་པར་མོས་པས་ཁམས་གསུམ་གྱི་ས་ཤིན་ཏུ་འཇམ་ཞིང་མཁྲང་བ་དག་ལ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དག་གི་འཁོར་བའི་སར་གནས་སྐབས་ཐ་དད་པ་དང ། མིང་དང་འགྲོ་བ་ཐ་དད་པ་དང ། རྣམ་པ་ཐ་དད་པ་དང་།སེམས་ཅན་གྱི་ 68-1-138b གནས་ཀྱི་རྣམ་པ་ཐ་དད་པ་དག་།སེམས་རི་མོ་མཁན་ལྟ་བུ་དེས་མངོན་པར་འགྲུབ་པར་བྱེད་དོ། །ཡང་ཇི་ལྟར་ཚོན་དཀར་པོས་ནི། གཟུགས་དཀར་པོར་འདྲི་བར་བྱེད་ལ། དམར་པོས་ནི་དམར་པོར་འདྲི་བར་བྱེད། སེར་པོས་ནི་སེར་པོར་འདྲི་བར་ བྱེད། ཚོན་ཕུག་རོན་ཁ་ལྟ་བུས་ནི་ཕུག་རོན་ཁ་ལྟ་བུ་འདྲི་བར་བྱེད། ནག་པོས་ནི་ནག་པོར་འདྲི་བར་བྱེད་པ་དེ་བཞིན་དུ། སེམས་རི་མོ་མཁན་ལྟ་བུ་འདི་སེམས་ཀྱི་དམིགས་པ་དཀར་པོ་ཉེ་བར་བཟུང་ནས། ཟག་པ་དང་བཅས་པ་འདོད་ཆགས་ལ་སོགས་ པའི་དྲི་མ་དག་གིས་ཉོན་མོངས་པ་མེད་པའི་ཆོས་དཀར་པོ་ལྷ་དང་མི་རྣམས་ཀྱི་གཟུགས་དཀར་པོ་མངོན་པར་འགྲུབ་པར་བྱེད་དོ། །རི་མོ་མཁན་གྱིས་ཚོན་དམར་པོ་བླངས་ནས། ལྷ་དང་མི་རྣམས་ཀྱི་གཟུགས་དམར་པོ་མངོན་པར་འགྲུབ་པར་བྱེད་དེ། དམར་ པོ་ཞེས་བྱ་བ་ནི། སྒྲ་དང ། རོ་དང ། རེག་པ་དང ། གཟུགས་དང ། དྲི་སྟུག་པོ་དག་གིས། རི་མོའི་གཞི་ལ་ཚུལ་བཞིན་དུ་བྱས་པའོ། །ཡང་སེམས་རི་མོ་མཁན་ལྟ་བུ་དེས། ཚོན་སེར་པོ་བླངས་ནས་དུད་འགྲོ་མངོན་པར་འགྲུབ་པར་ བྱེད་དེ། དེ་དག་ཀྱང་སེར་པོའི་དབང་གིས། གཅིག་ལ་གཅིག་ཁྲག་འཐུང་བར་བྱེད་ཅིང་ཤ་ཟ་བར་བྱེད་ལ། གཅིག་ལ་གཅིག་ཚོན་སེར་པོ་ལྟ་བུར་གྱུར་པའི་འདོད་ཆགས་ཞེ་སྡང་གཏི་མུག་གིས་གསོད་དོ། །ཡང་སེམས་རི་མོ་མཁན་ལྟ་བུ་དེས། ཚོན་ཕུག་རོན་ཁ་ལྟ་བུ་ལ་དམིགས་པ་མཐོང་ནས། ཚོན་ཕུག་རོན་ཁ་ལྟ་བུའི་ལས་དྲི་མ་ཅན་ཡི་དགས་ཀྱི་འགྲོ་བ་བྱེད་དེ། དེ་དག་ཀྱང་ལུས་ཚལ་ཤིང་བསྲེགས་པ་ལྟ་བུ་ཡིན་ལ། སེམས་རི་མོ་མཁན་ལྟ་བུ་སེར་སྣ་ལ་དམིགས་ཤིང ། གཏི་མུག་རབ་རིབ་ ཀྱི་སྒྲིབ་པའི་དབང་གིས་བཀྲེས་ཤིང་སྐོམ།སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོངས་སུ་ཉམས་པས་ཟིལ་གྱིས་ནོན་པ་ཡིན་ནོ། །ཡང་སེམས་རི་མོ་མཁན་ལྟ་བུ་དེས། ཚོན་རྩི་ནག་པོ་ལྟ་བུའི་ལས་ཀྱི་ངོ་བོ་བླངས་ནས། སེམས་ཅན་དམྱལ་བའི་གཟུགས་ནག་ 68-1-139a པོ་འདྲི་བ་ལྟ་བུར་དེ་དག་ཀྱང ། ལས་ནག་པོས་ལྕགས་ནག་པོའི་ར་བ་འབར་བས་བསྐོར་བ་དེར་སྐྱེས་ཏེ། ལུས་ནག་པོ་ལ་ནད་དང ། གནོད་པ་དང ། བཀྲེས་ཤིང་སྐོམ་པ་རྣམ་པ་སྣ་ཚོགས་ཀྱི་གཞིར་གྱུར་ཅིང ། རང་གིས་ ཉེས་པར་བྱས་པ་གཞན་ཡང་མཚུངས་པ་མེད་པའི་གནོད་པའི་སྡུག་བསྔལ་གྱིས་ཉམ་ཐག་པ་ཡིན་ནོ། །ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་དེ། ཚོན་རྩི་ལྔའི་རི་མོའི་གཞི་ལྟ་བུའི་འཁོར་བ་ཁམས་གསུམ་དུ་འགྲོ་བ་ལྔར་ཀུན་ཏུ་གནས་ཤིང ། ས་གསུམ་པོ་འདོད་ པའི་ཁམས་ཀྱིས་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་ལ་ཀུན་ཏུ་གནས་ཏེ། དེ་ལ་སེམས་རི་མོ་མཁན་ལྟ་བུ་དེ་འདོད་པ་བསྟན་ཅིང་འདོད་པའི་ཁམས་ལ་དམིགས་པས། གཟུགས་རྣམ་པ་ཉི་ཤུ་རྣམ་པ་སྣ་ཚོགས་འདྲིའོ། །འདོད་ པའི་ཁམས་དང་བྲལ་བ་དག་ནི། གཟུགས་ཀྱི་ཁམས་ལ་དམིགས་ཤིང་གནས་པ་དེ་ལ་བརྟེན་པའི་སའི་གནས་སྐབས་བཅུ་དྲུག་པོ་དག་ནི་བསམ་གཏན་བཞིའི་པིར་གྱིས། གཟུགས་ཀྱི་ཁམས་མངོན་པར་འདྲིའོ། །གཟུགས་ཀྱི་ཁམས་ལ་དམིགས་པ་དང་བྲལ་བ་ དག་ནི། སྙོམས་པར་འཇུག་པ་བཞིའི་སྲེད་པ་ལ་མཉམ་པར་དམིགས་པའི་སེམས་རི་མོ་མཁན་ལྟ་བུས། གཟུགས་མེད་པའི་ཁམས་མངོན་པར་འདྲི་སྟེ། ཁམས་གསུམ་གྱི་གཞི་འདི་ནི་རྒྱ་ཆེ་བ་ཡིན་ནོ། །ཡང་དགེ་སློང་དེས། སེམས་ཅན་གཞན་གྱི་སེམས་ རི་མོ་མཁན་ལྟ་བུ་རྣམ་པ་གཞན་གྱིས་མཐོང་སྟེ། དེ་ལ་སེམས་ནི་རི་མོ་མཁན་ལྟ་བུ་ཡིན་ནོ། །ལུས་ནི་རི་མོའི་ཚོན་རྩིའི་སྣོད་ལྟ་བུ་ཡིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་དག་ནི་ལས་བརྟན་པར་བྱས་པ་ལྟ་བུ་ཡིན་ནོ། །དམིགས་པ་ནི་ཁྲི་ལྟ་བུ་ཡིན་ནོ། ། དབང་པོ་ནི་པིར་ལྟ་བུ་ཡིན་ནོ། །ཕྱི་རོལ་གྱི་ཡུལ་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་སྣ་ཚོགས་དག་ནི་ཚོན་རྩི་སྣ་ཚོགས་ལྟ་བུ་ཡིན་ནོ། །འཁོར་བ་ནི་རྩིག་པ་ལྟ་བུ་ཡིན་ནོ། །ཤེས་པ་ནི་སྣང་བ་ལྟ་བུ་ཡིན་ནོ། །བརྩོན་འགྲུས་ 68-1-139b རྩོམ་པ་ནི་ལག་པ་ལྟ་བུ་ཡིན་ནོ། །ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་བྱས་པའི་གཟུགས་མང་པོ་དག་ནི། རི་མོའི་གཟུགས་ཆ་བྱད་དང་།དབྱིབས་དང ། མདོག་དང ། འབྱོར་པར་གྱུར་པ་མང་པོ་དག་ལྟ་བུ་ཡིན་ནོ། །ཡང་དགེ་སློང་བསམ་ གཏན་ལ་ཞུགས་པ་དེ། སེམས་རི་མོ་མཁན་ལྟ་བུ་དེ་ཉིད་རྣམ་པ་གཞན་གྱིས་མཐོང་སྟེ། དཔེར་ན། གང་རི་མོ་མཁན་དེ་མགུ་ན། ཚོན་རྩིའི་རྣམ་པ་ལེགས་པར་སྦྱང་བ་བྱས་པ་གསལ་བར་འགྱུར་ཞིང ། པིར་གྱིས་ཡང་དང་ཡང་དུ་ལེགས་པར་ འདྲི་ན་དེའི་ཚེ། གཟུགས་ལེགས་པར་འདྲི་བ་དེ་བཞིན་དུ། གང་སེམས་རི་མོ་མཁན་ལྟ་བུ་འདི་མགུ་ན་བསམ་གཏན་གྱི་བྱ་བ་ལ། ཚོན་རྩི་ལྟ་བུའི་བསམ་གཏན་གྱི་རྣམ་པ་ཡོངས་སུ་སྦྱང་བ་བྱས་པ། ཚོན་རྩི་ལྟ་བུ་གསལ་བར་འགྱུར་ཞིང ། པིར་གྱིས་ཡང་དང་ཡང་དུ་ལེགས་པར་འདྲི་བ་ལྟ་བུའི་དམིགས་པ་ལུང་ཕོག་པ་ཡོངས་སུ་སྦྱང་བ་བྱས་པས། འོག་དང ། སྟེང་དུ་མཉམ་པར་འཇོག་པ་དང ། ལྡང་བ་ལ་སྐྱོ་བ་མེད་ན། སེམས་རི་མོ་མཁན་ལྟ་བུ་དེ། བསམ་གཏན་གྱི་སར་ གཟུགས་ལེགས་པར་འདྲིའོ། །གལ་ཏེ་མི་དགའ་ན། སེམས་རི་མོ་མཁན་ལྟ་བུ་དེ། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ས་ངན་པ་དེར་འགྲོ་བའི་རིས་དང ། གནོད་པ་དང ། ལྕགས་ཀྱི་གཏུན་ཤིང་པིར་ལྟ་བུས་མི་ དགེ་བའི་ཚོན་རྩི་བླངས་ནས་སྣོད་ལྟ་བུར་གྱུར་པའི་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་ཀྱི་གཟུགས་དེ་དུད་འགྲོའི་འགྲོ་བའི་གཟུགས་མ་ལེགས་པ་འདྲི་སྟེ། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །ཡང་དགེ་སློང་དེ་སེམས་སྤྲེའུ་ལྟ་བུར་མཐོང་ སྟེ། ཇི་ལྟར་སྤྲེའུ་ནི་འཕྱར་བ་ཡིན་ཏེ། ཤིང་དང ། ལྕུག་མ་དང ། མེ་ཏོག་དང ། འབྲས་བུ་དང ། རི་བྲགས་ཀྱི་བུ་ག་དང ། སྨན་ལྗོངས་ཐ་དད་པ་ཐོགས་པ་མེད་པར་འགྲོ་བ་དེ་བཞིན་དུ། སེམས་སྤྲེའུ་ལྟར་འཕྱར་བ་འདི་ཡང་ཐ་དད་པ་ 68-1-140a ལྟ་བུའི་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དག་གི་འགྲོ་བ་ལྔར་འགྲོ་སྟེ། སེམས་ཅན་ནི་ཤིང་ལྟ་བུའོ། །སྲེདཔའི་ལྕུག་མ་ནི་ལྕུག་མའི་རྣམ་པ་དུ་མ་ལྟ་བུ་ཡིན། རྟོག་པ་ནི་མེ་ཏོག་གི་ཡལ་ག་ལྟ་བུ་ཡིན་ནོ། །སྒྲ་དང ། རོ་དང ། གཟུགས་ དང ། དྲི་དང ། རི་སུལ་དང ། བུ་ག་དང ། སྤྱོད་པ་སྡུག་པ་དང་མི་སྡུག་པའི་ཁམས་གསུམ་ནི་འབྲས་བུ་ལྟ་བུ་ཡིན་ནོ། །ལུས་ནི་ཕུག་པ་ལྟ་བུ་ཡིན་ནོ། །སེམས་སྤྲེའུ་ལྟ་བུ་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང ། མི་རྣམས་ཀྱི་གནས་རྣམས་སུ་ཐོགས་ པ་མེད་པར་འགྲོ་སྟེ། སེམས་སྤྲེའུ་ལྟ་བུ་དེ་འཁོར་བའི་སར་འཁྱམ་མོ། །ཡང་དགེ་སློང་བསམ་གཏན་ལ་ཞུགས་པ་དེ་སེམས་གར་མཁན་ལྟ་བུར་མཐོང་སྟེ། ཇི་ལྟར་གར་མཁན་དག་ཆ་བྱད་དང ། ཚོན་རྩི་དང ། ས་དང ། གོས་དང ། སིལ་སྙན་སྣ་ཚོགས་དག་ཐོགས་ནས། གར་ མཁན་གར་བྱེད་པ་དེ་བཞིན་དུ། སེམས་གར་མཁན་ལྟ་བུ་འདི་ཡང་ས་དང་འགྲོ་བའི་རིས་ཀྱིས་སྣ་ཚོགས་སུ་ལས་ཀྱིས་སྤྲུལ་པའི་ཆ་བྱད་སྣ་ཚོགས་ཐོགས་ཤིང་རྒྱུ་དང་རྐྱེན་རྣམ་པ་སྣ་ཚོགས་འཛིན་པ་ནི་ཆ་བྱད་སྣ་ཚོགས་ཐོགས་པ་ལྟ་བུ་ཡིན་ནོ། །བྱེད་པ་དག་ནི་སིལ་སྙན་རྣམ་པ་སྣ་ཚོགས་ ལྟ་བུ་ཡིན་ནོ། །འཁོར་བ་གར་མཁན་ལྟ་བུ་ནི་རང་གི་ཡུལ་གར་མཁན་ལྟ་བུ་ཡིན་ཏེ། གར་ཉིད་ཀྱིས་སེམས་གར་མཁན་ལྟ་བུ་འཁོར་བ་ཐོག་མ་མེད་ཅིང་ཡུན་རིང་བ་རྣམ་པ་སྣ་ཚོགས་དུ་མར་གར་བྱེད་དོ། །ཡང་དགེ་སློང་དེ་སེམས་ཉ་ལྟ་བུ་ཆུ་བོའི་ཉ་ལྟ་བུར་མཐོང་སྟེ། ཇི་ལྟར་ཉ་ ནི་རིའི་ཆུ་བོ་འགྱུར་ཞིང་དབའ་རླབས་འཁྲུགས་པ་གཏིང་ཟབ་ལ་རྒྱུན་དྲག་སྟེ། བཟོད་པར་དཀའ་ཞིང་འབབ་པའི་རྒྱུན་གྱིས་ཤིང་ལྗོན་པ་མང་པོ་རྩ་ནས་འབྱིན་པར་ནུས་ལ་འགྱུར་བའི་ཤུགས་དྲག་པོ་བཟློག་པར་དཀའ་བའི་ལས་མི་བཟད་པར་འབྱུང་ཞིང་འཇུག་པ་དེ་བཞིན་དུ། སེམས་ ཉ་ལྟ་བུ་འདི་ཡང་སྲིད་པ་གསུམ་གྱི་དབའ་རླབས་འཁྲུགས་པ་ནི་འགྱུར་ཞིང་དབའ་རླབས་འཁྲུགས་པ་ལྟ་བུ་ཡིན་ལ། མནར་མེད་པས་མཆོག་ཏུ་ཟབ་པ་ནི་འདོད་པའི་ཁམས་ཀྱི་ཆུ་བོ་རབ་མེད་ལྟར་གཏིང་ཟབ་པ་ཡིན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བའི་ལས་ 68-1-140b ཀྱི་རྒྱུན་བཟོད་པར་དཀའ་བའི་འགྲོ་བ་དག་ཏུ་ཕ་རོལ་དུ་འགྲོ་བ་ནི་རྒྱུན་དྲག་པོ་བཟོད་པར་དཀའ་བ་ལྟ་བུ་ཡིན་ལ། འགྲོ་བ་ལྔའི་ཆུ་བོར་རྒྱུ་བའི་རྒྱུན་དྲག་པོས་བསྐལ་པ་དུ་མ་ཙམ་དུ་འདྲེན་པར་འགྱུར་བ་མི་བཟོད་པ་ནི་འབབ་པའི་རྒྱུད་འགྱུར་བའི་ཤུགས་དྲག་པ་ལྟ་བུ་ཡིན། མི་རྟག་པ་ ཉིད་ཀྱིས་འགྱུར་བའི་ཤུགས་བཟློག་པར་དཀའ་བ་ནི་བཟློག་པར་དཀའ་བ་ལྟ་བུ་ཡིན་ཏེ། སྲིད་པ་ཆུ་བོ་ལྟ་བུར་སེམས་ཉ་ལྟ་བུ་འབྱུང་ཞིང་འཇུག་སྟེ། ལྷ་དང་མི་དག་ཏུ་ནི་འབྱུང་ལ་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་ནི་སྲེད་པ་ཆུ་བོ་ལྟ་བུར་སེམས་ ཉ་ལྟ་བུ་འཇུག་གོ་།དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་རྣལ་འབྱོར་ལ་གནས་པ་དེ་ལས་དང་ཆོས་དང་རྣམ་པར་སྨིན་པ་ཤེས་ཤིང་སེམས་ཅན་ཐམས་ཅད་སེམས་ལ་རག་ལས་པ་མཐོང་ལ། སེམས་ཀྱི་རྣམ་པ་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་ཀྱིས་བསླུས་པ་མཐོང་སྟེ། རྣལ་ འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་སེམས་ཅན་ཐམས་ཅད་སེམས་ཀྱི་ལས་ལ་རག་ལས་ཤིང་སེམས་ཀྱི་ལས་ཀྱི་རྣམ་པ་ལ་སེམས་རག་ལས་པ་མཐོང་སྟེ། ཀྱེ་མ་འཁོར་བ་ཐོག་མ་ དང་ཐ་མ་མེད་པ་ནས་འགྲོ་བ་དུ་མར་རབ་ཏུ་རྒྱུ་བའི་སེམས་ཅན་འདི་དག་ཇི་ལྟར་འགྱུར་སྙམ་མོ། །དེ་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་སེམས་ཅན་གྱི་སེམས་ཀུན་ནས་ཉོན་མོངས་པས་འཆིང་ཞིང་རྣམ་པར་བྱང་བས་འགྲོལ་བར་མཐོང་ངོ ། །དེ་ལ་སེམས་ ཀྱི་རྣམ་པ་མང་སྟེ། དམིགས་པའི་བྱེ་བྲག་དང ། ངོ་བོ་ཉིད་ཀྱི་བྱེ་བྲག་དང ། འགྲོ་བའི་རིས་ཀྱི་བྱེ་བྲག་གིས་འགྲོ་བ་རྣམས་ཀྱི་རྣམ་པ་ལྔའོ། །རྟེན་བཟང་པོའི་བྱེ་བྲག་གིས་དལ་འབྱོར་དང་ལྡན་པ་དང ། ཀུན་དུ་སྦྱོར་བའི་འདུ་བྱེད་དང ། ཡང་དག་པར་ལྡན་པའི་སེམས་ བག་ལ་ཉལ་དང་ལྡན་པ་དང ། ནམ་མཁའ་ལ་སོགས་པ་གསུམ་དང་རྟག་ཏུ་མི་ལྡན་པ་སྟེ། རྣམ་པ་ལྔ་ཡིན་ནོ། །དེ་ཡང་དབང་པོའི་བྱེ་བྲག་གིས་ནི་དཔག་ཏུ་མེད་ལ། སྲེད་པའི་གནས་སྣ་ཚོགས་ཀྱི་བྱེ་བྲག་གིས་མདོར་ན་ཀུན་ནས་ཉོན་མོངས་པ་འདིའི་ཕྱོགས་འདི་ནི་ 68-1-141a སེམས་ལས་བྱུང་བ་ལྔར་འགྱུར་རོ། །ཇི་ལྟར་ན་རྣམ་པར་བྱང་བའི་ཕྱོགས་སུ་འགྱུར་ཞེ་ན། ཉོན་མོངས་པའི་རྩ་བ་གསུམ་དག་གི་གཉེན་པོ་གསུམ་ཡིན་ནོ། །འདས་པ་དང ། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་ རབ་ཡང་དག་པའི་ལམ་སྟོན་པ་ནི་འདི་ལྟ་སྟེ། འདོད་ཆགས་ལ་ནི་མི་སྡུག་པའོ། །ཞེ་སྡང་ལ་ནི་བྱམས་པའོ། །གཏི་མུག་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལུས་ལ་འདོད་ཆགས་སྐྱེ་བ་ན། དེ་ལུས་དེ་ལ་དམིགས་ནས་གནས་ཤིང་རྣམ་པར་འབྱེད་དེ། རྐང་པ་དང ། སེན་མོ་དང ། མདོག་དང ། ཡན་ལག་དང ། ཉིང་ལག་རགས་པའི་བར་ལ་རྣམ་པར་འབྱེད་པ་ནི་བདག་གང་ཡིན། བདག་གི་ཅི་ཡིན་ཞེས་དེ་རང་གི་ཡན་ལག་གི་ཕྱོགས་ལ་རྐང་པ་དང ། སེན་མོ་ལུས་ཐ་དད་པར་ལྟ་སྟེ། གང་ལ་བདག་ཏུ་ང་རྒྱལ་འཇུག་ པ་འདི་ནི་སེན་མོ་དང་ལུས་མ་ཡིན་ཞིང ། རྐང་པའི་སེན་མོ་ལུས་སམ་བདག་མ་ཡིན། གང་ལ་བདག་ཏུ་ང་རྒྱལ་འཇུག་པ་འདི་ནི། རྐང་པའི་མཐིལ་ལུས་མ་ཡིན་ཞིང་ལོང་བུ་བདག་གམ་ལུས་མ་ཡིན། རྐང་པའི་རྟིང་པ་བདག་གམ་ལུས་མ་ཡིན་ཞིང་བསྡུས་པ་བདག་གམ་ ལུས་མ་ཡིན། སྟ་ཟུར་དང་དཔྱི་བདག་གམ་ལུས་མ་ཡིན། གཞང་བདག་གམ་ལུས་མ་ཡིན། སྒལ་བའི་རུས་པར་གྱུར་པ་བཞི་བཅུ་རྩ་ལྔ་བདག་གམ་ལུས་མ་ཡིན། ལྟག་པ་བདག་གམ་ལུས་མ་ཡིན། བཞིན་གྱི་རུས་པར་གྱུར་པ་བདག་གམ་ལུས་མ་ཡིན་ཏེ། དགེ་སློང་དེས་རྣམ་པར་ཕྱེ་ན་དོན་གཞན་དུ་གྱུར་པའི་ལུས་མ་མཐོང་ཞིང་སོ་སོ་ལ་ཡང་ལུས་མ་མཐོང་ལ། རྣམ་པར་ཕྱེ་ན་ཡང་ལུས་མ་མཐོང་ངོ ། །མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་ཡང་ལུས་སམ་བདག་མི་མཐོང་ཞིང་བདག་ཉིད་མེད་ དོ། །དེ་ལྟར་ལུས་རྡུལ་ཕྲ་མོར་སོ་སོར་རྣམ་པར་འབྱེད་དེ། དེ་བདག་གི་ལུས་ཡུངས་ཀར་ཙམ་དང་ཕྱེ་མ་ལྟ་བུར་མཐོང་ངོ ། །དེ་འབྱུང་བ་ཆེན་པོ་རྣམས་རྣམ་པར་འབྱེད་དེ་བདག་ནི་གང་ཞིག་།ཅི་སའི་ཁམས་བདག་ཡིན་ནམ། ཆུའི་ཁམས་བདག་ཡིན་ནམ། མེའི་ 68-1-141b ཁམས་བདག་ཡིན་ནམ། རླུང་གི་ཁམས་བདག་ཡིན་ནམ་སྙམ་མོ། །དེ་དོན་དམ་པར་ན་བདག་གི་ཁམས་མ་མཐོང་ཞིང་བདག་གི་ཁམས་མཐོང་བ་མེད་པ་ན་དོན་གཞན་དུ་གྱུར་པ་མ་མཐོང་སྟེ། དཔེར་ན་ཤིང་ལྗོན་པ་དུ་མ་འདུས་པ་ལ་ཚལ་དུ་མཐོང་ལ་ཤིང་ལྗོན་པ་རེ་རེ་ལ་ཚལ་ མེད་དོ། །དོན་དམ་པར་ན་ཚལ་ཞེས་བྱ་བ་ཤིང་ལྗོན་པ་མ་གཏོགས་པར་ཚལ་མེད་ལ་ཡང་དག་པར་ན་ཤིང་ལྗོན་པ་ཡང་ཤུན་པ་དང ། རྩ་བ་དང ། ཡལ་ག་དང ། ལོ་མ་དང ། ལྕུག་མ་མ་གཏོགས་པར་དོན་གཞན་དུ་གྱུར་པ་མེད་དེ། ཀུན་རྫོབ་ཏུ་ནི་ཚལ་ཡོད་དོ། །དེ་ལྟར་ ལུས་འདི་ཡང་ལག་པ་ལ་སོགས་པ་འདུས་པ་ཙམ་འདི་ལ་ཀུན་རྫོབ་ཏུ་འདི་ནི་ལུས་ཡིན་ནོ། །ཞེས་འདུ་ཤེས་འཇུག་གོ་སྙམ་ནས་དེ་ལུས་དེའི་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་ནས་ལུས་ལ་འདོད་ཆགས་དང་བྲལ་ཞིང་ལུས་ཀྱི་ཡན་ལག་དང་ཉིང་ལག་དག་ལ་འདོད་ཆགས་དང་བྲལ་ བར་འགྱུར་རོ། །དེ་འདོད་ཆགས་དང་བྲལ་ན་དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པ་ཡང་འབྱུང་བའི་སྲེད་པས་གནོད་པ་མེད་དེ། དེ་ལྟར་འདོད་ཆགས་ཀྱི་གཉེན་པོ་ལ་རབ་ཏུ་བརྩོན་ནོ། །ཇི་ལྟར་ན་ཞེ་སྡང་གི་གཉེན་པོ་ལ་རབ་ཏུ་བརྩོན་ཞེ་ན། དེ་བྱམས་པ་ལ་གནས་པར་ འགྱུར་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་ཉམ་ང་བར་ཞུགས་པ་ཡིན་ཏེ། འདི་ལྟ་སྟེ། འགྲོ་བ་ལྔ་རྣམས་སུ་སྐྱེ་བ་དང ། འཆི་བ་དང ། འཆི་འཕོ་དང ། འབྱུང་བ་དག་འཇིགས་པ་ལྔར་ཞུགས་ཤིང་ཤི་བའི་ལུས་རུས་པ་ལྟ་བུ་དེ་དག་ལ་མ་ལྟ་བུར་སྙིང་རྗེ་སྐྱེའོ། །རྨ་ལ་བ་ཚཝས་ བྱུགས་པ་ལྟ་བུའི་སེམས་ཅན་སྡུག་བསྔལ་བ་འདི་དག་ལ་ཇི་ལྟར་ཁྲོ་བ་སྐྱེད་དེ་སེམས་ཅན་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་ནོ་སྙམ་སྟེ། དེ་ཉོན་མོངས་པའི་རྣམ་པ་ཆེན་པོ་གཉིས་པ་ལ་གནས་སོ། །ཡང་དགེ་སློང་དེ་ཇི་ལྟར་ན་ཉོན་མོངས་པ་ཆེན་པོ་གསུམ་པ་སོ་སོར་ འཇིག་པ་ལ་རབ་ཏུ་བརྩོན་ཞེ་ན། གཏི་མུག་གིས་བསྒྲིབས་པའི་སེམས་ཅན་ནི་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང ། ངག་གིས་ཉེས་པར་སྤྱད་པ་སྤྱོད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་ཡིན་ཏེ། ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ 68-1-142a རྣམས་སུ་སྐྱེའོ། །གང་གི་ཚེ་ཡང་དག་པའི་ལྟ་བ་སྔོན་དུ་སོང་བས་གཏི་མུག་དང་བྲལ་བར་འགྱུར་བ་དེའི་ཚེ་ལུས་ཀྱིས་ལེགས་པར་སྤྱད་པ་དང ། ངག་གིས་ལེགས་པར་སྤྱད་པ་དང ། ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་པ་དེ་ཆོས་དང་ཆོས་མ་ཡིན་པའི་དེ་ཁོ་ ན་ཉིད་ཤེས་པར་འགྱུར་རོ། །གང་གི་ཚེ་ཆོས་དང་ཆོས་མ་ཡིན་པ་དེ་དག་གི་དེ་ཁོ་ན་ཉིད་ཤེས་ཤིང ། རྣམ་པར་ཤེས་པར་འགྱུར་བ་དེའི་ཚེ་ཉོན་མོངས་པ་ཆེན་པོ་གསུམ་པའི་ངོ་བོ་ཉིད་མེད་པར་འགྱུར་རོ། །དགེ་སློང་དེ་ཉོན་མོངས་པ་གསུམ་པོ་དེ་དག་གཞིག་པའི་གཉེན་པོ་གསུམ་ ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཀུན་དུ་སྦྱོར་བ་དང ། བག་ལ་ཉལ་སོ་སོར་གནས་པ་འཇིག་པར་འགྱུར་བ་ཡིན་ཏེ། དཔེར་ན། ཤིང་ལྗོན་པའི་རྩ་བ་བཅད་ན་ཤུན་པ་དང ། རྩ་བ་དང ། འདབ་མ་དང ། ལོ་མ་དང ། སྡོང་པོ་དང ། ཡལ་ག་དང ། མེ་ ཏོག་དང ། འབྲས་བུ་ལ་སོགས་པ་དེ་དག་ཐམས་ཅད་རུལ་པའམ། རྙིས་པར་འགྱུར་བ་དེ་བཞིན་དུ་གསུམ་པོ་དེ་དག་བཅོམ་ན། ཉོན་མོངས་པ་ཐམས་ཅད་བཅོམ་པར་འགྱུར་རོ་སྙམ་མོ། །དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་དེ་ས་གཞན་བདུན་པ་ལས་ས་གཞན་ བརྒྱད་པ་ལ་འཇུག་ཅེ་ན། རྣལ་འབྱོར་སྤྱོད་པ་དེ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་མཐོང་སྟེ། ཇི་ལྟར་ན་དགེ་སློང་ཐོག་མ་ཉིད་དུ་འདི་ལྟར་མིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ཞིང་ཇི་ལྟར་ན་ མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་ཀུན་དུ་ཆགས་ཤིང་རྣམ་པར་ཆགས་ལ་ཤིན་ཏུ་རྨོངས་ཤིག་གུ་སྙམ་ན། དེ་ལ་ཀུན་དུ་ཆགས་པའི་གནས་སུ་འགྱུར་བ་ནི་མཛའ་བཤེས་མཐོང་བའམ། གཟུགས་སམ། བུད་མེད་དམ། དེ་ལས་གཞན་པ་མཐོང་ན་ཀུན་དུ་ཆགས་པར་འགྱུར་རོ། །ཞེ་སྡང་གི་གནས་སུ་འགྱུར་བ་ནི་འགྲན་ཟླར་གྱུར་པའམ། འགྲན་ཟླའི་གནས་སུ་འགྱུར་བ་དག་ལ་ཞེ་སྡང་བར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་གིས་བསྒྲིབས་པའི་མིག་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་ 68-1-142b མི་མཐོང་སྟེ། གཏི་མུག་གིས་བསྒྲིབས་པའི་བྱིས་པ་སོ་སོའི་སྐྱེ་བོའི་སེམས་ནི་ཀུན་དུ་རྟོག་པ་ཙམ་གྱི་མིག་གི་རྣམ་པར་ཤེས་པར་བྱ་བ་ལ་ཀུན་དུ་ཆགས་ཤིང་རྣམ་པར་ཆགས་ལ་ཤིན་ཏུ་རྨོངས་སོ། །སྲེད་པས་བསླུས་པའི་མི་ནི་རང་གི་འདོད་པའི་རྣམ་པར་རྟོག་པས་བདག་ ཉིད་ལ་བདག་ཉིད་ཀུན་དུ་ཆགས་པར་བྱེད་དེ། དཔེར་ན་ཁྱི་ནི་ཤ་མེད་པའི་རུས་པ་བླངས་ཏེ་ཁར་བཅུག་གོ། །དེ་འགྲམ་སོའི་བར་དུ་རུས་པ་བཅུག་པའི་ཁ་ཆུ་འཛག་པས་གཤེར་བ་ལ་ཟ་ལ། དེ་ལ་ཆགས་པའི་ཁྱི་ཡང་རང་གི་ཁའི་སོའི་བར་ནས་ཁྲག་འོང་སྟེ། དེ་རུས་པ་དེའི་ རོ་ཡིན་པར་སེམས་ཀྱི་རོ་འདི་ནི་བདག་ཉིད་ཀྱི་ཁྲག་ལ་བདག་ཉིད་མྱོང་བར་བྱེད་དོ་སྙམ་དུ་མི་སེམས་ཤིང་རོ་ལ་ཆགས་པའི་ཁྱི་དེ་ལྕེ་ཡང་ཟའོ། །རོ་ལ་ཆགས་པའི་བསྒྲིབས་པ་རུས་པ་ཡིན་པར་སེམས་པ་དེ་ནི་ཀུན་དུ་རྟོག་པ་ཙམ་ཁོ་ན་ཡིན་ཏེ། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་མིག་ཏུ་སྡུག་པའི་གཟུགས་དག་ལ་ཀུན་དུ་ཆགས་པར་འགྱུར་རོ། །དེ་ཁ་ཆུ་ལྟ་བུའི་རྣམ་པར་རྟོག་པར་བློ་གྲོས་བསྒྲིབས་པ་ཡིན་ལ། རྣམ་པར་དཔྱོད་པ་ནི་རུས་པ་ལྟ་བུ་ཡིན། མིག་ནི་ཁར་བཅུག་པ་ལྟ་བུ་ཡིན་ཏེ། དེ་ལྟ་དེ་ལྟར་ ཟའོ། །དེའི་སྲེད་པ་ནི་གང་གིས་ཁྲག་འཛག་པ་ལྟ་བུ་ཡིན་ཏེ། འདི་ནི་བདག་གི་གཟུགས་ཡིན་ནོ་སྙམ་དུ་སེམས་པ་འདི་ནི། སྲེད་པ་ཁྲག་གི་རོ་ལ་ཆགས་པ་ལྟ་བུ་ཡིན་ཏེ། དེ་རོ་དེ་ལ་ཆགས་སོ། །དེ་ལ་ཁྱི་ཇི་ལྟ་བ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ། རུས་པ་ཇི་ ལྟ་བ་བཞིན་དུ་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ཀྱང་དེ་དང་འདྲ། འགྲམ་སོས་ཟ་བར་བྱེད་པ་དེ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་ཡང་དེ་དང་འདྲ། སོ་ཇི་ལྟ་བ་བཞིན་དུ་ཡུལ་ཡང་དེ་དང་འདྲ་སྟེ། དེ་ལྟ་བས་ན་མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ རུས་གོང་ལྟ་བུ་དག་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྣམ་པར་སླུ་བར་བྱེད་དོ་སྙམ་མོ། །ཡང་དགེ་སློང་དེ་སེམས་པར་བྱེད་དོ། །ཇི་ལྟར་ན་འཁོར་བར་ཡིད་བྱུང་བའི་དགེ་སློང་དག་སྲེད་པའི་འཇིགས་པས་འཇིགས་ཤིང ། འདོད་པ་ཐམས་ཅད་རབ་ཏུ་སྤོང་ཞིག་ 68-1-143a གུ་སྙམ་མོ། །ཇི་ལྟར་གླང་པོ་ཆེ་ལོ་དྲུག་ལོན་པ་གླང་པོ་ཆེའི་ཆོ་ག་ཤེས་པའི་མིས་བསྐོར་ཅིང་ལུས་ཆེན་པོ་དེ་ཤིང་ཐགས་ཀྱིས་བསྐོར་ཏེ། བཅིང་བ་ལྔ་ཡིས་བཅིངས་ནས་བུ་རམ་ཤིང་དང ། ལ་དུ་དང ། བུ་རམ་ཆང་དང ། བཟའ་བ་དང ། བཏུང་བའི་རོ་མང་ པོ་སྦྱར་ཅིང ། སིལ་སྙན་དང ། གླུ་དང ། སྒྲ་དབྱངས་དག་གིས་དེ་རྣམ་པར་འདུལ་བར་བྱེད་དེ། གང་གིས་དེ་ཚལ་གྱི་བདེ་བ་བརྗེད་པར་བྱ་བ་བརྗེད་ནས། དེར་གླང་པོ་ཆེ་ཐ་མལ་པ་དག་དང་ལྷན་ཅིག་གནས་པར་བྱེད་ཅིང་དེ་གཞན་གྱིས་བཀྲིར་རུང་བར་བྱེད་དོ། །དེ་ནས་གླང་པོ་ ཆེའི་ཆོ་ག་ཤེས་པ་དེས་དེ་ལྟར་ཡོངས་སུ་སྤྱོད་པ་ན་རང་གི་ཚལ་གྱི་བདེ་བ་འདོད་པའི་གནས་རི་དང ། སྨན་ལྗོངས་དང ། ཚལ་དང ། མེ་ཏོག་དང ། འབྲས་བུ་དང ། བྱའི་སྒྲ་དང ། ཆུའི་རྒྱུན་དང ། ས་ཕྱོགས་དགའ་བ་རྗེས་སུ་བསམས་ཤིང་བཅིངས་པ་ཐམས་ཅད་ཀྱང་བདེ་བ་དེ་ དག་རྗེས་སུ་དྲན་ནས། བཅིངས་པ་ཐམས་ཅད་བཅད་དེ། གླང་པོ་ཆེའི་ཆོ་ག་ཤེས་པའི་མི་ལ་ཡང་འཛེམ་པ་མེད་པར་བྱས། ཤིང་ཐགས་བཙུགས་པ་ཡང་བཅོམ། བུ་རམ་ཤིང་གི་དུམ་བུ་དང ། ལ་དུ་དང ། བུ་རམ་ཆང་དང ། བཏུང་བའི་རོ་དག་ནི་འཐུངས་ལ་གླུ་དབྱངས་ དག་གིས་གཞག་པར་མ་ནུས་ཤིང་དེའི་ཡིད་རྣམ་པར་གདུལ་བ་དང ། དེའི་ཚལ་གྱི་བདེ་བ་བརྗེད་པར་བྱ་བར་མ་ནུས། གླང་པོ་ཆེ་ཐ་མལ་པ་དང་ལྷན་ཅིག་འདྲ་བར་འགྲོ་བར་མི་འདོད་ཅིང་ཡང་ཚལ་དེ་དག་དྲན་པ་དེ་བཞིན་དུ་རྣལ་འབྱོར་སྤྱོད་པའི་དགེ་སློང་དེ་ཐོག་མ་མེད་པའི་ དུས་ནས་ཞུགས་པ། འཆིང་བ་ལྔ་དག་གིས་བཅིངས་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་སྡུག་པ་དག་ཡིན་ནོ། །གླང་པོ་ཆེ་ཆོ་ག་ཤེས་པའི་མིས་བསྐོར་བ་ལྟ་བུ་གང་ཞེ་ན། འདི་ལྟ་སྟེ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་ དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་རྣམས་ཡིན། རང་གི་བློ་གྲོས་ཁྱིམ་གྱི་གཟེབ་ལྟ་བུས་བསྐོར་བ་ནི་འདི་ལྟ་སྟེ། བུ་དང ། ཆུང་མ་དང ། ཀུན་དགའ་ར་བ་དང ། བྲན་མོ་དང ། བྲན་ཕོ་དང ། ལོངས་སྤྱོད་དང ། ཁྱིམ་གྱིས་བསྐོར་བ་ཡིན། བུ་ 68-1-143b རམ་ཤིང་དང ། ལ་དུ་དང ། བུ་རམ་ཆང་དང ། བཏུང་བའི་རོ་ཞེས་བྱ་བ་ནི་ཀུན་དུ་རྟོག་པའི་ལ་དུ་འདོད་ཆགས་ཀྱི་སྐོམ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །སྲེད་པ་ལ་རྣམ་པར་ཆགས་པ་ནི་གླུ་དབྱངས་ལྟ་བུ་ཡིན་ནོ། །དགའ་བའི་འདོད་ཆགས་ནི་བཅིངས་པ་ལྟ་བུ་ཡིན། གླང་ པོ་ཆེ་ཐ་མལ་པ་དང་འདྲ་བར་ཞེས་བྱ་བ་ནི་མི་ཐ་མལ་པ་ལོག་པར་ལྟ་བ་གླང་པོ་ཆེ་ཞེས་བྱ་བ་དེའི་ཚིག་བླ་དགས་ཡིན་ནོ། །ལྷན་ཅིག་གནས་ཞེས་བྱ་བ་ནི་དེ་དག་དང་ལྷན་ཅིག་འཇིག་ཚོགས་ལ་ལྟ་ཞིང་ཚུལ་ཁྲིམས་དང ། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང ། ཡང་དག་པར་འབྲེལ་ བ་མི་ཐ་མལ་པའི་ཁར་སྦྲང་རྩིལྟ་བུ་ལོག་པར་ལྟ་བའི་གཏམ་དག་གིས་རབ་ཏུ་དགའ་བའོ། །གཞན་གྱིས་བཀྲིར་རུང་བ་ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་དུ་གྱུར་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །གླང་པོ་ཆེའི་ཆོ་ག་ཤེས་པ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་ཞེས་ བྱ་བ་དེའི་ཚིག་བླ་དགས་ཡིན་ནོ། །ཡོངས་སུ་སྤྱོད་པ་ན་ཞེས་བྱ་བ་ནི་གཏི་མུག་ཉོན་མོངས་པ་ཐམས་ཅད་དང་འགྲོགས་པ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །ངེས་པར་འབྱུང་བའི་རི་དྲན་ཞིང་རིའི་སྨན་ལྗོངས་ཞེས་བྱ་བ་ནི་བསམ་གཏན་དང ། སྙོམས་པར་འཇུག་པ་ཞེས་བྱ་བ་དེའི་ ཚིག་བླ་དགས་སོ། །མེ་ཏོག་དང་འབྲས་བུ་ཞེས་བྱ་བ་ནི་ཡང་དག་པའི་ལམ་ལ་སེམས་བསྐྱེད་པའི་འབྲས་བུར་གྱུར་པ་མྱ་ངན་ལས་འདས་པའོ། །བྱའི་སྒྲ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་གྱི་སྒྲ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །ཆུ་བོའི་རྒྱུན་དགའ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆུ་ བོ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །རྒྱུན་ཅེས་བྱ་བ་ནི་སེམས་རྩེ་གཅིག་ཅེས་བྱ་བ་དེའི་ཚིག་བླ་དགས་སོ། །ས་ཕྱོགས་ཞེས་བྱ་བ་ནི་ཚངས་པའི་གནས་ཞེས་བྱ་བ་དེའི་ཚིག་བླ་དགས་ཏེ། འདི་ལྟ་སྟེ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་སོ། །རྗེས་ སུ་བསམས་ནས་ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་རྗེས་སུ་བསམས་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་དེ་གླང་པོ་ཆེའི་ཚོགས་ལྟ་བུའི་རྗེས་སུ་འགྲོའོ། །དེ་ལྟ་བས་ན་གླང་པོ་ཆེ་ལྟ་བུར་རྣལ་འབྱོར་སྤྱོད་པས་བྱའི། ཁྱི་ལྟ་བུར་ནི་མི་བྱའོ། །དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་ 68-1-144a དེ་ས་གཞན་བརྒྱད་པ་ལས་ས་གཞན་དགུ་པ་ལ་འཇུག་ཅེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། ཁམས་གསུམ་པ་འདི་དག་ཐམས་ཅད་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་དང ། མི་གཙང་བའི་སྣོད་དུ་གྱུར་པ་འདོད་པ་ཐམས་ཅད་ཀྱང་མཐོང་སྟེ། དཔེར་ན་ནགས་ཚལ་གྱི་ཁྲོད་ན་རི་ནགས་ཆེན་པོའི་ངམ་གྲོག་ལ་ཤིང་འབྲ་གོ་སྐྱེ་བ་སྐྱོན་དུ་མ་དང་ལྡན་པ་ཡིན་ཏེ། དེ་ལ་འབྲས་བུ་ཆུང་ངུ་ཡོད་པ་བླང་བར་ དགའ་ཞིང་ཉེས་པ་མང་པོར་འགྱུར་བ་དང ། ངམ་གྲོག་ཏུ་ལྟུང་བའི་ཉེས་པས་སྲོག་ལ་ཐེ་ཙོམ་ཟ་བར་བྱེད་པ་དང ། ཁོང་སྟོང་གི་ཉེས་པས་གཡང་སའི་ཕྱོགས་སུ་ལྟུང་བ་དང ། ཤིང་མཐོན་པོ་ལ་འཛེགས་པ་དག་གི་སྲོག་འཆད་པར་བྱེད་པའོ། །གལ་ཏེ་མི་བྱིས་པ་སོ་སོའི་སྐྱེ་བོ་ རྨོངས་ཤིང་མུན་པར་གྱུར་པ་དག་རོ་ལ་ཆགས་པ་དེ་འབྲས་བུ་དེ་དག་མཐོང་ནས། ངམ་གྲོག་དང ། གཡང་ས་དང ། ཤིང་ཁོང་སྟོང་མཐོན་པོ་ལྟུང་བའི་སར་འགྲོ་སྟེ་འཆི་བར་འགྱུར་བ་མི་སེམས་སོ། །བྱིས་པ་སོ་སོའི་སྐྱེ་བོ་བློ་ཞན་པ་རོ་ཆུང་ངུ་མྱོང་བས་ཕྲོགས་པ་དེ་དག་ཤིང་དེ་ལ་ འཛེགས་སོ། །དེ་ཤིང་དེ་ལས་འབྲས་བུ་དག་མ་ཐོབ་པར་དེའི་སྲོག་ནི་གཡང་སར་གཏོང་ངོ ། །གལ་ཏེ་རང་བཞིན་གྱིས་ཐབས་གཞན་དང་ལྡན་པའམ། དགེ་བའི་ལས་བྱེད་པ་ཁ་ཅིག་ནི་དེ་འདོད་ཆགས་ཀྱི་རོ་ཆེས་ཆུང་བས་བྱིས་པའི་བློའི་ཉེས་དམིགས་ཆེས་མང་བ་བཅིངས་པར་ མཐོང་བ་དེ་བཞིན་དུ། དགེ་སློང་དེས་ནགས་ཚལ་གྱི་ཁྲོད་ལྟ་བུར་འགྲོ་བ་ལྔའི་རིམ་པ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་དྲུག་པ། ངམ་གྲོག་ཆེན་པོ་ཞེས་བྱ་བ་ནི་ཉེས་པ་ཐམས་ཅད་ངམ་གྲོག་ལྟ་བུ་ཡིན་ནོ། །ཤིང་འབྲ་ གོ་ཞེས་བྱ་བ་ནི་འདོད་པའི་ཤིང་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །སྐྱོན་བརྒྱ་ཕྲག་དུ་མ་ཞེས་བྱ་བ་ནི་ཉོན་མོངས་པ་བརྒྱ་ཕྲག་སྟོང་དུ་མ་སྟེ་དེ་དག་ཚོར་བ་སྡུག་བསྔལ་ཞེས་བྱ་བའི་ཚིག་བླ་དགས་སོ། །ཤིང་ལ་ཡོད་པའི་འབྲས་བུ་ཞེས་བྱ་བ་ནི་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་ 68-1-144b དང ། དྲི་སྡུག་པ་འདོད་པ་དེ་དག་ལ་རྣམ་པར་ཆགས་པའི་བློ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །བླང་བར་དཀའ་ཞེས་བྱ་བ་ནི་འདོད་པའི་འབྲས་བུ་བླང་བར་དཀའ་བ་ཡིན་ཏེ། དཔེར་ན་རྒྱ་མཚོར་འཇུག་པ་དང ། མཚོན་གྱིས་འཁྲུག་པ་དང ། རྒྱལ་པོ་ལ་སྟེན་པ་དང ། ཆོམ་ རྐུན་དང ། ཚོང་པ་ལ་སོགས་པའི་ཉོན་མོངས་པས་ཐོབ་པ་བཞིན་ནོ། །འདོད་པའི་འབྲས་བུ་ལྟ་བུ་ཉེས་པ་མང་པོ་ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཅེས་བྱ་བ་དེའི་ཚིག་བླ་དགས་སོ། །ངམ་གྲོག་དང ། གཡང་ས་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་ཀྱི་གཡང་ས་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །སྲོག་ལ་ཐེ་ཙོམ་ཟ་བར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་སྲོག་ཅེས་བྱ་བ་དེའི་ཚིག་བླ་དགས་སོ། །ཤིང་ཁོང་སྟོང་གི་ཉེས་པ་ཞེས་བྱ་བ་ནི་སྟོང་པ་དང ། གསོག་དང ། གསོབ་དང ། སྙིང་པོ་མེད་པ་ཞེས་བྱ་བ་དེའི་ཚིག་བླ་ དགས་སོ། །རྨོངས་པའི་མི་འགྲོའོ་ཞེས་བྱ་བ་ནི་བྱིས་པ་ལོག་པར་ལྟ་བ་ཞེས་བྱ་བ་དེའི་ཚིག་བླ་དགས་ཡིན་ཏེ། དེ་ལྟ་བས་ན་སྐྱོན་མང་པོ་དུ་མ་འབྲས་བུ་མེད་པའི་འདོད་པ་མནོག་ཆུང་བ་མཐོང་ནས་དགེ་སློང་དེ་འདོད་པ་ཐམས་ཅད་ལ་ཀུན་དུ་རྟོག་པར་མི་བྱེད་དོ། །ཡང་དགེ་སློང་དེ་ འདོད་པ་མེ་འབར་བ་ལྟ་བུར་མཐོང་སྟེ། ཇི་ལྟར་མར་མེ་མཐོང་ན་དགའ་ལ་རེག་ན་མཆོག་ཏུ་ཚ་བ་ལ། ཕྱེ་མ་ལེབ་རྨོངས་པ་མར་མེ་ཁ་དོག་སྡུག་པར་མཐོང་ནས་མར་མེ་དེའི་ནང་དུ་སོང་བ་དང ། དེ་འཆི་བར་འགྱུར་བ་དེ་བཞིན་དུ་འདོད་ཆགས་ཞེ་སྡང་གཏི་མུག་གིས་བསྒྲིབས་ པའི་བྱིས་པ་སོ་སོའི་སྐྱེ་བོ་ཕྱེ་མ་ལེབ་ལྟ་བུ་དག་ནི་འདོད་པ་ཐམས་ཅད་ལ་ཀུན་དུ་དགའ་བར་ལྟའོ། །མར་མེ་ལྟ་བུ་ཞེས་བྱ་བ་ནི་གལ་ཏེ་མར་མེ་དེར་ལུས་སོང་བའི་ཕྱེ་མ་ལེབ་བཞིན་དུ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་སུ་སྲེག་པར་འགྱུར་ཏེ། དེ་ ལྟ་བས་ན་འདོད་པ་དག་གིས་ཆོག་གོ་སྙམ་ནས། དགེ་སློང་དེ་འདོད་པ་དག་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དག་འཆིང་བ་གང་གིས་བཅིངས་ཤིང་འཁོར་བར་ཀུན་དུ་འཁོར་སྙམ་ནས། རྣལ་འབྱོར་སྤྱོད་པ་ནང་གི་ 68-1-145a ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། འཇིག་རྟེན་འདི་ནི་འཆིང་བ་གཉིས་ཀྱིས་བཅིངས་ཏེ། ཟས་ཀྱི་འཆིང་བ་དང ། རེག་པའི་འཆིང་བའོ། །དེ་ལ་ཟས་ཀྱི་འཆིང་བ་ནི་རྣམ་པ་བཞི་སྟེ། ཁམ་ གྱི་ཟས་གང་ཞེ་ན། འདི་ལྟ་སྟེ། མིའི་གནས་བཞི་དང ། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་དང ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང ། དུད་འགྲོ་དང ། ཡི་དགས་ཀྱི་ཕྱོགས་གཅིག་གོ། །ཡིད་ལ་བྱེད་པའི་ཟས་ཡོད་པ་དེ་དག་མཐོང་སྟེ། འདི་ལྟ་སྟེ། གཟུགས་ན་སྤྱོད་པའི་ ལྷའི་བསམ་གཏན་གྱི་ཟས་སོ། །རེག་པའི་ཟས་ནི་བྱ་དང ། མིག་གིས་ལྟ་བ་དག་གི་འོ། །དེའི་རྣམ་པ་གཞན་ནི་འདོད་པའི་ཁམས་ཀྱི་བྱིས་པ་སོ་སོའི་སྐྱེ་བོ་མི་དང ། ཡི་དགས་དང ། དུད་འགྲོ་དང ། སེམས་ཅན་དམྱལ་བ་འདི་དག་ཐམས་ཅད་ནི་འཁྲིག་པའི་རེག་པ་ལ་རབ་ཏུ་ཆགས་པ་ ཡིན་ཏེ། གང་འདོད་པ་ལ་སྟེན་པ་དེ་ནི་འདོད་པའི་ཁམས་སུ་འབྱུང་ངོ ། །མཉམ་པར་དམིགས་པའི་ཟས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་ཡིན་ཏེ། དེ་ལྟ་བས་ན་འཇིག་རྟེན་འདི་ནི་གཉིས་ཀྱིས་བཅིངས་ཏེ། ཀུན་དུ་སྦྱོར་བ་དང ། བག་ལ་ཉལ་བ་ཐམས་ཅད་ཀྱི་འཆིང་བ་ དག་ལས་དེ་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །དེ་མིག་གི་རྣམ་པར་རིག་པར་བྱ་བའི་གཟུགས་རྣམས་ལ། རྣམ་པ་གཞན་གྱིས་མིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་གང་ཡིན་པ་དེ་ལས་བདེ་བར་འགྱུར་བ་དང ། དམིགས་ པ་བདེ་བ་ལ་རྣམ་པར་སྨིན་པ་མི་བདེ་བའི་ལས་བྱུང་བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེ་བཞིན་དུ་མིག་གི་རྣམ་པར་རིག་པར་བྱ་བ་ཡིད་མི་བདེ་བར་འགྱུར་བའི་གནས་གང་ཡིན་པ་དེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སྡུག་བསྔལ་རྣམ་པར་སྨིན་པ་བདེ་བ་ལས་བྱུང་ བ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མིག་གི་རྣམ་པར་རིག་པར་བྱ་བ་དེ་གང་ཡིན་ཞེ་ན། གཟུགས་ལ་དམིགས་པ་བདེ་བ་ནི་རྣམ་པར་སྨིན་པ་མི་བདེ་བ་ཡིན་ཏེ། འདི་ལ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་མིག་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ 68-1-145b དམིགས་པའི་གཟུགས་མཐོང་སྟེ། ད་ལྟར་བྱུང་བའི་རྣམ་པར་སྨིན་པ་བདེ་བ་ལ་བདེའོ་ཞེས་རབ་ཏུ་ཤེས་ཤིང ། རྟོག་པར་བྱེད་ལ་རོ་མྱོང་བར་བྱེད་དོ། །ཡོངས་སུ་འགྱུར་བས་རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོར་ཡང་དག་པར་ འགྲུབ་པར་འགྱུར་རོ། །གང་དག་ད་ལྟར་བྱུང་བ་ལ་རྣམ་པར་སྨིན་པ་བདེ་བ་མ་ཡིན་པ་མ་ཡིན་ལ་ཡོངས་སུ་འགྱུར་བས་རྣམ་པར་སྨིན་པ་བདེ་བའི་ལས་དེ་གང་ཡིན་ཞེ་ན། འདི་ལ་མིག་གིས་རྣམ་པར་རིག་པར་བྱ་བའི་གཟུགས་རྣམས་མཐོང་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚུལ་ བཞིན་ཡིད་ལ་བྱེད་པ་ལ་མངོན་དུ་ཕྱོགས་པའི་སེམས་དེ་ལ་ཆགས་པ་མེད་ཅིང་ཡིད་འཇུག་པ་མེད་པ་དེ་ནི་ད་ལྟར་བྱུང་བ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ལ། ཡོངས་སུ་འགྱུར་བས་ལྷ་དང་མིའི་བདེ་བར་སྐྱེ་ཞིང་མྱ་ངན་ལས་འདས་པའི་མཐར་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་ རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་རྣམས་ལ་ཡང་སྦྱར་རོ། །དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་དེ་མིག་གིས་རིག་པར་བྱ་བའི་གཟུགས་རྣམས་ལ་བཏང་སྙོམས་སུ་གནས་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ ཞིང་གནས་པའི་དགེ་སློང་གི་མིག་གིས་འདི་ལ་གཟུགས་མཐོང་ནས། མ་ཆགས་ཤིང་རྣམ་པར་མ་ཆགས་ལ་རྙོག་པ་ཅན་དུ་མ་ཡིན། སྨོད་པ་མེད་ཅིང་དགའ་བར་མི་བྱེད་ལ་ཡིད་ལ་མི་བྱེད། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བསྒྲིབས་པ་མ་ཡིན་ཞིང་བཏང་སྙོམས་པ་ ཡིན་ཏེ། དེ་ནི་བཏང་སྙོམས་སུ་འགྱུར་བའི་གནས་ལ་སྡུག་བསྔལ་དང ། བདེ་བར་འགྱུར་བའི་གནས་མི་དམིགས་སོ། །ཡང་དགེ་སློང་དེ་ས་དྲུག་པའི་རབ་ཏུ་དབྱེ་བའི་ངོ་བོ་ས་གཞན་བཅུ་པ་ལ་འཇུག་སྟེ། འདི་ལྟ་སྟེ། མི་ལྕོགས་པ་མེད་པ་དང ། བསམ་གཏན་དང་པོའི་ས་ ཁྱད་པར་ཅན་དང ། བསམ་གཏན་བཞི་པ་སྟེ། ས་དྲུག་པའི་རབ་ཏུ་དབྱེ་བ་ལ་འཇུག་གོ། །དེ་སྐྱེས་ནས་འགོག་པར་འགྱུར་བའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྒོ་རྟོགས་ཤིང་ཁོང་དུ་ཆུད་པའི་ཆོས་སྐྱེ་བ་དང ། འཇིག་པ་མཐོང་ཞིང་ཡང་དག་པར་ཐོབ་ནས་རབ་ཏུ་ 68-1-146a འབད་དོ། །དེ་དེ་ལྟར་རབ་ཏུ་འབད་པ་ན་ས་བླའི་གནོད་སྦྱིན་དག་གིས་བདུད་ཀྱི་འཆིང་བ་ཕལ་ཆེར་སྤ་གོང་བར་མཐོང་ནས་དགའ་སྟེ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་མངོན་པར་བསྙད་ དོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་བསྙད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་གསུམ་པ་རྣམས་ལའོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཀྱང་འཐབ་བྲལ་བ་རྣམས་ལའོ། །འཐབ་བྲལ་བ་རྣམས་ཀྱིས་ཀྱང་ དགའ་ལྡན་པ་རྣམས་ལའོ། །དགའ་ལྡན་པ་རྣམས་ཀྱིས་ཀྱང་འཕྲུལ་དགའ་བ་རྣམས་ལའོ། །འཕྲུལ་དགའ་བ་རྣམས་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་པ་རྣམས་ལའོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིས་ཀྱང་ཚངས་རིས་པ་རྣམས་ལ་མངོན་པར་བསྙད་དེ། དེ་ལྟར་ འཛམ་བུའི་གླིང་དུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཅེས་བྱ་བ་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་བ་ནས་ས་གཞན་བརྒྱད་པ་ལ་འཇུག་པ་དག་ས་དྲུག་པའི་ནང་དུ་ལྷག་པར་ཞུགས་པ་དེ་ཚངས་རིས་ཀྱི་ལྷ་དག་གིས་ཐོས་ནས་མཆོག་ཏུ་དགའ་ལ་བསམ་གཏན་ལ་བདེ་བར་གནས་པ་བཏང་སྟེ། ཀུན་དུ་དགའ་བར་གྱུར་པའི་བར་དེ་ཐོས་ནས་ཤིན་ཏུ་དགའ་བར་འགྱུར་རོ། །འདིར་ཚིགས་སུ་བཅད་པ། དགེ་དང་མི་དགེ་དག་གི་ལས། །བདག་གིས་བྱས་པའི་ལས་ཀུན་གྱི། །འབྲས་བུ་ངེས་པར་སྤྱོད་འགྱུར་ཏེ། །ལུས་ཅན་དག་དང་འབྲེལ་བ་ཡིན། །ཉོན་མོངས་ས་ནི་དང་ པོར་མངར། །རྣམ་པར་སྨིན་པ་ཚ་བ་ཡིན། །དེ་དག་དོན་མེད་བྱེད་པས་ན། །དུག་དང་འདྲ་བར་སྤང་བར་བྱ། །ཉོན་མོངས་དབང་དུ་མི་འགྲོ་ཞིང ། །ཡེ་ཤེས་དབང་དུ་འགྲོ་བྱ་སྟེ། །ཡེ་ཤེས་ལྡན་པ་ཚེ་འདི་དང ། །ཕ་རོལ་དག་ཏུ་བདེ་བ་འཐོབ། །ཇི་ལྟར་རྩཝ་ལ་མེས་བསྲེགས་བཞིན། ། ཤེས་པས་རྟག་ཏུ་ཉོན་མོངས་གཞོམ། །ཚངས་པ་དཀོན་མཆོག་གསུམ་སྟོན་པ། །ཡེ་ཤེས་མེ་ལྕེ་མཆོག་ཡིན་ནོ། །གང་དག་ཡེ་ཤེས་སྤྱོད་ཡུལ་དགའ། །དེ་དག་ཞི་བའི་ལམ་ལ་གནས། །གང་དག་ཉོན་མོངས་སྦྲུལ་བསྲེགས་པ། །དེ་དག་ཐམས་ཅད་ཞིགས་པར་གྱུར། ། 68-1-146b དཔའ་བོ་གང་དག་ཕན་ཚུན་ཤེས། །མཁས་པ་དེ་ཉིད་མཐོང་བ་ནི། །དེ་དག་གནས་ནི་དམ་པར་འགྲོ། །སྐྱེ་དང་འཆི་བ་སྤངས་པ་ཡིན། །གང་དག་འཁོར་ལ་མངོན་དགའ་ཞིང ། །མགུ་བ་ཉོན་མོངས་དགྲ་དག་གིས། །རྟག་ཏུ་བཅིང་བས་བཅིངས་པ་སྟེ། །དེ་དག་སྲེད་པ་ཉམ་ངར་ འཁྱམ། །གང་དག་ངེས་འབྱུང་བློ་ཡོད་ཅིང ། །གང་དག་རྟག་ཏུ་ཞི་སྤྱོད་པ། །དེ་ནི་ལྷ་ཡི་རིས་དག་གི་།ཚངས་པའི་འཇིག་རྟེན་འབྱུང་བར་འགྱུར། །འདོད་ལ་སོགས་ལ་གང་སྡང་བ། །སངས་རྒྱས་ལ་སོགས་རྟག་ཏུ་མཆོད། །ཤིང་སྐམ་མེ་ཡིས་བསྲེགས་པ་ལྟར། །དེ་ནི་འཁོར་ བ་འཇིག་པར་བྱེད། །གང་དག་སེམས་ཀྱི་དབང་མི་འགྲོ། །རྟག་ཏུ་དེ་རྗེས་སེམས་འགྲོ་བ། །མུན་ལ་ཉི་མ་ཤར་བ་ལྟར། །དེ་ནི་ཉོན་མོངས་ངེས་པར་འཇོམས། །སེམས་ནི་དགྲ་ནང་དགྲ་ཆེན་ཏེ། །དེ་ལས་གཞན་པའི་དགྲ་མེད་དོ། །རི་ནི་དུས་སུ་བསྲེགས་པ་ལྟར། །སེམས་ཅན་རྟག་ཏུ་ སེམས་ཀྱིས་བསྲེགས། །བྱིས་པ་བླུན་པོ་སེམས་དབང་སོང ། །དབང་པོ་མ་ཐུལ་གང་ཡིན་པ། །དེ་ཡི་སྡུག་བསྔལ་ཞི་མེད་ཅིང ། །དེ་ཡི་མྱ་ངན་འདས་པ་རིང ། །སྡུག་བསྔལ་སྡུག་བསྔལ་རྣམ་སྨིན་དང ། །སྡུག་བསྔལ་རྒྱུ་ནི་རྣམ་ཤེས་པ། །ཀུན་ནས་ཉོན་མོངས་འདུས་པ་ ཡི། །འཆིང་བ་ཐམས་ཅད་འཇིག་པར་བྱེད། །སྣང་བའི་ནང་ན་ཤེས་པ་མཆོག་།མུན་པའི་ནང་ན་གཏི་མུག་སྟེ། །དེ་ལྟར་གང་ཞིག་སྣང་ལ་དགའ། །དེ་ནི་མཁས་པ་ཞེས་བྱ་འོ། །དོན་རྣམས་མཆོག་ཀུན་མེད་བྱེད་པ། །དཔའ་བོས་གཏི་མུག་རྣམ་པར་སྤོངས། །གང་ཞིག་གཏི་ མུག་དབང་སོང་བ། །དེ་ལ་ཞི་བ་མེད་པ་ཡིན། །གལ་ཏེ་ཆེ་བར་བདག་འདོད་ན། །མེ་ཡིས་རེག་པར་གྱུར་ཀྱང་རུང ། །སྦྲུལ་དང་ལྷན་ཅིག་འདུག་ཀྱང་སླའི། །ཉོན་མོངས་ལྷན་ཅིག་སྦྱོར་མི་བྱ། །བདུད་རྩིའི་ནང་ན་ཤེས་པ་མཆོག་།ཆེ་བའི་ནང་ན་གཏེར་མཆོག་ཡིན། །གཉེན་གྱི་ ནང་ན་གཉེན་མཆོག་སྟེ། །ནོར་གྱི་ནང་ན་ནོར་མཆོག་གོ། །དེ་ལྟ་བས་ན་ཡེ་ཤེས་མེས། །རྟག་ཏུ་ཉོན་མོངས་རི་བསྲེག་གོ། །ཉོན་མོངས་རི་དག་བསྲེགས་པ་ནི། །བདེ་བའི་གཞི་ལ་གནས་པ་ཡིན། །མི་གང་བློ་ནི་ཞན་པ་དག་།ཆོས་མ་ཡིན་པ་ཉོན་མོངས་གཟེབ། །འཁོར་བ་དག་ 68-1-147a ལས་མ་རྒལ་བ། །མུན་པ་མུན་ནག་ནང་དུ་འཇུག་།གང་དག་ཆོས་ལ་བློ་རྟག་པ། །དེ་དག་དམ་པ་རྟག་ཏུ་མཆོད། །དེ་དག་ཚེ་རབས་འབྲས་བུར་ལྡན། །དེ་དག་བློ་ཡིས་གཙེ་བ་མེད། །དེ་ལྟར་དགེ་སློང་དེ་ཆོས་དང་ཆོས་མ་ཡིན་པ་དེ་དག་གི་རྣམ་པ་ཡང་དག་ པ་ཤེས་པར་གྱུར་ནས་གནས་ཏེ། དེ་ལྟར་དེ་ཤིན་ཏུ་དྲི་མ་མེད་པའི་སེམས་ཀྱིས་ཚེ་འབུམ་ཕྲག་དུ་མའི་འཁོར་བའི་རིའི་རྩེ་མོ་འཇིག་པར་བྱེད་ཅིང་སྤོང་བར་བྱེད་ལ་འཇོམས་པར་བྱེད་དེ། ཡང་འབྱུང་བར་མི་བྱེད། དེའི་ཉོན་མོངས་པའི་དགྲ་འཇོམས་པར་བྱེད་ཅིང ། དེའི་མྱ་ངན་ ལས་འདས་པའི་མཐར་བྱེད་དོ། །དེ་ནས་གཞན་ཡང་དགེ་སློང་དེ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་གཞན་རྗེས་སུ་སེམས་པར་བྱེད་དེ། ཇི་ལྟར་ན་ཉེས་པར་བྱས་པའི་སེམས་ཀྱི་རྒྱུའི་རྒྱུན་རྣམ་པ་དུ་མ་ཆུ་བོའི་རྒྱུན་ལྟར་འབབ་པའི་སེམས་ཅན་རྣམས་ཀྱིས་ཉེས་པར་བྱས་པའི་ལས་ཀྱི་ འབྲས་བུའི་ས་མངོན་དུ་གྱུར་པ་སེམས་ཅན་དམྱལ་བའི་ཚོར་བ་མི་བཟད་པ་ཚ་བ་རྩུབ་པ་དག་མྱོང་བར་འགྱུར་སྙམ་ནས་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དེ་ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་དེ་ཁོ་ན་ཉིད་དཔྱོད་པའི་བློས་རྟོག་པར་བྱེད་དེ། ཀྱེ་མ་སྲོག་ཆགས་འདི་དག་ ནི་སེམས་ཀྱིས་བསླུས་ཤིང་སྲེད་པས་བསླུས་ནས་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པའི་གནོད་པའི་ཉེན་འཁོར་གྱི་སེམས་ཅན་དམྱལ་བར་ཇི་ལྟར་སྐྱེ་བར་འགྱུར། འདི་ལྟར་ ལས་མངོན་སུམ་དུ་གྱུར་པ་སེམས་ཅན་དམྱལ་བའི་འཁོར་ནི་གང་ཞིག་།སེམས་ཅན་དམྱལ་བར་ལས་གང་གིས་སྲོག་ཆགས་རྣམས་སེམས་ཅན་དམྱལ་བའི་འཁོར་དུ་འགྲོ་སྙམ་ནས། དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན་ སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ན་ཡོད་པའི་འཁོར་གྱི་མིང་ནི་འདི་ལྟ་སྟེ། མི་གཙང་བའི་འདམ་དང ། ལྕགས་ཀྱིས་བསྒྱུར་བ་དང ། སྣོད་དུ་བཙོ་བ་དང ། གནོད་པ་རྣམ་པར་མ་ཞི་བ་དང ། མུན་པ་དང ། ཀུན་དུ་མི་དགའ་བ་དང ། ཚོར་བ་བདོ་བ་དང ། ནད་ཐམས་ 68-1-147b ཅད་པ་དང ། མཚོན་འབབ་པ་དང ། གནོད་པ་དྲག་པ་དང ། ནེའུ་ལེ་ནག་པོ་ལྟ་བུ་དང ། གཞན་དུ་འགྱུར་བ་དང ། སྡུག་བསྔལ་གྱིས་གནོད་པ་དང ། པད་མའི་ཕྲེང་བ་དང ། མཚེའུ་དང ། གནོད་པ་མཐོ་བ་སྟེ། ཡང་སོས་ཀྱི་འཁོར་བཅུ་དྲུག་ཡིན་ནོ། །དེ་ལ་ལས་གང་ གིས་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་དུ་སྐྱེ་བར་འགྱུར་སྙམ་ནས། དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན་སྲོག་གཅོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་ མཇུག་དང་ལྡན་པས་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ།འདི་ལྟར་སྲོག་གཅོད་པ་ཆེན་པོ་དང ། འབྲིང་དང ། ཐ་མས་གནོད་པ་ཆེན་པོ་དང ། འབྲིང་དང ། ཐ་མར་འགྱུར་རོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ནི་མི་ཚུལ་ཁྲིམས་དང་ལྡན་པའམ་སྡོམ་ པ་བླངས་པའམ། ཚུལ་ཁྲིམས་ཀྱི་ཕྱོགས་སྤྱོད་པའི་སེམས་ཅན་གཞན་སེམས་ཅན་དུ་ཡང་ཤེས་ལ་བསམས་བཞིན་དུ་སྲོག་བཅད་དེ་ལས་ཀྱི་མཇུག་ཀྱང་སོགས་ཤིང་འཆགས་པར་མི་བྱེད་ལ་སེམས་འགྱོད་པར་མི་བྱེད། གཞན་དག་ལ་ཡང་རུང་བར་རྗོད་ཅིང་ཕྱིར་ཞིང་བྱེད། གཞན་དག་ཀྱང་སྲོག་གཅོད་པ་དེ་ལ་གཅོད་དུ་འཇུག་ཅིང་རབ་ཏུ་སྤྲོ་བར་བྱེད། དགའ་བར་བྱེད་ཅིང་རབ་ཏུ་གནས་པར་བྱེད་ལ་སློབ་པར་བྱེད། གཞན་དག་གིས་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་པའི་མི་གཏི་མུག་ཅན་ཡང་དང་ཡང་དུ་བྱེད་པའོ། །དེ་སེམས་ཅན་དམྱལ་ བའི་གནས་དེར་སྐྱེ་བར་འགྱུར་ཏེ། མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་ཉིན་ཞག་གཅིག་གོ། །བགྲང་བའི་ཚུལ་དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བཞི་པ་དག་ནི་ལོ་ལྔ་བརྒྱར་འཚོ་ལ་ དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ནོ། །སྡིག་པ་ཐ་མ་དང ། འབྲིང་དང་ཆེན་པོས་ཚེ་ཐུང་ངུ་དང་འབྲིང་དང་རིང་པོར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །གལ་ཏེ་སྡིག་པའི་ས་བོན་མི་བཟད་པ་བྱས་ན་དེའི་འཁོར་གཅིག་གམ། 68-1-148a གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་ནས་དེ་བཞིན་དུ་འཁོར་བཅུ་དྲུག་གི་བར་དག་ཏུ་སྨིན་པར་འགྱུར་བ་ནས་སྡིག་པའི་ལས་བཅོམ་ཞིང་བསལ་ལ་ཟད་པར་མ་བྱས་ཀྱི་བར་དུ་འབྱུང་ངོ ། །སེམས་ཅན་དམྱལ་བ་གཞན་དག་གི་ལོ་ལྔ་བརྒྱ་ ནི་ལྷའི་བགྲང་བའི་ཚུལ་དང་འཐུན་ཏེ་མིའི་ནི་མ་ཡིན་ནོ། །དེ་ནས་གཞན་ཡང་ཇི་ལྟར་ན་དགེ་སློང་དེ་སེམས་ཅན་དམྱལ་བའི་འཁོར་དག་གི་ལས་མངོན་སུམ་དུ་གྱུར་པ་ཡིན་ཞེ་ན། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེས་སེམས་རི་མོ་མཁན་ལྟ་བུས་ རི་མོ་ལྟ་བུའི་རང་གི་ལས་ཀྱི་འབྲས་བུའི་སའི་ཆ་སེམས་ཀྱི་བསམ་པའི་གནས་ཀྱི་རྣམ་པ་གནོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་གི་འཇིགས་པ་གཞན་དང་མཚུངས་པ་མེད་པའི་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་དག་རབ་ཏུ་འབྱེད་པར་བྱེད་དོ། །ལས་གང་གིས་འཁོར་ མི་གཙང་བའི་འདམ་དུ་སྐྱེ་བར་འགྱུར་སྙམ་ནས་དེ་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན་མི་གཙང་བའི་འདམ་དུ་སྐྱེ་བར་འགྱུར་བ་ནི། མི་དགེ་བའི་ལས་ཀྱི་ས་བོན་དུ་གྱུར་པ་སྲོག་གཅོད་པ་ཡིན་ཏེ། གལ་ཏེ་འདོད་ཆགས་ཀྱིས་བྱེད་ན་བྱ་ཡིས་བྱ་ལའམ། མིག་ དུད་ཀ་ལྟ་བུས་མིག་དུད་ཀ་ལྟ་བུ་ལའམ། དུད་ཀ་ལྟ་བུས་དུད་ཀ་ལྟ་བུ་ལའམ། རྒྱའམ་གདོས་ཀྱིས་རི་དགས་དང་རི་དགས་དག་གསོད་པར་བྱེད་ལ། འཆགས་པར་མི་བྱེད་ཅིང ། ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་སོགས་པ་སྔ་མ་བཞིན་དུ་སྦྱར་ཏེ་དེ་དེར་སྐྱེ་བར་འགྱུར་ རོ། །དེའི་གནོད་པའི་ཕྱོགས་གཅིག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། མི་གཙང་བའི་འདམ་གྱི་འཁོར་དུ་མི་གཙང་བ་རབ་ཏུ་འབར་བ་རོ་ཚ་བ་ཟངས་བཞུས་པ་ལྟ་བུ་དང་ལྡན་ཞིང་སྲིན་བུ་མཆུ་རྡོ་རྗེ་ལྟ་བུ་དང་ལྡན་པ་དག་གིས་ཀུན་ཏུ་གང་སྟེ། དེ་གལ་ཏེ་མི་གཙང་བ་དེ་དག་ཟ་ན། དེའི་སྲིན་བུ་ དེ་དག་གིས་ལུས་དེའི་ནང་དུ་སོང་སྟེ་སྔར་མཆུ་ཟའོ། །ཕྱིས་ལྕེ་ཟ་སྟེ། དེའི་འོག་ཏུ་རྐན་ཟ། རྐན་གྱི་འོག་ཏུ་ཨོལ་གོང ། ོལ་གོང་གི་འོག་ཏུ་སྙིང ། སྙིང་གི་འོག་ཏུ་མཆིན་པ། མཆིན་པའི་འོག་ཏུ་མཆེར་པ། མཆེར་པའི་འོག་ཏུ་བཱར་ཤྨ། བཱར་ཤྨའི་འོག་ཏུ་བཱ་ཀྴ་ལི་ཀ། །བཱ་ཀྴ་ལི་ 68-1-148b ཀའི་འོག་ཏུ་གཉེ་མ། གཉེ་མའི་འོག་ཏུ་རྒྱུ་མ། རྒྱུ་མའི་འོག་ཏུ་ལོང་ཀའི་ནང་དུ་སོང་ནས་གནད་ཐམས་ཅད་དང ། སོའི་གནད་རྒྱུས་པ་དང ། ཤ་དང ། གློ་བ་དག་སྟེ། མི་གཙང་བའི་ལུས་ལས་སྲིན་བུ་འབྱུང་བ་དེ་དག་གིས་ཟའོ། །དེ་སེམས་ཅན་དམྱལ་བའི་ཚོར་བ་ཚ་བ། རྩུབ་ པ། མི་བཟད་པ། མིའི་བགྲང་བའི་ཚུལ་གྱིས་ལོ་དུ་མ་ལོ་འབུམ་ཕྲག་དུ་མར་ཚོར་བ་མྱོང་བར་འགྱུར་ཏེ། ཇི་ཙམ་དུ་སྡིག་པ་བྱའི་སྲོག་གཅོད་པ་ནི་བྱས་གསོད། སྲོག་ཆགས་དུད་ཀ་ལྟ་བུ་ནི་དུད་ཀ་ལྟ་བུས་གསོད། རྒྱ་དང་གདོས་ཀྱིས་རི་དགས་གསོད་པ་རྔོན་པ་སྤྱོད་པའི་ངང་ཚུལ་ ཅན་ནི་དེ་དག་གིས་གསོད་ཅིང ། དེ་དག་གིས་དབང་དུ་བྱས་ནས་ཟ་སྟེ། དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ཇི་ལྟར་དེ་དག་གིས་དེ་ཟོས་པ་དེ་ལྟར་སྲིན་བུ་དེ་དག་གིས་དེའི་ནང་དུ་སོང་ནས་ཟའོ། །རང་གི་ལས་དགེ་བ་དང ། མི་དགེ་བའི་འབྲས་བུ་འདྲ་བ་ནི་གང་གི་ཚེ་དེའི་སྡིག་པའི་ ལས་བཅོམ་ཞིང་སྤངས་པར་གྱུར་ན། དེ་དེའི་ཚེ་མི་གཙང་བའི་འདམ་གྱི་འཁོར་གྱི་སེམས་ཅན་དམྱལ་བ་ལས་ཐར་བར་འགྱུར་ཞིང ། སེམས་རི་མོ་མཁན་ལྟ་བུ་དེ་ཡང་རི་མོ་བྲིས་པ་ལྟ་བུ་འཇིག་པར་འགྱུར་རོ། །དེ་དེ་ལས་ཐར་ནས་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ ལས་སུ་མི་འགྱུར་ན་དེ་དུད་འགྲོ་བྱར་སྐྱེ་བར་འགྱུར་ཏེ། དེ་བྱ་དེར་གྱུར་ནས་དེ་བཞིན་དུ་བྱ་དེས་གསོད་དོ། །རི་དགས་སུ་གྱུར་ན་ཡང་དེས་སྔོན་ཇི་ལྟར་རྒྱའམ། གདོས་དག་གིས་བྱའམ་རི་དགས་དག་བསད་པའི་ལས་ཀྱི་འབྲས་བུ་དེས་སེམས་ཅན་དམྱལ་བར་སྨིན་པའི་རྒྱུ་འཐུན་པའི་ འབྲས་བུས་དུད་འགྲོར་སྐྱེའོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ལྷའམ་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་ཚེ་ཐུང་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་གཉིས་པ་ལྕགས་ཀྱིས་བསྒྱུར་བ་ཞེས་ བྱ་བ་ལ་རྟོག་པར་བྱེད་དེ། སྲོག་གཅོད་པའི་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེ་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། གལ་ཏེ་རྙེད་པ་དང ། བཙོང་བ་དང ། བླང་བའི་རྒྱུའི་སེམས་ཅན་དག་སྲོག་གཅོད་པར་བྱེད་དེ། མཚོན་གྱིས་གཞན་ 68-1-149a བསད་ཅིང་སྲོག་དང་བྲལ་ན། དེ་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེ་འཆགས་པར་མི་བྱེད་ཅིང་རབ་ཏུ་སྤྲོ་བར་བྱེད་པའི་ལས་དང ། ལས་ཀྱི་ཉེར་བསྡོགས་བྱས་པ་ནི་སྔ་མ་བཞིན་དུ་སྦྱར་ཏེ། ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ ལྕགས་ཀྱིས་བསྒྱུར་བར་སྐྱེ་བར་འགྱུར་རོ། །དེ་ན་ལྕགས་ཀྱི་ར་བ་རབ་ཏུ་འབར་བ་འཕང་དུ་དཔག་ཚད་བཅུ་ཡོད་པ་སེམས་ཅན་དམྱལ་བའི་མེས་རབ་ཏུ་འབར་ཏེ། དེའི་དྲུང་ན་མི་དག་གི་མེ་ནི་སྤྲིན་དང་མཚུངས་སོ། །མཚོན་རབ་ཏུ་འབར་བའི་ཤུགས་ཀྱིས་ཀྱང་དེ་དག་གི་ལུས་ ལ་རབ་ཏུ་འབབ་སྟེ། གང་གིས་ལུས་དེ་དག་ཡུངས་ཀར་ཙམ་དུ་གཅོད་ཅིང་འཇིག་།སྲེག་ཅིང་གཤེག་གོ། །ཐམས་ཅད་དུ་མཚོན་གྱི་ཆར་རབ་ཏུ་འབབ་སྟེ། དཔེར་ན་འཛམ་བུ་གླིང་དུ་དུས་སུ་ཆར་གྱི་རྒྱུན་འབབ་པ་ལྟར་ཕྱོགས་བཅུར་མཚོན་གྱི་ཆར་གྱིས་མངོན་པར་ཁེབས་ཏེ། གང་གིས་སེམས་ཅན་དམྱལ་བ་དེ་དག་གཤེགས་ཀྱང་འཆི་བར་ནི་མི་འགྱུར་རོ། །དེའི་སྡིག་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ཡན་ལག་རྣམས་བཅད་ཅིང་གཏུབས་པ་དང་རབ་ཏུ་ངུའོ། །ལྕགས་ཀྱིས་བསྒྱུར་བའི་སེམས་ཅན་དམྱལ་བ་དེ་ན་རལ་གྲི་ལོ་མ་ལྟ་བུའི་ཚལ་ ཡོད་དེ། སྟེང་དང་འོག་གི་སོ་རྣོ་བ། བ་ཚཝ་ལྟ་བུའི་ཚལ་དེ་རྒྱང་རིང་པོ་ནས་ཚལ་ནག་པོའི་ཕུང་པོ་ལྟ་བུ་མཐོང་ནས། དེ་དག་བཀྲེས་པ་དང ། སྐོམ་པས་གདུངས་པ་ཀུན་དུ་རྒྱུག་ཅིང་ཆོ་ངེས་འདེབས་པ་ན་དེ་གང་དུ་ཞུགས་པར་གྱུར་པ་དེ་དག་ཀུན་ནས་མཚོན་གྱི་ཆར་གྱིས་ རྣམ་པར་གཤེག་པར་བྱེད་དོ། །དེར་ལས་ཀྱི་རྒྱུ་ནི་ཕྱུགས་དེ་དག་ལ་ཟས་ཀྱིས་བྲིད་ནས་བསླུས་པ་དེའི་ལས་དེ་དང་འབྲས་བུ་དེ་ནི་འདི་ལྟར་སེམས་རི་མོ་མཁན་ལྟ་བུས་སེམས་ཅན་དམྱལ་བའི་རི་མོའི་གཞི་ལ་སེམས་ཅན་དམྱལ་བ་པའི་མི་དགེ་བའི་ལས་མངོན་པར་འདྲི་བ་དེ་ ལྟ་དེ་ལྟར་སེམས་ཅན་དམྱལ་བར་འགྲུབ་པའི་ལས་སོ་སོར་མྱོང་བར་འགྱུར་རོ། །དེར་སེམས་ཅན་དམྱལ་བ་དེ་དག་ཇི་ཙམ་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ། ལོ་འབུམ་ཕྲག་དུ་མར་གཤེག་པར་བྱེད་དེ། གང་སེམས་རི་མོ་མཁན་ 68-1-149b ལྟ་བུ་དེས་མངོན་པར་འདྲི་བ་ནི་སྔ་མ་བཞིན་ནོ། །དེ་ནས་གཞན་ཡང་དགེ་སློང་དེ་ཡང་སོས་ཀྱི་འཁོར་གསུམ་པ་སྣོད་དུ་བཙོ་བ་ཞེས་བྱ་བ་དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། ལས་གང་ཞིག་གིས་དེར་སྐྱེས་པར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་ པས་བརྟགས་ན་སེམས་ཅན་རྔ་མོའམ། ཕག་གམ། མཱ་ཏ་ལ་ཀའམ། རི་བོང་དུ་གྱུར་པའམ། མཱ་ཏོ་ལ་ཀའམ། དྲི་ཤྱ་བྷུ་ཏེ་གསོན་པ་དག་བཟའ་བའི་དོན་དུ་སྤུ་ད་བྱི་བར་བྱ་བའི་ཕྱིར་དེར་འཇུག་ཅིང་རབ་ཏུ་བསྐོལ་ཏེ། འཇོག་པར་བྱེད་པ་དེ་དག་ལུས་དང་བྲལ་ཏེ། ཤི་ནས་ངན་འགྲོ་ ལོག་པར་ལྟུང་བར་ས་བོན་དང་མཚུངས་པའི་འབྲས་བུ་སྣོད་དུ་བཙོ་བར་སྐྱེ་བར་འགྱུར་རོ། །དེ་རབ་ཏུ་བཙོ་བ་ལྕགས་ཀྱི་སྣོད་ཀྱི་ནང་དུ་རབ་ཏུ་བཅུག་ནས་སྲན་མ་མུད་ག་བཞིན་དུ་འཚེད་དེ་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བ་པའི་མེ་མི་བཟད་པས་འཚེད་དོ། །སེམས་རི་མོ་མཁན་ལྟ་བུའི་ གཞི་བཅོམ་ཞིང་སྤངས་ཏེ་ཟད་པར་བྱས་ན་དེ་དེ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང ། སྐྱེས་ནས་མྱོང་བར་འགྱུར་བའི་འབྲས་བུ་ནི་སྔ་མ་བཞིན་དུ་སྦྱར་ཏེ། གང་ལྷ་དང་མིའི་བར་དག་ཏུ་སྐྱེ་བར་ འགྱུར་ལ་དེ་ཚེ་ཐུང་བར་འགྱུར་རོ། །དེ་འཁོར་སྣོད་དུ་བཙོ་བ་མཐོང་ནས་ཡང་དག་པ་ཇི་ལྟ་བ་བཞིན་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་དགེ་སློང་དེ་ཇི་ལྟར་ན། སེམས་ཅན་དམྱལ་བའི་འཁོར་ལ་ལྟ་ཞེ་ན། དེ་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ ན། འདི་ལྟར་དགེ་སློང་དེ་ནི་མཆོག་ཏུ་དཔའ་བ། བདུད་ཀྱི་སྡེ་མངོན་པར་འཇོམས་ཤིང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ། ཚུལ་ཁྲིམས་ཀྱི་ཆུས་འདོད་ཆགས་ཀྱི་མེ་གསོད་པར་བྱེད་པ། བྱམས་པའི་ཆུའི་བུམ་པས་ཞེ་སྡང་གི་མེ་གསོད་པར་བྱེད་པ། རྟེན་ཅིང་འབྲེལ་བར་ འབྱུང་བའི་སྒྲོན་མས་གཏི་མུག་གི་རབ་རིབ་སེལ་བར་བྱེད་དེ། ཟབ་མོ་ཁོང་དུ་ཆུད་པའི་དགེ་སློང་ནི་འཁོར་བའི་རྒྱ་མཚོ་ལས་རྒལ་བ་ཡིན་ནོ། །དེ་ནས་གཞན་ཡང་དགེ་སློང་དེ་ཡང་སོས་ཀྱི་འཁོར་བཞི་པ་གནོད་པ་རྣམ་པར་མ་ཞི་བ་ཞེས་བྱ་བ་ལ་རྟོག་པར་བྱེད་དེ། དེ་རྒྱུ་དང་འབྲས་ 68-1-150a བུ་རྣམ་པར་སྨིན་པ་ནི་ས་བོན་དང ། འབྲས་བུར་མཚུངས་ཏེ། གང་གིས་མིར་གྱུར་པའི་ཡང་སོས་གཞན་གནོད་པ་རྣམ་པ་དུ་མ་བྱས་པར་འགྱུར་ཏེ། འདི་ལྟ་སྟེ། ཤིང་གི་བར་དུ་བཙིར་བའི་ཚོར་བ་དང ། ལུམ་པ་ཀའི་ཚོར་བ་དང ། དུད་པའི་ཚོར་བ་དང ། ལམ་ གྱི་ཚོར་བ་དང ། དབང་པོའི་ལམ་འདྲེན་པའི་ཚོར་བ་དང ། སའི་ཚོར་བ་དང ། རབ་ཏུ་ལྟུང་བའི་ཚོར་བ་དང ། ཁབ་ཀྱི་ཚོར་བ་དང ། ཐག་པས་འདྲེན་པའི་ཚོར་བ་དང ། གླང་པོ་ཆེའི་སྟེང་ནས་ལྟུང་བའི་ཚོར་བ་དང ། བྱེ་མས་འཐོར་བའི་ཚོར་བ་དང ། གཏུན་ཤིང་གི་ཚོར་བ་དང ། ལྕག་ གཞུས་པའི་ཚོར་བ་དང ། གླད་པ་ན་བའི་ཚོར་བ་དང ། བུས་པ་དང ། ཁྱེའུ་པང་བར་བཙིར་བ་ལྟ་བུའི་ཚོར་བ་དང ། གྲང་བ་དང་དྲོ་བའི་ཚོར་བ་དང ། ཆུའི་ཚོར་བ་དང ། ཁར་གོངས་སམ། ཆུ་བླུགས་པའི་ཚོར་བ་དང ། ཤིང་ལ་དཔྱངས་པའི་ཚོར་བ་དང། ངམ་གྲོག་དང་གཡང་ སར་རྣམ་པར་འཇིགས་པའི་ཚོར་བ་དང ། དགྲའི་དབང་དུ་གྱུར་པའི་ཚོར་བ་དང ། སྦ་བ་གཅོད་པའི་ཚོར་བ་དང ། སོར་མོ་ལ་རབ་ཏུ་གནོད་པའི་ཚོར་བ་དང ། སྤུ་འཐོག་པའི་ཚོར་བ་དང ། མགོ་འཁོར་ལོས་བསྐོར་བའི་ཚོར་བ་དང ། ཞ་ཉེ་དང་རོ་ཉེ་དང་ཟངས་རབ་ཏུ་བསྐོལ་བར་ འཇུག་པའི་ཚོར་བ་དང ། སྣར་ལྕགས་རྣོན་པོ་འཇུག་པའི་ཚོར་བ་དང ། སྦ་བའི་གནས་སུ་སྦྲུལ་འཇུག་པའི་ཚོར་བ་དང ། བོང་བས་འཕེན་པའི་ཚོར་བ་དང ། སྲེད་པའི་ཚོར་བ་དང ། ལུས་ལ་མེའི་ཕྲེང་བའི་ཚོར་བ་དང ། སྐྲ་འབལ་བའི་ཚོར་བ་དང ། སྲོག་ཆགས་མར་ཀོ་ཏ་ ཀ་འཇུག་པའི་ཚོར་བ་དང ། པགས་པ་གཏུབས་པའི་ཚོར་བ་དང ། ཙཱ་ལྦཱིན་ཀའི་ཚོར་བ་དང ། འདུས་པའི་ཚོར་བ་དང ། ལུས་གཏུབས་པའི་ཚོར་བ་དང ། རྫ་མ་དང་བུམ་པར་བཙོས་པའི་ཚོར་བ་དང ། སོ་ཕག་གི་ཚོར་བ་དང ། ལུས་ཕྱེད་དུ་བ་ཚཝ་བླུགས་པའི་ཚོར་བ་དང ། ཕྱག་དར་གྱི་ཕྱེ་མའི་ཚོར་བ་དང ། རབ་ཏུ་བསྲེགས་པའི་ཚོར་བ་དང ། རྐང་པའི་མཐེ་བོ་མཚོན་གྱིས་བཅད་ཅིང་རབ་ཏུ་བསྲེགས་པའི་ཚོར་བ་དང ། པྱི་པྱི་ལིང་གི་ཚོར་བ་དང ། རྒྱ་མཚོ་སུམ་ཅུའི་དབུ་བའི་ཚོར་བ་དང ། ལག་པ་དང ། རྐང་པའི་ཚོར་བ་དང ། རིང་དུ་འགྲོ་བའི་ 68-1-150b ཚོར་བ་དང ། འགྲམ་སོའི་ཚོར་བ་དང ། སྣུམ་གྱི་ཚོར་བ་དང ། གསེར་རྡུང་བའི་ཚོར་བ་དང ། ཚབས་ཆེར་སྐྲངས་པའི་ཚོར་བ་དང ། བསླང་བ་དང་དབབ་པའི་ཚོར་བ་སྟེ། ཚོར་བ་དེ་དག་གིས་གང་སྡུག་བསྔལ་གྱི་ཚོགས་རྣམ་པ་སྣ་ཚོགས་དུ་མ་ཀུན་དུ་སྤྱོད་པ་དེ་དག་ནི་ལུས་དང་ བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གནོད་པ་རྣམ་པར་མ་ཞི་བ་དེ་ནི་དེར་རྒྱུ་དང་མཚུངས་པའི་འབྲས་བུ་མྱོང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་དེའི་རྣམ་པར་སྨིན་པ་དཔེ་མེད་པ་བྱེ་བ་སྟོང་ཕྲག་བཅུར་བསྒྱུར་བ། སྔར་ཇི་སྐད་བཤད་པའི་གནོད་པ་དེ་ དག་ཐམས་ཅད་རང་གི་ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་སེམས་ཅན་དམྱལ་བའི་ས་དེར་དེ་དག་མྱོང་བར་འགྱུར་རོ། །གང་སེམས་རི་མོ་མཁན་ལྟ་བུས་སྲེག་པའི་པིར་དང ། མི་དགེ་བ་ཀུན་དུ་རྟོག་པ་སྣ་ཚོགས་ཀྱི་ཚོན་རྩི་སྣོད་ཀྱི་གཞི་ལྟ་བུའི་སྙིང་ལ་ཀུན་དུ་འདྲི་སྟེ། བུ་དང་ཆུང་ མའི་མཚན་མ་དམ་པོས་དེ་རྗེས་སུ་མྱོང་བར་འགྱུར་རོ། །རང་གིས་ལེགས་པར་བྱས་པའི་ལས་ནི་ཕ་མས་བྱས་པ་མ་ཡིན་ཏེ། ཇི་ཙམ་དུ་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཆི་བར་མི་འགྱུར་རོ། །དེ་ནས་ཤི་ནས་གལ་ཏེ་ལན་གྲངས་གཞན་ལ་མྱོང་ བར་འགྱུར་བའི་ལས་གང་གིས་དུད་འགྲོ་དང ། ཡི་དགས་དག་ཏུ་མ་སྐྱེས་ལ་གལ་ཏེ་མི་རྣམས་དང་སྐལ་པ་མཉམ་པར་གྱུར་ན། རྒྱུ་འཐུན་པའི་འབྲས་བུས་དེ་རྟག་ཏུ་བཅིང་བ་དང ། གཙེ་བ་དང ། གནོད་པ་དང ། རྒྱལ་པོའི་ཕོ་བྲང་འཁོར་ནས་འཚེ་བ་དང་།མི་བདེ་བར་འགྱུར། སྐྱེ་བོ་ཀུན་གྱིས་ཀྱང་མངོན་པར་གཙེ་སྟེ། རྟག་ཏུ་སྡུག་བསྔལ་མི་བཟད་པར་འགྱུར། གཉེན་འདབ་དང ། མཛའ་བཤེས་དང ། ཆུང་མ་དང ། བུ་དག་དང་ཡང་ཞེ་འགྲས་པར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་ལྔ་པ་མུན་པ་ཞེས་ བྱ་བ་ལ་རྟོག་པར་བྱེད་དེ། སེམས་ཅན་དག་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་གང་དག་ལོག་པར་ལྟ་བ་ལས་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་སྟོན་པ་མཆོད་སྦྱིན་དག་ལ་ཕྱུགས་བསུབས་ནས་ 68-1-151a གསོད་པར་བྱེད་པ་དང ། རུས་སྦལ་དག་སོ་ཕག་གིས་མངོན་པར་གཡོགས་ཤིང་མུན་པར་འཇུག་པར་བྱེད་པ་དེ་དག་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མུན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་མུན་པ་འབྱུང་བའི་མེས་སྲེག་ པར་བྱེད། རྡོ་རྗེ་ལྟ་བུའི་རི་ཤུགས་དྲག་པོ་དག་འོངས་ཤིང་ལས་ཀྱི་རླུང་གིས་བདས་ནས་དེ་གཉིས་ཀྱི་དབུས་སུ་བཅུག་ལ་བྱེ་མ་སྙིམ་པ་ནས་གཏོར་བ་བཞིན་དུ་ཐལ་བར་རློག་སྟེ། ཇི་ལྟར་སྐྲའི་རྩེ་མོ་བསྡུས་པ་ཕན་ཚུན་སྐྱབས་མེད་པ་དེ་ལྟར་རྟག་ཏུ་གནོད་པ་བྱེད་ཅིང་སྤུ་གྲི་ལྟ་བུའི་རླུང་རབ་ཏུ་ འབར་བ་ལངས་པ་གང་གིས་འདི་ཡན་ལག་དང་ཉིང་ལག་ཞིགས་པར་བྱེད་དོ། །སྐོམ་པ་དང ། བཀྲེས་པས་ལུས་རབ་ཏུ་འབར་བ་དེ་དག་དེ་ནི་དེ་ན་ངུད་མོ་འབྱིན་ཏེ་ཇི་ལྟར་དེ་དག་གིས་རུསསྦལ་མེའི་ནང་དུ་བསྲེགས་ཤིང ། སོ་ཕག་དག་གིས་མནན་པ་དེ་ལྟར་ལོ་འབུམ་ཕྲག་དུ་མར་འཁྲུལ་ འཁོར་ལ་ཁབ་ཀྱི་བུ་ག་ཙམ་གྱི་སྣང་བ་མེད་པ་བཞིན་དུ་སྣང་བ་མེད་པར་བྱེད་ལ་རང་གི་ལུས་ལས་བྱུང་བའི་སྤུ་རབ་ཏུ་འབར་བ་དག་གིས་ཀུན་དུ་སྲེག་པར་བྱེད་དོ། །སེམས་སྤྲེའུ་ལྟ་བུས་བག་ལ་ཉལ་རི་ལྟ་བུ་ལ་རྣམ་པར་རྒྱུ་ཞིང་རྒྱུ་རིའི་ངོས་ལྟར་བརྟན་པས་རྒྱགས་པ་རིའི་རྩེ་མོ་ལྟ་བུ་ ལ་གནས་པ་ལྟ་བ་ངན་པའི་རི་ཁྲོད་ལྟ་བུ་ལ་རྣམ་པར་རྒྱུ་ཞིང་ང་རྒྱལ་ལས་བྱུང་བ་ཤིང་ལྗོན་པ་ཐིབས་པོ་ལྟ་བུར་སྤྱོད་པ། ཁྲོ་བ་བྲག་གསེབ་ལྟ་བུ་ལ་གནས་པ། ཕྲག་དོག་ཡོན་ཏན་བསགས་པ་ལྟ་བུའི་འབྲས་བུ་དང་སྲེད་པ་ཆུ་བོའི་དབང་དུ་སོང་བ་ལྟ་བུས་གང་མི་དགེ་བའི་རླབས་ བྱས་པ་དེ་དག་ཇི་ཙམ་དུ་རྣམ་པར་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཆི་བའི་དུས་མི་བྱེད་དོ། །དེ་སེམས་ཅན་དམྱལ་བའི་འཁོར་མུན་པ་དེ་ལས་ཐར་ནས། གལ་ཏེ་ཡི་དགས་དང་དུད་འགྲོར་མ་སྐྱེས་ལ་མི་དག་དང་སྐལ་བ་མཉམ་པར་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་རྒྱུ་འཐུན་པའི་འབྲས་བུས་རྟག་ཏུ་བཅིང་བས་བཅིངས་པར་འགྱུར་ཞིང་ཚེ་ཐུང་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་དྲུག་པ་ཀུན་དུ་མི་དགའ་བ་ཞེས་བྱ་བ་ལ་རྟོག་པར་བྱེད་དེ། ལས་གང་གིས་སེམས་ཅན་དམྱལ་ 68-1-151b བ་ཀུན་དུ་མི་དགའ་བར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་ལ་མངོན་པར་འཁུ་བའི་བསམ་པ་ཡོད་པ་ནི་རྟག་ཏུ་སྲོག་གཅོད་པ་ལ་བརྩོན་པ་ཡིན་ཏེ། དེ་དུང་དང ། རྔ་པ་ཊ་ཧ་དང ། བུང་བུའི་སྐད་ཀྱིས་ནགས་ཁྲོད་ན་རྣམ་ པར་རྒྱུ་བའི་སེམས་ཅན་རི་དགས་དང ། བྱ་དང ། སེང་གེ་དང ། དྲེད་དང ། གུང་དང ། སྤྲེའུ་ལ་སོགས་པ་བག་ཚ་བ་མེད་པར་རྒྱུ་བ་དག་སྒྲ་དེ་དག་གིས་ཀུན་དུ་སྐྲག་པར་བྱེད་ཅིང་རྒྱལ་པོའམ། བློན་པོ་ཕལ་པོ་ཆེར་ཡིད་ཀྱིས་བསམ་པ་ཡོད་པའི་རྗེས་སུ་རྔོན་པ་གསད་པའི་བསམ་ པ་ཡོད་པ་འགྲོ་བ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཀུན་དུ་མི་དགའ་བར་སྐྱེ་བར་འགྱུར་རོ། །རྒྱུ་དང་འཐུན་པར་འབྲས་བུ་འབྱུང་སྟེ། ཇི་ལྟར་སེམས་ཅན་དེ་དག་གིས་ཀུན་དུ་མི་དགའ་བ་བྱས་པ་དེ་ལྟར་སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་ མེའི་ནང་དུ་བཅུག་ནས། བྱ་རོག་དང ། འུག་པ་དང ། བྱ་རྒོད་དང ། ཁྱི་དང ། སྲིན་པོ་དང ། ཝ་རྣམས་ཀྱི་མཆུ་རྣོ་ལ་སྒྲ་མཆོག་ཏུ་འཇིགས་པ་རྣམས་ཀྱིས་རྣ་བ་དྲུང་ནསབཅད་ཅིང་ཟ་ལ། མཆོག་ཏུ་འཇིགས་པ་མི་འདོད་ཅིང་མི་སྡུག་ལ་ཡིད་དུ་མི་འོང་བ་སྐྱེ་བོ་ཐམས་ཅད་སྐྲག་པར་བྱེད་ པའི་སྒྲ་དེས་ཀུན་དུ་མི་དགའ་བ་ཕལ་ཆེར་ཡིད་ལ་གཅགས་པར་འགྱུར་ཞིང་སྲོག་ཆགས་མར་ཀོ་ཏ་ཀའི་མཆུ་རྡོ་རྗེ་ལྟ་བུས་ཡང་དང་ཡང་དུ་རུས་པའི་གསེབ་དང་ནང་དུ་ཞུགས་པ་དག་གིས་རྣ་བ་ལ་ཟའོ། །སེམས་ཉ་ལྟ་བུ་དེ་སྲེད་པ་ཆུ་བོ་ལྟ་བུ་ལ་རྣམ་པར་རྒྱུ་ཞིང་ཁྲོ་བ་དབའ་རླབས་ ལྟ་བུར་འཁྲུག་པས་འཁོར་བ་རི་བོའི་གསེབ་ལྟ་བུ་ལ་གནས་ཤིང་འདོད་ཆགས་ཞེ་སྡང་གཏི་མུག་གི་ཕྱོགས་ཀྱི་ས་འདོད་པའི་རོ་ཆུང་བ་མཆིལ་པ་ལྟ་བུའི་འཆིང་བ་དང ། ལྟ་བ་ངན་པ་ཆུ་ལྟར་ཟབ་པ་ལ་རྣམ་པར་རྒྱུ་བ། སྐྱེ་བ་དང ། འཆི་བའི་འགྲོ་བའི་ལུས་འདི་སྒྲ་དང ། རེག་པ་ དང ། རོ་དང ། གཟུགས་དང ། དྲི་ལ་རྟག་ཏུ་སྲེད་པ་གང་མི་དགེ་བའི་ལས་དེས་དགོད་ཅིང་བྱས་ལ་དེའི་ངུད་མོ་འབྱིན་པ་ནི་མི་མྱོང་གི་བར་དུ་འཆི་བའི་དུས ། མི་བྱེད་དོ། །འདིར་ཚིགས་སུ་བཅད་པ། རང་གི་སྲེད་པ་གྲོང་གནས་པ། །སེམས་ནི་ཉ་འདྲ་རྨོངས་པ་ཡིས། །ལས་ 68-1-152a བྱེད་ཚེ་ན་དགར་འཛིན་ལ། །མྱོང་བའི་ཚེ་ན་ངུ་བར་བྱེད། །གང་ཚེ་མི་དགེ་དེ་ཡི་ལས། །ལྷག་མ་མེད་པར་བཅོམ་ཞིང་སྤངས། །མེད་གྱུར་དེ་ནི་དེ་ནས་སུ། །ཤི་ནས་ཡི་དགས་དུད་འགྲོར་སྐྱེ། །ལན་གྲངས་གཞན་ལ་མྱོང་བའི་ལས། །གང་གིས་གལ་ཏེ་དེར་མི་སྐྱེ། ། གལ་ཏེ་དེར་ནི་མི་རྣམས་དང ། །སྐལ་མཉམ་མི་རུ་སྐྱེ་བར་འགྱུར། །དེ་ནི་རྟག་ཏུ་དམན་པ་ཡིས། །ཟིལ་གྱིས་ནོན་ཅིང་ནམས་ཀྱང་ནི། །དེ་སེམས་དགའ་བ་སྐྱེ་མི་འགྱུར། །གང་དང་གང་ནི་བྱེད་པ་དག་།དོན་མེད་དགའ་བ་མེད་བྱེད་དང ། །བུ་དང་ཆུང་མ་ནོར་དང་འབྲུ། །གསོད་དང་ འཆིང་བར་བྱེད་པ་དང ། །དེ་ནི་མི་དགེ་ལས་ཀྱིས་སུ། །དགའ་མེད་རྒྱུ་འཐུན་འབྲས་བུ་ཡི། །ཀུན་དུ་མི་དགའ་རྟག་ཏུ་ཐོས། །ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཡང་སོས་ཀྱི་འཁོར་བདུན་པ་ཚོར་བ་བདོ་བ་ལ་རྟོག་པར་བྱེད་དེ། སེམས་ཅན་དག་ལས་གང་གིས་དེར་ སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་བག་ལ་ཉལ་བདོ་བ་དང ། ཞེ་འགྲས་པ་བདོ་བ་དང ། སེམས་ཟབ་པ་བདོ་བའི་སེམས་ཅན་ནི་སྲོག་གཅོད་པ་མང་པོ་བག་མེད་པ་ལ་འཇུག་སྟེ། དེ་དག་ལུས་དང་བྲལ་ནས་ངན་འགྲོ་ ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཚོར་བ་བདོ་བར་སྐྱེ་བར་འགྱུར་རོ། །དེར་ཚ་བ་དང ། མཚོན་དང ། མེ་དང ། ངམ་གྲོག་དང ། གཡང་ས་དང ། ཕུར་བུ་དང ། མེ་འབར་བའི་ཕྲེང་བའི་རྒྱན་བྱས་པའི་ཚོར་བ་ལ་རྟག་ཏུ་རྒྱུན་མི་འཆད་པར་ཉིན་གཅིག་བཞིན་དུ་ འཇུག་པར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ཤེས་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཚོལ་བ་ན་འཁོར་བའི་སྡུག་བསྔལ་གྱི་དེ་ཁོ་ན་ཉིད་ཤེས་པ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་འཁོར་ལ་རྟོག་པར་བྱེད་དེ། ཇི་ལྟར་ཐིག་ ནག་གི་འཁོར་གཞན་གང་ཞིག་ཡོད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་དམྱལ་བར་སྲེག་པ་མི་བཟད་པའི་ཚོར་བ་རྟག་ཏུ་འདུས་པ་ཞེས་བྱ་བའི་སེམས་ཅན་དམྱལ་བ་མཐོང་སྟེ། སེམས་ཅན་དག་ལས་གང་གིས་སེམས་ཅན་ 68-1-152b དམྱལ་བ་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་ལྟ་བ་ངན་པའི་བསྟན་བཅོས་ཀྱི་གཏན་ཚིགས་དང་དཔེ་དག་གིས་ཚུལ་ཁྲིམས་སྤངས་པའི་མི་ངམ་གྲོག་གམ་གཡང་སར་རབ་ཏུ་ལྟུང་བ་ཡང་དག་པ་མ་ཡིན་པ་ཐམས་ཅད་ཀྱི་ དབང་དུ་སོང་བ་དེ་ལུས་དང་བྲལ་ནས། ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཚོར་བ་འདུས་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། མི་དེ་ཐག་པ་རབ་ཏུ་འབར་བས་བཅིངས་ནས་དཔག་ཚད་དུ་མར་གྱེན་དུ་བཏེག་བཏེག་སྟེ་ ངམ་གྲོག་དག་ཏུ་འདོར་བར་བྱེད། སྐྱེས་ནས་སྤུ་གྲི་དང་མཚོན་གྱི་ས་ཕྱོགས་རྣམས་སུ་ཡང་དེ་དག་འདོར་བར་བྱེད། ཡན་ལག་དང་ཉིང་ལག་ཐམས་ཅད་ནས་སྒྲ་འབྱིན་པ་ན་རང་གི་སེམས་ཀྱིས་བསླུ་ཤིང་འཁོར་བའི་འཁོར་ལོར་ཞུགས་ནས་འཁྱམ་པ། གཏི་མུག་གིས་ མུན་པས་ལོག་པར་བྱས་ཤིང་ཚལ་ཀུན་ནས་བསྲེགས་པ་ལྟ་བུའི་ལུས་དག་ལ་ཁྱི་མཆེ་བ་རབ་ཏུ་རྣོ་བ་རྣམས་ཀྱིས་ཀུན་དུ་ཟ་བར་བྱེད་ཀྱང་གང་དེ་ན་འདུག་པ་དེ་དག་ལ་སྐྱོབ་པའམ་དཔུང་གཉེན་ནམ་བདེ་བར་བྱེད་པའམ། དབུགས་འབྱིན་པར་བྱེད་པ་གང་ཡང་མེད་དོ། །གཤིན་ རྗེའི་འཇིག་རྟེན་པའི་གཤིན་རྗེའི་མི་དེ་དག་གིས་ཅི་རིགས་པར་ཚིགས་སུ་བཅད་དེ་སྨྲས་པ། ལོག་པར་ལྟ་བའི་གཏི་མུག་གིས། །གཏི་མུག་ཞགས་བསྒྲིམས་སྐྱེ་བོ་ཁྱོད། །སེམས་ཅན་དམྱལ་བའི་གནོད་པ་དག་།ཤིན་ཏུ་མི་བཟད་འདུས་པ་ཐོབ། །མི་ཡི་སྐྱེས་བུ་ཐ་མ་ དག་།ལོག་པར་ལྟ་བས་དགེ་ཀུན་བསྲེགས། །དེ་ཡིས་སེམས་ཅན་དམྱལ་དང་འབྲེལ། །གནོད་པ་མི་བཟད་ཁྱེར་ཏེ་འོངས། །གང་དག་ལོག་པའི་དབང་སོང་བ། །སེམས་ཀྱིས་ཡོངས་སུ་བསླུས་པ་ཡི། །སྐྱེས་བུ་བློ་ཞན་དེ་དག་ནི། །སེམས་ཅན་དམྱལ་བར་ཀུན་ དུ་འགྲོ། །དགྲ་གཞན་ཤིན་ཏུ་སྤང་བར་སླའི། །སེམས་ཀྱི་དགྲ་ནི་སྤང་བར་དཀའ། །དེ་ཡིས་བཅིངས་པའི་མི་དག་ནི། །གཤིན་རྗེའི་གནས་སུ་ཁྲིད་པར་བྱེད། །ཡུལ་རྣམས་ལ་ནི་རྟག་རྒྱུག་ཅིང ། །དམ་པའི་ཆོས་ལ་མི་རྒྱུག་ལ། །དམ་ཆོས་ལམ་ལ་རྨོངས་པ་ནི། ། 68-1-153a སེམས་ཅན་དམྱལ་བ་ཆེན་པོར་ཁྲིད། །གདུལ་བའི་ནང་ན་སེམས་གདུལ་དཀའ། །མེ་ཡི་ནང་ན་མེ་མཆོག་སྟེ། །གདུལ་དཀའ་མྱུར་དུ་འགྲོ་བ་ནི། །དམྱལ་བའི་ནང་ན་དམྱལ་བ་ཡིན། །གང་དག་སེམས་ཀྱི་དབང་སོང་བ། །མི་དེ་སེམས་ཅན་དམྱལ་ བར་འགྲོ། །གང་དག་མི་བཟད་དེ་ཟློགས་པ། །དེ་དག་སྡུག་བསྔལ་རྗེས་མི་འགྲོ། །འདོད་ཆགས་མི་བཟད་མེ་གཅིག་ཡིན། །གཏི་མུག་མུན་པ་ཞེས་བྱའོ། །ཞེ་སྡང་མི་བཟད་དགྲ་ཡིན་ཏེ། །འགྲོ་བ་དགྲ་གསུམ་དབང་དུ་སོང ། །སྔོན་གྱི་སེམས་ཀྱི་རྗེས་ཞུགས་པ། ། ཁྱོད་ཀྱིས་མི་དགེ་གང་བྱས་པའི། །རྨོངས་པ་དེ་ཡི་འབྲས་བུ་སྤྱོད། །ཁྱོད་ཀྱིས་ལེགས་པ་དག་མ་བྱས། །རང་གི་སེམས་ཀྱིས་ཡོངས་བསླུས་པ། །གཞན་གྱི་ནོར་དག་ཕྲོགས་པ་དང ། །གཞན་གྱི་བུད་མེད་བསྟེན་པ་ཡིས། །སྐྱེ་བོ་དག་ནི་རྟག་ཏུ་བཅིངས། །དེ་ཡི་ལས་ ཀྱི་རྣམ་སྨིན་གྱིས། །ཁྱོད་ནི་དེ་རིང་དབང་དུ་གྱུར། །མི་ཡི་ཐ་མ་རང་གིས་སུ། །ལས་ངན་བྱས་པས་ངུར་ཅི་ཡོད། །མི་གང་གིས་ནི་ཉེས་བྱས་པ། །ཕྱི་ནས་བློ་ལ་འགྱོད་པར་འགྱུར། །ཚཝ་སྒོར་ས་བོན་བཏབ་པ་ལྟར། །དེ་ལ་དེ་ཡི་འབྲས་བུ་མེད། །འདོད་པ་མངར་བ་ཆུང་ ལྡན་པ། །རྣམ་པར་སྨིན་པ་ཚ་བ་ཡིན། །རྨོངས་པ་གང་ཞིག་དེ་སྟེན་པ། །དེ་ནི་མུན་པ་མུན་ནག་འགྲོ། །བུ་དང་ཆུང་མ་བདེ་བྱའི་ཕྱིར། །རྨོངས་པས་ངན་པ་གང་བྱས་པས། །སེམས་ཅན་དམྱལ་བར་གཅིག་པུ་སྲེག་།རང་གི་ལས་ཀྱི་འབྲས་བུས་བསླུས། །གང་ ཞིག་བུ་སྨད་དབང་སོང་བ། །མི་ནི་ངན་པར་བྱས་པ་སྟེན། །དེ་ནི་དམྱལ་བ་འདིར་འགྲོ་སྟེ། །ཁྱོད་ཀྱིས་དེ་ཡི་རྗེས་སུ་མྱོང ། །བུ་དང་ཆུང་མའི་དོན་མི་འདོད། །མཛའ་བཤེས་དོན་ལྟ་ག་ལ་ཡོད། །འཆི་བའི་དུས་ནི་བྱུང་བ་ན། །ཉེ་བར་གནས་ཤིང་བསྲུང་བ་མེད། །གང་དག་ ཀུན་ནས་ཉོན་མོངས་སེམས། །གང་དག་སྲེད་པས་ཡོངས་བསླུས་པ། །དེ་དག་དེ་ལྟར་གྲོགས་སུ་འགྱུར། །ཅི་ཕྱིར་ཁྱེད་ནི་བསྲེག་མི་བྱ། །སྔོན་ནི་ཡུལ་གྱི་དབང་བྱས་ཤིང ། །སྲེད་པ་དག་གིས་ཡོངས་སུ་བསླུས། །བདག་ཉིད་ངན་པ་བདག་ཉིད་ཀྱིས། །བྱས་པས་ 68-1-153b བདག་ཉིད་ཅི་ངུར་ཡོད། །དེ་ལྟར་སེམས་ཅན་དམྱལ་བ་ཚོར་བ་འདུས་པ་ལ་གཤིན་རྗེའི་མི་དག་གིས་སེམས་ཅན་དམྱལ་བ་དེ་དག་ལས་རྗེས་སུ་བསྟན་པ་ན། ཇི་ཙམ་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་ དྲག་ཅིང་མི་བཟད་པ་དུ་མ་དག་ལོ་འབུམ་ཕྲག་དུ་མར་མྱོང་བར་འགྱུར་རོ། །དེ་ཕྱིས་དེ་ལས་གྲོལ་ཞིང་ཐར་ནས་གལ་ཏེ་མི་དག་དང་སྐལ་བ་མཉམ་པར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཕྲོགས་པ་མེད་ན། དེ་རྒྱུ་འཐུན་པའི་འབྲས་བུས་འགྲོ་ལྡིང་བ་དང ། བར་བ་ རའི་ཡུལ་དང ། རྒྱ་མཚོའི་དབུས་ཀྱི་ཡུལ་དང་སིན་དུའི་ཡུལ་དང ། ཞར་བའི་གླིང་གི་ཡུལ་དང ། གང་ན་བྲན་མཆོག་ཏུ་སྡུག་བསྔལ་བ་དེར་སྐྱེ་བར་འགྱུར་ཞིང་དབུལ་བའི་བྲན་དུ་འགྱུར། སྒོ་སྲུངས་དང ། ཡན་ལག་དང ། ཉིང་ལག་ཐམས་ཅད་ཉམས་ཤིང་མ་ཚང་བ་དང ། ལུས་སྐོམ་པ་དང ། བཀྲེས་པས་ཡོངས་སུ་གདུངས་ཤིང་གྲང་བ་དང་ཚ་བའི་གཞིར་གྱུར་པ་དང ། ཤིན་ཏུ་སྡུག་བསྔལ་ཞིང་གཞན་གྱིས་རྟག་ཏུ་གཙེ་བ་དང ། བྱིས་པ་དག་གིས་དབྱུག་པ་དང ། བོང་བ་དག་གིས་བརྡེག་ཅིང་སྐྱེ་བོ་ཀུན་གྱིས་བརྙས་པར་འགྱུར། བུ་དང་ཆུང་ མས་ཀྱང་རྣམ་པར་སྤངས་པར་འགྱུར་ཞིང་མངལ་ནས་སྐྱེས་ཚུན་ཆད་མཆོག་ཏུ་སྡུག་བསྔལ་བར་འགྱུར། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་རྒྱུ་དང་མཚུངས་པ་དང ། རྐྱེན་དང་མཚུངས་པ་ཡིན་ཏེ་ཇི་ལྟར་སྔར་བྱས་པ་དེ་ཕྱིས་དེ་བཞིན་དུ་སྤྱོད་པར་འགྱུར་རོ། །དེ་ནས་དགེ་སློང་ དེ་ཉེས་པར་བྱས་པ་མྱོང་བར་འགྱུར་བའི་ལས་དེ་མཐོང་ནས་སེམས་ཅན་དམྱལ་བ་མུན་པ་ལ་དམིགས་པ་དང ། འཁོར་བ་ལ་ཕལ་ཆེར་ཤིན་ཏུ་ཡིད་བྱུང་བར་འགྱུར་རོ། །ཡང་རྣལ་འབྱོར་སྤྱོད་པའི་དགེ་སློང་དེ་རྟོག་པར་བྱེད་དེ་འདི་ལྟར་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་མཐོང་བ་ལ་རྟག་ཏུ་ བརྩོན་ཞིང་འགྲོ་བ་ཤིན་ཏུ་བསྔམས་པ་ལ་རབ་ཏུ་སྤྱོད་པ། འཁོར་བ་ཐམས་ཅད་ལ་ཡིད་བྱུང་བ། བདུད་ཀྱི་འཆིང་བ་མཆོག་ཏུ་དམ་པ་གཅོད་པ། བདུད་ཀྱི་ཡུལ་གྱི་དངོས་པོ་མི་འདོད་ཅིང ། ཉོན་མོངས་པ་འདོད་ཆགས་དག་གི་དངོས་པོ་དང་ལྷན་ཅིག་འདུག་པར་མི་འདོད་པ། དགའ་ 68-1-154a བའི་འདོད་ཆགས་ཀྱི་མོད་ལས་བྱུང་བའི་སྲེདཔ་ལ་མངོན་པར་མི་དགའ་བའི་དགེ་སློང་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་དང་ལྡན་པ་དེ་ས་བླའི་གནོད་སྦྱིན་དག་གིས་མཐོང་ནས་བར་སྣང་ལ་སྤྱོད་པ་དག་ལ་མངོན་པར་བསྙད་དོ། །དེ་ལྟར་སྔ་མ་བཞིན་དུ་སྦྱར་ཏེ། ཚངས་རིས་ དག་གིས་ཐོས་པའི་བར་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཐིག་ནག་གི་འཁོར་ལ་ལྟ་བར་བྱེད་དེ། སེམས་ཅན་དམྱལ་བ་ཐིག་ནག་གི་འཁོར་གཞན་ཡང་གང་ཞིག་ཡོད་སྙམ་མོ། །དེ་སེམས་ཅན་དམྱལ་བ་རབ་ཏུ་མི་བཟད་ པ་ཞེས་བྱ་བ་མཐོང་སྟེ། དེས་སེམས་ཅན་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ན་ཁྱིམ་པ་གང་གིས་འོས་པ་མ་ཡིན་པའི་གནས་མལ་དང ། ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་མང་པོ་དག་ལ་སྤྱད་པ་འཆབ་པ་དང ། གཞན་ལ་སྙད་བཏགས་ཏེ་ཕྱུགས་གསོད་ པའམ། ལྷ་ལ་སྙད་བཏགས་པའམ། བྲམ་ཟེ་འདོད་པའི་སྡིག་པས་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རབ་ཏུ་མི་བཟད་པར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། བྱ་རོག་དང ། བྱ་རྒོད་ དང ། ཕག་རྒོད་གཏུམ་པོ་དག་གིས་མིག་འབྱིན་ཅིང ། ཕག་དང་འཁྲུགས་པའི་སྒྲ་དང ། གཏུན་ཤིང་དང ། མེ་རབ་ཏུ་འབར་བ་དང ། དམྱལ་བའི་སྲུངས་མ་དྲག་པ་རབ་ཏུ་མི་བཟད་པ་ཡོད་དོ། །སེམས་ཅན་དམྱལ་བ་རབ་ཏུ་མི་བཟད་པར་སྐྱེ་བའི་གནོད་པ་འབྱུང་བ་ནི་ འདི་ལྟ་སྟེ། མིག་འབྱིན་པ་དང ། ལྕེ་གཅོད་པ་དང ། ཡན་ལག་དང ། ཉིང་ལག་ཐམས་ཅད་གཅོད་པ་དང ། ལྕགས་ཀྱི་སྣོད་རབ་ཏུ་འབར་བ་དག་ནས་ཟངས་ཀྱི་ཁུ་བ་ལྡུད་པ་དང ། ལུས་ཐམས་ཅད་ལ་ཕུར་བུ་འཛུགས་པ་དང ། རྐང་པ་གཅོད་པ་དང ། བྱ་རོག་གིས་ཟ་བ་དང། ནད་ཐམས་ཅད་ཀྱིས་གནོད་པ་བྱེད་པར་འགྱུར་ཏེ། ཇི་ཙམ་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་གྱུར་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་མི་བཟད་པར་ལོ་འབུམ་ཕྲག་དུ་མར་ངུ་བ་ན་མགོན་མེད་ཅིང་གྲོགས་མེད་ལ། གཤིན་རྗེའི་མི་དག་གིས་གསོད་པར་འགྱུར་རོ།། 68-1-154b དེ་སེམས་ཅན་དམྱལ་བ་དེ་ནས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་གང་གིས་དུད་འགྲོ་དང་ཡི་དགས་དག་ཏུ་མ་སྐྱེས་ལ། མི་དག་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ལག་རྡུམ་མམ་ལོང་བར་འགྱུར་ཞིང་ཡུན་རིང་ དུ་གནས་པར་མི་འགྱུར། ཤི་ནས་ཀྱང་སྲོག་ཆགས་ལས་ཀྱི་ལུ་གུ་རྒྱུད་ཀྱིས་སྦྲེལ་བ་དག་ཡང་ངན་སོང་དེ་དག་ཀུན་དུ་འགྲོ་བར་འགྱུར་ལ་ལེགས་པར་བྱས་པས་ནི་ལེགས་པ་དང ། ཉེས་པར་བྱས་པས་ནི་ཉེས་པ་འཐོབ་པར་འགྱུར་ཏེ། འཁོར་བ་ན་སྐྱེ་ཞིང་འབྱུང་བའི་འབྲས་བུ་ ནི་རྒྱུ་འཐུན་པའི་འབྲས་བུ་དང་འབྲེལ་བ་ཡིན་ནོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཐིག་ནག་གི་འཁོར་ལ་ལྟ་བར་བྱེད་དེ། ལས་གང་གིས་སེམས་ཅན་དམྱལ་བ་བྱ་རྒོད་ཀྱིས་འཇིགས་པར་སྐྱེ་བར་འགྱུར་སྙམ་ནས་བརྟགས་ན། མི་གང་གིས་དོན་དུ་བྱ་བའི་ ཕྱིར་མི་བསད་དམ། བཅིངས་སམ། བཀྲེས་པའམ། སྐོམ་པར་བྱས་ན། དེ་ལུས་དང་བྲལ་ནས། ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་བྱ་རྒོད་ཀྱིས་འཇིགས་པར་སྐྱེ་བར་འགྱུར་བར་མཐོང་ངོ ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ ཅན་དམྱལ་བ་པའི་ས་གཞི་ལྕགས་ལ་ས་བྱས་པ་དཔག་ཚད་བརྒྱ་སྟོང་ཕྲག་བཅུ་ཡོད་པ་མེས་རབ་ཏུ་བསྲེགས་ཤིང་ལྕགས་ལས་བྱས་པའི་འབྲས་བུ་ཟུར་གསུམ་པ་ཁ་དོག་ཆུ་ལྟ་བུ་རབ་ཏུ་འབར་བ་རྣམས་ཀྱིས་ཀུན་དུ་གང་བ་དེ་ན་སེམས་ཅན་དམྱལ་བ་པ་དག་གཤིན་རྗེའི་ཆད་པས་ གཅོད་པར་བྱེད་པ་རབ་ཏུ་མང་པོ་དག་གིས་ཀུན་དུ་གསོད་པར་བྱེད་པ་ན་རལ་གྲི་དང་མདའ་བོ་ཆེ་ཡོད་པའི་ལུས་ཀྱི་ཤུགས་དྲག་པོ་དག་གིས་གསོད་ཅིང་ཉིན་མཚན་དུ་གནོད་པ་བྱེད་དོ། །མཚོན་རྣམས་ཀྱིས་གསོད་པ་ན། གང་གི་ཚེ་མགོན་མེད་པ་འབྲོས་པར་འདོད་པ་དེའི་ཚེ། གཤིན་རྗེའི་མི་ དེ་དག་གིས་རལ་གྲི་དང ། མདའ་བོ་ཆེ་དང ། མདའ་རབ་ཏུ་འབར་བ་དག་གིས་ཀུན་དུ་གསོད་པར་བྱེད་ཅིང་ཐང་ལ་ཡང་བཀྲེས་པ་དང་སྐོམ་པ་ཡོད་པའི་འཚོ་བ་དང་འབྲེལ་ལ་ཆུ་མེད་ཅིང་མགོན་མེད། དབུགས་འབྱིན་པ་མེད་ཅིང་སྐྱབས་མེད་ལ། ཕ་རོལ་གྱི་གནོད་པས་བཀོལ་བ་ན། ཀུན་དུ་ 68-1-155a སྡུག་བསྔལ་ཐམས་ཅད་དང་ལྡན་པར་འགྱུར་རོ། །འདིར་ཚིགས་སུ་བཅད་པ། གྲོགས་མང་དག་དང་ལྷན་ཅིག་ཏུ། །ཉེས་པར་བྱས་པའི་ལས་བྱེད་པ། །དེ་ཡི་ལས་ཀྱི་འབྲས་བུ་ནི། །གཅིག་པུ་སྲིད་པ་སྲིད་པར་སྤྱོད། །ཇི་ལྟར་མི་དག་འཇིག་རྟེན་དུ། །བདག་ཉིད་ ངན་བྱས་རྒྱུག་པ་ལྟར། །དེ་ལྟར་མེ་དང་མཚོན་དག་དང ། །དུག་དང་དགྲ་དག་གནས་པ་མིན། །ལས་དང་འབྲལ་བ་མ་ཡིན་གྱི། །རང་གི་གཉེན་འདབ་ཀུན་དང་འབྲལ། །འཇིག་རྟེན་ཕ་རོལ་དགེ་བ་དང ། །མི་དགེ་འགྲོ་ཞིང་རྗེས་སུ་འགྲོ། །གང་ན་མེ་ཏོག་ཡོད་པ་ཡི། །དེར་ནི་དྲི་དག་ རྗེས་སུ་འགྲོ། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ནི་འགྲོ་ཞིང་རྗེས་སུ་འགྲོ། །ཇི་ལྟར་ཕྱོགས་ཆར་དྲི་འགྲོ་ཞིང ། །ནགས་ཚལ་དག་ཏུ་འདུས་པ་ཡིས། །བྱ་དག་ནང་པར་གྱེས་པ་ལྟར། །སྲོག་ཆགས་འདུས་པའང་དེ་དང་འདྲ། །དཔལ་ཆེ་བ་དག་ཆུད་གསན་ཅིང ། །འཇིག་རྟེན་གྱི་ ནི་ཉེས་བྱས་པ། །གཏི་མུག་གིས་ནི་ཡོངས་སུ་བསླུས། །མི་དགེའི་ལས་དག་ཅི་མི་བྱེད། །གང་དག་ཞི་བ་མཆོག་མི་འགྲོ། །གང་དག་ལྷ་ཡི་གནས་མི་འགྲོ། །དེ་ཡི་རྒྱུ་ལ་མཆོག་རྨོངས་པ། །མུན་པའི་ནང་ན་དེ་མུན་གནག་།དེ་ལྟར་དམྱལ་བར་བཙོ་བ་ན། །དེ་ནི་བྱེ་བ་དུ་མ་རུ། །རང་གིས་ ཉེས་པར་བྱས་པ་ཡིས། །སེམས་ཅན་དམྱལ་བར་ཡོངས་སུ་འཁྱམ། །ཇི་སྲིད་དེ་ཡི་མི་དགེ་བ། །ངན་བྱས་བཅོམ་ཞིང་སྤངས་པ་དང ། །ཟད་པར་མ་གྱུར་དེ་སྲིད་དུ། །འཆི་བའི་དུས་ནི་བྱེད་མི་འགྱུར། །གང་ཚེ་དེ་ཡི་ལས་ཀྱིས་དེར། །ཐམས་ཅད་དུ་ནི་བྱང་གྱུར་ན། །དམྱལ་བ་བྱ་ རྒོད་འཇིགས་དེ་ལས། །དེ་ནི་གྲོལ་བར་འགྱུར་བ་ཡིན། །གལ་ཏེ་དེ་ལས་དེ་གྲོལ་ཞིང ། །ཡི་དགས་དུད་འགྲོར་མ་སྐྱེས་ལ། །མི་རྣམས་དང་ནི་སྐལ་མཉམ་པར། །གལ་ཏེ་མི་རུ་སྐྱེས་གྱུར་ན། །དེ་ནི་རྔ་མོ་སྤྱོད་འགྱུར་ཞིང ། །ཁལ་གླང་དག་ལ་སྤྱོད་པར་འགྱུར། །རྒོད་མ་དག་ལ་སྤྱོད་ འགྱུར་ཞིང ། །གླང་པོ་ཁ་སྒྱུར་རྟ་རྫིའམ། །བཤོར་བ་དག་གི་རྒྱ་ཐོགས་པ། །དབུལ་ཞིང་ཚེ་ནི་ཐུང་བར་འགྱུར། །ངན་པར་བྱས་པའི་ལས་དག་དང ། །སྐྱོན་དུ་བགྲང་བའི་ལས་རྣམས་ནི། །རྒྱུ་དང་འབྲས་བུ་འཐུན་པས་ན། །འབྲས་བུ་དེ་དང་འཐུན་པར་འགྱུར།། །། 68-1-155b འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བདུན་པ། དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་འཁོར་ལ་རྟོག་པར་བྱེད་དེ། སེམས་ཅན་དམྱལ་བ་དེའི་འཁོར་ལ་གཞན་དང་གཞན་ནས་ཀུན་དུ་ལྟ་བར་མི་བྱེད་དོ། །སེམས་ཅན་ དམྱལ་བ་ཆེན་པོ་ཐིག་ནག་གི་འཁོར་བཅུ་དྲུག་པོ་འདི་ཡང་ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་འཁོར་བཞིན་ནོ། །ཡང་དགེ་སློང་དེ་སེམས་ཅན་དམྱལ་བའི་འཁོར་གཉིས་པ་དག་ལ་བརྟགས་ན་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཤེས་ཤིང ། ཉེས་པར་བྱས་པའི་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པའི་སྙིང་པོ་ཐམས་ཅད་རིག་སྟེ། བྱས་ལ་བསགས་པ་དང ། བསགས་ལ་མི་བྱེད་པ་དང ། བྱས་ལ་མ་བསགས་པའོ། །དེ་ལ་བྱས་ལ་བསགས་པ་ནི་མྱོང་བར་འགྱུར་བར་ངེས་པ་ཡིན། བསགས་ལ་མི་བྱེད་པ་ནི་མྱོང་བར་འགྱུར་བར་ངེས་པ་མ་ཡིན། བྱས་ལ་མ་བསགས་པ་འདི་ཡང་མྱོང་བར་འགྱུར་བར་ངེས་པ་མ་ཡིན་ནོ། །དགེ་སློང་དེས་སེམས་ཅན་དམྱལ་བ་གཞན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ། ལས་ཀྱི་ཐག་པས་རྒྱུད་ཕན་ཚུན་སྦྲེལ་བའི་འཁོར་དག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་ པ་རྣམ་པ་གསུམ་གྱི་དེ་ཁོ་ན་ཉིད་ཤེས་པ་ནི་དེ་ཡང་ལས་རྣམ་པ་དུ་མ་སྣ་ཚོགས་དུ་མ་དག་དང། སེམས་ཕལ་ཆེར་དམིགས་པའི་དབང་དུ་གྱུར་པ་སེམས་ཀྱི་དབང་དུ་གྱུར་པའི་སེམས་ཅན་དག་མཐོང་ནས་སྐྱོ་བར་གྱུར་ཏོ། །དགེ་སློང་དེས་སེམས་ཅན་དམྱལ་བ་གཞན་ལ་བརྟགས་ན་ དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆེན་པོ་གསུམ་པ་བསྡུས་གཞོམ་ཞེས་བྱ་བ་མཐོང་ངོ ། །དེར་ལས་བསགས་པ་གང་གིས་སེམས་ཅན་དག་ཉེས་པར་བྱས་པའི་ལས་སྨིན་པར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་མི་ དགེ་བའི་ལས་རྣམ་པ་གསུམ་པོ་བྱས་ལ་བསགས་པ་སོ་སོར་མྱོང་བར་འགྱུར་བའི་འབྲས་བུས་སེམས་ཅན་དག་སེམས་ཅན་དམྱལ་བ་བསྡུས་གཞོམ་དུ་སྐྱེ་བར་འགྱུར་རོ། །འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་མི་ 68-1-156a དགེ་བ་གསུམ་པོ་འདི་དག་གི་ལས་ཀྱིས་སྲོག་ཆགས་དག་སེམས་ཅན་དམྱལ་བ་བསྡུས་གཞོམ་དུ་སྐྱེ་བར་འགྱུར་རོ། །དེར་སྡིག་པ་ཆེན་པོས་ནི་སེམས་ཅན་དམྱལ་བའི་གཞིར་སྐྱེ་བར་འགྱུར། འབྲིང་དང་ཆུང་ངུ་དག་གིས་ནི་འཁོར་དུའོ། །དེ་དག་གི་ཆེན་པོ་དང་ འབྲིང་དང་ཆུང་ངུ་རྣམས་ཀྱིས་ནི་གནོད་པ་ཡང་ཆེན་པོ་དང་འབྲིང་དང་ཆུང་ངུར་འགྱུར་རོ། །དེ་དག་གི་སེམས་ཀྱི་དབང་དུ་སོང་བའི་ལས་ཀྱིས་ཀྱང་ཚེ་རིང་པོ་དང་འབྲིང་དང་ཐུང་ངུར་འགྱུར། དེ་དག་གི་སེམས་ཀྱི་དམིགས་པ་ཆེན་པོ་དང་འབྲིང་གི་དབང་གིས་ཀྱང་གནོད་པ་ཆེན་པོ་དང་ འབྲིང་དུ་འགྱུར་རོ། །ལས་རྣམ་པ་གསུམ་དུ་རྣམ་པར་གཞག་སྟེ་ལུས་དང་ངག་དང་ཡིད་ཀྱིའོ། །དུས་གསུམ་དུ་རྣམ་པར་གཞག་སྟེ། ད་ལྟར་བྱུང་བ་དང ། འདས་པ་དང ། མ་འོངས་པའོ། །ཡང་རྣམ་པ་གསུམ་སྟེ། འདོད་པའི་ཁམས་སུ་སྐྱེད་པ་དང ། གཟུགས་ཀྱི་ཁམས་ སུ་སྐྱེད་པ་དང ། གཟུགས་མེད་པའི་ཁམས་སུ་སྐྱེད་པའོ། །ཡང་རྣམ་པ་གསུམ་སྟེ། འབྲིང་དང་ཆེན་པོ་དང་ཐ་མའོ། །ཡང་རྣམ་པ་གསུམ་སྟེ།ཚེ་འདི་ལ་མྱོང་བར་འགྱུར་བ་དང ། སྐྱེས་ནས་མྱོང་བར་འགྱུར་བ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །ཡང་རྣམ་ པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །ཡང་རྣམ་པ་གསུམ་སྟེ། ཚེ་དང་འབྲེལ་བ་དང ། སྲིད་པ་བར་མ་དང་འབྲེལ་བ་དང ། ཚེ་གཞན་དང་འབྲེལ་བའོ། །ཡང་རྣམ་པ་གསུམ་སྟེ། མི་དང་མི་མ་ཡིན་པར་འབྲེལ་བ་རབ་ཏུ་འབྱུང་བ་དག་ཡིན་ཏེ། མི་དང་ མི་མ་ཡིན་པར་འབྲེལ་བ་ནི། འདི་ལྟ་སྟེ། མིར་གྱུར་པ་ལས་སེམས་ཅན་དམྱལ་བར་ལས་ཀྱིས་འཕངས་པའོ། །བྱེད་པའི་ཁྱད་པར་ཞེས་བྱ་བ་ནི་གང་ཅི་ཙམ་དུ་བྱེད་པ་རྩོམ་པ་དེའི་བྱེད་པའི་རྣམ་པ་དེ་ཙམ་དུ་ལས་ཀྱི་རྣམ་པ་ཉིད་སྐྱེ་བར་འགྱུར་ཏེ། དགེ་སློང་དག་ཇི་ལྟར་མོས་ པའི་རྫུ་འཕྲུལ་ཐོབ་པ་བཞིན་ནོ། །ཡང་རྣམ་པ་གསུམ་སྟེ། བྱེད་པ་བྱས་པ་དང ། མི་བྱེད་པ་བྱས་པ་དང ། འབྲེལ་བར་བྱས་པའོ། །དེ་ལ་བྱེད་པ་བྱས་པ་ནི་ཇི་ལྟར་སྔར་དགེ་སྦྱོང་དུ་གྱུར་པ་ཕྱིས་དེའི་རྗེས་སུ་འཐུན་པར་དགྲ་བཅོམ་པའི་བར་དུ་བྱས་པའོ། །མི་བྱེད་པ་བྱས་ 68-1-156b པ་ནི་གང་དག་དགེ་སྦྱོང་དུ་གྱུར་ནས་ལེགས་པར་བྱ་བ་མི་བྱེད་པའོ། །འབྲེལ་བར་བྱས་པ་ནི་ཇི་ལྟར་ཚེ་འདི་ལས་ཤི་ནས་ཚེ་རབས་གཞན་དུ་སྐྱེ་བར་འགྱུར་བའོ། །ཡང་རྣམ་པ་གསུམ་སྟེ། བསམ་གཏན་དང་འབྲེལ་བ་དང ། བསམ་གཏན་དང་འབྲེལ་བ་མ་ཡིན་པ་དང ། རྣམ་པར་ སྨིན་པ་དང་འབྲེལ་བ་མ་ཡིན་པའོ། །དེ་ལ་བསམ་གཏན་དང་འབྲེལ་བ་ཞེས་བྱ་བ་ནི་ཇི་ལྟར་བསམ་གཏན་དང་པོའི་ས་ནས། བསམ་གཏན་གཉིས་པའི་སར་འབྲེལ་བ་ཡིན་ཏེ། བསམ་གཏན་གསུམ་པའམ། བཞི་པར་མ་ཡིན་ནོ། །བསམ་གཏན་དང་འབྲེལ་བ་མ་ཡིན་པ་ནི་སྦྱིན་པ་ དང ། ཚུལ་ཁྲིམས་ལ་སོགས་པའོ། །རྣམ་པར་སྨིན་པ་དང་འབྲེལ་བ་མ་ཡིན་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་ཟག་པ་ཟད་པའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བར་ངེས་པ། ཚེ་དང་འབྲེལ་བ་མེད་པ་ཡིན་ཏེ། དེ་ལྟར་འཇིག་རྟེན་ལས་ཀྱི་དྲ་བ་དང་འབྲེལ་བ་རྒྱ་མཚོ་ལྟ་བུ་འདི་ཀུན་ཕན་ ཚུན་རག་ལས་ཤིང་སྐྱེ་བའི་རིམ་པའི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ཏེ། འདི་ལ་བྱེད་པ་པོའམ་ཚོར་བ་པོའམ་འདོད་རྒྱལ་གྱི་ལས་ནི་གང་ཡང་མེད་དོ་སྙམ་མོ། །དགེ་སློང་དེ་དེ་ལྟར་སེམས་པ་ན་བདུད་ཀྱི་སྡེ་རྣམ་པར་འཇིག་པར་བྱེད་ཅིང་དགེ་བའི་ཆོས་སྒྲུབ་པར་བྱེད་དོ། །སེམས་ཅན་ དམྱལ་བ་བསྡུས་གཞོམ་གྱི་ལས་ཀྱི་རྣམ་པར་སྨིན་པ་ཆེན་པོ་ཡང་རྗེས་སུ་མཐོང་སྟེ། ཇི་ལྟར་ན་སེམས་ཅན་དམྱལ་བ་བསྡུས་གཞོམ་གྱི་གཞིར་སྐྱེ་བར་འགྱུར་སྙམ་ན་དེས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ མང་དུ་བྱས་པ་དང ། ལས་ཀྱི་ཉེརབསྡོགས་པ་དང ། ལས་ཀྱི་མཇུག་དང ། ལས་མངོན་པར་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བ་བསྡུས་གཞོམ་གྱི་འཁོར་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་གཞིའི་གནོད་པ་འདི་དག་འབྱུང་སྟེ། འདི་ལྟ་སྟེ། ཤིང་ལྗོན་པའི་ཁྲོད་དུ་བྱ་རྒོད་མཆུ་རབ་ཏུ་འབར་བ་དག་གིས་བཟུང་ནས་རྒྱུ་མ་བྲུས་ཏེ་ཟ་བར་བྱེད་དོ། །ཆུ་བོ་ཕུར་བུས་གང་བ་ཞེས་བྱ་བ་ན། ཕུར་བུ་རིང་པོ་རབ་ཏུ་འབར་བ་དེར་བཅུག་ནས་གཤིན་རྗེའི་མིས་ཡང་རལ་གྲི་རབ་ཏུ་འབར་བ་མང་པོ་དག་གིས་གསོད་ 68-1-157a པར་བྱེད་དོ། །དེ་དེར་འདུག་པ་ན་ཚོར་བ་དྲག་ཅིང་རྩུབ་པ་གཞན་དང་མཚུངས་པ་མེད་པ་དཔེ་ཟླ་མེད་པ་དག་མྱོང་བར་འགྱུར་རོ། །འདི་ལྟ་སྟེ། ཕུར་བུ་རབ་ཏུ་འབར་བའི་ཚོར་བ་ནི་ཕུར་བུ་རབ་ཏུ་འབར་བ་དག་གིས་འབིགས་པར་བྱེད་ཅིང་སེམས་ཅན་དམྱལ་བ་ དེ་དག་གཤིན་རྗེའི་མི་དེ་དག་གིས་བཟུང་ནས་དེ་བཞིན་དུ་སྐྱོད་དེ་སེམས་ཅན་དམྱལ་བ་དེ་དག་ཕན་ཚུན་དུ་བསྐྱོད་པས་རྣམ་པར་འཁྲུགས་ཤིང་ངུ་བར་བྱེད་དོ། །དེ་ན་ཟངས་དམར་པོ་བསྐོལ་ཅིང་བཞུས་པ་རབ་ཏུ་འབར་བས་ལུས་ཤིང་སྐམ་ལྟ་བུར་བྱེད་དེ།རྨོངས་པར་བྱེད་ཅིང་ སྲེག་པར་བྱེད་དོ། །ཕུར་བུས་གང་བའི་ཆུ་བོ་དེར་བསྐོལ་བ་ན། སེམས་ཅན་དམྱལ་བ་དེ་དག་ཁ་ཅིག་ནི་ལུས་རྩཝ་ལྟར་རབ་ཏུ་སྲེག་གོ། །ཁ་ཅིག་ནི་རྡོ་ལྕི་བ་ལྟར་ནུབ་བོ། །ཁ་ཅིག་ནི་ལུས་ཉ་ལྕིབས་ལྟར་ཆུ་འགྲམ་དུ་བྱུང་ངོ ། །ཁ་ཅིག་ནི་ལུས་ཉ་ལྟ་བུ་ལ་བྱ་རྒོད་ཀྱི་མཆུ་རབ་ ཏུ་འབར་བ་དེས་ཟའོ། །ཁ་ཅིག་ནི་ལུས་མར་སར་གྱི་གོང་བུ་ལྟར་ཞུའོ། །ཁ་ཅིག་ནི་ལྕགས་རབ་ཏུ་འབར་བ་ལྟ་བུའི་རྡོ་བས་ལུས་ཀྱི་ཁོག་པ་བྱེ་མ་སྙིམ་པ་ནས་གཏོར་བ་བཞིན་དུམ་བུ་བརྒྱའམ་སྟོང་དུ་རློག་གོ། །ཁ་ཅིག་ནི་བ་ཚཝས་སྲེག་པ་ན་ཟངས་སམ་ལྕགས་དག་ནང་དུ་བཅུག་ པ་བཞིན་དུ་ཞུའོ། །ཁ་ཅིག་ནི་ཕྲ་སྐམ་རབ་ཏུ་འབར་བདག་གིས་བཟུང་ནས་ཡང་མཚོན་སྤུ་གྲི་ལྟ་བུས་ཀུན་དུ་གསོད་དོ། །ཁ་ཅིག་ནི་ལུས་ཐགས་ལྟར་ཆེར་བརྒྱངས་ནས་གསོད་དོ། །ཁ་ཅིག་ནི་ཁས་བུབ་ཏུ་བཞག་ནས་གསོད་དོ། །ཁ་ཅིག་ནི་བུམ་པའི་ནང་དུ་འཇུག་པར་ བྱེད་དོ། །ཁ་ཅིག་ནི་བུམ་པ་དེའི་ནང་དུ་བཅུག་ནས་དེར་མོན་སྲན་གྲེའུ་བཙོ་བ་བཞིན་དུ་སྟེང་དུ་འབྱུང་ཞིང་འོག་ཏུ་འཇུག་གོ། །ཁ་ཅིག་ནི་སྟེང་དུ་བྱུང་ནས་ངུའོ། །ཁ་ཅིག་ནི་གཅིག་ལ་གཅིག་འཇུས་ནས་ངུའོ། །མགོན་མེད་པ་ཁ་ཅིག་ནི་བྱ་རྒོད་དང ། ཁཝ་དང ། ཝ་དང ། ཁྱི་རབ་ཏུ་འབར་བ་དག་གིས་ས་གཞི་རབ་ཏུ་འབར་བ་ན་གནས་པ་དག་བཟུང་ནས་ཟ་སྟེ། ཉིན་གཅིག་བཞིན་དུ་ཚོར་བ་རྣམ་པ་སྣ་ཚོགས་མྱོང་ངོ ། །དེ་ལྟར་རང་གི་སེམས་ཀྱིས་བསླུས་པ་དེ་ལྟ་བུ་དེ་དག་ནི་འདོད་པས་ལོག་པར་གཡེམ་པ་ཀུན་དུ་སྤྱོད་ཅིང་སྲོག་གཅོད་པ་ 68-1-157b དང་མ་བྱིན་པར་ལེན་པས་ཀུན་ནས་བསླང་བ་ལ་དམིགས་པ་དེ་དག་ནི་ཚོར་བའི་རྣམ་པ་འབུམ་ཕྲག་དུ་མ་མྱོང་བར་འགྱུར་རོ། །ཡང་སེམས་ཅན་དམྱལ་བ་ཀུན་ནས་མགོན་ཚོལ་བ། སྐྱབས་ཚོལ་བ་དེ་དག་བདག་ཅག་ཉོན་མོངས་པ་འདི་ལས་སྐྱོབ་པ་སུ་ཞིག་ཡོད་སྙམ་ནས་ ཀུན་དུ་རྒྱུག་ཅིང་ངུ་བ་ན། གཤིན་རྗེའི་མི་དེ་དག་གིས་གཏུན་ཤིང་རབ་ཏུ་འབར་བ་དག་གིས་བསྣུན་ཅིང་ཆུ་བོ་དང་།ཤིང་ལྗོན་པ་དང ། བྲག་རབ་ཏུ་འབར་བའི་གསེབ་དང ། སྨན་ལྗོངས་དང ། ཕུ་ཆུའི་གསེབ་དང ། རི་གསེབ་དག་ཏུ་ཤིན་ཏུ་བཅུག་ནས་ གནོད་པ་རྣམ་པ་སྣ་ཚོགས་དག་བྱེད་དེ། འདི་ལྟ་སྟེ། ཤིང་ལྗོན་པ་ཤིན་ཏུ་མཐོ་བའི་ཁར་ཁྲིད་ནས་ཡང་དེ་ནས་ས་གཞི་ཕུར་བུ་བཙུགས་པའི་སྟེང་དུ་རབ་ཏུ་འདོར་བར་བྱེད་ཅིང་དེ་དེར་ཡན་ལག་བྱེ་བྲག་ཏུ་ཉམས་པ་བརྒྱའམ་སྟོང་དུ་འགྱུར་རོ། །ཡང་སེམས་ ཅན་དམྱལ་བ་དེ་དག་གཤིན་རྗེའི་མི་དག་གིས་བཟུང་ནས། ལོ་མ་རལ་གྲིའི་ནགས་ཚལ་ལྟ་བུར་བཅུག་སྟེ། འདབ་མ་སྤུ་གྲི་ལྟ་བུ་རབ་ཏུ་འབར་བས་གཙེར་ཏོ། །རང་གི་ལས་ཀྱིས་ཤིང་ལྗོན་པ་དེ་ལ་བུད་མེད་ཉམས་དགའ་བ་ཆ་བྱད་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་ དང་བྱུག་པས་ལུས་རྣམ་པར་བཀླུབས་པ། རྒྱན་གྱི་ཆ་བྱད་མཆོག་ཏུ་བཟང་བས་མངོན་པར་བརྒྱན་པ། ཤིན་ཏུ་གཞོན་ཞིང་སེན་མོ་གཙང་ལ་སྒེག་བག་ཅན་དུ་ཆས་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་བྱེད་ཅིང་དགའ་བ་སྣ་ཚོགས་དང་ལྡན་པ། རིན་པོ་ཆེ་ རྣམ་པ་སྣ་ཚོགས་ཀྱི་རྒྱན་བཀོད་པ་ཐོགས་པ་མཐོང་ངོ ། །མཐོང་ནས་སེམས་ཅན་དམྱལ་བ་དེ་ཤིང་དྲུང་དུ་སོང་སྟེ། འདི་སྙམ་དུ་སེམས་སོ། །འདི་ནི་གང་མིར་གྱུར་ཅིང་མི་བྱེད་པ་ན་བདག་གི་ཡིན་ནོ་སྙམ་ནས་རང་གི་ལས་ཀྱིས་བསྒྲིབས་པ་དེ་ཤིང་དེ་ལ་འཛེག་པར་ བྱེད་དོ། །དེ་ཤིང་དེ་ལ་འཛེག་པ་ན་ལོ་མ་རལ་གྲི་ལྟ་བུ་དེ་དག་གིས་ཤ་གཅོད་པར་བྱེད་དོ། །ཤ་བཅད་ནས་རྒྱུས་པ་གཅོད་དོ། །རྒྱུས་པ་བཅད་ནས་རུས་པ་གཅོད་དོ། །རུས་པ་བཅད་ནས་རྐང་འབྱིན་པར་བྱེད་དོ། །དེ་རལ་གྲིས་ཀུན་དུ་གཤེགས་པ་ན། བུད་མེད་དེ་ལ་མཆོག་ 68-1-158a ཏུ་ཆགས་པའི་བློས་ཤིང་དེ་ལ་འཛེག་པར་བྱེད་དོ། །དེ་ལས་གནོད་པ་འདི་དག་མྱོང་བཞིན་དུ་སེམས་ཀྱིས་བསླུས་པ་དེ་ཤིང་དེ་ལ་འཛེག་པར་བྱེད་དོ། །ཤིང་དེའི་ཐོར་ཏོ་ལ་འཛེགས་པ་དང་བུད་མེད་དེ་སའི་སྟེང་ན་གནས་ཤིང་སྐྱེས་བུ་ལ་ ལྟ་བ་མཐོང་ངོ ། །སྐྱེས་བུ་ལ་ཀུན་དུ་ཆགས་པའི་མིག་གིས་རྣམ་པར་ལྟ་བར་བྱེད་ཅིང་སྐྱེས་བུ་དེ་ལ་ཚིག་སྙན་པས་འབོད་ལ་སྔར་འཛུམ་ཞིང་སྙན་པར་སྨྲ་སྟེ། འདི་ལྟར་བདག་ནི་ཁྱོད་ཀྱི་སླད་དུ་འདིར་མཆིས་ན་ཅིའི་སླད་དུ་བདག་ལ་ཚིག་མི་གསུང་ཞིང་བདག་གི་ལུས་ དང་མཇལ་བར་མི་མཛད། དེ་ནས་སེམས་ཅན་དམྱལ་བ་དེས་ལས་ཀྱིས་སྤྲུལ་པ་བྱས་པ་དེ་མཐོང་ནས་ཡང་ཀུན་དུ་འདོད་ཆགས་ཀྱི་སེམས་ཀྱིས་ཤིང་ལོ་མ་རལ་གྲི་ལྟ་བུ་དེ་ལས་འབབ་པར་བྱེད་དོ། །དེ་འབབ་པ་ན་ལོ་མ་སྤུ་གྲི་རབ་ཏུ་འབར་བ་ལྟ་བུ་དེ་དག་ ཁ་གྱེན་དུ་བལྟས་ཏེ། དེ་དག་གིས་ཀྱང་སེམས་ཅན་དམྱལ་བ་དེ་དག་སྔར་ཤ་བཏོགས་སོ། །ཕྱི་ནས་རྒྱུས་པ་གཅོད་དོ། །དེ་ནས་རུས་པ། རུས་པའི་འོག་ཏུ་གནད་ཐམས་ཅད་གཅོད་དོ། །དེ་ནས་རྐང་བྲུས་ཏེ་ཤིན་ཏུ་གནོད་པར་བྱས་སོ། ། དེ་ནས་སེམས་ཅན་དམྱལ་བ་སྙིང་ལ་འདོད་པའི་སྲེད་པས་ཡོངས་སུ་གདུངས་པ་དེ་དག་གིས་བཅད་ཅིང་གཤེག་ལ་གནད་དང་གནད་གཅོད་བཞིན་དུ་བུད་མེད་དེ་ལ་ལྟའོ། །འདི་ལྟར་དེ་ལ་ལྟ་བ་ན་བྱ་རྒོད་ཀྱི་མཆུ་རབ་ཏུ་འབར་བས་མིག་འབྱིན་ཅིང་སྤུ་གྲི་ རྣོན་པོ་ལྟ་བུས་དེའི་རྣ་བ་ཡང་གཅོད། ངུ་བ་ན་འདབ་མ་རབ་ཏུ་འབར་བདག་གིས་ལྕེ་གཅོད་ཅིང་དེའི་སྣ་ཡང་གཅོད་དེ། དེའི་ཡན་ལག་དང ། ཉིང་ལག་ཐམས་ཅད་གཅོད་དོ། །འདོད་ཆགས་ཀྱི་སྲེད་པས་ཡིད་ཕྲོགས་པ་ཡང་ས་ལ་འབབ་ པར་བྱེད་པ་དང་ཡང་བུད་མེད་དེ་ཤིང་ཁར་འཛེག་གོ། །འཛེགས་པ་དང ། དེ་མཐོང་ནས་ཡང་དེ་ཤིང་གི་ཐོར་ཏོ་དེ་ལ་འཛེག་པར་བྱེད་པ་སྔ་མ་བཞིན་དུ་སྦྱར་ཏེ། དེ་ལྟར་ལས་ཀྱི་དབང་གིས་འཕངས་པར་རང་གི་སེམས་ཀྱིས་ཡོངས་སུ་བསླུས་ 68-1-158b པའི་སེམས་ཅན་དམྱལ་བ་དེ་ལོ་འབུམ་ཕྲག་དུ་མ་ལོ་བྱེ་བ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བར་ཡོངས་སུ་འཁྱམ་མོ། །དེ་ལྟར་སེམས་ཅན་དམྱལ་བ་དེ་དོན་གང་གི་ཕྱིར་ཡོངས་སུ་གདུངས་ཤིང་དེ་ལྟར་འདོད་པས་ལོག་པར་གཡེམ་པའི་རྒྱུས་ བསྲེགས་ཀྱང་དེ་དག་འདོད་ཆགས་དང་བྲལ་བར་མི་བྱེད་དོ། །དེ་ལྟར་སེམས་འདི་ནི་ཐོག་མ་མེད་པའི་དུས་ནས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་སུ་སོང་བ་ཡིན་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་དག་ཏུ་ འགྲོ་བའི་སེམས་ཅན་གྱི་སེམས་འདི་ལ་ཡིད་བརྟན་པར་མི་བྱའོ། །ཡང་སེམས་ཅན་དམྱལ་བ་བསྡུས་གཞོམ་དེ་ན་རི་བྱ་རྒོད་དང་ཉེ་བ་ཞེས་བྱ་བ་ཡོད་དེ། དེ་ན་སེམས་ཅན་དམྱལ་བ་སྐོམ་པ་དང་བཀྲེས་པས་གདུངས་པ་དེ་དག་གིས་བརྒྱུགས་ པ་དང ། དེའི་ཚེ་རི་བྱ་རྒོད་དང་ཉེ་བ་ལ་བྱ་རྒོད་ལྕགས་ཀྱི་མཆུ་རབ་ཏུ་འབར་བ་ལུས་ཆེ་ཞིང་ལྟོ་ཆེ་བ་དག་གནས་ཏེ། དེ་དག་གི་ལྟོའི་ནང་ན་མེ་མདག་ཡོད་དོ། །གང་གི་ཚེ་སེམས་ཅན་དམྱལ་བ་དག་མགོན་མེད་ཅིང་སྐྱབས་མེད་པ་ན་རི་དེ་ལ་འཛེག་ པར་འགྱུར་རོ། །དེ་ནས་མགོན་མེད་པ་ངུ་འབོད་པ་དག་ལ་བྱ་རྒོད་དེ་དག་གིས་གླད་པ་བཏོགས་ཤིང་གླད་རྒྱས་བྲུས་ལ་མིག་ཀྱང་འབྱིན་པར་བྱེད་དོ། །གང་གི་ཚེ་དེའི་གླད་པ་དང་གླད་རྒྱས་དག་འཐུངས་ནས་མགོ་ཡང་འདོར་བར་བྱེད་དོ། །གླད་ རྒྱས་དང་མིག་ཕྱུང་བ་དེ་དག་སེམས་ཅན་དམྱལ་བའི་མུན་པ་ཐིབས་པོའི་ནང་དུ་བརྒྱུགས་པ་དང་དེ་ལས་གཞན་པ་ལས་ཀྱིས་བྱས་པའི་བྱ་རྒོད་ལུས་ཆེ་ཞིང་ཁོ་ལག་ཆེ་བ་ལྟོའི་ནང་ན་མེ་མདག་ཡོད་པའི་བྱ་རྒོད་འོངས་ཏེ། དེས་སེམས་ཅན་དམྱལ་བ་དེ་དག་ བཟུང་ནས་ཟའོ། །དེ་ལྟར་ལྟོའི་ནང་དུ་སོང་བ་དེ་དག་ལོ་འབུམ་ཕྲག་དུ་མར་སྲེག་ཀྱང་དེ་སྲོག་གཅོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་མཐུས་འཆི་བའི་དུས་མི་བྱེད་དོ། །འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ 68-1-159a ཏེ་མང་དུ་བྱས་པའི་མཐུས་ནི་ལོ་མ་རལ་གྲི་ལྟ་བུའི་ནགས་སུ་བུད་མེད་མཐོང་བ་ཡིན་ནོ། །མ་བྱིན་པར་ལེན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་མཐུས་ནི་སེམས་ཅན་དམྱལ་བའི་ཕྱོགས་གཞན་དུ་འགྲོའོ། །དེ་ན་ཡུལ་ ཆུ་བོ་མཐའ་ཡས་ཕ་རོལ་ཞེས་བྱ་བ་ཟངས་བསྐོལ་ཅིང་བཞུས་པས་རབ་ཏུ་གང་བའི་ཆུ་བོ་དེའི་ཕ་རོལ་ན་སེམས་ཅན་དམྱལ་བ་དག་གིས་བཟའ་བ་དང ། བཅའ་བ་དང ། གནས་མལ་མང་ཞིང་བཟང་བ་དང ། གྲིབ་མ་དང ། ནགས་ཚལ་ཤིན་ཏུ་གསལ་ བ་དག་མཐོང་ཞིང་ཆུ་བོ་རབ་ཏུ་འབབ་པ་དང ། ལྟེང་ཀའི་ཕྱོགས་བསིལ་བ་དག་མཐོང་སྟེ། དེས་དེ་དག་མཐོང་ནས་སྔ་མ་བཞིན་དུ་སྦྱར་ཏེ་བརྒྱུགས་པ་དང ། གཅིག་ལ་གཅིག་ངུ་ཞིང་འཁྲུགས་སོ། །གྲོགས་པོ་དག་ཚུར་ཤོག་ཚུར་ཤོག་།བཟའ་ བ་དང ། བཅའ་བ་དང ། གནས་མལ་བདེ་བ་དག་རྙེད་པ་སྔ་མ་བཞིན་དུ་སྦྱར་ཏེ། དེ་ནས་སེམས་ཅན་དམྱལ་བ་དེ་དག་གིས་སྒྲ་ཐོས་ནས་སེམས་ཅན་དམྱལ་བ་གཞན་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དག་ཀུན་དུ་རྒྱུག་ གོ། །དེ་ནས་སེམས་ཅན་དམྱལ་བ་དེ་དག་འདུས་ནས། ཀྱེ་མ་བདག་ཅག་གི་བདེ་བ་དང་མགོན་སྐྱབས་དེ་ཕྱོགས་གང་ནས་ཐོབ་པར་འགྱུར་ཞེས་སྨྲའོ། །དེ་ནས་སེམས་ཅན་དམྱལ་བ་དེ་དག་གིས་སེམས་ཅན་དམྱལ་བ་གཞན་དག་མཐོང་ནས་ སྨྲས་པ། ཀྱེ་གྲོགས་པོ་དག་ཆུ་བོ་མཐའ་ཡས་ཕ་རོལ་ཞེས་བྱ་བའི་ཕ་རོལ་ན། བཟའ་བ་དང ། བཅའ་བ་དང ། གནས་མལ་དང ། ཚལ་དང ། ནགས་ཚལ་མང་པོ་དག་ལ་ལྟོས་ཤིག་ཅེས་བྱ་བ་སྔ་མ་བཞིན་དུ་སྦྱར་ཏེ། དེ་ནས་སེམས་ཅན་ དམྱལ་བ་དེ་དག་ཐམས་ཅད་ལ་ཆུ་བོ་མཐའ་ཡས་རབ་མེད་དེས་ཕན་ཚུན་གནོད་པ་རོ་ཉེ་རབ་ཏུ་བསྐོལ་བ་བཞུ་བའི་དབུ་བས་ཁེབས་པ་དག་ཏུ་དེ་དག་ཐམས་ཅད་དེར་ལྷུང་ངོ ། །ལྷུང་ནས་ཁ་ཅིག་ནི་མར་སར་གྱི་གོང་བུ་ལྟར་ཞུའོ། །ཁ་ཅིག་ནི་ཁཝ་མཆུ་རབ་ཏུ་ 68-1-159b འབར་བ་དག་གིས་ཟའོ། །ཁ་ཅིག་ནི་ཉའི་ཁ་རབ་ཏུ་འབར་བས་མིད་དེ་ལུས་ཀྱི་ཡན་ལག་དང་ཉིང་ལག་ཞུ་བ་དེ་དག་ཐམས་ཅད་ཆུ་བོ་དེའི་ནང་དུ་དེ་དག་ཐམས་ཅད་ཞུ་བར་གྱུར་ཏོ། །དེ་དག་གི་ལས་ཇི་ལྟར་རིགས་པ་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་སེམས་ཀྱིས་བསླུས་ནས་སུ། །བུ་སྨད་གང་གི་དོན་བྱེད་པ། །སྡིག་ལས་བྱུང་བའི་ཞགས་པ་ཡིས། །སེམས་ཅན་དམྱལ་བའི་གནས་སུ་ཁྲིད། །བློ་ངན་ཞེན་པ་ཁྱེད་རྣམས་ཀྱིས། །གང་གི་དོན་དུ་སྡིག་བྱས་པའི། །བུ་དང་ཆུང་མ་གྲོགས་པོ་ དང ། །གཉེན་འདབ་རྩ་ལག་གང་དུ་སོང ། །མི་ཡི་སར་ནི་ཁྱོད་ཀྱིས་སུ། །བདག་ལ་ངེས་པར་སྡུག་མ་བྱས། །མི་ཡི་ཐ་མ་བུ་ཡི་དོན། །དེས་ན་སྡིག་པ་ཁྱོད་ཀྱིས་བྱས། །གང་གིས་སྔན་ཆད་སྡིག་བྱས་པ། །ཕྱིས་ནི་གནོད་པར་མི་འགྱུར་མིན། ། བུ་དང་ཆུང་མས་བསླུས་པ་དེ། །སེམས་ཅན་དམྱལ་བ་དྲག་པོར་འགྲོ། །ཆུང་མ་གཉེན་གྱིས་ཅི་བྱེད་ཅིང ། །བུ་དེས་ཅི་ཞིག་བྱེད་པར་འགྱུར། །ལས་ཀྱི་ལམ་རྒྱགས་ཡོད་པ་ནི། །གཅིག་པུ་སེམས་ཅན་དམྱལ་བར་སྲེག་།བདེ་བ་འབྱུང་བ་མ་སྨད་པ། །དགེ་ བའི་ལས་ནི་མ་བྱས་པས། །བྱིས་པ་གཏི་མུག་གིས་བསླུས་པ། །ཕྱི་ནས་དོན་བྱེད་ཅི་མི་གདུང ། །གང་ཞིག་གཏི་མུག་གིས་བསླུས་པ། །འདོད་ཆགས་ཞེ་སྡང་རྗེས་སུ་འགྲོ། །བུ་དང་ཆུང་མ་བདེ་བྱའི་ཕྱིར། །དེ་དག་ཀུན་གྱི་འོག་ཏུ་འགྲོ། །སྲོག་ ཆགས་ལས་ཀྱི་སྐྱེ་གནས་དང ། །རང་གི་ལས་ཀྱི་འབྲས་བུ་སྤྱོད། །ལེགས་བྱས་ལྷ་ཡི་འཇིག་རྟེན་དུ། །ཉེས་པར་བྱས་པས་དེ་བཞིན་དམའ། །དེ་ལྟར་གཤིན་རྗེའི་མི་དེ་དག་གིས་སེམས་ཅན་དམྱལ་བ་བསྡུས་གཞོམ་པ་དེ་དག་ལ་རྗེས་སུ་ བསྟན་པ། གང་ཁྱེད་ཅག་གིས་བྱས་པའི་ལས་འདི་དག་སུ་ཞིག་སྤྱོད་པར་འགྱུར་ཏེ་དགེ་བའམ། མི་དགེ་བ་རང་གིས་བྱས་པ་སྤྱོད་པར་འགྱུར་ཞིང ། མ་བྱས་པ་ནི་འོང་བར་མི་འགྱུར་ལ། བྱས་པ་ནི་ཆུད་ཟ་བར་མི་འགྱུར་རོ། །དེ་ལྟར་སེམས་ཅན་ 68-1-160a དམྱལ་བ་དེ་དག་ཇི་སྲིད་དུ་སྡིག་པའི་ལས་བཅོམ་ཞིང་སྤངས་ལ། ཟད་པར་མ་གྱུར་པ་དེ་སྲིད་དུ། སེམས་ཅན་དམྱལ་བ་བསྡུས་གཞོམ་དུ་ལོ་འབུམ་ཕྲག་དུ་མར་བཙོ་བར་འགྱུར་རོ། །དེ་ལྟར་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དག་གི་འབྲས་བུ་འཐོབ་པར་འགྱུར་རོ། །ཇི་ལྟར་ཁྱེད་ཅག་གིས་དེ་དག་ཉིད་ཐོབ་པ་འདི་ལྟར་སེམས་ཅན་དམྱལ་བ་དེ་དག་ལས་ཐར་ནས། གལ་ཏེ་ལན་གྲངས་གཞན་ལ་མྱོང་ བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ཚེ་ཐུང་ཞིང་དབུལ་ལ་ཆུང་མ་ངན་པ་དང ། དེ་གཞན་གྱི་ཆུང་མ་ལ་རབ་ཏུ་ཆགས་པར་གྱུར་པའམ་དེ་ཆུང་མ་མེད་པར་འགྱུར་ལ་བརྙས་ཤིང་གཞན་ གྱིས་བཀོལ་བར་འགྱུར་ཏེ། དེ་ལྟར་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུའི་ལས་ཀྱི་མཐུས་བསླུས་པའི་མི། སེམས་ཅན་དམྱལ་བར་འགྲོ་བ་ལ་འདི་དག་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་ པ་དེས། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་ཚོར་བ་ཚད་མེད་པ་དང ། འབྲས་བུ་ཨ་ལ་བུད་ལྟ་བུར་གཅོད་པ་དང ། གནད་དང ། གནད་གཅོད་པ་དང ། བསྡུས་པ་དང ། འཇིགས་པར་ལྟ་བ་དང ། ཉམ་ང་ བ་མང་བ་དང ། གནོད་པ་མི་བཟོད་པ་དང ། ་ཙ་ཟེར་བ་དང ། ཀྱི་ཧུད་ཟེར་བ་དང ། རྒྱོབཤིག་པ་དང ། མཆི་མའི་རྒྱུན་མེ་ལྟ་བུར་མི་འཆད་པ་དང ། དབང་པོ་ཐམས་ཅད་འགགས་པ་དང ། ཚོར་བ་མཐའ་མེད་དང ། པད་མ་ལྟར་གས་པ་དང ། པད་མ་ཆེན་པོ་ལྟར་གས་པ་དང ། མེ་ཐབ་དང། ལྕགས་ཀྱི་མེའི་ར་བ་མཐོང་སྟེ། འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་བཅུ་དྲུག་ཡིན་ནོ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དགེ་སློང་དེ་སེམས་པར་བྱེད་དེ། 68-1-160b གང་མི་དགེ་བ་བྱས་པ་རྣམ་པ་གསུམ་དུ་འགྱུར་བ་མཐོང་སྟེ། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེ་ནི་དེའི་མྱོང་བར་འགྱུར་བར་ ངེས་པ་ཡིན་ཏེ། སེམས་ཅན་དམྱལ་བའི་ལས་ཀྱིས་ཚོར་བ་ཚད་མེད་པར་སྐྱེ་བར་འགྱུར་རོ། །གང་བུད་མེད་འོས་པ་མ་ཡིན་པ་ལ་ཚུལ་བཞིན་མ་ཡིན་པའི་འདོད་པས་ལོག་པར་བསྟེན་པ་དེ་ནི། སེམས་ཅན་དམྱལ་བ་ཚོར་བ་ཚད་མེད་པར་སྐྱེ་བར་འགྱུར་ཏེ། དེར་ གནོད་པ་འདི་དག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། གསལ་ཤིང་རབ་ཏུ་འབར་བས་རོ་སྨད་དུ་འབིགས་པར་བྱེད་དེ། རོ་སྨད་དུ་བཅུག་པའི་གསལ་ཤིང་དེ་ཡང་གལ་ཏེ་རྒྱབ་འབིགས་པར་བྱེད། གལ་ཏེ་ལྟོར། གལ་ཏེ་དབུས་སུ། གལ་ཏེ་རྐེད་པའི་ ཕྱོགས་སུ། གལ་ཏེ་ཕྲག་པར། གལ་ཏེ་དཔུང་མགོར། གལ་ཏེ་མིད་པར། གལ་ཏེ་ཁར། གལ་ཏེ་གླད་རྒྱས་འབིགས། གལ་ཏེ་རྣ་བར་འབིགས་ཏེ། དེ་ལྟར་སེམས་ཅན་དམྱལ་བ་དེའི་གསལ་ཤིང་དེ་ནི་ཡན་ལག་དང ། ཉིང་ལག་ཐམས་ཅད་འབིགས་ པར་བྱེད། གནོད་པ་ཆེན་པོར་བྱེད། སྲེག་པར་བྱེད། ཡན་ལག་ཐམས་ཅད་འཚེད་པར་བྱེད་དེ། དེ་གནོད་པ་དེ་དག་མྱོང་བར་བྱས་ནས་ཚོར་བ་མི་བཟད་པ་ཡང་རྗེས་སུ་མྱོང་བར་བྱེད་དོ། །འདི་ལྟ་སྟེ། ལྕགས་ཀྱི་ཕྲ་སྐམ་རབ་ཏུ་འབར་བས་རླིག་པ་འབྱིན་པར་ བྱེད་ཅིང་བྱ་རྒོད་ཀྱིས་ཀྱང་བཟུང་ནས་ཟ་སྟེ། ཇི་ཙམ་དུ་བྱས་ལ་བསགས་པའི་ལས་བཅོམ་ཞིང་སྤངས་ལ། །ཟད་པར་མ་གྱུར་པ་དེ་སྲིད་དུ་ངུ་སྐད་འདོན་ཏོ། །གང་གི་ཚེ་དེའི་ལས་ཟད་པར་གྱུར་པ་དེའི་ཚེ། སེམས་ཅན་དམྱལ་བ་དེ་ལས་ཐར་བར་ འགྱུར་རོ། །ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེའི་མི་དགེ་བའི་ལས་ཀྱི་རྒྱུ་འཐུན་པའི་འབྲས་བུ་དེས་ 68-1-161a མ་ནིང་དུ་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་འབྲས་བུ་ཨ་ལ་བུད་ལྟ་བུར་གཅོད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ན་དེས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དེ་སེམས་ཅན་དམྱལ་བ་འབྲས་བུ་ཨ་ལ་བུད་ལྟ་བུར་གཅོད་པར་སྐྱེ་བ་མཐོང་ ངོ ། །དེར་འདོད་པས་ལོག་པར་གཡེམ་པ་རྣམ་པ་དུ་ཞིག་བྱས་པ་ཡིན་སྙམ་ན་གང་བུད་མེད་འོས་པ་མ་ཡིན་པའི་ཁར་བཅུག་ན། དེ་ལུས་ཞིག་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་སྟེ། དེ་ལ་གནོད་པ་འདི་དག་འབྱུང་བར་འགྱུར་རོ། །འདི་ ལྟ་སྟེ། གཤིན་རྗེའི་མིས་དེའི་ཁར་ཕུར་བུ་བཅུག་ནས་བརྡུང་བས་རྡུང་བར་བྱེད་དེ། དེ་ཕུར་བུ་བརྡུངས་པ་དེས་གལ་ཏེ་ལྟག་པར་ཕུག་ནས། འབྱུང་བར་བྱེད་པ་བསྒུལ་བ་དང་རྣ་བར་འབྱུང་ངོ ། །ལྕགས་ཀྱི་སྣོད་ཀྱི་ནང་དུ་ཟངས་རབ་ཏུ་བསྐོལ་བས་ཁར་བླུགས་ སོ། །དེས་དེའི་མཆུ་བསྲེགས་ནས་ལྕེ་སྲེག་གོ། །ལྕེ་བསྲེགས་ནས་རྐན་སྲེག་སྟེ། དེ་ལྟར་མིད་པ་བསྲེགས་པ་ནས་ལྟོའི་བར་དུ་བསྲེགས་ཏེ་རོ་སྨད་དུ་འབྱུང་ངོ ། །འདི་དག་ནི་འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་ བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡིན་ནོ། །སེམས་ཅན་དམྱལ་བ་དེ་ཚོར་བའི་རྣམ་པ་དེ་དག་མྱོང་བ་ནི། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ། ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་བྱེ་བ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་དོ། །དེ་དེ་ལས་ ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མ་ཕྲོགས་ཏེ། ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ 68-1-161b དེའི་ཁ་ནས་དྲི་རུལ་པ་ལྟ་བུ་འབྱུང་སྟེ། སྲོག་ཆགས་གང་གིས་ཚོར་བ་ཀུན་ཡིད་འབྱུང་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་གནད་དང ། གནད་གཅོད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། དེ་སེམས་ ཅན་དམྱལ་བ་ཆེན་པོ་གནད་དང་གནད་གཅོད་པ་སྐྱེ་བར་མཐོང་ངོ ། །གང་འདོད་པས་ལོག་པར་གཡེམ་པ་ལ་མངོན་པར་དགའ་བར་བྱས་པའི་རྣམ་པ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། བུད་མེད་གཞན་འདོད་ཆགས་མི་འདོད་པ་དེའི་མངལ་མ་ཡིན་པར་མཐུས་ བཅུག་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གནད་གཅོད་པར་སྐྱེ་བར་འགྱུར་རོ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དག་གི་ཚོར་བ་གང་ཡིན་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །འདོད་པས་ལོག་པར་ གཡེམ་པའི་བྱེ་བྲག་ནི་འདི་ལྟ་སྟེ། ཛ་ར་ཛ་ར་ཉིས་འགྱུར་དུ་བྱས་པ་བསྲེགས་པ་རབ་ཏུ་འབར་བ་དག་གིས་ཁ་འགེངས་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ། ཟད་པར་མ་གྱུར་པ་དེ་སྲིད་དུ་མགོན་མེད་པ་ལོ་འབུམ་ཕྲག་དུ་མར་ངུ་འབོད་དོ། ། དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ དེའི་ཆུང་མ་གཞན་དག་ལ་རབ་ཏུ་ཆགས་པར་འགྱུར་བ་བཟློག་པར་མི་ནུས་ཏེ། བྱས་ལ་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་ཚོར་བ་མ་མྱོང་གི་བར་དུ་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་བསྡུས་གཞོམ་གྱི་ 68-1-162a འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་འཇིགས་པར་ལྟ་བ་ཞེས་བྱ་བ་མཐོང་ངོ ། །དེར་སྲོག་ཆགས་དག་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ན། དེས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ དང ། འདོད་པས་ལོག་པར་གཡེམ་པ་བསྒོམས་ཏེ་མང་དུ་བྱས་པ། བྱས་ལ་བསགས་པ་དེ་ནི་སེམས་ཅན་དམྱལ་བ་འཇིགས་པར་ལྟ་བར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ལ་ཇི་ལྟར་ན་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པས་འགྱུར་སྙམ་ན་སྔ་མ་ བཞིན་དུ་སྦྱར་རོ། །འདོད་པས་ལོག་གཡེམ་པ་ནི་གང་གིས་བྱིས་པ་གཞན་དུ་བཞིན་དུ་མཐུས་སྦ་བའི་གནས་སུ་བཅུག་པ་ནི། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་འཇིགས་པར་ལྟ་བར་སྐྱེ་བར་འགྱུར་རོ། །དེར་གནོད་ པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེར་སྔོན་མིར་གྱུར་པ་ན། དེའི་བུ་གང་ཡིན་པ་མཐོང་སྟེ། ལས་ཀྱིས་བྱས་པ་དེ་ལ་འདི་ལྟར་དེ་ནི་མིར་གྱུར་པ་ན་མིར་གྱུར་པ་བདག་གི་ཡིན་ནོ། །སྙམ་དུ་སྲེད་པའི་ཡོན་ཏན་འབྱུང་ ངོ ། །དེ་ནས་བུ་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས་ཕུར་བུ་དག་འདེབས་ཤིང ། དེ་ལྟར་སྦ་བའི་གནས་སུ་ཕུར་བུ་དག་བཏབ་པ་མཐོང་ངོ ། །དེ་མཐོང་ནས་བུ་དེ་ལ་འདི་ལྟར་གནོད་པ་འབྱུང་བ་དེའི་རྣམ་པ་ཡོད་པ་དེ་སྲིད་དུ་ཡིད་ལ་སྡུག་བསྔལ་སྐྱེ་ཞིང ། གང་ ལ་སྡུག་བསྔལ་གནོད་པའི་མེ་འབྱུང་བ། དེའི་སྡུག་བསྔལ་གྱི་ཆ་བཅུ་དྲུག་ཡིད་ལ་སྡུག་བསྔལ་གྱི་གནོད་པ་སྐྱེ་བར་འགྱུར་ཏེ། ཡིད་ཀྱི་སྡུག་བསྔལ་ཁྱད་པར་ཆེའོ། །ལུས་ཀྱི་སྡུག་བསྔལ་ཡང་སྡུག་བསྔལ་འདི་དག་འབྱུང་སྟེ། དེ་ལ་གནོད་པ་ འབྱུང་བར་འགྱུར་བ་ནི། འདི་ལྟ་སྟེ། གཤིན་རྗེའི་མི་དག་གིས་ཁ་སྦུབ་ཏུ་བཞག་ནས། ལྕགས་རབ་ཏུ་འབར་བའི་སྣོད་ཀྱི་ནང་དུ། ཟངས་རབ་ཏུ་འབར་བས་དེའི་སྦ་བའི་གནས་སུ་ལྡུགས་སོ། །དེ་ལ་དེ་བླུགས་པ་དང ། སྦ་བའི་གནས་ནས་ 68-1-162b ལོང་ཀ་སྲེག་གོ། །ལོང་ཀ་བསྲེགས་ནས་རྒྱུ་མ་སྲེག་གོ། །དེ་ཡང་བསྲེགས་ནས་སྙིང་སྲེག་གོ། །སྙིང་ཡང་བསྲེགས་ནས་མཆེར་བ་སྲེག་གོ། །མཆེར་པ་ཡང་བསྲེགས་ནས་གློ་བ་སྲེག་གོ། །གློ་བ་བསྲེགས་ནས་ཨོལ་གོང་སྲེག་གོ། །ོལ་གོང་བསྲེགས་ནས་མིད་པ་སྲེག་སྟེ། མཆིལ་མ་ཡང་བསྲེགས་ནས་ལྕེའི་དྲུང་དུ་སྲེག་གོ། །ལྕེའི་དྲུང་དུ་ཡང་བསྲེགས་ནས་ལྕེ་སྲེག་གོ། །ལྕེ་བསྲེགས་ནས་རྐན་སྲེག་གོ། །རྐན་བསྲེགས་ནས་གླད་པ་སྲེག་གོ། །གླད་པ་བསྲེགས་ནས་གླད་ རྒྱས་སྲེག་སྟེ། འབར་བ་དེ་འོག་ཏུ་བྱུང་ནས་འགྲོའོ། །དེ་ལྟར་འདོད་པས་ལོག་པར་གཡེམ་པ་འདི་ནི་ལོ་འབུམ་ཕྲག་དུ་མར་ལས་ཀྱིས་བྱས་པའི་བུ་དག་མཐོང་སྟེ། དེ་ལུས་དང་ཡིད་ལ་སྡུག་བསྔལ་གྱིས་གནོད་པ་ནི། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ ལ། ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་སྲེག་སྟེ། འཆི་བའི་དུས་མི་བྱེད་དོ། །དེ་ཕྱིས་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། དེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེའི་ཁུ་ཆུ་ཉམས་པར་འགྱུར་ཞིང ། དེ་བུ་མེད་པར་འགྱུར་ལ་དེ་མ་ནིང་ཞེས་བྱ་སྟེ་སྐྱེ་བོ་ཀུན་གྱིས་སྨད་པར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཆེན་ པོ་བསྡུས་གཞོམ་གྱི་འཁོར་ལ་རྟོག་པར་བྱེད་དེ། འཁོར་གཞན་གང་ཞིག་ཡོད་སྙམ་མོ། །དེ་ཐོས་པ་ལས་བྱུང་བའི་ཤེས་པས། སེམས་ཅན་དམྱལ་བ་གཞན་འཁུམས་པ་ཞེས་བྱ་བ་འཁུམས་པའི་རང་བཞིན་ཅན་ཡོད་པར་མཐོང་ངོ ། །དེར་སེམས་ ཅན་དག་ལས་གང་གིས་སྐྱེ་བར་འགྱུར་ཞེ་ན། གང་གིས་ཕྱུགས་རྨིག་ཟླུམ་གཅིག་གི་མངལ་དུ་བུད་མེད་གཞན་ཞིག་ཡིན་པར་བསམས་ཏེ། དེ་ལ་སྤྱད་དོ་སྙམ་པས་བཅུག་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ 68-1-163a འཁུམས་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། བ་དེ་དག་གམ། རྟ་རྒོད་མ་དེ་དག་ལ་བདག་གི་སྙིང་གིས་གང་སྔོན་ཆགས་པའི་ལུས་ཡིན་པར་བསམ་པའི། བའམ། རྟ་རྒོད་མ་ ལས་ཀྱིས་བྱས་པ་སེམས་ཅན་དམྱལ་བར་མཐོང་ངོ ། །དེ་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པའི་སེམས་ཀྱིས། བའམ། རྟ་རྒོད་མ་དེ་ལ་བསྙེགས་སོ། །དེ་དག་གི་ཁོང་པའི་ནང་ན་ལྕགས་ཀྱི་མེ་མདག་རབ་ཏུ་འབར་བ་དག་གིས་གང་སྟེ། གལ་ཏེ་དེ་དང་ ཕྲད་ན་དེ་ཚུལ་བཞིན་མ་ཡིན་པའི་ལས་བྱས་པའི་སྒོ་དེས་ཁོང་པའི་ནང་མེ་མདག་གིས་གང་བ་དེར་འཇུག་པར་འགྱུར་ཏེ། དེ་དེའི་ཁོང་པ་མུན་པ་དེར་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་དེ། ངུ་བར་ཡང་མི་ནུས་སོ། །དེ་ཇི་སྲིད་དུ་རྣམ་པ་དུ་མར་བཅོམ་ཞིང་སྤངས་ ལ། ཟད་པར་མ་གྱུར་པ་དེ་སྲིད་དུ་འཚེད་དོ། །དེ་ཕྱིས་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུད་འགྲོ་དང ། ཡི་དགས་དག་ཏུ་མ་སྐྱེས་ལ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་ མིར་སྐྱེས་ན། གང་དུ་རང་གི་ཆུང་མ་མ་ཡིན་པ་གཞན་དག་ལ་བྱས་ལ་བསགས་པ། འདོད་པས་ལོག་པར་གཡེམ་པ་རྒྱུ་འཐུན་པའི་འབྲས་བུས་དེ་ཡུལ་དེ་ལྟ་བུར་སྐྱེ་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས། གང་སེམས་ཅན་དམྱལ་བ་ཆེན་ པོ་དེའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཉམ་ང་བ་མང་བ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ན། དེ་དག་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་འགྱུར་བ་མཐོང་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི། སྐྱེས་པ་གང་ཞིག་ 68-1-163b སྐྱེས་པ་ལ་འཇུག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་ཉམ་ང་བ་མང་བར་སྐྱེ་བར་འགྱུར་རོ། །བྱས་ལ་བསགས་པའི་ལས་ཀྱི་མཐུས། དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ ལྟ་སྟེ། སྐྱེས་པ་དེ་ཉིད་སེམས་ཅན་དམྱལ་བ་དེར་མཐོང་སྟེ། སྐྲ་རབ་ཏུ་འབར་ཞིང་ལུས་ཐམས་ཅད་རབ་ཏུ་འབར་ལ། །ལུས་རྡོ་རྗེ་ལྟར་སྲ་བ་དེས་འཛིན་པ་ནི། ཇི་ལྟར་བྱེ་མ་ཆང་བ་ནས་གཏོར་བ་དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་གནོད་པ་ བྱེད་དོ། །དེ་མི་དགེ་བའི་ལས་ཀྱིས་ཤི་ནས་ཡང་འཚོ་བར་འགྱུར་ཏེ། དེ་སྐྱེས་པ་རབ་ཏུ་འབར་བ་དེས་འཇིགས་ཤིང་ཞུམ་པར་བྱེད་དོ། །དེས་ངམ་གྲོག་དེ་དག་མཐོང་སྟེ། དེའི་ནང་དུ་ལྷུང་ངོ ། །དེ་ནམ་མཁའ་ལ་གནས་པ་དང ། ཇི་ ལྟར་དེ་ཡུངས་འབྲུ་ཙམ་དུ་ཡང་མི་སྣང་བ་དེ་ལྟར་ཁཝ་མཆུ་རབ་ཏུ་འབར་བ་དག་འོངས་ནས་དུམ་བུར་གཅོད་དོ། །དེ་ཡང་བྱུང་བར་གྱུར་ནས་ས་ལ་ལྷུང་བ་དང ། དེར་ཝ་ཁ་རབ་ཏུ་འབར་བ་དག་འོངས་ནས་ཟ་བར་བྱེད་དོ། །གལ་ཏེ་དེའི་རུས་པ་དག་ཟད་པར་ བཏོགས་ན་ཡང་སྐྱེ་བར་འགྱུར་ཏེ། དེ་བྱུང་བ་དང ། གཤིན་རྗེའི་མི་དག་གིས་ལྕགས་ཀྱི་རྫ་མ་རབ་ཏུ་འབར་བ་དག་གི་ནང་དུ་འཚེད་དོ། །དེ་ལྟར་ཇི་སྲིད་དུ་མི་དགེ་བའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ། ཟད་པར་མ་བྱས་ པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་འཚེད་ཅིང་ཟ་ལ་ཕྱེ་མར་རློག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་ཉམ་ང་བ་མང་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་དེ་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་འདོད་པས་ལོག་པར་གཡེམ་པའི་རྒྱུ་འཐུན་པའི་འབྲས་བུས། དེའི་ཆུང་མ་དུ་མ་ཆུད་ཟ་ཞིང ། ཆུང་མ་གཅིག་ཀྱང་མི་འགྲུབ་ལ་ཀུན་མི་གཞན་གྱི་དྲུང་དུ་འགྲོ་བར་ 68-1-164a འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་རྟོག་པར་བྱེད་དེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་གཞན་གང་ཞིག་ཡིན་སྙམ་མོ། ། དེ་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་གནོད་པ་མི་བཟད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་ པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་འགྱུར་ལ་དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི། སྡེའི་ཚོགས་གཞན་གྱི་བུད་མེད་ཐོབ་ནས་སྐྱེས་ པ་མང་པོ་དག་ལ་བྱིན་ཞིང ། བདག་ཉིད་ཀྱང་མངལ་ལམ་མངལ་མ་ཡིན་པར་འཇུག་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གནོད་པ་མི་བཟད་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ ཏེ། འདི་ལྟ་སྟེ། གཤིན་རྗེའི་མི་རྣམས་ཀྱིས་རྐང་པ་གྱེན་དུ་ཤིང་ཁར་བཏགས་ཤིང ། དེ་གྱེན་དུ་བཏགས་པ་ལ་མེས་སྲེག་སྟེ། གང་གིས་དེའི་ཁ་ལ་སོགས་པ་ལུས་ཐམས་ཅད་སྲེག་ཅིང ། དེའི་ཚེ་དེའི་མིག་ཤིན་ཏུ་སྡུག་གུ་བྱུང་ཞིང་ སྐྱེས་པ་དག་མེས་སྲེག་གོ། །དེ་ལྟར་ན་སེམས་ཅན་དམྱལ་བ་དེའི་ཚོར་བ་དྲག་པ་ཚ་བ་རྩུབ་པ་བཟོད་པར་དཀའ་བ་ཡིན་ནོ། །དེ་ཚོར་བ་དེས་ཉམ་ཐག་པ་ན་འབོད་ཅིང ། ངུ་སྐད་འབྱིན་ལ་ངུ་ཞིང་ཁྲོའོ། །སེམས་ཅན་དམྱལ་བ་དེ་ སྐད་འབྱིན་པ་དེའི་ཁར་མེ་བཅུག་སྟེ། ཁའི་ནང་དུ་མེ་བཅུག་པས་གློ་བ་དང ། མཆེར་བ་དང ། ཕོ་བ་དང ། ལོང་ཀ་དང ། མདོམས་དང ། གཞང་བསྲེགས་པ་ནས་རྐང་པའི་བར་དུ་བསྲེགས་སོ། །དེ་སྲེག་པ་ན་ 68-1-164b ཡང་ཉམ་ཐག་པའི་ཚོར་བ་མྱོང་བར་འགྱུར་བའི་ཁཝ་དེ་དག་འོངས་ནས་དེའི་ལུས་ལ་ཟ་བར་བྱེད་དོ། །དེ་ཚོར་བ་གཉིས་ཀྱིས་ཞེན་ནས་སྲེག་ཅིང་ངུ་སྟེ། དེ་ལྟར་སྲེག་པ་ན་ཇི་སྲིད་དུ། དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ། ཟད་པར་མ་ བྱས་པ་དེ་སྲིད་དུ་དེ་འདི་ལྟར་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བ་དེའི་ཚོར་བ་དྲག་ཅིང ། ཚ་ལ་མི་བཟད་པ་གཞན་དང་མཚུངས་པ་མེད་པ་ལོ་འབུམ་ཕྲག་དུ་མར་མྱོང་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། །ཐར་ནས་ཀྱང་ གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེའི་མཐུས། དེའི་ཆུང་མ་མཆོག་ཏུ་དགའ་ཞིང ། མཆོག་ཏུ་བལྟ་ན་སྡུག་པ་ཡང་སྡེའི་ཚོགས་ གཞན་དག་གིས་ཕྲོགས་པ་དང ། དེ་འོ་དོད་འབོད་ཅིང་ངུ་ལ་མྱ་ངན་བྱེད་དོ། །འདོད་པས་ལོག་པར་གཡེམ་པའི་རྒྱུ་འཐུན་པའི་འབྲས་བུས་ཆུང་མ་དེའི་ཕྱིར་འཇིག་རྟེན་འདི་དང་ཕ་རོལ་དུ་ཡང་འོ་དོད་འབོད་ཅིང་ངུ་བར་བྱེད་ལ་ཡོངས་སུ་གདུང་བར་བྱེད་དོ། །དེ་ནས་ གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་རྟོག་པར་བྱེད་དེ། ལས་གང་གིས་སེམས་ཅན་དམྱལ་བ་ཨ་ཙ་ཟེར་བར་སྐྱེ་བར་འགྱུར་སྙམ་ནས། དེ་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྔོན་ཚུལ་བཞིན་ མ་ཡིན་པ་ཡིད་ལ་བྱེད་པས་བུད་མེད་གཞན་མ་རྙེད་ནས་ལུག་མ་མོའམ། བོང་མོ་ལ་འཇུག་པར་བྱེད་ཅིང་མཆོད་རྟེན་ནམ། མཆོད་རྟེན་གྱི་ཕྱོགས་སམ། སངས་རྒྱས་ལ་གུས་པ་ཙམ་ཡང་བྱེད་པ་མེད་པ་ནི། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ ལྟུང་བ་སེམས་ཅན་དམྱལ་བ་ཨ་ཙ་ཟེར་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལྕགས་ཀྱི་གྲོག་སྦུར་ཚོར་བ་ཆེན་པོ་སྐྱེད་པ་དག་གིས་ཡན་ལག་དང ། ཉིང་ལག་ཐམས་ཅད་ལ་ཟ་བར་བྱེད་དོ། ། 68-1-165a སེམས་ཅན་དམྱལ་བ་དེ་དག་གི་ལྟོ་ཡང་མེས་གང་བར་འགྱུར་ཏེ། རང་གི་ལས་ཀྱི་རྣམ་པར་སྨིན་པ་དྲག་ཅིང་མི་བཟད་པས་ལོ་འབུམ་ཕྲག་དུ་མར་ཕྱི་ནང་སྲེག་ཅིང་ཟའོ། །སྲིན་བུ་ཨ་ཙ་ཟེར་ཞེས་བྱ་བར་ཡང་སྐྱེ་བར་འགྱུར་ཏེ། གང་ སེམས་ཅན་དམྱལ་བའི་མི་དེ་དག་གི་ཤ་ལ་ཟའོ། །ཤ་ཟོས་ནས་ཁྲག་འཐུང་ངོ ། །ཁྲག་འཐུང་ནས་རྒྱུས་པ་གཅོད་དོ། །རྒྱུས་པ་བཅད་ནས་རུས་པ་འཆའ། རྐང་འཇིབ་ཅིང་རྒྱུ་མ་དང ། གཉེ་མ་དག་ལ་ཟ་བར་བྱེད་དོ། །དེ་སྲེག་ཅིང་འཚེད་ལ་ཟ་བ་ན། འོ་ དོད་འབོད་ཅིང་ངུ་ལ་ཆོ་ངེས་འདེབས་ཤིང་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏོ། །ཇི་སྲིད་དུ་རྣམ་པར་སྨིན་པའི་འབྲས་བུ་ཉེ་བར་མ་སྤྱད་ཀྱི་བར་དུ་དེའི་ཉེས་པར་སྤྱད་པའི་ལས་དྲག་ཅིང་མི་འདོད་ལ་མི་སྡུག་ཅིང་ཡིད་དུ་མི་འོང་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་་ ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་ལ་ཟ་བར་བྱེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་ མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། མི་དེའི་ལས་ཀྱི་རྒྱུ་འཐུན་པའི་འབྲས་བུའི་རྒྱུས་དེ་ལ་འགྲན་ཟླ་མང་ཞིང ། རྒྱལ་པོའི་ཕོ་བྲང་འཁོར་དུ་དེའི་འགྲུབ་པ་མེད་པར་འགྱུར། དབུལ་ཞིང་ནོར་རྫས་ཐམས་ཅད་ཉམས་པར་འགྱུར་ལ་ཚེ་ཐུང་ བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་རྟོག་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་བྱས་ལ་བསགས་པ་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་གང་གིས་སེམས་ཅན་དམྱལ་བ་ཀྱི་ཧུད་ ཟེར་བར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ 68-1-165b ལྟུང་བ་སེམས་ཅན་དམྱལ་བ་ཀྱི་ཧུད་ཟེར་བར་སྐྱེ་བར་འགྱུར་རོ། །དེར་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ན། དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི་གང་ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་སྐྱེ་བའི་རིས་འཐུན་པའི་སྐྱོན་གྱིས་དེ་གལ་ཏེ་སྲིང་མོའམ། གཞན་འོས་པ་མ་ཡིན་པ་དེ་ལྟ་བུ་དག་ལ་སྤྱོད་པར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཀྱི་ཧུད་ཟེར་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེར་སེམས་ཅན་དམྱལ་བ་པ་དག་སྲེག་ཅིང་འཚེད་ལ་གཤིན་རྗེའི་མི་རྣམས་ཀྱིས་གསོད་པ་ན། གང་གིས་དཔག་ཚད་ལྔར་གང་བའི་སྒྲ་དེ་ལྟ་བུ་འབྱིན་ཏོ། །སྲིད་པ་བར་མ་ལ་གནས་པའི་སེམས་ཅན་དམྱལ་བ་དེས་གཞི་དེ་ ལས་སྙིང་རྗེ་ཞིང་འཇིགས་པར་ཐོས་པ་ལས་ཀྱི་དབང་གིས་མི་འཐུན་པ་ལོག་པར་ཐོས་ཏེ། དེའི་ངུ་བ་གླུ་དབྱངས་སྙན་པའི་སྒྲ་ལྟ་བུ་དང ། ཕེག་རྡོབ་པར་ཐོས་སོ། །དེ་དེ་ལྟར་ལྟ་བ་ན་དེར་བདག་ཀྱང་འགྲོའོ་སྙམ་དུ་སེམས་སོ། །དེས་སེམས་བསྐྱེད་མ་ཐག་ཏུ་སྲིད་ པ་ཉེ་བར་ལེན་པའི་རྐྱེན་ལས་བྱུང་བས་དེར་སྐྱེ་བར་འགྱུར་རོ། །གང་དང་གང་དུ་སྲིད་པ་བར་མ་པའི་ཉེ་བར་ལེན་པར་བྱེད་པ་དེ་དང་དེར་སྐྱེ་བར་འགྱུར་ཏེ། ཉེ་བར་ལེན་པ་དེ་བྱས་པས་དེར་སྐྱེས་སོ། །ལྷན་ཅིག་སྐྱེས་མ་ཐག་ཏུ་སེམས་ཅན་དམྱལ་བའི་སྡུག་ བསྔལ་འབྱུང་བར་འགྱུར་ཏེ། སྒྲ་དེ་དག་སེམས་ཅན་དམྱལ་བ་པ་དག་གི་ངོ་བོ་ཉིད་དུ་ཐོས་ཏེ། ཚོར་བ་མི་བཟད་ཅིང་དྲག་ལ་ཚ་བ་གཞན་དང་མཚུངས་པ་མེད་ཅིང་དཔེ་ཟླ་མེད་པ་དག་མྱོང་བ་ན། སྒྲ་དེ་ཉིས་འགྱུར་གྱིས་སྙིང་ལ་འབིགས་པར་བྱེད་དོ། །གནོད་ པ་འདི་དག་ཀྱང་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལྕགས་ཀྱི་རི་རབ་ཏུ་འབར་བ་ཁཝ་སྤུངས་པ་ཞེས་བྱ་བ་ཡོད་དེ། དེ་དཔག་ཚད་སྟོང་ལྔ་བརྒྱར་འབར་ལ། རིང་ཁྱད་གནམ་ལ་ཐུག་པ་ཞིག་ཡོད་དོ། །དེ་ལ་ལྕགས་ཀྱི་ཤིང་ལྗོན་ 68-1-166a པ་དང ། ལྕགས་ཀྱི་ཁཝ་རབ་ཏུ་འབར་བ་དག་གིས་གང་སྟེ། རི་དེ་ཐམས་ཅད་ཀྱང་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་ཅིང ། ཀུན་ནས་དེའི་ལས་ཀྱིས་བྱས་པའི་མེས་རྒྱུན་མི་འཆད་པར་རབ་ཏུ་འབར་བ་ན། ཉེས་པར་བྱས་ པའི་ལས་ཀྱིས་རི་དེ་པད་མའི་ཚལ་གྱིས་ཁེབས་པར་མཐོང་ཞིང ། པད་མའི་འདབ་མ་དེ་དག་འོད་འཕྲོ་བར་མཐོང་ནས། དེ་དག་གཅིག་ལ་གཅིག་བོས་ཏེ། གྲོགས་པོ་དག་ཚུར་ཤོག་།ཚུར་ཤོག་།རི་ཚལ་གྲིབ་མ་བསིལ་བ་ཅན་དུ་འདོང ། ཚལ་ སྡུག་པ་དག་ཉེ་བར་བསྟེན་པར་བྱའོ་ཞེས་སྨྲའོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་ལ་གཤིན་རྗེའི་མི་རྣམས་ཀྱིས་རྡོའི་ཆར་དག་གིས་རྡེག་པ་ན། སྐྱོབ་པ་འདོད་པ། སྐྱབས་འདོད་པ། མགོན་འདོད་པ་དག་རི་ག་ལ་བ་དེར་དེ་ དག་རྒྱུག་གོ། །ཇི་ལྟར་རི་དེ་ལ་དེ་ལྟར་འཛེགས་པ་དང ། རི་དེ་ཡང་འབར་བའི་ཕྲེང་བས་འཁྲུགས་ཤིང་ཀུན་ནས་རབ་ཏུ་འབར་ལ། ཁཝ་རབ་ཏུ་འབར་བ་མཆུ་ཤིན་ཏུ་རྣོ་བ་རྣམས་ཀྱིས་སེམས་ཅན་དམྱལ་བ་ཤིན་ཏུ་གང་བ་དེ་དག་མཐོང་ནས་རྒྱུག་ ཅིང ། སེམས་ཅན་དམྱལ་བ་དེ་དག་ལ་ཟ་བར་བྱེད་དེ། ཁ་ཅིག་ནི་གླད་པ་དང་གླད་རྒྱས་ལ་འཐོག་།ཁ་ཅིག་ནི་མིག་ལ། ཁ་ཅིག་ནི་སྣ་ལ། ཁ་ཅིག་ནི་འགྲམ་པའི་པགས་པ་ལ། ཁ་ཅིག་ནི་རྐེད་པའི་ངོས་ལ། ཁ་ཅིག་ནི་ལྕེ་ལ། ཁ་ ཅིག་ནི་མགྲིན་པ་ལ། ཁ་ཅིག་ནི་མགྲིན་པའི་པགས་པ་ལ། ཁ་ཅིག་ནི་མིད་པ་ལ། ཁ་ཅིག་ནི་སྙིང་ལ། ཁ་ཅིག་ནི་གློ་བ་ལ། ཁ་ཅིག་ནི་མཚེར་པ་ལ། ཁ་ཅིག་ནི་རྒྱུ་མ་ལ། ཁ་ཅིག་ནི་གཉེ་མ་སྦོམ་པོ་ལ། ཁ་ཅིག་ནི་ ལྟོ་བའི་པགས་པ་ལ། ཁ་ཅིག་ནི་རྣ་བའི་རུས་པ་ལ། ཁ་ཅིག་ནི་བརླ་ལ། ཁ་ཅིག་ནི་བརླའི་སྦུབས་ལ། ཁ་ཅིག་ནི་རྐང་པའི་རྟིང་པ་ལ། ཁ་ཅིག་ནི་རྟིང་པའི་པགས་པ་ལ། ཁ་ཅིག་ནི་རྐང་མཐིལ་ལ། ཁ་ཅིག་ནི་གཞང་ལ། ཁ་ཅིག་ནི་རྐང་པའི་ 68-1-166b སོར་མོ་ལ་འཐོག་གོ། །ཡང་རྣམ་པར་ཕྱེ་ནས་ཟ་བར་བྱེད་དེ། ཁ་ཅིག་ནི་མདུན་གྱི་ངོས་ལ། ཁ་ཅིག་ནི་གློ་ལ། ཁ་ཅིག་ནི་གློའི་པགས་པ་ལ། ཁ་ཅིག་ནི་ལག་པའི་རྒྱབ་ཀྱི་རུས་པ་ལ། ཁ་ཅིག་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་དང་རྐང་ ཡོད་པའི་སེམས་ཅན་དམྱལ་བ་དེ་དག་སོ་སོ་སོ་སོར་ཕྱེ་ནས་ཁཝ་དེ་རྣམས་ཀྱིས་ཟ་བར་བྱེད་དོ། །ཡང་ལས་ཀྱི་དབང་གིས་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་གཤིན་རྗེའི་མིས་འཇིགས་ཤིང་ཁཝས་འཇིགས་ལ། སྐྱོབ་པར་འདོད་པ། སྐྱབས་འདོད་པ་དག་རི་ཁཝ་ སྤུངས་པ་ག་ལ་བ་དེར་རྒྱུག་གོ། །དེ་དག་གང་གི་ཚེ་ལས་ཀྱིས་བྱས་པའི་མེས་འབར་བའི་ཕྲེང་བའི་རི་སྤུངས་པ་དེ་ལ་འཛེག་པ་ན། འབར་བའི་ཕྲེང་བས་ལུས་ཡོངས་སུ་དཀྲིས་པ་དེ་དག་རི་དེ་ལ་ལོ་འབུམ་ཕྲག་དུ་མར་སྲེག་པར་འགྱུར་རོ། །ཇི་སྲིད་དུ་དེའི་སྡིག་པའི་ ལས་བཅོམ་ཞིང་སྤངས་ལ། ཟད་པར་མ་བྱས་ཤིང་ཇི་སྲིད་དུ་དེའི་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ། ཀུན་ནས་བསླང་བ་ལ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པའི་ལས་བཅོམ་ཞིང་སྤངས་ལ། ཟད་ པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་དེའི་ལས་དྲག་ཅིང་ཚ་བ་བྱས་ལ། བསགས་པའི་མཐུས་གང་དག་ཁཝ་སྤུངས་པའི་རི་དེའི་རྩེ་མོ་ལ་ཡང་གང་གིས་བྱུང་བ་དག་འཛེག་པར་བྱེད་དེ། དེ་དག་ལ་འབར་བ་དེ་དག་གིས་དཔག་ཚད་སྟོང་ལྔ་བརྒྱར་གྱེན་དུ་བཏེག་ བཏེག་སྟེ། ཕྱེ་མ་ལེབ་བཞིན་དུ་སྲེག་པར་བྱེད་ཀྱང ། ཅིག་ཅར་འཆི་བའི་དུས་ནི་མི་བྱེད་དོ། །གང་གི་ཚེ་དེ་བཅོམ་ཞིང་སྤངས་ལ་ཟད་པར་བྱས་པ་དེའི་ཚེ། སེམས་ཅན་དམྱལ་བ་དེ་ལས་ཐར་པར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་ མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེའི་ལས་བྱས་ལ་བསགས་པའི་རྒྱུ་འཐུན་པའི་འབྲས་བུས། དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ལས་དྲི་རུལ་པ་འབྱུང་ཞིང་ 68-1-167a མཛེའམ་དེ་ལ་ཤ་བཀྲ་འབྱུང་བར་འགྱུར། འགྲན་ཟླ་མང་ཞིང་ཕལ་ཆེ་ལ་དབུལ་བ་དང ། ཡུལ་ངན་པར་སྐྱེ་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ ལས་བྱུང་བའི་ཤེས་པས་འཁོར་གཞན་མཆི་མའི་རྒྱུན་མེ་ལྟ་བུ་ཞེས་བྱ་བ་ཡོད་པར་མཐོང་ངོ ། །དེར་སེམས་ཅན་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་ བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་ཏེ། དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི་དགེ་སློང་མ་ཚུལ་ཁྲིམས་རལ་ཅིང་སྤྱོད་པ་ ངན་པ་ལ་སྔར་གཞན་གང་ཞིག་གིས་ལྷན་ཅིག་མི་ཚངས་པར་སྤྱད་པ་བྱས་ལ། ཕྱིས་གཞན་ཞིག་དེ་དང་ལྷན་ཅིག་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མཆི་མའི་རྒྱུན་མེ་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་ དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཚ་བ་རྩུབ་པ་མི་འདོད་པའི་ལས་ཀྱི་རྣམ་པ་དེ་ལྟ་བུ་བྱས་པར་འགྱུར་ཏེ། གང་གིས་ཀུན་ནས་རབ་ཏུ་འབར་བའི་མེས་སྲེག་པ་ན། མཆི་མ་གང་འབྱུང་བ་དེ་དག་མེའི་མཆི་མར་འབྱུང་སྟེ། དེ་དག་གིས་ལུས་དེ་ དག་སྲེག་ཅིང་སེམས་ཅན་དམྱལ་བ་དེ་དག་ལ་གནོད་པའི་རྣམ་པ་དེ་ལྟ་བུས་ཉེན་པར་འགྱུར་རོ། །དེ་ཡང་གནོད་པ་གཞན་དག་མྱོང་བར་འགྱུར་ཏེ། མིག་གི་ནང་དུ་སེང་ལྡེང་གི་མདག་མས་ཀུན་དུ་འགེངས་ཤིང ། གཤིན་རྗེའི་མི་རྣམས་ཀྱིས་རུས་པ་རྡུང་སོ་སོར་ འབྱེད་ལ་སྨྱིག་མ་ལྟ་བུར་འབུད་ཅིང ། སེམས་ཅན་དམྱལ་བ་སོ་སོར་འཇིགས་པ་ལ། ལྕགས་ཀྱི་ཕུར་བུ་དང་གཏུན་ཤིང་དང་མདའ་བོ་ཆེ་རྣམས་ཀྱིས་སེམས་ཅན་དམྱལ་བ་པ་དེ་དག་གི་ལུས་གཅོད་ཅིང་འབིགས་ལ་དུམ་བུར་རློག་གོ། །ཕྲ་སྐམ་རབ་ཏུ་ 68-1-167b འབར་བས་གཞང་གདངས་པའི་ནང་དུ་ཞ་ཉེ་བསྐོལ་བས་ཀུན་དུ་བཀང་སྟེ། དེའི་ནང་ཞ་ཉེ་བསྐོལ་བས་རབ་ཏུ་སྲེག་ལ། ཕྱི་རོལ་མེ་ཤིན་ཏུ་འབར་བས་རབ་ཏུ་སྲེག་གོ། །དེ་གཉི་གས་སྲེག་པ་ན་ཚོར་བ་ཤིན་ཏུ་ཚ་ཞིང་མི་བཟད་པ་རྣམ་པ་དུ་མ་མྱོང་བར་ འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བརྒྱད་པ། འདིར་ཚིགས་སུ་བཅད་པ། དམྱལ་བའི་སྡིག་པའི་ལས་ཀྱིས་སུ། །ཞ་ཉེ་དག་གིས་ནང་བླུགས་ཤིང ། །མེ་འབར་བ་ཡིས་ཕྱི་རོལ་དུ། ། སྲེག་པ་ཤིན་ཏུ་སྡུག་བསྔལ་ཡིན། །གང་དག་སྡུག་བསྔལ་ལས་འབྲས་སྐྱེས། །ཚ་བ་འབྱུང་བ་སྐྱེ་བ་ནི། །ཁམས་གསུམ་དག་ཏུ་དེ་ཡི་དཔེ། །བྱ་བར་སླ་བ་མ་ཡིན་ནོ། །རྣམ་གསུམ་འབྲས་བུ་གསུམ་སྐྱེས་པ། །ཁམས་ གསུམ་དག་ཏུ་སྐྱེ་བ་ནི། །སེམས་གསུམ་ལས་བསླང་ཉེས་གསུམ་སྐྱེས། །གནས་གསུམ་དག་ཏུ་སྨིན་པར་འགྱུར། །རྒྱུ་དང་རྐྱེན་ནི་ཚོགས་པ་ཡིས། །ཀུན་བསླང་སོ་སོ་དེ་ཉིད་དག་།དེ་ཡི་ལས་ཀྱི་རྣམ་སྨིན་ནི། །ཁམས་གསུམ་ དག་ན་སྣང་བ་ཡིན། །ཇི་ལྟ་ཇི་ལྟར་སེམས་འབྱུང་བ། །དེ་ལྟ་དེ་ལྟར་ཡོངས་འགྱུར་ཏེ། །དགེ་བ་ཡིས་ནི་དགེ་བྱེད་ཅིང ། །སྡིག་པ་ཡིས་ནི་སྡིག་པ་བྱེད། །ལས་ནི་སེམས་དང་འབྲེལ་བ་སྟེ། །སྲིད་པ་ལས་དང་འབྲེལ་བ་ཡིན། །སེམས་དང་ ལས་ཀྱིས་ཀུན་བསླང་བ། །འདི་ནི་འཁོར་བར་ཡོངས་སུ་བསྒྲགས། །སྲེད་པ་གང་གིས་བསླུས་པ་ཡིས། །སྡང་བའི་སེམས་དང་ལྡན་པའི་ལས། །འདིར་ནི་མི་དག་དེ་བྱེད་དེ། །དེ་ནི་སེམས་ཅན་དམྱལ་བར་འཚེད། །གཞན་གྱིས་བྱས་པའི་སྡིག་པ་ནི། །གཞན་ལ་ ཡོངས་སུ་སྨིན་མི་འགྱུར། །སྲོག་ཆགས་ཀུན་གྱིས་བདག་ཉིད། །ལས་ཀྱི་འབྲས་བུ་དག་ལ་སྤྱོད། །ཁྱོད་ཅག་རང་གི་སེམས་ཀྱིས་སུ། །འདི་དག་ཐམས་ཅད་བསླུས་པ་ཡིན། །མེ་ཡིས་ཡོངས་སུ་གདུངས་པ་ཡིས། །ངུ་སྐད་དོན་མེད་ཅི་ཞིག་འབྱིན། །དེ་ལྟར་སེམས་ 68-1-168a ཅན་དམྱལ་བ་དེ་དག་ལ་གཤིན་རྗེའི་མི་དེ་དག་གིས་རང་གི་ལས་དག་རང་ཉིད་ཀྱིས་མ་མྱོང་བར་གྲོལ་བ་མེད་དོ་ཞེས་རྗེས་སུ་བསྟན་ཏེ། དེ་ལྟར་ལས་དང་འབྲས་བུར་འབྲེལ་བ་ནི་དེ་ཐམས་ཅད་སྲིད་པ་བར་མར་དམིགས་སོ། །དེ་ལྟར་རྗེས་སུ་སྟོན་པ་ན་ཇི་སྲིད་དུ་དེའི་སྡིག་ པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་དེ་དག་ལ་གཤིན་རྗེའི་མི་དེ་རྣམས་ཀྱིས་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་དོ། །ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་ གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་བྱས་ལ་བསགས་པའི་རྒྱུ་འཐུན་པའི་འབྲས་བུའི་མཐུས་སྐྲན་ཅན་དུ་འགྱུར་ཞིང་སྐེམ་པོའམ། བྱད་ངན་པའམ། སྦོམ་ པའམ། ལུས་ཚལ་ཤིང་བསྲེགས་པ་ལྟ་བུར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་ བ་དབང་པོ་ཐམས་ཅད་ཀུན་དུ་འགགས་པ་ཞེས་བྱ་བ་ཇི་ལྟར་འདུག་པར་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་བརྟགས་ན་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་ གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པར་གྱུར་པ་དེ་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་ནི་སྔར་བཤད་པ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་རྣམ་པ་དུར་འགྱུར་སྙམ་ན། ཤིན་ཏུ་འདོད་ཆགས་བདོ་བ་གང་གིས་བུད་མེད་ཀྱི་སྐྱེ་གནས་མ་ཡིན་པ། ཁའམ། རྐུབ་ཏུ་ལན་ཅིག་འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ན། དེ་ 68-1-168b ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་དབང་པོ་ཐམས་ཅད་ཀུན་དུ་འགགས་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཁར་མེའི་ཁམས་ཀྱིས་གང་བར་བཀང་ ཞིང ། ལྕགས་ཀྱི་སྣོད་ཀྱི་ནང་དུ་ཟངས་དམར་པོ་བཞུས་པ་བླུགས་ནས་བརྫང་བས་བརྫངས་ལ། འོག་ནས་ཀྱང་སྲོག་ཆགས་མར་ཀོ་ཏ་ཀའི་མཆུ་རབ་ཏུ་འབར་བས་ཟའོ། །མེ་འབར་བའི་ཕྲེང་བ་བཅུ་གཅིག་གིས་བསྐོར་བའི་དབུས་སུ་གདུངས་ཤིང་ སྲེག་སྟེ། ཡང་སོས་ཤིང་ཡང་སྲེག་གོ། །གྲོག་སྦུར་རབ་ཏུ་འབར་བ་དག་གིས་ནི་མིག་ཟ་ལ་ཞ་ཉེས་ནི་རྣ་བ་གང ། རལ་གྲིས་ནི་སྣ་བཅད། སྤུ་གྲིས་ནི་ལྕེ་བཅད། སྤུ་གྲིའི་ཆར་གྱིས་ནི་ལུས་གཤེགས་ཏེ་དབང་པོ་ཐམས་ཅད་སྡུག་བསྔལ་ཆེན་པོ་མྱོང་བ་ནི། སེམས་ཅན་དམྱལ་བ་པའི་རྣམ་པར་སྨིན་པ་བདེ་བ་མེད་ཅིང ། སྡུག་བསྔལ་འབྱུང་བ་མི་བཟད་ལ་ཚ་བ་གཞན་དང་མཚུངས་པ་མེད་ཅིང་དཔེ་ཟླ་མེད་པ་དེའི་ཕྱོགས་འགའ་ཞིག་བརྗོད་ན། འདི་ལྟ་སྟེ། ཇི་ལྟར་ཉི་མའི་འོད་ལས་མར་མེའི་འོད་དེ་བས་ཆུང་བ། དེ་ ལྟར་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་རྗེས་སུ་དཔག་པར་བྱ་ཞིང་ལྷ་རྣམས་ཀྱི་བདེ་བ་དཔེ་ཟླ་མེད་པ་བཞིན་དུ། སེམས་ཅན་དམྱལ་བ་པ་རྣམས་ཀྱི་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་ཡང་དཔེ་ཟླ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་འཇིག་རྟེན་དང ། སེམས་ཅན་དམྱལ་བའི་བདེ་བ་དང ། སྡུག་བསྔལ་ནི་གཞན་དང་མཚུངས་པ་མེད་དེ། འདི་ནི་ཕྱོགས་འགའ་ཞིག་བརྗོད་པ་ཡིན་ནོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང ། བསགས་པ་བྱང་ཞིང་ཞི་ལ། སྤངས་ཤིང་ ཟད་པར་མ་བྱས་པ་དེ་སྲིད་དུ། དེར་ཚོར་བ་མི་བཟད་ཅིང་ཚ་ལ་དྲག་པ་དག་མྱོང་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། 68-1-169a མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེའི་ལས་བྱས་ཤིང་བསགས་པའི་རྒྱུ་འཐུན་པའི་འབྲས་བུའི་མཐུས། དེའི་ཆུང་མ་སྡོམ་པ་མེད་པར་འགྱུར་ལ། ཆུང་མ་དེས་ཀྱང་དེ་ལྟར་ཆོམ་རྐུན་པ་དག་གཉེར་ནས་གསོད་པར་བྱེད། དེ་བཞིན་དུ་རྒྱལ་པོའི་ ཕོ་བྲང་འཁོར་དུ་གཡོ་ཐབས་སྦྱར་ནས་གསོད་པར་བྱེད། དེ་བཞིན་དུ་དུག་གིས་གསོད་པར་བྱེད་ཅིང་དེ་གཉིད་ལོག་པ་དང ། མཚོན་གྱིས་གསོད་པར་བྱེད་དེ། བྱས་ཤིང་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་ཐར་པ་མེད་དོ། །དེ་ནས་གཞན་ཡང་དགེ་སློང་དེས་ སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཚོར་བ་མཐའ་མེད་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན་སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པའི་འབྲས་བུ་ནི་ཇི་སྐད་བཤད་པ་བཞིན་ནོ། །གང་ཤིན་ཏུ་འདོད་ཆགས་ཀྱི་སེམས་ཀྱིས་བུད་མེད་འོས་མ་ཡིན་པ་རྗེས་སུ་དྲན་ནས་ལག་པས་འདོད་པས་ལོག་པར་གཡེམ་པ་བྱས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་ དམྱལ་བ་ཚོར་བ་མཐའ་མེད་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། བྱས་ཤིང་བསགས་པའི་ལས་ཀྱིས་ཚོར་བ་ཤས་ཆེ་བར་འགྱུར་བ་ནི་འདི་ལྟ་སྟེ། མེ་ཡི་ཚོར་བ་དང ། མཚོན་གྱི་ཚོར་བ་དང ། བ་ཚཝའི་ཚོར་བ་དང ། ནད་ཀྱི་ཚོར་བ་ སྟེ། ཚོར་བ་དེ་དག་གཏིང་དཔག་དཀའ་ཞིང་མཐའ་དཔག་དཀའ་ལ་མཐའ་ཡས་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚོར་བ་དེ་དག་ནི་དཔེ་བྱ་བར་སླ་བ་མ་ཡིན་ནོ། །དེ་ལྟར་སེམས་ཅན་དམྱལ་བ་པ་དག་དེར་རང་གི་སེམས་ཀྱིས་ཡོངས་སུ་བསླུས་པ་ཡིན་ཏེ། ཇི་སྲིད་དུ་ དེའི་ཉེས་པར་བྱས་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པའི་བར་དུ་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེ་ད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་ 68-1-169b དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དབུལ་པོར་འགྱུར་ཞིང་རི་བྲགས་དང ། དགོན་པ་དང ། འཇིགས་པ་དང ། རི་བྲགས་པ་དག་གི་གཡོག་བྲན་དུ་འགྱུར། ནད་རྣམས་ཀྱིས་རྟག་ཏུ་ན་བར་འགྱུར་རོ། །དེ་ནས་གཞན་ཡང་ དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ན། དེ་གང་ གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་བྱས་ལ་བསགས་པས་དེ་སེམས་ཅན་དམྱལ་བ་པད་མ་ལྟར་གས་པར་སྐྱེ་བར་མཐོང་ངོ ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ ལོག་པར་གཡེམ་པ་ནི་དགེ་སྦྱོང་དུ་དམ་བཅས་པ་གང་ཞིག་སྔོན་གྱི་འདོད་པ་དག་ལ་སེམས་གཏོང་ཞིང་རོ་མྱོང་བར་བྱེད་ལ་ཡིད་ལ་བྱེད། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རོ་མྱང་བར་བྱས་པས་མཚན་མོ་ཉལ་བ་ན་དེའི་རྨི་ལམ་དུ་བུད་མེད་དེ་ཉིད་དང་ལྷན་ཅིག་འཁྲིག་ པར་བྱེད་ཅིང ། སད་ནས་ཀྱང་མི་ཚངས་པར་སྤྱོད་པ་རྨི་ལམ་དུ་རྨིས་པ་དེ་ཉིད་ཀྱི་རོ་མྱོང་བར་བྱེད་ཅིང་ཡང་ཡིད་ལ་བྱེད། རྗེས་སུ་ཡི་རང་ཞིང་གཞན་དག་ལ་ཡང་ཡོན་ཏན་དུ་འཛིན་ལ་དེ་དང་ལྷན་ཅིག་གོམས་པར་བྱེད། མང་དུ་བྱེད་ཅིང་དེ་དང་དེ་ཉིད་ལ་དགའ་བར་བྱེད་ན། དེ་ ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་པད་མ་ལྟར་གས་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཇི་ལྟར་པད་མའི་མདོག་ཉིད་དུ་གྱུར་པ་དེ་ལྟར་དེའི་སྣང་བ་ཀུན་ཏུ་དམར་པོ་ཉིད་དུ་གྱུར་ཏེ། དེར་ སེམས་ཅན་དམྱལ་བ་དེ་དག་བུམ་པ་དག་གི་ནང་དུ་འཚེད་ཅིང་ལྕགས་ཀྱི་བྲེ་བོའི་ནང་དུ་ལྕགས་ཀྱི་གཏུན་ཤིང་རྣམས་ཀྱིས་འཚོག་གོ། །དེ་དེ་དག་ལས་ཐར་ནས་མཚོ་ཆེན་པོའི་ནང་ན་པད་མ་སྔོན་པོ་སྐྱེས་པ་དེ་རྒྱང་རིང་པོ་ནས་མཐོང་ནས་དེ་ནས་སེམས་ཅན་དམྱལ་བ་པ་སྐྱབས་འདོད་པ་ 68-1-170a མགོན་འདོད་པ། བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་པའི་ལུས་ཅན་དག་གནོད་པ་དེ་དག་ལས་ཐར་ནས་བདག་ཅག་གིས་བདེ་བ་ཐོབ་པར་བྱའོ་ཞེས་དེར་དོང་ངོ ། །དེ་ནས་བརྒྱ་འམ་སྟོང་ཡོད་པ་དེ་དག་པད་མ་ག་ལ་བ་དེར་དོང་ངོ ། །དེར་དོང་བ་དང་ལམ་ དུ་ཕུར་བུ་བཙུགས་པ་དག་གིས་རྐང་པ་ལ་ཟུག་གོ། །རྐང་པ་ཉམས་པ་དེ་ཁས་བུབ་ཏུ་ལྷུང་ངོ ། །ཁས་བུབ་ཏུ་ལྷུང་བ་དེ་དག་ལ་ཕུར་བུ་རྣམས་ཀྱིས་ཟུག་གོ། །གལ་ཏེ་ཕྱིས་གན་དུ་འགྱེལ་ན་དེ་དག་གི་རྒྱབ་ལ་ཕུར་བུ་དེ་རྣམས་ཀྱིས་ཟུག་ཅིང་འབིགས་པར་བྱེད་དོ། །གལ་ཏེ་གློས་ འགྱེལ་ན་ཕུར་བུ་དེ་རྣམས་ཀྱིས་དེ་དག་གི་གློ་ཡང་འབིགས་པར་བྱེད་དོ། །གལ་ཏེ་འདུག་ན་དེའི་འོག་ནས་འཛུག་གོ། །དེ་དག་སྲེག་ཅིང་འཚེ་ད་པ་ན་གཅིག་ལ་གཅིག་སྐད་འབྱིན་ཏེ། སྐོམ་པ་དང་བཀྲེས་པས་ཤིན་ཏུ་གདུངས་པའི་ལུས་ཅན་དག་གཅིག་ལ་གཅིག་སྐད་འབྱིན་ཅིང་ ངུའོ། །མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་པའི་ཡིད་དུ་གྱུར་པ་དེ་དག་ཐམས་ཅད་པད་མ་དེ་ལ་ལྟ་ཞིང་འཁོད་པ་ནི་རྒྱབ་ནས་གཤིན་རྗེའི་མི་རྣམས་ཀྱིས་རལ་གྲི་དང ། དགྲ་སྟ་དང ། མདའ་བོ་ཆེ་དང ། མདུང་ཐུང་རྣམས་ཀྱིས་འདེབས་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་ མགོན་འདོད་པ། སྐྱབས་འདོད་པ། བསིལ་བ་འདོད་པ་དག་ཐབས་འགའ་ཞིག་གིས་པད་མ་དེའི་དྲུང་དུ་ཕྱིན་ཏེ། དེ་ལ་འཛེགས་པ་དང ། པད་མ་དེ་ཡང་སེང་ལྡེང་གི་མེའི་མདག་མ་ལྟ་བུས་གང་ཞིང ། རྡོ་རྗེ་ལྟར་སྲ་བའི་ལོ་མ་རྣམས་ལ་དེ་དག་འཛེག་སྟེ། དེ་ཡང་ ཁ་ཞུམ་པར་འགྱུར་རོ། །དེ་ལྟར་ལས་ཀྱི་མཐའ་ཉེས་པར་སྤྱད་པ་དང ། ཉེས་པར་བྱས་པའི་ལས་ཀྱིས་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལས་ཀྱི་དབང་གིས་དེ་དག་སེམས་ཅན་དམྱལ་བ་པད་མ་ལྟར་གས་པ་ དེར་ལོ་བརྒྱ་ཕྲག་དུ་མའམ། ལོ་སྟོང་ཕྲག་དུ་མའམ། ལོ་བྱེ་བ་ཕྲག་དུ་མར་བསྐོལ་ཅིང་འཚེད་ཀྱང་དེ་དག་དུས་ལས་འདའ་བར་ནི་མི་བྱེད་དོ། །ཕྱི་ནས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་ 68-1-170b དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེའི་ལས་བྱས་ཤིང་བསགས་པ་དག་གིས་མཐུས་དེ་མིག་ཡོན་དུ་འགྱུར། ཚུལ་ཁྲིམས་འཆལ་ཅིང་དབུལ་ལ་ཚེ་ཐུང་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་ འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་པད་མ་ཆེན་པོ་ལྟར་གས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ན། དེ་དག་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་ བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་དེ་སེམས་ཅན་དམྱལ་བ་པ་པད་མ་ཆེན་པོ་ལྟར་གས་པར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི་དགེ་སྦྱོང་དགེ་སྦྱོང་དུ་དམ་བཅས་པ་གང་ཞིག་ ཚུལ་ཁྲིམས་རལ་ལ་ལུད་བོང་ལྟར་སྤྱོད་པ། མྱ་ངན་ལས་འདས་པར་འགྲོ་བ་ལ་སྨོད་པ་ནི་འདི་ལྟར་ཚངས་པར་སྤྱད་པ་སྤྱོད་དེ་འདིར་བདག་ལྷའམ་ལྷ་གཞན་ཞིག་ཏུ་འགྱུར་བར་བྱ་སྙམ་སྟེ། བདག་ལྷའི་འཇིག་རྟེན་དེར་ལྷ་མོས་ཡོངས་སུ་བསྐོར་བར་གྱུར་ཅིག་སྙམ་སྟེ། དེ་ལྟར་ཚངས་པར་ སྤྱད་པ་དེ་ཚངས་པར་སྤྱོད་པ་ལོག་པར་ཡོངས་སུ་བསྔོའོ། །དེ་སྲེད་པ་ལ་སྤྱོད་པ་ཡིན་ཏེ། དེ་འཁོར་བའི་རྒྱུར་སྤྱོད་ཅིང་སྲེད་པའི་རྒྱུར་སྤྱོད་ལ་དེ་སྡིག་པ་སྤྱོད་པ་ཡིན། དེ་ན་བ་དང ། རྒ་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་ལ་སོགས་པ་དག་ལས་ཡོངས་སུ་ཐར་བར་མི་འགྱུར་རོ། །ཤི་སྟེ་ལུས་དང་བྲལ་ནས་ཀྱང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་པད་མ་ཆེན་པོ་ལྟར་གས་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། བ་ཚཝའི་ཆུ་བོའི་ རླབས་ཞེས་བྱ་བ་གང་དུ་བ་ཚཝས་གང་བར་མ་གྱུར་པ་ནི། དེ་ན་ཁབ་ཀྱི་བུ་ག་ཙམ་ཡང་མེད་པ། ཞེང་དུ་དཔག་ཚད་ལྔ་ཡོད་ལ། ཆུར་དཔག་ཚད་བརྒྱ་ཡོད་པར་འཇུག་གོ། །སེམས་ཅན་དམྱལ་བའི་ཆུ་བོ་དེར་དེ་དག་ཞུགས་པ་དང ། ཚོར་བ་ཤིན་ཏུ་ཚ་བ། ཤིན་ཏུ་རྩུབ་པ། 68-1-171a ཤིན་ཏུ་བཟོད་པར་དཀའ་བ་དག་མྱོང་སྟེ། དེའི་རུས་པ་གང་ཡིན་པ་དེ་དག་ནི་རྡོར་གྱུར། སྐྲ་གང་ཡིན་པ་དེ་དག་ནི་ཉ་ལྕི་བས་སུ་གྱུར། ཤ་གང་ཡིན་པ་དེ་དག་ནི་འདམ་དུ་གྱུར། རོ་ཉེ་བསྐོལ་བ་གང་ཡིན་པ་དེ་དག་ནི་ཆུར་གྱུར། སེམས་ཅན་དམྱལ་ བ་གང་ཡིན་པ་དེ་དག་ནི་ཉར་གྱུར་ཏེ། ཆུ་བོ་དེས་ཁས་བུབ་ཏུ་དེད་ཅིང་བསྐོལ་ཏོ། །འགྲམ་དག་ཏུ་ཆགས་ན་ཁཝ་མཆུ་རབ་ཏུ་འབར་བ་རྣམས་ཀྱིས་ཟའོ། །གལ་ཏེ་མགོན་འདོད་པ། སྐྱབས་འདོད་པ་དག་ཆུ་བོ་དེ་ལས་ཐར་ནས་འབྲོས་པ་ན་གཤིན་རྗེའི་མི་རྣམས་ཀྱིས་ ལྕགས་ཀྱི་མདུང་རབ་ཏུ་འབར་བ་དག་གིས་བཏབ་ནས་ཆུ་བོའི་རླབས་དེ་ཉིད་ཀྱི་ནང་དུ་འཇུག་པར་བྱེད་དོ། །དེ་ལྟར་དེ་དག་སྟེང་དུ་བྱུང་བ་ན། རྐང་པ་འཚེད་པར་བྱེད་ལ། བརླའི་སྦུབས་དང ། རྒྱབ་ཀྱི་ཤ་དག་འཚེད་པར་བྱེད། མགུལ་པའི་ཤ་ཡང་ཆད་པར་འགྱུར། རུས་ པ་ཡང་བསྐོལ་བར་འགྱུར། མགོའི་ཤ་ཆད་ཅིང་མགོའི་ཐོད་པ་ཡང་ཆད་པར་འགྱུར་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་དེ་དག་ཇི་ལྟ་ཇི་ལྟར་ཆུ་བོ་དེར་འཇུག་ཅིང་ཇི་ལྟ་ཇི་ལྟར་ཞུགས་པ་དེ་དག་དེ་ལྟ་དེ་ལྟར་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་བསྐོལ་ལ་འཚེད་དོ། །ཡང་སེམས་ ཅན་དམྱལ་བ་དེ་དག་ཉོན་མོངས་པའི་ཆུ་བོ་དེ་ལས་ཐར་ནས་མཚོ་དང ། མེ་ཏོག་དང ། པད་མ་སྔོན་པོ་ཡོད་པར་མཐོང་སྟེ། མགོན་འདོད་པ། སྐྱབས་འདོད་པ། བདེ་བ་འདོད་པ་དག་དེའི་དྲུང་དུ་འགྲོ་བར་འདོད་དེ་དེའི་དྲུང་དུ་དོང་ངོ ། །པད་མའི་ཚལ་དེ་དག་ཀྱང་ལྕགས་ ཀྱི་པད་མ་ཡིན་ཏེ། དེ་དག་གི་རེག་པ་ནི་སྤུ་གྲི་ལྟ་བུ་ཡིན་ལ་སེམས་ཅན་དམྱལ་བ་པ་གང་དག་གིས་ལུས་དེ་ལ་རེག་པ་དེ་དག་ནི་གཤེག་པར་བྱེད་ཅིང་གཅོད་པར་བྱེད་ལ་ཟ་བར་བྱེད་ཅིང་རྡུང་བར་བྱེད་དོ། །དེ་ལྟར་གཤིན་རྗེའི་མི་རྣམས་ཀྱིས་མངོན་པར་གཙེས་པ་དག་པད་ མའི་ཚལ་དེ་དག་ལ་འཛེག་པར་བྱེད་དེ། པད་མ་དེ་དག་གི་ནང་མེ་མ་དག་གིས་རབ་ཏུ་གང་བ་ཡིན་ལ། སྟེང་གི་ལོ་མ་ལྕགས་ལ་ས་བྱས་པ་དག་གིས་འཆུམས་པར་བྱེད་དེ། དེའི་ནང་དུ་ལན་དུ་མར་སེམས་ཅན་དམྱལ་བ་པ་ལས་བྱས་པ་དེ་དག་སྐྱེ་བར་འགྱུར་ཏེ། མེ་མདག་དེས་ 68-1-171b ལན་འབུམ་ཕྲག་དུ་མར་སྲེག་གོ། །ཁཝ་དག་གིས་སེམས་ཅན་དམྱལ་བ་པ་དེ་དག་གི་མིག་ཟ་བར་བྱེད་ཅིང་ལྕེ་གཅོད་པར་བྱེད། རྣ་བ་འབིགས་པར་བྱེད། ལུས་རྣམ་པར་ཟད་པར་བྱེད་དོ། །དེ་ལྟར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པའི་སེམས་ཅན་དམྱལ་བ་པ་དེ་དག་ཇི་ སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ཆེན་པོ་ལྟར་གས་པ་དེར་འཚེད་པར་བྱེད་དོ། །དེ་ནས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དམུ་རྫིང་ཅན་དུ་འགྱུར་ཞིང ། རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་ལ། ཁྲོ་བར་ཡང་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་ སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མེ་ཐབ་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི་དགེ་སྦྱོང་དགེ་སྦྱོང་དུ་དམ་བཅས་པ་དེས་སྔོན་གྱི་ཁྱིམ་ན་གནས་པའི་བུད་མེད་དག་དང་ལྷན་ཅིག་ཏུ་དགོད་ཅིང་རྩེས་པ་དག་དེའི་ཚེ་དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་དྲན་ཞིང་ཡང་དང་ཡང་དུ་དྲན་པ་ཉིད་དུ་ བྱེད། དེ་ལ་ཆགས་ཤིང་ཡོངས་སུ་རྟོག་པར་བྱེད། དེ་འདོད་ཆགས་དེ་ཉིད་ལ་ཡང་དང་ཡང་དུ་སེམས་པར་བྱེད་ཅིང ། དགེ་བའི་ཆོས་ལ་སེམས་པར་མི་བྱེད་ལ་ཆོས་དང་འཐུན་པའི་ཆོས་མི་སྒྲུབ། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། འགོག་པའི་ཆོས་རྗེས་སུ་སེམས་པར་མི་ བྱེད་ཅིང་རྗེས་སུ་མི་སློབ་ལ་རྗེས་སུ་མི་སྒྲུབ། དེར་ལས་སུ་རུང་བར་མི་བྱེད་ཅིང་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྗེས་སུ་དྲན་པར་མི་བྱེད་འཆི་བ་རྗེས་སུ་དྲན་པར་མི་བྱེད་ཅིང ། འཁོར་བ་ལ་ཡིད་འབྱུང་བར་མི་བྱེད་ལ། ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་མི་ 68-1-172a ལྟ། གནས་མལ་དང་ན་བའི་གསོས་སྨན་གྱི་རྐྱེན་མང་པོ་འཆང་བར་བྱེད་ཅིང་གནས་མལ་དང ། ན་བའི་གསོས་སྨན་གྱི་རྐྱེན་མང་པོ་འོས་པ་མ་ཡིན་པའི་གནས་མལ་དང་ན་བའི་གསོས་སྨན་གྱི་རྐྱེན་རབ་ཏུ་མང་པོ་དེ་དག་དེས་འཆང་བར་བྱེད་དེ། རྣམ་པ་དེ་ལྟ་ བུ་བྱས་པ་ནི་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མེ་ཐབ་ཏུ་སྐྱེ་བར་འགྱུར་རོ། །མེ་ཐབ་ཀྱི་སེམས་ཅན་དམྱལ་བ་དེ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང ། མེ་ལྕེ་གཅིག་ཏུ་གྱུར་པར་སྲེག་སྟེ། དེར་གང་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་མ་གྱུར་པ་ནི་སྐྲའི་རྩེ་མོ་ཙམ་ཡང་མེད་དོ། །དེར་སེམས་ཅན་དམྱལ་བ་པ་དེ་དག་ཤིང་ལྗོན་པ་ལྟ་བུར་རབ་ཏུ་འབར་ཏེ། དེ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དེར་སྐད་འབྱིན་ཏོ། །དེ་ལྟར་སྐད་འབྱིན་པ་ ན་ཁར་མེས་བཀང་ངོ ། །དེ་ཚོར་བས་ཉམ་ཐག་པ་དང་ཡང་དེ་སྐད་འབྱིན་ཏོ། །དེའི་རྣ་བར་མེ་འབར་བ་འཇུག་སྟེ། བཅུག་ནས་སྐད་འབྱིན་ཅིང་ངུ་ལ་སྨེ་སྔགས་འདོན་ཏོ། །དེའི་རྣ་བར་ཡང་མེ་འབར་བ་འཇུག་ཅིང་དེའི་ལུས་ཀྱང་ཀུན་ནས་རབ་ཏུ་འབར་བར་འགྱུར་ཏེ། དེ་ ཡང་ཤིན་ཏུ་འཁྲུགས་ཤིང་སྐད་འབྱིན་ལ་སྨྲེ་སྔགས་འདོན་ཏོ། །གལ་ཏེ་ཚུལ་ཁྲིམས་དང་མི་ལྡན་པར་གྱུར་པ་ཞིག་ཕ་རོལ་གྱི་བསོད་སྙོམས་ཟོས་ལ་དེའི་ལྕེ་ལྕགས་རབ་ཏུ་འབར་བའི་གླེགས་མས་སྲེག་གོ། །གལ་ཏེ་ཚུལ་ཁྲིམས་ཅན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བུད་མེད་དག་ མཐོང་ན་དེའི་མིག་སྲེག་པར་འགྱུར་རོ། །གང་ཤིན་ཏུ་ཆགས་པའི་སེམས་ཀྱིས་བུད་མེད་གཞན་དག་དགོད་ཅིང་གླུ་དབྱངས་ལེན་ལ་སྒྲ་འབྱིན་པ་དག་ཐོས་ན་དེའི་རྣ་བ་རོ་ཉེ་རབ་ཏུ་བསྐོལ་བས་འགེངས་པར་འགྱུར་རོ། །ཚུལ་ཁྲིམས་འཆལ་པ་འོས་པར་འགྱུར་བ་མ་ཡིན་པ་གང་ གིས་དགེ་འདུན་རྣམས་ཀྱི་བདུག་སྤོས་ཡོངས་སུ་བཟུང་བས་སྣ་བཅད་ཅིང་སྲེག་པར་འགྱུར་ཏེ། དེ་ལྟར་ཚུལ་ཁྲིམས་འཆལ་པ་དེའི་དབང་པོ་ལྔ་ཅར་ལ་སྦྱར་ཏེ། སེམས་ཅན་དམྱལ་བར་ལས་དང་མཚུངས་པའི་ཆད་པ་དྲག་པོ་རབ་ཏུ་འབྱུང་ངོ ། །ལས་ཀྱི་མཐའ་ཉེས་པར་སྤྱད་པ་ 68-1-172b བྱས་པ་དེ་ནི་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཀུན་ནས་མེ་ལྕེ་འབར་བའི་ཕྲེང་བས་འཁྲུགས་པའི་སེམས་ཅན་དམྱལ་བ་མེ་ཐབ་དེར་སྲེག་ཅིང་འཚེད་དོ། །དེ་དེ་ལས་ཐར་ནས་གལ་ཏེ་ལན་གྲངས་གཞན་ལ་ མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེའི་སྡིག་པའི་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་བྱད་ལག་ངན་ཅིང་ལོང་བ་དང ། ཞ་ཞིང་དབུལ་བར་འགྱུར་ལ་དར་ལ་བབ་པ་ཉིད་ཀྱི་ཚེ་འཆི་བར་འགྱུར་རོ། །དེ་ ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན་དེས་ཐོས་པ་ལས་བྱུང་བའི་ཤེས་པས་འཁོར་གཞན་ལྕགས་ཀྱི་ཕྱེ་མ་མེ་མདག་གི་ར་བ་ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །དགེ་སྦྱོང་དགེ་སྦྱོང་དུ་དམ་བཅས་པ་གང་གིས་མོའི་གར་དང་གླུ་དབྱངས་དང་རྒྱན་དག་གི་སྒྲ་ཐོས་ནས་ཚུལ་ བཞིན་མ་ཡིན་པ་ཡིད་ལ་བྱེད་པ་གཡེངས་པའི་བློས་དགོད་པ་དང ། བསྒེགས་པ་དང ། རྩེས་པ་དེ་ཐོས་ནས་ཁུ་བ་བྱུང་ལ་བྱུང་ནས་ཀྱང་རོ་མྱོང་བར་བྱེད་ཅིང་སོགས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལྕགས་ཀྱི་མེ་མདག་ཏུ་སྐྱེ་བར་ འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་དེ་ལྕགས་ཀྱི་ར་བ་གྲུ་བཞི་པས་བསྐོར་བ། འཁོར་དཔག་ཚད་ལྔ་བརྒྱ་ཡོད་པ་དེའི་ནང་དུ་སེམས་ཅན་དམྱལ་བ་པ་རང་གི་ལས་ཀྱིས་སྲེག་ཅིང་དེར་མེའི་ཆར་དང་ལྕགས་ཀྱི་ ཆར་རྒྱུན་མི་འཆད་པར་འབབ་བོ། །དེར་སེམས་ཅན་དམྱལ་བ་པ་དག་ལྕགས་ཀྱི་ཆར་པས་ཡན་ལག་དང་ཉིང་ལག་ཐམས་ཅད་ཕྱེ་མར་རློག་ལ། མེ་མདག་གི་ཆར་པས་གདུངས་ཤིང་སྲེག་གོ། །དེར་ཆར་པ་གཉིས་ཀྱིས་ཉམ་ཐག་པ་དག་གནོད་པ་དེ་དག་མྱོང་བར་འགྱུར་ཏེ། 68-1-173a ཇི་ལྟར་སེམས་ཅན་དམྱལ་བ་པའི་མྱོང་བ་དེ་དག་གི་གནོད་པ་གང་ཡིན་པ་དེ་ནི་དཔེ་བྱ་བར་སླ་བ་མ་ཡིན་ནོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དུས་ལས་འདའ་བར་མི་བྱེད་དེ། རྩུབ་ཅིང་མི་བཟད་པ་ཚ་བ་འཇིག་རྟེན་ ཐམས་ཅད་འཇིགས་པར་བྱེད་ཅིང་མི་འདོད་ལ་མི་སྡུག་ཅིང་ཡིད་དུ་མི་འོང་བའི་ལས་བྱས་པའི་ཚོར་བ་དེ་ལྟ་བུ་མྱོང་བར་འགྱུར་རོ། །དེ་ཕྱིས་དེ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་ མ་སྐྱེས་ལ་དེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་རྟག་ཏུ་ཆུ་བོ་ཆེན་པོའི་མཉན་པར་འགྱུར། རྟག་ཏུ་འཇིགས་པ་དང ། ནད་བུ་ཅན་དུ་འགྱུར། གླང་པོ་ཆེའི་སོས་འཚོ་ཞིང་དེ་རྟག་ཏུ་འཆི་བས་ཉེན་པར་འགྱུར་རོ། །དེ་ ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་ལ་བརྟགས་ན། དེ་འཁོར་གཞན་ཞིག་པ་བཅུ་བདུན་པ་མ་མཐོང་ལ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་གྱི་འཁོར་གྱི་ཉེན་ཀོར་བཅུ་དྲུག་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཡོད་པ་མཐོང་ ངོ ། །དེ་སེམས་ཅན་རྣམས་ཀྱི་ལས་དང་འབྲེལ་བ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་དག་མཐོང་ནས་འཁོར་བ་ལ་ཡིད་བྱུང་ངོ ། །ཡང་དགེ་སློང་དེ་ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་གསུམ་གྱི་འཁོར་གྱི་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་རིག་ཅིང་དེ་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་དག་འཛིན་པར་བྱེད་ལ། དེ་ལྟ་ཞིང་དམིགས་པར་བྱེད་དེ། སྲིད་པ་དག་ལ་ཡིད་བྱུང་བ་ཐོབ་ཅིང་བདུད་ཀྱི་ཡུལ་གྱི་དངོས་པོ་ལ་མི་འདོད་པ་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལྟར་བརྩོན་པའི་དགེ་སློང་དེ་ས་བླའི་ གནོད་སྦྱིན་དག་གིས་མཐོང་ནས། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལ་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་བསྙད་པ་ནས། དེ་ལྟར་སྔ་མ་བཞིན་དུ་སྦྱར་ཏེ། ཚད་མེད་འོད་ཀྱི་བར་གྱི་ལྷ་རྣམས་ལ་བསྙད་དོ། །སྔ་མ་བཞིན་དུ་སྦྱར་ཏེ། 68-1-173b འཛམ་བུའི་གླིང་དུ་རིགས་ཀྱི་བུ་གྲོང་ཁྱེར་ཆེ་གེ་མོ་ཞིག་ཅེས་བྱ་བ་ནས་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་བགོས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེ་ས་གཞན་དགུ་པའི་བར་ལ་ཞུགས་པ་དེ་ཚད་མེད་འོད་ཀྱི་ལྷ་དག་གིས་ཐོས་ནས་ དགའ་བར་གྱུར་ཏོ། །ཀྱེ་ལྷ་དག་བདུད་ཀྱི་ཕྱོགས་ནི་དམའ་བར་འགྱུར་ཞིང་དམ་པའི་ཆོས་ཀྱི་ཕྱོགས་ནི་མཐོ་བར་འགྱུར་བ་ནི་བདག་ཅག་དགའོ་ཞེའོ། །དེ་ནས་གཞན་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་གསུམ་མཐོང་ནས་སེམས་ཅན་དམྱལ་བ་བཞི་པ་ངུ་འབོད་ཅེས་བྱ་བ་ལ་ རྟོག་པར་བྱེད་དོ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་བཞི་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་པ་དག་གི་ལས་དང ། ཉེར་བསྡོགས་དང ། མཇུག་བྱས་ཤིང་བསགས་པ་དག་གིས་ལུས་དང་བྲལ་ནས་ངན་འགྲོ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པའི་འབྲས་བུ་རྣམ་པར་སྨིན་པ་ནི་སྔར་བཤད་པ་བཞིན་ནོ། །ཆང་དང་སྦྱར་བའི་ཆང་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །གང་གིས་ཁྱིམ་གྱི་གནས་ནས་བྱུང་སྟེ། སྡོམ་ པ་བླངས། བསམ་གཏན་གྱི་བདེ་བས་སེམས་སྦྱངས་ཤིང་ཞི་བའི་དགེ་སློང་གི་དགེ་འདུན་དག་གི་འཁོར་དུ་ཆང་བྲིམས་ཏེ་ར་རོ་བར་བྱས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་རབ་ཏུ་གདུང་བ་ཆེན་པོས་བྱས་པའི་ཚོར་བ་མྱོང་བར་འགྱུར་ རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཕྲ་སྐམ་གྱིས་ཁ་གདངས་པའི་ནང་དུ། ཟངས་དམར་པོ་བསྐོལ་བ་རབ་ཏུ་འབར་བ་ལྡུགས་སོ། །དེ་འཐུང་བ་ནི་དེའི་ཚེ་སྔར་མཆུ་སྲེག་གོ། །མཆུ་བསྲེགས་ནས་རྐན་སྲེག་གོ། །རྐན་བསྲེགས་ 68-1-174a ནས་ལྕེ་སྲེག་གོ། །ལྕེ་བསྲེགས་ནས་མིད་པ་སྲེག་གོ། །དེ་བཞིན་དུ་ཨོལ་གོང ། དེ་བཞིན་དུ་གཉེ་མ་དང་རྒྱུ་མ། དེ་བཞིན་དུ་ཕོ་བ་དང་ལོང་ཀ་བསྲེགས་ནས་རོ་སྨད་དུ་འབྱུང་བར་འགྱུར་ལ། དེ་ལྟར་ཆང་འཐུང་བ་དེ་ནི་མི་དགེ་བ་མྱོང་བར་ འགྱུར་ཏེ། དེ་འོ་དོད་འབོད་ཅིང་ངུ་འཁྲུག་ཅིང་སྨྲེ་སྔགས་འདོན་ཏོ། །དེ་ཤིན་ཏུ་འཁྲུག་པ་ན་གཤིན་རྗེའི་མི་དག་གིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། སྡིག་པ་དག་ནི་བྱེད་པ་ན། །འབྲས་བུ་ཚ་བ་ཤེས་པར་གྱིས། །རྨོངས་པ་གང་ཞིག་ བདག་མི་ཤེས། །ཕྱི་ནས་དེ་ནི་ཡོངས་གདུང་འགྱུར། །ཇི་ལྟར་བློ་གྲོས་ངན་པ་དག་།སྡིག་པ་དག་གིས་ལས་བྱས་པ། །མ་ངུ་དེ་ལྟར་ལ་གོར་སྤྱོད། །སྨྲེ་སྔགས་དོན་མེད་ཅི་ཞིག་འདོན། །སྡིག་པའི་ལས་ཀྱི་འབྲས་བུ་ནི། །མི་ནི་ཀུན་གྱིས་ཐོབ་པར་ འགྱུར། །གལ་ཏེ་བདག་ཉིད་བདེ་འདོད་ན། །དེ་ལྟར་སྡིག་པ་བསྟེན་མི་བྱ། །དམྱལ་བ་དྲག་པོ་ཆེན་པོ་པ། །དེ་དག་ལས་ཀྱང་སྡིག་པའི་སེམས། །ཐར་ཀྱང་གཏི་མུག་དབང་སོང་བ། །ཡང་དང་ཡང་དུ་སྡིག་པ་བྱེད། །འདི་ཡིས་དམྱལ་བར་མི་འགྲོ་ ཞེས། །སྡིག་པ་ལ་ནི་ཡིད་མ་རྟོན། །མེ་ཆུང་བས་ནི་རི་དང་ཚལ། །ལྗོན་པར་བཅས་པ་སྲེག་པ་བཞིན། །རྨོངས་པ་སྡིག་པ་བྱེད་འདོད་ལ། །གནོད་པ་འབྱུང་ལ་འདོད་མི་བྱེད། །སྡིག་པའི་རྗེས་སུ་འབྲས་བུ་འཇུག་།རྒྱུ་དང་རྐྱེན་ལས་བྱུང་བ་མཐོང ། ། ཆོས་ནི་ཅི་ཕྱིར་བསྟེན་མི་བྱ། །སྡིག་པའང་ཅི་ཕྱིར་རྣམ་མི་སྤོང ། །སྡིག་པ་སྤངས་པའི་མི་དག་ནི། །སེམས་ཅན་དམྱལ་བ་ཉིད་མི་མཐོང ། །བདག་གི་སྡིག་ལས་འབྲས་བུ་དག་།རྨོངས་པ་གང་དག་མི་ཤེས་པས། །དེ་ཡིས་ཉེས་པ་འདི་ཐོབ་སྟེ། །བློ་ ངན་ཁྱོད་ནི་དེ་དག་སྤྱོད། །སྡིག་པས་སེམས་ཅན་དམྱལ་བར་འགྲོ། །སྡིག་པས་ཡོངས་སུ་སྲེག་འགྱུར་ཏེ། །སྡིག་པས་མྱ་ངན་འདས་མི་འཐོབ། །སྡིག་པ་ལྟ་བུའི་དགྲ་གཞན་མེད། །སྡིག་པས་སྔོན་ནི་བསླུས་པ་དག་།སྡིག་པས་ཡོངས་སུ་སྲེག་ 68-1-174b འགྱུར་ཏེ། །སྡིག་པ་དག་ནི་མི་བྱེད་པ། །དེ་ཡི་མདུན་དུ་འགྲོ་མི་འགྱུར། །ལམ་འདི་ཞི་བ་གཙོ་བོ་སྟེ། །གང་དག་སྲེད་དབང་མི་གནས་པའོ། །སྲེད་པ་སྤངས་པའི་མི་དག་ནི། །མྱ་ངན་འདས་དང་ཉེ་བར་གནས། །སྡིག་པ་དག་ནི་བྱེད་ལྡན་ ཞིང ། །དགེ་བ་རྣམས་ཀྱང་མི་བྱེད་པ། །སྡིག་པས་སྲེག་འགྱུར་དེ་ལྟ་བས། །སྡིག་པ་ཡིད་ལ་མ་བྱེད་ཅིག་།སྡིག་པ་སྤྱོད་པའི་མི་དག་ནི། །ནམས་ཀྱང་བདེ་བ་མི་འཐོབ་བོ། །དེ་ལྟར་གལ་ཏེ་བདག་ཉིད་ཀྱིས། །བདེ་འདོད་ཆོས་ལ་རྟག་ཏུ་སྟེན། །གང་དག་ སྡིག་པ་སྟེན་བྱེད་པ། །སྡུག་བསྔལ་དེ་ལས་སྡུག་བསྔལ་མེད། །དེ་ལྟ་བས་ན་སྡིག་མི་བསྟེན། །གལ་ཏེ་སྡུག་བསྔལ་དག་གིས་སྐྱོ། །ལེགས་པས་ལེགས་པའི་དོན་བྱ་འོ། །ལེགས་ལ་སྡིག་པའི་བྱ་བ་དཀའ། །སྡིག་ལ་སྡིག་པའི་བྱ་བ་སླ། །འཕགས་ལ་སྡིག་ པའི་བྱ་བ་དཀའ། །དེ་ལྟར་གཤིན་རྗེའི་མི་དེ་རྣམས་ཀྱིས་སེམས་ཅན་དམྱལ་བ་པ་དེ་དག་ལ་ཡང་དང་ཡང་དུ་བཤད། ཡང་དང་ཡང་དུ་བསྒོ་ཞིང་གནོད་པ་རྣམ་པ་སྣ་ཚོགས་པ་དག་བྱེད་དེ། འདི་ལྟ་སྟེ། རི་རབ་ཏུ་འབར་ལ་ཀུན་དུ་འབར་ཞིང་མཁྲེགས་པ་གཉིས་ཤུགས་ཀྱིས་ རྒྱུག་སྟེ། ཕན་ཚུན་འདུས་པ་དེ་གཉིས་ཀྱི་བར་དུ་སེམས་ཅན་དམྱལ་བ་པ་དེ་དག་འཇུག་སྟེ། འདི་ལྟ་སྟེ། རི་དེ་གཉིས་ཀྱིས་འཐག་པ་ནི་ཇི་ལྟར་མངོན་པ་མེད་པར་དེ་ལྟར་ཤིན་ཏུ་འཐག་གོ། །ཡང་འབྱུང་བར་འགྱུར་ཏེ། བྱུང་ནས་ཀྱང་ཡང་རི་དེ་གཉིས་ཀྱི་དབུས་སུ་བཅུག་ ནས་འཐག་གོ། །དེའི་སྡིག་པའི་ལས་ཟད་པར་མ་གྱུར་གྱི་བར་དུ་ལོ་འབུམ་ཕྲག་དུ་མའི་བར་དུ་བྱུང་ཞིང་འཐག་གོ། །དེ་སེམས་ཅན་དམྱལ་བའི་ཕྱོགས་དེ་ནས་ཐར་ནས་སྐྱབས་འདོད་པ། མགོན་འདོད་པ། དཔུང་གཉེན་འདོད་པ་དག་གཞན་དུ་རྒྱུག་པ་དང ། དེ་དག་ གཤིན་རྗེའི་མི་གཞན་རྣམས་དང་ཕྲད་ནས་ལྕགས་ཀྱི་རྫ་མའི་ནང་དུ་ཁ་བུབ་ཏུ་བཅུག་གོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་དག་དེར་ཁ་བུབ་ཏུ་ལོ་འབུམ་སྙེད་དུ་སྲེག་པར་འགྱུར་རོ། །སྐྱབས་འདོད་པ། མགོན་འདོད་པ། བདེ་བ་ 68-1-175a འདོད་པ་དེ་དག་རྫ་མར་བཙོ་བ་དེ་དག་ལས་ཐར་ནས་གར་བབ་བབ་ཏུ་འབྲོས་སོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་པར་མ་གྱུར་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་དེ་དག་གི་མདུན་དུ་ལྕགས་ཀྱི་ཁཝ་རབ་ཏུ་འབར་བ་དེ་དག་གིས་བཟུང་ནས་དེ་དག་གི་ ཡན་ལག་དང་ཡན་ལག་།གནད་དང་གནད། ཚིགས་དང་ཚིགས་སུ་བརྒྱའམ་སྟོང་དུ་ཟའོ། །སྐྱབས་འདོད་པ། མགོན་འདོད་པ། དཔུང་གཉེན་འདོད་པ་དེ་དག་དེ་ལས་ཐར་ནས་ཀྱང་གར་བབ་བབ་ཏུ་འབྲོས་སོ། །བཀྲེས་པ་དང ། སྐོམ་པས་གདུངས་པ་ དེ་དག་མཚོའི་ཆུ་རབ་ཏུ་དང་བ་ཞིག་རྒྱང་རིང་པོ་ནས་མཐོང་སྟེ། དེ་དག་དེར་བརྒྱུགས་པ་དང ། དེ་དག་ཀྱང་རོ་ཉེ་རབ་ཏུ་བསྐོལ་བས་གང་བ་ཡིན་ཏེ། དེར་ཁྲུས་བྱ་བའི་ཕྱིར་འཇུག་གོ། །གང་གི་ཚེ་ཞུགས་པར་གྱུར་པ་དང ། ས་ཕྱོགས་དེ་དག་ལས་ཀྱིས་བྱས་པའི་ཆུ་སྲིན་ རྣམས་ཀྱིས་བཟུང་ནས་ཁ་བུབ་ཏུ་དྲངས་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་དེ་དག་རོ་ཉེ་དེའི་ནང་དུ་སྐོལ་ལོ། །ཕྱིས་ལས་ཀྱིས་བྱས་པའི་ཆུ་སྲིན་དེ་དག་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ཚོར་ བས་ཉེན་པ་སྐྱབས་འདོད་པ། མགོན་འདོད་པ། དཔུང་གཉེན་འདོད་པ་དག་གར་བབ་བབ་ཏུ་འབྲོས་སོ། །གལ་ཏེ་མདུན་ན་འཁོད་པའི་གཤིན་རྗེའི་མི་རྣམས་ཀྱིས་མཐོང་ན་དེ་དག་དེར་འཛིན་ཏེ། བཟུང་ནས་ཀྱང་མདུང་རྩེ་རབ་ཏུ་འབར་བ་དག་གིས་འབིགས་པར་བྱེད་དོ། ། དེ་དག་ལ་མདུང་རྩེ་དེ་དག་བར་འགའ་རྒྱབ་ཏུ་ཕྱུང་ནས་འབྱུང ། བར་འགའ་གློར་ཕུག་ནས་འབྱུང ། བར་འགའ་མགྲིན་པར་ཕུག་ནས་འབྱུང་སྟེ། སེམས་ཅན་དམྱལ་བ་པ་ཚོར་བས་ཉེན་པ་དེ་དག་གི་སྒྲ་དེ་སེམས་ཅན་དམྱལ་བ་པ་གཞན་དག་གིས་ཕྱོགས་དེ་ནས་གླུ་དབྱངས་ ཀྱི་སྒྲར་ཐོས་སོ། །དེ་ཡང་ངུ་བའི་སྒྲ་ཡིན་ན་ལས་ཀྱི་དབང་གིས་སྙན་པར་ཐོས་ཏེ། སྐྱབས་འདོད་པ། མགོན་འདོད་པ།དཔུང་གཉེན་འདོད་པ་དེ་དག་གནས་དེར་འགྲོའོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་ 68-1-175b བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་དེ་དག་གཤིན་རྗེའི་མི་དེ་དག་གིས་བཟུང་ནས་མདའ་བོ་ཆེ་དང་མདུང་རབ་ཏུ་འབར་བ་དག་གིས་འབིགས་པར་བྱེད་དོ། །དེ་དག་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་སྐྱབས་འདོད་པ། མགོན་འདོད་པ་དག་གར་བབ་བབ་ཏུ་ འབྲོས་སོ། །དེ་དག་གིས་རྒྱང་མི་རིང་བ་ན་གྲོང་དང་ཁྱིམ་ཕུན་སུམ་ཚོགས་པ་དང ། ཆུ་བོ་དང་ལྟེང་ཀ་ཕུན་སུམ་ཚོགས་པ་མཐོང་སྟེ། དེའི་ཕྱོགས་སུ་དེ་དག་རྒྱུག་ཅིང་དེ་དག་གྲོང་དེའི་ནང་དུ་འཇུག་གོ། །གྲོང་དེ་ཐམས་ཅད་ཀྱང་རབ་ཏུ་བསྐོལ་བ་འབར་བ་ཡིན་ལ། ནང་ན་ཡང་སྲོག་ཆགས་མར་ཀོ་ཏ་ཀ་ཁ་རྡོ་རྗེ་ལྟ་བུ་ལ་མཆེ་བ་རྣོ་བ་རྣམས་ཀྱིས་ཤིན་ཏུ་གང་བ་ཡིན་ཏེ། དེ་དག་གང་གི་ཚེ་གྲོང་དེའི་ནང་དུ་ཞུགས་པར་གྱུར་པ་དང ། ཁྱིམ་དེའི་སྒོ་གཅོད་པར་གྱུར་ཏེ། དེ་དག་དེར་སྲོག་ཆགས་མར་ཀོ་ཏ་ཀ་ཁ་མཆེ་བ་རྣོ་ལ་རབ་ཏུ་འབར་བ་ རྣམས་ཀྱིས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་ཟ་བར་བྱེད་དོ། །གནོད་པ་རྒྱ་མཚོ་ལྟ་བུར་གྱུར་པ་དེ་ལས་ཐར་ནས། གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་ འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ཆང་བཏུང་བ་ལྡུད་པ་གང་ཡིན་པ་དེའི་ཉེས་པར་བྱས་པའི་ལས་ཀྱི་རྒྱུ་འཐུན་པ་དེས། དེ་སེམས་འཁྲུལ་བར་འགྱུར་ཞིང་དབུལ་བ་དང ། ལམ་པོ་ཆེ་དང ། བཞི་མདོའི་ཚོང་པ་དང ། བྱིས་ པ་ཐམས་ཅད་ཀྱི་བཞད་གད་པར་གྱུར་ཅིང་བཞིན་གྱི་མདོག་ངན་པ་དང ། སོ་འབའ་ཞིག་སྣང་བ་དང ། རྐང་པ་ཤིན་ཏུ་རྡོལ་བ་དང ། ལུས་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པ་དང ། བུ་དང་ཆུང་མ་དང་ཕ་དང་མ་དང་གཉེན་བཤེས་རྣམས་ཀྱིས་བཏང་བར་འགྱུར་རོ། ། གང་ཆང་དེ་སྡོམ་པ་བླངས་པ་དག་གིས་འཐུངས་ན་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་རྣམ་པར་སྨིན་པ་མྱོང་བར་འགྱུར་བར་རིག་པར་བྱའོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་ 68-1-176a བརྟགས་ན་དེས་འཁོར་སྒྲ་ཆེན་པོ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར། སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པར་འགྱུར་རོ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་གང་གིས་གསོ་སྦྱོང་བ་རྣམས་ལ་ཆང་བླུད་ན་དེས་ནི་ལུས་དང་བྲལ་ནས་ངན་འགྲོ་ ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྒྲ་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། རོ་ཉེ་རབ་ཏུ་བཞུས་པས་ཐོག་མ་ཉིད་དུ་ཁར་ལྡུགས་སོ། །ཇི་ལྟར་དེ་དག་གིས་གསོ་སྦྱོང་བ་རྣམས་ལ་བླུད་པ་དེ་ལྟར་ལྕགས་ཀྱི་ཕོར་བུ་ རབ་ཏུ་འབར་བའི་ནང་ནས་ལྡུད་པ་ན། ཇི་ལྟར་སེམས་ཅན་དམྱལ་བ་གཞན་དག་ན་མེད་པ་སྙིང་རྗེ་བའི་སྒྲ་དེ་ལྟ་བུ་འབྱུང་བར་འགྱུར་རོ། །དེ་ལྟར་སྙིང་རྗེ་བའི་སྒྲ་ཀུན་དུ་འབྱིན་པ་ན་གང་སྒྲ་འབྱུང་བ་དེས་ནམ་མཁའ་དེ་ཐམས་ཅད་ཤིན་ཏུ་གང་བར་འགྱུར་རོ། །ལས་ཀྱི་དབང་ གིས་སེམས་ཅན་དམྱལ་བ་པ་དེ་རྣམས་དེ་ལྟར་ཁྲོ་བ་ན་ཁྲོ་བ་དེ་གཤིན་རྗེའི་མི་རྣམས་ཀྱིས་ཐོས་ནས་ཀྱང་ཉིས་འགྱུར་གྱིས་ཁྲོ་བར་བྱེད་དོ། །དེ་ལྟར་ཆང་བཏུང་བའི་འཐུང་བ་དེ་མ་ལེགས་པ་ཐམས་ཅད་བྱེད་པ་ཡིན་ཏེ། སེམས་མཉམ་པར་བཞག་པས་དགེ་བའི་ཚོགས་འཛིན་ པར་གྱུར་པའི་སེམས་དེ་ཆང་གིས་རྣམ་པར་འཁྲུག་པར་བྱེད་དོ། །རྣམ་པར་འཁྲུགས་པའི་སེམས་དེས་ནི་བྱ་བ་དང་བྱ་བ་མ་ཡིན་པ་སོ་སོའི་ངོ་མི་ཤེས་སོ། །དེས་ན་མི་དགེ་བའི་ཚོགས་ཐམས་ཅད་སློང་བར་འགྱུར་རོ། །གང་ཆང་བཏུང་བ་ལྡུད་པ་ནི་དེའི་རྒྱུ་མི་དགེ་བར་ འགྱུར་ཏེ། རྒྱུ་ཇི་ལྟར་བྱས་པ་དེ་ལྟར་འབྲས་བུ་ཉེས་པ་དང་བཅས་པར་འགྱུར་ལ་དེ་གནོད་པ་དེས་ཤིན་ཏུ་རྣོ་བ་དང་ཤིན་ཏུ་ཡུན་རིང་བར་གནོད་པ་དུ་མ་འབྱུང་ངོ ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ། སེམས་ཅན་དེ་དག་ 68-1-176b སེམས་ཅན་དམྱལ་བ་སྒྲ་ཆེན་པོ་དེར་གནོད་པ་ཆེན་པོའི་སྒྲ་འབྱིན་པ་དུ་མ་དག་འབྱུང་བར་འགྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་དེ་སྒྲ་ཆེན་པོ་ཞེས་བྱའོ། །དེ་དག་ཕྱིས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་དེ་མི་རྣམས་དང་སྐལ་བ་མཉམ་པར་གལ་ཏེ་མིར་སྐྱེས་ན། རྒྱུ་དང་འཐུན་པའི་འབྲས་བུས་དེ་ཡིད་མི་གཞུངས་པར་འགྱུར་ཞིང་དེ་དུས་ཐུང་ངུས་ཀྱང་བརྗེད་པར་འགྱུར། དེའི་ཡིད་གཞུངས་པ་ཆུང་བས་ལོངས་སྤྱོད་མེད་པར་འགྱུར་ ཞིང་སྐྱེ་བོ་ཡང་དགའ་བར་མི་འགྱུར། དེའི་ནོར་དེ་དག་མེད་པར་འགྱུར་ཞིང་ནད་ཆུང་ངུས་ཀྱང་འཆི་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན་དེས་ཀྱེ་མ་སེམས་ཅན་ དམྱལ་བ་ངུ་འབོད་ཀྱི་འཁོར་བཅུ་དྲུག་མཐོང་སྟེ། འདི་ལྟ་སྟེ། སྒྲ་ཆེན་པོ་དང ། ཐམས་ཅད་སྒྲ་འབྱིན་པ་དང ། སྐྲ་མེ་འབར་བ་དང ། མེའི་ཕྱེ་མ་སྲིན་བུ་དང ། ལྕགས་ཀྱི་མེ་འབར་བའི་གཏུན་ཤིང་དང ། རྡོ་མེ་འབར་བ་ཆར་ལྟར་འབབ་པ་དང ། གསོད་མེད་དང ། ལྕགས་ཚལ་དགོན་པ་དང ། རབ་རིབ་ཀུན་བསགས་དང ། གཤིན་རྗེའི་མཚམས་ཀྱི་དགོན་པ་དང ། ཤིང་ཤལ་མ་ལའི་ཚལ་ཆེན་དང ། ཆུ་ཤིང་བསྲེགས་པ་དུད་པའི་ཚལ་དང ། མེ་མདག་དུད་པའི་ཚལ་དང ། གློག་གི་ན་བུན་ཚལ་དང ། ཀུན་དུ་རྟོག་བྱེད་དེ། དེ་ དག་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་བཅུ་དྲུག་ཡིན་ནོ། །དེར་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དགེ་སློང་དེས་བརྟགས་ན། དེར་སེམས་ཅན་དམྱལ་བ་སྒྲ་ཆེན་པོའི་འཁོར་མཐོང་ནས་འཁོར་གཉིས་པ་ཐམས་ཅད་སྒྲ་འབྱིན་ལ་རྟོག་ པར་བྱེད་དོ། །དེས་བརྟགས་ན་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་གང་གིས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང ། དང་པོ་སྡོམ་པ་བླངས་མ་ཐག་ལ་ཆང་བླུད་ན་དེ་ལུས་དང་ 68-1-177a བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཐམས་ཅད་སྒྲ་འབྱིན་དུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་དམྱལ་བ་པ་རྣམས་ལྕགས་ཀྱི་གཏུན་ཤིང་གིས་རྡེག་པ་ན་དེ་ལྟ་དེ་ལྟར་སྒྲ་ཆེན་པོ་ འབྱིན་ཏེ། དེས་སེམས་ཅན་དམྱལ་བའི་འཁོར་དེ་དག་ཐམས་ཅད་གང་བར་འགྱུར་རོ། །གལ་ཏེ་ཁོར་ཡུག་དང ། ཁོར་ཡུག་ཆེན་པོའི་རི་དག་དང ། ཆུ་བོའི་འཁོར་དག་མེད་ན། སྒྲ་དེས་འཛམ་བུའི་གླིང་ལ་སོགས་པ་མིའི་གནས་བཞི་པོ་དེར་ཐམས་ཅད་ དུ་འབྱུང་བར་འགྱུར་རོ། །དེའི་ངུད་མོའི་སྒྲ་འབྱིན་པ་དེས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྙིང་རྗེ་ཞིང་དེ་སྲིད་དུ་རོ་མེད་པ་ཡིན་ཏེ། དེ་དག་རང་གི་ལས་དང་འཐུན་པར་སེམས་ཅན་དམྱལ་བ་པ་དེ་དག་གིས་དེ་སྲིད་དུ་ངུ་བའི་ སྒྲ་འབྱིན་ཏོ། །དེ་དག་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ཆུ་དཀོན་ པའི་ཡུལ་དང་འབྲོག་ཏུ་སྐྱེ་བར་འགྱུར་ཏེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པའི་འབྲས་བུ་ནི་སྔ་མ་བཞིན་ནོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་ དམྱལ་བ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འཁོར་སྐྲ་མེ་འབར་བ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་པ་དག་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །དགེ་བསྙེན་བསླབ་པའི་གཞི་ལྔ་ཡོད་པ་ལ་ཆང་འཐུང་བ་ཡོན་ཏན་ཡིན་པར་བསླབ་པའི་གཞི་འཛིན་དུ་བཅུག་ན། དེ་ལུས་ 68-1-177b དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྐྲ་མེ་འབར་བར་སྐྱེ་བར་འགྱུར་རོ། །དེར་མེའི་ཆར་རབ་ཏུ་འབར་བ་གང་ཡིན་པ་དེས་སེམས་ཅན་དམྱལ་བ་པ་དག་གི་སྐྲ་ལ་སོགས་པ་ནས་རྐང་པའི་བར་དག་ཏུ་སྲེག་ཅིང་འཚེད་ལ་རབ་ཏུ་འབར་རོ། །སེམས་ ཅན་དམྱལ་བ་པ་དེ་དག་གི་རྐང་པ་དག་ལ་ནི་ཁྱི་དང ། གླད་པ་ལ་ནི་བྱ་རྒོད་མཆུ་རབ་ཏུ་འབར་བ་དང ། དབུས་སུ་ནི་ཝ་དག་གིས་ཟ་སྟེ། དེ་ལྟར་རང་གི་མི་དགེ་བའི་ལས་བྱས་པས་སྲེག་ཅིང་ཟའོ། །ཉོན་མོངས་པ་དེ་དག་ངུ་བཞིན་དུ། གཤིན་རྗེའི་མི་རྣམས་ལ་འདི་སྐད་ཅེས་ སྨྲས་སོ། །བདག་ཅག་སྙིང་རྗེའི་གནས་སུ་གྱུར། །ཁྱོད་ལ་སྙིང་རྗེ་མེད་དམ་ཅི། །ཁྱོད་ལ་ཞི་བ་མེད་དམ་ཅི། །བདག་ལ་ཁྱེད་ཅག་སྙིང་མི་རྗེ། །དེ་དག་གིས་དེ་སྐད་སྨྲས་པ་དང ། གཤིན་རྗེའི་མི་དག་གིས་སླར་སྨྲས་པ། །ཇི་ལྟར་ཁྱེད་ཅག་གཏི་མུག་གིས། ། བསྒྲིབས་པའི་སྡིག་ལས་མང་པོ་བྱས། །མི་བཟད་པ་ཡིས་ཁྱེད་ཅག་བདས། །དེ་ནི་ངེད་ཀྱི་རྒྱུ་མ་ཡིན། །རྨོངས་པས་ཚུལ་ཁྲིམས་མ་བསྲུངས་ཤིང ། །སྡིག་པ་མང་པོ་བསགས་པ་བྱས། །སྡིག་པ་མང་པོ་བསགས་པ་ཡི། །འབྲས་བུ་དེ་ནི་ཉེ་བར་གནས། །དེ་ ལ་བདག་ཅག་རྒྱུ་མེད་དེ། །འདི་ནི་ཁྱེད་ཅག་ཉིད་ཀྱི་རྒྱུ། །གང་དག་སྡིག་པའི་ལས་བྱེད་པ། །དེ་ནི་ལས་དེའི་རྒྱུ་ཡིན་ནོ། །སྲེད་པའི་ཞགས་པས་བསླུས་པ་ཡི། །ཁྱེད་ཀྱིས་སྡིག་པ་གང་བྱས་པ། །དེ་ནི་ཁྱེད་ལ་དྲག་ཏུ་འཚེད། །ངེད་ལ་ཅི་ཞིག་སྨྲ་བར་བྱེད། ། སྡིག་པ་རྒྱུ་མེད་མ་ཡིན་ཏེ། །སྡིག་མ་བྱས་ལ་རྣམ་མི་སྨིན། །གང་གིས་སྡིག་པ་གང་བྱས་པ། །དེ་ལ་དེ་ནི་ཡོངས་སུ་སྨིན། །ཆང་ནི་དུག་གི་མཆོག་ཡིན་ཏེ། །ཆང་འཐུང་བ་ལ་བསྟེན་མི་བྱ། །ཆང་འཐུང་བ་ལ་བསྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་ འགྱུར། །གང་གིས་རྟག་ཏུ་ཆང་བསྟེན་པ། །དེ་ཡི་བློ་ནི་མི་བརྟན་ཞིང ། །བློ་ཡོ་བ་ལ་ཆོས་མེད་དེ། །དེ་ལྟ་བས་ན་ཆང་སྤོངས་ཤིག་།ཉམས་བྱེད་ནང་ན་ཉམས་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །མི་ལས་ཉམས་པས་ཉམས་བྱེད་པ།། 68-1-178a དེ་ལྟ་བས་ན་ཆང་མི་བསྟེན། །ཆང་འཐུང་བ་ལ་སྟེན་བྱེད་པ། །མི་སྡུག་སྡིག་པའི་ཆོས་ཡིན་ཏེ། །དེ་ལྟ་བས་ན་དུག་ལྟ་བུའི། །ཆང་འཐུང་བ་ནི་རྣམ་པར་སྤོངས། །ཆང་འཐུང་བ་ལ་གནས་པའི་སྐྱོན། །ནོར་ཟད་ངན་པར་རྗོད་བྱེད་ཅིང ། ། ལེ་ལོ་ཤིན་ཏུ་སྐྱེད་བྱེད་པས། །དེ་ལྟ་བས་ན་དེ་སྤོངས་ཤིག་།ཆང་གིས་འདོད་ཆགས་སྐྱེད་བྱེད་ཅིང ། །དེ་བཞིན་ཁྲོ་དང་གཏི་མུག་དག་།ཡང་དང་ཡང་དུ་སྐྱེད་བྱེད་པས། །དེ་ལྟ་བས་ན་ཆང་སྤོངས་ཤིག་།དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པའི་སེམས་ཅན་དམྱལ་བ་པ་དག་སེམས་ཅན་དམྱལ་བ་སྐྲ་མེ་འབར་བར་འཚེ་ད་དོ། །དེ་དག་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་ འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དང་རྒྱུ་འཐུན་པའི་འབྲས་བུས་གང་དུ་རྣམ་པ་ཐམས་ཅད་དུ་ཆང་མེད་པའི་ཡུལ་དེ་ལྟ་བུར་སྐྱེ་བར་འགྱུར་ཞིང་གཟུགས་དང་རོ་མངོན་པར་ཤེས་པར་མི་ འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ངུ་འབོད་ཀྱི་འཁོར་ལ་རྟོག་པར་བྱེད་དེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་གཞན་གང་ཞིག་ཡོད་སྙམ་མོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་ སེམས་ཅན་དམྱལ་བ་མེའི་ཕྱེ་མ་སྲིན་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་ཀྱི་རྣམ་པར་སྨིན་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་ བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །ཆང་འཚོང་བ་ནི་ཆུ་མང་བར་བྱེད་ལ་རིན་ཐང་གཞན་ཡིན་ན་གཞན་དུ་འཚོང་སྟེ། དེ་ལ་སྐྱོན་ཁ་ན་མ་ཐོ་བ་བརྫུན་དང ། མ་བྱིན་པར་ལེན་པ་དང ། ཆང་འཐུང་བ་དེ་དག་བྱུང་ངོ ། །དེ་ལུས་དང་བྲལ་ནས་ངན་ 68-1-178b འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མེའི་ཕྱེ་མ་སྲིན་བུར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ནད་བཞི་བརྒྱ་རྩ་བཞི་འབྱུང་སྟེ། རླུང་ལས་གྱུར་པ་བརྒྱ་རྩ་གཅིག་དང ། མཁྲིས་པ་ལས་གྱུར་པ་བརྒྱ་རྩ་གཅིག་ དང ། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག་དང ། འདུས་པ་ལས་གྱུར་པ་བརྒྱ་རྩ་གཅིག་སྟེ། སེམས་ཅན་དམྱལ་བ་པ་དག་དང་འཐུན་པར་འབྱུང་ངོ ། །གང་ནད་གཅིག་གིས་ཉི་མ་གཅིག་ཏུ་འཛམ་བུའི་གླིང་དང ། བྱང་གི་སྒྲ་མི་སྙན་དང ། ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ལུས་འཕགས་ཀྱི་མི་དེ་དག་ཀུན་མ་ལུས་པར་འཆི་བར་བྱེད་པའི་ནད་ཀྱི་རྣམ་པ་དེ་ལྟ་བུ་དག་སེམས་ཅན་དམྱལ་བ་པ་དེ་དག་ལ་འབྱུང་བར་འགྱུར་རོ། །གནོད་པ་གཞན་དག་ཡང་དང་ཡང་དུ་འབྱུང་སྟེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་རང་གི་ལུས་དེ་དག་ལ་སྲིན་བུ་དག་ འབྱུང་བར་འགྱུར་ཏེ། གང་པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་དག་ལ་ཕུག་ཅིང་ཕུག་ཅིང་འཐུང་ངོ ། །དེ་ལྟར་མགོན་མེད་པ། གཤིན་རྗེའི་མིས་འཇིགས་ཤིང་ངུ་སྐད་འབྱིན་པ་ན་མེའི་གནོད་པ་རྣམ་པ་དུ་མ་འབྱུང་སྟེ། ཇི་སྲིད་ དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་མེ་དེས་སྲེག་ཅིང་འཚེད་ལ་རབ་ཏུ་འབར་བར་བྱེད་དོ། །དེ་དག་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་ དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ཆང་གི་ཉོ་ཚོང་གི་རྒྱུ་འཐུན་པའི་འབྲས་བུས་སྡུག་བསྔལ་བ་དང་དབུལ་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ངུ་འབོད་ ཀྱི་འཁོར་ལ་བརྟགས་ན་སེམས་ཅན་དམྱལ་བ་ལྕགས་ཀྱི་མེ་འབར་བའི་གཏུན་ཤིང་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་ 68-1-179a པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་ལྕགས་ཀྱི་མེ་འབར་བའི་གཏུན་ཤིང་དུ་སྐྱེ་བར་འགྱུར་ཏེ། སྔ་མ་བཞིན་ནོ། །སེང་གེ་དང ། སྟག་དང ། གཟིག་དང ། རི་སྐེགས་དང ། ཤང་ཤང་ཏེའུ་ དག་ཆང་གིས་བྲིད་དེ་ཉམས་པར་བྱས་ལ་བཟུང་ནས་བསད་པ་གང་ཡིན་པ་དེ་ནི་དེར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལྕགས་ཀྱི་གཏུན་ཤིང་རབ་ཏུ་འབར་བ་དག་འབྱུང་ངོ ། །ལས་ཀྱིས་བྱས་པའི་གཏུན་ཤིང་དེ་ རྣམས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཕྱེ་མར་རློག་ཅིང་གསོད་དེ་ཇི་ལྟར་བྱེ་མའི་ཚད་ཙམ་དུ་དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་ཕྱེ་མར་རློག་གོ། །ཚོར་བ་དེས་ཉམ་ཐག་པ་དག་འོ་དོད་འབོད་ངུ་སྐད་འབྱིན། སྨྲེ་སྔགས་འདོན་ཅིང་ཕན་ཚུན་དུ་རྒྱུག་སྟེ། བརྒྱུགས་པ་དང ། གཏུན་ཤིང་རབ་ཏུ་འབར་བ་རྣམས་ཀྱིས་ཀུན་དུ་འཚོག་གོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཚོར་བས་ཉེན་པའི་སེམས་ཅན་དེ་དག་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་སྤུ་གྲི་ དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་འཇོག་ཅིང་གཤོག་ལ་འདྲ་ལ་ལོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པས་དྲེག་ཅན་དུ་སྐྱེ་བར་འགྱུར། ལས་དེ་དང་རྒྱུ་འཐུན་པས་དབུལ་བར་འགྱུར་ཞིང་སྨན་པ་དང ། སྨན་སྦྱོར་བ་དང་བྲལ་བའི་ཡུལ་ངན་པ་དང ། རྩཝ་དང ། མྱ་ངམ་དང ། མེས་ཚིག་པས་ འཇིག་པ་མང་བའི་ཡུལ་ངན་པ་དག་ཏུ་སྐྱེ་བར་འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་དགུ་པ། དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་ 68-1-179b འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འཁོར་རྡོ་མེ་འབར་བ་ཆར་ལྟར་འབབ་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སེམས་ཅན་དམྱལ་བ་རྡོ་མེ་འབར་བ་ཆར་ལྟར་འབབ་པར་སྐྱེ་བར་འགྱུར་རོ། །ཆང་ནི་གཡུལ་འགྱེད་པའི་དོན་དུ་ཇི་ལྟར་གླང་པོ་ཆེ་ཆེན་པོས་གཡུལ་དུ་མི་མང་པོ་གསོད་པར་འགྱུར་ཏེ། དེ་ ལས་བདག་ཅག་རྒྱལ་བར་འགྱུར་བར་བྱའོ་སྙམ་ནས་གླང་པོ་ཆེ་དག་ལ་ཆང་བླུད་དེ། མི་བསད་ན་དེ་དག་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་རྡོ་མེ་འབར་བ་ཆར་ལྟར་འབབ་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེར་ལས་ལས་སྐྱེས་པ་མེ་རབ་ཏུ་འབར་བའི་གླང་པོ་ཆེ་སྲོག་ཐམས་ཅད་འཕྲོག་པར་བྱེད་པ་འབྱུང་སྟེ། དེས་མི་དེ་བཟུང་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་ཕུག་ཅིང་ཕྱེ་མར་རློག་པར་བྱེད། འཕེན་པར་བྱེད་ཅིང་རྣམ་པར་ འཚེ་བར་བྱེད། རྣམ་པར་འཁྲུག་པར་བྱེད་ཅིང་ཡན་ལག་དང་ཉིང་ལག་སོ་སོར་འབྱེད་པར་བྱེད་དོ། །དེ་ནས་དེ་ལས་ཐར་བར་འགྱུར་ཏེ། ཕྱི་ནས་དེ་གཤིན་རྗེའི་མི་རྣམས་ཀྱིས་གཟུང་ངོ ། །བཟུང་ནས་ཟངས་དམར་པོ་རབ་ཏུ་བསྐོལ་བའི་ནང་དུ་བཅུག་སྟེ། ཇི་སྲིད་དུ་ དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་ཀྱི་བར་དུ་དེ་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་ལ་གསོད་པར་བྱེད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེས་གླང་པོ་ཆེ་བསད་པར་བཤམས་ཀྱང་གླང་པོ་ཆེ་དེས་གསོད་པར་འགྱུར། དབུལ་ཞིང་བྱད་བཞིན་ངན་ལ་རྐང་པ་དང་ལག་པ་བོང་བུའི་རྐང་པ་ལྟར་འགྱུར་ 68-1-180a ཞིང་ལུས་རྟག་ཏུ་རྩུབ་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་ དམྱལ་བ་ཆེན་པོ་འཆི་མེད་ཅེས་བྱ་བ་མཐོང་ངོ ། །དེར་མི་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ པ་ནི་སྔ་མ་བཞིན་ནོ། །ཆང་ནི་བུད་མེད་གཞན་འོས་པ་མ་ཡིན་པ་ལ་བླུད་དེ་བླུད་ནས་ཀྱང་མྱོས་པས་འཁྲུལ་པར་བྱས་ལ། དེ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་འཆི་མེད་དུ་སྐྱེ་བར་འགྱུར་རོ། །དེར་ གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཁྱི་རབ་ཏུ་འབར་བ་དག་གིས་རླིག་པ་འབྱིན་པར་བྱེད་དོ། །ཕྱུང་ཞིང་བཏོན་ནས་ཀྱང་ཡང་ཤིན་ཏུ་འཇམ་ཞིང་སྡུག་པ་སྐྱེ་བར་འགྱུར་རོ། །ཡང་འབྱིན་པར་བྱེད་དེ། གནོད་པ་དོན་གྱིས་བྱེད་པས་ངུ་ སྐད་འབྱིན་པར་བྱེད་དོ། །དེ་ལྟར་དེ་དག་དེ་ལས་ཐར་ནས་གར་བབ་བབ་ཏུ་འབྲོས་སོ། །དེ་དག་བྲོས་པའི་མདུན་ན་ངམ་གྲོག་ཆེན་པོ་དེ་ལ་བྱ་རོག་དང ། བྱ་རྒོད་དང ། འུག་པ་དང ། བྱ་དྷྱ་མི་ཀ་ལྕགས་ཀྱི་མཆུ་དང་སེན་མོ་རབ་ཏུ་འབར་བ་རྣམས་ཀྱིས་ གང་བ་མཐོང་ངོ ། །ངམ་གྲོག་དེ་ལས་སེམས་ཅན་དམྱལ་བ་འཁམས་ཏེ་བཞིན་གྱུར་པ། མགོན་འདོད་པ། སྐྱབས་འདོད་པ་དེ་དག་རབ་ཏུ་ལྟུང་ངོ ། །དེ་ནས་བྱ་རོག་དང ། བྱ་རྒོད་དང ། འུག་པ་མཆུ་དང་སེན་མོ་རབ་ཏུ་འབར་བ་རྣམས་ཀྱིས་ཡན་ལག་ དང་ཉིང་ལག་སོ་སོར་ཕྱེ་སྟེ་ཟའོ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་ཡང་སྐྱེ་བར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལན་གྲངས་གཞན་ 68-1-180b ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་སྔ་མ་བཞིན་དུ་སྦྱར་ཏེ། ལས་དེའི་རྒྱུ་དང་འཐུན་པའི་འབྲས་བུས་རྒྱལ་པོས་བཟུང་ཞིང་ལུས་མདོག་ངན་པ་དང ། བཞིན་མདོག་ངན་པར་ གྱུར་ཅིང་དེ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང། འདོད་ པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་སྔ་མ་བཞིན་དུ་དེས་མཐོང་ངོ ། །ཆང་ནི་དུག་དང་སྦྱར་ནས་དགྲ་གསད་པར་བྱ་བའི་ཕྱིར་བླུད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་འཁོར་ལྕགས་ཚལ་དགོན་པར་སྐྱེ་བར་འགྱུར་རོ། །འདི་ལྟ་སྟེ། ལྕགས་ཀྱི་འཁོར་ལོ་འཁོར་བ་རབ་ཏུ་འབར་བ་དེར་སེམས་ཅན་དམྱལ་བ་པ་དེ་དག་ལྕགས་ཀྱི་ཐག་པས་བཅིངས་ནས་ལྕགས་ཀྱི་འཁོར་ལོས་སྐོར་བར་བྱེད་དོ། །སྐོར་བ་ན་དགྲ་གཤིན་རྗེའི་མི་རྣམས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་མཚོན་ཆ་དག་གིས་འདེབས་པར་བྱེད་དེ། ཇི་ལྟར་ཡུངས་འབྲུ་ཙམ་དུ་སེམས་ཅན་དམྱལ་བ་པ་དེ་དག་གི་ལུས་ཀྱི་ཤ་དེ་དག་ལ་ལྷག་མ་མ་ལུས་པར་བྱེད་ཀྱང་དེའི་ལས་ཉེས་པར་བྱས་པའི་རྣམ་པར་སྨིན་པས་དུས་ལས་འདའ་བར་ནི་མི་བྱེད་དོ། །གལ་ཏེ་དེ་དག་ལས་ཟད་ནས་འཁོར་ལོ་འཁོར་བ་དེ་ལས་ཐར་ནས་གར་བབ་བབ་ ཏུ་འབྲོས་པ་དང ། དེ་དག་ལས་ཀྱིས་བྱས་པའི་ལྕགས་ཀྱི་སྦྲུལ་རྣམས་ཀྱིས་བཟུང་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང ། སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་ཟའོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་དག་ལས་ཐར་ བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་སྦྲུལ་འཛིན་པའམ་མགོའི་ནོར་བུ་འབྱིན་པར་འགྱུར་ 68-1-181a ཡང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་སྦྲུལ་རྣམས་ཀྱིས་སྲོག་དང་འབྲལ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན་ དེས་འཁོར་རབ་རིབ་ཀུན་བསགས་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །སེམས་ཅན་སོ་སོ་འཚོ་བར་བྱ་བའི་ཕྱིར་ཆང་འཐུང་བའི་ཟོང་ངམ་རིན་བྱིན་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རབ་རིབ་ཀུན་བསགས་སུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་ བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་ཐམས་ཅད་མུན་པ་ཡིན་ཏེ། དེར་གནོད་པ་མྱོང་བ་ནི་གཤིན་རྗེའི་མི་དག་ཀྱང་མི་མངོན་ལ་འདི་དག་སུས་བྱས་ཞེས་གནོད་པ་ཡང་མི་མངོན་ཏེ། མུན་གནག་ལས་བྱུང་བའི་མེའི་ནང་དུ་འཇུག་གོ། ། མེ་དེའི་འོད་ཀྱང་ཤིན་ཏུ་མི་གསལ་བ་ཡིན་ཏེ། བར་སྐབས་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་མེ་དེའི་ནང་དུ་དེ་དག་སྲེག་ཅིང་འཚེད་ལ་གདུངས་སོ། །ངུ་ཞིང་སྐད་འབྱིན་པ་ན་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ སོག་ལེ་དག་གིས་ཀྱང་མགོ་ལ་སོགས་པ་ནས་རྐང་པའི་བར་དུ་ཕྱེད་མར་གཤེག་གོ། །ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་ མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་རྟག་ཏུ་སྐོམ་པ་དང་བཀྲེས་པས་གདུངས་པར་འགྱུར་ཞིང་དེར་ནོར་རྫས་དང་འབྲལ་བར་འགྱུར་ལ་གང་ན་བཟའ་བཏུང་ཉུང་བའི་གླིང་དེ་དག་ཏུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་ 68-1-181b དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་གཤིན་རྗེའི་མཚམས་ཀྱི་དགོན་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་ གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །གང་གིས་ནད་མི་བཟད་པས་ཐེབས་པ་དང ། བུ་བཙས་ པ་དག་ལ་ཆང་འཐུང་བའི་ཟོང་དང་རིན་གྱི་དོན་དུ་གོས་ཀྱི་རྒྱུའམ་ཟས་ཀྱི་རྒྱུ་བྱིན་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གཤིན་རྗེའི་མཚམས་ཀྱི་དགོན་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། རྐང་པ་དང ། སེན་མོ་ལ་སོགས་པ་གཤིན་རྗེའི་མིའི་ཁ་འབར་རབ་ཏུ་འབར་བ་དག་གིས་ཟ་བར་བྱེད་དོ། །ཟོས་ནས་ཀྱང་གནོད་པ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་མདུང་ཐུང་གི་རྩེ་མོ་རབ་ ཏུ་འབར་བ་དག་གིས་ལོ་འབུམ་ཕྲག་དུ་མར་འཚེད་ཅིང་སྲེག་ལ་གཤེག་ཅིང་གསོད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་ དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ཡུལ་ངན་པ་དང ། གནས་ངན་པ་དང ། རི་བྲགས་ངན་པ་དག་ཏུ་ཕག་འཚོ་བ་དང་ལོང་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཤིང་ཤལ་མ་ལིའི་ཚལ་ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན་གང་གིས་སྲོག་ 68-1-182a གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་མཆོག་ཏུ་མང་པོས་ཆང་ཤིན་ཏུ་ར་རོ་བར་འགྱུར་བའི་རྫས་དེ་དག་སྦྱོར་བར་བྱེད་དེ། དེའི་ཆང་ཇི་ལྟར་ཁ་ཅིག་ནི་དར་བ་ལྟ་བུ་དང ། ཁ་ ཅིག་ནི་ཆུ་ལྟ་བུ་དང ། ཁ་ཅིག་ནི་ཞོག་ཆུ་ལྟ་བུ་དེ་ལྟར་བཅོས་ནས་འབྲོག་དགོན་པར་ཞུགས་པའི་དེད་དཔོན་དག་ལ་བླུད་དེ། དེ་ཡང་ར་རོ་ཞིང་ཤིན་ཏུ་ར་རོ་བར་འགྱུར་བ། དེ་ཀུན་གྱིས་ཤིན་ཏུ་ར་རོ་བར་བྱས་ཏེ་ར་རོ་བ་དེ་དག་དེས་བསད་ནས་ནོར་གང་དང་གང་ཡོད་པ་དེ་ དང་དེ་དག་ཕྲོགས་ན་དེས་བསླུས་པ་ཡིན་པས་དེ་འཇིག་རྟེན་ན་ཆོམ་རྐུན་པ་ཞེས་བྱའོ། །དེའི་ལས་ཀྱིས་བསྐྱོད་པས་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཤིང་ཤལ་མ་ལི་ཆེན་པོའི་ནགས་སུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་ བར་འགྱུར་ཏེ། འདི་ལྟ་སྟེ། མེ་རབ་ཏུ་འབར་བའི་རྡོའི་ཆར་གྱི་ཚོགས་ཀྱིས་ལུས་དག་ཀུན་དུ་སྲེག་ཅིང་འབིགས་ལ་གཅོད་པར་བྱེད་དེ་སའི་བར་དུ་སྲེག་པར་བྱེད་དོ། །ཆུ་བོ་རབ་ཏུ་བསྐོལ་བའི་མེ་མདག་མ་དམར་པོ་ཚ་བས་བཞུས་པའི་ཆུ་རྟག་ཏུ་འཇིགས་པ་ཞེས་བྱ་བ་ཡོད་དེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཟངས་དང་རོ་ཉེར་བསྲེས་པ་རབ་ཏུ་བསྐོལ་བའི་ཆུ་བོ་དེར་ལོ་འབུམ་ཕྲག་དུ་མར་སྲེག་ཅིང་འཚེད་ལ་གཤིན་རྗེའི་མི་རྣམས་ཀྱིས་ཀྱང་རལ་གྲི་དང་མདའ་བོ་ཆེ་རབ་ཏུ་འབར་བ་དག་གིས་ཀུན་དུ་འདེབས་པར་བྱེད་དོ། ། དེ་ཕྱིས་ཐར་པར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་མིག་གི་མདོག་གནག་ཅིང་རྟག་ཏུ་ ཁྲོ་ལ་ཕྲག་དོག་མང་པོར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཤིང་ཤལ་མ་ལི་ཆེན་པོའི་ཚལ་ཡོད་པ་ 68-1-182b མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་དེ་ལུས་དང་བྲལ་ནས་ངན་འགྲོ་ ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཏེ། སྔ་མ་བཞིན་ནོ། །ཆང་གི་དབང་དུ་བྱས་ནས་སིངས་པོ་ལྟར་བཅོས་ཏེ། འབྲོག་དགོན་པའི་སྐྱེ་བོ་མང་པོ་དག་ལ་བླུད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཤིང་ཤལ་མ་ལི་ཆེན་པོར་ སྐྱེ་བར་འགྱུར་རོ། །དེ་ཆང་བླུད་པའི་འབྲས་བུས་དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལས་ཀྱིས་བྱས་པའི་ཤིང་ཤལ་མ་ལིའི་འཕང་དུ་དཔག་ཚད་གཅིག་ཙམ་ཡོད་པ་འབྱུང་སྟེ། འདབ་མ་སྤུ་གྲི་ལྟ་བུ་ཡིན་ལ། ཡལ་ག་མེ་འབར་བ་ལྟ་བུ་ཡིན།དུད་པ་བདུག་ཅིང་རླུང་དུག་ལྟ་བུ་འབྱུང་སྟེ། དེ་ལྟར་ཆང་གི་ལས་ཀྱིས་བྱས་པ་དེ་འབྱུང་ངོ ། །གང་དཔག་ཚད་གཅིག་ཚུན་ཆད་དུ་རླུང་དུག་ལྟ་བུས་གནོད་པར་བྱེད་ཀྱང་སྲོག་དང་འབྲལ་བར་ནི་མི་འགྱུར་རོ། །ཇི་ལྟ་ཇི་ལྟར་ཤིང་ཤལ་མ་ལི་ཆེན་པོའི་ནགས་དཔག་ཚད་སུམ་སྟོང་ ཡོད་པར་ཆུད་ན། དེ་ལྟ་དེ་ལྟར་མདག་མ་དང་དུ་བར་བསྲེས་པ་དུག་ལྟ་བུའི་ཤུགས་ཀྱིས་སྡུག་བསྔལ་འབུམ་སྙེད་མྱོང་ཡང་དུས་ལས་འདའ་བར་ནི་མི་འགྱུར་རོ། །གང་གི་ཚེ་ཤིང་ཤལ་མ་ལི་ཆེན་པོའི་ཚལ་དུ་སེམས་ཅན་དམྱལ་བ་པ་གཤིན་རྗེའི་མི་རྣམས་ཀྱིས་འཇིགས་པར་བྱས་པ་ ཆུད་པར་གྱུར་པ་དེའི་ཚེ་ཤིང་རྣམས་ལས་ཀུན་ནས་སྤུ་གྲི་ལྟ་བུའི་ཆར་རབ་ཏུ་འབབ་སྟེ། གང་ལག་ན་རལ་གྲི་དང་མདའ་བོ་ཆེ་མང་པོ་ཐོགས་པ་འཁྲུགས་པ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་དང་རྒྱུས་པ་དང ། གནད་དང ། ཀ་རནད་ར་དང ། རུས་པ་དང ། རྐང་ཐམས་ ཅད་ཡང་དང་ཡང་དུ་རྣམ་པར་གཤེག་ཅིང་འདྲལ་ལ་དུམ་བུར་བྱེད་དོ། །གཤིན་རྗེའི་མིས་འཇིགས་ཤིང་སྐྲག་པ་དེ་དག་ལྕགས་ཀྱི་ཤིང་ཤལ་མ་ལི་ཆེན་པོའི་ནགས་ཁྲོད་ན་ཁ་ཅིག་ནི་གྲིབ་མའི་ནང་ན་ཞུམ་ཞུམ་པོར་འདུག་།ཁ་ཅིག་ནི་ཤིང་ཁར་འཛེག་།ཁ་ཅིག་ནི་གཤིན་རྗེའི་ 68-1-183a མི་དེ་དག་དང་ཕྲད་ནས་རལ་གྲི་དག་གིས་འདེབས་ཤིང་གཤེག་གོ། །དེ་ཆང་འཐུང་བའི་འབྲས་བུས་གང་དག་གི་གྲིབ་མའི་ནང་ན་ཞུམ་ཞུམ་པོར་འཁོད་པ་དེ་དག་གི་མིག་ཀྱང་བྱ་རྒོད་ཀྱིས་འབྱིན་ཅིང་ཁུ་བ་ཡང་འཐུང་ངོ ། །ཆང་འཐུང་བ་དེའི་འབྲས་བུས་ཤིང་དེ་ལ་འཛེག་པ་ དེ་དག་ཀྱང་ཤིང་དེ་དག་ལས་ཡལ་ག་ལྷུང་བས་དེ་དག་དུམ་བུ་བརྒྱའམ་ཡང་ན་སྟོང་དུ་ཕྱེ་མར་རློག་གོ། །གང་དག་ཚལ་དེའི་ཐོར་ཏོ་ལ་འཛེགས་པ་དེ་དག་བ་ཚཝའི་ཆུ་བོ་བཞུས་པར་འཇུག་སྟེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ ཕྲག་དུ་མར་རྒྱུས་པ་དང ། རུས་པ་དང ། ལུས་ཉིད་ཀྱིས་གནོད་པ་མྱོང་བར་འགྱུར་ཏེ། འདི་ནི་དེའི་ཕྱོགས་འགའ་ཞིག་བསྟན་པ་ཡིན་ནོ། །དེ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དེ་ཡི་དགས་ དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་དང་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ཡིད་རྣམ་པར་གཡེངས་ཤིང་ནད་དྲག་པོའམ་གལ་ཏེ་སྙིང་ནད་དམ། གལ་ཏེ་ངལ་སྐྱེན་པ་མང་བའམ། གལ་ཏེ་རྐང་བམ་གྱིས་འདེབས་པར་ འགྱུར་ཞིང་གལ་ཏེ་ལོང་བས་ཉམ་ཐག་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན་དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆུ་ཤིང་ བསྲེགས་པའི་དུད་པའི་ཚལ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་བུད་མེད་ཡོན་ཏན་ཅན་དག་ལ་ཐབས་གཞན་གྱི་སྤྱོད་པས་བྲིད་དེ་བླུད་ནས་ར་རོ་བར་བྱས་ཏེ་སེམས་འཁྲུལ་བར་གྱུར་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་ནི་ལས་དེའི་རྣམ་པར་སྨིན་པས་ཀུན་ནས་ 68-1-183b དཔག་ཚད་ལྔ་ཡོད་པ་དེའི་ནང་དུད་པས་འཁྲིགས་ཤིང་རྒྱ་མཚོའི་ཀློང་གི་མེའི་མུན་གནག་གིས་གཏིབས་པ་ཟབས་སུ་ཀུན་ནས་རྒྱང་གྲགས་གསུམ་དུ་ས་བརྐོས་པ་དེར་མེ་མདག་ཁྲོལ་བུ་རབ་ཏུ་འབར་བས་ཤིན་ཏུ་གང་བའི་སའི་བུ་ག་དེར་སེམས་ཅན་དམྱལ་བ་པ་དེ་དག་ ཉིན་གཅིག་བཞིན་དུ་འཇུག་སྟེ་ངུ་སྐད་འབྱིན་པར་ཡང་མི་ནུས་ཤིང་དེ་བཞིན་དུ་འཛག་སྒོ་ཐམས་ཅད་ཀྱང་མེས་གང་བར་འགྱུར་རོ། །དེ་ལས་ཐར་ནས་ཆུ་ཤིང་གི་དུད་པ་དེས་དེ་ལྟར་ཡང་དང་ཡང་དུ་འཛག་སྒོ་ཐམས་ཅད་གང་བར་འགྱུར་ལ་འདི་ལྟར་མེ་དེ་ལ་བདེ་བར་སེམས་ཏེ། དུ་བ་དེའི་མཐུ་ནི་དེ་ལྟར་ཤིན་ཏུ་རྣོ་བ་ཉིད་ཡིན་ནོ། །དེ་ལས་ཀྱང་ཐར་ནས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་བྱ་དུ་བའི་མདོག་གི་ཕྲེང་བ་ཞེས་བྱ་བའི་མཆུ་ཤིན་ཏུ་རྣོ་བ་དེ་དག་གིས་རུས་པ་ཕུག་ནས་རྐང་དག་ལ་ཟ་བར་བྱེད་དོ། །དེ་ཕྱིས་ སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་གློ་དང་མཇུག་དོ་ དག་ལ་གདོན་གྱི་ནད་ཀྱིས་ཐེབས་ཤིང་དབུལ་བ་དང་ཚེ་ཐུང་བར་འགྱུར་བར་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ སེམས་ཅན་དམྱལ་བ་མེ་མདག་དུད་པའི་ཚལ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ ཏེ་མང་དུ་བྱས་པས་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་དགྲ་གསད་པའི་ཕྱིར་དང ། ཆོམ་རྐུན་དང་རྒྱལ་པོས་བཀྲབས་པ་གསད་པའི་ཕྱིར་བླུད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་མེ་མདག་དུད་པའི་ཚལ་དུ་སྐྱེ་བར་འགྱུར་རོ།། 68-1-184a དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དེར་ལས་ཀྱིས་བྱས་པའི་མེ་མདག་སྤུ་གྲི་ལྟ་བུའི་རླུང་ལྡང་ལ། རླུང་དེས་སེམས་ཅན་དམྱལ་བ་པ་དེ་དག་ཕན་ཚུན་གྱི་ཤུགས་ཀྱིས་ཐུག་ཅིང་ཤིན་ཏུ་ཐུག་གོ། །དེ་དག་གི་ལུས་ཕན་ཚུན་ཐུག་པ་ ན་ཇི་ལྟར་བྱེ་མ་ཆང་བ་ནས་གཏོར་བ་བཞིན་དུ་དེ་ལྟར་ལུས་དེ་དག་ཕྱེ་མར་ཟློག་རློག་གོ། །ཡང་ལས་ཀྱི་དབང་གིས་སྐྱེ་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་གནོད་པ་ཐམས་ཅད་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། སྤུ་གྲིས་གཤེག་ཅིང་མེའི་ཚོར་བ་དང ། ནད་ཀྱི་ཚོར་བ་དང ། མཚོན་ཆའི་ཚོར་བ་དང ། བ་ཚཝའི་ཚོར་བ་སྟེ། ཚོར་བ་མཆོག་ཏུ་ཚ་བ། མཆོག་ཏུ་འཇིགས་པ་དེ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་ འབུམ་ཕྲག་དུ་མར་མྱོང་བར་འགྱུར་རོ། །ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས། ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་གཞང་འབྲུམ་རིམ་གསུམ་པས་ཐེབས་པར་འགྱུར་ཞིང ། རྟག་ཏུ་གྲང་བའི་རིམས་ཀྱིས་ཐེབས་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་ པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་གློག་གི་ན་བུན་ཚལ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་བ་ནི་ཕྱི་རོལ་ལ་བློ་མངོན་པར་ཞེན་པའི་ངང་ཚུལ་ཅན་དག་སླུ་བའི་བསམ་པས་བླུད་ན་ལུས་དང་བྲལ་ནས་ངན་ 68-1-184b འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གློག་གི་ན་བུན་ཚལ་དུ་སྐྱེ་བར་འགྱུར་རོ། །དེ་དག་ལ་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་ཁྲུ་ཉིས་བརྒྱར་སེམས་ཅན་དམྱལ་བ་པའི་མེས་རབ་ཏུ་གང་བ་དེར་སེམས་ཅན་དམྱལ་ བ་པ་དག་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་འཇུག་སྟེ། རྐང་པ་ནས་མགོ་ལ་སོགས་པའི་བར་བཏེག་ཅིང་བཞུས་སོ། །ལས་ཀྱི་རླུང་གིས་ཡང་སྐྱེ་བར་འགྱུར་ལ་མེ་དེ་ནི་ལོ་མ་སྡུད་པ་ལྟ་བུ་ཡིན་ཏེ། ཇི་ཙམ་དུ་ཕྱོགས་བཅུར་ཐག་པས་དཀྲིས་པ་བཞིན་དུ་སེམས་ཅན་ དམྱལ་བ་པ་དེ་དག་དཀྲིས་ནས་ཇི་ལྟར་ཐལ་བ་ཡང་མི་མངོན་པ་དེ་ལྟར་སྲེག་པར་བྱེད་དོ། །ཡང་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ལྟར་ལོ་འབུམ་ཕྲག་དུ་མར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་ བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཆང་འཐུང་བའི་རྒྱུ་འཐུན་པའི་འབྲས་བུས་ཡུལ་ཡ་བ་ན་དང ། བ་ལྷི་ཀ་ དེར་སྐྱེས་ཤིང་བཀོལ་བས་ཉམས་པར་འགྱུར་ཏེ། ཤུགས་དྲག་པས་བཀོལ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན་དེས་འཁོར་ཀུན་དུ་རྟོག་བྱེད་ཅེས་བྱ་ བ་མཐོང་ངོ ། །དེར་སེམས་ཅན་དག་ལས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ནི་སྔ་མ་བཞིན་ནོ། །ཆང་འཐུང་ བ་ནི་ཇི་ལྟར་འདི་དག་ཆང་གིས་ཡིད་གཡེངས་ན་ལམ་དུ་འཇུག་པ་ལ་ངལ་བར་མི་འགྱུར་རོ་སྙམ་ནས་ལམ་དུ་འཇུག་པའི་ཆེད་དང ། རྔོན་པ་དག་རི་དགས་གསད་པ་ལ་འགྲོ་བ་འགྱོགས་པར་འགྱུར་རོ་སྙམ་ནས་བླུད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་ 68-1-185a བ་ཀུན་དུ་རྟོག་བྱེད་དུ་སྐྱེ་བར་འགྱུར་རོ། །དེ་དག་ལ་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འདོད་པ་གང་དང་གང་ཉིད་དུ་ཀུན་དུ་སེམས་པ་དེ་དང་དེ་ཉིད་གཤིན་རྗེའི་མི་དག་གིས་བརྒྱའམ་ཡང་ན་སྟོང་ངམ། བྱེ་བ་བརྒྱའམ་ཡང་ན་སྟོང་དུ་བྱེད་ དེ། སེམས་ཅན་དམྱལ་བའི་འཁོར་གཞན་དུ་གནོད་པ་གང་དང་གང་འབྱུང་བ་དེ་ཐམས་ཅད་ཀྱང་བཞི་འགྱུར་དུ་དེར་འབྱུང་སྟེ་སྔ་མ་བཞིན་ནོ། །སེམས་ཅན་དམྱལ་བ་པ་རྣམས་ལ་གཤིན་རྗེའི་མི་དག་གིས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་དེ་སྨྲས་པ། དེ་ཡི་ལས་ནི་ རྣམ་གསུམ་གྱིས། །གནས་སྐབས་དགུར་ནི་འཚེ་ད་བྱེད་ཅིང ། །རྣམ་པར་སྨིན་པ་བཞི་བཅུ་ཐམ། །དྲག་པོ་རབ་ཏུ་གཡོས་པར་འགྱུར། །དོན་མེད་གཞི་ནི་ཆང་ཡིན་ཏེ། །སེམས་ཅན་དམྱལ་བའི་བཞད་གད་པ། །དབང་པོ་ཐམས་ཅད་རྣམ་ཉམས་ཤིང ། ། དོན་མེད་པ་ཡི་རྒྱུར་གྱུར་ཏོ། །ཚིག་ལ་ཤིན་ཏུ་དགའ་བ་དང ། །ཆགས་པ་དང་ནི་འཇིགས་པ་དང ། །ངག་གི་སྐྱོན་དང་རློམ་པ་དང ། །ཚིག་རྩུབ་གཞི་ནི་དེ་ཡིན་ནོ། །ཆང་གིས་ཀུན་དུ་གཡེངས་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པ། །མི་དེ་ཕྱུགས་དང་ མཚུངས་པ་ཡིན། །དེ་ལྟ་བས་ན་ཆང་སྤོངས་ཤིག་།ཆང་གིས་གཡེངས་པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །རྟག་པར་ཆང་ནི་རྣམ་པར་སྤོངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ ཀུན་མེད་པར་བྱེད། །ངན་སོང་གསུམ་གྱི་ཐེམ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དགས་འཇིག་རྟེན་དང ། །ཆང་གི་སྐྱོན་གྱིས་བསླུས་པ་ཡི། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་དུ་དུག་ ནི་ཆང ། །དེ་བཞིན་དམྱལ་བའི་ནང་ན་དམྱལ། །ནད་ཀྱི་ནང་ན་ནད་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང ། །རིན་ཆེན་ཆོས་ནི་ཟད་བྱེད་ལ། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །མི་བཟད་ཆང་ནི་སྐྱེ་གནས་ 68-1-185b གཅིག་།རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་གིས་ཡང་བར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། །བསླུས་པར་འགྱུར་བ་ཅི་ཞིག་སྨོས། །ཆང་ལ་བསྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། །ངོ་ཚ་མེད་པར་བྱེད་ པའི་མཆོག་།ཡང་བ་དག་ཏུ་ཉེ་བར་བསྟན། །ཆང་གིས་ཕྲོགས་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང ། །ཐམས་ཅད་མི་ཡིས་མི་ཤེས་སོ། །གང་ཞིག་ཆང་ལ་སྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང ། ། རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་སྐྱེད་ཅིང ། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཁོ་ན་ཆང་ཡིན་ནོ། །མི་གང་དག་ནི་ཆང་སྤོང་བ། །ཆོས་ཀྱི་ངང་ཚུལ་ མཉམ་པར་བཞག་།གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོ་འོ། །ཆང་འཐུང་བ་ཡིས་བསླུས་པ་དག་།དེ་ནི་བྱེད་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྟུང ། །དོན་མེད་ཅི་ཞིག་ཡོངས་སུ་གདུངས། །འཐུང་བའི་ཚེ་ན་ཆང་ཞིམ་ སྟེ། །རྣམ་སྨིན་ཚེ་ན་མཆོག་ཏུ་ཚ། །ཀིམ་པ་ཀ་ནང་ཀིམ་པ་ཀ། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱོང་ན་བསིལ་ཡང་རྣམ་སྨིན་ཚ། །ཆང་ནི་དམྱལ་བར་འགྲོ་བར་བྱེད། །སྡིག་ པའི་ཆོས་རྣམས་བྱེད་པ་ལ། །སེམས་གཡེང་བ་དག་དགའ་བར་བྱེད། །ཕྱི་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་འགྱུར། །འདོད་པ་རྣམས་ལ་བློ་མི་གཏང ། །འདོད་པ་མཆོག་ཏུ་སླུ་བ་ཡིན། །འཁོར་བའི་འཆིང་བ་དྲག་པོ་སྟེ། །སེམས་ ཅན་དམྱལ་བ་ཀུན་གྱི་རྒྱུ། །གང་ཞིག་འདོད་པ་རྣམས་ལ་དགའ། །དེ་ཡི་སྡུག་བསྔལ་མཐའ་མེད་དོ། །འདོད་པའི་སྦྲུལ་གྱིས་ཟིན་པ་ལ། །བདེ་བ་ནམས་ཀྱང་ག་ལ་ཡོད། །ཁྱེད་ཅག་འདོད་པ་མི་བཟད་ཅིང ། །དྲག་པོ་སེམས་ཅན་དམྱལ་བར་འོངས། །གནོད་ 68-1-186a པ་ཤིན་ཏུ་མི་བཟད་ལ། །དོན་མེད་ཅི་ཞིག་ཡོངས་སུ་གདུང ། །གང་ཚེ་འདོད་པས་བསླུས་པ་ཡི། །ཁྱེད་ཅག་གིས་ནི་སྡིག་བྱས་པ། །དེ་ཚེ་ཅི་ཕྱིར་ཁྲོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང ། །བྱས་ལ་བསགས་པ་བརྟན་པ་ཡི། ། ལས་དག་གི་ནི་འབྲས་བུ་སྣང ། །སྡིག་པའི་ཚོར་བ་མི་བཟད་པས། །དེ་ལྟ་བས་ན་སྡིག་མི་བྱ། །སྡིག་པ་སྡིག་པའི་རྣམ་སྨིན་དེ། །རྟག་ཏུ་སྡིག་པ་རྣམས་སུ་སྨིན། །སྡིག་མི་བྱེད་ལ་སྡིག་མེད་དོ། །དེ་ལྟ་བས་ན་སྡིག་པ་སྤོངས། །སྡིག་པ་ཡོངས་སུ་སྤངས་ པ་ལ། །སྡིག་པའི་འཇིགས་པ་མེད་པ་ཡིན། །སྡིག་པ་རང་གིས་བྱས་པ་གནོད། །གཞན་གྱིས་སྤྱོད་པར་མི་འགྱུར་རོ། །དེ་ལྟར་གཤིན་རྗེའི་མི་དེ་དག་སེམས་ཅན་དམྱལ་བ་པ་དེ་རྣམས་ལ་རྗེས་སུ་སྟོན་པ་རྗེས་སུ་བསྟན་ནས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་ སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་རྣམ་པ་སྣ་ཚོགས་དག་བྱེད་དུ་འཇུག་གོ། །ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་ རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་མཆོག་ཏུ་ཁྲོ་བས་ཁྲོ་བར་འགྱུར་ཞིང་བཀའ་བློ་མི་བདེ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ ངུ་འབོད་ཀྱི་འཁོར་ལ་རྟོག་པར་བྱེད་ཀྱི། སེམས་ཅན་དམྱལ་བ་ཆེན་པོའི་འཁོར་གྱི་ཉེན་ཀོར་ལ་ཀུན་དུ་མི་རྟོག་སྟེ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མི་མཐོང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་སེམས་ཅན་དམྱལ་བའི་འཁོར་བཅུ་དྲུག་པོ་འདི་ཡང་ ཇི་ལྟར་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་བཞིན་ཏེ། བྱེ་བྲག་ཏུ་ན་སེམས་ཅན་དམྱལ་བ་དེར་གནོད་པ་གཞན་གང་དང་གང་དག་ཡོད་པ་སེམས་ཅན་དམྱལ་བ་དེ་ལ་ཚོར་བ་དེ་དག་ཐམས་ཅད་བཅུ་འགྱུར་དུ་འགྱུར་ཏེ། ལས་བྱས་པའི་རྒྱུ་གང་བརྟན་ 68-1-186b པ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། སྡོམ་པ་བླངས་པས་ཆང་ལྡུད་པའམ་འཐུང་བའི་ལས་ངན་པ་བཞི་འགྱུར་བྱས་པས་དེར་སྐྱེ་བར་འགྱུར་ཏེ། ལས་དེའི་འབྲས་བུ་རྣམ་པར་སྨིན་པ་བཞི་འགྱུར་གྱིས་ ཚེ་ཤིན་ཏུ་རིང་པོར་དེ་དག་ལ་ཚོར་བ་ཤིན་ཏུ་དྲག་པ་འབྱུང་ངོ ། །དགེ་སློང་དེས་བཞི་འགྱུར་མཐོང་ནས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་བསམས་པ་དང ། འཁོར་བ་ལ་ཡིད་འབྱུང་བ་ཡང་བཅུ་འགྱུར་དུ་ཡིད་འབྱུང་ངོ ། །ཡང་དགེ་སློང་ དེ་སེམས་ཅན་དམྱལ་བ་ཇི་ལྟ་བ་བཞིན་མཐོང་ནས་འཁོར་བ་ལ་ཤིན་ཏུ་འཇིགས་ཤིང་སྐྲག་སྟེ། ས་གཞན་བཅུ་པ་ལ་ཞུགས་པ། རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ཡང་ས་བླའི་གནོད་སྦྱིན་དག་གིས་ཤེས་ནས། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་མངོན་པར་བསྙད་དོ། །སྔ་མ་བཞིན་དུ་སྦྱར་ཏེ། ཚངས་རིས་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་པ་ཆེན་པོའི་བར་གྱིས་ཐོས་ནས་བདུད་ཀྱི་ཕྱོགས་ནི་དམའ་བར་འགྱུར་ཞིང་དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོ་བར་འགྱུར་རོ་ ཞེས་ཚངས་པ་ཆེན་པོའི་རིས་ཀྱི་ལྷ་དག་དགའ་སྟེ། རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་གཞན་ལ་བརྟགས་ན། དེ་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོ་ ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་ འཐུང་བ་དང ། བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་རྫོགས་པ་དེ་ནི་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ནི་ 68-1-187a སྔ་མ་བཞིན་ནོ། །མཆོག་ཏུ་བྱ་བར་དཀའ་བ་སྐྱེ་བོ་མཁས་པ་ཀུན་གྱིས་རབ་ཏུ་སྨད་པ། ངན་སོང་ཀུན་གྱི་སྒོར་གྱུར་པ་རྣམ་པ་དུ་ཞིག་གིས་བརྫུན་དུ་སྨྲ་བ་རྫོགས་པར་འགྱུར་སྙམ་ནས། འདི་ལྟ་སྟེ། རྒྱལ་པོའམ། བློན་པོའམ། འཁོར་གྱི་ནང་དུ་འདུག་ཀྱང་ རུང་སྟེ། གཉིས་ཤིག་ཆོས་ཀྱི་སྲང་ལ་ཞོན་ནས་རྩོད་པའི་ཚེ་དཔང་པོ་འདི་ནི་ཚད་མ་ཡིན་ཏེ། གང་འདིས་སྨྲས་པ་དེ་བདག་ཅག་གི་ཚད་མ་ཡིན་ནོ་ཞེས་སྨྲས་པ་ལས་དེ་ཡང་དྲན་བཞིན་དུ་དོན་གཞན་དུ་སྨྲའམ། གལ་ཏེ་ནོར་གྱི་ཕྱིར་རམ། གལ་ཏེ་ཕྱོགས་བཟུང་ངམ། གལ་ཏེ་འདོད་ཆགས་ཀྱིས་ བདག་ལ་བདག་ཉིད་སླུ་བ་ནི་སྔ་མ་བཞིན་ཏེ། འདི་ལྟར་བརྫུན་འདི་ལས་ཁ་ན་མ་ཐོ་བར་འགྱུར་བ་ཆུང་ཟད་ཀྱང་མེད་དེ། བདག་གིས་བརྫུན་དེ་བྱའོ་སྙམ་ནས། དེ་ལྟར་དེ་གྲུབ་པ་ན་ཉེས་པ་དོན་མེད་པ་བྱས་པ་དེ་ལས་དེ་གཉིས་ཀྱི་ནང་ནས་གཅིག་ལ་ཆད་པས་གཅོད་ དེ། གལ་ཏེ་བསད་དུ་དགོས་པའམ། གལ་ཏེ་གསོད་པའམ། གལ་ཏེ་ཁྱིམ་འཕྲོག་སྟེ། ཇི་ལྟར་ཉེས་པའི་ཚུལ་དང་འཐུན་པར་བརྫུན་དུ་སྨྲས་ན། དེའི་རྒྱུས་སྡིག་པའི་མི་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ངུ་འབོད་ ཆེན་པོར་སྐྱེ་བར་འགྱུར་རོ། །དེར་ཤིན་ཏུ་ཚེ་རིང་བར་འགྱུར་ཏེ། གང་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེ་ནི་ལྷའི་ལོ་བརྒྱད་སྟོང་ངོ ། །གང་མིའི་བགྲང་བའི་ཚུལ་གྱིས་ན། མི་ལོ་བརྒྱད་བརྒྱ་ལ་ཉིན་ཞག་གཅིག་སྟེ། དེ་འཕྲུལ་དགའ་བ་རྣམས་ཀྱི་ཉིན་ཞག་གཅིག་ ཡིན་ནོ། །དེ་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལྷ་དེ་རྣམས་ཀྱི་ཚེ་ནི་ལྷའི་ལོ་བརྒྱད་སྟོང་ཡིན་ལ་དེ་ནི་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་ཡིན་ཏེ། དེར་བརྫུན་སྨྲ་བ་སྡིག་ཅན་རྣམས་གནས་ སོ། །བདག་དང་གཞན་ལ་སླུ་བ་ནི་དགེ་བའི་རྩ་བ་ཐམས་ཅད་མ་རུང་བར་བྱེད་ཅིང་མུན་པ་ཆེན་པོར་གྱུར་པ། སྐྱེ་བོ་ཆེན་པོའི་ཡིད་ཆེས་པར་མི་བྱེད་ལ་སྐྱེ་བོ་མཁས་པ་ཀུན་དང་ལོ་སྟོང་དུ་མི་འཐུན་པ། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་ 68-1-187b པའི་སངས་རྒྱས་ཀྱིས་སྨད་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྐྱོན་དུ་བགྲང་བ། དགེ་བའི་རྩ་བའི་སྟེགས་ཐམས་ཅད་ལ་སྟ་རེ་ལྟ་བུར་གྱུར་པ། རྟག་ཏུ་གནོད་པས་ཡོངས་སུ་འགྱུར་བ། རོ་མྱགས་པ་སྙིང་པོ་མེད་པ་ལས་དུག་ ལྟ་བུར་ལངས་པ། འཁོར་བའི་འགྲོ་བ་ངན་པའི་རྒྱུར་གྱུར་ཅིང་ཉལ་ཉིལ་དུ་གྱུར་པ། ཁ་ནས་དྲི་མནམ་པ་སྐྱེད་པ། རྟག་ཏུ་སྡུག་བསྔལ་གྱི་དྲ་བའི་རྒྱུར་གྱུར་པ། མི་འདོད་ཅིང་མི་སྡུག་ལ་ཡིད་དུ་མི་འོང་བ་སེམས་ཅན་དམྱལ་བ་འཇིགས་པ་ཆེན་པོའི་ཕོ་ཉ། འཆི་བའི་ཚེ་རྣམ་པར་སྡངས་པ་ཆེན་པོར་བྱེད་པ། གཤིན་རྗེའི་མིའི་ཡུལ་དུ་ཕྱིན་པ་རྣམས་ཀྱི་མི་མཛའ་བ་ཆེན་པོར་གྱུར་པ། ཡི་དགས་དང ། དུད་འགྲོའི་འགྲོ་བ་དག་ལས་གཡང་ས་ལྟ་བུར་གྱུར་པ། ཉེས་པར་བྱས་པའི་ལས་ཀྱི་མཐའི་རྒྱུར་གྱུར་པ། དབུལ་པོའི་ རྒྱུར་གྱུར་པ། སེམས་ཅན་དམྱལ་བའི་འཇིགས་པ་ཆེན་པོ་བྱེད་པ། དུད་འགྲོ་དག་གཅིག་ལ་གཅིག་ཟ་བའི་རྐྱེན་དུ་གྱུར་པ། ཐོག་མ་མེད་པའི་དུས་ནས་ཞུགས་པ། འཁོར་བའི་ས་བོན་དུ་གྱུར་པ། བརྫུན་སྨྲ་བའི་འབྲས་བུས་དེར་སྐྱེ་བར་འགྱུར་རོ། །སེམས་ཅན་ དམྱལ་བ་ཆེན་པོ་དེའི་འཁོར་ནི་འདི་ལྟ་སྟེ། སྒྲ་འབྱིན་ཤིན་ཏུ་སྒྲ་འབྱིན་དང ། ཚོར་བ་དཔག་ཏུ་མེད་དང ། ཚོར་བ་རྩུབ་ཅིང་ཚ་ལ་བཟོད་པར་དཀའ་དང ། གནོད་པ་དཔེ་མེད་པ་དང ། ཐམས་ཅད་མུན་པ་དང ། འཇིག་རྟེན་བར་གྱི་དུ་བ་དང ། ཕྱེ་མ་ལེབ་ལྟར་རབ་ཏུ་ལྟུང་བ་དང ། སྲོག་འཆི་བ་དང་བཅས་ པ་དང ། གཞན་དུ་འགྱུར་བ་དང ། བསམ་པ་དགའ་མེད་དང ། ཕན་ཚུན་གནོད་པ་འཇུག་པ་དང ། ནགས་ཚལ་མེས་མཆེད་པའི་རྒྱུད་ལྟ་བུ་དང ། ཚོར་བ་རིང་བ་དང ། ཚོར་བ་མཐའ་ཡས་དང ། ཁཝའི་མཆུ་རྡོ་རྗེ་ལྟ་བུ་དང ། ཁྲག་དང་ རྐང་ཟ་བ་དང ། མེ་ལྕེ་བཅུ་གཅིག་སྟེ། དེ་དག་ནི་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་འཁོར་བཅུ་དྲུག་ཡིན་ནོ། །སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོ་དེར་སེམས་ཅན་དག་ལས་བྱས་ཤིང་བསགས་པ་གང་གིས་སྐྱེ་བར་འགྱུར་སྙམ་ན་ལས་ཀྱི་ཉེར་བསྡོགས་དང་ 68-1-188a ལས་ཀྱི་ལམ་དང ། ལས་ཀྱི་མཇུག་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སོ་སོར་འཇིགས་པ་ཆེན་པོ་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལྕེ་པད་མའི་ འདབ་མ་ལྟར་ཤིན་ཏུ་འཇམ་པ་དེ་ཁ་ནས་དྲངས་ཏེ་རྒྱང་གྲགས་གསུམ་དུ་བརྒྱངས་པ་གཤིན་རྗེའི་མི་འཇིགས་འཇིགས་ལྟར་འདུག་པས་དེ་བཟུང་ནས་གཤིན་རྗེའི་མི་རྣམས་ཀྱིས་ལྕགས་ཀྱི་ཐོང་གཤོལ་རབ་ཏུ་འབར་བ་དག་གིས་འབུགས་ཤིང་རྨེད་ལ་ཡོངས་སུ་འདྲལ་ལོ། ། ཟངས་དམར་པོ་རབ་ཏུ་འབར་བས་ཆག་ཆག་འདེབས་ཤིང་ལྕེ་ལས་བྱུང་བའི་སྲིན་བུ་ཁ་རབ་ཏུ་འབར་བ་དག་སྐྱེ་སྟེ། གང་ལྕེ་དག་ལ་ཟ་ཡང་བརྫུན་སྨྲ་བ་དེས་ལྕེ་དེ་དག་ཕྱིར་ཁའི་ནང་དུ་གཞུག་པར་མི་ནུས་སོ། །དེའི་ཁའི་ནང་གི་སོ་གང་ཡིན་པ་དེ་དག་ལ་སོ་སྲིན་ཨུ་ལུ་ཀ་ལ་ཞེས་ བྱ་བ་བྱུང་སྟེ། དེ་དག་གིས་འབྱིན་པར་བྱེད་ཅིང་དེའི་རྐན་ཡང་ལས་ཀྱིས་བྱས་པའི་རླུང་གིས་བྱེ་མའི་ཕྱེ་མ་ལྟར་ཕྱེ་མར་རློག་གོ། །དེའི་མིད་པ་ཡང་སྤུ་གྲི་ལྟ་བུའི་རླུང་གིས་འཇོག་པར་བྱེད་ལ། དེའི་སྙིང་ཡང་སྲིན་བུའི་མཆུ་རབ་ཏུ་འབར་བ་དག་གིས་ཟ་བར་བྱེད་དོ། །བརྫུན་ སྨྲ་བའི་ལུས་ཅན་ནི་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་གཞིར་སྐྱེས་ནས་སྲེག་སྟེ། ལས་བྱས་པས་ཀུན་ནས་བསླང་བའི་ལུས་ལས་བྱུང་བའི་སྲིན་བུ་རྣམས་ཀྱིས་ལུས་རབ་ཏུ་འབར་བའི་རྒྱུ་མ་དག་ལ་ཟའོ། །དེའི་ནང་ན་འདུག་པའི་སྲིན་བུ་རྣམས་དང ། ནད་རྣམས་ཀྱིས་ཚོར་ བ་མི་བཟད་ཅིང་ཚ་ལ་དྲག་པ་རྣམས་མྱོང་ངོ ། །ཕྱི་རོལ་དུ་ཡང་སྡུག་བསྔལ་རྣམ་པ་གཉིས་ཀྱིས་གནོད་དེ། འདི་ལྟ་སྟེ། མེ་ལས་བྱུང་བའི་སེམས་ཅན་དམྱལ་བ་པ་དག་ལ་གཤིན་རྗེའི་མི་རྣམས་ཀྱིས་ཚོར་བའི་རྒྱུ་རྣམ་པ་སྣ་ཚོགས་དག་གིས་འཇིགས་པ་བསྐྱེད་དོ། ། ཕུར་བུ་དག་གིས་ཀྱང་ཡན་ལག་དང་ཉིང་ལག་ཐམས་ཅད་དང ། ལུས་ཀྱི་རྩ་དང ། རྒྱུས་པ་དང ། རུས་པའི་གསེབ་ཐམས་ཅད་འབུགས་པར་བྱེད་དོ། །གཞན་ཡང་ཚོར་བ་རྣམས་ཀྱིས་མངོན་པར་གཙེས་པར་འགྱུར་ཏེ། འདི་ལྟ་སྟེ། སྟེའུ་ཡིས་ཡན་ལག་ནས་ 68-1-188b རུས་པ་ལ་སོགས་པའི་བར་ཐམས་ཅད་འཇོག་གོ། །བརྫུན་སྨྲ་བ་སྨྲས་པ་དེ་ནི་མཆོག་ཏུ་དོན་མ་ཡིན་པ་བྱེད་ཅིང་ཆོས་ཀྱི་སྟེགས་ཀུན་ལས་རྒལ་བ་ཡིན་ཏེ། བརྫུན་སྨྲ་བ་ནི་དོན་མེད་པ་ཐམས་ཅད་ཀྱི་སྒོར་གྱུར་པ། དགེ་བའི་ལོ་ཏོག་ཐམས་ཅད་ལ་སེར་བ་ལྟ་བུར་གྱུར་པ། ངན་འགྲོ་ཐམས་ཅད་ཀྱི་སྒོར་གྱུར་པ། བྱ་བ་མ་ཡིན་པ་ཐམས་ཅད་ཀྱི་གཞིར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཆེས་པར་འགྱུར་བ་མ་ཡིན་པ། འཕགས་པའི་སྐྱེ་བོ་ཀུན་གྱིས་མི་གཙང་བ་དང་འདྲ་བར་སྨད་པར་གྱུར་པ། རྫོགས་པའི་སངས་རྒྱས་དང་ཉན་ ཐོས་དང་རང་སངས་རྒྱས་དང་དགྲ་བཅོམ་པ་དག་གིས་དུག་བཞིན་དུ་རྣམ་པར་སྤངས་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་མུན་པར་གྱུར་ཅིང་སུ་ཡང་འདོད་པ་མེད་པ། གཅིག་ཏུ་སེམས་ཅན་དམྱལ་བ་མངོན་དུ་གྱུར་ཅིང་གཞན་དང་མཚུངས་པ་མེད་ པ། མུན་ནག་ཏུ་གྱུར་པ་ཡིན་ཏེ། རྣམ་པ་དེ་དག་ཏུ་གྱུར་པ་དོན་མེད་པ་འབྱུང་བ་ཡིན་ནོ། །གང་དག་སྨྲ་ཞིང་གང་དག་སྨྲས་པ་ན་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་རྒྱུ་དེ་དང་མཚུངས་པར་འབྲས་བུ་འབྱུང་སྟེ། དེའི་རྐང་པ་མེས་མར་སར་བཞིན་དུ་འཇུ་ཞིང་དེའི་བར་ཡང་ སོག་ལེ་རབ་ཏུ་འབར་བས་གཤེག་གོ། །དེ་ལུས་དང་ཡིད་ཐམས་ཅད་དུ་སྡུག་བསྔལ་ཞིང་དོན་མེད་པ་རྒྱུ་འཐུན་པའི་འཁོར་དེའི་མེས་སེམས་ཅན་དམྱལ་བ་ཆེན་པོ་དག་འཚེད་པ་ན། ནད་ཐམས་ཅད་ཀྱིས་སེམས་ཅན་དམྱལ་བ་མཚུངས་པར་ཀུན་དུ་ངུ་སྐད་འབྱིན་ཏོ། །ནད་མི་ བཟད་པ་དེ་དག་གི་མིང་གཟུང་བར་སླ་བ་ཡང་མ་ཡིན་ཏེ། དེ་ནི་ཇི་ལྟར་བསྟན་པ་བཞིན་དུ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མ་བརྒྱ་སྟོང་བྱེ་བ་བྱེ་བ་ཁྲག་ཁྲིག་ཁྲིག་ཏུ་སེམས་ཅན་དམྱལ་བ་པའི་ སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ 68-1-189a ལྟར་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་དུ་སྨྲ་བ་དག་གི་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་ཚེ་ཐུང་ལ་སེམས་གཡེངས་པ། མ་ནིང་སྐྱེ་བོ་ཀུན་གྱིས་སྨད་ཅིང་ ཡིད་བརྟན་པའི་གནས་སུ་མི་འགྱུར་རོ། །འདིར་ཚིགས་སུ་བཅད་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི། །ཆོས་གཅིག་ལས་ནི་འགལ་བྱས་པ། །འཇིག་རྟེན་ཕ་རོལ་རྣམ་རྒལ་བའི། །སྡིག་པ་དོན་མེད་གང་མེད་མིན། །ཀུན་ལ་ཡིད་ཆེས་མི་བྱེད་པ། །བརྫུན་ གྱི་ཚིག་ནི་མ་སྨྲ་ཤིག་།འཁོར་བར་གང་གིས་གནོད་པ་ནི། །བདེ་འགྲོ་ཉིད་ནི་མཐོང་མི་འགྱུར། །བརྫུན་ཚིག་རབ་ཏུ་འཇུག་པ་ནི། །འཇིག་རྟེན་གཉིས་ལ་གནོད་བྱེད་ཅིང ། །ཀུན་གྱི་རྣམ་པར་ལྡང་བྱེད་ལ། །ཆོས་རྣམས་ཀུན་གྱི་དགོན་པ་ཡིན། །གང་གིས་ བདག་ཉིད་གཅོད་བྱེད་པ། །ཉེས་སྨྲ་གང་དག་སྨྲས་པ་ནི། །མི་དག་སྐྱེས་མ་ཐག་ཏུ་ནི། །ཁ་ནས་སྟ་རེ་ལྟ་བུ་འབྱུང ། །གང་དག་བརྫུན་ཚིག་སྨྲ་བ་ནི། །དེ་ནི་དོན་མེད་ཀུན་གྱིས་བརྟགས། །ངན་སོང་ཀུན་གྱི་རྒྱུད་ཡིན་ཞིང ། །དེ་ནི་མུན་ནག་སྐྱེ་གནས་ གཅིག་།བདེན་པས་དམན་པའི་མི་དག་ནི། །མཁས་པ་ཀུན་གྱིས་རྣམ་པར་སྤངས། །འཇིག་རྟེན་འདིར་ནི་རྩཝ་ལྟར་འགྱུར། །ཕ་རོལ་ངན་སོང་རྣམས་སུ་འཚེད། །དཔའ་བོ་ཤིན་ཏུ་བརྫུན་མི་སྨྲ། །ཉོན་མོངས་བརྫུན་ཚིག་སྨྲ་བ་དག་།ཁ་ནས་རུལ་བའི་དྲི་འབྱུང་ ལ། །ཕྱི་ནས་ལུས་ཀྱིས་གདུངས་པར་འགྱུར། །བདེན་པ་རིན་ཆེན་རྣམ་སྤངས་པ། །དེ་ལ་ཆོས་ནི་མེད་པ་ཡིན། །ཆོས་ནི་རྣམ་པར་སྤངས་པ་ལ། །སྡུག་བསྔལ་མཐའ་མེད་གནས་པ་ཡིན། །ཆོས་རྣམས་ཀུན་གྱི་སྒྲོན་ཡིན་ཞིང ། །མཁས་རྣམས་རིན་ཆེན་ལྟ་ བུར་དགའ། །མཐོ་རིས་ལམ་གྱི་དམ་པ་ནི། །བདེན་པ་ཡིན་ཞེས་རིམས་བྲལ་གསུངས། །བདེན་པ་ཡིས་ནི་མཐོ་རིས་དང ། །བདེན་པར་སྨྲ་བ་ཐར་པར་འགྲོ། །བདེན་པས་དམན་པའི་མི་དག་ནི། །ཁྱི་དང་འདྲ་བར་རབ་ཏུ་བསྒྲགས། །གང་ལ་བདེན་པ་མེད་པ་ནི། ། 68-1-189b ཐ་ཤལ་ནང་ན་དེ་ཐ་ཤལ། །བདེན་པ་ཆོས་ཀྱི་ཐེམ་སྐས་ཏེ། །སྣང་བའི་འབྱུང་ཁུངས་ཆེན་པོ་ཡིན། །ཐར་པའི་ཆོས་ཀྱི་ལམ་ཡིན་ཞིང ། །ནོར་གྱི་ནང་ན་ནོར་མཆོག་ལ། །སྐྱབས་ཀྱི་ནང་ན་སྐྱབས་མཆོག་ནི། །བདེན་པ་ཡིན་ཞེས་མཁས་པས་བཤད། །སྣང་ བའི་ནང་ན་སྣང་བ་མཆོག་།མིག་གི་ནང་ནའང་མིག་དང་ལྡན། །ནོར་རྫས་མེད་ལ་ནོར་རྫས་ཏེ། །རྒྱན་གྱི་ནང་ནའང་རྒྱན་བཟང་ཡིན། །བདེན་པ་མི་ཟད་གཏེར་ཡིན་ཏེ། །རྒྱལ་པོ་ཀུན་གྱིས་དབྲོག་མི་ནུས། །མི་དག་གང་གིས་སྨྲ་བ་ནི། །འགྲོ་བ་མཆོག་ ཏུ་འགྲོ་བ་ཡིན། །ཇི་ལྟར་བདེན་པས་སྐྱེས་བུ་དག་།བརྒྱན་པ་མཛེས་ཏེ་ལྷ་འདྲ་འོ། །སྣ་ཚོགས་རྒྱན་གྱིས་སྐྱེས་བུ་དག་།བརྒྱན་པ་དེ་ལྟར་མཛེས་པ་མིན། །ཇི་ལྟར་འཇིག་རྟེན་ཕ་རོལ་དུ། །ཕ་མེད་མ་མེད་དོན་མེད་ཅིང ། །བཤེས་མེད་གཉེན་མེད་སྐྱབས་མེད་ པས། །དེ་ལྟར་རྟག་ཏུ་བདེན་པ་སྨྲོས། །མེ་ཡི་ནང་ན་མེ་མཆོག་ལ། །དུག་གི་ནང་ན་དུག་མཆོག་སྟེ། །ངན་འགྲོ་རྣམས་ཀྱི་ཐེམ་སྐས་ནི། །བརྫུན་པ་ཡིན་ཞེས་ཡོངས་སུ་བསྒྲགས། །རེག་ན་དུག་དང་མེ་འདྲ་བ། །བརྫུན་པ་རྣམ་པར་སྤང་བར་གྱིས། །བརྫུན་གྱིས་ བསྲེགས་པའི་མི་དག་ནི། །བསྲེགས་པ་ཡིན་ཞེས་མངོན་པར་བརྗོད། །དེ་ལྟར་མངོན་པར་འབད་ཀུན་གྱིས། །མི་དག་བརྫུན་ནི་མ་སྨྲ་ཤིག་།འཇིགས་ལ་སོགས་པ་ཉོན་མོངས་ཀུན། །བརྫུན་ལས་བྱུང་ཞེས་ཡོངས་སུ་བརྗོད། །དེ་ལྟར་དགེ་སློང་དེ་བརྫུན་གྱི་ལས་ཀྱི་ འབྲས་བུའི་དེ་ཁོ་ན་ལྐོག་ཏུ་མ་གྱུར་པ་མཐོང་བ། བདེན་པའི་ཡོན་ཏན་གྱི་དེ་ཁོ་ན་མཐོང་བ། དགེ་བ་དང་མི་དགེ་བའི་དེ་ཁོ་ན་མཐོང་བ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་འཁོར་ལ་རྟོག་པར་བྱེད་དེ། དེས་སེམས་ཅན་དམྱལ་བ་སྒྲ་འབྱིན་ཤིན་ཏུ་སྒྲ་འབྱིན་ ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན།གང་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ནི་སྔ་མ་བཞིན་ནོ།། 68-1-190a བརྫུན་སྨྲ་བ་ནི་རྩོད་པའི་ཚེ་རང་གི་གཉེན་འདབ་ཀྱི་ཕྱིར་རམ་ཕྱོགས་གཟུང་བའི་ཕྱིར་རམ། ཕྱོགས་སུ་གྱུར་པས་སྨྲས་ལ། དེ་སྨྲས་ནས་ཀྱང་འཆགས་པར་མི་བྱེད་སྐྱོན་དུ་མི་འཛིན་ལ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན། དེ་ལུས་དང་བྲལ་ནས་ ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྒྲ་འབྱིན་ཤིན་ཏུ་སྒྲ་འབྱིན་དུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དེའི་ལྕེ་གང་གིས་བརྫུན་སྨྲས་པ་དེ་ལ་ཆད་པས་གཅོད་པར་བྱེད་དེ། གཤིན་རྗེའི་མི་རྣམས་ཀྱིས་སྤུ་ གྲིས་མིད་པ་དྲལ་ནས་དེར་འབྱིན་ཏེ། ཕྱུང་ནས་བ་ཚཝའི་ཆུ་རབ་ཏུ་ཚ་བས་ཆག་ཆག་འདེབས་སོ། །ནང་ན་ཡོད་པའི་ལྕེ་ལ་རུལ་པའི་དྲི་རབ་ཏུ་འབྱུང་ཞིང་སྲོག་ཆགས་མར་ཀོ་ཏ་ཀའི་ཁ་རབ་ཏུ་འབར་བས་ཀྱང་ལྕེ་དེ་ལ་ཟའོ། །ལུས་ཀྱི་ཚོར་བ་ཡང་གང་སེམས་ཅན་ དམྱལ་བ་ཡང་སོས་ལ་སོགས་པའི་བཤད་པ་དེ་ཐམས་ཅད་ཀྱི་མཐའ་དག་སྔ་མ་བཞིན་དུ་ཇི་སྲིད་དུ་དེའི་བརྫུན་གྱི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་པ་དེ་ལ་འབྱུང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་ འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་སྨྱོན་པར་འགྱུར་ཞིང་དབུལ་བར་འགྱུར། སེམས་རྣམ་པར་གཡེངས་པ་དང ། ཚེ་ ཐུང་བ་དང ། དབང་པོ་མ་ཚང་བ་དང ། སྐྱེ་བོ་ཀུན་གྱིས་སྨད་པ་དང ། དོན་ཐམས་ཅད་མེད་པའི་སྐལ་བ་ཅན་དུ་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་འཁོར་ལ་ བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཇི་ལྟར་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་འཁོར་ཚོར་བ་དཔག་ཏུ་མེད་པ་ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་ 68-1-190b བརྟགས་ན། འདི་ལྟར་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་བྱས་པ་ནི་སྔ་མ་བཞིན་ནོ། །བརྫུན་སྨྲ་བ་ནི་འདོད་ཆགས་ཀྱི་རྒྱུའམ་ཞེ་སྡང་གི་རྒྱུ་མི་བཟད་པས་སྨྲས་ཤིང ། གཞན་ ལ་ཡང་འདི་ལྟར་འདི་ནི་བདག་ཅག་གི་མཛའ་བོ་མཆོག་ཏུ་སྡུག་པ་བདག་ཅག་ལ་བྱམས་པ་ཡིན་ཏེ། ཕྱོགས་བཟུང་བར་བྱ་ཡིས། བདེན་པར་མ་སྨྲ་ཤིག་ཅེས་བསྒོ་སྟེ། དེར་གཟེངས་བསྟོད་ཅིང་རབ་ཏུ་བཀོད་དེ་བཙུད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ ལྟུང་བ་སེམས་ཅན་དམྱལ་བ་ཚོར་བ་དཔག་ཏུ་མེད་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་བཤད་པ་དེ་མཐའ་དག་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་འབྱུང་སྟེ། གང་ལས་ཀྱི་ རྒྱུ་ལྕི་བའི་ཕྱིར་གནོད་པ་ཡང་ལྕི་བ་ཉིད་དུ་འགྱུར་རོ། །གནོད་པ་ལྕི་བ་ཉིད་ཀྱིས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་དག་པར་སྟོན་ཏོ། །དེ་ལྟར་འདི་ནི་དུས་མཐའ་མེད་པ་ནས་འཇིགས་པ་དང་རབ་ཏུ་ལྡན་པའི་ལས་དང་ཉོན་མོངས་པ་དང་བཅས་པ་ཟོ་ཆུན་གྱི་རྒྱུན་ལྟར་འཁོར་ བའི་འཁོར་ལོར་རབ་ཏུ་འཇུག་གོ། །སྡིག་པ་གཞན་ཐམས་ཅད་ཀྱི་གནོད་པ་གཞན་དུ་འཇུག་པ་ན་བརྫུན་དུ་སྨྲ་བ་ནི་ཆེས་སྡིག་པ་ཆེ་བ་ཡིན་ནོ་ཞེས་བརྗོད་དོ། །བརྫུན་དུ་སྨྲ་བ་རྫོགས་པ་ནི་དགེ་བའི་རྩ་བ་རྟོན་པ་གཅོད་པར་བྱེད་དེ། རྒྱུ་ཇི་ལྟ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཡང་ དེ་ལྟ་དེ་ལྟར་འགྱུར་ཏེ། རྒྱུ་འདིས་སེམས་ཅན་དམྱལ་བ་ཚོར་བ་དཔག་ཏུ་མེད་པར་ཚོར་བ་འབྱུང་བ་གང་ཡིན་པ་དེ་དག་བརྗོད་པར་མི་ནུས་སོ། །དེར་གནོད་པ་ནི་སེམས་ཅན་དམྱལ་བ་པ་གཞན་ཐམས་ཅད་དང་ཡང་མཚུངས་པ་མེད་དེ། སེམས་ཅན་དམྱལ་བ་པ་ སྡིག་པོ་ཆེའི་ཚོར་བ་འབྱུང་བ་ནི་འདི་ལྟ་སྟེ། སྲིན་བུས་བསླང་བའི་ཚོར་བ་དང ། སྲིན་བུའི་ཚོར་བ་དང ། སྐོམ་པ་དང་བཀྲེས་པའི་ཚོར་བ་དང ། རེ་ཐག་ཆད་པའི་ཚོར་བ་དང ། སོ་སོའི་མུན་ནག་གི་སྡུག་བསྔལ་མཐའ་ཡས་པའི་ཚོར་བ་དང ། ཕན་ཚུན་ཕོག་ 68-1-191a པའི་ཚོར་བ་དང ། སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་མི་འདོད་པའི་ཚོར་བ་དང ། ཚེ་རབས་དྲན་པའི་དགྲ་བགེགས་ཀྱི་མཚོན་ཆ་ས་རབ་ཏུ་གཅོད་པའི་ཚོར་བ་དང ། བ་ཚཝའི་ཆུ་བོ་ལས་ཤིན་ཏུ་སྒྲོལ་བའི་ཚོར་བ་དང ། ཕུར་བུ་ རྣམས་ཀྱིས་འདེབས་པའི་ཚོར་བ་དང ། རྨོག་ཐག་མེས་བསྲེགས་པའི་ཚོར་བ་དང ། རྩཝ་དར་བ་ལྟར་གཅོད་ཅིང་རྡོ་རྗེས་རེག་པའི་ཚོར་བ་དང ། ཀུན་ནས་མེ་དང་ཚལ་བསྲེགས་པའི་མེ་འབར་བའི་ཕྲེང་བའི་ཚོར་བ་སྟེ། དེ་ལ་སོགས་པ་སེམས་ཅན་དམྱལ་བ་དང་ འཐུན་པའི་ཚོར་བ་ཇི་སྲིད་དུ་བརྫུན་སྨྲ་བ་ཉེས་པར་སྤྱད་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གཡང་ས་ཆེན་པོ་ལྟ་བུའི་བརྫུན་གྱི་འབྲས་བུ་སེམས་ཅན་དམྱལ་བར་ཚོར་བ་དཔག་ཏུ་མེད་པ་འབྱུང་ངོ ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་བརྫུན་སྨྲ་བའི་རྒྱུ་འཐུན་པའི་འབྲས་བུས་དེ་རྟག་ཏུ་ནད་ཀྱིས་མངོན་པར་འདེབས་ ཤིང་སྐེར་བགེགས་པ་དང ། ཁ་ནད་ལ་སོགས་པ་འབྱུང་ལ། དབུལ་བར་འགྱུར། སྦྱིན་པ་པོའམ། སྦྱིན་བདག་ལ་སྨན་སློང་བ་ན་དེ་ཡིད་མི་ཆེས་པར་འགྱུར་ཏེ། འདི་ཡང་ངག་ལོག་པར་སྨྲའོ་སྙམ་ནས་མི་ཐོབ་སྟེ། དེ་ནི་ནད་མི་བཟད་པས་ཐེབས་ནས་འཆི་བའི་དུས་བྱེད་ པར་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཚོར་བ་རྩུབ་ཅིང་ཚ་ལ་བཟོད་པར་དཀའ་བ་ ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། རྒྱལ་པོའམ། བློན་པོས་བདག་རང་གི་དོན་དུ་རྒྱལ་སྲིད་ཀྱི་ཕྱིར་རམ། ནོར་རྫས་ཀྱི་ཕྱིར་རམ། སྲོག་གི་ཕྱིར་མངོན་སུམ་ 68-1-191b དུ་ཡིད་ཆེས་པར་སྨྲས་ལ། ཤིན་ཏུ་མངོན་པར་གནོད་པ་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཚོར་བ་རྩུབ་ཅིང་ཚ་ལ་བཟོད་པར་དཀའ་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། རང་གི་ལུས་ལས་ལས་ཀྱིས་བྱས་པའི་སྲིན་བུ་དག་སྐྱེ་སྟེ། ལུས་ཐམས་ཅད་ལ་ཞུགས་ཤིང་གནད་ཐམས་ཅད་ལ་ཞུགས་ལ། ཆུ་རྒྱུས་ཐམས་ཅད་གཅོད་ཅིང་རྣམ་པར་གཅོད་དོ། །སེམས་ཅན་དམྱལ་བ་གྲུབ་པ་དག་།ཤ་ཐམས་ཅད་ཟ་ཞིང ། གློ་བ་ཟ་ལ་ མི་བཟད་པར་ཡོངས་སུ་འགྱུར་བ་དག། སེམས་ཅན་དམྱལ་བ་དེར་ཚོར་བ་མེ་ལྟར་ཤིན་ཏུ་དྲག་པ་དག་ཚོར་བ་ཆེན་པོ་འཕེལ་བ་དང ། དུག་གི་ཚོར་བ་མེ་ལྟ་བུ་དང ། ཚོར་བ་ཤིན་ཏུ་དྲག་པ་ཇི་སྐད་བཤད་པ་དག་ནི་ཚོར་བ་རྩུབ་ཅིང་ཚ་ལ་བཟོད་པར་དཀའ་བ་ཡིན་ཏེ། སེམས་ཅན་དམྱལ་བ་སྡིག་པས་འཚོ་བ་དེའི་མི་བཟད་པ་གང་ཡིན་པ་དག་བརྗོད་པར་མི་ནུས་སོ། །སེམས་ཅན་དམྱལ་བ་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་མའི་མངལ་དུ་ཞུགས་ནས་དེའི་ཉེས་པར་བྱས་པའི་ ལས་དེས་ཇི་སྲིད་དུ་དེའི་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་བཙའ་བར་འགྱུར་བ་དེ་སྲིད་དུ། མ་ཡང་རྟག་ཏུ་ནད་བུ་ཅན་དུ་འགྱུར། གང་གི་ཚེ་མའི་མངལ་དེ་ནས་བྱུང་ནས་དེ་ཕན་ཆད་དེ་ཡང་བྱིས་པ་ནས་རྟག་ཏུ་ནད་བུ་ཅན་དུ་འགྱུར་ཏེ། སྨན་པ་ཐམས་ཅད་ཀྱིས་ནད་གསོ་བར་མི་ ནུས་པ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་ 68-1-192a གནོད་པ་དཔེ་མེད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་བྱས་ཤིང་བསགས་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ དང ། ཆང་འཐུང་བ་དང ། བརྫུན་དུ་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །འདི་ལྟ་སྟེ། བུ་རམ་ཤིང་དང ། ས་བསྡུ་བའི་དོན་དུ་ཞིང་གི་རྣང་རྒལ་ལ་སོགས་པ་བརྫུན་དང་གཡོ་ཐབས་ཀྱིས་འཕྲོག་ཅིང་རྩོད་ལ་གཞན་ལ་ཡང་བརྫུན་གྱིས་སླུ་ ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གནོད་པ་དཔེ་མེད་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་དེ་དག་ཐམས་ཅད་ཀྱི་སྔ་མ་བཞིན་དུ་འབྱུང་ངོ ། ། གང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ཡང་གནོད་པ་འབྱུང་བ་ནི་འདི་ལྟ་སྟེ། ལྕགས་མགར་སྦུད་པ་དབུགས་ཀྱིས་བཀང་བ་གཉིས་ཀྱིས་ལྕགས་རྡུང་ཞིང་གླེབས་པ་དེ་བཞིན་དུ་གཤིན་རྗེའི་མི་རྣམས་ཀྱིས་སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་དེར་སྦུད་པ་ གཉིས་ཀྱིས་འབུད་ཅིང་འཇུའོ། །ལས་ཀྱིས་བསྒྲུབས་པའི་ཚ་བ་ཐམས་ཅད་ཀྱིས་འབུད་ཅིང་འཇུའོ། །བརྡུང་ཞིང་གླེབས་པ་ནི་ལྕགས་བཞིན་ཀུན་དུ་རྡུང་ངོ ། །ཡང་སྐྱེ་བར་འགྱུར་ཏེ་དེ་ནས་ཕྱུང་ནས་རྫ་མའི་ནང་དུ་བཅུག་སྟེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་ སྤངས་ལ་ཟད་པར་མ་བྱས་པ་དེ་ཇི་སྲིད་དུ་མོན་སྲན་གྲེའུ་བཞིན་དུ་བསྐོལ་ཏོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་ གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་རྟག་ཏུ་སྐོམ་པས་གདུངས་ཤིང་ཁྲོ་ལ་སྐྱེ་བོ་ཐམས་ཅད་ཡིད་ཆེས་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་ 68-1-192b པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་ཐམས་ཅད་མུན་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པར་འགྱུར་རོ། །བརྫུན་སྨྲ་བ་ཡང་གཞན་གྱི་བུད་མེད་ལ་ཉལ་ནས་དེ་རྒྱལ་པོའི་ཕོ་བྲང་འཁོར་དུ་ འདི་ལྟར་བདག་གིས་བུད་མེད་འདི་ལ་མ་ཉལ་ཞེས་སྨྲ་ལ། བུད་མེད་ཀྱི་ཁྱིམ་ཐབ་མི་དེ་ལ་ཡང་གནོད་པ་བྱེད་པར་མངོན་པར་སྒྲུབ་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཐམས་ཅད་མུན་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་ འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྤྱི་བོར་ཕུག་ནས་དེར་ལྕེ་འབྱིན་ཏེ་ཕྱུང་ནས་ཀྱང་རལ་གྲི་དག་གིས་གཅོད་དོ། །བཅད་ཅིང་བཅད་ཅིང་ཡང་སྐྱེ་བར་འགྱུར་རོ། །ཡང་མཚོན་ཆ་ཧུ་ལུ་ཀ་རབ་ཏུ་འབར་བ་དག་གིས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་ བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་གཅོད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ ན། དེ་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དམུས་ལོང་དང་འོན་པར་འགྱུར་ཞིང་དེ་སྐྱེས་མ་ཐག་ཏུ་ཁ་ཟས་ལམ་པོ་ཆེ་དང་བཞི་མདོར་སྡུག་ཕོངས་པས་འཚོ་བར་འགྱུར། ཁྱིམ་གྱི་སྒོ་དུ་མར་ཁ་ཟས་སློངས་མོས་འཚོ་ཞིང་ཚེ་ཐུང་ལ་བུ་དང་ཆུང་མས་ཀྱང་སྤངས་པར་འགྱུར་བ་ མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་སེམས་ཅན་དམྱལ་བ་མུན་པ་དང་དུད་པ་ཞེས་བྱ་བ་ལ་བརྟགས་ཏེ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ 68-1-193a ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པར་འགྱུར་རོ། །བརྫུན་སྨྲ་བ་ཡང་ཚོང་པ་ཁེ་ སྤོགས་ཀྱིས་འཚོ་བའི་ཕྱིར། རྫས་འདི་ནི་ཚོང་པའི་ནང་ཁྲིམས་ཀྱིས་བདག་དབང་སྟེ། འདི་གཞན་མི་དབང་ཞེས་དེས་བརྫུན་སྨྲ་ཞིང་གཡོ་ཐབས་ཀྱིས་རྫས་འཕྲོག་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའི་འཇིག་རྟེན་མུན་པ་དང་ དུད་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྔ་མ་བཞིན་དུ་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་ལ་འབྱུང་བ་ལྟར་ཡན་ལག་དང་ཉིང་ལག་ཤིན་ཏུ་འཇམ་པ་ཐམས་ཅད་བཅད་ཅིང་གཏུབས་པ་དང་། ཡང་རབ་ཏུ་ངུའོ། །དེའི་སྡིག་པའི་ལས་ཀྱི་རྒྱུ་འཐུན་པ་རྣམ་པར་སྨིན་པ་ཚ་བ་རྣམ་པར་སྨིན་པ་ཆེན་པོས་ཤིན་ཏུ་འཇམ་པ་དེ་དག་ཀྱང་བཅད་ནས་སྐྱེའོ། །སེམས་ཅན་དམྱལ་བ་པ་དེ་ཆོ་ངེས་འདེབས་པ་ན། ཟླ་བ་དྲུག་ལུས་པའི་རུས་པ་གང་ཡིན་པ་དེ་དག་ཀྱང་རང་གི་ ལུས་ལས་བྱུང་བའི་སྲིན་བུ་རྡོ་རྗེ་མཆུ་ཅན་ལ་ཁ་རབ་ཏུ་འབར་ཞིང་ཁ་དོག་སྣ་ཚོགས་ཅན་དག་གིས་ཟ་ལ་གནོད་པ་སྣ་ཚོགས་དང ། གནོད་པའི་ཚོར་བ་བྱེད་དེ། དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་བརྒྱ་སྟོང་ཕྲག་ དུ་མར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་ རྒྱུ་འཐུན་པའི་འབྲས་བུས་དེའི་ལུས་ལས་དྲི་ང་བ་འབྱུང ། དེའི་མགོའམ་གོས་ལ་ཡང་དྲོད་གཤེར་ལས་སྐྱེས་པའི་སྲིན་བུ་སྐྱེ་བར་འགྱུར་ཞིང་དབུལ་བར་འགྱུར་རོ། །མཆུ་དང་བཞིན་ཁབ་ལྟར་ཕྲ་ལ་ཚེ་ཐུང་བར་ཡང་འགྱུར། ཚིག་ཡིད་མི་ཆེས་ཤིང་སྐྱེ་བོ་ཐམས་ཅད་ 68-1-193b མི་དགའ་ལ་སྡུག་ཕོངས་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ཏེ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཕྱེ་མ་ལེབ་ལྟར་འཇུག་པ་དང་འདྲ་བ་ཞེས་བྱ་བ་ལ་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ མང་དུ་བྱས་པས་འགྱུར་རོ། །བརྫུན་སྨྲ་བ་ཡང་དགེ་འདུན་གྱི་རྫས་ཀྱི་རྣམ་པ་ཉོ་བ་དང་བཙོང་བ་ཟས་སམ་གོས་ཅུང་ཟད་ཅིག་བླངས་ལ། དགེ་འདུན་གཞན་ལ་རིན་ཐང་ཆེན་པོར་འདེབས་ཤིང་ཆགས་པ་དང་ལྡན་པ་དག་དགེ་འདུན་དེ་དག་ལ་སླུ་བར་ཡང་བྱེད་དེ། འདི་ལྟར་ བདག་གིས་ཉོས་པ་འདི་དེ་བཞིན་དུ་ཁྱོད་ལ་སྦྱིན་ནོ་ཞེས་ཀྱང་སྨྲ་ཞིང་སྐྱེས་བུ་རྨོངས་པ་དེ་ཚོང་པའི་བདེ་ལ་ཆགས་ནས་བརྫུན་སྨྲའོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཕྱེ་མ་ལེབ་ལྟར་འཇུག་པ་དང་འདྲ་བ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་ གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཁྱིས་ལྟོ་ཕུག་ནས་རྒྱུ་མ་དག་ཟའོ། །གཤིན་རྗེའི་མི་རྣམས་ཀྱིས་སྟེའུ་རབ་ཏུ་འབར་བ་དག་གིས་རྒྱབ་ཀྱི་ཤ་བཞོགས་ནས་སྲང་གཅིག་གམ། སྲང་ཕྱེད་དུ་སྲང་གིས་བཅལ་ནས། ཁྱི་དག་ལ་སྦྱིན་པར་བྱེད་ཅིང་ རྐང་དབྱུང་བའི་ཕྱིར་སྟེའུ་རྣོན་པོ་དག་གིས་རུས་པ་ཡང་འཇོག་པར་བྱེད་དོ། །སྐམ་པ་རབ་ཏུ་འབར་བས་མགུལ་བའི་ཕྱོགས་ཕུག་ནས་ལྕེ་འབྱིན་ཏོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཕུར་བུ་རབ་ཏུ་འབར་བ་དག་བཙུགས་ནས་ཤ་དག་བཅད་ཅིང་རྒྱུས་པ་འབྱིན་ཏེ། དེ་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་རང་གིས་བྱས་པའི་ལས་སྤྱོད་ཅིང་བརྫུན་སྨྲ་བ་དེ་རྣམ་པར་འཚེད་དོ། །སེམས་ཅན་དམྱལ་བ་པ་དག་གཤིན་རྗེའི་མི་རྣམས་ལས་ཐར་ནས་མེ་རྟག་ཏུ་འབར་བས་གང་བའི་སེམས་ཅན་དམྱལ་བ་དེར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ 68-1-194a ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་ཕྱེ་མ་ལེབ་བཞིན་དུ་སྐྱེ་ཞིང་སྐྱེ་ཞིང་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་དམན་ལ་བཀྲེན་པ་དང ། གཞན་གྱིས་བཀོལ་བའི་རིགས་སུ་སྐྱེ་བར་འགྱུར། དེ་བྱིས་པ་ནས་ཀུན་ནས་ཤིན་ཏུ་ བསྲུངས་ཀྱང་མེས་ཚིག་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་ཤི་མ་ཐག་ཏུ་འཚོ་ཞེས་བྱ་བ་མཐོང་ངོ ། །དེར་ སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང་བརྫུན་དུ་སྨྲ་བ་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཤི་མ་ཐག་ཏུ་འཚོ་བར་སྐྱེ་བར་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་རྣམས་ཀྱི་ཚོར་བ་གང་ཡིན་པ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་འབྱུང་བའི་ སྟེང་དུ་ཁྱད་པར་དུ་ན་ཐོ་བ་དག་གིས་ཀུན་དུ་བཏགས་པ་ན། ཕོག་མ་ཐག་ཏུ་འཆི་བར་འགྱུར་ཞིང ། བཏེག་པ་དང་ཡང་འཚོ་བར་འགྱུར་ལ། ཕོག་པ་དང་ཡང་འཆི་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་དག་ལོ་འབུམ་ཕྲག་དུ་མར་སྐྱེ་ཞིང་འཆིའོ། །དེ་ ཉེས་པར་སྤྱད་པའི་ལས་ཀྱི་མཐའ་སྤྱད་པ་དེ་ལས་ཐར་ནས། མེ་ཏོག་ཨུད་པ་ལའི་ཚལ་མཐོང་སྟེ། སྐྱབས་འདོད་པ་དེ་དེར་བརྒྱུགས་པ་དང ། མེ་ཏོག་ཨུད་པ་ལ་དག་མེ་སྔོན་པོས་ཤིན་ཏུ་གང་བར་གྱུར་ཏོ། །བརྫུན་སྨྲ་བ་དེའི་འབྲས་བུ་དེ་གང་ཡིན་སྙམ་ན་འཇིགས་སར་ 68-1-194b འགྲོ་བའི་ཚོང་པ་གསད་པའི་ཕྱིར། ཆོམ་རྐུན་པ་གང་ཞིག་དགེ་སློང་གི་ཚུལ་དུ་ཞུགས་ནས་འཇིགས་ས་ན་ཆོམ་རྐུན་མེད་དོ་ཞེས་སྨྲས་པ་དང ། དེ་དག་ནང་དེར་དོང་སྟེ་ཕྱིན་པ་དང ། རྐྱེན་དེས་བཅོམ་པའི་ལས་དེའི་འབྲས་བུས་མེ་ཏོག་ཨུད་པ་ལ་གང་ཡིན་པ་དེ་དག་ མདག་མ་སྔོན་པོས་གང་བར་ཞུགས་པ་ཡིན་ཏེ་རྐང་པ་མེད་ཅིང་ཕྱིར་འབྱུང་བར་མི་ནུས་སོ། །དེའི་ལས་ཀྱི་ཚུལ་དེ་ལྟ་བུའི་མཐུས་དེ་ལག་པ་དང ། རྐང་པ་དང ། མིག་དང་བྲལ་ཞིང་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་ དུ་མར་མེ་ཏོག་ཨུད་པ་ལ་མདག་མེས་གང་བ་དེར་སྲེག་ཅིང་འཚེད་ལ་གསོད་ཅིང་ཡང་འཚོ་བར་བྱེད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་ འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པས་དེ་རྟོག་པ་པོ་དང ། གཡོ་ཐབས་སྨྲ་བར་འགྱུར། དེའི་ནོར་རྫས་བསགས་པ་རྒྱལ་པོས་འཕྲོག་ཅིང་དེ་ཡང་བཅིངས་པའི་ཚེ་འཆི་བའི་དུས་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་དམྱལ་བ་གཞན་དུ་འགྱུར་བ་ཞེས་ བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན།གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་ རོ། །བརྫུན་སྨྲ་བ་ཡང་དེ་དབྱེ་བའམ་གསོད་པའམ་ཕ་རོལ་ལས་རྒྱལ་བར་བྱ་བའི་ཕྱིར་གཡོ་སྒྱུ་སྨྲ་བ་ཡིན་ན། འདི་ལྟ་སྟེ། བདག་ནི་རྟག་ཏུ་བདེན་པར་སྨྲ་བ་ཡིན་ཏེ། བདག་བདེན་པ་སྨྲའོ་ཞེས་འཇིག་རྟེན་ཀུན་དད་པ་བསྐྱེད་ནས། དེ་དེའི་ཚེ་བརྫུན་སྣ་ཚོགས་སྨྲས་ 68-1-195a པ་གང་གིས་ཡུལ་འཁོར་འཇོམས་པར་བྱེད། སྐྱེས་བུ་དམ་པ་གསོད་པར་བྱེད། དགྲ་གཞན་གྱི་ནོར་རྫས་འཕྲོག་པར་བྱེད་དོ། །སྔོན་བདེན་པ་སྨྲའོ་ཞེས་འཇིག་རྟེན་ཡིད་ཆེས་པ་ཐོབ་པར་བྱས་ཤིང་དད་པ་བསྐྱེད་དེ། དེ་ནས་བརྫུན་སྨྲ་བ་ནི་ དེ་ཆ་ལུགས་བཟང་པོར་བསྒྱུར་ཅིང་རྐུན་མ་བརྫུན་སྨྲ་བ་ཡིན་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གཞན་དུ་འགྱུར་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། རྒྱང་རིང་པོ་ནས་དེའི་ མ་དང་ཕ་དང་བྲན་དང་བསྟེན་གྲོགས་དང་སྡུག་པའི་མི་དེ་དག་མཐོང་ངོ ། །སེམས་ཅན་དམྱལ་བ་དེས་མཐོང་བ་དང ། དེ་དག་གི་ཁ་ནས་དེས་ཚིག་སྙན་པ་དག་ཐོས་པ་དང ། དེ་དག་གི་དྲུང་དུ་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ། དཔུང་གཉེན་ ཚོལ་བས་རྒྱུག་གོ། །དེ་ཇི་ལྟ་ཇི་ལྟར་དེ་དག་གི་དྲུང་དུ་རྒྱུག་པ་དེ་ལྟ་དེ་ལྟར་མདག་མེ་མཚོ་ལྟ་བུའི་ནང་དུ་ནུབ་སྟེ། ཇི་ལྟར་རྡོ་ཆུར་བོར་བ་བཞིན་དུ་ནུབ་བོ། །དེ་ནས་འབྱུང་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་ཤིན་ཏུ་བསྲེགས་ཏེ། ཚོར་བས་ཉམ་ཐག་ནས་ངུ་ སྐད་འདོན་པ་ན། དེའི་ཕ་དང་མ་དང་བུ་དང་བསྟེན་གྲོགས་དག་མཐོང་བ་དང་ཡང་རྒྱུག་གོ། །དེ་ནས་ཡང་ལས་ཀྱིས་བྱས་པའི་གཤིན་རྗེའི་མི་སོག་ལེ་ཐོགས་པ་དག་ལམ་ནས་བྱུང་སྟེ། དེ་གཤིན་རྗེའི་མི་དེ་དག་གིས་བཟུང་ངོ ། །བཟུང་ནས་ཤིང་བཞིན་དུ་དབུས་ གཤོག་གོ། །དེ་རེས་འགའ་དེ་ལས་ཐར་ན་པགས་པ་དང ། རུས་པ་ཙམ་ལུས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་ཕུག་ཅིང་དྲལ་བའི་ལུས་རྨ་མཚན་ཅན་དག་གར་ཐར་ཐར་དུ་འབྲོས་སོ། །དེ་བྲོས་ན་ཡང་གཤིན་རྗེའི་མི་གཞན་དག་གིས་བཟུང་ངོ ། །བཟུང་ ནས་ལས་ལས་བྱུང་བའི་ཟོ་ཆུན་རྒྱུད་མའི་ནང་རྡོས་བཀང་བ་དེར་དེ་བཅུག་གོ། །དེ་ནས་ཟོ་ཆུན་རྒྱུད་མོ་རབ་ཏུ་འབར་བ་འཁོར་ལོ་ལྟར་བསྐོར་ཏེ། དེར་བརྫུན་སྨྲ་བ་དེ་ཕྱེ་བཞིན་དུ་འཐག་ཅིང་ཕྱེ་མར་རློག་གོ། །དེ་ཟོ་ཆུན་རྒྱུད་མོ་དེ་ལས་བྱུང་སྟེ། ཐར་ནས་མ་དང་ཕ་དང་། 68-1-195b བསྟེན་གྲོགས་དང ། སྙིང་དུ་སྡུག་པ་མཐོང་སྟེ། མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ། དེ་དག་གི་དྲུང་དུ་བརྒྱུགས་རྗེས་སུ་བརྒྱུགས་པ་དང ། ལས་ཀྱིས་བྱས་པའི་ལམ་དུ་ཕུར་བུ་དང ། ལས་ཀྱི་སྟག་བྱུང་སྟེ། དེ་དེས་བཟུང་ངོ ། ། བཟུང་ནས་ཁར་བཅུག་སྟེ། དེ་འགྲམ་སོའི་བར་དུ་བཅུག་ནས་ཕུར་བུ་རྣོ་ཞིང་རབ་ཏུ་འབར་བ་རྣམས་ཀྱིས་གཟེར་ནས་འདྲེན་ཏོ། །དེ་སེམས་པ་དང་ལྡན་ནས་རྒྱུག་པ་དང ། དེའི་རྐང་པ་ཡང་གཅོག་ཅིང་འཐུབ། བྱིན་པ་ཡང་གཅོད་ཅིང་འཐུབ་ལ་སྲེག་གོ། །དེའི་ ཡན་ལག་དང་ཉིང་ལག་ཐམས་ཅད་ཕུག་ཅིང་དྲལ་ལ་ལུས་བསྲེགས་ཤིང་ལུས་ཉམས་ལ་རྣམ་པར་ཉམས་པ་དང ། རྩ་དང ། རྒྱུས་པ་དང ། རུས་པ་དང ། ལུས་ཀྱི་ལྷག་མ་ལུས་པ་དག་ཤིན་ཏུ་རྒྱུག་སྟེ། དེ་ལྟར་བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ འབྲས་བུས་རྒྱུ་དང་འཐུན་པའི་འབྲས་བུ་གྲུབ་བོ། །འདི་ལྟར་དེ་བདེན་པར་སྨྲ་བར་བསྒྲུབས་ལ། དེ་ནས་བརྫུན་སྨྲ་ཞིང་གཡོ་ཐབས་སྨྲ་ལ་ཤུར་ལུང་སྨྲ་བ་དག་དེ་ལྟར་དེ་མ་དང་ཕ་དང ། བསྟེན་གྲོགས་དང ། སྙིང་དུ་སྡུག་པ་མཐོང་ངོ ། །བརྫུན་སྨྲ་བ་དེ་འདི་ལྟར་ཚོར་བ་རྩུབ་ པ་ཚ་བ།ཚོར་བ་རྣོ་བ། མཐའ་ཡས་པ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་སྲེག་གོ། །འཚེད་དོ། །གཅོད་དོ། །གསོད་དོ། །དེ་སེམས་ཅན་དམྱལ་བ་དེ་དག་ལས་ཐར་བར་འགྱུར་ཏེ། ཐར་ ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་དབུལ་ཞིང་ནད་བུ་ཅན་དང ། དམན་པ་དང ། དབང་པོ་མ་ཚང་བར་འགྱུར། སྐྱེ་བོ་ཐམས་ཅད་ལ་ཡིད་མི་ཆེས་ཤིང་ཞེ་འགྲས་པ་དང་མི་འཐུན་པར་འགྱུར། དེའི་བསམ་པ་ཐམས་ཅད་མི་འགྲུབ་ཅིང་ལོག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལོ་ 68-1-196a བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སེམས་ཅན་དམྱལ་བ་ཀུན་དགའ་ལ་རེ་བ་མེད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་ གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །བརྫུན་སྨྲ་བ་ནི་རྣམ་པ་འདི་དག་སྨྲ་བ་ཡིན་ཏེ། སྡུག་བསྔལ་བ་དང ། ནད་བུ་ཅན་དང ། ལྟོགས་ པ་དང ། དམན་པ་དང ། མགོན་མེད་པ་དང ། བཀྲེན་པ་དག་ལ་ནོར་རྫས་སྦྱིན་པར་ཁས་བླངས་པ་ལས་མ་བྱིན་པ་ཡིན་ཏེ། འབྲས་སཱ་ལུའི་བཟའ་བ་དང ། བཏུང་བ་དང ། གོས་དང ། མལ་ཆ་དང ། ཁྱིམ་སྦྱིན་པར་ཁས་བླངས་པ་ལས་མ་བྱིན་པ་དེ་ནི་རྒྱུ་དེས་ རེ་བ་མེད་པར་འགྱུར་ཏེ། དེ་ལུས་དང་བྲལ་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཀུན་དགའ་ལ་རེ་བ་མེད་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་གནོད་པའི་རྣམ་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། གང་གིས་བཟའ་བ་སྦྱིན་པར་ ཁས་བླངས་པ་ལས་མ་བྱིན་པ་དེ་ནི་སེམས་ཅན་དམྱལ་བར་བཟའ་བ་དང ། བཅའ་བ་ཞིམ་པོ་དང ། རྒྱན་སྣ་ཚོགས་ཀྱིས་བཀླུབས་པ་དག་མཐོང་ངོ ། །སེམས་ཅན་དམྱལ་བ་པ་ལྟོགས་པས་ཉེན་པ་དེ་དག་རྒྱང་རིང་པོ་ན་བཟའ་བ་ཉམས་དགའ་ཞིང་སྨོན་པའི་བཟའ་བ་ དེ་དག་མཐོང་སྟེ། བཟའ་བ་དེ་དག་གི་ཕྱོགས་སུ་རྒྱུག་པ་དང ། ལམ་ཕུར་བུ་དང ། སྤས་གང་ཞིང་ལམ་དུ་སོག་ལེ་རབ་ཏུ་འབར་བས་གཤེག་པ་ན་ཕྱོགས་དེར་རྒྱུག་པ་ནི་སྔ་མ་བཞིན་དུ་སྦྱར་རོ། །ནམ་ཟས་དེ་ཐོབ་པ་དང ། དེ་དག་ལྕགས་ཀྱི་ཐུ་ལུམ་རབ་ཏུ་ འབར་བ་ལྟ་བུར་གྱུར་ཅིང་དྲི་ང་ལ་མདོག་མི་སྡུག་པ་ལས་ཀྱིས་བྱས་པ་ཚུལ་ལོག་པར་མཐོང་སྟེ། དེ་ཉེ་བར་བལྟས་པ་དང ། མིག་གི་འབྲས་བུ་ལྟུང་ངོ ། །གང་གི་ཚེ་བསྣམས་པ་དང་དྲི་དེས་སྣ་ཚིག་ནས་བྱིད་དོ། །རེག་པས་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་ 68-1-196b ཚིག་སྟེ། དེའི་ལུས་སྲིན་བུ་མེ་ཁྱེར་ལྟ་བུར་བྱེད་དོ། །རོ་བྲོ་བ་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་ལྟ་བུས་ལྕེ་སྲེག་གོ། །དེ་བསྲེགས་ནས་ཡང་མིད་པ་དང ། སྙིང་དང ། མཆིན་པ་དང ། གཉེ་མ་དང ། རྒྱུ་མ་དང ། ཕོ་བ་དང ། ལོང་ཀ་ནས་རོ་སྨད་ཀྱི་བར་ དུ་བསྲེགས་ནས་འབྱུང་ངོ ། །ཡང་གང་གིས་མལ་ཆ་དང ། ཁྱིམ་སྦྱིན་པར་ཁས་བླངས་པ་ལས་བརྫུན་སྨྲས་པ་དེ་གྲང་བ་དང་ཚ་བས་གདུངས་ཤིང་རེ་བ་མེད་པར་བྱས་སོ། །སེམས་ཅན་དམྱལ་བ་པ་དེ་ས་གཞི་ཟངས་ཀྱི་གླེགས་མ་རབ་ཏུ་བཞུས་པར་བཞག་སྟེ། དེས་ ཡན་ལག་དང་ཉིང་ལག་ཐམས་ཅད་རྣམ་པར་འཇུ་ཞིང་སྲེག་གོ། །དེས་ཁྱིམ་སྦྱིན་པར་བྱས་པ་ལས་མ་བྱིན་པ་དེ་ཡང་འབྱུང་བར་འགྱུར་ཏེ། ཁྱིམ་གྱི་བརྫུན་སྨྲ་བ་དེ་ལྕགས་ཀྱི་ཁྱིམ་དགའ་བ་དང ། ཉེ་བར་དགའ་བ་ཚད་དཔག་ཚད་ལྔ་བཅུ་པར་ལྕགས་ཁུ་རབ་ཏུ་ བསྐོལ་བའི་ནང་དུ་འཇུག་གོ། །དེ་དེར་འོག་ནས་སྟེང་དུ། སྟེང་ནས་འོག་ཏུ་བསྐོལ་བ་ན། སྟེང་ནས་སྟེང་དུ་འབྱུང་ཞིང ། འོག་ནས་འོག་ཏུ་འབྱུང་བར་བསྐོལ་བ་དང ། རབ་ཏུ་ཚོས་ཏེ་ཡན་ལག་དང་ཉིང་ལག་ཐམས་ཅད་རྣམ་པར་ཞིགས་ཤིང་ཤ་དང ། རྒྱུས་པ་དང ། པགས་པ་དང ། རུས་པ་དང ། ཚིགས་ལྷག་མ་ལུས་པ་ཐམས་ཅད་ཀྱང་རྣམ་པར་ཞིགས་ནས་རབ་ཏུ་བསྐོལ་བས་གང་བའི་རྫ་མ་མུན་པ་མུན་ནག་དེ་གཉིས་ཀྱི་ནང་དུ་འབྱུང་སྟེ། གདུངས་ཤིང་རྣམ་པར་ཁྲོ་ལ་སྨྲེ་སྔགས་འདོན་ཏོ། །གང་རྫ་མ་གོང་མ་དེར་བཙོས་པ་དང ། དེའི་འོག་ཏུ་ལྕགས་ཀྱི་རྫ་མ་འོག་མ་དེར་རབ་ཏུ་འཚེད་དེ། འདི་ལྟར་འོག་ཏུ་འབྱུང་ཞིང་དེ་དག་གི་ཤུགས་ཀྱིས་གཅིག་ལ་གཅིག་ཕོག་སྟེ། ལུས་དུམ་བུ་བརྒྱའམ་གལ་ཏེ་སྟོང་དུ་གྱེས་སོ། །དེ་ནས་ཡང་འབྱུང་སྟེ། སེམས་ཅན་དམྱལ་བ་པ་གཞན་དག་ལ་ཕོག་སྟེ། ཇི་ སྲིད་དུ་བརྫུན་སྨྲ་བ་དེའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལས་ཀྱི་ཞགས་པས་བཅིངས་པ་དག་ཡང་ལན་འབུམ་སྙེད་དུ་རྣམ་པར་ཞིགས་སོ། །དེ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ 68-1-197a ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་བྲན་གྱི་རིགས་སམ་དེ་དང་འཐུན་པར་དེ་ཉིད་དུ་སྐྱེ་བར་འགྱུར་ཏེ། གང་ཁས་བླངས་པ་ལས་བརྫུན་དུ་སྨྲས་པ་དེ་ནི་དེ་དང་ འཐུན་པར་ལས་གཞན་དང་གཞན་དུ་འགྱུར་རོ། །དེ་ལ་འཁོར་བ་ཐོག་མ་མེད་པ་ནས་གནོད་པ་གང་ཞུགས་པ་ཐོག་མ་མེད་པ་ནས་དགེ་བ་དང་མི་དགེ་བའི་ལས་ཀྱིས་བྱས་པའི་རྒྱུད་ཀྱི་འཁོར་བའི་མཐའ་ཀུན་ཏུ་ཞུགས་པ་ལས་ཀྱི་རྒྱུད་ཀྱིས་དགའ་བའི་འདོད་ཆགས་ཀྱི་ མོད་ལ་སྲེད་པ་གང་བྱུང་བའི་གནོད་པ་དེས་གཞན་དག་གི་བྲན་དུ་འགྱུར་ཏེ། བཟའ་བ་དང ། བཏུང་བ་དང ། མལ་སྟན་དང ། ནད་ཀྱི་རྐྱེན་གསོས་སྨན་མེད་ཅིང ། ཇོ་བོ་དེས་རྟག་ཏུ་སྤྱོ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་ རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ནི་དེས་སྔ་མ་བཞིན་དུ་མཐོང་ངོ ། །བརྫུན་སྨྲ་བ་ནི་བཟོ་བོ་ ཚོགས་ཤིང་འདུས་པའི་ནང་དུ་སོང་ནས་རྒྱགས་པ་བདོ་བའམ་ཞེ་སྡང་ངམ་ཕན་ཚུན་མི་འཐུན་པས་གང་དུ་ཚོགས་ཤིང་འདུ་བའི་ཁྲིམས་བཅས་ཏེ་ཆད་པས་གཅད་པར་བྱ་བ་ལས། དེ་ཉེས་པ་མེད་བཞིན་དུ་བདག་དང་གཞན་བསླུས་ནས་ཆད་པས་གཅོད་པར་བྱེད་ཅིང་དེ་ཡང་གོམས་ པར་བྱེད། ལན་མང་དུ་བྱེད་ལ་ལས་ཀྱི་མཇུག་བསགས་པ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཕན་ཚུན་གནོད་པ་འཇུག་པར་སྐྱེ་བར་འགྱུར་ཏེ། གང་གི་ཚེ་ཚོགས་ཤིང་འདུས་པ་དེ་དག་གི་ནང་དུ་སོང་ནས་གནོད་པ་བྱས་པའི་རྒྱུ་དེ་དང་རྐྱེན་ དེས་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཕན་ཚུན་གནོད་པ་འཇུག་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། གང་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་ལ་སོགས་པར་བཤད་པ་སྔ་ 68-1-197b མ་བཞིན་དུ་འབྱུང་བའི་སྟེང་དུ་བྱེ་བྲག་ཏུ་འབྱུང་བ་ནི་འདི་ལྟ་སྟེ། ལས་བྱས་པའི་སེམས་ཅན་དམྱལ་བ་དེར་སེང་གེ་མཆེ་བ་རབ་ཏུ་འབར་བ་འབྱུང་སྟེ། དེ་སེམས་ཅན་དམྱལ་བ་པ་བརྫུན་སྨྲ་བ་དེ་ལ་སྔོན་སྨྲས་པའི་ཚོར་བ་དང་ལྡན་པས་ཡང་ནས་ཡང་དུ་ཟའོ། །དེ་འགྲམ་པ་ཕྱེ་ བ་དང་འཚོ་བར་འགྱུར་ལ་བཙུམས་པ་དང་ཡང་ལུས་ཐམས་ཅད་ཟ་སྟེ། དེ་སོས་པ་དང་ཟའོ། །དེ་སོས་པ་དང་ཟ་བར་འགྱུར་ཏེ། དེའི་ལས་ཀྱིས་བྱས་པའི་སེང་གེའི་སོ་གཏམས་པའི་བར་དུ་ཆུད་པ་དང ། དེའི་ཁ་མདག་མ་རབ་ཏུ་འབར་བས་གང་སྟེ། དེ་སོས་ནི་ཟ་ལ་ མེས་ནི་ཅིག་ཅར་སྲེག་གོ། །དེ་ལྟར་བརྫུན་ཟེར་བ་དེ་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་གནོད་པ་དཔེ་མེད་པ་རྗེས་སུ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་སྦྲུལ་ལམ་སེང་གེའམ་སྟག་གམ་དོམ་གྱིས་གསོད་པར་ འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་ཟེར་བ་མཐོང་སྟེ། དེ་སྐྱེས་པའི་རིགས་གཅིག་པའི་སྤུན་གྱི་ནོར་གྱི་ཕྱིར་རམ། ཕ་དང་མེས་པོ་གཅིག་པའི་སྤུན་དེ་གཉིས་ནོར་གྱི་ཕྱིར་རྩོད་པ་ན། དེ་སྤུན་གཉིས་པའམ། ཁུ་བོའམ། དེ་དང་ རིགས་གཅིག་པའི་ཆེད་དུ་གཡོ་ཐབས་ཀྱི་བློ་དང ། བརྒྱད་པའི་བློས་བརྫུན་མངོན་དུ་ཟེར་ཞིང་ཤེས་པར་བྱས་རིག་པར་བྱས་ལ་ལས་དང་ལས་ཀྱི་མཇུག་དང ། ཉེར་བསྡོགས་དང་ལྡན་པར་གྱུར་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་ 68-1-198a བ་ཕན་ཚུན་གནོད་པ་འཇུག་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། གང་ཡང་སོས་ལ་སོགས་པའི་སྔ་མ་བཞིན་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་ལས་བྱས་པས་ཤན་པར་འགྱུར་ཏེ། གང་རང་གི་གཉེན་ འདབ་དེ་ལ་བསླུས་ཤིང་བརྫུན་བྱས་པས་ཤ་དེ་བཅད་ཅིང་བཅད་ཅིང་བདག་གི་ཁ་དེར་འཇུག་སྟེ། སེམས་ཅན་དམྱལ་བ་པ་ལ་དེ་ཟར་འཇུག་གོ། །སེམས་ཅན་དམྱལ་བ་པ་ཉེས་པར་བྱས་པའི་ལས་དེས་རང་གི་ཤ་དེ་ཡང་ལྕགས་ལྟར་རབ་ཏུ་འབར་ཞིང་རོ་བྲོ་བ་མེད་པ་ཡིན་ནོ། ། དེ་ལ་གནོད་པ་གཉིས་འབྱུང་སྟེ། ཤན་པ་བྱས་པས་ལུས་ལ་ཚོར་བ་འབྱུང་བ་དང ། བཀྲེས་ཤིང་སྐོམ་པ་བྱས་པ་གཉིས་ཏེ། དེར་ཤ་བཅད་པ་དང ། དེ་ལས་བྱུང་བའི་སྲིན་བུ་དག་སྐྱེས་ཏེ། གང་རུས་པ་གཞན་དག་དང ། རྐང་ཚུན་ཆད་ལ་ཡང་ཟའོ། ། དེ་ལྟར་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བ་ཕན་ཚུན་གནོད་པ་འཇུག་པར་སྐྱེ་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་རྣམས་ཀྱང་ཕ་དང་མེས་པོའི་ ནོར་འཐོབ་པར་མི་འགྱུར། ཡིད་ཆེས་པའི་གནས་སུ་མི་འགྱུར་ཞིང་དབུལ་པོར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ནགས་ཚལ་མེས་མཆེད་པའི་རྒྱུད་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ 68-1-198b ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། འབྲུའི་ཆང་དང ། སྦྱར་བའི་ཆང་མྱོས་པར་འགྱུར་བ་བླུད་པས་འགྱུར་རོ། །བརྫུན་སྨྲ་བར་འགྱུར་བ་ནི་གྱད་ཚོགས་ཤིང་འདུ་བའི་ནང་དུ་སོང་སྟེ། ཉེས་པ་བྱས་ནས་ཆད་པས་འཇིགས་པའི་ཕྱིར་བདག་གིས་ ཉེས་པ་མ་བྱས་ཞེས་སྨྲ་ན་དེ་ལུས་དང་བྲལ་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ནགས་ཚལ་མེས་མཆེད་པའི་རྒྱུད་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་ཡང་སོས་ལ་ སོགས་པའི་གནོད་པ་བསྡུས་པ་གང་ཡིན་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་འདིར་འབྱུང་བར་འགྱུར་རོ། །ཁྱད་པར་དུ་འབྱུང་བ་ནི་ལྕགས་ཀྱི་གླེགས་མ་རབ་ཏུ་འབར་བས་འཁྲིགས་ཏེ། དེ་ཀུན་ནས་ཁྲག་དང་ཤ་འདམ་ལྟ་བུར་གྱུར་ཅིང་ཤིང་ལྗོན་པ་ཀེང་ཤུ་ ཀ་ལྟར་མཚོན་འབབ་སྟེ། དེའི་ཚེ་དེའི་ལུས་དེ་ལ་ལྕགས་ཀྱི་གླེགས་མ་དེ་འབྱར་བར་འགྱུར་རོ། །གང་གི་ཚེ་ངུ་སྐད་འདོན་ན་དེའི་ཤ་དང ། ཚིལ་དང ། ཁྲག་ལྕགས་ཀྱི་གླེགས་མ་དེ་ལ་འཁྲིས་པ་གཤིན་རྗེའི་མི་དག་གི་ཤུགས་ཀྱིས་དེའི་ལུས་ལས་འཆུ་བར་བྱེད་དོ། །དེ་ སེམས་ཅན་དམྱལ་བ་དེ་ལས་ཐར་བ་དང ། མགོན་འདོད་པ། སྐྱབས་འདོད་པ། ཀུན་ནས་གཙེས་པ་གཤིན་རྗེའི་མི་རྣམས་ཀྱིས་འཇིགས་ཤིང་སྐྲག་པ། ལུས་ཤིག་ཤིག་པོར་གྱུར་པ་དེས་བ་ཚཝའི་ཆུ་བོ་གནོད་སྐྱེས་ཞེས་བྱ་བ་མཐོང་སྟེ། དེར་རབ་ཏུ་འཇུག་གོ། །དེ་ལྟར་གཤིན་རྗེའི་མི་རྣམས་ཀྱིས་ འཇིགས་པའི་ཟིལ་གྱིས་གནོན་པ་དེ་དག་ཞུགས་མ་ཐག་ཏུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང ། ལུས་ཆུ་རྒྱུས་མང་པོས་བརྒྱུས་ཤིང་སྦྲེལ་བ་དང ། པགས་པ་དང ། རུས་པ་ཀུན་རྣམ་པར་ཉམས་ཤིང་ལུས་ཀྱི་ཤ་སྙིལ་བའི་ལུས་དེ་མར་སར་གྱི་གོང་བུ་བཞིན་རབ་ཏུ་འཇུ་ཡང་དེའི་ཉེས་པར་བྱས་ པའི་ལས་ཀྱི་མཐུས་དེ་འཆི་བར་མི་འགྱུར་རོ། །ཇི་ལྟར་འོད་མའི་ལོ་མས་ཁེངས་པ། བར་མེད་པའི་ནགས་ཚལ་མེས་མཆེད་པའི་རྒྱུད་ཀུན་ནས་རྟག་ཏུ་འབར་བར་བྱས་པས་གང་ལ་མེས་མ་མཆེད་པའམ། གང་དུ་སེམས་ཅན་མི་སྲེག་པའམ། མི་འཚེད་པ་མེད་པ་དེ་ལྟར་སེམས་ཅན་དམྱལ་བ་ནགས་ 68-1-199a ཚལ་མེས་མཆེད་པའི་རྒྱུད་ལྟ་བུ་ལ་ཁབ་ཀྱི་བུ་ག་ཙམ་གྱི་ཕྱོགས་ཀྱང་མི་དམིགས་ཏེ། གང་དུ་སེམས་ཅན་དམྱལ་བ་པ་མགོན་འདོད་པ། སྐྱབས་འདོད་པ་དག་མི་སྲེག་པའམ། མི་འཚེད་པའམ། ངུ་སྐད་མི་འདོན་པའམ། མི་རྒྱུག་པ་མེད་ དོ། །དེ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་དེ་དག་ལས་རེ་ཞིག་ཐར་བར་མི་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་ བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེའི་ཁ་ནས་ཚིག་འཁུམས་པ་འབྱུང་སྟེ། སྨྲ་མི་ནུས་ཤིང་འཕྲལ་སྐད་ཀྱང་སྨྲ་བར་མི་ནུས་ན། ལེགས་པར་སྦྱར་ཏེ་སྨྲ་བ་ལྟ་ ཞིག་ནུས་པར་ལྟ་ག་ལ་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཚོར་བ་རིང་བ་ཞེས་བྱ་བ་མཐོང་ངོ ། ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། མི་དགེ་བ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་བྱས་ཤིང་བསགས་པར་འགྱུར་རོ། །བརྫུན་སྨྲ་བ་ཡང་རྣམ་པ་འདི་དག་སྨྲས་པར་ འགྱུར་ཏེ། སྔར་དྲན་བཞིན་དུ་ཆུང་ཟད་ཁས་བླངས་པ་ནི། དགེ་འདུན་ལ་དངོས་པོ་ཆུང་ཟད་ཁས་བླངས་པའམ། དེ་བཞིན་དུ་སངས་རྒྱས་དང་ཆོས་ལ་གསལ་བར་ཁས་བླངས་ལ་དེས་ཕྱིས་མི་བཟོད་པ་བྱུང་ནས་བདག་གིས་ཁས་བླངས་པ་མེད་དོ་ཞེས་སྨྲ་ལ་དགེ་འདུན་ལ་ཡང་དེའི་ཁས་ བླངས་པ་གང་ཡིན་པ་དེས་གནོད་པར་གྱུར་ན། དེའི་བརྫུན་དུ་སྨྲ་བ་དེ་བྱས་ཤིང་བསགས་ལ་འདུས་བྱས་པའི་འབྲས་བུས་སེམས་ཅན་དམྱལ་བ་ཚོར་བ་རིང་བ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་ཡང་ 68-1-199b སོས་ལ་སོགས་པར་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་འབྱུང་བའི་སྟེང་དུ་ཁྱད་པར་འབྱུང་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ།གཤིན་རྗེའི་མི་རྣམས་ཀྱིས་ཁབ་ཀྱི་རྩེ་མོ་རབ་ཏུ་རིང་བ་རྣོ་ཞིང་ཕྲ་ལ་རབ་ཏུ་འབར་བདག་གིས་འབིགས་པར་བྱེད་དེ། དེ་ཚོར་བས་ཉམ་ ཐག་ཅིང་ངུ་སྐད་འབྱིན་ཏོ། །དེ་ངུ་སྐད་འབྱིན་པ་ནི་འདི་ལྟ་སྟེ། དོང་བའི་ནང་མདས་བཀང་བ་དེ་ལྟར་དེའི་ཁ་དང་ལྕེ་ལ་ཁབ་དེ་དག་ཉིད་ཀྱིས་རྟག་ཏུ་འགེངས་ཏེ། དེ་ཚོར་བས་ཉམ་ཐག་པར་གྱུར་ཀྱང་ངུ་སྐད་འདོན་པའམ་སྨྲེ་སྔགས་འདོན་པར་མི་ནུས་སོ། །རང་གི་སེམས་ལ་ བརྫུན་སྨྲ་བས་བསླང་ཞིང་བདག་གཞན་སླུ་བར་བྱེད་པ་རྟག་ཏུ་ཚོར་བ་གཞན་དང་མི་འདྲ་བའི་ཚོར་བ་མྱོང་བར་འགྱུར་རོ། །སེམས་ཅན་དམྱལ་བའི་འགྲོ་བ་ལས་ཐར་ནས་ཀྱང་ཡན་ལག་དང་ཉིང་ལག་ཐམས་ཅད་བ་སྤུའི་ཁུང་བུ་འདྲ་ཞིང་ལུས་ཐམས་ཅད་ཉམས་པ་དག་དེར་གར་བབ་ བབ་ཏུ་ཚོར་བ་རིང་བས་ཉམ་ཐག་པར་ལྟུང་ངོ ། །དེ་ཇི་ལྟ་ཇི་ལྟར་ལྟུང་བ་དེ་ལྟ་དེ་ལྟར་ཁབ་ཤིན་ཏུ་རྣོ་བས་དེའི་ལུས་ལ་འཛུགས་པར་བྱེད་དེ། དེ་ཁབ་དེ་དག་གིས་ཡང་དང་ཡང་དུ་ཉམ་ཐག་པར་བྱེད་ཅིང་ཆེས་ཤིན་ཏུ་སྒྲ་འབྱིན་པར་བྱེད་ལ་ཁ་བཀབ་པས་ཟིལ་གྱིས་ནོན་པ་ནི་འཁུན་ ཞིང་ནང་དུ་འཁུན་པར་བྱེད་དོ། །གལ་ཏེ་ཁབ་དེ་དག་རེས་འགའ་ཁ་ནས་བྱུང་ན་དེ་ངུ་སྐད་འབྱིན་པར་ནུས་ལ། གཞན་དུ་ན་ཁ་བཀབ་པས་ཟིལ་གྱིས་ནོན་པ་དག་འཁུན་པར་བྱེད་དོ། །ལྕགས་ཀྱི་ས་གཞི་རབ་ཏུ་འབར་བ་དག་ལ་གྲེད་ཅིང་འགྲེ་ལྡོག་།རབ་ཏུ་འབྱིང་ཞིང་རབ་ ཏུ་འཇུག་ལ་གཡོ་བར་བྱེད་དེ། གཤིན་རྗེའི་མིས་ཉམ་ཐག་པ་སྟ་རེ་དང ། མདུང་ཐུང་དང ། མདའ་བོ་ཆེ་དང ། གཏུན་ཤིང་དང ། མཚོན་ཆ་ས་ལུས་ཐམས་ཅད་ཤིག་ཤིག་པོར་བྱས་སོ། །དེ་ལྟར་བརྫུན་སྨྲས་པ་དེ་ཇི་སྲིད་དུ་མདེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་ མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་བྱེ་བ་དུ་མར་ཚོར་བ་དེ་དག་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། 68-1-200a མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་ཚིག་ཡིད་མི་ཆེས་པར་འགྱུར། གང་དང་གང་ལ་དོན་བཅོལ་བའི་དེ་དང་དེ་ཁས་ལེན་པ་ཙམ་དུ་ཡང་མི་བཏུབ་ཅིང་དེ་ཤིན་ཏུ་དབུལ་བར་བྱས་པས་ཡིད་རེ་བ་མེད་པར་ འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སེམས་ཅན་དམྱལ་བ་ཚོར་བ་མཐའ་ཡས་པ་ཞེས་བྱ་བ་མཐོང་ངོ ། ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བས་འགྱུར་རོ། །བརྫུན་སྨྲ་བར་འགྱུར་བ་ནི་འདི་ལྟར་ཚོང་པ་རྒྱ་མཚོར་ཞུགས་པ་དག་ གིས་མཉན་པ་གདོས་པ་འཛིན་པ་ལ་ཆོམ་རྐུན་པ་རྣམས་ཀྱིས་སྙིང་བརྐམ་བཅུག་གམ། ནོར་རྫས་ཀྱིས་དབྱེན་བྱས་པ་ཡིན་ཏེ། ཆོམ་རྐུན་པ་དེ་དག་ཉིད་ཀྱིས་སམ་ཚོང་པ་དེ་དག་གི་ནང་ནས་ཁ་ཅིག་གིས་དབྱེན་བྱས་པས་ཚོང་པ་དེ་དག་ལ་གདོས་པ་འཛིན་པས། འདི་ལྟར་ཁྱེད་ཅག་རིན་པོ་ ཆེའི་གླིང་དུ་བཀྲིའོ་ཞེས་སྨྲས་ལ་དེ་དག་ལ་དེ་ལྟར་དམ་བཅས་ནས་བརྫུན་བྱས་ཏེ། ཐང་གི་གླིང་ལ་ཁྲིད་པ་ལས་དེར་གལ་ཏེ་བ་དན་སྔོན་པོ་མཐོང་བཞིན་དུ་ཆོམ་རྐུན་པ་འོང་ངོ་ཞེས་ཚོང་པ་དེ་དག་ལ་མ་སྦྲན་ཏེ། དེ་དག་ཀྱང་གདོས་པ་འཛིན་པ་བདེན་པ་སྨྲ་བ་དེ་བདག་ཅག་ལ་སླུ་བར་མི་བྱེད་དོ་ཞེས་་ ཡིད་བརྟན་ཅིང་འདུག་འདུག་པ་ལས་གདོས་པ་འཛིན་པ་དེས་ཆོམ་རྐུན་པ་དག་ཚོང་པ་དེ་དག་གི་ནོར་མེད་པར་བྱེད་དུ་འཇུག་ཅིང་བདག་ཀྱང་ནོར་རྫས་དེ་འཕྲོག་པར་བྱེད་ན་བརྫུན་སྨྲས་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཚོར་བ་མཐའ་ཡས་པར་སྐྱེ་བར་འགྱུར་རོ། ། དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པར་སྔར་བཤད་པ་བཞིན་དེ་དག་ཐམས་ཅད་དེར་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་སེམས་ཅན་དམྱལ་བ་པ་དེར་སྐྱེས་པ་དེ་དག་གི་མིག་ཕྲ་སྐམ་འདྲེན་པ་རབ་ཏུ་འབར་བ་དག་ 68-1-200b གིས་འདྲེན་ཏོ། །མིག་འདྲེན་པ་དག་གིས་དྲངས་པ་དང ། དེ་ནས་ཡང་ཤིན་ཏུ་གཞོན་ཤ་ཅན་སྡུག་པར་སྐྱེས་ཏེ། གནོད་པ་ཆེས་མང་བ་དག་གིས་དེ་འབྱིན་པར་བྱེད་དོ། །དེ་དག་གི་རྣ་བ་ཡང་རོ་ཉེ་རབ་ཏུ་བསྐོལ་བས་བཀང་ལ་གཤིན་རྗེའི་མི་རྣམས་ཀྱིས་ཡན་ལག་དང་ཉིང་ལག་ ཐམས་ཅད་སྤུ་གྲི། དག་གིས་འཇོག་པར་བྱེད་དོ། །སྲིན་བུ་ཏཱ་ལ་ལ་ལཝ་ལ་ཀ་ཞེས་བྱ་བས་དེའི་གཉེ་མ་དང་རྒྱུ་མའི་ནང་དུ་ཞུགས་ནས་རབ་ཏུ་ཟའོ། །ཕྱི་རོལ་དུ་ནི་མུན་པ་ཀུན་ནས་ཤིན་ཏུ་གནག་པ་དེར་འཇུག་ལ་ཕྱི་ནང་དེ་དག་ཐམས་ཅད་དུ་ཡང་ལས་ཀྱིས་བྱས་པའི་ཆུ་ སྲིན་རབ་ཏུ་འབར་བ་དག་འབྱུང་སྟེ། དེ་དག་གིས་ཟ་བར་བྱེད། ཁ་དང་སེན་མོ་དང་སོ་རྡོ་རྗེ་ལྟར་རྣོ་ཞིང་འབར་བ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་འབྱེད་པར་བྱེད། ཕྱེ་མར་རློག་པར་བྱེད་དེ། བྱེ་མ་ཆང་པ་ནས་གཏོར་བ་བཞིན་བྱེད་དོ། །དེ་སོའི་བར་དེ་ནས་ཐར་ ནས་ཆུ་སྲིན་རབ་ཏུ་འབར་བ་དེ་དག་གི་ལྟོའི་ནང་དུ་འཇུག་པར་བྱེད་དོ། །དེ་ལྟར་དེ་དག་ཆུ་སྲིན་གྱི་ལྟོ་དེར་ལོ་འབུམ་ཕྲག་དུ་མར་ལོ་བྱེ་བ་ཕྲག་དུ་མར་ཆུ་སྲིན་དེ་དག་གི་ལྟོ་རབ་ཏུ་འབར་བར་དབུགས་མེད་པའམ། དབུགས་ཆུང་བར་སྲེག་ཅིང་འཚེད་དོ། །བརྫུན་སྨྲས་པ་དག་ ཚོར་བ་དྲག་པ་ཚ་བ་རྩུབ་པ་མྱོང་ཞིང་ལས་ཀྱི་རྒྱུ་བརྫུན་སྨྲ་བ་རང་གི་ལྕེས་ཀུན་ནས་བསླང་བས་སྲེག་ལ་ཕྱིས་སེམས་ཅན་དམྱལ་བ་པའི་མེས་ཀུན་དུ་སྲེག་གོ། །འདི་ལྟར་ཆུ་སྲིན་དེ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་དཀྲིས་ནས་ལུས་ཕྱེ་མར་བྱས་པ་ཁ་ནས་འབྱིན་ཏེ། དེ་ནས་ཡང་ཕྱི་རོལ་དུ་མེ་མདག་སྔོན་པོས་སྲེག་གོ། །བསྲེག་པ་ན་གཤིན་རྗེའི་མི་རྣམས་ཀྱིས་ཚིགས་སུ་བཅད་དེ་བསྟན་པ། སེམས་ཅན་དམྱལ་བའི་རྒྱུར་གྱུར་པ། །བརྫུན་དུ་སྨྲ་བ་སྟོན་པ་ཡིན། །སྔོན་ཆད་རྒྱུ་ནི་བསྟེན་བྱས་པ། །དོན་མེད་སྨྲེ་སྔགས་ཡོངས་སུ་ འདོན། །མེ་ཡི་ནང་ན་མེ་མཆོག་སྟེ། །རྒྱ་མཚོ་དག་ཀྱང་སྲེག་བྱེད་ན། །གང་དག་བརྫུན་སྨྲ་ཤིང་དང་རྡོ། །རང་བཞིན་འདྲ་བ་སྨོས་ཅི་དགོས། །མི་གང་བདེན་པ་སྤངས་ནས་སུ། །བརྫུན་དུ་སྨྲ་བ་སྒྲུབ་བྱེད་པ། །དེ་ནི་རིན་ཆེན་སྤངས་ནས་སུ། །སྡིག་པའི་ 68-1-201a བདག་ཉིད་རྡོ་འདྲ་སྒྲུབ། །བདག་ལ་སྡུག་པར་མི་བྱེད་གང ། །དེ་ནི་སེམས་ཅན་དམྱལ་ལ་དགའ། །བརྫུན་གྱིས་རང་ལུས་མེ་འབྱུང་སྟེ། །བློ་དང་མི་ལྡན་དེ་བསྟེན་ཏོ། །བདེན་ཚིག་ལེགས་པར་རྙེད་ཡིན་ཏེ། །ལུས་ཅན་ཀུན་གྱི་རྒྱན་ཡིན་ནོ། །བདེན་ པ་སྤངས་ནས་བརྫུན་སྨྲ་བ། །བློ་མེད་ཅི་ཕྱིར་ཆགས་པར་བྱེད། །བདེན་པ་ཡོན་ཏན་བདག་ཉིད་མཆོག་།བརྫུན་སྨྲ་དྲན་པ་སྐྱོན་ཡིན་ཏེ། །རྨོངས་པ་ཡོན་ཏན་བཏང་ནས་སུ། །ཅི་ཕྱིར་སྐྱོན་ལ་ཡོངས་སུ་རྒྱུག་།སེམས་ཅན་དམྱལ་བར་རྟག་འགྲོ་བ། །སྐྱོན་གྱི་འབྲས་བུ་ ཉེས་པ་ཡིན། །ཁྱེད་ཅག་ཡོན་ཏན་དེ་དང་འགྲས། །མི་བཟད་དམྱལ་བར་ཀུན་དུ་གནས། །སྡུག་བསྔལ་ཀུན་གྱི་ས་བོན་ནི། །བརྫུན་དུ་སྨྲ་བར་རབ་ཏུ་གྲགས། །དེ་བཞིན་བདེ་བ་བདེན་ཡིན་ཏེ། །དེ་བས་སུ་ཞིག་བརྫུན་དུ་སྨྲ། །བདེན་པར་སྨྲ་བའི་མི་དག་ནི། །ལུས་ཅན་ ཀུན་གྱི་དགའ་བ་ཡིས། །བརྫུན་སྨྲ་མི་དང་འགྲས་པ་སྟེ། །དེ་བས་སུ་ཞིག་བརྫུན་དུ་སྨྲ། །བདེན་པར་སྨྲ་བའི་མི་དག་ནི། །ལྷ་ལྟར་རྟག་ཏུ་དགའ་བ་ཡིན། །དམྱལ་བར་དེ་ལྟར་རྨོངས་པ་དག་།དེ་བཞིན་སེམས་ཀྱིས་བརྫུན་དུ་སྨྲ། །ལེགས་པའི་ལས་ནི་མ་བྱས་ལ། །སྡིག་ པ་དུ་མ་བྱས་པས་ན། །སྡུག་བསྔལ་མཐའ་ཡས་སྐྱེས་པ་དག་།ཅི་ཞིག་སྡིག་པས་ཡོངས་སུ་གདུང ། །དགེ་བས་འབྲས་བུ་ལེགས་པ་ཡིན། །སྡིག་པས་ཉོན་མོངས་འཚེད་པར་བྱེད། །བློ་ལྡན་མི་ཡིས་སྡིག་བྱས་ཀྱང ། །དགེ་བ་རྗེས་སུ་སྟེན་པར་བྱེད། །དགེ་བའི་ནང་ན་བདེན་ པ་མཆོག་།སྐྱོན་གྱི་ནང་ན་དེ་བཞིན་བརྫུན། །སྐྱོན་སྤངས་ཡོན་ཏན་ཚོལ་བྱེད་པ། །མི་ཡི་ནང་ན་མི་མཆོག་ཡིན། །བདེ་འབྱུང་བདེ་བའི་འབྲས་བུ་ནི། །བདེན་པས་ཡོངས་སུ་འགྲུབ་པར་འགྱུར། །བདེན་པས་བདེ་བ་འཐོབ་འགྱུར་ཏེ། །བདེན་པས་མྱ་ངན་འདས་པར་འགྲོ། །སྡུག་ བསྔལ་འབྱུང་བ་འབྲས་བུ་ཚ། །སྡུག་བསྔལ་མོད་ལ་འཚེད་པར་འགྱུར། །སྡུག་བསྔལ་ཀུན་མཐའ་བརྫུན་ཡིན་ན། །མི་ཡིས་ཅི་ཕྱིར་སྤང་མི་བྱ། །བདེན་པ་དོན་གྱིས་འཐོབ་མིན་ཏེ། །ཉོན་མོངས་པས་ཀྱང་འཐོབ་མེད་ན། །ཅི་ཕྱིར་བདེན་པ་ཡོངས་སྤངས་ནས། །བརྫུན་ 68-1-201b སྨྲ་བ་ལ་དགའ་བར་བྱེད། །ཡུལ་གཞན་དག་ནས་བདེན་མི་འོང ། །དེ་ནི་གཞན་དུ་བཙལ་བ་མེད། །ཆུ་ལ་སྟེགས་བཏགས་སྟེགས་མིན་ཏེ། །བདེན་པ་སྟེགས་ཀུན་མཆོག་ཡིན་ནོ། །སྒྲོན་མའི་ནང་ན་སྒྲོན་མ་མཆོག་།བདེན་པ་ཡིན་ཞེས་སངས་རྒྱས་གསུང ། །སྨན་གྱི་ ནང་ན་སྨན་མཆོག་སྟེ། །དེ་ཡིས་རྟག་ཏུ་སྡུག་བསྔལ་སེལ། །ངེད་ཀྱིས་སྡིག་པ་བཟུང་བ་མེད། །ཁྱེད་ཅག་རྨོངས་པའི་སེམས་ཀྱིས་སུ། །ངན་པ་ཁྱེད་ཀྱིས་བྱས་པས་ན། །ཁྱེད་ཅག་ཡོངས་སུ་གདུངས་པ་ཡིན། །སེམས་ཅན་དམྱལ་བར་སྐྱེས་པ་ནི། །སྡིག་པ་བྱང་ བས་རྣམ་པར་འགྲོལ། །ཀུན་དུ་ངུ་སྐད་འདོན་པའི་མི། །ནམས་ཀྱང་ཐར་བར་ག་ལ་འགྱུར། །རང་གི་ལས་ཀྱིས་རྣམ་བསླུས་པ། །རྨོངས་པ་ཁྱེད་ཅག་ཅི་ཞིག་ངུ ། །བྱིས་པ་རང་གི་སེམས་ཀྱིས་བསླུས། །བློ་མེད་ཁྱེད་ཅག་ངུ་སྐད་འདོན། །དེ་ལྟར་སེམས་ཅན་དམྱལ་ བའི་སྲུངས་མ་དེ་དག་གིས། སེམས་ཅན་དམྱལ་བ་པ་དེ་དག་ལ་སོ་སོར་རྗེས་སུ་བསྟན་ནས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་མི་བཟད་པའི་རྣམ་པ་བརྒྱ་ཕྲག་དུ་མ་ཇི་ལྟར་སྔར་བཤད་པ་བཞིན་དུ་འབྱུང་ངོ ། །དེ་ཕྱིས་སེམས་ཅན་ དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང་།དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་རྟག་ཏུ་གཞན་དུ་ཞུགས་ ནས་སླུ་བར་བྱེད་ཅིང་ནོར་རྫས་ཐམས་ཅད་ཀྱང་འཕྲོག་པར་བྱེད། དེའི་བྱ་བ་གཞན་གང་ཡིན་པ་དག་ཀྱང་ཚེགས་ཆེན་པོར་འགྱུར་ཞིང་དེའི་ཚིག་ཀྱང་འཇིག་རྟེན་པ་ཡིད་ཆེས་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་ དེས། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཁཝ་མཆུ་རྡོ་རྗེ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་ 68-1-202a པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་འགྱུར་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ ལྟུང་བ་སེམས་ཅན་དམྱལ་བ་ཁཝ་མཆུ་རྡོ་རྗེ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་རོ། །བརྫུན་ནི་གང་ཞིག་དགེ་འདུན་གྱི་འཁོར་གྱི་ནང་དུ་སོང་ནས་ནད་ཀྱི་རྐྱེན་གྱིས་གསོས་ སྨན་སྦྱར་བར་ཁས་བླངས་པ་ལས་མ་བྱིན་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཁཝ་མཆུ་རྡོ་རྗེ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདས་པའི་དུས་སུ་ལས་བྱས་པ་དེ་དག་ཁཝ་མཆུ་རྡོ་རྗེ་ལྟ་བུས་ཤ་ བཅད་ཅིང་བཅད་ཅིང་ཟའོ། །གང་གི་ཚེ་ཤ་བཅད་པར་གྱུར་པའི་སྐད་ཅིག་དེ་ཉིད་དང་གནས་དེ་ཉིད་དུ་ཡང་ཆེས་ཤིན་ཏུ་གཞོན་ཤ་ཅན་པད་མ་ལྟར་འཇམ་པ་སྐྱེ་བར་འགྱུར་ཏེ། དེ་ཅི་ནས་ཀྱང་ཚོར་བ་ཆེས་དྲག་པར་བྱ་བའི་ཕྱིར་དེ་ཉིད་ཕྱུང་ཞིང་བཏོགས་པ་དང ། དེ་ནས་ཡང་ཆེས་ཤིན་ཏུ་གཞོན་ ཤ་ཅན་སར་པ་གཞན་དག་སྐྱེ་བར་འགྱུར་རོ། །དེ་ལྟར་སེམས་ཅན་དམྱལ་བ་པ་དེ་དག་ལོ་འབུམ་ཕྲག་དུ་མར་ཁཝའི་མཆུ་རྡོ་རྗེ་ལྟ་བུས་ཟ་བར་བྱེད་དོ། །དེ་ནས་ཐར་བ་དང་བྱེ་མའི་ནང་ནས་ལྕགས་རབ་ཏུ་འབར་བ་འབྱུང་ལ་དེ་བྱེ་མ་དེ་དག་ལ་རྐང་པས་འགྲོ་སྟེ། དེ་ཇི་ལྟར་ཐལ་བ་ཡང་ མི་མངོན་པ་དེ་ལྟར་དེས་སྲེག་པར་བྱེད་དོ། །དེ་ནས་ལངས་པ་དང་ཡང་ཐམས་ཅད་འབྱུང་བར་འགྱུར་ཏེ། གང་གིས་བརྫུན་དེ་སྨྲས་ཤིང་སྡིག་པའི་རྗེས་སུ་སྨྲས་པ་བརྫུན་སྨྲ་བས་བརྫུན་ཟེར་བ་སྨྲས་པ་དེ་ཡང་འབྱུང་ཞིང་འབྱུང་ཞིང་བདག་ཉིད་ཀྱི་ལྕེ་ཡང་བདག་ཉིད་ཟའོ། །འདིར་ཚིགས་ སུ་བཅད་པ། བདུད་རྩི་དང་ནི་དུག་ཉིད་དག་།མི་རྣམས་ཀྱི་ནི་ལྕེ་ལ་གནས། །བདེན་པར་སྨྲ་བ་བདུད་རྩི་ཡིན། །བརྫུན་གྱི་ཚིག་ནི་དུག་དང་འདྲ། །གང་ཞིག་བདུད་རྩི་མངོན་འདོད་པ། །དེ་ནི་རྟག་ཏུ་བདེན་ལ་གནས། །གང་ཞིག་དུག་ལ་མངོན་དགའ་བ། །དེ་ནི་བརྫུན་ 68-1-202b གྱི་ཚིག་ལ་དགའ། །དུག་གིས་གནོད་པར་ངེས་མེད་ཀྱི། །བརྫུན་དུ་སྨྲ་བས་ངེས་པར་འགྱུར། །གང་ཞིག་བརྫུན་ནི་སྔོན་སྨྲ་བ། །སྐྱེས་བུ་དེ་ནི་འཆི་བར་འགྱུར། །བརྫུན་གྱིས་བདག་ལ་མི་ཕན་ན། །གཞན་ལ་ཕན་པར་ག་ལ་འགྱུར། །བདག་དང་གཞན་གང་སྡུག་བསྔལ་ བ། །དེ་ནི་མི་ཡིས་ཅི་ཕྱིར་བསྟེན། །དེ་ལྟར་བརྫུན་ལ་བསྟེན་པ་ནི། །སྡིག་པ་སྡིག་པར་འགྲུབ་འགྱུར་ཏེ། །མཚོན་དང་མེ་དང་ངམ་གྲོག་ལས། །མི་ཡི་སྡུག་བསྔལ་དེ་འདྲ་མེད། །ལུས་གཅིག་འཕྲོག་པ་མཐོང་བ་ནི། །འཆི་བ་དུག་ལས་འབྱུང་འགྱུར་ཏེ། །ཚེ་རབས་ སྔ་ཕྱི་སྟོང་དག་ཏུ། །བརྫུན་གྱི་ཚིག་གིས་ཆུད་གཟོན་ཏོ། །བཙུན་པའི་རིགས་ལ་མཐོར་བྱེད་ཅིང ། །དམའ་བའི་རིགས་ལ་རྒྱན་དུ་བྱེད། །ཐར་པའི་ལམ་དག་སྟོན་བྱེད་པ། །བདེན་པ་ཡིན་ཞེས་མངོན་པར་བརྟགས། །སེམས་ཅན་རྣམས་ཀྱི་རང་གི་ལས། །སྲེད་པས་ཁྱེར་བར་ གྱུར་པ་ན། །གཟིངས་འདྲ་བདེན་སྨྲ་མཆོག་ཡིན་ཞེས། །བདེ་བར་གཤེགས་པས་བཀའ་སྩལ་ཏོ། །འཇིག་རྟེན་ཐོག་མ་ཐ་མ་མེད། །སྲེད་པའི་ཞགས་པའི་དབང་དུ་སོང ། །འདི་ལྟར་སྐྱབས་གཞན་བདེན་པ་ལས། །མེད་ཅེས་ཆོས་ལ་མཁས་པས་རིག་།གཅེར་བུ་མཚོན་གྱིས་ གཅོད་པ་ལྟར། །བདེན་པས་རྟག་ཏུ་ཉོན་མོངས་གཅོད། །མཚོན་གྱིས་བཏབ་པས་ངུ་བར་འགྱུར། །བདེན་པས་ན་མས་ཀྱང་ངུ་བ་མེད། །འཇིག་རྟེན་གཉིས་ལ་ཕན་བྱེད་པ། །བདེན་པ་མི་ཟད་གཏེར་ཞེས་བྱ། །ཆོས་སོ་ཅོག་གི་ཁྲིམས་ཡིན་ཞིང ། །ནོར་གྱི་གཞི་ཡི་ མཆོག་ཡིན་ནོ། །བདེན་པའི་ཡོན་ཏན་རབ་བསྒྲུབས་པ། །བདེ་འབྱུང་འབྲས་བུ་ཆེན་པོ་ཡིན། །བློ་ལྡན་ངན་གཡོ་རྣམས་སྤོངས་ཤིག་།དེ་ཉིད་མཐོང་བས་སྤངས་པ་ཡིན། །བདེན་པ་སྤངས་པའི་མི་དག་ཁཝ་མཆུ་རྡོ་རྗེ་ལྟ་བུས་ཇི་སྲིད་དུ། དེའི་སྡིག་པའི་ལས་བཅོམ་ཞིང་ སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་འཚེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་ 68-1-203a པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུ་ཚབ་སེམས་ཅན་དམྱལ་བར་འགྲོ་བ་བདེན་པ་དེ་དང་མི་འཐུན་པར་གྱུར་པ་བརྫུན་སྨྲས་པས། དེ་རྟག་ཏུ་འཐབ་པ་དང ། རྩོད་པ་མང་ཞིང་རྟག་ཏུ་གཞན་རྒྱལ་བར་འགྱུར་ལ། ཚིག་གིས་འཇིག་རྟེན་པའི་ཡིད་མི་ ཆེས་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཁྲག་དང་རྐང་ཟ་བ་ཞེས་བྱ་བ་མཐོང་ངོ ། །སེམས་ ཅན་དམྱལ་བ་ཁྲག་དང་རྐང་ཟ་བ་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་ བ་བྱས་ཤིང་བསགས་པས་འགྱུར་ཏེ། འདི་ལྟ་སྟེ། རྒྱལ་པོ་འམ། བློན་པོའམ། རྗེ་དཔོན་དུ་གྱུར་པས་དཔྱ་ཐང་ལས་ལྷག་པར་ཕབ་ལ་འདི་ལྟར་ངས་ལྷག་པར་ཕབ་པ་མེད་དོ་ཞེས་སྨྲ་ཞིང་དཔྱ་འབེབས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཁྲག་དང་ཞག་ཟ་ བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། གང་སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་ལ་སོགས་པར་འབྱུང་བ་རྣམས་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟ་སྟེ། ཤིང་རབ་ཏུ་འབར་བ་ལོ་མ་སྤུ་གྲི་ལྟ་བུ་ཡོད་པར་བརྫུན་སྨྲ་བ་དེ་གཤིན་རྗེའི་མི་ རྣམས་ཀྱིས་ལྕགས་ཀྱི་ཐག་པ་རབ་ཏུ་འབར་བ་དག་གིས་བཅིངས་ནས་ཁ་སྦུབ་ཏུ་དཔྱངས་སོ། །ཁ་སྦུབ་ཏུ་དཔྱངས་པ་དེའི་རྐང་པ་དག་ལ་མཆུ་དང་སེན་མོ་རྡོ་རྗེ་ལྟར་རྣོ་བ་དག་གིས་ཟ་སྟེ། ཁ་སྦུབ་ཏུ་དཔྱངས་པ་དེ་དག་ཁྲག་འབྱུང་བ་གང་ཡིན་པ་དེ་ལ་ཟ་བ་དེས་གནས་པར་བྱེད་དོ། །ཚོར་བ་ཐམས་ཅད་ཀྱི་ནང་ ན་ཁ་ཟས་ཀྱི་ཚོར་བ་མི་བཟད་པར་བཤད་དེ། དེ་རང་གི་ཁྲག་ལ་འཐུང་ངོ ། །དེ་ཚོར་བ་གཉིས་དག་གིས་ཡོངས་སུ་གནོད་དེ་མེའི་ཚོར་བ་དང ། བཀྲེས་པ་དང་སྐོམ་པའི་ཚོར་བའོ། །འདིར་ཚིགས་སུ་བཅད་པ། ཇི་ལྟར་བཀྲེས་ཤིང་སྐོམ་པ་ནི། །ལས་ཀྱིས་ཤིན་ཏུ་གཡེངས་པས་གདུངས། ། 68-1-203b དེ་ལྟར་སྲེག་པས་སྲེག་མིན་ཞིང ། །རླུང་དྲག་པ་ཡིས་ཁྱེར་མི་བྱེད། །དེ་ལྟར་ལོ་བརྒྱ་སྟོང་ཕྲག་དུ་མར་དེ་རང་གི་ཁྲག་དང་རྐང་དག་ལ་ཟ་སྟེ། འདི་ལྟར་རོ་སྨད་མེ་མཆོག་ཏུ་ཚ་བས་བསྲེགས་སོ། །དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ། སེམས་ཅན་དམྱལ་བ་དེར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་ རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་བར་འགྱུར་ཞིང་ངག་ཡིད་མི་ཆེས་པ་དང ། རྟག་ཏུ་དེའི་སྣ་ནས་ཁྲག་འཛག་ཅིང་སོ་ཤིང་འཆའ་བ་ན་ཁྲག་འབྱུང་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མེ་ལྕེ་བཅུ་གཅིག་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་ དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བས་འགྱུར་རོ། །བརྫུན་སྨྲ་བ་ནི་གཉིས་ཤིག་རྩོད་པ་ན་རྒྱལ་པོའམ། བློན་པོའམ། གཞན་ཡིད་ཆེས་པའི་གནས་སུ་བྱ་བས་ནོར་བླངས་སམ། མཛའ་བཤེས་སམ། འདོད་ཆགས་སམ། ཞེ་སྡང་གིས་ཕྱོགས་བཟུང་སྟེ། ཞལ་ཅེ་ཡོན་པོར་བཅད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མེ་ལྕེ་བཅུ་གཅིག་པ་དེར་སྐྱེ་བར་འགྱུར་རོ། །ཕྱོགས་བཟུང་སྟེ། བརྫུན་སྨྲ་བ་དེ་ལ་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་ ཚོར་བ་གནོད་པ་འདི་དག་ཐམས་ཅད་བཅུ་འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟ་སྟེ། རང་གི་ལུས་ལས་ཕྱོགས་བཅུར་མེ་ལྕེའི་ཕུང་པོ་བཅུ་གཅིག་འབྱུང་བར་འགྱུར་རོ། །བརྫུན་སྨྲ་བའི་ལྕེའི་ཁ་ལས་བཀྲེས་པ་དང་སྐོམ་པ་འབྱུང་བར་འགྱུར་ཏེ། ཞལ་ཅེ་ཡོན་པོར་ 68-1-204a གཅོད་པ་ནི་སྐད་ཅིག་སྐད་ཅིག་ལ་སྐྱེ་ཞིང་སྲེག་གོ། །སྲེག་པ་ན་ཚོར་བའི་རྣམ་པ་དེ་ལྟ་བུ་མྱོང་བར་འགྱུར་ཏེ། གང་མེ་ལྕེའི་ཕུང་པོ་བཅུ་གཅིག་པོ་དེ་དག་ནི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །ལས་ཀྱིས་བྱས་པའི་ཚོར་བ་དེ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་ བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འདི་ལྟར་དེ་སེམས་ཅན་དམྱལ་བ་མེ་ལྕེ་བཅུ་གཅིག་པར་ལོ་འབུམ་ཕྲག་དུ་མར་སྲེག་གོ། །འཚེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་ བའི་ལས་ཀྱིས་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཞལ་ཅེ་ཡོན་པོར་བཅད་པའི་རྒྱུ་མཐུན་པའི་འབྲས་བུས་དེ་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་ཤིང་ཡན་ལག་ཐམས་ཅད་རྣམ་པར་སྲེག་པ་དང ། དབུལ་ཞིང་ཚེ་ ཐུང་བ་དང ། ངག་ཡིད་མི་ཆེས་པ་དང། ཤིན་ཏུ་གླེན་པ་དང ། གཟུགས་མི་སྡུག་པ་དང ། རྐང་ལག་ཉམས་པ་དང ། དྲི་མ་ཅན་དང ། གནས་ངན་པ་སུམ་མདོ་དང ། བཞི་མདོའི་ཁྱིམ་དུ་འཇུག་ཅིང་ཚེ་གཅིག་གི་བར་དུ་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ནས་ གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་ཆེན་པོ་དེའི་འཁོར་བཅུ་བདུན་པ་ནི་གཅིག་ཀྱང་མ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་ བར་གཞག་པ།བམ་པོ་བཅུ་གཅིག་པ། དེ་ནས་གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་དགེ་སློང་དེ་འདི་ལྟར་ཞི་བ། རྒ་བ་མེད་ཅིང་འཆི་བ་མེད་པ། ཟག་པ་མེད་པ། མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དེའི་བརྩོན་པས་བླའི་གནོད་ སྦྱིན་དག་གིས་མཐོང་ནས་བར་སྣང་ལ་སྤྱོད་པའི་ལྷ་རྣམས་ལ་བསྙད་པ་ནས། རྒྱ་ཆེར་སྦྱར་ཏེ། འོད་ཆུང་གི་ལྷ་རྣམས་ཀྱི་བར་ལ་བསྙད་དེ། འདི་ལྟར་འཛམ་བུ་གླིང་དུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཅེས་བྱ་བ་ནས་རྒྱ་ཆེར་སྦྱར་ཏེ། ས་གཞན་བཅུ་པའི་བར་ལ་ཞུགས་པ་བདུད་ཀྱི་ཡུལ་གྱི་གཞི་ལ་ 68-1-204b མི་འདོད་ཅིང ། དགའ་བའི་འདོད་ཆགས་ཀྱི་མོད་ལས་བྱུང་བའི་སྲེད་པའི་དངོས་པོ་དང་ལྷན་ཅིག་གནས་པ་དང ། ཀུན་ནས་ཉོན་མོངས་པའི་ཡུལ་གྱི་དངོས་པོ་རྣམས་དང་ལྷན་ཅིག་མི་གནས་པ་དེ་འོད་ཆུང་གི་ལྷ་རྣམས་ཀྱིས་ཐོས་ནས་བདུད་ཀྱི་ཕྱོགས་དམའ་བར་འགྱུར་ཞིང ། དམ་པའི་ཆོས་ཀྱི་ཕྱོགས་ མངོན་པར་མཐོ་བར་འགྱུར་རོ་ཞེས་ཡིད་དགའ་བར་འགྱུར་རོ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་འཁོར་བའི་འཆིང་བ་གཅོད་པ་ལ་བརྩོན་པ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་སྡུག་བསྔལ་བ་ཡིན་ཏེ་སྲེད་པས་བསླུས་པ། གཏི་མུག་ གི་ཀུན་དུ་སྦྱོར་བས་བཅིངས་པ། སེམས་བག་ལ་ཉལ་རྣམས་དང་ཡང་དག་པར་ལྡན་པ། དུས་གསུམ་དུ་འཚེད་ཀྱང་འཁོར་བ་གཅད་པའི་ཕྱིར་འབད་པར་མི་བྱེད་པའི་སེམས་ཅན་འདི་དག་ལ་སྙིང་མེད་དམ་ཅི། འོན་ཏེ་སྙིང་ལ་མི་ཤེས་པ་ཞིག་ཡོད་དམ། འོན་ཏེ་ཤེས་པ་ཡོད་ཀྱང་ཡིད་འབྱུང་བར་མི་བྱེད་ དམ། སེམས་ཅན་འདི་དག་གི་རྣམ་པར་ཤེས་པ་དེ་གང་ཞིག་ཡིན། གལ་ཏེ་སེམས་ཅན་འདི་ལྟར་མཐོ་རིས་སུ་ཡུན་རིང་དུ་གནས་ཀྱང་ཡིད་འབྱུང་བར་བྱ་བ་ཡིན་ན། འདི་ལྟར་སེམས་སྲ་ཞིང་མཁྲང་བ་དེ་ལྟ་ཅི་སྨོས། གང་གནོད་པའི་རྣམ་པ་དུ་མ་ཀུན་གྱིས་སྡུག་བསྔལ་རྗེས་སུ་མྱོང་ཡང་སྐྱོ་བར་མི་བྱེད་ དོ། །ཡུན་རིང་པོ་ནས་བག་ལ་ཉལ་རྗེས་སུ་འབྲང་བའི་སེམས་ལ་མི་འཐུན་པ་ལྔ་ཡོད་དེ། འདི་ལྟ་སྟེ། རྒ་བ་དང ། ན་བ་དང ། འཆི་བ་དང ། མི་སྡུག་པ་དང་ཕྲད་པ་དང ། སྡུག་པ་དང་བྲལ་བའོ། །གཞན་ཡང་ཉེས་དམིགས་ཀྱི་གནོད་པ་བཅུ་འབྱུང་སྟེ། བཀྲེས་པ་དང ། སྐོམ་པའི་ཉེས་ དམིགས་དང ། སྡུག་པ་དང་བྲལ་བའི་ཉེས་དམིགས་དང ། ཡུལ་ནས་ཡུལ་དུ་འགྲོ་བའི་ཉེས་དམིགས་དང ། འཆི་བ་དང་སྐྱེ་བའི་ཉེས་དམིགས་དང ། གཞན་གྱིས་བརྙས་པའི་ཉེས་དམིགས་དང ། གཞན་གྱིས་བཅོམ་པའི་ཉེས་དམིགས་དང ། གྲང་བ་དང་ཚ་བའི་ཉེས་དམིགས་དང ། ཟླས་ དབྱེ་བའི་ཉེས་དམིགས་དང ། འབྱོར་པ་རྒུད་པའི་ཉེས་དམིགས་དང ། འདོད་པའི་ཉེས་དམིགས་ཏེ། དེ་ལྟར་མདོར་ན་ཉེས་དམིགས་བཅུ་དག་གིས་སེམས་མངོན་པར་གནོད་པར་བྱས་ཀྱང ། ཀྱེ་མི་དགའ་བར་མི་བྱེད་པའི་སེམས་ཅན་འདི་དག་ནི། ཨེ་མ་ཐོག་མ་མེད་པའི་དུས་ནས་སེམས་ 68-1-205a དགྲ་ལྟ་བུ་གཡོས་པ་དང ། རྣ་བ་དང་སྙིང་མེད་ཅིང་རྡོ་དང་རྡོ་རྗེ་ལྟ་བུའི་སེམས་ཡུལ་རྣམ་པ་མང་པོས་དམ་པའི་ཆོས་ལ་ནམས་ཀྱང་དགའ་བར་མི་བྱེད་པ། ཡུལ་གཟུགས་དང ། སྒྲ་དང ། རེག་པ་དང ། རོ་དང ། དྲི་དུག་དང ། མཚོན་དང་མེ་ལྟ་བུའི་སྲེད་པས་རྟག་ཏུ་ཆོག་ མི་ཤེས་པས་དུག་ལྟ་བུའི་ཡུལ་ལྔ་དང ། ཆོམ་རྐུན་ལྟ་བུའི་སྐྱེ་མཆེད་དྲུག་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་མི་ཤེས་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པར་འགྲོ་བར་མི་སྤྲོ་བ་དང ། སེམས་ཅན་གྱི་གནས་དགུ་མི་ཤེས་པ་དང ། དགེ་བ་བཅུའི་ལས་ཀྱི་ལམ་མི་ཤེས་པ་ དང ། ས་བཅུ་གཅིག་གི་རྣམ་པར་དཔྱོད་པ་ལ་བླུན་པ་དང ། སྐྱེ་མཆེད་བཅུ་གཉིས་ཀྱི་སྐྱེ་བ་དང་གནས་པ་ལ་རབ་ཏུ་རྣམ་པར་སྤྱོད་པ་མཁས་པ་དང ། མི་མཁས་པ་ལ་རྣམ་པར་སྤྱོད་པ། ས་གོང་མ་བཅུ་གསུམ་གྱི་སྤྱོད་པ་ལ་བླུན་པ། སེམས་ཀྱི་དམིགས་པ་བཅུ་བཞི་དང་འགྲོགས་པ། གནོད་པ་ བཅོ་ལྔ་མི་བཟོད་པ། གནོད་པ་སྡིག་པའི་མུན་པ་བཅུ་དྲུག་གིས་གནས་པ། བྱིས་པའི་ཤིན་ཏུ་རྣམ་པར་དཔྱོད་པ་བཅུ་བདུན་དང ། ཚོར་བ་རབ་ཏུ་འབྱུང་བའི་བུ་ག་བཅཝ་བརྒྱད་དང ། འགྲོ་བ་རྣམ་པར་རྒྱུ་བའི་སྲང་བཅུ་དགུ་དང ། དགྲ་གནས་པ་ཉི་ཤུས་སེམས་དེ་རྣམ་པ་ཉི་ཤུར་བསླུས་པར་རིག་ནས་དེ་སེམས་ཅན་ལ་སྙིང་རྗེ་ བར་སེམས་སོ། །དགེ་སློང་དེ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ལ་རབ་ཏུ་རྣམ་པར་དཔྱོད་པར་བྱེད་དེ། འདི་ལྟར་དེ་བདུད་ཀྱི་འཆིང་བ་གཅོད་པ་དག་ལ་རྟག་ཏུ་བརྩོན་པར་བྱེད་ཅིང་དེ་ནས་ཡང་བློ་སྐྱེད་པར་བྱེད་དེ། སེམས་ཅན་དམྱལ་བ་ངུ་འབོད་ལས་གཞན་པ་སེམས་ཅན་དམྱལ་བ་ཆེས་སྡིག་པ་ཆེ་བ་ཡོད་པ་དེའི་ཐོས་ པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆེན་པོ་གཞན་ཚ་བ་ཞེས་བྱ་བ་ཉེས་པར་བྱས་པའི་ལས་རབ་ཏུ་བདོ་བས་ཀུན་ནས་བསླང་བ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ལས་གནོད་པ་བཅུ་འགྱུར་གྱིས་ལྷག་པ་ཞིག་ཡོད་པ་མཐོང་ངོ ། །འཁོར་བཅུ་དྲུག་ལ་འདི་ལྟ་སྟེ། རབ་ཏུ་སྲེག་པ་ཆེན་པོ་དང ། པད་ མ་དཀར་པོ་ལྟ་བུ་དང ། སྦྲུལ་འཁྱིལ་པ་ལྟ་བུ་དང ། ཟངས་བཞུས་པར་ཉ་འཁྱུག་པ་ལྟ་བུ་དང ། ལྕགས་ཀྱི་བུམ་པ་དང ། ཆུ་བོ་དམར་པོ་འབབ་པ་དང ། རྐང་དང་རུས་པ་ལ་སྲིན་བུ་མང་བ་དང ། སྐྱེ་བོ་ཐམས་ཅད་སྲེག་པ་དང ། སར་འབྱིན་མཐའ་ཡས་དང ། པད་མ་ཆེན་པོ་ལྟ་བུ་དང་། 68-1-205b མཐའ་དྲག་དང ། རུས་པ་རྡོ་རྗེ་ལྟ་བུ་འབྱུང་ཞིང་འདུ་བ་དང ། ལྕགས་ནག་པོའི་སྐུད་པས་འདྲ་ལ་ཞིང་གཅོད་པ་ཚ་བ་དང ། སྲིན་བུ་ན་ཀྲ་དང ། འཁོར་ལོ་དང ། མེ་འཇིགས་འཇིགས་ལྟར་སྐྱེས་པ་དང ། ནགས་ཚལ་གྱི་མེ་མུན་པ་ལྟར་འཁྲིགས་པ་དང ། བུང་བ་རྡོ་རྗེ་ལྟ་བུས་གནོད་པའི་ གོ་ཆ་ཞེས་བྱ་བ་སྟེ། འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་བཅུ་དྲུག་ཡིན་ཏེ། དེར་ཚེ་ནི་བགྲང་དུ་མི་ལང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་ལ། ལས་ཀྱི་ཉེར་བསྡོགས་དང་ལས་ཀུན་གྱི་མཇུག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ པས་འགྱུར་རོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེ་བར་འགྱུར་རོ། །དེ་ལ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང་།འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་རྣམས་ཀྱི་འབྲས་བུ་རྣམ་ པར་སྨིན་པ་ནི་བཤད་ཟིན་ཏོ། །ལོག་པར་ལྟ་བ་ནི་གང་གིས་ཀུན་དུ་བསྟེན་ཅིང་བསྒོམས་ལ་ཕ་རོལ་ལ་ཡང་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །ལེགས་པར་བྱས་པ་དང ། ཉེས་པར་བྱས་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །ཞེས་དེ་སྐད་ཆད་པར་སྨྲ་བ་ནི་ལས་ཡོད་པ་འཇིག་པ་ཡིན་ཏེ། གཞན་དག་ལ་ཡང་སྟོན་ཅིང་ཡང་དག་པར་རབ་ཏུ་འཇོག་པར་བྱེད་ལ་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ལོག་ པར་ལྟ་བ་བསྐྱེད་ནས། ཕ་རོལ་དག་ལ་ལས་ཀྱི་ལམ་གྱི་རྒྱུ་མེད་པར་སྟོན་པ་ནི་ཆོམ་རྐུན་པ་ཚུལ་བཟང་པོར་འཆོས་པ་ཡིན་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སྐྱེ་བར་འགྱུར་རོ། དེ་ལ་ལས་ཀྱི་ལམ་དང ། ལས་ 68-1-206a ཀྱི་འབྲས་བུ་ཡོད་བཞིན་དུ་རྣམ་པར་སླུ་བ་ཡིན་ཏེ། དེ་འཆི་བའི་དུས་བྱས་ནས་སྲིད་པ་བར་མའི་བར་དུ་སྐྱེ་བ་ན། ལྟས་ངན་པའི་མཚན་མ་འབྱུང་བར་འགྱུར་བ་ནི་འདི་ལྟ་སྟེ། འཇིགས་པ་མཆོག་ཏུ་མི་བཟད་པ་མུན་པར་ངེས་པར་གྱུར་པ་དང ། སོ་སོ་ ནས་འཇིགས་པར་བྱེད་པ་སེང་གེ་དང ། སྟག་དང ། དྲེད་དང ། གུང་དང ། སྦྲུལ་མང་པོ་ཕུག་དང ། མུན་པ་མེད་པ་ན་འདུག་པ་དང ། དེས་གཞན་ཡང་རི་ཆེ་ཞིང་མཐོ་བ་དེའི་མགོའི་སྟེང་དུ་མྱུར་བར་འོང་བ་མཐོང་བ་དང ། སྟག་དང ། སེང་གེ་དེ་དག་ཀྱང་སོ་སོ་ ནས་འཇིགས་པར་བྱེད་ཅིང་སྒྲ་འབྱིན་པ་ཐོས་པ་དང ། གཞན་དག་ཀྱང་གཟུགས་མཆོག་ཏུ་དམན་ཞིང་སྙིང་རྗེ་རྗེ་ལྟར་འདུག་པ་མཐོང་བ་དང ། དེ་དག་ལ་ནག་པོ་ལྟ་བུ་མཐོང་ཞིང་མེ་རབ་ཏུ་འབར་བ་དེའི་སྟེང་ན་འདུག་པ་མཐོང་བ་དང ། ཝ་བརྒྱལ་བའི་སྒྲ་དྲག་པོ་ཐོས་པ་དང ། གཤིན་རྗེའི་མི་གཟུགས་མི་སྡུག་པར་བསྒྱུར་བ་དག་མཐོང་བ་དང་དེ་སྐྲག་གོ། །ལོག་པར་སྨྲ་བ། རྒྱུ་ངན་པ་སྨྲ་བ། ཕྱོགས་ངན་པ་སྨྲ་བ། ལྟ་བ་ངན་པ་སྨྲ་བ། ལས་ཀྱི་འབྲས་བུ་རྣམ་པར་སླུ་བ་སྨྲ་བ། ངམ་གྲོག་དང་གཡང་སའི་རྒྱུ་སྨྲ་བ། བདག་ཉིད་ལ་བདག་སླུ་བར་བྱེད་ཅིང་སྡིག་པ་ ཆེན་པོ་བྱེད་པ་དེའི་ལས་རྟག་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ལ་བསགས་པའི་འབྲས་བུ་ནི་འཆི་ཁར་མཐོང་བར་འགྱུར་ཏེ། དེ་འཇིགས་ཤིང་དབང་པོ་བློང་བློང་པོར་འགྱུར་བ་དང ། བཤང་བ་འབྱུང་བར་འགྱུར་བའམ། དེ་བཞིན་དུ་གཅི་བ་འབྱུང་བར་འགྱུར་བའམ། དེ་བཞིན་དུ་སྐད་འབྱིན་པའམ། དེ་བཞིན་དུ་ཁ་གདོང་ བར་བྱེད་པའམ། དེ་བཞིན་དུ་མལ་གྱི་མཐའ་ལ་ནོམ་པར་བྱེད་དོ། །རི་དེ་བདག་གི་སྟེང་དུ་འོང་བ་མཐོང་ནས་ལག་པས་གཟུང་བར་འདོད་པ་དེ་ལ་མི་དག་ན་རེ་འདི་ལྟར་འདི་ནི་ནམ་མཁའ་ལ་རེག་པར་འདོད་དོ་ཞེས་སྨྲ་སྟེ། འདི་ལྟར་རི་འོང་བ་དེ་ཡང་དང་ཡང་དུ་མཐོང་བ་དང ། བདག་ཉིད་ཀྱི་ལུས་ཐམས་ཅད་ཀྱིས་ རེག་པར་བྱེད་དོ། །འདི་ལྟར་དེ་ཉེས་པར་བྱས་པའི་ལས་སྤྱད་ཅིང་ལས་ཀྱི་འབྲས་བུ་བསླུས་པ་ནི་དེ་ལྟར་སེམས་ཅན་དམྱལ་བ་ཡང་དག་པར་མྱོང་བར་འགྱུར་བའི་ལྟས་མང་པོ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་མི་ཞིག་མི་གཙང་བའི་ཕུང་པོ་ད་དུང་གི་བར་དུ་མ་མཐོང་གིས་ཀྱང་དྲི་ང་ 68-1-206b བའི་དྲི་མནམ་པ་དེ་བཞིན་དུ་སེམས་ཅན་དམྱལ་བ་ད་དུང་གི་བར་དུ་མ་མཐོང་གིས་ཀྱང་སེམས་ཅན་དམྱལ་བ་ཆེན་པོའི་མཚན་མ་མཆོག་ཏུ་འཇིགས་ཤིང་དྲག་པ་དག་འབྱུང་བར་འགྱུར་རོ། །ངན་པར་ལྟ་ཞིང་སྨྲ་བ་ཐམས་ཅད་སྐྲག་པར་བྱེད་དེ། སྐྱེ་བོ་བྱིས་ པས་བསྒྲུབས་པ་ཉེས་པར་བྱས་པའི་ཟོང ། སེམས་ཅན་དམྱལ་བར་བྲིན་པའི་རིན། དེར་གནས་པའི་རྣམ་པར་སྨིན་པས་དེའི་རླུང་པིབ་པ་ལ་ཀ་དང ། སུ་ཙ་ཀ་ཤིན་ཏུ་དྲག་པ་དག་གིས་ཡན་ལག་དང་ཉིང་ལག་རྣམ་པར་སྐུལ་བར་བྱེད། རྣམ་པར་རྡུང་བར་ བྱེད། རྣམ་པར་གཤེག་པར་བྱེད་དོ། །དེའི་ལུས་བདོ་བ་ན། དེའི་སེམས་སྲིད་པ་ཐ་མ་ལ་ཚོར་བ་གཉིས་ཀྱིས་གདུངས་པ་ཡིན་ཏེ། དེ་སྲིད་པ་ཐ་མ་པ་ལ་སེམས་ཀྱི་དམིགས་པ་ལེགས་པར་སྤྱད་པའི་འདུ་ཤེས་སུ་བྱེད་དོ། །དེ་ལྟ་བས་ན་མིའི་འཇིག་རྟེན་ནས་རང་གིས་བྱས་ཤིང་ བསླུས་པ་སྲིད་པ་བར་མ་ལ་སེམས་ཅན་དམྱལ་བར་མྱོང་བར་འགྱུར་བའི་ལྟས་དག་འབྱུང་བར་འགྱུར་བ་ནི་འདི་ལྟ་སྟེ། སྙིང་གི་ལམ་ལ་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་མི་འདོད་པ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་པ་དག་གི་གཟུགས་ མི་སྡུག་པའི་སྒྲ་སྐད་ཐོས་པ་དང ། རླུང་རེག་པ་སྤུ་གྲི་ལྟ་བུས་རེག་པར་བྱེད་པ་དང ། རོ་ཚ་བའི་རོ་མྱོང་བར་བྱེད་པ་དང ། གཟུགས་འཇིགས་པར་སྟོན་པ་རབ་ཏུ་གདུང་བ་ལྟ་བུར་བྱས་པ་དག་ཀྱང་མཐོང་བར་འགྱུར། དྲི་ང་བའི་རྫས་བསགས་པའི་དྲི་དག་མནམ་པར་འགྱུར་རོ། ། དེ་ལྟར་ཡུལ་ཐམས་ཅད་ཀྱིས་སྐྲག་པ་སེམས་ཅན་དམྱལ་བ་ཤིན་ཏུ་ལོག་པར་ལྟ་བས་མཐོང་བར་འགྱུར་ཏེ། ཇི་ལྟར་དེས་ཆོས་ལོག་པར་བསྟན་པ་དེ་ལྟར་སེམས་ཅན་དམྱལ་བ་དེས་མཐོང་བར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཡུལ་གྲོང་ཁྱེར་གྱི་ཚུལ་དང་ འཐུན་པ་འདི་རེ་དགའ་དེར་བདག་ཇི་ལྟར་འདུག་པར་བྱ་སྙམ་སྟེ། དེ་ལ་འདོད་པར་བྱེད་དོ། །དེ་སྲིད་པའི་ཡན་ལག་མྱོང་བར་འགྱུར་བ་རིག་ནས་དེར་སྐྱེ་བར་འགྱུར་ཏེ། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་བ་དེར་སེམས་བསྐྱེད་མ་ཐག་ཏུ་སྐྱེ་བར་འགྱུར་རོ། །དེར་ 68-1-207a སྐྱེས་མ་ཐག་ཏུ་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་བཅུ་འགྱུར་དུ་འབྱུང་ངོ ། །ནད་བཞི་བརྒྱ་རྩ་བཞི་ཡང་འབྱུང་སྟེ། དྲག་པ་སེམས་ཅན་དམྱལ་བ་དང་མཚུངས་པ། གཅིག་གི་དཔེར་གཅིག་རུང་བ། དོན་ཐམས་ཅད་མེད་པར་བྱེད་ཅིང་འཇིགས་པར་བྱེད་པ་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུར་གྱུར་པ་དག་ཡིན་ནོ། །མེའི་རྣམ་པ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་ཏིལ་འབྲུ་ཙམ་གྱིས་རི་དང་ནགས་ཚལ་དང ། ཚོང་རྡལ་དང་གླིང་དང་བཅས་པ་དག་སྲེག་ན་སེམས་ ཅན་དམྱལ་བ་པའི་ལུས་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་མར་སར་གྱི་གོང་བུ་བཞིན་དུ་སྲེག་གོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། ཉིན་དང་མཚན་མོར་མི་མངོན་ཞིང་མུན་པར་ཞུགས་པ་ན་ལོ་འབུམ་ཕྲག་དུ་མར་གནོད་པའི་རྒྱ་མཚོར་བྱིང་བ་ཐམས་ཅད་མུན་པ་མུན་ གནག་ཏུ་གྱུར་པ། ལོག་པར་ལྟ་བ་བྱས་ཤིང་བསགས་ལ་བསྟེན་པ་དག་གི་འབྲས་བུས་དེ་འདི་ལྟར་ལོ་དཔག་ཏུ་མེད་ཅིང་བགྲང་གིས་མི་ལང་བར་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་དང་ཚ་བ་དཔེ་མེད་པས་འཚེད་དོ། །སྲེག་ གོ། །དེ་སེམས་ཅན་དམྱལ་བའི་ཡུན་རིང་པོ་དེ་ལས་འདས་ནས་གལ་ཏེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ཚེ་རབས་ལྔ་བརྒྱར་ཡི་དགས་སེར་སྣ་ཅན་ཞེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་ཚེ་རབས་ལྔ་བརྒྱར་དུད་འགྲོ་ཐམས་ ཅད་ཀྱིས་སྡུག་བསྔལ་བ་གང་ཡིན་པ་དེར་སྐྱེ་བར་འགྱུར་རོ། །གལ་ཏེ་བརྒྱལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལོག་པར་ལྟ་བ་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ཀླ་ ཀློའི་རིགས་སུ་སྐྱེ་བར་འགྱུར་ཞིང་དབུལ་བ་དང ། ནད་དང ། ལོང་བ་དང ། ལག་རྡུམ་དང ། ནད་བུ་ཅན་དུ་འགྱུར། ཚེ་ཐུང་བ་དང ། ཚིག་ཡིད་མི་ཆེས་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་ 68-1-207b བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རབ་ཏུ་སྲེག་པ་ཆེན་པོ་ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན།གང་གིས་སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ལས་དང་འབྲས་བུ་མི་འཐུན་པར་སྟོན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་འགྱུར་རོ། །འདི་ལྟ་སྟེ། སྲོག་གཅོད་པ་བྱས་ན་ སྲོག་གཅོད་པ་པོ་ཚེ་ཕྱི་མ་ལ་ལྷ་རྣམས་སུ་སྐྱེའོ་ཞེས་ཟེར་བ་དེ་ནི་འདི་ལྟར་ལས་དང་འབྲས་བུ་མི་འཐུན་པར་སྟོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་ཆགས་རྣམས་ཀྱི་སྙིང་ལ་ཆེས་སྡུག་བསྔལ་བ་མེད་པ་མ་ཡིན་ལ་འདི་ལྟར་ལྷ་རྣམས་སུ་སྐྱེས་པ་དག་ལ་ཆེས་བདེ་བ་མེད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་སྲོག་གཅོད་པ་དང་ཡང་དག་པར་ལྡན་པ་ནི་བདེ་བའི་རྒྱུར་མི་འགྱུར་སྡུག་བསྔལ་ཡང་བདེ་བའི་ལས་ཀྱི་འབྲས་བུར་མི་འགྱུར་ཏེ། ལོག་པར་ལྟ་བའི་རྣམ་པ་དེ་དག་སྟོན་པར་བྱེད་པ་དེ་ནི་ལས་དེ་དང་འབྲས་བུ་མི་འཐུན་པར་སྟོན་པ་ཡིན་ནོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་ པར་ལྟུང་བ་སེམས་ཅན་དམྱལ་བ་རབ་ཏུ་སྲེག་པ་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པར་ཇི་ལྟར་བསྟན་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་བཅུ་འགྱུར་དུ་འབྱུང་ངོ ། །རང་གི་ ལུས་ལས་ཀྱང་ཀུན་ནས་མེ་འབྱུང་སྟེ། རྣམ་པ་དེ་ལྟ་བུར་རབ་ཏུ་སྲེག་པ་ནི། གང་ལས་བྱས་པའི་སེམས་ཅན་དམྱལ་བ་པའི་མེའི་ཕྱི་རོལ་ན་གནས་པ་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །མེ་དེའི་མདོག་ཁ་བ་འདྲ་ལ་རྣམ་པ་དེ་ལྟ་བུས་དེ་རབ་ཏུ་སྲེག་པར་བྱེད་དེ། དེའི་ཕྱི་ནང་ཐམས་ཅད་ རབ་ཏུ་ཚིག་གོ། །ཡིད་ལ་གཅགས་པ་ལས་བྱུང་བའི་མེ་གཞན་གསུམ་པ་འབྱུང་བར་འགྱུར་ཏེ། དེས་ཀྱང་སེམས་ཅན་དམྱལ་བ་པ་དེ་སྲེག་གོ། །ལོག་པར་ལྟ་བ་དེ་ཕྱིས་འདི་ལྟར་ལོག་པར་ལྟ་བའི་འབྲས་བུ་ནི་ཚའོ། །རྣམ་པར་སྨིན་པའི་འབྲས་བུ་ནི་ཚའོ། །རོ་མྱང་བ་ནི་ཚའོ་ཞེས་མངོན་ 68-1-208a པར་ཤེས་པར་འགྱུར་རོ། །དེ་མེ་གསུམ་གྱིས་མངོན་པར་སྲེག་པ་ནི་སྐད་ཅིག་ཙམ་ཡང་བདེ་བ་མི་འཐོབ་སྟེ། སེམས་ཅན་དམྱལ་བ་ཚ་བའི་འཁོར་རབ་ཏུ་སྲེག་པ་ཆེན་པོར་འདི་ལྟར་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། དེར་ལོ་གྲངས་མེད་པར་ཡུན་རིང་ མོ་ཞིག་ཏུ་འཚེད་དེ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་སྲེག་གོ། །འཚེད་དོ། །རྣམ་པར་འཇིག་པར་བྱེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཚེ་རབས་སུམ་བརྒྱར་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །ཚེ་རབས་ ཉིས་བརྒྱར་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དེ་ལས་ཐར་ནས་གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཕ་མ་ལ་རིམ་གྲོ་བྱ་བ་བཏང་ཞིང་སྒྲ་སྐད་འབྱིན་པར་འགྱུར། མི་གཙང་བ་ཟ་ཞིང་ཡུལ་ནས་ཡུལ་གཞན་དུ་རྒྱུ་བ་དང ། དམ་པའི་ཆོས་དང་བྲལ་ བ་དང ། སྐྱེ་བོ་ཀུན་གྱིས་སྨད་པ་དང ། བཟའ་བ་དང་གནས་པའི་ཁྱིའི་སྤྱོད་ལམ་དང་མཚུངས་པ་དང ། རྐང་ལག་ལ་ཐོར་པ་འབྱུང་བ་དང ། ཕ་རོལ་གྱི་བསོད་སྙོམས་ཀྱི་ཟས་གསོབ་གསོག་ཏུ་གྱུར་པ་ཟོས་ནས་མིའི་ཚེ་འདི་ཉིད་ལ་འཆི་བར་འགྱུར་ཏེ། དེ་ལྟར་ལོག་པར་ལྟ་བ་ནི་ཐོག་ མ་དང་བར་མ་དང་ཐ་མར་མི་འདོད་པ་འབྱུང་བ་དགེ་སློང་དེས་མཐོང་ངོ ། །ཡང་དག་པའི་ལྟ་བ་ནི་བློའི་སྔོན་དུ་འགྲོ་ཞིང་དེ་ཁོ་ན་ཉིད་མཐོང་ལ་ཡང་དག་པའི་ལམ་ལ་རབ་ཏུ་གནས་པ་མྱ་ངན་ལས་འདས་པར་འགྲོ་བ་ན་སྔོན་དུ་འདྲེན་པ་ཡིན་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་ བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འཁོར་པད་མ་དཀར་པོ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་ བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ཡང་རྣམ་པ་འདི་དག་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ 68-1-208b མང་དུ་བྱས་པས་འགྱུར་བ་ནི་འདི་ལྟ་སྟེ། ཟས་མི་ཟ་བས་མཐོ་རིས་ཐོབ་པར་འགྱུར་རོ། །སྙམ་ནས་དེ་གཞན་ཡང་འཛིན་དུ་འཇུག་ཅིང་རྗེས་སུ་དགའ་བར་བྱེད་དུ་འཇུག་ལ་རབ་ཏུ་འཇོག་པར་བྱེད་པ། རྒྱུ་ངན་པ་དང ། ལྟ་བ་ངན་པ་གཞན་གྱིས་སེམས་བཅིངས་པ་དག་བསྟན་བཅོས་ངན་ པ་བྱེད་ཅིང་གཞན་ཡང་འཛིན་དུ་འཇུག་གོ། །འཛིན་དུ་བཅུག་སྟེ་ཟས་མི་ཟ་བ་ལ་བཀོད་ནས་སྲོག་དང་བྲལ་བར་བྱེད་དོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་པད་མ་དཀར་པོ་ལྟ་བུར་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་གང་སེམས་ཅན་དམྱལ་ བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་ཉིས་འགྱུར་དུ་འབྱུང་བའི་སྟེང་དུ་གནོད་པ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་རྟག་ཏུ་འབར་བའི་ཕྲེང་བར་འགྱུར་ཏེ། ལུས་དེ་ལ་རྒྱུ་ལས་དང་འཐུན་པའི་རྣོ་བ་དཔེ་མེད་པའི་རྒྱུ་དེས་མེ་ རབ་ཏུ་འབར་བ་ཡུངས་ཀར་གྱི་ཚད་ཙམ་ཡང་མ་ཁྱབ་པ་མེད་དེ། དེས་རྟག་ཏུ་རབ་ཏུ་འབར་རོ། །ཇི་ལྟར་མི་གཙང་བ་ཐམས་ཅད་ཀྱི་ནང་ན་ལོག་པར་ལྟ་བ་ཀུན་མི་གཙང་བ་དེ་བཞིན་དུ་མེ་ཐམས་ཅད་ཀྱི་ནང་ན་མེ་འདི་ཀུན་ཚའོ། །མེའི་གནོད་པ་དཔེ་མེད་པ་དེས་སེམས་ཅན་དམྱལ་བ་པ་དེ་དག་ ལ་རྒྱུ་དང་འཐུན་པའི་འབྲས་བུ་འབྱུང་སྟེ། དེས་ཡུན་རིང་དུ་སྲེག་གོ། །དེ་གལ་ཏེ་ལས་ཀྱི་དབང་གིས་མེ་ཏོག་པད་མ་དཀར་པོའི་ཚལ་ན་བྱའི་ཚོགས་དུ་མས་ཀུན་དུ་བསྟེན་པ་ཆུ་འབབ་པ་ཕུན་སུམ་ཚོགས་པ་མཐོང་བ་དང ། སེམས་ཅན་དམྱལ་བ་པ་གཞན་དག་ལ་སྨྲས་པ། ཀྱེ་འདི་ལྟར་ རྒྱུགས་རྒྱུགས། པད་མ་དཀར་པོའི་ཚལ་དེར་བདག་ཅག་ཆུ་བསིལ་བ་བཏུང་བར་བྱའོ། །ཚལ་གྲིབ་བདེ་བ་དག་བསྟེན་པར་བྱའོ་ཞེས་དེ་དག་གིས་དེ་སྤྲོ་བ་བསྐྱེད་ནས། དེ་དག་ཉིད་དང་ལྷན་ཅིག་ཏུ་པད་མ་དཀར་པོའི་ཚལ་དེར་རྒྱུག་གོ། །བརྒྱུགས་པ་དང་ཁ་ཅིག་མདག་མེའི་ཆུ་བོ་ གང་བ་དག་ཏུ་བྱིང་ངོ ། །བྱིང་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་རྣམ་པར་ཞིགས་སོ། །རྣམ་པར་ཞིགས་ནས་ཡང་འབྱུང་བར་འགྱུར་ཏེ། བྱུང་ནས་དེ་ལྟར་པད་མ་དཀར་པོའི་ཚལ་ལ་སྲེག་པས་དེ་ཉིད་དུ་རྒྱུག་གོ། །བརྒྱུགས་པ་དང ། སྦའི་ལྕུག་མ་རབ་ཏུ་འབར་བ་དག་ 68-1-209a འབྱུང་བར་འགྱུར་ཏེ། དེ་དག་གིས་ཡན་ལག་དང་ཉིང་ལག་ཐམས་ཅད་དཀྲི་དཀྲིས་ནས་ཉམས་རྣམ་པར་ཉམས་པར་བྱས་ཏེ། རུས་པ་དང་རྐང་ཙམ་ཞིག་ཡོད་པར་བྱས་སོ། །དེ་ནས་ཡང་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་དེ་བཞིན་དུ་པད་མ་དཀར་པོའི་ཚལ་ དུ་རྒྱུག་པ་དང ། དེའི་ཤ་ལ་ལས་ཀྱིས་བྱས་པའི་སྲིན་བུ་དག་བྱུང་སྟེ། དེ་ལ་ཟའོ། །དེ་ལ་དེ་དག་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་རེ་ཞིག་མིག་ལ་འཕྱང་འཕྱང་ནས་མིག་ཟའོ། །སྲེད་པས་ཉམ་ཐག་པ་ལོང་བར་གྱུར་པ་དེ་དེར་རྒྱུག་གོ། །བརྒྱུགས་པ་ན་སྲིན་བུ་གཞན་དག་འབྱུང་བར་ འགྱུར་ཏེ། དེ་དག་གི་ལུས་མུན་པར་བསྒྲིབས་པ་ངུ་སྐད་འདོན་པ་དེ་ལ་རྟག་ཏུ་ཟའོ། །དེ་ནས་ཡང་མིག་ནས་བྱུང་སྟེ། དེ་ལ་ཡང་ཟ་སྟེ། དེ་ལྟར་ལོ་འབུམ་ཕྲག་དུ་མའི་བར་དུ་ཟ་ཟ་ནས་སྐྱེ་བར་འགྱུར་རོ། །ཡོངས་སུ་རྒྱུག་པ་ན་ཡང་གལ་ཏེ་ཡང་པད་མ་དཀར་པོའི་ ཚལ་དེ་དག་དང་ཕྲད་ན། དེའི་བསམ་པ་དང་ལུས་ཐམས་ཅད་རབ་ཏུ་སིམ་པ་དང ། བདག་གི་བསམ་པ་བཞིན་དུ་པད་མ་དཀར་པོའི་ཚལ་དེ་དང་ཕྲད་དོ་སྙམ་དུ་དེའི་སེམས་སྐྱེའོ། །དེ་དེར་ཞུགས་པ་དང ། པད་མ་དཀར་པོ་དེ་དག་འཕང་དུ་དཔག་ཚད་ལྔའོ། །རྒྱར་དཔག་ ཚད་གཉིས་ཀྱི་ཚད་དེ་མེ་འབར་བའི་པད་མ་དཀར་པོ་དེ་ལ་ལས་ཀྱིས་བསླུས་པ་དག་འཛེག་གོ། །ལྷག་མ་གཞན་དག་ནི་འཛེག་ཅིང་འཁོད་ལ་སེམས་ཅན་དམྱལ་བ་པ་དེ་དག་གི་ལུས་འབར་བའི་ཕྲེང་བའི་ཡན་ལག་དང་ལྡན་པར་འགྱུར་ཏེ།འཛེག་བཞིན་དུ་དེ་དག་རེ་བ་མེད་ཅིང་ ཤིན་ཏུ་སྡུག་བསྔལ་ལ་བཀྲེས་པ་དང་སྐོམ་པས་ཉེན་པ་དེ་དག་མེ་མདག་པད་མ་དཀར་པོ་ལྟ་བུས་སྲེག་གོ། །འཚེད་དོ། །འཆི་ཞིང་སྐྱེའོ། །ལུས་ཀྱི་ཡན་ལག་དང ། ཉིང་ལག་ཐམས་ཅད་བསྲེགས་པ་ཤིང་ཀིང་ཤུ་ཀ་ལྟ་བུའི་ལུས་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་ སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་རིང་པོར་གནོད་པ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ཚེ་རབས་བཞི་བརྒྱར་ཡི་དགས་བཀྲེས་ཤིང་སྐོམ་པར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་ཚེ་རབས་སུམ་བརྒྱར་དུད་འགྲོ་རྣམས་ 68-1-209b སུ་སྐྱེ་བར་འགྱུར་རོ། །གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེས་ལོག་པར་ལྟ་བ་སྤྱད་ཅིང་ཉེས་པར་བྱས་པའི་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་མཚོན་གྱིས་ འཁྲུག་ཅིང་མུ་གེ་དང་ཆོམ་རྐུན་རབ་ཏུ་མང་བའི་ཡུལ་རྣམས་སུ་སྐྱེ་བར་འགྱུར། དེར་སྐྱེས་ནས་ཀྱང་དབུལ་ཞིང་ནད་བུ་ཅན་དང་གཞན་གྱིས་བཀོལ་ཅིང་སྡུག་ཕོངས་པར་གྱུར་ལ་དབང་པོ་མ་ཚང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་ པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྦྲུལ་འཁྱིལ་བ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་ སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ཡང་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་བ་ནི་འདི་ལྟར་ཙོག་ཙོག་པོར་ བསྒྱིངས་པར་འདུག་ལ་སྐོམ་འཐུང་ཞིང་ལག་པ་ལ་ལྡག་ན་མྱ་ངན་ལས་འདས་པ་འཐོབ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྤངས་པས་མ་ཡིན་ཞིང་དབང་པོ་ཞི་བས་མ་ཡིན་ནོ་ཞེས་སྨྲ་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་སྦྲུལ་འཁྱིལ་པ་ལྟ་བུར་སྐྱེ་བར་འགྱུར་རོ། ། དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་སྦྲུལ་གདུག་པ་གདེངས་ཀ་ཅན་རབ་ཏུ་འབར་བས་ཀུན་དུ་གང་བ་དེ་ན་སྦྲུལ་དཔག་ཚད་ཙམ་ཡོད་ཅིང་སྦྲུལ་གདུག་པ་དཔག་ཚད་ཙམ་ཡོད་པས་ཀྱང་ཤིན་ཏུ་གང་བ་ཡིན་ལ། ཁ་ཅིག་ནི་ལྟ་བའི་དུག་།ཁ་ ཅིག་ནི་རེག་པའི་དུག་།ཁ་ཅིག་ནི་མཆེ་བའི་དུག་སྟེ། དེ་དག་གིས་སེམས་ཅན་དམྱལ་བ་དེ་གང་ངོ ། །དེར་སེམས་ཅན་དམྱལ་བ་ཁ་ཅིག་གི་ནང་དུ་སྦྲུལ་དེ་དག་འབྱུང་བར་འགྱུར་ཏེ། གང་དག་ནང་དུ་སྐྱེས་པ་ལ་དེའི་ཚེ་སྦྲུལ་དེ་དག་གི་ལུས་རེག་པས་ཆད་པའི་ཕྱེ་བཞིན་འཐག་ 68-1-210a གོ། །གང་དག་ཁའི་ནང་དུ་སྐྱེས་པ་ནི་མཆེ་བ་དང་འདྲེས་པའི་དུག་རབ་ཏུ་འབར་བ་དེ་དག་གིས་སྐྱེ་ཞིང་སྐྱེ་ཞིང་ཡང་འཆིའོ། །ཤི་ནས་ཡང་འཚོ་སྟེ། དེ་དག་མེ་གསུམ་གྱིས་སྲེག་གོ། །འདི་ལྟ་སྟེ། དུག་གི་མེ་དང ། སེམས་ཅན་དམྱལ་བ་པའི་མེ་དང ། བཀྲེས་པ་དང་སྐོམ་པའི་མེས་དེ་དག་རང་གི་ལས་དང་འཐུན་པར་མེ་གསུམ་གྱི་དབུས་སུ་བཅུག་ནས་ཚོར་བ་ཚ་བ་རྩུབ་པ་དག་མྱོང་བར་འགྱུར་རོ། །གཞན་ཡང་ནད་ལས་བྱུང་བའི་ཚོར་བ་བརྗོད་པར་ཡང་མི་ནུས་པའི་ནད་བཞི་ལས་བྱུང་བའི་མེས་དེ་སྲེག་གོ། །དེ་ལྟར་ཉེས་པར་བྱས་པའི་ ལས་ཀྱི་མཐའ་སྤྱད་པ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་རིང་པོར་མེའི་ནང་དུ་བཅུག་ནས་སྲེག་གོ་།འཐག་གོ། །སྐེམས་སོ། །རྣམ་པར་ཞིགས་པར་བྱེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ཚེ་རབས་བརྒྱ་ལྔ་བཅུར་ཡི་དགས་ཁབ་མགྲིན་དུ་སྐྱེ་བར་འགྱུར། ཚེ་རབས་ཉིས་བརྒྱར་མེ་དང་ཆུ་མེད་པའི་གནས་རི་སུལ་དཔག་ཚད་བཅུ་གཉིས་པར་བཀྲེས་པ་དང ། སྐོམ་པ་ཐམས་ཅད་ཀྱིས་ཡོངས་སུ་གདུངས་པའི་དུད་འགྲོ་སེང་གེ་དང ། སྟག་དང ། དྲེད་དང ། གུང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་འབྲོག་དགོན་པའི་མིར་འགྱུར་ཏེ། གང་དག་གིས་ནམ་ཡང་ཁ་ཟས་མཐོང་བར་མི་འགྱུར་ན་བཟའ་བ་ ལྟ་སྨོས་ཀྱང་ཅི་དགོས་ཏེ། གཞན་དུ་ན་དེར་རྔད་དང ། རྩཝ་དང ། ཚལ་གྱི་འབྲས་བུས་སྲོག་འཚོ་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ སེམས་ཅན་དམྱལ་བ་ཟངས་བཞུས་པར་ཉ་འཁྱུག་པ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་ 68-1-210b པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བས་འགྱུར་རོ། །ལོག་པར་ལྟ་བ་ཡང་འདི་ལྟར་ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་འགྱུར་ཏེ། འདིར་འགྲོ་བ་འདི་དག་ཐམས་ཅད་དབང་ཕྱུག་གིས་སྤྲུལ་ཏེ་ལས་ཀྱིས་མ་བྱས་སོ་ཞེས་སྨྲ་ན། དེ་ ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཟངས་བཞུས་པར་ཉ་འཁྱུག་པ་ལྟ་བུར་སྐྱེ་བར་འགྱུར་རོ། །སེམས་ཅན་དམྱལ་བ་དེ་ཡང་ཟངས་བཞུས་པ་རབ་ཏུ་འབར་བས་རྒྱ་མཚོ་ལྟར་གང་བའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཏེ། དེར་ཡང་ལས་ཀྱིས་བྱས་པའི་ལྕགས་ཀྱི་ཉ་རབ་ཏུ་འབར་བ་དག་རྣམ་པར་རྒྱུ་ཞིང་ཟངས་བསྐོལ་བ་དེའི་དབུས་སུ་ཤིང་ལོ་མ་སྤུ་གྲི་དང་མདུང་ཐུང་ལྟ་བུ་དག་འབྱུང་སྟེ། དེར་སེམས་ཅན་དམྱལ་བ་པ་དེ་དག་སྐྱེས་ནས་འཆི་ཞིང་སྐྱེ་སྟེ། ཡན་ལག་དང་ཉིང་ལག་ཐམས་ཅད་ཞིགས་སོ། ། ཞུགས་པ་ན་ནུབ་ཅིང་འབྱུང་སྟེ་ཚོར་བས་ཉེན་པ་དག་ཕན་ཚུན་རྒྱུག་ཅིང་ངུ་སྐད་འདོན་ཏོ། །གཅིག་ལ་གཅིག་ལོག་པར་སྨྲས་པས་དེ་དག་དེ་ལྟར་ངུ་སྐད་འདོན་པ་ན་ལས་ཀྱིས་བྱས་པའི་ཉ་དེ་དག་སེམས་ཅན་དམྱལ་བ་དེ་དག་གི་དྲུང་དུ་ཁ་གདངས་ཤིང་རྒྱུག་གོ། །དེ་ནས་ཉ་དེ་དག་གིས་ སེམས་ཅན་དམྱལ་བ་པ་དེ་དག་ཁ་ཆུའི་ཞགས་པས་བཟུང་སྟེ་ཟ་ཞིང ། དེའི་ཚེ་སོའི་བར་དུ་ཕྱེ་མར་རླགས་སོ། །དེ་དག་གི་ལུས་ཕྱེད་ཉ་རྣམས་ཀྱིས་ཟོས་ཤིང ། ཕྱེད་ཟངས་བསྐོལ་བར་འཚེད་དོ། །དེ་དག་ཚོར་བ་དྲག་པས་ཉེན་ལ། ཚ་བ་རྩུབ་པའི་ཚོར་བ་གཉིས་མྱོང་བར་འགྱུར་ ཏེ། དེ་ཉ་དེ་རྣམས་ཀྱིས་ཕྱེད་ཟ་བ་དང ། ཕྱེད་ཟངས་བསྐོལ་བར་འཚེད་དོ། །ཡུན་རིང་མོ་ཞིག་འདས་ནས་ཉའི་ཁ་དེ་ནས་ཐར་བ་དང ། ཟངས་བསྐོལ་བའི་བུམ་པའི་ནང་དུ་འཇུག་གོ། །ཞུགས་པ་དང ། སྲིན་བུ་ཨ་པ་མཱ་སི་ཀ་ཞེས་བྱ་བ་རྡོ་རྗེ་ལྟ་བུར་མཆེ་བ་རྣོ་བ་དུག་དཔག་ཏུ་ མེད་པ་ཡོད་པ་དེ་དག་གིས་བཟུང་ངོ ། །བཟུང་བ་རྣམས་ཟངས་བསྐོལ་བའི་བུམ་པ་མུན་པར་གྱུར་པ་དེར་ཕྱེ་མར་རློག་གོ་།ཕྱེ་མར་བརླགས་ནས་ཕྱེ་མའི་དུམ་བུ་ཙམ་དུ་ཟའོ། །གང་ཚོར་བས་ཉེན་པ་ངུ་སྐད་འདོན་པ་དག་ཟངས་བསྐོལ་བས་ཁ་འགེངས་ཤིང་ངུ་སྐད་འདོན་ཏེ། དེ་དག་ 68-1-211a གིས་འཛག་སྒོ་ཟངས་བསྐོལ་བ་དེས་འགེངས་ཤིང་འགོག་ལ་འཚེད་ཅིང་རྣམ་པར་ཞིགས་པར་བྱེད་དོ། །ཟངས་བསྐོལ་བ་དེ་ལས་ཡུན་རིང་མོ་ཞིག་འདས་ནས་ཡང་རྐྱལ་ལོ། །རྐྱལ་ནས་ཀྱང་ལས་ཀྱིས་བྱས་པའི་རླུང་སྤུ་གྲི་ལྟ་བུ་རྣམས་ཀྱིས་ཇི་སྲིད་དུ་དེའི་སྡིག་པའི་ལས་ བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོག་པར་སྨྲ་བ་ལས་དང་འབྲས་བུ་ལ་སླུ་བར་ཞུགས་པ་དག་ཕྱེ་མར་རློག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ།ཐར་ནས་ཀྱང་ཚེ་རབས་སུམ་བརྒྱར་ཡི་དགས་ཁ་ཟས་མེད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཡི་ དགས་ཀྱི་ཡུལ་དེ་ལས་ཐར་ནས་ཀྱང་ཚེ་རབས་སུམ་བརྒྱར་དུད་འགྲོ་གླང་པོ་ཆེ་དང ། དོམ་དང་གྲོག་སྦུར་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་བ་རྟག་ཏུ་བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་དང ། རླུང་དང ། གདུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དུད་འགྲོ་དེ་ལས་ཐར་ ནས་ཀྱང་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ཁྱིས་འཚོ་བའམ་ཤིང་ཐུན་ནམ་ཉ་བར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལྕགས་ཀྱི་བུམ་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་ དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ནི་འདི་ལྟར་མཐོ་རིས་སུ་མི་འདི་དབང་དུ་འགྱུར་ རོ་ཞེས་མཆོད་སྦྱིན་དག་ལ་མི་དག་གསོད་པར་བྱེད་པ་དང ། འཇིག་རྟེན་ཕ་རོལ་དུ་དབང་དུ་བྱ་བའི་ཕྱིར་རུས་སྦལ་དག་གསོད་པར་བྱེད་ཅིང་གཞན་དག་ཀྱང་རབ་ཏུ་འཇོག་པར་བྱེད་པ་ནས་སྐྱེ་བའི་བར་དུ་བྱེད་པ་ཡིན་ཏེ། ལམ་བཟང་པོ་སུན་པར་བྱེད་ཅིང་ལམ་ངན་པ་ལ་འཇོག་ 68-1-211b པར་བྱེད་པའི་ལས་ཀྱི་རྣམ་པ་འདི་དག་ནི་ལོག་པར་ལྟ་བ་ཡིན་ནོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལྕགས་ཀྱི་བུམ་པར་སྐྱེ་བར་འགྱུར་ཏེ། དེར་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་བཅུ་འགྱུར་དུ་ འབྱུང་ངོ ། །བུམ་པ་དཔག་ཚད་བཅུ་པ་དྲུག་འབྱུང་སྟེ། དེ་དག་གི་མིང་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཞུགས་མ་ཐག་ཏུ་སྡུག་བསྔལ་བ་དང ། སྐྱབས་མེད་པ་དང ། རྟག་ཏུ་མེས་བསྐོར་བ་དང ། ཆུ་སོག་ལེ་ལྟ་བུ་དང ། སྤུ་གྲིའི་ཕྲེང་བ་ལྟ་བུ་དང ། ཆུ་བསྐོལ་ བའི་ནང་དུ་སྦྲུལ་ཞུགས་པའོ། །དེར་གང་དག་སྡུག་བསྔལ་མཚུངས་པར་འཚེད་པ་དེ་དག་ལ་རྣམ་པ་དེ་ལྟ་བུའི་སྡུག་བསྔལ་འབྱུང་སྟེ། གང་དུ་སེམས་ཅན་དམྱལ་བ་པ་དེ་དག་འཚེད་པ་ན་ཚོར་བའི་སྡུག་བསྔལ་ཡང་མཐའ་དག་འབྱུང་བར་འགྱུར་རོ། །གང་སྐྱབས་མེད་པ། འཚེད་ པ་དེ་དག་ལ་ལུས་ཀྱི་སྐྱབས་ཀྱང་མེད་ཅིང་ཡིད་དང་ཆོས་ཀྱི་སྐྱབས་ཀྱང་མེད་དེ། གང་ངན་འགྲོའི་སྐྱབས་ཅན་དེ་དག་ཐམས་ཅད་དེ་ན་སྐྱབས་མེད་དོ། །གང་རྟག་ཏུ་མེས་བསྐོལ་བ་ཡུན་རིང་པོར་འཚེད་པ་དེ་དག་ནི་མེས་བསྐོལ་བའི་ཟངས་བཞུས་པ་ལས་བྱུང་བས་ཇི་ལྟར་ཐལ་བ་ཡང་མི་མངོན་པ་དེ་ ལྟར་ལུས་རྣམ་པར་ཞིགས་པར་བྱེད་དོ། །དེ་ནས་ཡང་ལུས་དེ་སྐྱེ་བར་འགྱུར་ཏེ། ཆུ་སོག་ལེ་ལྟ་བུ་དེར་འཇུག་པར་བྱེད་དོ། །ཟངས་བསྐོལ་བའི་ཆུ་དེ་སོག་ལེ་ལྟ་བུ་ཡིན་ཏེ། དེ་དག་ཐམས་ཅད་མེ་འབར་བ་མཆེད་པ་དེར་བཅུག་པ་དང ། འོག་ནས་སྟེང་དུ་འབྱུང་ཞིང་ཟངས་བསྐོལ་ བའི་ཆུ་སོག་ལེ་ལྟ་བུར་གནད་དང་གནད་དག་ལ་གནོད་པར་བྱེད། གཤིག་པར་བྱེད་དོ། །དེ་ནས་ཡང་དེ་ལས་སྟེང་ནས་འོག་ཏུ་འབྱུང་སྟེ། སོག་ལེ་དེ་དག་ཉིད་ཀྱིས་གཤེག་ཅིང་འདྲལ་ལོ། །མོན་སྲན་གྲེའུ་ལྟ་བུའི་རིགས་དེ་དག་ལུས་སྟེང་དང་འོག་དང་སའི་ངོས་ལ་ཡུན་རིང་དུ་ འཇོམས་སོ། །གཤེག་གོ་།སྲེག་གོ། །སྤུ་གྲིའི་ཕྲེང་བའི་ནང་དུ་འཇུག་པ་དེ་དག་ལ་གནོད་པ་འབྱུང་སྟེ། འདི་ལྟ་སྟེ། བུམ་པ་དེ་སྤུ་གྲི་རྣམས་ཀྱིས་གང་བ་ཡིན་ཏེ། དེར་སེམས་ཅན་དམྱལ་བ་པ་དག་སྤུ་གྲི་དུག་གིས་གོས་པ་དེ་དག་གིས་ཡན་ལག་དང་ཉིང་ལག་གཤེག་པར་ 68-1-212a བྱེད་དོ། །ཆུ་བསྐོལ་བའི་ནང་དུ་སྦྲུལ་ཞུགས་པ་དེ་དག་ལ་གནོད་པ་འབྱུང་བ་ནི་འདི་ལྟ་སྟེ། ཆུ་བསྐོལ་བ་དཔག་ཚད་ཕྱེད་དུ་བསྐོལ་བ་ཤིན་ཏུ་ཚ་བ་འབྱུང་སྟེ། དེར་དབུ་བའི་ནང་ན་སྦྲུལ་གནས་པ་མཆེ་བ་མཆོག་ཏུ་རྣོ་བ་དག་རེག་པ་དང་མཐོང་བས་མེ་བཞིན་དུ་སྲེག་གོ་།རེག་པས་སྤུ་གྲི་བཞིན་དུ་ གཅོད་དོ། །སེམས་ཅན་དམྱལ་བ་པ་དེ་དག་སྦྲུལ་དེ་དག་གིས་གཅོད་པར་བྱེད་དེ། རེག་པས་རུས་པ་ཙམ་ལུས་པར་བྱེད་ཅིང་མཐོང་བས་སྐོལ་བར་བྱེད་ལ་དབུ་བ་བཞིན་དུ་ཞུ་བར་བྱེད་དོ། །ཆུ་བསྐོལ་བས་སྐོལ་བར་བྱེད་དེ། སེམས་ཅན་ དམྱལ་བ་པ་དག་སྡུག་བསྔལ་ཤིན་ཏུ་ཚ་ཞིང་རྩུབ་པ་དག་མྱོང་བར་འགྱུར་རོ། །གལ་ཏེ་གཤིན་རྗེའི་མི་དག་གཞན་དུ་དོང་བར་གྱུར་ན་དེའི་ཚེ་བུམ་པ་དེ་དག་གི་ཁ་འོག་མའི་བུ་ག་མེད་པར་འགྱུར་ཏེ། དེས་སེམས་ཅན་དམྱལ་བ་པ་དག་འབྲོས་པར་བྱེད་མི་ནུས་སོ། །དེ་ནས་གཤིན་རྗེའི་ མི་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་སེམས་ཅན་དམྱལ་བ་པ་བུ་ག་མེད་པའི་བུམ་པའི་ནང་འདིར་ཞུགས་པ་དག་རྡོ་རྗེ་ལྟ་བུའི་སྐྱོང་ནུལ་གྱིས་བུ་ག་མེད་པར་བྱས་ཏེ། གནོད་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་དམྱལ་བ་པ་དག་འབྲོས་མི་ནུས་པར་བྱའོ་སྙམ་དུ་སེམས་སོ། །དེ་ནས་ གཤིན་རྗེའི་མི་དེ་དག་འདི་སྙམ་དུ་སེམས་ཏེ། ལས་ཀྱིས་བྱས་པའི་བུམ་པ་འདི་དག་ཐམས་ཅད་ཀྱི་ཁ་འོག་མ་བདག་ཅག་གིས་ངེས་པར་ཡང་མེ་འབར་བའི་ཕྲེང་བ་མཆེད་པས་ཉིས་འགྱུར་དུ་རབ་ཏུ་འབར་བར་བྱའོ་སྙམ་ནས། དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་ལ་གནོད་ པ་དེ་དག་གིས་གནོད་པར་བྱེད་དོ། །དེ་ནས་གཤིན་རྗེའི་མི་དེ་དག་ཁྲོས་ནས་ཡང་བུམ་པ་དེ་དག་ལྕགས་ཀྱི་ཤིང་དེ་དག་གིས་ཉིས་འགྱུར་དུ་རབ་ཏུ་སྲེག་པར་བྱེད་དོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་གྱེན་དུ་འགྲོ་བ་ན་ཟངས་དམར་པོ་བསྐོལ་བས་ཕན་ཚུན་གནོད་ པར་བྱེད་དེ། སྡུག་བསྔལ་གྱི་གནོད་པ་སྣ་ཚོགས་ཀྱིས་ཉམ་ཐག་པ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཁ་ཅིག་ནི་རྣམ་པར་ཞིགས་སོ། །ཁ་ཅིག་ནི་སྦྲུལ་གདུག་པ་མེ་ལྟར་ཚ་བས་སྐོལ་ཅིང་སྲེག་པར་བྱེད་དོ། །དེ་དག་བུམ་པའི་ 68-1-212b གནོད་པ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ཚེ་རབས་སུམ་བརྒྱར་ཡི་དགས་དྲི་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་བསྟན་བཅོས་ངན་པའི་གཏན་ཚིགས་ཀྱིས་རྨོངས་པ་བློ་གྲོས་ ངན་པས་དོན་གྱི་ཕྱིར་རམ་མཐོ་རིས་ཀྱི་ཕྱིར་ཤ་དག་ལ་སོགས་པར་བྱེད་དོ། །སྲེད་པའི་བག་ལ་ཉལ་གྱིས་འབྲེལ་བས་དེ་དག་ཡང་སྡུག་བསྔལ་དེ་ཉིད་དོན་དུ་གཉེར་བར་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆུ་བོ་དམར་པོ་འབབ་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལོག་པར་ལྟ་བའི་ལས་བྱས་པ་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་འཆལ་པ་གང་གིས་ཚུལ་ཁྲིམས་འཆལ་པ་མང་དུ་བྱས་ནས་ཕྱིས་དེ་འདི་སྙམ་དུ་སེམས་ཏེ། བདག་དཀའ་ཐུབ་དཀའ་བ་བྱས་པ་དང ། བདག་གིས་ཉེས་པར་བྱས་པ་དང ། ཉེས་པར་མ་བྱས་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ་སྙམ་ནས་དེ་ཚལ་དུ་སོང་སྟེ། ཤིང་ ལ་རྐང་པ་བཏགས་ནས་མགོ་ཐུར་དུ་དཔྱངས་ཏེ། མཚོན་ཆ་ས་སྣའམ་དཔྲལ་བ་གཅོད་དེ། དེ་ལས་གང་ཁྲག་བྱུང་བ་དེ་དག་མེར་སྲེག་ལུགས་བྱེད་དོ། །སྲེག་པས་མཐོ་རིས་འདོད་པ་ལམ་ངན་པར་ཞུགས་པ་བྱེ་མ་དག་ལས་ཏིལ་མར་འབྱུང་བར་འདོད་པ་དེ་ཁྲག་ཟད་ནས་འཆི་སྟེ། དེ་ ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཆུ་བོ་དམར་པོ་འབབ་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་ལྔ་འགྱུར་དུ་འབྱུང་ བའི་སྟེང་དུ་ཁྱད་པར་འབྱུང་བ་ནི། འདི་ལྟར་གཤིན་རྗེའི་མི་དག་ཐོ་བ་དང ། རལ་གྲི་དང ། མདའ་བོ་ཆེ་དང ། རྡོ་རྣམས་ཀྱིས་ཇི་ལྟར་ཁྲག་དང ། གླད་རྒྱས་འབྱུང་ཞིང་འབབ་པ་དེ་ལྟར་ཕྱེ་མར་རློག་སྟེ། ཇི་ལྟར་ཆུ་བོ་དེས་དེད་པ་དེ་ལྟར་སེམས་ཅན་དམྱལ་བ་པ་སྐྲ་དང་རུས་པས་མུ་ 68-1-213a ཁེབས་པ་གཞན་དག་ཀྱང་ཆུ་བོ་དེས་དེད་དོ། །ཟངས་བསྐོལ་བའི་ཆུ་བོ་རབ་ཏུ་མི་བཟད་ཅིང་མཆོག་ཏུ་འཇིགས་པ་ཞེས་བྱ་བ་གཉིས་པ་འབབ་སྟེ། ཆུ་བོ་དེའི་ནང་ན་སྲོག་ཆགས་ཀྱི་རིགས་ལང་ཀུ་དི་ཀ་ཞེས་བྱ་བ་རེག་ན་མེ་ལྟར་ཚ་བ་ཞིག་ཡོད་པ་དེས་སེམས་ཅན་དམྱལ་བ་པ་ དེ་དག་རབ་ཏུ་བསྲེགས་ཤིང་བསྲེགས་ཤིང་ཟའོ། །དེ་ལྟར་ཆུ་བོ་དམར་པོ་འབབ་པའི་སེམས་ཅན་དམྱལ་བ་པ་དག་གི་ལོ་བགྲང་གིས་མི་ལང་སྟེ། ཇི་སྲིད་དུ་དེའི་ལོག་པར་ལྟ་བ་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཆུ་བོ་དམར་པོ་འབབ་པའི་སེམས་ཅན་ དམྱལ་བར་ཡུན་རིང་དུ་གནོད་པ་དག་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པས་ཚེ་རབས་ལྔ་བརྒྱར་ཡི་དགས་བདུག་སྤོས་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་ཚེ་རབས་ བཞི་བརྒྱར་དུད་འགྲོ་རྒྱ་མཚོའི་བྱར་སྐྱེ་སྟེ། དེ་ཆུ་བོའི་སྒོར་གནས་པའམ། གལ་ཏེ་མགོ་དམར་པོར་འགྱུར་རོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་ནད་བུ་ཅན་དུ་འགྱུར་བ་མཐོང་ངོ ། །དེ་ ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རྐང་དང་རུས་པ་ལ་སྲིན་བུ་མང་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལུས་སམ། ངག་གམ། ཡིད་ཀྱི་ཆད་པ་མི་དགེ་བ་མང་དུ་བྱས་ནས། དེ་ཕྱིས་ཐོས་པ་ངན་པས་རྨོངས་པ། ཚངས་པའི་འཇིག་རྟེན་ལ་སྲེད་པ། ལམ་ངན་པ་ ལ་རབ་ཏུ་གནས་པ། ཚུལ་ཁྲིམས་རྣམ་པར་སྤངས་པ། ཚུལ་ཁྲིམས་འཆལ་པའི་རང་བཞིན་དང་ལྡན་པ། གཡོ་ཅན་ཕ་རོལ་ལ་གནོད་པ་དག་ཚུལ་ཁྲིམས་སྤངས་ནས་ལྕི་བའི་མེ་ཐབ་བྱེད་དེ། སྡུག་བསྔལ་བ་ཚེ་འདི་ལ་མིའི་མེས་སྲེག་གོ། །དེ་ལུས་དང་བྲལ་ནས་ངན་ 68-1-213b འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྐང་དང ། རུས་པ་ལ་སྲིན་བུ་མང་བར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ལྕགས་ལས་བྱས་པའི་བརྡུང་བས་དེའི་མགོ་མན་ཆད་ཀྱི་བར་དག་རྡུང་བར་བྱེད་དོ། །ངུ་སྐད་འདོན་ པ་ན་ཇི་ལྟར་སྦྲང་རྩིའི་ཚིགས་མ་བཞིན་དུ་བྱེད་དེ། ཡན་ལག་དང་ཉིང་ལག་ཐམས་ཅད་མངོན་པར་དམིགས་སུ་མེད་པར་བྱེད་ཀྱང་ལོག་པར་ལྟ་བའི་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་འཆི་བའི་དུས་ནི་མི་བྱེད་དོ། །སེམས་ཅན་དམྱལ་བ་པ་དེ་དག་གི་ལུས་བསགས་ པར་གྱུར་པ་དག་ཇི་ལྟར་རྐང་དང་རུས་པ་ཆེན་པོའི་ཚོགས་ཀྱི་རི་འཕང་དུ་དཔག་ཚད་ལྔ་ཡོད་ཅིང་རྒྱར་དཔག་ཚད་གསུམ་ཡོད་པ་དེ་ལྟར་བསགས་པར་གྱུར་ཏེ། དེ་དག་ལ་སྲིན་བུ་དྲོད་གཤེར་ལས་སྐྱེས་པ་སེམས་ཅན་གྱི་གྲངས་སུ་བགྲང་བ་ཞིག་འབྱུང་བར་འགྱུར་རོ། །གང་དག་ལས་ ཅི་ཞིག་བྱས་པས་འགྱུར་སྙམ་ན། སྐྱེས་པའམ། བུད་མེད་གང་དག་གིས་རང་གི་ལུས་སམ། གཞན་གྱི་ལུས་ལས་བྱུང་བའི་ཤིག་གམ། སྲོག་ཆགས་མར་ཀོ་ཏ་ཀའམ། རྐང་ལ་ཟ་བའམ། གཞན་ཡང་རྣམ་པ་དེ་ལྟ་བུ་བསད་པར་གྱུར་ན་དེ་དག་ཀྱང་ལུས་དང་བྲལ་ནས་ ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྲིན་བུ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེ་དག་གི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ལུས་འབྱུང་ཞེས་བྱ་བའི་རི་དེ་ལ་དེ་དག་སྐྱེ་བར་འགྱུར་ཏེ། དེ་དག་ཀྱང་སེམས་ཅན་དམྱལ་བ་རྐང་དང་རུས་པ་ལ་སྲིན་བུ་མང་ བའི་གཤིན་རྗེའི་མི་གཞན་དག་འོངས་ནས་ལས་ཀྱིས་བྱས་པའི་མེས་རབ་ཏུ་སྲེག་པར་བྱེད་དོ། །ལུས་འབྱུང་བ་ཞེས་བྱ་བའི་སྲིན་བུ་ཡོད་པ་དེར་སེམས་ཅན་དམྱལ་བ་པ་ལྕི་བའི་མེ་ཐབ་ཀྱི་བསླུས་པ་དེ་དག་དེ་མ་ཐག་ཏུ་མེས་སྲེག་གོ་།དེའི་རི་དེ་སྲེག་པ་ན་འཕང་དུ་མེས་དཔག་ཚད་བཅུ་ཙམ་དུ་འབར་ བར་བྱེད་དེ། སེམས་ཅན་དམྱལ་བ་པ་དེ་དག་རང་གི་ལུས་ལས་བྱུང་བའི་མེ་དང་སྲིན་བུ་དེ་དག་གིས་ལྷན་ཅིག་སྲེག་པར་བྱེད་དོ། །ལུས་ལས་འབྱུང་བའི་སྲིན་བུ་བོང་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་ལས་སྡུག་བསྔལ་ཆེས་ཆུང་བ་འབྱུང་བ་ནི་སེམས་ཅན་དམྱལ་བ་པ་དག་བསྡུས་ནས་ 68-1-214a དེ་དག་མངོན་པ་མེད་པར་བྱེད་དེ། ཕན་ཚུན་མེ་འབར་བའི་ཕྲེང་བས་ལུས་ཡོངས་སུ་གདུངས་པ་དག་ཡུན་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་བགྲང་གིས་མི་ལང་བར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་རི་གསེབ་ཏུ་ཡི་དགས་ཁབ་མགྲིན་དུ་སྐྱེ་བར་འགྱུར་རོ། །ཚེ་རབས་ལྔ་བརྒྱར་རྒྱ་མཚོའི་སའི་འོག་གི་ཆུ་གྲང་མོ་བ་ཚཝའི་ཆུའི་ནང་གི་ཉར་སྐྱེ་བར་འགྱུར་རོ། །དེ་དག་དེ་ལས་ཐར་ནས་གལ་ ཏེ་བརྒྱ་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཚལ་ན་སྤྱོད་ཅིང་ཚལ་གྱི་ནང་ན་གནས་པའམ། ནགས་ཁྲོད་ན་འཚོ་བའམ། དབུལ་ཞིང་དེ་ཚལ་གྱི་མེས་སྲེག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྐྱེ་བོ་ཐམས་ཅད་སྲེག་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་ སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་སྔ་མ་བཞིན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ཡང་ཐོས་པ་ངན་པས་ རྨོངས་པ་ལུས་ཀྱི་ཆད་པ་དང ། ངག་དང ། ཡིད་ཀྱི་ཆད་པས་རྣམ་པར་རྨོངས་པ། རྟག་ཏུ་ཆད་པ་རྣམ་པ་གསུམ་གྱིས་ཉམ་ཐག་པ། ལོག་པར་ལྟ་བ་ཡང་མཚུངས་པར་སྤྱོད་པ་དག་ཚལ་ལམ། རིའམ། མཚམས་ཀྱི་བར་རམ། ཆུའམ། ལྕུག་མའི་ཚལ་དག་ལ་མེས་སྲེག་པར་ བྱེད་པ་དག་འདི་ལྟར་མེ་ཚིམ་པར་བྱས་པས་ལྷ་དག་དགའ་བར་འགྱུར་ཏེ། དེ་དག་དགའ་བ་དང ། ལྷ་ཡུལ་དུ་ཁྲིད་པར་བྱེད་དེ། བདག་ལྷའི་འཇིག་རྟེན་དེ་ཐོབ་པ་དང ། མེ་ཚིམ་པར་བྱས་པས་བདག་དེར་ལྷའི་དགའ་བ་ཐོབ་པར་འགྱུར་རོ་སྙམ་སྟེ། རྨོངས་པ་ཐོས་པ་ངན་པས་བསླུས་ 68-1-214b པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྐྱེ་བོ་ཐམས་ཅད་སྲེག་པ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་ལྔ་ འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི། འདི་ལྟར་དེར་སྐྱེས་པ་གང་དག་ལས་ཀྱིས་སྤྲུལ་པའི་བུ་དང ། བུ་མོ་དང ། ཆུང་མ་དང ། དགའ་བའི་བསྟེན་གྲོགས་དང ། ཕ་མ་དང ། དེ་ལས་གཞན་པ་དགའ་བ་དང་འབྲེལ་བ་དེ་དག་དེར་འཚེད་པ་ན། བུ་དང ། ཆུང་ མ་དང ། བསྟེན་གྲོགས་དང ། ཕ་མའི་ཚོགས་དེ་དག་ཐམས་ཅད་མཐོང་ངོ ། །དེ་དག་ཀྱང་དེ་ལྟར་སེམས་ཅན་དམྱལ་བར་འཚེད་པ་མཐོང་སྟེ། འཚེད་པ་དེ་མཐོང་བ་དང ། ཡིད་ཀྱི་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་དག་མྱོང་བར་བྱེད་དོ། །དགའ་བའི་ཚོགས་དེ་ དག་ཐམས་ཅད་མཐོང་ནས་མྱ་ངན་གྱི་མེའི་རྣམ་པ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་སེམས་ཅན་དམྱལ་བ་པའི་མེ་དེ་དག་སྲེག་པའི་མེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །སེམས་ཅན་དམྱལ་བ་པའི་མེ་ཐམས་ཅད་ཀྱི་ནང་ན་སྲེད་པའི་མེ་ཐམས་ཅད་ཆེས་ཤིན་ཏུ་ཚའོ། །མེ་རྣམས་ ཀྱི་ནང་ན་ཡང་འདི་མེ་ཡིན་ནོ། །ཞགས་པ་རྣམས་ཀྱི་ནང་ན་འདི་ཞགས་པ་མཆོག་ཡིན་ནོ། །འཆིང་བ་རྣམས་ཀྱི་ནང་ན་འདི་འཆིང་བ་དམ་པ་ཡིན་ཏེ། འཆིང་བ་དམ་པ་དེས་སོ་སོའི་སྐྱེ་བོ་བྱིས་པ་ཐམས་ཅད་བཅིངས་སོ། །གང་ལོག་པའི་ལས་ཀྱིས་བྱས་པའི་དགའ་བའི་ཚོགས་སེམས་ཅན་ དམྱལ་བ་པ་དག་མཐོང་ནས་ཀྱང་སྲེད་པས་དེ་བཞིན་སྲེག་སྟེ། གང་མེ་དེ་དག་ལས་བྱུང་བའི་སེམས་ཅན་དམྱལ་བ་པ་ཁ་བ་ལྟ་བུར་གྱུར་པ་དེ་ཡང་དེའི་བུ་དང་ཆུང་མའི་ཚོགས་དང ། ཕ་མའི་ཚོགས་ངུ་སྐད་འདོན་ཏེ། འདི་ལྟར་བདག་ཅག་ལ་ཡོངས་སུ་བསྐྱབ་པ་གྱིས་སྙིང་རྗེ་རྗེ་ སྐད་དུ་ངུ་སྐད་འདོན་ཀྱང་དེ་དག་ཡོངས་སུ་བསྐྱབ་པར་ག་ལ་ནུས་ཏེ། གང་སེམས་ཅན་དམྱལ་བ་པ་དབང་མེད་པ་མེས་སྲེག་ཅིང་འཚེད་དོ། །དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་ལུས་དང་ཡིད་ 68-1-215a ཀྱིས་མེས་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ལོ་སུམ་བརྒྱར་ཡི་དགས་གཏོར་མ་ཟ་བར་སྐྱེ་བར་འགྱུར། ཚེ་རབས་ལྔ་བརྒྱར་དུང་མ་ལྟ་བུའི་ནང་དེར་དེའི་བུས་པ་ཕོ་མོ་ཉ་པ་ དག་གིས་གསོད་པར་བྱེད་དོ། །གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དབུལ་ཞིང་ཚེ་ཐུང་བ་དང ། དབང་པོ་མ་ཚང་བ་དང ། བུ་དང ། ཆུང་མ་དང་བྲལ་ཞིང ། གང་དག་ཏུ་བྲན་གཡོག་ཏུ་འགྱུར་བ་ མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སར་འབྱིང་མཐའ་ཡས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་ དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་ཏེ། མདོར་ན་ལུས་ཀྱི་ཆད་ པའམ། ངག་གི་ཆད་པའི་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སར་འབྱིང་མཐའ་ཡས་སུ་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་ལྔ་འགྱུར་དུ་འབྱུང་ངོ ། །ལོག་པར་ལྟ་བར་གྱུར་པ་ནི་ཐོས་པ་ངན་པ་གང་གིས་སྲིན་བུ་ཕྲེའུ་དང ། གྲོག་སྦུར་དང ། སྦྲུལ་དང ། སྦྲུལ་ཤིན་ཏུ་གདུག་པ་དང ། རི་དགས་དང ། བྱ་རྣམས་མེའི་ནང་དུ་བཅུག་ན་མེ་དེ་དག་ནི་ དགའ་བར་འགྱུར་རོ། །དགའ་ནས་ཀྱང་འཇིག་རྟེན་མཐའ་ཡས་པ་སྦྱིན་པར་བྱེད་དེ། མེར་བསྲེགས་པ་དེ་དག་གིས་ཀྱང་དྲག་པོའི་འཇིག་རྟེན་མི་བཟད་པར་བྱེད་དོ། །གང་མེར་བཅུག་པ་དེ་དག་དེའི་ཆོས་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བསྒྲགས་ཤིང ། དེ་ལྟར་འཛིན་དུ་འཇུག་པ་ནི་ཆོས་ 68-1-215b ལོག་པས་རྣམ་པར་བསླུས་པ་ལོག་པར་ལྟ་བ་ཡིན་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སར་འབྱིང་མཐའ་ཡས་སུ་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། མདག་མའི་རི་རྒྱར་དཔག་ཚད་ལྔ་ཡོད་པ་ཀུན་ནས་ སེམས་ཅན་དམྱལ་བ་པའི་མེས་རབ་ཏུ་འབར་བ་དེ་ལ་སེམས་ཅན་དམྱལ་བ་པ་དེ་དག་གཤིན་རྗེའི་མི་རྣམས་ཀྱིས་བཏེག་ཅིང་འདོར་བར་བྱེད་དེ། རྐང་པ་དང ། རྐེད་པ་དང ། མདོམས་དང ། རྒྱབ་དང ། དཔུང་པ་དང ། མགྲིན་པ་དང ། ལག་པ་དང ། མིག་དང་།རྣ་བ་དང ། མགོ་དང ། གླད་པའི་བར་ བསྲེགས་ནས་དེ་ནས་ཡང་འབྱུང་བར་འགྱུར་ཏེ། སྲེག་པ་ན་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ། དུས་དུ་མ་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ ཀྱང་ལོག་པར་ལྟ་བ་མི་བཟད་པས་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ལྔ་བརྒྱར་ཡི་དགས་མི་གཙང་བ་ཟ་བ་ལུས་ཐམས་ཅད་རབ་ཏུ་འབར་བ་མཚན་མོ་རྒྱུ་བ་ན་སྐྱེ་བོ་ཀུན་གྱིས་མཐོང་བ་དང ། ལས་ངན་པ་བྱས་པ་དབང་དུ་གྱུར་པར་སྐྱེ་བར་འགྱུར་རོ། །ཡི་དགས་ཀྱི་རིས་དེ་ལས་ཐར་ནས་ཀྱང་ དུད་འགྲོ་ལུས་ཐམས་ཅད་ལ་སྲིན་བུ་མེ་ལྕེ་རབ་ཏུ་འབར་བ་འབྱུང་ཞིང་ཉིན་མཚན་དུ་སྐྱེ་བོ་ཀུན་གྱི་མངོན་སུམ་དུ་འགྱུར་བ་དང ། ཁོང་པའི་ནང་དུ་མེ་ཞུགས་པས་སྲེག་ཅིང་ཉི་མའི་འོད་ཟེར་དག་གིས་ཟིལ་གྱིས་ནོན་པར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་ པ་ཉེ་བར་གཞག་པ།བམ་པོ་བཅུ་གཉིས་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་པད་མ་ཆེན་པོ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་ གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ལ། མང་དུ་བྱས་པས་འགྱུར་ཏེ། མདོར་ 68-1-216a བསྡུ་ན་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པའི་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང་ལྡན་པ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་པད་མ་ཆེན་པོ་ལྟ་བུར་སྐྱེ་བར་འགྱུར་རོ། །ལོག་པར་ལྟ་བ་ཡང་རྣམ་པ་འདི་དག་བྱས་ པས་འགྱུར་ཏེ། འདི་ལྟར་མིས་གསང་གི་མཆོད་སྦྱིན་བྱས་པས་འཇིག་རྟེན་ཉམས་པ་མེད་པ་ཐོབ་པར་འགྱུར་རོ་ཞེས་ཟེར་བ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་པད་མ་ཆེན་པོ་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ ལྟ་སྟེ། སེམས་ཅན་དམྱལ་བ་དེའི་བྱད་གཟུགས་པད་མ་ལྟ་བུ་ཡིན་ཏེ། གང་དེ་དག་གི་ཟེ་བའི་བར་རྡོ་རྗེ་ལྟ་བུའི་ཚེར་མས་གང་བ་དེར་སེམས་ཅན་དམྱལ་བ་དཔག་ཚད་ལྔ་བརྒྱ་ཙམ་པ་དེ་ཚེར་མའི་བར་དེ་དག་ཏུ་སྐྱེ་བར་འགྱུར་རོ། །སྐྱེས་མ་ཐག་ཏུ་དེ་དག་གི་ལུས་ཐམས་ཅད་ཚེར་མ་ རྣམས་ཀྱིས་ཤིན་ཏུ་ཕུག་སྟེ། གང་མ་ཕུག་པ་གཅིག་མེད་པ་ནི་དེར་ཁབ་ཀྱི་བུ་ག་ཙམ་གྱི་ཕྱོགས་ཀྱང་མེད་དེ། གང་སེམས་ཅན་དམྱལ་བ་པའི་མེས་རྨས་མ་གང་བ་མེད་དོ། །དེ་ལྟར་ཇི་སྲིད་དུ་དེའི་སྲིད་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་རིང་པོར་འཚེད་ དོ། །སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་དག་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ཉིས་བརྒྱར་ཡི་དགས་ལྗན་ལྗིན་ཟ་བར་འགྱུར། དེ་དེ་ལས་ཤི་ནས་ཀྱང་ཚེ་རབས་ལྔ་བརྒྱར་རྨ་བྱ་དུག་ཟ་བའི་རིགས་སུ་སྐྱེ་བར་འགྱུར་རོ། ། གལ་ཏེ་དེ་ནས་ཤི་ནས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་དབུལ་ཞིང་རྟག་ཏུ་ཕན་ཚུན་རག་ལས་པ་མང་བ་དང ། གལ་ཏེ་ལྟད་མོ་པས་འཚོ་བའི་གར་མཁན་ནམ། གང་རྣམ་པ་དེ་ལས་གཞན་པའི་ལྟད་མོ་པས་ འཚོ་བར་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་བཀྲེན་པ་རབ་ཏུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མཐའ་ 68-1-216b དྲག་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་ནོ། །ལོག་པར་ལྟ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་བ་ནི་འདི་ལྟར་ཆུར་ཞུགས་པས་ཉེས་པར་བྱས་པ་ཐམས་ཅད་འབྱང་བར་འགྱུར་ཞིང་ཁྱབ་འཇུག་གི་འཇིག་རྟེན་དུ་སྐྱེ་བར་འགྱུར་ལ་གནས་དེ་ནམས་ཀྱང་མི་གཡོ་སྟེ། གཡོ་ བ་མེད་པ་དེར་སྐྱེ་བར་འགྱུར་རོ་ཞེས་དེ་ཕ་རོལ་དག་ཀྱང་དེ་ཉིད་ལ་འཇོག་པར་བྱེད་ཅིང་ཡང་དག་པར་དགའ་བར་བྱེད་ལ། ཆུར་ཞུགས་པས་སྲོག་དང་བྲལ་བར་བྱེད་ན། དེ་ཆུར་ཞུགས་པས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་མཐའ་དྲག་ཏུ་སྐྱེ་བར་འགྱུར་རོ། །ལུས་ཀྱི་ ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ཉམས་པ་དེར་སྐྱེས་པ་དག་ལ་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི། སེམས་ཅན་དམྱལ་བ་དེ་ཀུན་ནས་རྡོའི་ཟུར་ཤིན་ཏུ་རྣོ་བ་རྣམས་ ཀྱིས་ཁེབས་པ་ཀུན་ནས་རི་རད་རོད་ཤིན་ཏུ་རྣོ་བ་འཕང་དུ་དཔག་ཚད་བཅུ་ཡོད་པས་བསྒྲིབས་པ་དེ་ལ་བྱ་ཡང་འགྲོ་བར་མི་ནུས་ན། སེམས་ཅན་དམྱལ་བ་པ་དག་རི་དེ་ལ་རྒལ་བར་ལྟ་ག་ལ་ནུས་ཏེ། ཀུན་ནས་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། རི་དེ་དག་ཀུན་ནས་ མེ་ལྕེ་གཅིག་ཏུ་གྱུར་པ་དང ། སེམས་ཅན་དམྱལ་བ་པ་དེ་ལས་གཅིག་གིས་སེམས་ཅན་དམྱལ་བ་པ་མཐའ་དག་ལ། ཀྱེ་གྲོགས་པོ་དག་རིའི་རྩེ་མོར་སེམས་ཅན་དམྱལ་བ་འདི་དག་རི་འདི་དག་ལས་རྒལ་བ་དང ། བདེ་བ་ཐོབ་བོ་ཞེས་སྨྲ སྟེ། དེ་ལྟར་ལས་ངན་པས་བསྐུལ་བའི་སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་པ་དེ་དག་ལ་སྨྲའོ། །སྨྲས་མ་ཐག་ཏུ་སེམས་ཅན་དམྱལ་བ་པ་ལས་ངན་པས་བསྐུལ་བ་དེ་དག་རི་ཐག་ཐུག་ཟར་ཟུར་ཤིན་ཏུ་མི་བདེ་ཞིང་ཀུན་ནས་རབ་ཏུ་འབར་བ་ག་ལ་བ་དེར་དེ་དག་རྒྱུག་ཀྱང་དེ་དག་འཛེག་པར་ 68-1-217a མི་ནུས་ཏེ། དེ་དག་ཁ་ཅིག་ནི་དེ་ཉིད་དུ་མེས་འཚིག་གོ། །འཇིགས་སྐྲག་པ་ཁ་ཅིག་ནི་དེ་ཉིད་དུ་རྡོ་རད་རོད་ལ་འཇུ་བཞིན་དུ་སྲེག་གོ། །སྐྲག་ཅིང་དངངས་པའི་སེམས་ཅན་དམྱལ་བ་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་ཁ་ཅིག་ནི་གཤིན་རྗེའི་མི་རྣམས་ ཀྱི་ལག་པ་ནས་རལ་གྲི་དང ། ཐོ་བས་ཡང་ནས་ཡང་དུ་བཏགས་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ཉེན་པ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཤིན་ཏུ་ཡུན་རིང་པོར་འཚེད་ དོ། །སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ལོ་སུམ་བརྒྱར་ཡི་དགས་ཁྲག་ཟ་བའི་རིས་དང་འཐུན་པར་སྐྱེ་བར་འགྱུར། དེ་ལས་ཐར་ནས་ཀྱང་ལོ་སུམ་བརྒྱར་དུད་འགྲོ་སྦྲུལ་ཆེན་པོའི་རིགས་སུ་སྐྱེ་བར་ འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་དབུལ་ཞིང་ནད་བུ་ཅན་དང ། ཡུལ་ངན་པར་སྐྱེ་ཞིང་དབང་པོ་མ་ཚང་བ་དང ། རྟག་ཏུ་འཇིགས་པ་མང་བའི་ཡུལ་དག་ཏུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་ དེས། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རུས་པ་རྡོ་རྗེ་ལྟ་བུ་འབྱུང་ཞིང་འདུ་བ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་ སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང་།འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ཡང་ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་འགྱུར་ཏེ། འདི་ལྟར་དངོས་ པོ་དག་ནི་འདོད་རྒྱལ་ལས་འབྱུང་ཞིང་འདོད་རྒྱལ་ལས་འགག་སྟེ། འདི་ལྟར་ཚེར་མ་རྣོ་བ་དང ། རྨ་བྱ་དག་གི་བཀྲ་བ་དང ། འདི་ལྟར་སྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དག་གི་རྒྱུ་རྐྱེན་ནི་མེད་ཀྱི་འདོད་རྒྱལ་ལས་འབྱུང་ཞིང་འགག་སྟེ། དངོས་པོ་ཐམས་ཅད་ནི་དེ་ལྟ་བུ་ཡིན་ནོ་ཞེས་དེ་དེ་ 68-1-217b ལྟར་གཞན་དག་ཀྱང་འདོད་རྒྱལ་དུ་ལྟ་བར་གྱུར་པ་དེར་རབ་ཏུ་འཇོག་པར་བྱེད་ཅིང ། ཡང་དག་པར་སྟོན་པར་བྱེད་ལ། ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ཉམས་པར་བྱེད་པ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རུས་པ་ རྡོ་རྗེ་ལྟ་བུ་འབྱུང་ཞིང་འདུ་བར་སྐྱེ་བར་འགྱུར་རོ། །དེར་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་གང་གི་ཚེ་སེམས་ཅན་དམྱལ་བ་པ་དེ་དག་མཚོན་ཆ་ཧུ་ལུ་ རྣོན་པོ་དག་གིས་དེའི་ཤ་མེད་པར་བྱས་ལ་གང་དགྲ་གཞན་བྱུང་བས་རུས་པ་དེ་དག་བླངས་ཏེ། དགྲ་དེས་རུས་པ་ཕན་ཚུན་བཏགས་སོ། །རུས་པ་དེ་དག་ཀྱང་དེ་དག་གི་ལས་ཉེས་པར་བྱས་པ་དེས་རྡོ་རྗེ་ལྟ་བུར་གྱུར་ཏེ། ཁ་ཅིག་གི་མགོ་ཕུག་།ཁ་ཅིག་གི་རྐེད་པ་ཕུག་།ཁ་ཅིག་གི་ཡན་ལག་དང་ ཉིང་ལག་ཐམས་ཅད་ཐལ་བར་རློག་།ཁ་ཅིག་གི་ཁྲག་ཙམ་ལུས་པར་བྱེད། ཁ་ཅིག་གི་ཡན་ལག་གཅིག་འཇིག་པར་བྱེད། ཁ་ཅིག་ལ་ཕན་ཚུན་སྦྲོན་པར་བྱེད། རུས་པ་དང ། རུས་པས་སམ། རྡོ་རབ་ཏུ་འབར་བ་དག་གིས་སེམས་ཅན་དམྱལ་བ་པ་དེ་དག་གཅིག་ལ་གཅིག་རྡེག་ཅིང་ གསོད་དེ། སེམས་ཅན་དམྱལ་བ་པ་ལས་ཀྱིས་བསྐུལ་བ་དེ་དག་འདི་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་ཤིན་ཏུ་རིང་པོ། ལོ་བགྲང་གིས་མི་ལང་བར་སེམས་ཅན་དམྱལ་བ་དེ་དག་གཅིག་ལ་གཅིག་གསོད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཡི་དགས་རང་གི་གླད་རྒྱས་ཟ་བའི་ནང་དུ་སྐྱེ་བར་འགྱུར། དེ་ནས་ཤི་ནས་ཀྱང་ཚེ་རབས་སུམ་བརྒྱར་དུད་འགྲོའི་འཇིག་རྟེན་རྩངས་པ་དང ། སྐྱིན་གོར་དང ། སྲོག་ཆགས་བྷི་ལ་ཀར་སྐྱེ་བར་འགྱུར་རོ། །དེ་ནས་ ཤི་ནས་ཀྱང་གལ་ཏེ་བརྒྱ་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཚལ་དུ་གནས་པ་དང ། འགྲོ་ལྡིང་བའི་ཡུལ་དང ། ན་དྷ་ཀའི་ཡུལ་གྱི་དབུས་དག་ཏུ་དབུལ་བ་དང ། ནད་བུ་ཅན་དང ། གཞན་གྱིས་བཀོལ་བར་འགྱུར་བ་མཐོང་ 68-1-218a ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྐུད་པ་ནག་པོས་འདྲལ་ཞིང་གཅོད་པ་ཚ་བ་ཞེས་བྱ་བ་མཐོང་ངོ ། ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ པས་འགྱུར་རོ། །ལོག་པར་ལྟ་བས་ནི་མཚན་མ་དང་མཚན་མ་ལས་བྱུང་བ་བྱས་པ་སྟོན་པར་བྱེད། སྒོམ་པར་བྱེད། མང་དུ་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལྕགས་ནག་པོའི་སྐུད་པས་འདྲལ་ཞིང་གཅོད་པ་ཚ་བར་སྐྱེ་བར་འགྱུར་རོ། །དེར་གང་ སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་ལྔ་འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་རང་གིས་བྱས་པ་ཉེས་པར་བྱས་པའི་ལས་ལས་བྱུང་བའི་སྐུད་པ་ནག་པོས་གཅལ་ནས་གཤིན་རྗེའི་མི་རྣམས་ཀྱིས་མཚོན་ཆའི་སོ་རྣོ་ཞིང་རབ་ཏུ་འབར་བ་དག་གིས་རྐང་པ་ལ་སོགས་ པ་ནས་མགོའི་བར་དུ་གཅོད་དོ། །དེ་ལྟར་དེ་དག་གཅོད་པ་ན། སྙིང་རྗེ་ཞིང་རྣམ་པར་ཁྲོ་ལ་སྐད་འབྱིན་ཅིང་ངུའོ། །མཚོན་ཆས་གཤེག་ཅིང་ལྕགས་ནག་པོའི་སྐུད་པས་འདི་ལྟར་ཡུངས་ཀར་ཙམ་དུ་ཡང་མི་མངོན་པར་ཆེས་ཕྲ་བར་གཅོད་དོ། །དེ་ལྟར་སེམས་ཅན་དམྱལ་བ་པ་དེ་དག་ཇི་སྲིད་དུ་ དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་ཤིན་ཏུ་རིང་པོར་གནོད་པ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་ཡི་དགས་གཏོར་མ་ཟ་བ་རྣམས་ཀྱི་ནང་ དུ་སྐྱེ་བར་འགྱུར། ཚེ་རབས་ལྔ་བརྒྱར་དུད་འགྲོ་ཆུའི་སྲིན་བུ་དང ། སྡིག་པ་དང ། གྲོག་སྤུར་གྱི་སྐྱེ་གནས་དག་ཏུ་སྐྱེ་བར་འགྱུར། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དེ་དག་གི་རྒྱུ་འཐུན་པས་དེ་ཚེ་རབས་སུ་བཀྲེས་པ་དང ། སྐོམ་པས་གདུངས་པར་འགྱུར་ཞིང་ 68-1-218b གང་རྒྱལ་པོ་གཞན་གྱིས་གནོད་པ་བྱས་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྲིན་བུ་ན་ཀྲ་དང ། འཁོར་ལོ་དང ། མེ་འཇིགས་འཇིགས་ལྟར་སྐྱེས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་ གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ཡང་བསམས་ཤིང་བསྒོམས་ལ་མང་དུ་བྱས་པས་འགྱུར་ཏེ། འདི་ལྟར་འཇིག་རྟེན་འདི་རྟག་གོ། །འཇིག་རྟེན་འདི་ཐེར་ཟུག་གོ། །ཆོས་ཐམས་ཅད་རྟག་ གོ། །ཆོས་རྣམས་ནི་རྟག་སྟེ། ཕྱིན་ཅི་མ་ལོག་པའོ་ཞེས་དེ་ལྟར་དེ་ཕྱིན་ཅི་ལོག་ཏུ་ལྟ་བ་ནི་ལོག་པར་ལྟ་བ་ཡིན་ཏེ། ཕ་རོལ་དག་ཀྱང་ལོག་པར་ལྟ་བ་དེ་ཉིད་ལ་ཡང་དག་པར་འཇོག་པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད། ཡང་ནས་ཡང་དུ་སྟོན་ཅིང་འཁོར་ལ་སྨྲ་བ་དང ། རྒྱུ་ངན་ པ་དང་ལྟ་བའི་མཐའ་འཁོར་འཛིན་དུ་འཇུག་ཅིང་ཆོས་མ་ཡིན་པ་ཆོས་ཀྱི་ཚུལ་དུ་སྟོན་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྲིན་བུ་ན་ཀྲ་དང ། འཁོར་ལོ་དང ། མེ་འཇིགས་འཇིགས་ལྟར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་གང་སེམས་ཅན་དམྱལ་བ་ཡང་ སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་ལྕགས་ཀྱི་ཀ་བ་འབྱུང་བར་འགྱུར་ཏེ། དེའི་གླད་པར་བརྒྱབ་ནས་རྐུབ་ཏུ་འབྱུང་ངོ ། །དེ་ནས་བྱུང་ནས་ཀྱང་སའི་ནང་དུ་ལྷན་ཅིག་ནུབ་བོ།། །།གསལ་ཤིང་གིས་ཕུག་ནས་སྲིན་བུ་ ན་ཀྲ་ཞེས་བྱ་བས་པགས་པ་དང་ཤ་དང་ཚིལ་ཐམས་ཅད་ཟ་ལ། དེའི་ཡན་ལག་དང་ཉིང་ལག་དག་ཟ་ཞིང་འཐུང་སྟེ། ཁྲག་འབྱིན་པར་བྱེད་པ་དང ། ལུས་སྒུལ་བར་བྱེད་པ་དང ། ཤ་གཅོད་པར་བྱེད་པ་དང ། མིག་འབྱིན་པར་བྱེད་པ་དང ། གཞུངས་པ་དང ། རྒྱུས་པ་འབྱིན་ཅིང་རྩ་ 68-1-219a ཡང་གཅོད་པ་དང་འཛག་སྒོ་སྲེག་པ་དང ། སྤུ་འཐོག་པ་དང ། པགས་པ་འདྲལ་བ་དང ། རྒྱུས་པ་མང་པོའི་ནང་དུ་འཇུག་པ་དང ། སྙིང་དྲལ་ནས་འཐུང་བ་དང ། གློ་བ་དང ། རྒྱབ་དང ། གནད་དང ། གནད་དག་ལ་ཟ་བར་བྱེད་དོ། །དེའི་མིད་པ་ དང ། ལྕེ་དག་ཕྲ་སྐམ་རབ་ཏུ་འབར་བས་དྲངས་ནས་ཁྱི་ཟར་འཇུག་གོ། །རྒྱུ་ངན་པ་དང ། ལྟ་བ་ངན་པའི་མཐར་ཆུད་པ་ངན་པར་སྨྲས་པ་གང་དེ་དེའི་ཉེས་པས་དེ་དག་ཐམས་ཅད་སྡུག་བསྔལ་གྱི་དྲ་བར་ཆུད་པ་ཡིན་ཏེ། སེམས་ཅན་དམྱལ་བ་པ་ལོག་པར་ལྟ་བ་གཡོ་སྒྱུའི་ལྟ་བ། གཡོ་སྒྱུས་འགྱེད་པ་དེ་དག་ལོག་པར་སྨྲ་བ་ཆེན་པོ་ཡིན་ཏེ། གང་དེ་དག་དེས་དེར་རབ་ཏུ་བཙུད་ཅིང་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ཉམས་པ་དེ་དག་ཐམས་ཅད་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་ཤིན་ ཏུ་རིང་ཞིང་ལོ་བགྲང་གིས་མི་ལང་བར་སེམས་ཅན་དམྱལ་བར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་སུམ་བརྒྱར་ཡི་དགས་མི་རོ་ཟ་བར་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་ གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་གང་རྒྱལ་པོ་གཞན་གྱིས་ཉེས་པ་བྱས་པ་དེ་དེའི་ལུས་ལ་འབབ་པ་དང ། དེ་དབུལ་ཞིང་ནད་བུ་ཅན་དང ། གཞན་གྱིས་བཀོལ་བར་འགྱུར་ཞིང་མིའི་ ཤ་ལ་ཟ་བ་དང ། ལུས་སྣང་བའི་འདུ་ཤེས་མི་འཐོབ་པར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ ནགས་ཚལ་གྱི་མེ་མུན་ལྟར་འཁྲིགས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང་། 68-1-219b ཆང་འཐུང་བ་དང་།བརྫུན་སྨྲ་བ་ཀུན་དུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པས་འགྱུར་ཏེ། ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་དང་ལྡན་པས་འགྱུར་རོ། །དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ནགས་ཚལ་གྱི་མེ་མུན་ལྟར་འཁྲིགས་པ་ ཞེས་བྱ་བར་སྐྱེ་བར་འགྱུར་རོ། །ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་བ་ནི། འདི་ལྟར་ཁ་ཅིག་ནི་མི་རྟག་གོ། །ཁ་ཅིག་ནི་རྟག་གོ། །དེ་ལ་མི་རྟག་པ་ནི་ལུས་ཡིན་ནོ། །རྟག་པ་ནི་ས་ལ་སོགས་པ་འབྱུང་བ་རྣམས་ཡིན་ཏེ། དེ་མཐར་འཛིན་པ་ ལྟ་བ་གཉིས་ཀྱི་རྒྱུ་ངན་པ། ལྟ་བ་ངན་པའི་མཐའ་གཞན་དག་འཛིན་དུ་འཇུག་ཅིང་ཡང་དག་པར་དགའ་བར་བྱེད་དུ་འཇུག་ལ་ཡང་དག་པར་རབ་ཏུ་འཇོག་།འཁོར་ལ་ཆོས་མ་ཡིན་པའི་ཚུལ་གྱིས་ཆོས་སྟོན་ཅིང་རབ་ཏུ་འཇོག་པར་བྱེད་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ ཅན་དམྱལ་བ་ནགས་ཚལ་གྱི་མེ་མུན་ལྟར་འཁྲིགས་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་ལྔ་འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་གང་གི་ཚེ་གཤིན་རྗེའི་མིའི་གནོད་པ་དག་ལས་གལ་ཏེ་ཐར་ནས་ ཀྱང་ཕྱིས་དེའི་ལས་ཀྱིས་བྱས་པའི་མུན་པ་མུན་ནག་གི་ཚོགས་ཀྱི་རླུང་ལྡང་སྟེ། དེས་སེམས་ཅན་དམྱལ་བ་པ་དེ་དག་དམིགས་པ་མེད་པ་ནམ་མཁའ་ལ་ཇི་ལྟར་དེའི་ལུས་ཀྱང་མི་མངོན་པ་དེ་ལྟར་སྐོར་རོ། །ཡོངས་སུ་བསྐོར་བ་དེ་ཡོངས་སུ་སྐོར་བ་དང་རླུང་གཞན་སྤུ་གྲི་ལྟ་བུར་ལྡང་སྟེ། དེས་ལུས་ དེ་ཆང་པ་ནས་བྱེ་མ་འཐོར་བ་ལྟར་ཕྱོགས་བཅུར་འཐོར་རོ། །དེ་ནས་ཡང་སྐྱེ་བར་འགྱུར་ཏེ། ཡང་འཐོར་རོ། །དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་ཤིན་ཏུ་རིང་བ་ལོ་བགྲང་གིས་མི་ལང་བར་སྡུག་བསྔལ་དྲག་ཅིང་ཚ་ལ་རྩུབ་པ་དག་མྱོང་ བར་འགྱུར་རོ། །དེ་ཕྱིས་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་བཞི་བརྒྱར་ཡི་དགས་སྐྱུགས་པ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་གང་དུད་འགྲོ་ལྷག་མ་ཟ་བ་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་པའི་ 68-1-220a ལུས་སུ་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་བུང་བ་རྡོ་རྗེ་ལྟ་བུས་གནོད་པའི་གོ་ཆ་ཞེས་བྱ་ བ་ཇི་ལྟར་འདུག་པ་དེ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་ ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ལོག་པར་ལྟ་བ་ནི་འདི་ལྟར་འཁོར་བ་འདི་ནི་ཐོག་མ་ཡོད་ཅིང་རྒྱུ་ཡོད་པའོ། །གང་འདི་དག་ཐམས་ཅད་ཀྱི་རྒྱུ་རྟག་པ་དང་མི་རྟག་པ་གཉིས་ཏེ། དེས་བསྐྱེད་དོ་ཞེས་བརྫུན་དེ་རྒྱུ་ངན་པ་དང ། ལྟ་བ་ངན་པའི་མཐས་བསླད་ པ་དེ་ཆོས་མ་ཡིན་པ་ཆོས་ཀྱི་ཚུལ་དུ་སྟོན་ཅིང་ཕ་རོལ་རབ་ཏུ་འཇོག་པར་བྱེད་ཡང་དག་པའི་ལམ་ལས་བཀོལ་བར་བྱེད་ཅིང་ཆོས་ལས་ཕྱིར་ཟློག་པར་བྱེད་ལ་ལོག་པར་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ཀྱང་དེ་དེ་ལྟར་མ་ཡིན་ཏེ། རྒྱུར་གྱུར་པ་རྟག་པ་གང་ཡང་མེད་དོ། །རྟག་པ་ནི་ དུས་དང་བྲལ་བ། འགྱུར་བ་མེད་པ། དེ་སྐྱེད་པ་མ་ཡིན་པ། ནམ་མཁའ་ལྟ་བུ་ཡིན་ན་དེ་ཡང་གཞན་དུ་རྟོག་སྟེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་བུང་བ་རྡོ་རྗེ་ལྟ་བུས་གནོད་པའི་གོ་ཆར་སྐྱེ་བར་འགྱུར་རོ། །དེ་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ཉེན་པས་ཉམས་པ། སྐྱེས་བུ་ངན་པ། ལོག་པར་ལྟ་བ། ཡང་དག་པར་སྨྲ་བ་ཕྱིར་འགོག་པ། ཡང་དག་པར་མ་ཡིན་པ་སྨྲ་བ་ལ་རབ་ཏུ་འཇོག་པ། རྨོངས་པས་ལམ་ངན་པར་ཞུགས་པ། ཤེས་རབ་ཀྱི་ང་རྒྱལ་ཅན་རང་གིས་ཡོངས་སུ་ བརྟགས་པ་སྨྲ་བ་ནི་གནོད་པ་དག་དང་ཕྲད་དེ། གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དག་ལྔ་འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་འདི་ལྟ་སྟེ། གཤིན་རྗེའི་མི་ཕྲ་སྐམ་ཕྲ་མོ་ཐོགས་པས་ཤ་བ་སྤུ་ཙམ་དུ་བཏོགས་བཏོགས་ནས་དེ་ 68-1-220b ཉིད་ཟར་འཇུག་གོ། །བུང་བའི་མཆུ་རྡོ་རྗེ་ལྟ་བུ་དག་འབྱུང་བར་འགྱུར་ལ། གང་དེའི་ལུས་ལ་ལན་ཚཝ་ལྟར་དྲག་པར་བྱེད་དེ་དེ་ལ་ཁྲག་དྲོན་པོ་འབྱུང་ངོ ། །དེ་གཤིན་རྗེའི་མི་རྣམས་ཀྱིས་དེ་ཉིད་ཟར་འཇུག་སྟེ། ཟས་དེས་དེའི་སྲོག་འཚོ་བར་བྱས་སོ། །ཉེས་པར་བྱས་པའི་ལས་ ཀྱིས་བསླུས་པ་དེ་ཡང་བཀྲེས་པ་དང ། སྐོམ་པས་ལུས་དང་སྙིང་བཅུ་འགྱུར་དུ་གདུངས་སོ། །དེ་ནས་ཡང་ལས་དེ་དང་རྒྱུ་འཐུན་པར་རང་གི་ཤ་དང་ཁྲག་དེ་ཉིད་འབྱུང་བར་བྱེད་དེ། རང་གི་ལས་ཀྱིས་འཆི་བའི་དུས་མི་བྱེད་དོ། །དེ་ནས་ཡང་རང་གི་ཤ་དང་ཁྲག་དེ་ཉིད་འབྱུང་ བར་བྱེད་དེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལས་ཀྱིས་བསླུས་པ་དེ་ཡུན་ཤིན་ཏུ་རིང་པོ་ལོ་བགྲང་གིས་མི་ལང་བར་གནོད་པ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་ དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་བཞི་བརྒྱར་ཡི་དགས་ལྷག་མ་ཟ་བར་སྐྱེ་བར་འགྱུར་རོ། །ཚེ་རབས་ལྔ་བརྒྱར་དུད་འགྲོ་ཙི་ལིན་ད་དང ། བ་ལང་གི་ནགས་ཚལ་ལ་སོགས་པར་བཀྲེས་པ་དང ། སྐོམ་པས་གདུངས་པའི་ལུས་སུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་ སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་ལ་བརྟགས་ན། དེས་བཅུ་བདུན་པ་ནི་གཅིག་ཀྱང་མ་མཐོང་ལ། འདི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་འཁོར་འདིའི་མཐའ་ནི་འདི་ཡིན། གནས་པ་ནི་འདི་ཡིན། ལོག་པར་ལྟ་བ་ངན་ པར་བྱས་པའི་ལས་བྱས་པ་རྣམས་ཀྱི་གནས་ནི་འདི་ཡིན་ནོ་སྙམ་སྟེ། དེས་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་པ་ལ་བརྟགས་ནས་ཡང་དག་པ་ཇི་ལྟ་བ་བཞིན་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་རྣལ་འབྱོར་སྤྱོད་པ་དེ་རབ་ཏུ་དགའ་བ་དང ། ས་བླ་བའི་གནོད་སྦྱིན་དག་གིས་དེ་ མཐོང་ནས། ཀྱེ་ཨེ་མ་དགེ་སློང་འདི་ནི་བརྩོན་པ་མ་ཉམས་པ་ས་གཞན་བཅུ་གཅིག་པ་ལ་ཞུགས་ཤིང་འཁོར་བའི་དུས་རྣམ་པར་གཅོད་པར་བྱེད་པ་དེ་ཡང་ཤེས་ནས་དགའ་སྟེ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་སྔ་མ་བཞིན་མངོན་པར་བསྙད་ནས། འོད་ཆུང་གི་ལྷའི་བར་དག་ལ་ 68-1-221a འདི་ལྟར་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཅེས་བྱ་བ་སྔ་མ་བཞིན་དུ་སྦྱར་ཏེ། ས་གཞན་བཅུ་གཅིག་པ་ལ་ཞུགས་པ། བདུད་ཀྱི་གཞི་དང་ལྷན་ཅིག་གནས་པར་མི་འདོད་པ། ཉོན་མོངས་པ་འདོད་ཆགས་རྣམས་དང་ལྷན་ཅིག་རྩེ་བར་མི་འདོད་པ། ཡུལ་ལ་གནས་པའི་འགྲོ་བ་ སྡུག་བསྔལ་གྱི་གཞི་མཐའ་ཡས་པ་མི་འདོད་པའི་བར་དག་བསྙད་དོ། །དེ་ནས་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བའི་འཁོར་ལ་བརྟགས་ནས་སེམས་ཅན་དམྱལ་བ་གཞན་དག་ ལ་ཡང་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རབ་ཏུ་ཚ་བ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་ གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །དགེ་སློང་མ་གཞོན་ནུ་སྡོམ་པ་ལ་གནས་པ། ཚུལ་ཁྲིམས་མ་ཉམས་པ། བརྐམ་པ་མེད་པར་སྤྱོད་པ། འདོད་པ་མེད་པའི་བརྟུལ་ཞུགས་ ཉམས་པར་བྱས་ཤིང་དེ་བཞིན་གཤེགས་པའི་བསྟན་པ་ལས་འཁྲུལ་པར་བྱས་ལ་དེ་སངས་རྒྱས་ལ་མི་དད་པར་བྱས་ཏེ། འདི་ལྟར་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ན་དེའི་དགེ་སློང་མའི་དགེ་འདུན་རྣམ་པ་འདི་ལྟ་བུས་ཅི་ཞིག་ཏུ་འགྱུར། དེ་དག་ཐམས་ཅད་ནི་བརྫུན་ཡིན་ཏེ། བསྟན་ པ་དེ་ནི་ངན་པ་ཡིན་ཞིང་དེ་ནི་དམན་པ་ཡིན་ཏེ། དེ་ལ་བྱིན་པས་ཆོས་སུ་མི་འགྱུར་ཞིང་དེ་ལ་བྱིན་པས་མྱ་ངན་ལས་འདས་པ་ཡང་འཐོབ་པར་མི་འགྱུར་ཏེ། དགེ་འདུན་འདི་ནི་དམངས་ཡིན་ནོ་ཞེས་དགེ་སློང་མ་གཞོན་ནུའི་བརྟུལ་ཞུ་གསལ་ས་བསྐྱོད་ཅིང་ཆོས་མ་ཡིན་པ་མེད་དོ་ཞེས་དེ་དེ་ ལྟར་རྗེས་སུ་སེམས་སུ་བཅུག་ནས་དགེ་སློང་མ་གཞོན་ནུ་དེ་བརྟུལ་ཞུགས་ལས་སྐྱོད་པར་བྱེད། ཆོས་མ་ཡིན་པ་མེད་དོ་ཞེས་ཚུལ་ཁྲིམས་འཁྲུལ་པ་དང་ལྟ་བ་འཁྲུལ་པར་བྱེད་ན། དེ་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པས་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ 68-1-221b ལྟུང་བ་སེམས་ཅན་དམྱལ་བ་རབ་ཏུ་ཚ་བར་སྐྱེ་བར་འགྱུར་ཏེ། ལུས་ཀྱི་བོང་ཚོད་དཔག་ཚད་ཙམ་ལ་མར་སར་འཇུ་བ་ལྟ་བུར་ལུས་ཤིན་ཏུ་གཞོན་ཤ་ཅན་དུ་འགྱུར། དེ་བཞིན་དུ་མིག་དང ། སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་ཤིན་ཏུ་ཆུང་བས་སྲོག་ཆད་པར་ བྱེད་དེ། ཇི་ལྟ་ཇི་ལྟར་སྡིག་པའི་ཤས་ཆེར་བྱས་པ་དེ་ལྟ་དེ་ལྟར་ལུས་དང་ཡིད་ཆེས་ཤིན་ཏུ་གཞོན་ཤ་ཅན་དུ་འགྱུར་རོ། །དེའི་ལས་ངན་པ་བྱས་པ་དང་མི་དགེ་བའི་ལས་ཀྱི་མཐུས་འདི་ལྟར་ཚེ་འདི་ལ་སྡུག་བསྔལ་ཤིན་ཏུ་དྲག་པ་དག་མྱོང་བར་འགྱུར་ཏེ། འཆི་བའི་དུས་ཀྱི་ཚེ་ངེས་པར་ མྱོང་བར་འགྱུར་བ་ནི། ཇི་ལྟར་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེས་པ་དེ་ལྟར་འཆི་བའི་དུས་ཀྱི་ཚེ་མྱོང་བར་འགྱུར་རོ། །ཉི་མ་གསུམ་ལོན་ནས་འཆི་བའི་བར་དུ་དེའི་ལྕེ་ལྐུགས་པར་འགྱུར་ཞིང་འཇིགས་པའི་འདུ་ཤེས་སུ་འགྱུར། འདུ་བྱེད་རྣམས་ཉམ་ཆུང་བར་འགྱུར།རྣམ་པར་ ཤེས་པ་ཤིན་ཏུ་སྐྲག་པར་འགྱུར་ཏེ། ཚུལ་དེ་ལྟ་བུར་འབྱུང་བ་ཆེན་པོ་བཞི་རྣམས་ཀྱིས་དཀྲུགས་ནས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །སའི་ཁམས་སྲ་བའི་ངོ་བོ་འཁྲུགས་པས་ལུས་དང་རྩ་དང ། རྒྱུས་པ་དང ། མིད་པ་ཐམས་ཅད་ཤིན་ཏུ་འགོག་པར་བྱེད། འབུགས་པར་ བྱེད། རབ་ཏུ་འབུགས་པར་བྱེད། རྣམ་པར་ཐོ་འཚམ་པར་བྱེད། མར་སར་གྱི་གོང་བུ་བཞིན་དུ་གནོད་པར་བྱེད། ཤིན་ཏུ་འཐག་པར་བྱེད་ཅིང་འཐས་པར་བྱེད་དོ། །ཆུའི་ཁམས་འཁྲུགས་པས་ཀྱང་ལུས་དང་རྩ་ཐམས་ཅད་དང ། རྒྱུས་པ་བརྒྱ་དག་གིས་འཆིང་བར་ བྱེད། ཆེས་མཁྲང་བར་བྱེད། ཆུ་སེར་དུ་བྱེད། ལྷོད་ལྷོད་པོར་བྱེད། དྲི་སྐྱེད་པར་བྱེད། སྲིན་བུ་གསོད་པར་བྱེད། འཛག་སྒོ་ཐམས་ཅད་འགག་པར་བྱེད། སྒྲ་ངར་ངར་པོ་འབྱིན་པར་བྱེད། མིད་པ་དང ། ལྕེའི་འཛག་སྒོར་གྱུར་པའི་ཚོར་བ་གནོད་པར་བྱེད། ཡན་ལག་དང་ཉིང་ ལག་ཐམས་ཅད་ལས་རྔུལ་འབྱུང་བར་བྱེད་དོ། །མེའི་ཁམས་འཁྲུགས་པས་ཀྱང་ལུས་དང་རྩ་དང ། རྒྱུས་པ་ཐམས་ཅད་སྲེག་པར་བྱེད། འཚེད་པར་བྱེད། སྡུག་བསྔལ་གྱི་ཉམ་ཐག་པར་བྱེད། པགས་པ་ཟངས་ཀྱི་མདོག་ལྟ་བུར་བྱེད། ནང་དུ་སྲེག་པ་སྐྱེད་པར་བྱེད། ཕྱི་ 68-1-222a རོལ་དུ་རྣམ་པར་སྲེག་པ་སྐྱེད་པར་བྱེད། སྲེད་པའི་སྟོབས་རབ་ཏུ་སྐྱེད་པར་བྱེད། ཁ་སྐམ་པར་བྱེད། སྙིང་སྲེག་པར་བྱེད་དོ། །རླུང་གི་ཁམས་འཁྲུགས་པས་ཀྱང་ཡང་བའི་ངོ་བོ་གཡོ་བ་ལས་ནམ་མཁའ་ལ་བཏེག་ནས་འདོར་བ་བཞིན་བྱེད། རྩུབ་པའི་དངོས་པོས་ ཡན་ལག་དང་ཉིང་ལག་ཐམས་ཅད་དང ། ཁམས་ཐམས་ཅད་ཤིན་ཏུ་རྩུབ་པར་བྱེད་དོ། །ཡན་ལག་དང ། ཉིང་ལག་ཐམས་ཅད་དང ། གནད་ཐམས་ཅད་ཀྱི་བར་བར་དུ་རླུང་པིབ་པ་ལ་ཀ་དང ། སཱུ་ཙ་ཀ་ཁབ་ལྟ་བུར་གྱུར་པ་རྒྱུ་སྟེ། རླུང་པིབ་པ་ལ་ཀ་ཁབ་ལྟ་བུ་རབ་ཏུ་ འབར་བ་དག་གིས་བ་སྤུའི་ཁུང་བུ་ལ་སོགས་པ་ནས། ཁ་ཆུ་དང ། པགས་པ་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་པ་དང ། ཁུ་ཆུའི་བར་དག་ལ་འཇོག་པར་བྱེད་དེ། སྟེའུ་བཞིན་དུ་གཅོད་པར་བྱེད། འཇོག་པར་བྱེད། དབང་པོའི་ལམ་ཐམས་ཅད་འགོག་པར་བྱེད། བཤང་བ་དང ། གཅི་བའི་གནས་འགོག་པར་བྱེད། སྲོག་ཆགས་ཀྱི་དབུགས་ཡང་དག་པར་འགོག་པར་བྱེད། མིད་པར་མིད་པའི་སྒོའི་ལམ་ལོག་པར་བྱེད། ལྟ་བས་འདུ་ཤེས་ཕྱིན་ཅི་ལོག་ཏུ་བྱེད། རྣ་བས་སྒྲ་མི་སྙན་པ་ཐོས། དེའི་སྣར་ཆུ་འབྱུང་ཞིང་དེའི་སེན་མོ་དག་སྔོན་པོར་ བྱེད། སྣ་ཡོན་པོར་བྱེད་ཅིང་རླིག་པ་མདོམས་སུ་འཕྱང་བར་བྱེད། རྐུབ་ཁ་ན་བ་དང ། ཕོ་མཚན་ན་བ་དང ། རེག་པ་མདག་མེ་དང་མཚུངས་པས་སྡུག་བསྔལ་བར་བྱེད། པགས་པར་གཏོགས་པ་དང ། པགས་པ་དག་སྐྲངས་པར་བྱེད། དེའི་སྐྲ་དང ། སྤུ་དག་ཤིག་ཤིག་པོར་ བྱེད་དེ། ཉེས་པར་བྱས་པ་མི་འཐུན་པར་སྤྱད་པ་དག་འཆི་བའི་དུས་སུ་སྡུག་བསྔལ་མི་བཟད་པ་འབྱུང་བའི་ཕྱོགས་ཙམ་ཞིག་བཤད་པ་ཡིན་ཏེ། དེ་ལྟར་ཉིན་ཞག་གསུམ་དུ་འབྱུང་བ་ཆེན་པོ་བཞི་འཁྲུགས་པ་རྣམས་ཀྱིས་རྣམ་པར་འཚེའོ། །གང་གི་ཚེ་དུས་ཐ་མ་འབབ་པར་འགྱུར་བ་ ན། སེམས་ཅན་དམྱལ་བ་པ་དེའི་འཇིག་རྟེན་ཕ་རོལ་གྱི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དེའི་གནས་ཐམས་ཅད་ཕྱར་བ་ངན་པ་རབ་ཏུ་འབར་བས་ཁེབས་པར་སྣང་ཞིང་རྨི་ལམ་གྱི་གཟུགས་ལྟ་བུ་དག་མཐོང་ངོ ། །གནས་མེད་པའི་སེང་གེ་དང ། སྟག་གི་ 68-1-222b གཟུགས་འཇིགས་འཇིགས་ལྟར་འདུག་པའི་རྣམ་པ་དེ་ལྟ་བུ་དང ། གཞན་ཡང་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་པ་མི་སྡུག་པ་དག་མཐོང་ངོ ། །རྣ་བས་སྒྲ་འུར་འུར་པོ་འཇིགས་ཤིང་མི་དགའ་བའི་ཚིག་དག་ཐོས་སོ། །དེའི་པགས་པ་མཚོན་ཉིད་ཀྱིས་གཅོད་དོ། །སྲིད་པ་ཐ་མ་པར་ བབ་པ་ན་རླུང་དེ་དེའི་སྟེང་དུ་འབྱུང་བར་འགྱུར་ཏེ། སེན་མོ་དག་བཏང་ནས་རྐང་པ་དག་གཏོང ། རྐང་པ་དག་བཏང་ནས་བྱིན་པ་གཏོང ། བྱིན་པ་བཏང་ནས་བརླ་གཏོང ། བརླ་བཏང་ནས་མདོམས་གཏོང ། མདོམས་བཏང་ནས་ལྟོ་གཏོང ། ལྟོ་བཏང་ནས་སྙིང་གཏོང ། སྙིང་ བཏང་ནས་སྒྲ་ངར་ངར་པོར་བྱེད། མཆིལ་མ་དག་སྐམས་པར་བྱེད་ལ་མིག་ཡ་གཅིག་དམར་པོར་བྱེད་དོ། །གཤིན་རྗེའི་མི་ལག་ན་རལ་གྲི་དང ། ཐོ་བ་ཐོགས་པ་ནམ་མཁའ་ལ་འགྲོ་བ་དག་མཐོང་བ་དང ། དེའི་མཛའ་བཤེས་དང ། ཉེ་དུ་དག་ན་རེ་ནམ་མཁའ་ལ་རེག་པར་ འདོད་དོ་ཞེས་སྨྲའོ། །དེ་དབུགས་ཆེན་པོས་ཉམ་ཐག་ཅིང་ལུས་དང་བྲལ། དབུགས་ཆད་ནས་མར་མེ་ངན་པ་སྙིང་པོ་དྲི་མ་ཅན་བསྲེགས་པ་ལྟར་འཇིག་རྟེན་འདི་ནས་སྲིད་པ་བར་མར་སྐྱེ་སྟེ། རྒྱུ་དང་མཚུངས་པར་འབྲས་བུ་དག་འབྱུང་ངོ ། །ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱོད་ པ་དེ་སྲིད་པ་བར་མ་པའི་སྡུག་བསྔལ་རྣམས་ཀྱིས་མངོན་པར་ཉམས་པར་འགྱུར་རོ། །དེས་བདག་ཉིད་ཇི་ལྟར་མི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པའི་བྱིས་པ་ལོ་བརྒྱད་ལོན་པའི་ཚད་དེ་ལྟ་བུར་མཐོང་སྟེ། སྐྱེ་བོ་དག་ནི་ཐམས་ཅད་ནས་ཐམས་ཅད་དུ་མི་སྣང་ངོ ། །འབྱུང་བ་ཆེན་པོ་ཕྲ་བ་ དང ། རགས་པ་དག་འབྱུང་སྟེ། ཕྲ་མོ་བལྟར་མེད་ཅིང་ཐོགས་པ་མེད་པ་དེ་ལྟ་བུ་བྱུང་བས་གང་རི་རབ་ཕུག་ནས་འགྲོ་ཡང་བདག་ཉིད་དང ། རི་རབ་ལ་ཡང་གནོད་པ་མེད་ན། རི་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་དེ་དག་ཉིད་ལྕགས་ནག་པོ་ལྟ་བུའི་ཁ་དོག་དང་མུན་པ་མུན་ ནག་གི་རྫོང་གི་ནང་དུ་ཞུགས་པར་མཐོང་སྟེ། དེ་བདག་ཉིད་ཀྱིས་ལས་བྱས་པ། དེས་སྤུ་ཐམས་ཅད་འབར་བར་མཐོང་ངོ ། །བདག་ཉིད་གཤིན་རྗེའི་མི་རྣམས་ཀྱིས་ལྕགས་ཀྱི་ཐག་པ་ནག་པོས་ཕྱིན་ཅི་ལོག་ཏུ་དམ་པར་རབ་ཏུ་བཅིངས་པར་མཐོང་སྟེ། རྐང་པ་དག་ཀྱང་ཤིན་ཏུ་དྲག་ཅིང་ 68-1-223a དུག་གིས་རེག་པ་ལྟར་མཁྲང་བ། གཟུགས་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་ཅིང་ཐགས་ཐོགས་མེད་པར་འགྲོ་བ་གཞན་ཡོད་པས་ཐམས་ཅད་ཀྱི་ནང་ན་བཅིང་བ་དམ་པོས་བདག་ཉིད་བཅིངས་པར་མཐོང་སྟེ། ཇི་ལྟར་སྐྲའི་རྩེ་མོའི་ཕྱོགས་ཙམ་ཡང་བཅིངས་པ་དམ་པོ་ དེས་དེ་ལྟར་མ་བཅིངས་པ་མེད་དོ། །སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲི་མི་འདོད་པ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། མིག་གིས་གཟུགས་མིག་དང་མི་འཐུན་པ། ཁ་དོག་མི་སྡུག་པ། འཇིགས་འཇིགས་ལྟར་འདུག་ཅིང་རབ་ཏུ་འབར་བ་མང་པོ་དག་མཐོང་ ངོ ། །རྣ་བས་ཀྱང་གང་ཚིག་དེ་ལ་དགའ་བར་མི་འགྱུར་བ་མི་སྙན་པ་མི་འདོད་པ་ཡིད་དུ་མི་འོང་བ་དག་ཐོས་སོ། །འདི་ལྟ་སྟེ། ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པ་མི་ཕན་པ་བྱེད་པ་དག་འདིས་འཐོབ་སྟེ། མིས་ལེགས་ པར་བྱས་པའི་རིན་པོ་ཆེའི་གླིང་གིས་བསླུས་ཤིང་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་གཙང་བ་བསམས་བཞིན་དུ་སྤྱོད་པ། ཕྱིན་ཅི་ལོག་གིས་རིན་པོ་ཆེའི་གླིང་ཉམས་པ། མཚོན་དང ། མེ་དང ། དུག་དང ། གཡང་ས་ལྟ་བུའི་འདོད་པས་བསླུས་པ། གཞན་གྱི་བུད་མེད་ཀྱི་ཚིག་གིས་རྣམ་ པར་བསླུས་ཤིང་དེ་ལ་འདོད་པ་དེས་མི་དགེ་བ་རྣམ་པ་གསུམ་བྱས་སོ། །བློ་ངན་པས་རང་གི་ལས་ཉེས་པར་སྤྱད་པ་དེས་དེ་ལྟར་སེམས་ཅན་དམྱལ་བ་རབ་ཏུ་ཚ་བར་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པ་དག་ཇི་ལྟར་བུ་དང་ཆུང་མ་མཐོང་བས་བསླུས་པ་ཉེས་པར་སྤྱད་པའི་ཆད་པ་རྣམ་པ་འདི་ལྟ་བུ་ ཡང་མི་འབྱུང་བར་བྱ་བའི་ཕྱིར་བདག་ཅག་གིས་རྣམ་པ་བརྒྱ་སྟོང་ཕྲག་དུ་མར་གནོད་པ་བྱའོ་སྙམ་ནས་གཤིན་རྗེའི་མི་རྣམས་ཀྱིས་སྲིད་པ་བར་མ་པ་དག་ལ་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། གཉེན་བཤེས་ཚུལ་ནི་དགྲ་ཡིན་ཏེ། །མི་ཕན་ཕན་པའི་ཚུལ་གྱིས་ཁྱོད། །བཅོམ་ ནས་མི་ཡི་འཇིག་རྟེན་ནས། །དེ་རིང་མུན་ནག་ཆེན་པོར་འགྲོ། །ཇི་ལྟར་ལས་ནི་རྣམ་གསུམ་བྱས། །ཉེས་གསུམ་བྱས་པ་དགྲ་གཞན་མེད། །ལས་རྣམ་གསུམ་གྱིས་ཁྲིད་དེ་འོངས། །གཤིན་རྗེའི་གནས་སུ་ཁྲིད་པར་བྱེད། །ལས་དག་གཅིག་ཅིག་བྱེད་པ་ནི། །འབྲས་བུ་ 68-1-223b གཅིག་ཅིག་མྱོང་བར་འགྱུར། །སྐྱེ་བོ་སྐྱེ་བོའི་གྲོགས་མེད་པར། །རྫོང་ནི་གཅིག་ཅིག་རྒལ་བར་འགྱུར། །སྐྱེ་བོ་གང་ཞིག་སྐྱེ་བོ་འདོད། །ཉེས་པར་བྱས་པ་མང་དུ་བྱེད། །སྐྱེ་བོས་སྐྱེ་བོ་སྐྱོབ་མི་ནུས། །སྐྱེ་བོ་རང་གིས་བྱས་ལ་སྤྱོད། །སྐྱེ་བོ་བུ་ཡི་འདུ་ཤེས་ཀྱིས། ། རྨོངས་པ་ཅི་ཡི་ཕྱིར་ན་བསླུས། །རྨོངས་པས་བསླུས་པ་ཁྱོད་ཀྱིས་སུ། །སྦྱིན་ལ་སོགས་པའི་བློ་མ་བསྐྱེད། །འཇིག་རྟེན་འདི་དང་ཕ་རོལ་གྱི། །འཇིག་རྟེན་དེ་བཞིན་འབྲང་བའི་དགྲ། །དགྲ་ཡི་ནང་ན་དགྲ་དང་པོ། །ངན་སོང་ཐམས་ཅད་རྣམ་སྟོན་པ། །དུག་དང་མེ་དང་ མཚོན་ལྟ་བུ། །རང་གིས་བྱས་པ་ངན་པ་ཡིན། །ཁྱོད་ཀྱིས་ལས་ནི་བྱས་པ་དག་།ཁྱོད་ཉིད་རྗེས་སུ་སྤྱོད་པ་ཡིན། །གཞན་གྱིས་བྱས་པའི་ལས་དེ་ནི། །ཕ་རོལ་དག་ལ་འཕོ་བ་མེད། །མི་ཡིས་ཉེས་པར་སྤྱད་བྱས་པ། །འཇིག་རྟེན་འདི་དང་ཕ་རོལ་དང ། །ཐོག་མ་བར་ དང་ཐ་མ་རུ། །བདེ་འབྱུང་བདེ་བའི་རོ་མི་མྱོང ། །དེ་ཉིད་འདོད་པར་མི་བྱེད་པའི། །སེམས་ནི་རྣམ་པར་དཀྲུགས་པ་བྱས། །བྱིས་པའི་སེམས་དང་ཡིད་འཕྲོགས་པ། །མི་དགེའི་ཆོས་ནི་རྣམ་པར་འཕེལ། །ཡིད་ཀྱིས་བསླུས་པའི་སེམས་ཅན་ནི། །ཡིད་ཀྱིས་རབ་ཏུ་རྣམ་ པར་ཆགས། །མུན་པ་ནས་ནི་མུན་པ་རུ། །སེམས་ཅན་དམྱལ་བར་སྡིག་ཅན་འགྲོ། །འཁོར་བར་མུན་པས་བསྒྲིབས་པ་དག་།སངས་རྒྱས་བསྟན་པ་རྙེད་པར་དཀའ། །གང་དག་ཆོས་ནི་མི་འདོད་པ། །སྡུག་བསྔལ་ཤིན་ཏུ་སྡུག་བསྔལ་འགྲོ། །གང་ཞིག་རྟག་ཏུ་སེམས་ མ་ཞི། །ཡུལ་རྣམས་ཀྱིས་ནི་ངེས་པར་འཇོམས། །གནས་འདི་དག་ཏུ་དེ་འགྲོ་སྟེ། །འདི་ལྟར་ཁྱོད་ཉིད་རྗེས་སུ་ལྟོས། །དེ་ལྟར་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། རང་གི་ལུས་དང་ངག་དང་སེམས་ཀྱིས་བསླུས་ཤིང་ཉེས་པར་བྱས་པ་ནི་གཤིན་རྗེའི་མི་དེ་དག་གིས་རྗེས་ སུ་བསྟན་ནས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སོང་སྟེ། སྣས་ནི་ལྗན་ལྗིན་དང་རུལ་པ་དང་མི་གཙང་བའི་ཚོགས་ཀྱི་དྲི་ཤིན་ཏུ་མི་ཞིམ་པ་དག་མནོམ་མོ། །ལྕེས་ནི་ཟངས་རབ་ཏུ་ཚ་ཞིང་མཁྲང་ལ་རོ་བྲོ་བ་མེད་པ་དང ། དྲི་དང་རོ་དང་གཟུགས་ཡིད་དུ་མི་འོང་བ་དག་མྱོང་ངོ ། ། 68-1-224a སེམས་ཅན་དམྱལ་བ་པའི་ལུས་ཀྱིས་ཀྱང་རླུང་སྤུ་གྲི་དང་མེ་ལྟ་བུ་དང་བཅས་པས་རེག་གོ། །ཡུལ་འཇིགས་པ་ལྔས་མི་འཇིགས་པའི་ཡིད་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་སྔར་བསྟན་པས་ཤིན་ཏུ་རྣམ་པར་སློང་བར་བྱེད་དོ། །མིད་པ་ཡང་གཤིན་རྗེའི་མིས་རབ་ཏུ་དམ་པོར་བཅིངས་ ཤིང་ལས་ཀྱི་རླུང་ལངས་པའི་སེམས་ཅན་དག་གིས་དབང་མེད་པར་ཁྲིད་དོ། །གཤིན་རྗེའི་མི་བཞིན་བསྒྱུར་ཅིང་ལག་པ་དང་རྐང་པ་དང་ལྟོ་དང་སེན་མོ་སོ་སོ་ན་འཇིགས་པ། འབྲུག་གི་འུར་སྒྲ་འཇིགས་ཤིང་ལག་ན་མཚོན་ཆ་ཐོགས་པ་སྤྲིན་ནག་པོ་ལྟ་བུ་དང ། མིག་འབར་ཞིང་རབ་ཏུ་འབར་ལ་མཆེ་བ་འཁོར་ ལོ་ལྟར་རྣོ་བ། གསུས་པ་རབ་ཏུ་ཆེ་ཞིང་ལག་པ་ཐུང་བ། སེན་མོ་མཁྲང་ཞིང་རྣོ་ལ་རོད་པ། ལུས་ཐམས་ཅད་རྩ་སྦོམ་པོས་ཁྱབ་པར་སྦྲེལ་བའི་རྣམ་པ་དེ་ལྟ་བུ་དག་གིས་ཉེས་པར་བྱས་པའི་ལས་ཀྱི་མཐའ་དཔྱད་པ་དེ་དེ་ལྟར་དཔག་ཚད་བྱེ་བ་སུམ་ཅུ་རྩ་དྲུག་དང ། འོག་ཏུ་དཔག་ཚད་བྱེ་བ་བཅུ་དང ། ས་དང་རྒྱ་མཚོ་ དང་གླིང་དང་ཚོང་འདུས་དང་ལྡན་པ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དུ་ཁྲིད་དེ་རྒྱ་མཚོར་གཏོགས་པར་དེ་འདུག་གོ། །རྣམ་པ་འདི་ལྟ་བུའི་ལས་ཀྱི་རླུང་གིས་འཕངས་པ་ནི་གང་དུ་ཡིད་ཀྱིས་ཀྱང་དཔེ་བྱ་བར་སླ་བ་མ་ཡིན་ནོ། །ཉི་མ་དང ། ཟླ་བ་དང ། རླུང་འགྲོ་བ་མེད་དེ། རླུང་རྣམས་ཀྱི་ནང་ན་ནི་ལས་ཀྱི་ རླུང་མཆོག་ཡིན་ཏེ། གཞན་རླུང་མ་ཡིན་པ་དེ་ལྟ་བུར་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་ཁྲིད་དེ། གཤིན་རྗེས་སྔ་མ་བཞིན་རྗེས་སུ་བསྟན་ཏོ། །ཉེས་པར་བྱས་པའི་ལས་ཀྱི་ཞགས་པས་བཅིངས་པ་གཤིན་རྗེའི་གནས་དེ་ནས་བྱུང་ནས། སེམས་ཅན་དུ་བགྲང་བ་ལུས་དང་ལྡན་པའི་ ལས་མི་གཙང་བ་རྣམས་ཀྱིས་བཅིངས་པ་སེམས་ཅན་དམྱལ་བ་རབ་ཏུ་ཚ་བ་དེར་ཁྲིད་དོ། །སེམས་ཅན་དམྱལ་བ་དེ་རྒྱང་རིང་པོ་ན་ཀུན་ནས་རབ་ཏུ་འབར་བ་མུན་པ་མུན་ནག་དང ། རྒྱང་རིང་པོ་ན་མེ་འབར་བ། རང་གི་བོང་ཚོད་དཔག་ཚད་ལྔ་སྟོང་ཡོད་པ། སྐྱེ་འགྲིབ་མེད་པ། ཆེས་ཉུང་བ་དང ། ཆེས་མང་བ་མཐོང་ངོ ། །དཔག་ཚད་སུམ་སྟོང་ན་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྒྲ་འབྱིན་པ་ཐོས་ཏེ། སོ་སོ་ནི་སྙིང་རྗེ་རྗེ་སྐད་དང ། འཇིགས་ཤིང་དམན་ལ་གདངས་མི་སྙན་པ་དགའ་བ་མེད་ཅིང་སྡུག་བསྔལ་ཚ་བ་རྩུབ་པ་བཟོད་པར་དཀའ་ཞིང་རོ་བྲོ་བ་མེད་པ་རྣམ་པ་དུ་མ་དག་ལོ་འབུམ་ 68-1-224b ཕྲག་བྱེ་བ་དུ་མར་ལོ་བགྲང་གིས་མི་ལང་བར་རྒྱུན་དུ་སྒྲ་འབྱིན་པ་ཐོས་སོ། །སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་པ་རབ་ཏུ་ཚ་བར་སྒྲ་འབྱིན་པ་དེས་ཐོས་ནས་ཡིད་བཅུ་འགྱུར་དུ་འཇིགས་ཤིང་སྐྲག་གོ། །སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ག་ལ་བ་དེའི་ཕྱོགས་སུ་ཡང་ གཤིན་རྗེའི་མི་རྣམས་ཀྱིས་ཁྲིད་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ནི་སེམས་ཅན་དམྱལ་བའི་སྒྲ། །ཐོས་ནས་བློ་ངན་ཁྱོད་འཇིགས་སམ། །གང་དུ་ཁྱོད་ནི་མེ་ཡིས་སུ། །ཤིང་ལྟར་བསྲེགས་ན་ཇི་ལྟར་བྱ། །མེ་ཡིས་བསྲེགས་པ་བསྲེགས་པ་མིན། །ངན་པར་བྱས་པས་ཁྱོད་ བསྲེགས་སོ། །མེ་ནི་ཞི་བར་འགྱུར་སྲིད་ཀྱི། །ནམས་ཀྱང་ངན་བྱས་མེ་མི་ཞི། །མེ་ཡིས་འཇིག་རྟེན་མཐར་མི་ཁྱེར། །མེ་ཡི་ཕྱི་བཞིན་མེམི་འབྲང ། །ངན་བྱས་སྡིག་པའི་མེ་འདི་ཡིས། །ཁྱོད་དང་བཅས་པར་མྱུར་བར་སྲེག་།ངན་བྱས་མེ་ཡིས་གང་བསྲེགས་པ། །མི་དེ་དག་ ནི་དམྱལ་བར་སྲེག་།ངན་བྱས་མེ་ནི་གང་སྤོང་བ། །དེ་དག་དམྱལ་བའི་འཇིགས་པ་མེད། །གང་དག་བདག་ཏུ་གཅེས་འདོད་དང ། །གལ་ཏེ་དམྱལ་བར་རྣམ་འཇིགས་ན། །སྡིག་པ་དག་ནི་རྣམ་པར་སྤངས། །དེ་ལས་སྡུག་བསྔལ་འབྱུང་མི་འགྱུར། །སྡིག་པ་ཤིན་ཏུ་རྣམ་སྤངས་ པ། །སེམས་ནི་རྟག་ཏུ་གཙང་བ་དང ། །ལུས་དང་ངག་གི་ཚོགས་ཞི་བ། །མྱ་ངན་འདས་པ་ཡོང་མི་རིང ། །སེམས་ཅན་རྟག་ཏུ་སྡིག་སེམས་པ། །རྟག་ཏུ་གཏི་མུག་དབང་དུ་སོང ། །སེམས་ཅན་དམྱལ་བ་དྲག་པོ་ཐོབ། །ཅི་ཕྱིར་རབ་ཏུ་མཆི་མ་འབྱིན། །ངན་བྱས་ ཐོག་མ་བར་ཐ་མར། །སྡུག་བསྔལ་སྡུག་བསྔལ་རྣམ་སྨིན་དང ། །དེ་བཞིན་སྡུག་བསྔལ་འགྲོ་བ་དང ། །ལེགས་པ་ཡོངས་སུ་སྨིན་མི་འགྱུར། །འཇིག་རྟེན་ཕ་རོལ་ཁྱོད་ཀྱིས་སྡིག་།སྡིག་པ་གང་དག་ངན་བྱས་མང ། །དེ་ཡི་འབྲས་བུ་རྣམ་སྨིན་ནི། །དེ་རིང་མི་བཟད་ཉེ་བར་ སྤྱོད། །མི་ཡིས་ངན་བྱེད་བྱས་པ་ནི། །མི་བཟད་ཤིན་ཏུ་མི་བཟད་འགྲོ། །མི་ཡིས་ལེགས་བྱེད་བྱས་པ་ནི། །བདེ་ལས་ཤིན་ཏུ་བདེ་བར་འགྲོ། །སྡིག་པའི་འབྲས་བུ་མི་བཟད་པ། །བདེ་བ་འཐོབ་པར་འགྱུར་བ་མེད། །བདེ་བ་དག་གི་འབྲས་བུ་ཡང ། །མི་བཟད་ལོག་པར་སྨིན་མི་འགྱུར། 68-1-225a འཁོར་བ་ཐོག་མ་མེད་པ་ནས། །ལེགས་བྱས་འབྲས་བུ་བདེ་བ་དང ། །ངན་པར་བྱས་པའི་ལས་དག་ནི། །དེ་བཞིན་སྡུག་བསྔལ་འབྲས་བུ་དྲན། །རྒྱུ་རྐྱེན་འདྲ་བར་འབྱུང་འགྱུར་གྱི། །ལོག་པར་རྟོག་པར་མི་བྱེད་དེ། །ཇི་ལྟར་སྔོན་གྱི་རྒྱུ་བྱས་པ། །དེ་ལྟར་འབྲས་བུ་ཐོབ་པར་ འགྱུར། །དེ་ལྟར་སྲིད་པ་བར་མ་དེར་ལས་ཀྱིས་བྱས་པའི་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་ནས་དེ་སེམས་ཅན་དམྱལ་བ་དེར་ཁྲིད་དོ། །ཐོས་ན་ཡང་སྤུ་ཟིང་ཞེས་བྱེད་ཅིང་ཤིན་ཏུ་འཇིགས་པ་མཐོང་ན་ལྟ་སྨོས་ཀྱང་ཅི་དགོས་པ་སྲིད་པ་བར་མ་དེས་མཐོང་ནས་གཟུགས་ལ་སོགས་པའི་ཕུང་པོ་དེ་ དག་ཇི་ལྟར་སེམས་ཅན་དམྱལ་བས་བྱས་པ་དྲོ་བ་འདོད་པ་དེ་ལྟར་གྲང་བར་བྱས་པའི་སྡུག་བསྔལ་མི་བཟད་པས་སྡུག་བསྔལ་ལོ། །དེ་ཉེ་བར་ལེན་པ་ཉིད་ལས་སྲིད་པ་འབྱུང་ལ་དེ་ལྟར་སྲིད་པའི་ཡན་ལག་ལ་གནས་པ་དེ་ལས་སྐྱེ་བ་འབྱུང་སྟེ། དེའི་མི་དགེ་བའི་ལས་གང་ཡིན་པ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བས་དགེ་སློང་མ་ཞེ་སྡང་མེད་པ། ཚུལ་ཁྲིམས་དང་ལྡན་པ། འདོད་པ་མེད་པ། འོས་པ་མ་ཡིན་པ་ལ་རུང་བར་བཟུང་སྟེ། སུན་ཕྱུང་ན་དེའི་མི་དགེ་བའི་ལས་བྱས་ཤིང་ བསགས་པའི་རྣམ་པར་སྨིན་པ་ལྕི་བའི་ཤུགས་གང་ཡིན་པ་དེས་མེའི་ཕུང་པོ་འབར་བ་རྒྱར་དཔག་ཚད་ལྔ་བརྒྱ་ཡོད་ཅིང་འཕང་དུ་དཔག་ཚད་ཉིས་བརྒྱ་ཡོད་པ་དེར་ལས་ངན་པ་བྱས་པས་འཕངས་ཏེ། ཇི་ལྟར་རི་མཐོན་པོ་ལ་ལྕགས་ཀྱི་མདའ་འཕངས་པ་ཐགས་ཐོགས་མེད་པར་འགྲོ་བ་ཤུགས་ཀྱིས་འཕེན་ པ་དེ་ལྟར་སེམས་ཅན་དམྱལ་བ་པ་དེ་མེ་ཐབ་དེར་འདོར་རོ། །འདོར་བ་ན་ལས་ཀྱིས་བྱས་པའི་ཕུར་བུ་རྣམས་འབྱུང་བར་འགྱུར་ཏེ། གང་བྱུང་བ་ཙམ་གྱིས་ཀྱང་ལུས་ཡོངས་སུ་མི་གཏོང་ངོ ། །དེ་ལྟར་དེའི་མགོ་ཐུར་དུ་དཔྱངས་ཤིང་རྐང་པ་གྱེན་དུ་བསྒྲེང་སྟེ། འདོར་བ་ན་དང་པོ་ཁོ་ནར་མེས་མིག་དང་ མགོའི་པགས་པ་སྲེག་གོ། །དེ་ནས་མགོའི་ཐོད་པ། དེ་ནས་འགྲམ་པའི་རུས་པ། དེ་ནས་སོ། །སོའི་འོག་ཏུ་སོ་དྲུང ། སོ་དྲུང་གི་འོག་ཏུ་མགྲིན་པའི་རུས་པ། མགྲིན་པའི་རུས་པའི་འོག་ཏུ་རྒྱབ་ཀྱི་རུས་པ་དང ། བྲང་རུས། བྲང་རུས་ཀྱི་འོག་ཏུ་མགྲིན་པ་དང ། མིད་པ། དེའི་འོག་ཏུ་ 68-1-225b མཆིན་པ། མཆིན་པའི་འོག་ཏུ་མཆེར་པ། མཆེར་པའི་འོག་ཏུ་རྒྱུ་མ། རྒྱུ་མའི་འོག་ཏུ་གཉེ་མ། གཉེ་མའི་འོག་ཏུ་མདོམས། མདོམས་ཀྱི་འོག་ཏུ་ཕོ་མཚན། ཕོ་མཚན་གྱི་འོག་ཏུ་བརླ། བརླའི་འོག་ཏུ་པུས་མོའི་ལྷ་ང ། པུས་མོའི་ལྷ་ངའི་འོག་ཏུ་པུས་མོ་གཉི་ག་།པུས་མོ་ གཉི་གའི་འོག་ཏུ་སོར་མོ་སྟེ། དེ་ལྟར་དང་པོ་ལས་བྱེད་པ་ངན་པ་བྱས་པ་དེ་སེམས་ཅན་དམྱལ་བ་པའི་མེའི་དོང་དུ་འདོར་བ་ན་སྲེག་ཅིང་འཚོ་ཡང་སྡུག་བསྔལ་རྒྱུན་མི་ཆད་པར་འབྱུང་སྟེ། ཇི་ལྟ་ཇི་ལྟར་ངན་པ་བྱས་པའི་ལས་ཡང་དང་ཡང་དུ་བྱས་པ་དེ་ལྟ་དེ་ལྟར་སེམས་ཅན་དམྱལ་བ་ པའི་སྡུག་བསྔལ་ཡང་དང་ཡང་དུ་འབྱུང་ལ་དེ་ཤུགས་ཀྱིས་འབར་བའི་ཕྲེང་བའི་ཐབ་ཏུ་འདོར་ཞིང་ས་གཞི་རྡོ་རྗེ་ལྟ་བུ་དག་ལ་ཕྱེར་བཏགས་པ་དང ། སྐྱེས་ནས་དེ་ནས་ཡང་ཇི་ལྟར་ཕོ་ལོང་དང་པོར་ས་ལ་བརྡབས་ནས། བསྟུད་དེ་བརྡབས་པ་དེ་ལྟ་དེ་ལྟར་དེའི་རོ་སྟོད་སྔ་ལ་རོ་སྨད་ཕྱིས་འདོར་ བ་ངུ་སྐད་འདོན་པ་ན་དེ་ནས་ཡང་འདོར་རོ། །འབར་བའི་ཕྲེང་བས་ཕངས་པའི་ལུས་དེ་དེ་ནས་ཡང་སྲེག་པ་ན། སྔ་མ་བཞིན་དུ་མེ་ལྕེའི་ནང་དུ་འཇུག་གོ། །དེ་ལྟར་དེ་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བའི་མེ་ཐབ་དེར་སྲེག་གོ། །བསྲེགས་ནས་དེ་ནས་ཡང་དུས་ཟད་ཀྱི་བར་དུ་འབྱུང་ངོ ། ། དེ་ནས་མེ་ཐབ་དེ་ལས་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཤིན་རྗེའི་མི་ཕྲ་སྐམ་རབ་ཏུ་འབར་བ་ཐོགས་པས་མི་དེ་བཟུང་ནས་འདྲེན་ཏོ། །ཕྲ་སྐམ་རབ་ཏུ་འབར་བའི་རྣམ་པ་དེ་ལྟ་བུ་དེ་བས་གང་མེ་ཐབ་ཆེས་གྲང་སྟེ། ཕྲ་སྐམ་ཉིས་འགྱུར་གྱིས་ཚ་བ་གང་ཡིན་པ་དེའི་རྒྱུ་ནི་གང་རྐྱེན་ནི་གང་ ཡིན་སྙམ་ནས་དེ་ལ་རྒྱུ་ནི་འདི་ཡིན་ཏེ། གང་སྲོག་གཅོད་པས་མེ་ཐབ་ཏུ་སྲེག་ལ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་ངན་པ་བྱས་པ་དག་ཕྲ་སྐམ་གྱིས་ཉིས་འགྱུར་དུ་རབ་ཏུ་སྲེག་སྟེ། རྒྱུ་ནི་དེ་ཡིན་རྐྱེན་ནི་དེ་ཡིན། གཞི་ནི་དེ་ཡིན་ནོ། །ཕྲ་སྐམ་གྱིས་ཉིས་འགྱུར་དུ་རབ་ཏུ་སྲེག་ པ་གང་ཡིན་པའི་ཕྲ་སྐམ་དེས་དྲངས་ནས་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཤིན་རྗེའི་མི་དེ་རྣམས་ཀྱིས་ལྕགས་ཀྱིས་གཞི་རབ་ཏུ་འབར་བའི་སྟེང་དུ་འཇོག་གོ། །ཕུར་བུ་རབ་ཏུ་འབར་བའི་ཕུར་བུ་དེས་དེའི་རྒྱབ་དང། མདོམས་སྔ་མ་བཞིན་ཕུག་ནས་དེའི་སྟེང་དུ་བཞག་ལ་རལ་གྲི་ 68-1-226a ཤིན་ཏུ་རྣོན་པོ་རབ་ཏུ་འབར་བས་རླིག་པ་དང་ཕོ་མཚན་ལྷན་ཅིག་གཅོད་དེ་སྡུག་བསྔལ་སུམ་འགྱུར་དུ་མྱོང་ངོ ། །དེའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། གཞི་ནི་གང་ཡིན་སྙམ་ན། དེ་ལ་རྒྱུ་ནི་འདི་ཡིན། རྐྱེན་ནི་འདི་ཡིན། གཞི་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་རྒྱུ་དང་རྐྱེན་དང་གཞིར་གྱུར་ཏེ། རྒྱུ་དེས་སྡུག་བསྔལ་སུམ་འགྱུར་དུ་མྱོང་ངོ ། །འདི་ལྟ་སྟེ། ལྕགས་མགར་གྱི་ས་ན་ལྕགས་མགར་རམ། ལྕགས་མགར་གྱི་སློབ་མས་སྦུད་པ་བླངས་ཏེ་དབུགས་ཀྱིས་ བཀང་ནས་ཇི་ལྟ་ཇི་ལྟར་དབུགས་ཀྱིས་འབུད་པ་དེ་ལྟ་དེ་ལྟར་ཉེས་པར་བྱེད་པའི་ལས་ཀྱི་མཐའ་བྱས་པ་དེ་བཞིན་དུ་སྲེག་གོ། །ཉེས་པར་བྱས་པའི་མགར་བ་ནི་ལས་དང་མཇུག་ཅེས་བྱ་བའི་ཚིག་བླ་དགས་སོ། །མགར་བའི་སློབ་མ་ཉེས་པར་བྱས་པའི་ལས་ཞེས་བྱ་བ་ནི་ལས་ཀྱི་ཉེར་བསྡོགས་ཞེས་ བྱ་བའི་ཚིག་བླ་དགས་སོ། །རླུང་ཞེས་བྱ་བ་ནི་ལས་ཀྱི་རླུང་ཞེས་བྱ་བའི་ཚིག་བླ་དགས་སོ། །སྦུད་པ་ཞེས་བྱ་བ་ནི་ལྟ་བ་ངན་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །མདག་མ་རབ་ཏུ་འབར་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་པ་ཞེས་བྱ་བའི་ཚིག་བླ་དགས་སོ། །ཇི་ལྟ་ཇི་ལྟར་སྦུད་པ་འབུད་པ་དེ་ལྟ་དེ་ ལྟར་སྲེག་ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་པ་དག་ཀྱང་ཇི་ལྟ་ཇི་ལྟར་ཤིན་ཏུ་མི་དགེ་བའི་ལས་བྱས་པ་དེ་ལྟ་དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ་མྱོང་བར་འགྱུར་ཏེ། དེ་ནི་རྒྱུ་ཡིན་དེ་ནི་རྐྱེན་ཡིན་ནོ། །རལ་གྲིའི་གནོད་པ་གང་གིས་དེ་ཤིན་ཏུ་མི་བཟད་པ་སུམ་འགྱུར་དུ་འབྱུང་བར་འགྱུར་ཏེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་རྣམས་ཀྱི་འབྲས་བུ་དེ་ཡིན་པར་རིག་པར་བྱའོ། །སེམས་ཅན་དམྱལ་བ་པ་དེ་འཇིགས་པས་མིག་བློང་བ་རྣམ་པར་སྒྲ་འབྱིན་ཅིང་འཕགས་པ་མ་ཡིན་པའི་ལས་ ཀྱིས་འཚེད་པ་ན་དྲིས་པ། ཀྱེ་གྲོགས་པོ་དག་ཁྱེད་ཅག་ལ་ནི་ཅི་ཞིག་གནོད། སྡུག་བསྔལ་དེ་དག་གིས་མངོན་པར་ཉམ་ཐག་པ་དེས་གཤིན་རྗེའི་མི་རྣམས་ལ་འདི་ལྟར་སྡུག་བསྔལ་ཚ་བ་དག་གིས་ཉམ་ཐག་པའི་སྡུག་བསྔལ་འདི་དག་ནི་སྡུག་བསྔལ་བ་མེད་ཀྱི་འདི་ལྟར་བདག་ཅག་ནི་སྐོམ་ 68-1-226b པས་གདུངས་སོ་ཞེས་སྨྲས་པ་དང ། དེ་གཤིན་རྗེའི་མི་དེ་དག་གིས་ཐོས་ནས་འཇིགས་པའི་རླབས་ཞེས་བྱ་བ་ཟངས་དང་ཞ་ཉེ་བསྲེས་པ་རབ་ཏུ་བསྐོལ་བའི་རླབས་ཀྱིས་འགྲམ་གཉི་ག་གནོད་པ། ཆུ་བོའི་རླབས་ཀྱིས་སྒྲ་མཐོང་ཞིང་ཐོས་ན། འཇིགས་ཤིང་དངང་བ་དེ་ནས་ལྕགས་ཀྱི་སྣོད་ ཀྱི་ནང་དུ་ཟངས་དང་ཞ་ཉེར་བསྲེས་ཏེ་བསྐོལ་བ་དེར་བླུགས་ནས་ཁྱེར་ཏེ་འོངས་ནས། འདི་ལྟར་ཀྱེ་གྲོགས་པོ་དག་འཐུང་ཞེས་སྨྲས་སོ། །དེ་སྐོམ་པས་གདུངས་པའི་བསམ་པས་བཏུང་བ་ཡིན་ནོ་སྙམ་ནས། དེ་ལག་པ་གཉི་གས་བླངས་ནས་ལས་ཀྱིས་བསྒྲིབས་པ་སྐོམ་པས་གདུངས་པ་ འཐུང་བ་དང་དེའི་མཆུ་སྲེག་ཅིང་ལྕེ་སྲེག་པ་ནས་མགུལ་བ་དང་མིད་པའི་བར་ནས་རོ་སྨད་ཀྱི་བར་དུ་འབྱུང་སྟེ། དེ་སྡུག་བསྔལ་བཞི་འགྱུར་དུ་མྱོང་ངོ ། །བཞི་འགྱུར་དུ་བསྲེགས་པ་དེའི་ལས་ཀྱི་འབྲས་བུ་གང་ཡིན་སྙམ་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་ པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་ནི་སྡོམ་པ་བླངས་པས་འཐུངས་ཤིང་ཁྱིམ་གྱི་གནས་ནས་བྱུང་བ་སྡོམ་པ་བླངས་པའི་དགེ་སློང་མ་དག་ལ་བླུད་པ་དེའི་འབྲས་བུ་ནི་འདི་ཡིན་ཏེ། འདི་ལྟར་སེམས་ཅན་དམྱལ་བ་པ་དེ་ཟངས་དམར་པོ་རབ་ཏུ་བསྐོལ་བ་དེ་ལ་འཐུང་བའི་བསམ་པས་ལེན་པ་དེ་ ཡིན་ནོ། །དེ་བཞིན་དུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པས་བཏུང་བ་རུང་བ་ཡིན་ནོ་སྙམ་ནས་ཆང་དེ་ཡང་དུག་ཧ་ལ་ཧ་ལ་ལྟ་བུ་ཡིན་ཏེ། དགེ་སློང་བློ་ཞན་པ་དེས་སྦྱིན་པ་པོ་དང་སྦྱིན་བདག་དག་གིས་ལ་དབོ་བར་མ་ནུས་ཤིང་དགེ་འདུན་ལ་འཇིགས་ནས་འཐུངས་པ་དེའི་འབྲས་བུ་ནི་འདི་ཡིན་ཏེ། སེམས་ ཅན་དམྱལ་བ་པའི་ཟངས་བཞུས་པ་དེ་ས་དག་ལ་དབོ་བར་མི་ནུས་ཏེ། ལས་དེའི་འབྲས་བུ་ནི་དེ་ཡིན་ནོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་གསུམ་པ། དེ་ནས་ཡང་གཤིན་རྗེའི་མི་དེ་དག་གིས་སེམས་ཅན་དམྱལ་བ་པ་དེ་དག་ ལ་དྲིས་པ་འདི་ལྟར་ཀྱེ་གྲོགས་པོ་དག་ཁྱེད་ལ་ཅི་ཞིག་གནོད། སེམས་ཅན་དམྱལ་བ་པ་དེ་དག་གིས་སྨྲས་པ། བཀྲེས་པས་རབ་ཁོ་ནར་གནོད་དེ་སྡུག་བསྔལ་འདི་ཡང་བདག་གི་གནོད་པ་དེ་དག་ཐམས་ཅད་ཟིལ་གྱིས་ནོན་ཏེ། བཀྲེས་པའི་སྡུག་བསྔལ་གྱིས་གནས་སོ། །དེ་ 68-1-227a ནས་གཤིན་རྗེའི་མི་དག་ཆུ་བོའི་རླབས་འཇིགས་པ་ནས་ལྕགས་ཀྱི་ཐུ་ལུམ་ལྔ་འགྱུར་དུ་རབ་ཏུ་འབར་བ་བླངས་ཏེ། འོངས་པ་དང ། དེ་ནས་སེམས་ཅན་དམྱལ་བ་པ་ལས་ཀྱིས་རྣམ་པར་རྨོངས་པའི་བློ་གྲོས་ཅན་དེ་དག་ལྕགས་ཀྱི་ཐུ་ལུམ་དེ་དག་བཟའ་བ་ཡིན་ནོ་སྙམ་ནས་བླངས་ཏེ་ཟ་བ་དང ། སྔ་མ་བཞིན་དུ་དེའི་མཆུ་སྲེག་པ་ནས་རོ་སྨད་ཀྱི་བར་དུ་བྱུང་གིས་ཀྱང་འཆི་བར་མི་བྱེད་དོ། །དེའི་ལས་ངན་པར་བྱས་པའི་དབང་གིས་ལྕེ་དེ་ཡང་སླར་འབྱུང་བར་འགྱུར་ལ་པད་མའི་འདབ་མ་ལྟར་ཤིན་ཏུ་འཇམ་ཞིང་དེའི་ལུས་ཀྱང་འབྱུང་བར་འགྱུར་ཏེ། དེའི་ལས་ཀྱི་འབྲས་བུ་ནི་དེ་ཡིན་ནོ། །དེ་ནས་ཡང་དགེ་ སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པས་དེ་བཞིན་གཤེགས་པའི་སྒྲོན་མ་ལྟ་བུར་གྱུར་པ་ལ་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དེའི་འབྲས་བུ་ནི་འདི་ཡིན་ཏེ། གང་ཚུལ་ཁྲིམས་འཆལ་པ་ལུད་བོང་ལྟར་ སྤྱོད་པ་ཚུལ་ཁྲིམས་དང་ལྡན་ནོ་སྙམ་ནས་ཡུལ་འཁོར་གྱི་བསོད་སྙོམས་ལ་ཡོངས་སུ་སྤྱོད་པ་དེའི་འབྲས་བུ་ནི་དེ་ཡིན་པར་ཤེས་སོ། །དེ་ནས་ཡང་སེམས་ཅན་དམྱལ་བ་པ་དེ་གཤིན་རྗེའི་མི་དེ་དག་གིས་མཐོང་ནས་དེ་དག་གི་ལྕེ་བསྲེགས་ཤིང་ལས་ཀྱིས་རྣམ་པར་རྨོངས་པའི་བློ་གྲོས་ཅན་དེ་དག་གི་ལྕེ་དེ་ཁ་དེ་ ནས་འབྱིན་པར་བྱེད་དེ། དེ་ཡང་བརྫུན་དུ་སྨྲ་བའི་རྒྱུ་དེས་པད་མའི་འདབ་མ་ལྟར་ཤིན་ཏུ་འཇམ་པ་རྒྱར་དཔག་ཚད་ཕྱེད་ཁེབས་སོ། །དེ་ནས་གཤིན་རྗེའི་མི་དེ་དག་གིས་ལྕེ་དེ་བཟུང་ནས་ལས་ཀྱིས་བསྒྲུབས་པའི་རྨོན་པ་བརྒྱ་ཕྲག་དུ་མ་རྣམས་ཀྱིས་ཉེས་པར་བྱས་པ་ལོག་པར་སྨྲ་བ་ངུ་ཞིང་སྐད་འབྱིན་བཞིན་དུ་ཤིན་ ཏུ་རྨེད་དོ། །དེ་ལྟར་ལོ་འབུམ་ཕྲག་དུ་མ་ལོ་བྱེ་བ་བརྒྱ་ཕྲག་བགྲང་གིས་མི་ལང་བའི་བར་དུ་མྱོང་བར་འགྱུར་ཏེ། ལས་བྱས་ཤིང་བསགས་པ་དེ་དག་གི་འབྲས་བུ་རྣམ་པར་སྨིན་པ་དག་མ་མྱོང་བར་སེམས་ཅན་དམྱལ་བ་ལས་ཐར་པ་མེད་དོ། །དེ་ནས་གཤིན་རྗེའི་མི་དེ་དག་གིས་སེམས་ཅན་དམྱལ་བ་ པ་དེ་དག་ལ་ཚིགས་སུ་བཅད་པ་འདི་དག་རྗེས་སུ་བསྟན་ཏོ། །ཇི་ལྟར་ཁྱོད་ལ་སྲོག་གཅེས་པ། །གཞན་ལའང་དེ་ལྟར་རབ་ཏུ་གཅེས། །སྡིག་པ་དག་གི་རྗེས་འབྲང་བ། །ཁྱོད་ཀྱིས་ཅི་ཕྱིར་སྲོག་གཅོད་བྱས། །མི་ཡིས་སྲོག་དང་བསྡོས་བྱས་ནས། །ནོར་ནི་གང་ཞིག་ཡང་དག་བསྒྲུབས། ། 68-1-227b གཞན་གྱི་ནོར་ལ་འདོད་པས་སུ། །དེ་ནི་ཁྱོད་ཀྱིས་ཅི་ཕྱིར་འཕྲོག་།ཀུན་གྱི་ནང་ན་སྡུག་པ་སྟེ། །སྲོག་པས་ཕོངས་པའི་ཆུང་མ་དེ། །ཁྱོད་ཀྱིས་འདོད་ཆགས་ཆགས་པ་ཡི། །སྟོབས་ཀྱིས་ཅི་ཡི་ཕྱིར་ན་དབྲོག་།སྐྱེ་བོ་རྣམ་པར་རྨོངས་པའི་བློ། །ཆོས་ལ་མཆོག་ཏུ་སུན་འབྱིན་པ། །སྡིག་ པའི་ཆང་ནི་འཐུང་བ་དག་།ཁྱོད་ཀྱིས་ཅི་ཕྱིར་ཡོངས་མ་སྤངས། །དུག་ལྟ་བུ་ཡི་ལྕེ་ལས་བྱུང ། །གང་ཀུན་ཡིད་ཆེས་མི་བྱེད་པ། །བརྫུན་དུ་སྨྲ་བའི་སྡིག་པ་དག་།ཁྱོད་ཀྱིས་ཅི་ཕྱིར་ཡོངས་མ་སྤངས། །དེ་ལྟར་སྡིག་པ་རྣམ་ལྔ་ཡིས། །གང་ཕྱིར་རྗེས་སུ་ཆགས་ལྡན་ཁྱོད། །དེ་ཕྱིར་མ་ངུ་ ལེགས་པར་ཟོ། །སྨྲེ་སྔགས་དོན་མེད་ཅི་ཞིག་འདོན། །དུག་ལྟ་བུ་ཡི་སྡིག་པའི་ཆོས། །གང་ཕྱིར་ཡོངས་སུ་མ་སྤངས་པར། །དེ་ཕྱིར་འབར་བའི་ཕྲེང་བ་ཡིས། །དམྱལ་བ་འཁྲུགས་པ་ཆེན་པོ་འཐོབ། །དེ་ལྟར་སེམས་ཅན་དམྱལ་བ་པ་དེ་དག་ལ་གཤིན་རྗེའི་མི་དེ་རྣམས་ཀྱིས་རྗེས་སུ་བསྟན་ པ་བསྟན་ནས། རང་གིས་བྱས་པའི་ལས་རྒྱའི་འབུར་ལྟ་བུར་གྱུར་པའི་གནོད་པ་དྲག་པ་སྣ་ཚོགས་དང་རྣམ་པ་དུ་མ་དག་གིས་རྡེག་ཅིང་གསོད་དེ་ཇི་ལྟར་མི་དགེ་བའི་རྣམ་པ་དུ་མ་ཀུན་ཏུ་སྤྱད་པ་དེ་ལྟར་སྡུག་བསྔལ་རྣམ་པ་དུ་མ་ཡང་སོ་སོར་མྱོང་བར་འགྱུར་ལ་རྒྱུ་དང་མཚུངས་པར་འབྲས་བུ་འབྱུང་ ཞིང་ས་བོན་དང་མཚུངས་པར་འབྲས་བུ་འབྱུང་ངོ ། །འདི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་དེར་མི་དགེ་བའི་ལས་བྱེད་པས་ཤིན་ཏུ་གང་བའི་འབྲས་བུ་མི་དགེ་བས་ཀྱང་ཤིན་ཏུ་གང་བ་དེ་ལྟ་བུ་ལ་སྤྱོད་དེ། དེ་ལྟར་ལོ་འབུམ་ཕྲག་དུ་མར་སྡིག་པའི་ལས་དགྲ་ལྟ་བུར་གྱུར་ཅིང་མི་ཕན་པར་ འདོད་པ་དེས་སེམས་ཅན་དམྱལ་བ་པ་དེ་འཚེད་དོ། །དེ་གལ་ཏེ་དེ་ལས་ཐར་ནས་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་རྒྱུག་པ་དང ། དེས་རྒྱང་རིང་པོ་ནས་ཁྱིའི་ཚོགས་ཆེན་པོ་དག་ཁ་གདང་ས་ཤིང་སྤྲོ་བ་ཆེ་ལ་ཤིན་ཏུ་མགྱོགས་པ་སོ་རྡོ་རྗེ་ལྟར་རྣོ་ཞིང་ཤིན་ཏུ་ འཇིགས་པའི་སྒྲ་འབྱིན་པའི་ཁྱི་དེ་ཁྱི་རྣམས་ཀྱིས་བསྐོར་ནས་རྒྱུག་ཅིང་འོང་བ་མཐོང་ངོ ། །མཐོང་ནས་སེམས་ཅན་དམྱལ་བ་པ་དེ་འབྲོས་པར་བརྩམས་པ་དང ། དེ་ནས་ཁྱི་དེ་དག་ཐམས་ཅད་ཀྱིས་བརྒྱུགས་ནས་དེ་བཟུང་ངོ ། །བཟུང་ནས་ཀྱང་མ་ལུས་པར་ཟ་སྟེ། རྒྱུས་པའི་ཚོགས་ནས་རྒྱུས་ 68-1-228a པའི་ཚོགས་དང ། གནད་ཀྱི་བར་ནས་གནད་ཀྱི་བར་དང ། རུས་པའི་ཚིགས་ནས་རུས་པའི་ཚིགས་ཏེ། ཇི་ལྟར་དེ་ཡུངས་འབྲུ་ཙམ་ཡང་མ་ལུས་པ་དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་ཟའོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། དེ་ལྟར་དེ་ཡུན་རིང་དུ་ཁྱི་དེ་རྣམས་ ཀྱིས་ཟའོ། །དེའི་ལས་ཀྱི་འབྲས་བུ་དེ་གང་ཞིག་ཡིན་སྙམ་ན་གང་དེས་ཤ་སྟོན་བྱ་བའི་ཕྱིར་སེམས་ཅན་བསད་ཅིང་སྲོག་བཅད་པའི་འབྲས་བུ་ནི་དེ་ཡིན་ནོ། །མ་བྱིན་པར་ལེན་པའི་འབྲས་བུ་འབྱུང་བ་ཡང་འདི་ལྟར་སེམས་ཅན་དམྱལ་བ་པ་དེས་ལས་ཀྱིས་བྱས་པར་གྱུར་པའི་ནོར་རྫས་དག་མཐོང་ བ་དང ། དེ་དག་ཀྱང་ལས་ལས་བྱུང་བའི་རྨོངས་པ་ཡིན་ཏེ། འདི་ལྟར་འདི་དག་ནི་བདག་གི་ཡིན་ན་ཕ་རོལ་དག་གིས་ཕྲོགས་པ་ལྟ་སྙམ་དུ་ཁོང་དུ་ཆུད་ནས་དེ་དེར་རྒྱུག་པ་དང ། དེ་གཤིན་རྗེའི་མི་གཞན་རྣམས་ཀྱིས་བཟུང་ངོ ། །བཟུང་ནས་ཀྱང་མཚོན་རྣམ་པར་གཅོད་པས་གནད་ནས་གནད་ ཤིན་ཏུ་གཅོད་ཅིང་སྲེག་གོ། །དེ་སེམས་ཅན་དམྱལ་བ་པ་གཞན་དག་གི་དྲུང་དུ་རྒྱུག་ལ། སེམས་ཅན་དམྱལ་བ་པ་དེ་མཐོང་ནས་དེ་དག་ཀྱང་གཤིན་རྗེའི་མི་དེ་རྣམས་ཀྱིས་བཟུང་སྟེ། རལ་གྲི་དང ། མདུང་ཐུང་དང ། མདའ་བོ་ཆེ་དང ། རྡོ་རབ་ཏུ་འབར་བ་རྣམས་ཀྱིས་རྣམ་པར་གཤེག་པར་བྱེད་དོ། །དེ་ དག་ཀྱང་མ་བྱིན་པར་ལེན་པ་དེའི་འབྲས་བུས་ཇི་སྲིད་དུ་མ་བྱིན་པར་ལེན་པའི་འབྲས་བུ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་གཤེག་པར་བྱེད་དོ། །དེ་ཕྱིས་དེ་ལས་ཐར་བར་འགྱུར་ཏེ། འདོད་པས་ལོག་པར་གཡེམ་པས་བུད་མེད་བ་ཚཝའི་ཆུ་བོས་ཁྱེར་ཞིང་ཤིན་ཏུ་རྩུབ་རྩུབ་ སྐད་སྨྲ་ལ་རླབས་ཀྱིས་བདས་པ་ན་བར་འགའ་ནི་སྟེང་དུ་འབྱུང ། བར་འགའ་ནི་འོག་ཏུ་འཇུག་ཅིང་སེམས་ཅན་དམྱལ་བ་པ་དེ་ལ་འདི་ལྟར་བདག་ལ་མགོན་མེད་པ་དེ་བ་ཚཝའི་ཆུ་བོའི་ཉོན་མོངས་པ་འདི་ལས་བདག་ཡོངས་སུ་སྐྱོབས་ཤིག་ཅེས་སྨྲ་བ་མཐོང་ངོ ། །དེ་ནས་སེམས་ཅན་དམྱལ་བ་པ་དེས་བུད་མེད་ དེའི་སྒྲ་དེ་ཐོས་ནས་ལས་ཀྱིས་རྨོངས་པས་བ་ཚཝའི་ཆུ་བོ་དེར་འཇུག་གོ། །དེར་ཞུགས་མ་ཐག་ཉིད་དུ་དེའི་ལུས་བ་ཚཝའི་ཆུ་བོའི་ཤུགས་ཀྱིས་ཇི་ལྟར་རུས་པ་ཡུངས་འབྲུ་ཙམ་ཡང་མ་ལུས་པ་དེ་ལྟར་ཁྱེར་རོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། ཡང་བུད་མེད་དེ་ཉིད་རྒྱང་རིང་པོ་ནས་བ་ཚཝའི་ཆུ་བོ་དེ་ཉིད་ཀྱིས་ 68-1-228b ཁྱེར་བ་ན་བདག་ལ་མགོན་མེད་ན་བདག་ཡོངས་སུ་སྐྱོབས་ཤིག་ཅེས་སྒྲ་འབྱིན་པ་མཐོང་ངོ ། །དེ་ནས་ཡང་བུད་མེད་དེ་ལ་དམིགས་པ་དེའི་དྲུང་ཉིད་དུ་རྒྱུག་གོ། །དེ་ནས་བུད་མེད་དེ་དེ་ལ་འཇུ་སྟེ། དེའི་སེན་མོ་ལྕགས་ལས་བྱས་པའི་མཚོན་རྣོན་པོ་རབ་ཏུ་འབར་བ་ལྟ་བུ་དག་གིས་མི་དེ་ལ་འཇུས་ པ་དང ། ཇི་ལྟར་དེའི་ལུས་ཡུངས་འབྲུ་ཙམ་ཡང་མ་ལུས་པར་དེ་ལྟར་རྣམ་པར་འཐུབ་བོ། །ལུས་ཀུན་ཏུ་ཁྲག་གིས་ཆག་ཆག་ལྟར་བཏབ་ཅིང་ལུས་རྒྱུས་པའི་དྲ་བ་ལུས་པ་འདོད་ཆགས་དག་གི་ཟིལ་གྱིས་ནོན་པ་ཡང་བུད་མེད་དེ་ཉིད་ཀྱི་ཕྱིར་རྒྱུག་སྟེ། དེ་བ་ཚཝའི་ཆུ་བོ་དེའི་ནང་དུ་ཇི་སྲིད་དུ་ དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ལ། ཐར་ནས་དེ་ནས་ཡང་འབྱུང་བར་འགྱུར་ཏེ། བཀྲེས་པས་ཡོངས་སུ་གདུངས་པའི་ལུས་དེ་གར་བབ་བབ་ཏུ་ཡོངས་སུ་རྒྱུག་གོ། །དེ་ཕྱིས་ཆུ་བསིལ་བ་ འདོད་པའི་ཕྱིར་ཆུ་བོའི་དངོ་རབ་ཏུ་དང་བ་དེར་རྒྱུག་གོ། །དེ་གང་གི་ཚེ་ཕྱིན་པ་དང ། ཆུ་བོའི་དངོ་དེ་ཡང་ཞ་ཉེ་རབ་ཏུ་བསྐོལ་བ་འཇིགས་འཇིགས་ལྟར་འདུག་པ་ཆེན་པོ་ཡིན་ཞིང་ཐམས་ཅད་དུ་དུག་རབ་ཏུ་དྲག་པ་དང ། སྦྲུལ་རྣམས་ཀྱིས་ཁེབས་ཏེ་སྐོམ་པས་གདུངས་པ་དེ་དུག་དང་སྦྲུལ་དེ་རྣམས་དང་ ལྷན་ཅིག་འདྲེས་པའི་ཞ་ཉེ་དེ་ལ་འཐུང་ངོ ། །དེ་དག་ཀྱང་ལས་ལས་བྱུང་བ་ཡིན་ཏེ། སྦྲུལ་ཕྲ་མོར་གྱུར་པའི་མགོ་མི་དེ་ལ་རབ་ཏུ་འཇུག་གོ། །གང་གི་ཚེ་སེམས་ཅན་དམྱལ་བ་པའི་ལྟོ་དེར་ཞུགས་པར་གྱུར་པ་དེའི་ཚེ། ལུས་ཆེན་པོར་འགྱུར་ཏེ། དེ་ལུས་དེའི་ནང་ན་རྒྱུ་མ་དང་གཉེ་མ་ལ་ སོགས་པ་ཐམས་ཅད་འཆའོ། །འཇིབ་བོ། །ཟའོ། །ཆང་འཐུང་བའི་སྡོམ་པ་དེ་ལས་འདའ་བ་ལས་ཀྱིས་རྨོངས་པ་དེ་ལོ་འབུམ་ཕྲག་དུ་མར་དེ་ལ་འཐུང་ཞིང་ཞ་ཉེ་དང་སྦྲུལ་དུ་འདྲེས་པ་དེས་ཀྱང་སྲེག་གོ། །གསོད་དོ། །ཤི་ཞིང་ཤི་ནས་ཡང་འབྱུང་བར་འགྱུར་ལ། དེའི་ཆང་གི་སྡོམ་པ་ ལས་འདས་པའི་ཉེས་པས་ལྕེ་ཡང་སྦྲུལ་དེ་རྣམས་ཀྱིས་ཟ་བར་བྱེད་དེ། དེ་ནི་བརྫུན་དུ་སྨྲ་བའི་འབྲས་བུ་ཡིན་ནོ། །དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་རོ། །ཡང་དེ་ནས་ཐར་ནས་གར་ 68-1-229a བབ་བབ་ཏུ་འབྲོས་སོ། །བྱམས་པར་མི་ལྟ་བའི་འབྲས་བུ་ནི་འདི་ལྟར་སེམས་ཅན་དམྱལ་བ་པ་དེའི་ལས་ལས་བྱུང་བའི་སེམས་ཅན་གྱིས་སྨྲས་པ། འདི་ལྟར་ཁྱོད་འདིར་རྒྱུ་མེད་པར་ཅི་སྟེ་འཚེད་གནས་འདི་ལས་གཞན་དག་ཀྱང་ཡོད་ལ་དེ་ངས་ཁྱོད་ལ་བསྟན་པར་བྱ་སྟེ། དེར་ ཁྱོད་བདེ་བ་འཐོབ་པར་འགྱུར་རོ། །དེ་ནས་མི་དེས་སེམས་ཅན་དམྱལ་བ་པ་དེ་ཁྲིད་དེ། འཁོར་རྣམས་ཀྱི་ནང་དུ་འཇུག་པར་བྱེད་དོ། །དེར་ཡང་མི་དེས་སེམས་ཅན་དམྱལ་བ་པ་དེ་དག་ལ་གང་གནོད་པ་ཐ་དད་པ་དེ་དག་མྱོང་བར་བྱེད་དེ། འདི་ལྟ་སྟེ། ཕྱོགས་ཐམས་ཅད་རབ་ཏུ་སྲེག་པ་ གང་དུ་གནོད་པ་མང་པོ་དག་གི་ཕྱོགས་ཐམས་ཅད་རབ་ཏུ་འབར་ཞིང་སྲེག་གོ། །ལུས་ཆེན་པོ་ཤིན་ཏུ་སྒྲ་འབྱིན་པ་འཇིགས་འཇིགས་ལྟར་འདུག་པ་གང་དུ་དེའི་ལུས་དཔག་ཚད་བཅུ་ཡོད་ཅིང་ཤིན་ཏུ་གཞོན་པ་འཚེད་དོ། །མེ་སྤྱི་གཙུག་ལྟ་བུ་གང་དུ་མེ་ལྕེ་ལས་བྱུང་བའི་སྲེག་པ་གཞན་ཐམས་ ཅད་དང་མཚུངས་པས་འཚེད་དོ། །མེ་མདག་བྱེ་མ་ལྟ་བུའི་ཆར་རྟག་ཏུ་འབབ་པའི་སྒོ་གང་དུ་ཆར་རབ་ཏུ་འབབ་པ་ལྟར་བྱེ་མའི་ཆར་རབ་ཏུ་འབར་བ་འབབ་པའི་ནང་ན་འདུག་པ་འཚེད་དོ། །མེ་མདག་གང་དུ་བུས་པའི་ལུས་ལྟ་བུ་འཇུག་པ། སེམས་ཅན་དམྱལ་བ་པའི་མདག་མེས་འཚེད་དོ། །སེམས་ ཅན་དམྱལ་བ་ཨ་ལ་ལ་ཟེར་བར་ཕན་ཚུན་གྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ཕན་ཚུན་གཅད་པའི་སྡུག་བསྔལ་མྱོང་ངོ ། །ཤར་གྱུར་པ་ཐམས་ཅད་སྡུག་བསྔལ་བས་འཚེད་དོ། །དེར་གང་གཞན་ཡང་སོ་སོར་འཇིགས་ཤིང་བག་ཚ་བ། ཁྱི་དང ། སེང་གེ་དང ། ཕག་རྒོད་དང ། ཁཝ་ དང ། བྱ་རྒོད་དང ། སྦྲུལ་དག་གིས་དེ་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་བར་བྱེད་དོ། །ཆུ་བོ་རབ་མེད་རབ་ཏུ་ཚ་བར་ཡང་འཚེད་དོ། །སྲེག་གོ། །བ་ཚཝ་དང ། ཟངས་དམར་པོ་དང ། ཞ་ཉེ་རབ་ཏུ་བསྐོལ་བའི་ཆུ་བོ་གང་དུ་བརྒྱའམ་ཡང་ན་སྟོང་དུ་རབ་ཏུ་དེད་ཅིང་དེ་དག་ཏུ་ཡང་འཚེད་དོ། །རྟག་ ཏུ་མུན་པ་མུན་ནག་ལས་བྱུང་བའི་མེའི་གནོད་པ་རྣམ་པ་སྣ་ཚོགས་དག་གིས་ཀྱང་འཚེད་དོ། །སེམས་ཅན་དམྱལ་བ་གནོད་པའི་ཕྲེང་བར་ཡང་འཚེད་དོ། །མགོ་གང་ལ་འཁོར་ལོ་རབ་ཏུ་འབར་བ་འཁོར་ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་སོག་ལེ་དག་གིས་རྣམ་པར་གཤེག་པར་བྱེད་དོ། ། 68-1-229b དེ་ལས་ཐར་ནས་སྲད་བུའི་རྒྱུད་འདྲེ་བ་དུད་པ་ལྟར་འཁྲིགས་པ་དེར་ཡང་གནོད་པར་བྱེད་དེ། གང་དུ་ཀུན་ནས་ཐིག་སྐུད་རབ་ཏུ་འབར་བ་དག་གིས་བརྒྱའམ་ཡང་ན་སྟོང་དུ་བཏབ་བཏབ་ནས་གཤིན་རྗེའི་མི་དག་གིས་སེམས་ཅན་དམྱལ་བ་པ་དེ་དག་མཚོན་ཆ་ཧུ་ལུ་རབ་ཏུ་འབར་བ་རྣམས་ཀྱིས་གཅོད་པར་ བྱེད་དོ། །དེ་ལས་རྣམ་པར་ཐར་ནས་སེམས་ཅན་དམྱལ་བ་སྐྲ་ཤད་འཛིངས་པ་དང ། བྱ་ཁཝ་ཡོད་པར་གནོད་པ་བྱེད་དེ། གང་དུ་ལུས་ཚལ་ཤིང་བསྲེགས་པ་ལྟ་བུའི་རང་གི་ལུས་ལས་བྱུང་བའི་མེས་སྲེག་གོ། །གཅིག་ལ་གཅིག་ཀྱང་སེམས་ཅན་དམྱལ་བ་པའི་ལོ་འབུམ་ཕྲག་དུ་མར་མཚོན་ ཆ་ཆར་ལྟར་འབབ་པས་གཅིག་ལ་གཅིག་འཇོག་གོ། །དེ་ལས་ཐར་ནས་ཀྱང་སེམས་ཅན་དམྱལ་བ་སྙིང་རྗེ་རྗེ་སྐད་སྒྲ་འབྱིན་པར་འཚེད་དེ། གང་དུ་གནོད་པའི་རྣམ་པ་འདི་ལྟ་བུས་ཉམ་ཐག་ཅིང་སྒྲ་འབྱིན་པར་གྱུར་པ་ནི་གང་སེམས་ཅན་དམྱལ་བ་གཞན་ཐམས་ཅད་ན་ཡང་རྣམ་པ་དེ་ལྟ་བུ་མེད་དོ། ། དེ་ལས་ཐར་ནས་ཀྱང་སེམས་ཅན་དམྱལ་བ་སྙིང་རྗེ་ཆེན་པོར་སྐྱེ་བར་འགྱུར་ཏེ། དེར་ཆོས་ངན་པ་གང་དག་ཆོས་སུ་སྟོན་ཅིང་ལྟ་བ་ངན་པ་རབ་ཏུ་སྟོན་པ་དེ་དེར་བུ་སྡུག་པའི་གཟུགས་དེ་དག་སྲེག་ཅིང་བསྐུལ་བ་ན་དེ་ཡོངས་སུ་སྨྲེ་སྔགས་འདོན་ཏེ། འདི་ལྟར་ཕ་དང་སྤུན་དང་བུ་དང་མཛའ་བ་མགོན་མེད་ན། བདག་ལ་ཡོངས་སུ་སྐྱོབས་ཤིག་ཅེས་དེའི་ལག་པ་གཉི་ག་སྟོད་ནས་ཤིན་ཏུ་སྙིང་རྗེ་རྗེ་སྐད་འབྱིན་པ་མཐོང་ངོ ། །དེ་མཐོང་ནས་མྱ་ངན་གྱི་མེ་སྲེག་པའི་བུད་ཤིང་གིས་སྦར་བ་རྣམ་པ་དེ་ལྟ་བུ་འབྱུང་སྟེ། གང་ཁྱད་པར་ནི་སེམས་ཅན་དམྱལ་བ་པའི་མེ་དེ་ཁ་བ་དང་མཚུངས་སོ། །དེ་ཤིན་ཏུ་ཚ་བ་ རྣམ་པ་དེ་ལྟ་བུ་གཉིས་ཀྱིས་སྲེག་ཅིང་ཤིན་ཏུ་ཚ་བའི་སྒྲ་སྐད་འབྱིན་པ་ན་གཤིན་རྗེའི་མིས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། སྲེད་པའི་མེ་འདིའི་དྲུང་ན་ནི། །འབར་བ་དག་ནི་གྲང་ཞེས་བྱ། །དམྱལ་བར་དམྱལ་བ་པ་ཡི་མེ། །ཁམས་གསུམ་དག་ནི་སྲེག་པའི་མེ། །སེམས་ ཅན་དམྱལ་བར་གང་འབྱུང་བ། །མེ་འདི་ཆུང་བར་གྱུར་པ་ཡིན། །སྲེག་པའི་རྒྱུ་ལས་བྱུང་བ་ཡི། །མེ་འབར་བ་ནི་མང་པོར་མཆེད། །སེམས་ཅན་དམྱལ་བ་སྡིག་སྤྱད་པ། །ལས་ཟད་ནས་ནི་རྣམ་པར་གྲོལ། །སྲེད་པའི་དབང་དུ་སོང་བའི་མེ། །ཁམས་གསུམ་དག་ཏུ་སྲེག་པར་ 68-1-230a བྱེད། །འཁོར་བ་ཐོག་མ་མེད་དུས་ནས། །སྲེད་པའི་མེ་ཡི་རྗེས་འབྲང་བ། །སེམས་ཅན་དམྱལ་བ་སྲེད་པའི་མེ། །ཅི་ཕྱིར་དམྱལ་བའི་མེ་མི་འབྱུང ། །སེམས་ཅན་དམྱལ་བ་པ་ཡི་མེ། །ལུས་ནི་ཤིན་ཏུ་སྲེག་པར་བྱེད། །སྲེད་པའི་མེ་ཡིས་མི་ རྣམས་ཀྱི། །ལུས་ཡིད་ཤིན་ཏུ་སྲེག་པར་བྱེད། །དེ་ལྟ་བས་ན་སྲེད་རྒྱུ་ལས། །བྱུང་བའི་མེ་ནི་ཁྱད་པར་ཆེ། །དམྱལ་བ་པ་ཡི་ཁ་བ་འདྲ། །སྲེད་པའི་མེ་ནི་ཁྱབ་པར་དྲན། །སྲེད་འབྲང་རྒྱུ་ནི་གསུམ་ལས་བྱུང ། །ལས་གསུམ་དག་ནི་ཡོངས་སུ་བསྟན། །དུས་ གསུམ་འབྱུང་བར་ཤེས་པར་བྱ། །དེ་ལྟར་སྲེད་མེ་གཞན་དུ་མིན། །འདོད་ཆགས་མེས་ནི་མཐོ་རིས་སྲེག་།ཞེ་སྡང་མེས་ནི་དུད་འགྲོ་དྲན། །གཏི་མུག་མེས་ནི་དམྱལ་བར་སྲེག་།སྲེད་པའི་མེས་ནི་ཀུན་དུ་གནས། །དེ་ལྟར་སྲེད་པའི་མེ་ཡིས་སུ། །གནས་གསུམ་ ཐམས་ཅད་རབ་འབར་བར། །མཐོང་ནས་ཆོས་ནི་མ་སྤྱད་པ། །དེ་རིང་ཅི་ཞིག་ཡོངས་སུ་གདུངས། །དེ་ལྟར་སེམས་ཅན་དམྱལ་བ་སྙིང་རྗེ་ཆེན་པོར་སེམས་ཅན་དམྱལ་བ་པ་གཤིན་རྗེའི་མི་དེ་རྣམས་ཀྱིས་རྗེས་སུ་བསྟན་ནས་སྡུག་བསྔལ་དང་གནོད་པ་སྣ་ཚོགས་དག་བྱེད་ དོ། །དེ་དེ་ལས་ཐར་ནས་ཀྱང་སེམས་ཅན་དམྱལ་བ་ཚ་བ་པའི་སར་འཚེད་དོ། །དེར་ཡང་སེམས་ཅན་དམྱལ་བ་པ་དག་གི་ལུས་ཀུན་ནས་བསྲེགས་ནས། ལུས་ཤིང་ཀིང་ཤུ་ཀ་ལྟར་བྱས་སོ། །དེ་ལས་ཐར་ནས་ཀྱང་སེམས་ཅན་དམྱལ་བ་ཤིང་སྐམ་ལྟར་འཇིགས་ པར་འཚེད་དེ། དེ་ལྟར་ལོག་པར་ལྟ་བས་ཟིན་པའི་དགེ་སློང་མ་སུན་འབྱིན་པ་དེ་འཁོར་བཅུ་དྲུག་ཏུ་འཚེད་དོ། །དེ་དེར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དུས་དཔག་ཏུ་མེད་པར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་དགེ་སློང་མ་སུན་ཕྱུང་བའི་ལས་དེའི་རྒྱུ་དང་འཐུན་པའི་འབྲས་བུས་ཚེ་རབས་སྟོང་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་འཚེད་པར་འགྱུར་ཏེ། བཀྲེས་པ་དང ། སྐོམ་པས་གཅིག་ལ་གཅིག་ཟ་བ་དང ། ལུས་བརྒྱ་ཕྲག་སྟོང་ 68-1-230b དུ་དུད་འགྲོ་དག་གིས་ཟ་བར་འགྱུར། ལོག་པར་ལྟ་བ་དགེ་སློང་མ་སུན་ཕྱུང་བ་དེ་འོན་ཀྱང་གལ་ཏེ་དེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ཚེ་རབས་ལྔ་སྟོང་དུ་མིར་གྱུར་པ་ཟ་མར་འགྱུར་བ་མཐོང་ངོ ། ། དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཕྱོགས་ཐམས་ཅད་རབ་ཏུ་སྲེག་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ནི་སྔ་མ་བཞིན་ནོ། །དགེ་བསྙེན་ མ་བསླབ་པའི་གཞི་ལྔ་ཡོད་པ་སུན་ཕྱུང་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཕྱོགས་ཐམས་ཅད་རབ་ཏུ་སྲེག་པར་སྐྱེ་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དེ་ཇི་ལྟར་ ཁབ་ཀྱི་བུ་ག་ཙམ་ཡང་མེད་པ་དེ་ལྟར་ཀུན་ནས་རྟག་ཏུ་ནམ་མཁའ་ལ་ཡང་རབ་ཏུ་འབར་བར་འགྱུར་བ་དེར་སྔར་དེའི་ལག་པ་མེའི་ནང་དུ་འཇུག་སྟེ། ངུ་སྐད་འབྱིན་པ་ན་མེ་ཚ་ཞིང་རྩུབ་པ་ཤིན་ཏུ་དྲག་པའི་སྟོབས་ཀྱིས་ཇི་ལྟར་དེའི་ཐལ་བ་ཡང་མི་མངོན་པ་དེ་ལྟར་སྲེག་ གོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། ལོ་འབུམ་ཕྲག་དུ་མར་སྲེག་གོ། །དེ་ལས་ཐར་ནས་མགོན་འདོད་པ། སྐྱབས་འདོད་པ། དེ་གར་བབ་བབ་ཏུ་འབྲོས་པ་དང ། གཤིན་རྗེའི་མི་རྣམས་ཀྱིས་བཟུང་ངོ ། །བཟུང་ནས་ཀྱང་ལྕགས་ཀྱི་ཐག་པ་ཀུན་ནས་ རབ་ཏུ་འབར་བདག་གིས་རྐང་མཐིལ་གྱི་བར་ནས་མགོའི་བར་དེ་དག་འཆིང་སྟེ། དེའི་ཁྲག་དེ་དག་ཐམས་ཅད་དེའི་མགོ་ལ་བསྡུས་སོ། །དེ་ཕྱིས་སེམས་ཅན་དམྱལ་བ་པ་དེ་དག་ལ་གཟུགས་པའི་ཕུར་པ་བླངས་ཏེ་མགོར་བཙུགས་ནས་ཤུགས་ཀྱིས་བཏབ་སྟེ། འདི་ 68-1-231a ལྟར་ཕུར་པ་དེ་མགུལ་པར་བྱུང་ངོ ། །བྱུང་ནས་ཀྱང་ཤུགས་ཀྱིས་ཕྱུང་བ་དང ། དེའི་ཁྲག་དེ་ཇི་ལྟར་སེམས་ཅན་དམྱལ་བ་པའི་མགོ་ལས་ཟངས་བསྐོལ་བའི་ཁྲག་འབྱུང་བ་དེ་དང་ཆུང་ཟད་ཀྱང་ཁྱད་པར་མེད་པ་དེ་ལྟར་ཚ་བ་འབྱུང་ངོ ། །དེ་རང་གི་ལུས་ ལས་བྱུང་བའི་ཁྲག་དེས་ལོ་འབུམ་ཕྲག་དུ་མར་འཁྲུའོ། །སྲེག་གོ། །འཆིའོ། །དེའི་ལས་ཀྱི་མཐུས་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ། སྡིག་པའི་ལས་དེས་སྲེག་གོ། །འཚེད་དོ། །དེ་ཕྱིས་ སེམས་ཅན་དམྱལ་བ་པ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ལོ་འབུམ་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་ཏེ། དེར་ཡི་དགས་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དག་མྱོང་བར་འགྱུར་རོ། །དུད་ འགྲོ་རྣམས་སུ་གཅིག་ལ་གཅིག་ལུས་བརྒྱ་ཕྲག་དུ་མ་དག་ཟ་ཞིང་ཕ་རོལ་དག་གིས་རྣམ་པར་འཇིག་པར་འགྱུར་རོ། །དེ་སྡུག་བསྔལ་དེ་དག་མྱོང་ནས་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་དབུལ་ཞིང་ ནད་བུ་ཅན་དང ། ཕ་རོལ་གྱིས་གནོད་པ་དང ། སེམས་གཡེངས་པ་དང ། ཚེ་ཐུང་བར་འགྱུར་ཞིང་ཚེ་རབས་བཞི་བརྒྱར་ཟ་མར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལུས་ཆེན་པོ་ཤིན་ཏུ་སྒྲ་འབྱིན་འཇིགས་འཇིགས་ལྟར་འདུག་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ནི་སྔ་མ་བཞིན་ནོ། །གང་གིས་ཙེ་ལུ་མ་རབ་ཏུ་སུན་འབྱིན་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ 68-1-231b སེམས་ཅན་དམྱལ་བ་ལུས་ཆེན་པོ་ཤིན་ཏུ་སྒྲ་འབྱིན་འཇིགས་འཇིགས་ལྟར་འདུག་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་འབྱུང་བ་བསྡུས་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་ལུས་ཆེན་པོ་ཤིན་ཏུ་སྒྲ་འབྱིན་འཇིགས་འཇིགས་ ལྟར་འདུག་པར་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་གང་གི་ལུས་དཔག་ཚད་ཙམ་ལ་མར་སར་ལྟར་ཤིན་ཏུ་སྙི་བའི་ལུས་དེ་དེ་དག་གིས་བཟུང་ནས་སྤུ་འབྱིན་པའི་ཕྲ་སྐམ་གྱིས་ཇི་ལྟར་ཡུངས་ཀར་གྱི་འབྲུ་ཙམ་དུ་དེ་ལྟར་སེན་མོ་ལ་སོགས་པ་ནས་རྐང་པའི་བར་དག་ གཅོད་པར་བྱེད་དོ། །སྡུག་བསྔལ་གྱིས་ཉམ་ཐག་པ་དེ་ཇི་ལྟར་སྒྲ་སེམས་ཅན་དམྱལ་བ་པ་གཞན་དག་གི་ཐོས་ནས་ཀྱང་སྙིང་ཟགས་ཤིང་རྡོལ་བ་དེ་ལྟར་སྒྲ་སྐད་འབྱིན་ཏོ། །ཐོག་མ་མེད་པའི་དུས་ནས་དེའི་ལས་ཀྱི་འབྲས་བུས་བསླུས་ཤིང་སེམས་ཀྱི་དགྲས་ཡོངས་སུ་བསླུས་ པའི་སེམས་ཅན་དམྱལ་བ་པ་ཤིན་ཏུ་སྡུག་བསྔལ་བས་ཉམ་ཐག་པ་དེ་དག་ཉིད་མཐོང་ནས་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། འདོད་པ་ཡང་དག་སྟོན་པའི་ཚིག་།སྙན་ཅིང་ཡིད་འོང་སྣ་ཚོགས་དག་།སྨྲས་པ་སྡིག་པ་ ཆེན་པོ་ཡིན། །དེ་ཡི་འབྲས་བུ་འདིར་འོངས་སོ། །འདོད་པར་གྱུར་པའི་ཚིག་སྨྲ་བས། །སྤུ་གྲི་རྣོན་པོར་བརྡར་བ་ཡི། །སོ་ཡིས་བདག་རང་བདག་ཉིད་ཀྱི། །ལྕེ་ནི་ཡང་དག་བཅད་ཀྱང་སླ། །སེམས་ཅན་འདོད་ཆགས་ཀྱིས་བསླུས་ཤིང ། །ཞེ་སྡང་གིས་ནི་ཡོངས་ གདུངས་ལ། །གཏི་མུག་དབང་དུ་སོང་བ་དག་།ཚིག་མི་སྙན་པར་སྨྲ་བར་བྱེད། །འདོད་ཆགས་ཆུང་བས་ཟིན་པ་གང ། །ཉེས་པར་བྱེད་པ་མང་དུ་བྱེད། །རྨོངས་པ་གཏི་མུག་དབང་སོང་སྟེ། །སྡུག་བསྔལ་ལས་ནི་སྡུག་བསྔལ་འཐོབ། །འདོད་པའི་དགའ་བ་ཡུད་ ཙམ་སྟེ། །དེ་ནི་བདེན་མེད་བརྟག་པའང་མིན། །འགྱུར་བ་ཤིན་ཏུ་མི་བཟད་དེ། །དེ་ལྟས་དེ་ནི་ཡོངས་སུ་སྤོངས། །འདོད་ཆགས་ཟིལ་གྱིས་ནོན་པའི་མི། །སེམས་ཅན་དམྱལ་བའི་གནས་སུ་གནས། །གང་དག་འདོད་ཆགས་དབང་མི་འགྲོ། །དེ་དག་དམྱལ་ 68-1-232a བའི་འཇིགས་པ་མེད། །དེ་ནི་སྡིག་པའི་ལས་བྱས་པས། །ངན་སོང་ངེས་པར་མྱོང་བ་ཡིན། །བློང་ཞིང་དམན་པ་སྙིང་རྗེའི་སྐད། །ཅི་ཞིག་དེ་རིང་ཡོངས་སུ་གདུང ། །སེམས་ཅན་དམྱལ་བ་སྡིག་བྱེད་པ། །ལས་ཟད་ནས་ནི་ཐར་འགྱུར་གྱི། །རྣམ་ པར་སྒྲ་འབྱིན་མང་འགྱུར་བ། །ཐར་པ་དག་ཏུ་ག་ལ་འགྱུར། །མི་འདོད་ངན་འགྲོར་འགྲོ་བའི་ལས། །བྱས་པས་འདོད་ཆགས་དབང་དུ་གནས། །རྨོངས་པ་གང་ཞིག་སྨྲེ་སྔགས་འདོན། །དེ་ནི་དོན་མེད་ཡོངས་སུ་འདོན། །གང་ཞིག་མ་འོངས་འབྲས་བུ་ ཤེས། །ད་ལྟར་བྱུང་བའི་དགེ་ལ་དགའ། །དེ་ནི་དམྱལ་བར་སྐད་མི་འབྱིན། །ཁྱོད་ནི་ཇི་ལྟར་རྗེས་སུ་གདུང ། །དེ་ལྟར་ཡང་དེ་ལ་སྟོན་པ་དང ། ལས་བྱེད་པ་ངན་པ་བྱས་པ་དེ་གཤིན་རྗེའི་མི་དེ་རྣམས་ཀྱིས་རྗེས་སུ་བསྟན་ནས་ཀྱང་ཇི་སྲིད་དུ་དེའི་སྡིག་པའི་ ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་རྣམ་པ་ཐ་དད་པ་སྣ་ཚོགས་དུ་མ་དག་གིས་གནོད་པར་བྱེད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ནས་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་སྟོང་ཕྲག་དུ་མར་དུད་འགྲོར་སྐྱེ་བར་འགྱུར། གལ་ ཏེ་བརྒྱ་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ཚེ་ཐུང་ཞིང་དབུལ་བ་དང ། སེམས་གཡེངས་པ་དང ། ངག་སྐྱེ་བོ་ཀུན་གྱི་ཡིད་མི་ཆེས་པར་འགྱུར་ཞིང་ཚེ་རབས་བཞི་སྟོང་དུ་ཟ་མར་འགྱུར་བ་མཐོང་ངོ ། །དེ་ ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན་དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མེ་སྤྱི་གཙུག་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ 68-1-232b པས་འགྱུར་རོ། །གང་གིས་ཞེ་སྡང་བ་མེད་ཅིང་སྤྱོད་པ་དང་ལྡན་པའི་བུ་མོའི་སྐྱེ་གནས་མ་ཡིན་པའི་སྒོ་སུན་ཕྱུང་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མེ་སྤྱི་གཙུག་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཆེན་ པོ་ཡང་སོས་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་བཅུ་འགྱུར་དུ་འབྱུང་བའི་སྟེང་དུ་ཁྱད་པར་དུ་འགྱུར་བ་ནི་སེམས་ཅན་དམྱལ་བ་མེ་སྤྱི་གཙུག་ལྟ་བུ་དེ་སྤྱི་གཙུག་འདྲ་ལ་སྲོག་ཆགས་སྤྱི་གཙུག་ཅེས་བྱ་བ་བྱད་གཟུགས་གཞུ་རྒྱུད་ལྟར་རིང་ཞིང་དུག་ཤིན་ཏུ་དྲག་པ་ཡོད་ ལ་མཐོང་ན་ཡང་ཤིན་ཏུ་དྲག་པ་གནས་སོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ། གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་ལྕགས་ཀྱིས་གཞི་རབ་ཏུ་འབར་བར་ཕོར་བུའི་ནང་དུ་ལུས་ཐམས་ཅད་དང ། ལག་པ་དང ། རྐང་པ་ཐམས་ཅད་ནུབ་པར་བཅུག་ཅིང་མེ་ཤིན་ཏུ་ཚ་ བས་རྒྱབ་སྲེག་པ་ན་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་སོ། །དེ་ནས་གཤིན་རྗེའི་མི་དེ་རྣམས་ཀྱིས་ས་སྲོག་ཆགས་མེ་སྤྱི་གཙུག་ལྟ་བུ་ཞེས་བྱ་བ་དེ་དག་བླངས་ནས་སེམས་ཅན་དམྱལ་བ་པ་དེ་རྣམས་ཀྱི་རྐུབ་ཏུ་འཇུག་པར་བྱེད་དོ། །དེ་དག་གི་ལུས་གཞུ་རྒྱུད་ལྟ་བུ་ཡིན་ཞིང་དུག་ རྣོན་པོ་ཤིན་ཏུ་མཁྲང་ལ་ཚ་བ་ཡོད་པའི་ལུས་ཅན་དེ་འཇུག་པར་བྱེད་དོ། །དེ་རབ་ཏུ་འཇུག་པ་ན་རེག་པ་མེ་ལྟ་བུར་ཚ་སྟེ། སེམས་ཅན་དམྱལ་བ་པ་དེ་དག་ཐོག་མ་ཉིད་དུ་དེའི་རྐུབ་སྲེག་པར་བྱེད་དོ། །བསྲེགས་ནས་ཟའོ། །དེ་ཟོས་ནས་ནང་དུ་འཇུག་སྟེ་ལོང་ཀ་སྲེག་གོ། ། བསྲེགས་ནས་ཀྱང་ཟའོ། །ལོང་ཀ་ཟོས་ནས་ལྷག་མ་མེད་པར་བྱས་ཏེ། གྱེན་དུ་བྱུང་ནས་ཕོ་བ་སྲེག་ཅིང་ཟའོ། །མཆེར་པ་སྲེག་སྟེ་དེ་བསྲེགས་ནས་ཟའོ། །དེ་ཡང་ཟོས་ནས་རྒྱུ་མ་དང་ཕོ་བའི་གནས་ག་ལ་བ་དེར་འགྲོའོ། །སོང་ནས་ཕོ་བའི་གནས་དང ། གཞན་རྒྱུ་མ་དང་གཉེ་མ་དག་འཆའ་ཞིང་ཟའོ། །ཐམས་ཅད་ལྷག་མ་མེད་པར་བསྲེགས་ཤིང་ཟོས་པ་དང་སེམས་ཅན་དམྱལ་བ་པ་དེའི་རུས་པ་སེང་སེང་པོར་བྱས་ཀྱང་སྲོག་དང་ནི་མི་འབྲལ་ལོ། །དེ་ཕྱིས་མིད་པ་ག་ལ་བ་དེར་སོང་ནས་དེ་སྙིང་ལ་འཆའ་ཞིང་ཡོངས་སུ་སྲེག་པར་བྱེད་ 68-1-233a དོ། །དེ་སྲེག་ཅིང་ཀུན་ནས་ཟ་བ་ན་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེའི་ནང་ན་མེ་སྤྱི་གཙུག་ལྟ་བུ་འབར་ཞིང་ཕྱི་རོལ་ཏུ་སེམས་ཅན་དམྱལ་བ་པའི་མེ་སྟེ་མེ་དེ་གཉིས་ཀྱིས་སྲེག་ཅིང་ཟའོ། །དེ་ནས་མེ་སྤྱི་གཙུག་ལྟ་བུ་དེས་ དེའི་མིད་པའི་ནང་ཟོས་ནས་ཁ་ག་ལ་བ་དེར་སོང་སྟེ། དེ་དང་པོར་ལྕེ་དྲུང་འཆའ་ཞིང་ཟའོ། །དེ་ཟོས་ནས་རྣ་བའི་ཕྱོགས་སུ་སོང་སྟེ། དེ་ཡང་ཟའོ། །གླད་པ་དང་གླད་རྒྱས་ག་ལ་བ་དེར་སོང་སྟེ། དེས་གླད་པ་དང་གླད་རྒྱས་དེ་དག་ཟོས་ཤིང་ཐོད་པ་དང་མགོར་གཏོགས་པ་ ཟོས་ནས་ཐོད་པ་དང་མགོར་གཏོགས་པ་ཕུག་སྟེ་འགྲོ་ཡང་དེའི་ལས་ཀྱི་མཐུས་སེམས་ཅན་དམྱལ་བ་པ་དེ་འཆི་བར་ནི་མི་བྱེད་དོ། །དེའི་ལུས་ཀུན་ནས་བུ་ག་ཡོད་དེ། བུ་ག་དེ་དག་ཏུ་ཞུགས་ནས་སེམས་ཅན་དམྱལ་བ་པ་དེ་མེས་སྲེག་པར་བྱེད་ཅིང་རབ་ཏུ་འབར་བར་བྱེད་ དོ། །ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེའི་ལུས་ཀྱི་ནང་དང་ཕྱི་རོལ་ཀུན་ནས་རབ་ཏུ་འབར་བ་ཡིན་ཏེ། དེ་ལྟར་ལོ་འབུམ་ཕྲག་དུ་མར་ཟ་ཞིང་ཟའོ། །དེ་ནས་ཡང་འཚོ་བར་འགྱུར་ལ་དེ་ནས་ཡང་འཆི་བར་འགྱུར་རོ། །དེ་ནས་ཡང་འཚོ་སྟེ། དེ་ལྟར་མི་འདི་ དེའི་ཉེས་པར་བྱས་པ་བྱས་ཤིང་བསགས་པའི་མཐུས་གནོད་པ་དག་མྱོང་བར་འགྱུར་རོ། །དེ་དེ་ལས་ཐར་ནས་གར་བབ་བབ་ཏུ་འབྲོས་པ་དང ། དེས་སྦྲུལ་ཆེན་པོའི་ཚོགས་འོང་བ་མཐོང་ངོ ། །དེས་དེ་མཐོང་ནས་ཤིན་ཏུ་སྐྲག་ཅིང་ཡི་མུག་སྟེ་གར་བབ་བབ་ཏུ་འབྲོས་སོ། །དེ་ནས་ ལས་ཀྱིས་བྱས་པའི་རླུང་གི་ཤུགས་ལྟ་བུའི་སྦྲུལ་དེ་དག་མི་དེ་ལ་འཛིན་ཏོ། །བཟུང་ནས་མཆེ་བ་ཆེན་པོ་རྣོ་ཞིང་དུག་ཆེན་པོ་དྲག་པས་ཀུན་ནས་བསྐོར་ནས་སེམས་ཅན་དམྱལ་བ་པ་དེ་ལན་བརྒྱའམ་ཡང་ན་ལན་སྟོང་དུ་སྲེག་པར་བྱེད་དོ། །སྡུག་བསྔལ་གྱིས་ཀུན་ནས་ཉམ་ཐག་ པ་དེ་བཀྲེས་པ་དང ། སྐོམ་པའི་མེ་དང ། སྦྲུལ་གྱི་དུག་གི་མེ་དང ། སེམས་ཅན་དམྱལ་བ་པའི་མེ་སྟེ། མེ་གསུམ་གྱིས་སྲེག་གོ། །དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མ་ལོ་བགྲང་གིས་མི་ལང་ 68-1-233b བར་སྲེག་གོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་སྟོང་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་ཏེ། ཡི་དགས་རྣམས་སུ་ཤིན་ཏུ་བཀྲེས་པ་དང ། སྐོམ་པས་གདུངས་ པར་འགྱུར། ཡི་དགས་དང་དུད་འགྲོ་དག་ཏུ་དུད་འགྲོར་འགྱུར་བ་ཐམས་ཅད་དུ་ཡང་ཚེ་རབས་ཚེ་རབས་སུ་འབྱུང་ཞིང་ཟ་བར་འགྱུར་རོ། །དེ་དེ་ལས་ཐར་ནས་ཀྱང་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཚེ་རབས་ ལྔ་བརྒྱར་མ་ནིང་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་མདག་མེ་བྱེ་མ་ལྟ་བུའི་ཆར་རྟག་ཏུ་ འབབ་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་ པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །གང་གིས་ཙེ་ལུ་མ་སུན་འབྱིན་པར་བྱེད་ཅིང་སུན་ཕྱུང་ནས་ཀྱང་རྗེས་སུ་དགའ་བར་བྱེད་ལ་དེ་ཉིད་ལ་ཤིན་ཏུ་ཆགས་པར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་མདག་མེ་བྱེ་མ་ ལྟ་བུའི་ཆར་རྟག་ཏུ་འབབ་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་འདིར་འབྱུང་བའི་སྟེང་དུ་གནོད་པ་ཁྱད་པར་དུ་འབྱུང་བ་དག་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་དེའི་ འཁོར་ནི་དཔག་ཚད་ལྔ་བརྒྱ་ཡོད་ལ་དེ་ཐམས་ཅད་རབ་ཏུ་འབར་བ། བྱེ་མ་རྡོ་རྗེའི་མེ་མདག་ལྟ་བུ་དག་གིས་དེར་དཔེ་བྱ་བར་ཡང་མི་ནུས་པར་གང་སྟེ། འདི་ལྟར་འཚེད་པ་པོ་ཡང་ནུབ་པར་འགྱུར་ན་སེམས་ཅན་དམྱལ་བ་པ་ལས་ལྕི་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཇི་ལྟར་ 68-1-234a ཆུ་འབབ་པའི་ཤུགས་ཀྱིས་དེད་པ་དེ་ལྟར་དེར་འཇུག་གོ། །དེ་ནས་ཡང་ལས་ཀྱིས་ནུབ་པ་འབྱུང་བར་འགྱུར་ཏེ། དེ་བྱེ་མ་རྡོ་རྗེའི་གཟེགས་མ་ལྟ་བུར་ཟུར་གསུམ་ཡོད་ཅིང་སོ་རྣོ་བ་དེ་དག་གིས་ཇི་ལྟར་དེའི་རུས་པ་ལྷག་མ་ཡང་མེད་པ་དེ་ལྟར་འཐག་གོ། །དེ་ནས་ཡང་འཚོ་ བར་འགྱུར་ལ་དེ་ནས་ཡང་འཐག་སྟེ་འཆི་ཞིང་སྐྱེའོ། །དེ་ཀུན་ནས་དགའ་བ་མེད་ཅིང་བྱེ་མ་རབ་ཏུ་འབར་བའི་ནང་དུ་ནུབ་སྟེ། སྲེག་ཅིང་འཚེད་པ་དང་སྐད་འབྱིན་ཅིང་ཡོངས་སུ་སྨྲེ་སྔགས་འདོན་ཏེ། དེ་ལས་ཀྱིས་བསྒྲིབས་པ་སྡུག་བསྔལ་དེ་ལས་བདག་ཉིད་ཐར་བར་མི་ནུས་སོ། །དེ་ཡུན་རིང་མོ་ ཞིག་འདས་ལ་གལ་ཏེ་ལས་ཟད་ནས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། དེ་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་ཚེ་རབས་སྟོང་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར། དུད་འགྲོ་གཅིག་ལ་གཅིག་ཟ་བར་སྲོག་ལན་ སྟོང་འཆད་པར་འགྱུར། དེ་ལས་ཐར་ནས་ཀྱང་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཚེ་རབས་ལྔ་བརྒྱར་དབུལ་ཞིང་ནད་བུ་ཅན་དང ། སྨྱོ་བ་དང ། ངག་ཡིད་མི་ཆེས་པ་དང ། གཞན་གྱིས་བཀོལ་ བ་དང ། ཟ་མར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ནང་ན་མེ་མདག་ཡོད་པ་ཞེས་ བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་ནི་སྔ་མ་བཞིན་དུ་འགྱུར་རོ། །གང་གིས་དགེ་བསྙེན་མ་བསླབ་པའི་གཞི་ལྔ་ཡོད་པ་སྟོབས་ཀྱིས་མནན་ནས་མི་ཚངས་པར་སྤྱད་པས་བསླབ་པ་དྲལ་ཅིང་འདི་སྙམ་དུ་སྲུང་མ་མོ་བསླབ་པའི་གཞི་ལས་འདས་པ་ཆོས་མ་ཡིན་པ་གང་ཡང་ 68-1-234b མེད་དོ་སྙམ་དུ་བློ་སྐྱེ་ཞིང་ལས་ཀྱི་འབྲས་བུ་ལ་ཡིད་མི་ཆེས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ནང་ན་མེ་མདག་ཡོད་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་ སེམས་ཅན་དམྱལ་བ་འདིར་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེ་ཀུན་ནས་མེ་མདག་གི་རི་ལྔ་ལ་འདི་ལྟ་སྟེ། ཀུན་སྲེག་དང ། གཏིང་ཟབ་དང ། མུན་ནག་ཐིབས་དང ། མེ་མདག་ཚ་བ་ལྟ་བུ་དང ། ལས་མངོན་སུམ་པ་རྣམས་ཀྱིས་ཡོངས་ སུ་བསྐོར་བ་དེར་སེམས་ཅན་དམྱལ་བ་དེ་ཀུན་ནས་དཔག་ཚད་སྟོང་ཡོད་ལ། རི་དེ་དག་ཀྱང་ཀུན་ནས་རི་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་དག་དང་ཧ་ཅང་མི་རིང་བ་ན་ཡོད་དེ། དེར་སེམས་ཅན་དམྱལ་བ་པ་དེས་རི་དེ་དག་མེ་ཏོག་ཨུད་པ་ལས་གང་བ་ལྟ་བུ་དང ། ཤིང་ལྗོན་པ་ དང ། ནགས་ཚལ་དང ། ལྟེང་ཀ་ཕུན་སུམ་ཚོགས་པ་ལྟ་བུར་མཐོང་སྟེ། དེ་དག་བདེ་བ་མྱང་བར་བྱ་བའི་ཕྱིར་དེ་གང་གི་ཚེ་བརྒྱུགས་པ་དང ། དེའི་ཚེ་ལས་ཀྱི་རླུང་མེ་ལྟ་བུ་ལངས་པས་བདས་སོ། །མེ་མདག་དེ་དག་ཀྱང་རླུང་དེས་བུས་སོ། །བུས་པ་དེས་སེམས་ ཅན་དམྱལ་བ་པ་དེ་ཀུན་ནས་ཡོངས་སུ་དཀྲིས་སོ། །ལུས་ཐམས་ཅད་ཡོངས་སུ་བསྲེགས་པ་དེ་ཡང་རི་དེ་དག་གི་གཟུགས་སྔོན་པོར་མཐོང་སྟེ། ཚ་བས་གདུངས་པ་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་ཡང་རྒྱུག་གོ། །དེ་གང་གི་ཚེ་རི་དེའི་དྲུང་ དུ་ཕྱིན་པ་དང ། དེ་འདི་ལྟར་ཀུན་ནས་བྱི་བྲུན་ལ་ལྕགས་ཀྱི་མདའ་འཕེན་པ་འཕངས་པ་ཙམ་གྱིས་འགྲོ་བ་མི་མངོན་པ་དེ་ལྟར་སེམས་ཅན་དམྱལ་བ་པ་དེ་མེ་མདག་གི་ནང་དུ་འགྲོ་བའི་འགྲོས་ཀྱང་གར་སོང་གཏོལ་མེད་པར་མི་མངོན་ནོ། །དེ་དེར་སོང་མ་ཐག་ཏུ་འདི་ལྟར་སྲེག་ཅིང་ འཚེད་ལ་སྐོལ་བ་ན་མུན་པ་མུན་ནག་གི་ནང་དུ་སོང་ནས་དབང་པོ་ཐམས་ཅད་འགགས་ཤིང་སྡུག་བསྔལ་ཐམས་ཅད་ཀྱི་གཞིར་གྱུར་ཏེ། ཉེས་པ་བྱས་པའི་འབྲས་བུ་ཐམས་ཅད་མངོན་སུམ་དུ་བྱུང་ལ་དེས་གང་མི་དགེ་བ་བྱས་ཤིང་བསགས་པ་དེ་དག་དེའི་ལས་ཀྱི་ཤུགས་ཀྱིས་ 68-1-235a འོངས་པའི་འབྲས་བུ་ལ་ཉེ་བར་སྤྱོད་དོ། །དེ་ལྟར་དེ་མེ་མདག་གི་མུན་པའི་ནང་ན་དཔུང་གཉེན་མེད་ཅིང་གྲོགས་མེད་པ་སྡུག་བསྔལ་མི་བཟད་པས་ཉམ་ཐག་པར་གྱུར་པ། ཡུན་རིང་དུ་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པར་ཞུགས་པ་ཡུན་རིང་དུ་འཚེད་དོ། ། དེ་གལ་ཏེ་ཡང་ལས་ཀྱི་རླུང་དེ་དག་ཉིད་ཀྱིས་མེ་མདག་དེ་དག་གི་ནང་ནས་འབྱིན་པར་བྱེད་དེ། ལུས་ཐམས་ཅད་བསྐོལ་ཅིང་སྡུག་བསྔལ་ཐམས་ཅད་ཀྱིས་ཉམ་ཐག་པ་དེ་རྐང་པ་གར་བབ་བབ་ཏུ་འདོར་རོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། གཤིན་རྗེའི་མི་རྣམས་ཀྱིས་བཟུང་ ངོ ། །བཟུང་ནས་ཀྱང་དེའི་རྐུབ་སོག་ལེ་རབ་ཏུ་འབར་བས་གཅོད་དོ། །བཅད་ཅིང་གཏུབས་ནས་ཡང་ཤིན་ཏུ་གཞོན་ཤ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ལོ་འབུམ་ཕྲག་དུ་མར་དེ་སོག་ལེའི་སྡུག་བསྔལ་མྱོང་ཞིང་དེ་འདི་སྐད་དུ་རྣམ་པར་སྒྲ་འབྱིན་པར་བྱེད་དོ། །བདག་གིས་ ལས་དག་བྱས་པ་ཡི། །འབྲས་བུ་དེ་དག་བདག་ཉིད་ཡིན། །འདོད་ཆགས་དགྲ་ཡིས་གདུངས་པ་ན། །ཕྱི་ནས་སེམས་ཅན་དམྱལ་བར་འོངས། །འདོད་ཆགས་གདུངས་པའི་ལས་ཅན་གྱི། །བག་མེད་ས་ན་མི་གཙང་བའི། །ཞགས་པ་དེ་ཡིས་བཅིངས་པ་ཡིས། ། བདག་ནི་གནས་འདི་དག་ཏུ་འོངས། །སྔོན་ཆད་བདག་ནི་འདོད་ཆགས་ཀྱི། །འབྲས་བུ་ཚ་སྙམ་མི་བྱེད་དེ། །མི་ཤེས་པ་ཡིས་བདག་བསླུས་པས། །འདིར་ནི་བདག་གིས་བྱས་ལ་སྤྱོད། །བརྩེ་མེད་ཤིན་ཏུ་དྲག་པ་ཡི། །སྡིག་པ་དག་གི་དབང་དུ་སོང ། ། སྡུག་བསྔལ་རྒྱ་མཚོ་མཐའ་ཡས་པ། །འདི་ལས་བདག་ཉིད་ཇི་ལྟར་ཐར། །སྡུག་བསྔལ་དག་ལས་སྡུག་བསྔལ་ལས། །འདི་ཡིས་བདག་ནི་ཡོངས་སུ་འཚེད། །བདག་ནི་སེམས་དམྱལ་ཟད་པ་འམ། །བདེ་བ་འཐོབ་པ་མ་མཐོང་ངོ ། །དེ་ལྟར་སེམས་ཅན་དམྱལ་བ་ པ་དེ་ནང་ན་མེ་མདག་ཡོད་པའི་སེམས་ཅན་དམྱལ་བར་ཤིན་ཏུ་སྡུག་བསྔལ་བས་ཉམ་ཐག་ཅིང་ངུ་སྐད་འདོན་ཏེ། སེམས་ཅན་དམྱལ་བ་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་ 68-1-235b དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་བརྒྱ་ཕྲག་དུ་མར་ཡི་དགས་དང་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་ཏེ། ཡི་དགས་རྣམས་སུ་བཀྲེས་པ་དང་སྐོམ་པས་གདུངས་པའི་ལུས་ཅན་དག་གཅིག་ལ་གཅིག་ལྟ་བ་ཁོ་ནར་ཟད་དོ། ། དུད་འགྲོ་རྣམས་སུ་གཅིག་ལ་གཅིག་ཟ་བ་ལུས་ལན་བརྒྱར་འཆི་བར་འགྱུར་རོ། །དེ་དེ་ལས་ཐར་ནས་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེའི་ལས་ཀྱི་མཐུས་རྟག་ཏུ་རིམས་ནད་ཀྱིས་འདེབས་ཤིང་དབུལ་བ་དང་། ནད་བུ་ཅན་དང ། ཡན་ལག་མ་ཚང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སེམས་ཅན་དམྱལ་བ་ཨ་ ལ་ལ་ཟེར་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་ པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །དེས་འདི་ལྟར་བསླབ་པའི་གཞི་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔ་ལས་གཞན་པ་བླངས་པ་དང ། བུ་སྲིང་ངམ། བུ་སྲིང་དང་འདྲ་བའམ། གྲོགས་ཀྱི་ ཆུང་མ་འོས་པ་མ་ཡིན་པ་དག་ལ་དེས་འདི་ལྟར་བརྡ་བྱས་ནས་སླུ་བར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཨ་ལ་ལ་ཟེར་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་ པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་རླུང་ཤིན་ཏུ་དྲག་ཅིང་ཤིན་ཏུ་རྩུབ་ལ་ཤིན་ཏུ་མི་བཟད་པ་ཤུགས་ཀྱིས་མགྱོགས་པ་དང་ལྡན་པ་ལྡང་ལ། གང་གིས་སེམས་ཅན་དམྱལ་བ་དེ་དག་གི་ལུས་སོ་སོར་ཁྱེར་བར་བྱེད་དེ། ཇི་ལྟར་རླུང་ཆེན་པོ་ 68-1-236a ཤིན་ཏུ་མི་བཟད་ཅིང་རྩུབ་པས་རས་བལ་གྱི་སྤུའམ། སྤུའི་སྣོད་གློངས་ན་སྤུ་རྣམས་ཀྱི་གདགས་པ་ཡང་མི་མངོན་པར་ཁྱེར་རོ། །གང་གིས་ཁྱེར་བའི་རས་བལ་དེ་དག་གི་སྤུ་རྣམས་རླུང་དེས་ཕྱོགས་བཅུར་བདས་ཤིང་ཁྱེར་བ་ཕན་ཚུན་ཐུག་པ་དེ་ལྟར་ སེམས་ཅན་དམྱལ་བ་དེ་དག་གི་ལུས་སེམས་ཅན་དམྱལ་བའི་རླུང་སྤུ་གྲི་ལྟ་བུ་དེས་འདི་ལྟར་བྱེ་མའི་ཚད་ཙམ་དུ་ཡང་མི་མངོན་པར་ཁྱེར་རོ། །གང་གིས་ལུས་དེ་དག་སྤུ་ཙམ་དང་ཉུང་ངུ་ཉུང་ངུར་བྱེད་དེ། ཡན་ལག་དང་ཉིང་ལག་ཐམས་ཅད་གདགས་པར་ཡང་མངོན་པར་མི་བྱེད་ དོ། །ལས་ངན་པ་བྱས་པས་ཡང་ལུས་དེ་དག་འབྱུང་བར་འགྱུར་ཏེ། དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡང་འདོད་ཆགས་ཀྱི་དབང་གིས་སྔ་མ་བཞིན་དུ་ཁྱེར་རོ། །ཡུན་རིང་མོ་ཞིག་འདས་ནས་གལ་ཏེ་བརྒྱ་ལ་དེའི་རླུང་གི་ གནོད་པ་ལས་ཐར་ན་དེ་ལ་བྱི་བ་མཆེ་བ་རྡོ་རྗེ་ལྟ་བུ་ཡོད་པ་འབྱུང་ལ་གང་དེའི་རྐུབ་ཡུངས་འབྲུ་ཙམ་དུ་རློག་སྟེ། བརླགས་ནས་ངུ་སྐད་འདོན་བཞིན་དུ་ཟ་བར་བྱེད་དོ། །དེ་ཟོས་ནས་རྒྱུ་མ་དག་ཟའོ། །ལོང་ཀ་ཐམས་ཅད་ཀྱང་ཟའོ། །ལོང་ཀ་དེ་དག་ཟོས་ནས་རྒྱབ་ཏུ་འབྱུང་ལ་དེའི་ རྒལ་ཚིགས་ཟ་སྟེ། དེ་ལྟར་དེའི་ལས་ཀྱི་མཐུས་སེམས་ཅན་དམྱལ་བ་དེ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་གལ་ཏེ་དེ་ལས་ཐར་བར་འགྱུར་ཏེ། དེ་ཡུན་རིང་མོ་ཞིག་འདས་ནས་གལ་ཏེ་ཉོན་མོངས་པ་དེ་ལས་ཐར་ནས་དེ་གར་བབ་བབ་ཏུ་འབྲོས་ སོ། །དེ་ནས་རང་གི་ལུས་ལས་བྱུང་བའི་སྲོག་ཆགས་མར་ཀོ་ཏ་ཀ་རྣམས་ཀྱིས་གང་ཞིང་དེའི་རྐུབ་ཀྱང་དེ་ནས་འཆའ་ཞིང་ཟའོ། །དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྲོག་ཆགས་མར་ཀོ་ཏ་ཀ་དེ་རྣམས་ཀྱི་སྡུག་བསྔལ་མི་ བཟད་པས་ངུ་བར་བྱེད་དེ། འོ་དོད་འབོད། སྒྲ་སྐད་འབྱིན། སྨྲེ་སྔགས་འདོན་ཏོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་སྟོང་ཕྲག་དུ་མར་ཡི་དགས་རང་གི་ཤ་ལ་ཟ་བར་སྐྱེ་བར་འགྱུར་ 68-1-236b ཏེ། ཇི་ལྟར་དེའི་ཚེ་དེས་བདག་ཉིད་ཀྱི་བུད་མེད་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པས་རང་གི་ཤ་ལ་ཟ་སྟེ། དེས་བདག་ཉིད་འཚོ་བར་བྱེད་དོ། །གལ་ཏེ་བརྒྱ་ལ་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་ནས་ཀྱང་དེ་ཕག་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་ཏེ། ཇི་ལྟར་དེས་རང་ གི་མ་དག་ལ་ཆོས་མ་ཡིན་པ་བྱས་པས་གང་དུ་སྐྱེས་པར་རང་གི་མས་ཟ་བར་བྱེད་དོ། །དེ་གལ་ཏེ་དེ་ལས་ཐར་ནས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་སྐྱེས་པའི་ནད་ཀྱིས་འདེབས་ཤིང་དེ་ནད་དྲག་པོ་མི་བཟད་ པས་གནོད་པ་བྱེད་ལ་དེའི་ཕོ་མཚན་གཅོད་པར་བྱེད་དོ། །གལ་ཏེ་བརྒྱ་ལ་དེའི་ཆུང་མ་ཞིག་ཡོད་པར་གྱུར་ན་ཡང་ཇི་ལྟར་དེས་ཕ་རོལ་གྱི་བུད་མེད་འོས་པ་མ་ཡིན་པར་ཕྲོགས་པ་ལྟར། དེ་ཡང་རུང་བ་མ་ཡིན་པའི་མི་དག་གིས་དེ་འཕྲོག་པར་བྱེད་དེ། མིའི་དོན་འདི་ཐམས་ ཅད་མེད་པར་བྱེད་པ་ནི་འདི་ལྟ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་འགལ་བ་འོས་པ་མ་ཡིན་པའི་དྲུང་དུ་འགྲོ་བའོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་ བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་སེམས་ཅན་དམྱལ་བ་ཤར་གྱུར་པ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །བུད་མེད་སྡོམ་པ་བླངས་པ་ གང་གིས་འོས་པ་མ་ཡིན་པའི་དགེ་སློང་དབང་དུ་བྱས་ཏེ། ཆང་བླུད་ནས་དེ་འཁྲུལ་པར་བྱས་ཤིང་ཡིད་ལ་གཅགས་པ་བསྐྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཤར་གྱུར་པ་ཐམས་ཅད་སྡུག་བསྔལ་བར་སྐྱེ་བར་འགྱུར་རོ། །དེར་ 68-1-237a གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་དང་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་ཏེ། གང་གིས་རྟག་ཏུ་ཚུལ་ཁྲིམས་དང་ལྡན་པ་འོས་པ་མ་ཡིན་པ་ལ་འོས་པ་ཉིད་དུ་གོམས་པར་བྱེད་ན། དེ་རྟག་ཏུ་མི་ དགེ་བར་ཞུགས་པ་དེས་ལམ་ངན་པ་དེ་ཉིད་རྗེས་སུ་སྟེན་པར་བྱེད་དོ། །ལས་ཀྱི་གཞི་ངན་པ་བྱས་པའི་ངང་ཚུལ་ཅན་མི་དགེ་བའི་ལས་ཀྱི་མཐའ་སྤྱད་པ་དེས་མི་དགེ་བའི་ལམ་དེ་རྗེས་སུ་སྟེན་ཅིང་གོམས་པར་བྱེད་དོ། །སེམས་ཅན་དམྱལ་བ་དེ་སྡུག་བསྔལ་ཆེས་དྲག་པ་དང ། སྡུག་བསྔལ་ཆེས་མི་བཟད་པ་དང ། སྡུག་བསྔལ་ཆེས་རྩུབ་ཅིང་ཚ་བ་དག་ཤིན་ཏུ་སོ་སོར་མྱོང་བར་འགྱུར་ཏེ། དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟ་སྟེ། རྐང་པའི་མཐེ་བོ་ལ་སོགས་པ་ནས་མགོའི་བར་དུ་མཚོན་ཆ་ཧུ་ལུ་རབ་ཏུ་འབར་བ་དག་གིས་ཤ་མ་གཏོགས་པར་པགས་པ་གཅོད་པར་བྱེད་དེ། དེ་ལྟར་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་དང ། པགས་པ་དག་གཅོད་པར་བྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་ དོ། །དེའི་པགས་པ་དེ་དག་ཀྱང་སའི་ནང་དུ་བཅུག་ནས་སྲེག་པར་བྱེད་དེ། དེའི་ལུས་པགས་པ་མེད་པའི་ལུས་དེ་དག་ལ་གཤིན་རྗེའི་མི་དེ་རྣམས་ཀྱིས་ལྕགས་ཀྱི་སྣོད་ཀྱི་ནང་དུ་བ་ཚཝ་རབ་ཏུ་སྐོལ་བ་ཁྱེར་ནས་ལྡུགས་པར་བྱེད་དེ། དེས་དེ་སྲེག་པར་བྱེད། སྐོལ་ བར་བྱེད་དོ། །སྡུག་བསྔལ་གྱིས་ཉམ་ཐག་ཅིང་སྡུག་བསྔལ་ཚ་བ་རྩུབ་པས། ཉམ་ཐག་པ་དེ་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེ་ལྟར་དེ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་ཞིང་ལོ་བགྲང་གིས་མི་ལང་བའི་ བར་དུ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་ཚ་བ་ཤིན་ཏུ་མི་བཟད་པས་གདུངས་སོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ཡི་ 68-1-237b དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན།ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་ནད་བུ་ཅན་དང ། ལུས་དག་ལ་ནད་ཤིན་ཏུ་མི་བཟད་པས་ཐེབས་པར་འགྱུར། དེ་རྒྱ་མཚོའི་ནང་གི་བར་དག་ཏུ་གང་རིས་འཐུན་པར་འགྱུར་བ་མི་མ་ཚང་བ་འདི་ལྟ་སྟེ། རྐང་པ་གཅིག་པ་དང ། སྣ་གཅིག་པ་དང ། ལག་པ་གཅིག་པ་དང ། ལུས་ཆུང་བ་དང ། ཚེ་ཐུང་བ་རྣམས་ཏེ། འདི་ལྟ་སྟེ། དེར་སྐྱེས་པ་ཉི་མ་གཅིག་ཅིག་ཐུབ་པར་འགྱུར་ བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་བཞི་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཆུ་བོ་རབ་མེད་རབ་ཏུ་ཚ་བ་ཞེས་བྱ་བ་ཡོད་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་ པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །སྟེགས་བུའི་དབུས་སུ་མེ་བུས་ནས་ལག་པས་བཟུང་སྟེ་བསྐོར་ནས་སྣ་བླན་པ་གྲོགས་ཀྱི་ཆུང་མ་ཉམས་པ་མེད་པ་ལ་སུན་འབྱིན་པར་བྱེད་ཅིང་ སུན་ཕྱུང་ནས་ཀྱང་མངོན་པར་དགའ་བར་བྱེད། ཡང་དག་པར་དགའ་བར་བྱེད་ལ། དགའ་བར་བྱེད་པ་མི་དགེ་བ་དེ་ཉིད་ལ་ཀུན་ཏུ་སྤྱོད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཆུ་བོ་རབ་མེད་རབ་ཏུ་ཚ་བར་སྐྱེ་བར་འགྱུར་རོ། །དེར་ སྐྱེས་ནས་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་འཁོར་གྱི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་གནོད་པ་ཁྱད་པར་དུ་འབྱུང་བ་ནི་མུན་ནག་ཐིབས་པོས་ནམ་མཁའ་གང་བ་ནས་ལས་ཀྱིས་བྱས་པའི་དབྱུག་པ་དང ། རལ་གྲི་ཤིན་ཏུ་རྣོ་བ་ 68-1-238a དག་རབ་ཏུ་འབར་བ་དེར་སེམས་ཅན ། དམྱལ་བ་པ་དེའི་ལུས་ནང་དུ་ནུབ་བོ།། །།ནང་དུ་ནུབ་ནས་སྲེག་པར་བྱེད་ཅིང་ཡན་ལག་དང་ཉིང་ལག་ཐམས་ཅད་ཤིན་ཏུ་འབུགས་པར་བྱེད། གཤེག་པར་བྱེད། སྲེག་པར་བྱེད། འཚེད་པར་བྱེད། ཡན་ལག་དང ། ཉིང་ལག་ཐམས་ཅད་ ཕན་ཚུན་འདྲལ་བར་བྱེད་དོ། །དེའི་ཕྱི་རོལ་མེའི་སྡུག་བསྔལ་གྱིས་ཀྱང་སྲེག་པར་བྱེད་ཅིང་ནང་དུ་དབྱུག་པ་དང་རལ་གྲིས་གཤེག་པའི་སྡུག་བསྔལ་བ་ན། སྡུག་བསྔལ་ཤིན་ཏུ་མི་བཟད་ཅིང་ཚ་ལ་རྩུབ་པ་གཞན་དང་མཚུངས་པ་མེད་པའི་སྡུག་བསྔལ་མྱོང་ངོ ། །སྡུག་བསྔལ་ དེས་བསྒྲིབས་པ་དེ་གར་བབ་བབ་ཏུ་འབྲོས་པ་དང། དེས་ངམ་གྲོག་ཆེན་པོ་ན་ཆུ་བོ་རབ་མེད་རབ་ཏུ་ཚ་བ་ཞེས་བྱ་བར་ལས་ལས་བྱུང་བའི་སྦྲུལ་གདུག་པ་རྣམས་ཀྱིས་རབ་ཏུ་གང་བར་མཐོང་ངོ ། །དེར་སྡུག་བསྔལ་གྱིས་གདུངས་པ་དེས་འཁྲུལ་པར་མཐོང་སྟེ། མི་ཐོ་འཚམ་ པར་བྱེད་པ་དེ་རྣམས་ཀྱིས་དེ་རབ་ཏུ་སོ་སོར་ཕྱེ་ནས་སྦྲུལ་གདུག་པ་རྣམས་ཀྱིས་ཟ་བར་བྱེད་དོ། །སྦྲུལ་གདུག་པའི་མཆེ་བ་རྣོན་པོ་རྣམས་ཀྱིས་ཀུན་ནས་ཤིན་ཏུ་སྡུག་བསྔལ་གྱིས་ཉམ་ཐག་པ་དེ། དེར་ཇི་སྲིད་དུ་དེ་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེ་ཕྱིས་དེ་ལས་ཡུན་རིང་མོ་ཞིག་འདས་ཤིང་ལོ་བགྲང་གིས་མི་ལང་བ་ན་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ཡི་དགས་དང་དུད་འགྲོ་དག་ཏུ་མ་སྐྱེས་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་ མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་དབུལ་ཞིང་ནད་བུ་ཅན་དང ། ཡོངས་སུ་སྨྲེ་སྔགས་འདོན་པ་དང ། གཞན་གྱིས་བཀོལ་བ་དང ། དབང་པོ་མ་ཚང་བར་འགྱུར། མི་བྱད་གཟུགས་རྟ་རྒོད་མ་འདྲ་ཞིང་ཚང་ ཚིང་གངས་རི་ལྟ་བུའི་ནང་དུ་སྐྱེ་ལ། དེར་ཁ་ཟས་འབྲས་བུའི་རྩ་བ་འབའ་ཞིག་གིས་འཚོ་བར་བྱེད་དེ། དེ་གཞན་ལས་སྐྱེས་པའི་ཁ་ཟས་ནམས་ཀྱང་མངོན་པར་ཤེས་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ 68-1-238b སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རྟག་ཏུ་མུན་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་ པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དེ་ཕྱིས་འདོད་ཆགས་མངོན་པར་ སྤངས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་དང་བྲལ་བ་དེ་བུད་མེད་དག་གིས་བསླུས་ནས་ཡང་འདོད་པ་རྣམས་ལ་འཇུག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྟག་ཏུ་མུན་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་ སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དྲག་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སྲིན་བུ་ས་རྐོ་ཞེས་བྱ་བ་དག་གིས་དེ་ཇི་ལྟར་དབུ་བ་ལ་འབིགས་པ་དེ་ལྟར་མཆུ་རྡོ་རྗེ་ལྟར་རྣོ་བ་དེ་དག་སེམས་ཅན་དམྱལ་བ་པ་དེའི་ཉེས་ པར་བྱས་པའི་ལས་དེས་འབྱུང་བར་འགྱུར་ལ་གང་དག་པས་ཆེས་མི་བདེ་བ་བྱེད་པ་ཡིན་ཏེ། ཆེས་སྡུག་བསྔལ་བ་ཡིན་ནོ། །ས་རྐོ་དེ་རྣམས་ཀྱིས་རུས་པ་དག་ཕུག་པ་ནས་རྐང་གི་བར་དུ་ཟ་སྟེ། ཇི་ལྟར་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ ཅད་དེ་ལྟར་བརྒྱའི་ཆ་དང ། སྟོང་གི་ཆ་དང ། བརྒྱ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དེ། དེ་ལྟར་བདག་ཉིད་དེ་དག་ལས་ཐར་བར་བྱེད་མི་ནུས་སོ། །དེ་གང་དང་གང་དུ་འབྲོས་པ་དེ་དང་དེ་ཉིད་དུ་སྲིན་བུ་དག་གིས་མི་གཏོང་བར་བྱེད་དེ། དེ་ལྟར་དེ་ལོ་འབུམ་ཕྲག་དུ་མར་སྲེག་ གོ། །འཚེད་དོ། །སེམས་ཅན་དམྱལ་བ་པའི་སྡུག་བསྔལ་ཆེས་ཤིན་ཏུ་སྡུག་བསྔལ་བ་དག་གིས་ཉམ་ཐག་པ་སེམས་ཅན་དམྱལ་བ་དེར་ཡུན་རིང་དུ་སྲེག་ཅིང་འཚེད་ཀྱང་དེའི་ལས་བྱས་ཤིང་བསགས་པ་སེམས་ཅན་དམྱལ་བར་གྲུབ་པའི་མཐུས་འཆི་བའི་དུས་ནི་མི་བྱེད་ 68-1-239a དོ། །དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚེད་དོ། །དེ་གལ་ཏེ་ཡི་དགས་དང ། དུད་འགྲོ་དག་ཏུ་མ་སྐྱེས་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་ མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་དེ་མདོག་ངན་ཅིང་རྐང་ལག་རྡོལ་བ་དང ། ཚོང་པ་མོའི་བྲན་ཕོ་དང ། བྲན་མོ་བུམ་པ་ཐོགས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་ དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་གནོད་པའི་རྒྱུད་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་ཆོས་ཀྱི་ལམ་ལས་ཉམས་པ་མེད་པའི་དགེ་སློང་བག་ཚ་ བ་མེད་པའི་སར་སོང་བ་ལས། བུད་མེད་སྦྱར་མ་ཞིག་ན་རེ་བདག་ལ་ཅི་དགའ་བ་མཛོད་ཅིག་།གལ་ཏེ་དགེ་སློང་ཁྱོད་བདག་དང་ལྷན་ཅིག་མཇལ་བར་མི་མཛད་ན་དེ་བདག་གིས་དགེ་སློང་འདི་བདག་ལ་འདོད་པར་བྱེད་པ་ལས་དེ་ཁོ་མོས་མ་འདོད་དོ་ཞེས་སྨྲ་བར་བྱའོ། །དེས་ན་ ཁྱོད་ལ་ཆད་པ་ཆེན་པོས་གཅོད་པར་འགྱུར་ཏེ། གལ་ཏེ་རྒྱལ་པོའི་འཁོར་ནས་སམ། གལ་ཏེ་བདག་གི་ཁྱིམ་ཐབ་ཀྱིས་གཅོད་པར་བྱེད་དོ། །གལ་ཏེ་མཛད་ན་དེ་བདག་གིས་ཁྱོད་ལ་བཟའ་བ་དང་བཅའ་བ་མང་པོ་དབུལ་བར་བྱ་སྟེ། དེ་ལྟར་འོ་སྐོལ་ཤིན་ཏུ་དགྱེས་པར་ འགྱུར་ཞིང་གཞན་གྱིས་ཀྱང་མི་ཚོར་བར་འགྱུར་རོ། །འཇིག་རྟེན་པ་དག་ལ་ཡང་དགེ་སློང་འདི་ནི་ཤིན་ཏུ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། འདི་ལ་མལ་ཆ་དང། ན་བའི་རྐྱེན་གསོས་སྨན་གྱི་ཡོ་བྱད་མང་པོ་དག་ཕུལ་ཅིག་ཅེས་སྨྲ་བར་བགྱི་སྟེ། སྦྱིན་པ་པོ་དང ། སྦྱིན་བདག་ 68-1-239b ཏུ་འགྱུར་རོ་ཞེས་དེ་ལྟར་འཇིགས་པས་བསྡིགས་ནས་བྲིད་དེ་དགེ་སློང་ཡང་དག་པའི་ལམ་ལས་ཉམས་པར་བྱེད་ན། བུད་མེད་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གནོད་པའི་རྒྱུད་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་ བ་ཆེན་པོ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་གནོད་པ་ཁྱད་པར་དུ་འབྱུང་བ་དག་ནི་འདི་ལྟར་གཤིན་རྗེའི་མི་དག་གིས་བུད་མེད་དེ་བཟུང་སྟེ་བཙིར་བཙིར་ནས་པགས་པ་འཐོག་པར་བྱེད་དོ། །པགས་པ་དེ་དག་བཏོགས་ནས་ཀྱང་ ཡང་གཡོགས་པར་འབྱུང་ཞིང་ཡང་ཤིན་ཏུ་གཞོན་ནུར་སྐྱེ་སྟེ། ཁ་དོག་ཤིན་ཏུ་མི་སྡུག་པར་སྐྱེའོ། །དེ་གཤིན་རྗེའི་མི་རྣམས་ཀྱིས་དམ་པོར་བཟུང་ནས་ལྕགས་ཀྱི་སོ་མངས་རབ་ཏུ་འབར་བ་བླངས་ཏེ་དེའི་ལུས་ཐམས་ཅད་འཆད་པར་བྱེད། རྣམ་པར་གཤེག་པར་བྱེད། ཡོངས་སུ་འདྲལ་བར་བྱེད་དོ། །སྡུག་བསྔལ་གྱིས་ཉམ་ཐག་པའི་བུད་མེད་དེ་ཉེས་པར་བྱས་པའི་ལས་ཀྱིས་བསླུས་པ་ཡུན་རིང་དུ་ངུ་སྐད་འདོན་ཅིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེ་ལྟར་གནོད་པ་མྱོང་བས་གར་བབ་བབ་ཏུ་འབྲོས་པ་དང ། དེ་ནས་ ལས་ཀྱིས་སྤྲུལ་པའི་དགེ་སློང་འོང་བ་མཐོང་སྟེ། སེམས་འདོད་པས་བསྒྲིབས་པ་སེམས་ཀྱིས་ཡོངས་སུ་བསླུས་པ་དེ་དེའི་དྲུང་ཉིད་དུ་རྒྱུག་ལ། དེ་ལྟར་འདོད་པ་དགྲ་ལྟ་བུ་ལས་རྒྱལ་བར་བྱ་བར་དཀའ་བ་གང་དེའི་གནས་སུ་རྒྱུག་པར་བྱེད་ལ་དེ་དེ་དང་ཕྲད་པ་དང་ཡོངས་སུ་འཇུ་ བར་བྱེད་དོ། །དེ་ཡང་མེ་ཐབ་ཏུ་གྱུར་ནས་ཀུན་ནས་རབ་ཏུ་འབར་བ་དེར་དེ་རབ་ཏུ་འཇུག་པར་བྱེད་དོ། །དེ་མི་དེས་ལོ་འབུམ་ཕྲག་དུ་མར་སེམས་ཅན་དམྱལ་བ་གནོད་པའི་རྒྱུད་དུ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་ དུ་སྡུག་བསྔལ་དྲག་ཅིང་རྩུབ་ལ་ཤིན་ཏུ་མི་བཟད་པ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །གལ་ཏེ་གཉའ་ཤིང་གི་བུ་གར་རུས་ 68-1-240a སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཡང་བུད་མེད་དུ་འགྱུར་ཏེ། གྲོང་ཁྱེར་དང ། གྲོང་ཁྱེར་ཐམས་ཅད་ཀྱི་ལྗན་ལྗིན་འཕྱག་པ་དང ། གྲོང་ཁྱེར་པ་ཐམས་ཅད་ཀྱིས་སྨད་པ་དང ། དབུལ་ཞིང་མདོག་ངན་ལ་རྐང་ལག་ རྡོལ་བ་དང ། བྱད་བཞིན་མཐོང་ན་འཇིགས་སུ་རུང་བ་དང ། ཕ་མ་དང ། གཉེན་འདབ་ཀྱིས་སྤངས་པར་འགྱུར་རྟག་ཏུ་ཆུ་ཕྱེ་བཀྲ་ཙམ་གྱིས་འཚོ་ཞིང་དྲི་མ་ཅན་དང ། བགོ་བ་ངན་པ་དང ། ལུས་ཀྱི་ཕྱོགས་གཅིག་ཉམས་པ་དང ། ལུས་ཤིན་ཏུ་ཆད་པ་དང ། འགྲོ་ བ་ན་བྱིས་པ་རྣམས་ཀྱིས་རྡོ་དང ། བོང་བ་དག་གིས་མངོན་པར་འཚོག་སྟེ། སྡུག་བསྔལ་བས་འཚོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྲད་བུའི་རྒྱུད་འབབ་པས་དཀྲུགས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་ཀུན་ཏུ་བྱས་པས་འགྱུར་རོ། །རྒྱལ་པོ་བསྙེམས་པས་སམ་རྒྱལ་སྲིད་གཞན་གྱི་ཡུལ་འཁོར་འཕྲོག་པའི་ཚེ་དགེ་སློང་མ་ཉོན་མོངས་པ་མེད་པ་མཐུས་སུན་ཕྱུང་ ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྲད་བུའི་རྒྱུད་དཀྲུགས་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་ཇི་ ལྟར་སེམས་ཅན་དམྱལ་བ་དེ་ཐམས་ཅད་འདི་ལྟར་དྲ་བ་རྡོ་རྗེ་ལྟར་སྲ་བའི་ནང་དུ་བཅུག་ནས་དེར་ཡན་ལག་དང་ཉིང་ལག་གི་ཕྱོགས་གང་དང་གང་རེག་པ་དེ་དང་དེར་སྤུ་གྲི་ལྟ་བུས་ཀུན་ནས་གཅོད་པར་བྱེད་དོ། །དེར་ཡང་ཇི་ལྟར་སྦྲང་བུ་དག་སྤུ་ལ་རབ་ཏུ་འཕྱང་བ་དེ་ལྟར་སྲད་བུ་རྡོ་རྗེ་ལྟ་ 68-1-240b བུའི་དྲ་བ་ལ་འཕྱང་ངོ ། །དེ་ཉིད་དུ་སྐྱེ་ཞིང་སྐྱེ་ཞིང་འཆི་སྟེ། གཤིན་རྗེའི་མི་རྣམས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་མདའ་རབ་ཏུ་འབར་བ་དག་གིས་སྡོག་པར་བྱེད་དོ། །དེ་དྲ་བ་རྡོ་རྗེ་ལྟར་སྲ་བའི་ནང་དུ་བཅུག་ཅིང་མདའ་དག་གིས་ཀྱང་སྡོག་པ་ན་སྡུག་བསྔལ་ཤིན་ ཏུ་ཚ་བ་དྲག་ཅིང་མི་བཟད་པ་དག་མྱོང་བར་འགྱུར་ཏེ། དེ་ངུ་སྐད་འདོན་ཅིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །སྡུག་བསྔལ་མཐའ་ཡས་པ་དག་གིས་ཉམ་ཐག་ཅིང་ཀུན་ནས་དབྱེར་མེད་ལ་བཅིང་བ་ཀུན་གྱིས་བཅིངས་པ་ན། དེ་གལ་ཏེ་ལས་ཀྱི་རྐྱེན་གྱིས་ཐར་ ན་ཤིན་ཏུ་སྡུག་བསྔལ་བ་ཡིན་ཏེ། གར་བབ་བབ་ཏུ་འབྲོས་སོ། །དེ་མེ་མདག་གི་རླུང་དེ་དག་གི་ནང་དུ་འཇུག་སྟེ། རབ་ཏུ་ཞུ་ཞིང་སྲེག་ལ་ཡོངས་སུ་སྨྲེ་སྔགས་འདོན་ཅིང་ངུ་སྐད་འབྱིན་པ་ན། གཉིས་སུ་མེད་ལ་གྲོགས་མེད་པ་དེས་རྒྱང་རིང་པོ་ན་སྒོ་ཆེན་པོ་ཀུན་ནས་གསལ་ བ་ཞིག་མཐོང་ནས་དེར་རྒྱུག་ཅིང་དེར་རབ་ཏུ་འཇུག་པར་བྱེད་དོ། །དེ་ཡང་སྦྲུལ་ཆེན་པོ་ཤུགས་རབ་ཏུ་དྲག་ཅིང་གདུག་པ་ཞིག་ཡིན་ཏེ་དེས་མིད་དོ། །སེམས་ཅན་དམྱལ་བ་པ་དེ་ལུས་ཀྱི་ནང་དེར་སྲེག་པ་ན་སྐད་འབྱིན་པར་ཡང་མི་ནུས་སོ། །སྦྲུལ་དེ་ཡང་ལས་ ལས་བྱུང་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་བདག་ཉིད་ཡོངས་སུ་དཀྲི་བར་བྱེད་པ་དེ་ལྟ་དེ་ལྟར་སེམས་ཅན་དམྱལ་བ་པའི་ལུས་ནང་དུ་ཞུགས་པ་དེ་དག་ཐམས་ཅད་སྒྲ་སྐད་འབྱིན་པར་མི་ནུས་ཤིང་ལུས་རྩ་དང་རྒྱུས་པ་དང་བྲལ་བ་དེ་དག་ཐམས་ཅད་བྱེ་མ་ལྟར་ཞིབ་མོར་བྱེད་དེ་དེ་ལྟར་ལོ་འབུམ་ ཕྲག་དུ་མ་ལོ་བྱེ་བ་གྲངས་མེད་པར་དེ་སྦྲུལ་གྱི་ལྟོ་དེར་འཚེད་དོ། །འཐུབ་བོ། །དེ་གལ་ཏེ་ཡང་སྦྲུལ་དེས་སྐྱུགས་པ་དང ། ལུས་ཤིན་ཏུ་མ་ཚང་བ། ལུས་རྩ་དང ། རྒྱུས་པ་ཐམས་ཅད་ཤིག་ཤིག་པོར་གྱུར་པའི་ལུས་གར་བབ་བབ་ཏུ་འབྲོས་པ་དང ། དེས་ གཤིན་རྗེའི་མི་རྣམས་འོང་བ་མཐོང་སྟེ། དེ་དག་གིས་བཟུང་ནས་དེ་མཚོན་རྣོན་པོ་རྣམས་ཀྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཆུ་སྲིན་བྱིས་པ་གསོད་ལྟར་རྣམ་པར་ཞིགས་པར་བྱེད་དོ། །དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་ 68-1-241a བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མ་ལོ་བགྲང་གིས་མི་ལང་བར་ཡུན་རིང་དུ་སྡུག་བསྔལ་མྱོང་བར་བྱེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་ཡི་དགས་དང་དུད་འགྲོ་དག་ ཏུ་སྐྱེ་བར་འགྱུར་རོ། །གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་དབུལ་ཞིང་ནད་བུ་ཅན་དང་གཟུགས་མི་སྡུག་པར་འགྱུར། རྟག་ཏུ་སྒྲ་མི་སྙན་པ་དག་གིས་གནོད་པར་འགྱུར་ལ་ལུས་ཐམས་ཅད་དུག་གིས་ ཡོག་ཅིང་ཉམ་ཐག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་སེམས་ཅན་དམྱལ་བ་སྐྲ་ཤད་འཛིངས་པ་དང ། བྱ་ཁཝ་ཡོད་པ་ཞེས་བྱ་བ་མཐོང་ ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་ བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །སྲིང་མོ་ཆང་གིས་ར་རོ་བར་གྱུར་པ་ལ་མི་རིགས་པར་བྱས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྐྲ་ཤད་འཛིངས་པ་དང ། བྱ་ཁཝ་ཡོད་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ ཅན་དམྱལ་བ་ཆེན་པོ་ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟ་སྟེ། ཟངས་ཀྱི་ཞི་ག་དག་གི་ནང་དུ་འཇུག་པར་བྱེད་དོ། །ཞུགས་ནས་ཀྱང་དེར་འཇུ་བར་བྱེད་དོ། །དེ་ནས་ཡང་འཚོ་བར་འགྱུར་ རོ། །དེ་ནས་ཡང་འཇུ་བར་བྱེད་དེ། ཞི་ག་དེ་དག་གི་ནང་དུ་བཅུག་ནས་འཚོ་ཡང་འཚོ་ལ་འཆི་ཡང་འཆི་སྟེ། འཆི་བ་དང་འཚོ་བར་བྱེད་དོ། །དེ་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་སྦུད་པ་གཉིས་ཀྱིས་འབུད་དེ། ཇི་ལྟར་དེའི་སོལ་བ་དང ། དེའི་ཞི་ག་དག་དང་། 68-1-241b སེམས་ཅན་དམྱལ་བ་པ་དེའི་ལུས་ཀྱང་མི་མངོན་པར་འབུད་དོ། །དེ་ལྟར་དེ་ལོ་འབུམ་ཕྲག་དུ་མར་ཞི་ག་དག་གི་ནང་དུ་བཅུག་ནས་ཇི་ལྟར་མེས་གསེར་འཇུ་བ་ལྟར་འཚེད་དོ། །དེ་ལྟར་དེ་སེམས་ཅན་དམྱལ་བ་དེར་ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པས་འཚེད་དེ། དེ་གལ་ ཏེ་ལས་ཟད་པས་ཞི་ག་དེ་དག་གི་ཞབས་ཀྱི་ནང་དུ་ལྷུང་སྟེ། གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་བརྡུང་བ་རྣམས་ཀྱིས་ཇི་ལྟར་ལྕགས་མགར་ས་དག་ལ་ལྕགས་གོང་བུར་བྱས་ཏེ། ལྕགས་མགར་གྱིས་ཀུན་ཏུ་རྡུང་བ་དེ་ལྟར་ཀུན་ཏུ་རྡུང་ངོ ། །དེ་ལྟར་ཀུན་ཏུ་རྡུང་བ་ན་བརྡུངས་པ་དང་སྲོག་ཆད་ལ་དེ་ནས་ཡང་བརྡུང་བ་ བཏེག་པ་དང་ཡང་འཚོ་སྟེ། དེ་ལྟར་སེམས་ཅན་དམྱལ་བ་པ་དེ་ཡུན་རིང་དུ་ལོ་བགྲང་གིས་མི་ལང་བར་འཚེད་དོ། །དེ་བརྒྱ་ལ་དེ་ལས་ཐར་ན་གཤིན་རྗེའི་མི་རྣམས་ཀྱིས་རྔ་བོ་ཆེའི་ནང་དུ་འཇུག་པར་བྱེད་དོ། །བཅུག་ནས་ཀྱང་ལས་ཀྱིས་བྱས་ པའི་རྔ་བོ་ཆེའི་སྒྲ་གང་གིས་དེའི་སྙིང་ཞིགས་པར་བྱེད་པ་རྣམ་པ་དེ་ལྟ་བུ་འབྱུང་བར་འགྱུར་ཏེ། སྙིང་རྣམ་པར་ཞིགས་པ་དེ་ཡང་འཚོ་བར་འགྱུར་ལ་དེ་ནས་ཡང་འཆི་བར་འགྱུར་ཏེ། དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་ མ་བྱས་པ་དེ་སྲིད་དུ་འཚོ་ཞིང་འཆིའོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་དྲུག་བརྒྱར་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ རྟག་ཏུ་སྙིང་སྐྲག་པར་འགྱུར། རི་དགས་ཀྱི་སེམས་ལྟར་རྣམ་པར་འཁྲུལ་ཅིང་རྒྱལ་པོའི་འཁོར་ནས་རྟག་ཏུ་འཚེ་བར་འགྱུར། གཞན་གྱིས་སྒྲ་འབྱིན་པར་བྱེད་ཅིང་བཅིང་བས་ཀྱང་ཚེ་ཟད་པར་བྱེད་དེ། ནམས་ཀྱང་སེམས་བདེ་བར་མི་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་ སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྙིང་རྗེ་རྗེ་སྐད་སྒྲ་འབྱིན་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་ 68-1-242a སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ འགྱུར་རོ། །མཆོད་སྦྱིན་གྱི་ལམ་ལོག་པར་ལྟ་བ་ལོག་པར་མཐོང་བའི་ལམ་གྱིས་སྲིང་མོ་གཞོན་ནུ་སུན་འབྱིན་པར་བྱེད་པ་ནི་ཇི་ལྟར་བྲམ་ཟེའི་སྨྲང་ལས་བུད་མེད་གཞོན་ནུ་འདོད་ཆགས་ལངས་པ་གང་བག་མར་མ་བླངས་ན་དེས་མིའི་སྲོག་གཅོད་པ་དང་འདྲ་བ་འཐོབ་པར་འགྱུར་རོ་ཞེས་དེ་ ལྟར་སྨྲང་ངན་པས་བསླུས་པས་འོས་པ་མ་ཡིན་པ་ལ་བྱེད་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྙིང་རྗེ་རྗེ་སྐད་སྒྲ་འབྱིན་པར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་ བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་ལག་པ་དག་གིས་མདེའུ་སྟེའུ་ཀ་རབ་ཏུ་འབར་བ་འཕེན་པ་དེ་ལྟར་སེམས་ཅན་དམྱལ་བ་པ་འཕེན་ཏེ། ཇི་ལྟར་བུ་ས་ལའི་འདབ་མ་ཙམ་དུ་ལུས་གང་ཉམས་པ་དང་རྣམ་པར་ཉམས་པ་མ་ཡིན་པ་ལ་ལྷག་ མ་མེད་པར་བྱེད་དེ། དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་ཉམས་རྣམ་པར་ཉམས་ཤིང་རབ་ཏུ་འབར་ལ་ཀུན་ནས་སྡུག་བསྔལ་མི་བཟད་པས་ཉམ་ཐག་པ་མགོན་མེད་ཅིང་གྲོགས་མེད་ལ་གཉིས་སུ་མེད་པ་ཡུན་རིང་དུ་ལོ་བགྲང་གིས་མི་ལང་བར་སྡུག་བསྔལ་ཚ་བ་རྩུབ་པ་ མྱོང་བར་འགྱུར་རོ། །གལ་ཏེ་ཡང་ལས་ཟད་པའི་རྐྱེན་གྱི་དབང་གིས་མདེའུ་སྟེའུ་ཀ་དང ། རལ་གྲི་ཉམ་ང་བ་དེ་ལས་ཐར་ན་ལྕགས་ཀྱིས་གཞིའི་སྟེང་ན་མེ་མདག་རབ་ཏུ་འབར་བའི་ཕུང་པོར་འབྱིང་བཞིན་དུ་འབྲོས་སོ། །སྡུག་བསྔལ་གྱི་གདུང་བ་མང་པོས་ཉམ་ཐག་ཅིང་ངུ་སྐད་འབྱིན་ པའི་ཚེ། ཐག་ཉེ་བ་ན་ནགས་ཚལ་ཆེན་པོ་སྤྲིན་ནག་པོ་ལྟ་བུ་ཡོད་དེ། ཀུན་ནས་བྱ་སྐད་སྙན་པས་ཡོངས་སུ་བསྐོར་ཅིང་དེའི་ཐག་ཉེ་བ་ཞིག་ན་མཚོ་ཆེན་པོ་ཆུ་རབ་ཏུ་དང་བ་ཞིག་ཡོད་པ་མཐོང་ནས་དེ་འདི་སྙམ་དུ་སེམས་སོ། །ཀྱེ་ཨེ་མ་ནག་པོ་འདི་ནི་ནགས་ཚལ་ཡིན་ལ་མཚོ་སྔོན་ 68-1-242b པོ་དང་ཡང་ལྡན་པ་ཞིག་སྟེ། བདག་ནི་འདིར་བདེ་བ་ཐོབ་པར་འགྱུར་རོ་སྙམ་ནས་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་ནགས་ཚལ་དེའི་དྲུང་དུ་ས་གཞི་མེ་མདག་རབ་ཏུ་འབར་བའི་ཕུང་པོར་འབྱིང་བཞིན་དུ་རྒྱུག་གོ། །དེ་གང་གི་ཚེ་ཐག་ཉེ་བ་ན། ནགས་ ཚལ་ཡོད་པ་དེ་དང་བྱ་དག་གིས་ཀྱང་བསྐོར་བ་མཐོང་བ་དང ། ཤིན་ཏུ་བདེ་བ་འདོད་པ་དཔུང་གཉེན་འདོད་པ་དེ་ཡང་ནགས་དེ་དག་ཉིད་ཀྱི་དྲུང་དུ་རབ་ཏུ་རྒྱུག་གོ། །དེ་གལ་ཏེ་ཚེགས་ཆེན་པོས་ནགས་དེའི་དྲུང་དུ་ཕྱིན་པ་དང ། སྔར་གཞན་དུ་མཐོང་ལ། དེ་གཞན་ཞིག་ཏུ་མཐོང་སྟེ་ སྦྲུལ་ཤིན་ཏུ་གདུག་ཅིང་རབ་ཏུ་འཇིགས་པ་མགོ་སྟོང་ཡོད་པ། མིག་རབ་ཏུ་འབར་བ། བྱད་བཞིན་འཇིགས་འཇིགས་ལྟར་འདུག་པ་ཞིག་དང ། བྱ་གང་ཡིན་པ་དེ་དག་ཀྱང་ལུས་རབ་ཏུ་འབར་ལ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བ་པའི་སྒྲ་སྐད་རབ་ཏུ་འབྱིན་པར་མཐོང་ལ་སྦྲུལ་ དེས་མོད་བཞིན་དུ་བཟུང་ནས་ཟ་བར་བྱེད་དེ། སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པ་ཆོ་ངེས་འདེབས་པ་ན་དེ་ཡང་སྦྲུལ་དེའི་ཁ་རབ་ཏུ་འབར་བས་བཟུང་ནས་ཁའི་བར་དུ་བཅུག་སྟེ་ཟ་བར་བྱེད་དོ། །དེ་ལས་ཀྱིས་བྱས་པའི་སྦྲུལ་དེ་ཉིད་ཀྱིས་ཟ་བ་ནི་ཡུན་རིང་པོ་ལོ་བགྲང་གིས་མི་ ལང་བར་ཟ་བར་བྱེད་དོ། །དེ་གལ་ཏེ་ལས་ཟད་ནས་སྦྲུལ་དེའི་ཁ་དེ་ནས་ཐར་ནས་སྐོམ་པས་གདུངས་པས་མཚོ་དེའི་དྲུང་དུ་རྒྱུག་གོ། །མཚོ་དེ་ཡང་དུད་པ་ནག་པོས་བསྒྲིབས་ཤིང་ནང་ཡང་སེམས་ཅན་དམྱལ་བ་པའི་མེས་གང་སྟེ་དེ་མཚོ་དེར་ནུབ་བོ། །མཚོ་དེ་ཟབས་སུ་དཔག་ ཚད་ཙམ་སྟེ། དེར་ནུབ་ཅིང་དེར་སྡུག་བསྔལ་མི་བཟད་པ་མྱོང་ངོ ། །ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རང་གི་ལས་དང་འཐུན་པ་གཞན་དང་མི་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་བདུན་བརྒྱར་ཡི་དགས་དང ། དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་དབུལ་ 68-1-243a ཞིང་ནད་བུ་ཅན་དང ། གཞན་གྱིས་བཀོལ་བ་དང ། ལམ་གྱི་བཞི་མདོ་དང ། ལམ་པོ་ཆེར་སྤྲད་པ་དང ། མིའུ་ཐུང་དུ་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་ བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །གང་གིས་སློབ་ཏུ་བཅུག་ལ་སློབ་པའི་ཚིག་དེ་ཡང་དག་པའི་ལམ་རབ་ཏུ་སྟོན་པ་ཡིན་ ན་དེ་འདོད་ཆགས་བདོ་བས་མཁན་པོ་དེའི་ཆུང་མ་ཉེས་པ་མེད་པ་སུན་འབྱིན་པར་བྱེད་ཅིང་འཇིག་རྟེན་པ་དག་ལ་ཡང་འདི་ལྟར་འདི་ནི་མཁན་མོ་མ་དང་འདྲ་སྟེ། བདག་ནི་བུ་དང་མཚུངས་སོ་ཞེས་ཀྱང་བརྗོད་ལ་ཡིད་གཅུགས་པར་འདོད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་ པར་ལྟུང་བ་སེམས་ཅན་དམྱལ་བ་སྙིང་རྗེ་ཆེན་པོར་སྐྱེ་བར་འགྱུར་རོ། །དེར་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་གོང་དང་འོག་ན་སོ་མི་འཐུན་པའི་ཁ་གཅོད་པ་མཚོན་ འཛུགས་པ་ལྟ་བུས་ཡང་དང་ཡང་དུ་གཅོད་པར་བྱེད་དོ། །དེ་གཅོད་པ་ན་ནང་དུ་གཏོགས་པའི་ཤ་དང ། རྒྱུས་པ་དང ། པགས་པ་དང ། ཆུ་སེར་དང ། རུས་པ་དང ། རྐང་གི་བར་ཐམས་ཅད་མཚོན་ཆ་དག་གིས་གཅོད་པར་བྱེད་དེ། དེ་ལྟར་སྙིང་རྗེ་རྗེ་སྐད་དུ་ངུ་ ཞིང་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །ཇི་ལྟར་སེམས་ཅན་དམྱལ་བ་པ་གཞན་དག་ཀྱང་ངུས་པའི་སྒྲ་དེས་དེ་ལྟར་སྡུག་བསྔལ་མི་བཟད་པས་ཉམ་ཐག་སྟེ། ཤིན་ཏུ་སྙིང་རྗེ་རྗེ་སྐད་ཉམ་ཐག་པ་ན་སྡུག་བསྔལ་དེ་དག་ཐམས་ཅད་མྱོང་ངོ ། །གཅོད་པ་ན་སྲོག་ཆད་པར་མི་ 68-1-243b འགྱུར་ཏེ། དེ་ལྟར་དེས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མ་ཀུན་ཏུ་བཅད་ཅིང་བཅད་ཅིང་ཡང་འབྱུང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་ པའི་འབྲས་བུས་ཚེ་རབས་དྲུག་སྟོང་དུ་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་གལ་ཏེ་མངལ་ དུའམ། གལ་ཏེ་བཙས་ནས་སམ། གལ་ཏེ་གན་རྐྱལ་དུ་བཞག་པ་ནའམ། གལ་ཏེ་གོག་ཙམ་ནའམ། གལ་ཏེ་རྒྱུག་ནུས་ཙམ་ན་འཆི་བར་འགྱུར་ཞིང་གང་དང་གང་དུ་སྐྱེས་པར་དབང་པོ་ཐམས་ཅད་མ་ཚང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྙིང་རྗེ་མེད་པའི་ས་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ ནས་དེས་བརྟགས་ན། གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །མནའ་མ་ལ་མི་རིགས་ པར་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྙིང་རྗེ་མེད་པའི་སར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ ནི་འདི་ལྟར་དེ་དག་སའི་སྟེང་དུ་ཕུང་པོ་བརྩེགས་མར་བྱས་ཏེ། གཤིན་རྗེའི་མི་རྣམས་ཀྱི་ཟངས་ཀྱིས་གཞི་རབ་ཏུ་བསྲེགས་པར་བརྒྱའམ་ཡང་ན་སྟོང་གཅིག་གི་སྟེང་དུ་གཅིག་ཕུང་པོར་བྱས་པ་ནི་ཇི་ལྟར་སྐྲའི་རྩེ་མོ་ལ་སྐབས་མེད་པ་དེ་ལྟར་གཅིག་གི་སྟེང་དུ་གཅིག་བསྡུས་ནས་ 68-1-244a སྲེག་གོ། །དེ་ལྟར་དེ་དག་གཅིག་གི་སྟེང་དུ་གཅིག་བཅེར་བས་གནོད་པ་ན་ཇི་ལྟར་དེ་དག་གཅིག་གི་སྟེང་དུ་གཅིག་ཤིན་ཏུ་ཐགས་དམ་པོར་བཅེར་བའི་བར་མི་མངོན་པ་དེ་ལྟར་བསྡུ་བར་བྱས་ནས་གཤིན་རྗེའི་མི་རྣམས་ཐོ་བ་ཐོགས་ཏེ་ཀུན་ཏུ་འཚོག་གོ། ། དེ་ལྟར་ཇི་སྲིད་དུ་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་ རབས་དགུ་བརྒྱར་ཡི་དགས་དང ། དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དབུལ་ཞིང་ནད་བུ་ཅན་དང ། འགྲན་ཟླ་གཞན་གྱིས་བསད་པར་འགྱུར། ཡུལ་ ངན་པར་ཆུ་འགྲམ་གྱི་མི་ཀླ་ཀློར་སྐྱེ་བར་འགྱུར་ཏེ། དེར་ཡང་ཐམས་ཅད་ཀྱི་ཐ་མར་འགྱུར་ཞིང་ཚེ་ཐུང་བར་འགྱུར་བ་མཐོང་ངོ ། །དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཤིང་སྐམ་བསྡུས་པ་ལྟ་བུ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་བརྟགས་ན་གང་གིས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་ གཡེམ་པ་དང ། ཆང་འཐུང་བ་དང ། བརྫུན་སྨྲ་བ་དང ། ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འགྱུར་རོ། །མི་འཇིགས་པ་སྦྱིན་པ་བྱིན་པའི་ཆུང་མ་ཉེས་པ་མེད་པར་འཕྲོག་པ་ནི་དེ་གསོད་པའི་སར་ཁྲིད་ཅིང་བསད་དུ་དོགས་པ་ན་གང་གིས་སྲོག་ ཕྱུང་སྟེ། མི་དེ་བཏང་བ་ལས་དེས་ཀྱང་དྲིན་མེད་པར་བྱས་ནས་དེའི་ཆུང་མ་འཕྲོག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཤིང་སྐམ་བསྡུས་པ་ལྟ་བུར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་ 68-1-244b པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བའི་སྟེང་དུ་ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེ་ཆུ་བོ་སྒྲ་ཆེན་ཞེས་བྱ་བ་དེའི་ནང་དུ་འཇུག་པར་བྱེད་དོ། །དེར་སེམས་ཅན་དམྱལ་བ་པ་བརྒྱ་སྟོང་དུ་མ་དག་ཀྱང་འཇུག་པར་བྱེད་དོ། །སེམས་ཅན་དམྱལ་བ་པ་དེ་ དག་གི་ནང་དུ་འཇུག་པར་བྱེད་དོ། །དེ་དེ་ལྟར་དེ་དག་གི་ནང་དུ་ཞུགས་ཤིང་ཤུགས་དྲག་པོས་བདས་པ་རྣམས་ཀྱི་འོག་ཏུ་བཅུག་ནས་དེ་ཇི་ལྟར་སྐྲའི་རྩེ་མོ་ཙམ་ཡང་མི་མངོན་པ་དེ་ལྟར་དེ་དག་གིས་སྟེང་ནས་སྟེང་དུ་འདུག་ནས་གནོད་པར་བྱེད་དེ། དེའི་སྟེང་ན་སེམས་ཅན་དམྱལ་བ་པ་ རྣམས་འཁོད་དོ། །འོག་ཏུ་ནི་ཞ་ཉེ་རབ་ཏུ་བསྐོལ་བས་འཚེད་ཅིང་སྲེག་ལ་གསོད་དོ། །ཆོ་ངེས་འདེབས་ཤིང་རྟག་ཏུ་སྡུག་བསྔལ་བས་ཉམ་ཐག་སྟེ། དེ་ལྟར་སྡུག་བསྔལ་བས་ཉམ་ཐག་པ་ཕྱིར་ཞིང་ལས་ཀྱིས་བྱས་པའི་ཆུ་སྲིན་དག་ཉེ་བར་འོང་སྟེ། གང་དག་གིས་སེམས་ ཅན་དམྱལ་བ་པ་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་ཟ་ཞིང་འབྱུང་ངོ ། །དེ་ཤིང་སྐམ་ལྟར་བསྡུས་པའི་སྡུག་བསྔལ་མྱོང་བ་ན་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་རིང་པོར་ལས་ཀྱིས་བྱས་པའི་ཚོར་བ་ཤིན་ཏུ་མི་བཟད་པའི་སྡུག་ བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ལྔ་བརྒྱར་ཡི་དགས་དང་དུད་འགྲོ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་དེ་ལས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་ པར་མིར་སྐྱེས་ན། དེ་བུད་མེད་ཀུན་གྱི་ཡིད་ཆགས་པར་མི་འགྱུར་ཏེ། དེ་ཇི་ལྟར་བུའི་ངོ་བོ་དང་ཕའི་ངོ་བོ་དང ། མིང་པོའི་ངོ་བོ་ལྟ་བུ་དང ། ཚེ་རབས་ལྔ་བརྒྱར་ཕོ་མཚན་དང་བྲལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་འཁོར་ལ་བརྟགས་ན། དེས་འཁོར་བཅུ་དྲུག་པ་དག་ལས་བཅུ་བདུན་པ་མ་མཐོང་སྟེ། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ནི་འཁོར་བཅུ་དྲུག་དག་གིས་ཡོངས་སུ་བསྐོར་ཏོ། །སེམས་ཅན་དམྱལ་བ་ཆེན་པོ་ 68-1-245a རབ་ཏུ་ཚ་བའི་མི་བཟད་པ་ཆེན་པོ་ནི་དེ་དག་ཡིན། མཇུག་ནི་དེ་དག་ཡིན། མཐའ་ནི་དེ་དག་ཡིན་ཏེ། དེ་རང་གིས་བྱས་པའི་ལས་ཀྱི་འབྲས་བུའི་ས་ལ་སྤྱོད་པའི་མི་དག་འཚེད་ཅིང་སྲེག་སྟེ། འདི་ལྟར་གཞན་གྱིས་བྱས་པ་འཐོབ་པ་མ་ཡིན་ པ་ལས་དང་འཐུན་པར་གནོད་པ་མྱོང་ངོ ། །རང་གིས་བྱས་པ་ཆུད་ཟ་བར་མི་འགྱུར་ལ་གཞན་གྱིས་བྱས་པ་དང་ཕྲད་པ་མེད་དེ། བྱས་པ་ཆུད་ཟ་བར་མི་འགྱུར་ཞིང་རང་གིས་བྱས་པ་དང་འཐུན་པར་འབྲས་བུ་དག་འབྱུང་བར་འགྱུར་རོ། །རང་གིས་བྱས་པའི་སྐྱེ་ གནས་ལས་སྐྱེས་པའི་སེམས་ཅན་དག་ནི་རང་གི་ལས་ལ་སྤྱོད་པ་ཡིན་ཏེ། འདི་ལྟར་དགེ་བའམ་སྡིག་པའི་ལས་སུ་འགྱུར་བ་དེའི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ནོ། །དེ་ལྟར་དགེ་སློང་དེ་སེམས་ཅན་དམྱལ་བ་རྣམས་ལ་སེམས་ཅན་དམྱལ་བར་གཏོགས་པའི་ ལས་རྗེས་སུ་སེམས་པ་སྲིད་པ་མངོན་པར་གྲུབ་པ་ལ་ཅུང་ཟད་ཀྱང་བདེ་བ་མེད་དེ། རྟག་པ་མེད་ལ་ཐེར་ཟུག་པ་མེད་ཅིང་བདག་དང་བཅས་པ་མ་ཡིན་པར་མཐོང་སྟེ། འཁོར་བ་ཐམས་ཅད་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ མཐོང་ངོ ། །དེ་དེ་ལྟར་མཐོང་བ་ན། འདོད་པ་ཐམས་ཅད་དང་འདོད་པ་ཀུན་ཏུ་སྦྱོར་བ་དང ། འདོད་པ་སོ་སོར་འབྲང་བ་དང ། འདོད་པ་ལ་རྣམ་པར་རྟོག་པ་དང ། འདོད་པའི་གཞི་དག་ལ་རབ་ཏུ་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་ཕྱིར་ཞིང་ཡང་འདོད་པའི་ཉེས་ དམིགས་དག་ལ་ཆེས་ཤིན་ཏུ་འཇིགས་པར་ཡང་འགྱུར་ཏེ། དེ་ལྟར་ལུས་དང་ངག་དང་ཡིད་ཀྱི་གཡོ་བ་ཤིན་ཏུ་བསྡམས་པ་དེ་ལ་བདུད་དང་བདུད་ཀྱི་འཁོར་གྱིས་རབ་ཏུ་མི་ཚུགས་སོ། །དེ་ལྟ་དེ་ལྟར་གོམས་པར་བྱེད་པ་དེ་འཁོར་བའི་ཚེ་རབས་མང་པོའི་རྒྱུད་ཞིགས་པར་འགྱུར། བསྲབས་པར་འགྱུར། སྤངས་པར་འགྱུར། ལྷོད་ལྷོད་པོར་འགྱུར་རོ། །དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་དགེ་སློང་འདི་ནི། ཀྱེ་མ་སྤྲོ་བ་མ་བྲི་བ་ཡིན་ཏེ། ས་གཞན་བཅུ་གཅིག་པ་ལ་ཞུགས་པ་ཡིན་ནོ་སྙམ་མོ། ། 68-1-245b དེ་ལྟར་སྤྲོ་བ་མ་བྲི་བ་དེ་ལ་ས་བླའི་གནོད་སྦྱིན་དག་དགའ་ནས་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞི་པ་དག་ལ་མངོན་པར་བསྙད་པ་ནས་སྔ་མ་བཞིན་དུ་སྦྱར་ཏེ། ཚངས་རིས་ཀྱི་ལྷའི་བར་དག་ལ་འདི་ལྟར་འཛམ་བུའི་ གླིང་དུ་རིགས་ཆེ་གེ་མོ་ཞིག་ལས་རིགས་ཀྱི་བུ་ཞིག་གྲོང་ཆེ་གེ་མོ་ཞིག་དང ། གྲོང་རྡལ་མང་གེ་མོ་ཞིག་དང ། མིང་ག་གེ་མོ་ཞིག་ཅེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བདུད་ཀྱི་ཡུལ་གྱི་དངོས་པོ་མི་ འདོད་ཅིང་འདོད་ཆགས་ཀྱི་དགའ་བའི་མོད་ལས་སྐྱེས་པའི་སྲེད་པའི་དངོས་པོ་དང་ལྷན་ཅིག་གནས་པར་མི་འདོད། ཉོན་མོངས་པ་སྦྲུལ་ལྟ་བུ་དང་ལྷན་ཅིག་དགའ་བར་མི་བྱེད་ལ། གཞན་གྱི་ཉོན་མོངས་པ་དག་མཐོང་ནས་འཁོར་བ་ཐམས་ཅད་ལས་ཡིད་བྱུང་ ངོ་ཞེས་མངོན་པར་བསྙད་དོ། །དེ་ཐོས་ནས་ཚངས་ཆེན་གྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ཕྱོགས་ནི་དམའ་བར་གྱུར་ཏོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོའོ་ཞེས་དགའ་བ་སྐྱེས་སོ། །དེ་ལྟར་ས་གཞན་བཅུ་གཅིག་པ་ལ་ཞུགས་པ། རྣལ་འབྱོར་སྤྱོད་པའི་ ལྷའི་མཐོང་བ་དང་ཡང་དག་པའི་ལམ་མཐོང་བ། ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཤེས་པ། ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པའི་དེ་ཁོ་ན་ཉིད་མཐོང་བ་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལུས་ཀྱི་ཆད་པ་དང ། ངག་གི་ཆད་ པ་དང ། ཡིད་ཀྱི་ཆད་པ་ཤིན་ཏུ་ཞིབ་མོར་རབ་ཏུ་རྣམ་པར་འབྱེད་པ་ན། དགེ་སློང་དག་ལྷ་དང་བཅས་པའི་འཇིག་རྟེན་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང ། །བྲམ་ཟེ་དང་།སྐྱེ་དགུར་བཅས་པ་དང ། ལྷ་དང་མིར་བཅས་ པ་དག་གིས་དེ་ལྟར་རབ་ཏུ་རྣམ་པར་འབྱེད་པ་མི་ཤེས་ན། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་པ་དག་གིས་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གནས་མེད་ཅིང་སྐབས་མེད་ལ། ངའི་སློབ་མ་དང ། གང་ང་ལས་ཐོས་པ་ནི་མ་གཏོགས་སོ་སྙམ་མོ། །དེ་ལྟར་ 68-1-246a ཆད་པ་གསུམ་ཤིན་ཏུ་ཕྲ་བ་རབ་ཏུ་རྣམ་པར་འབྱེད་པ་དེ་ནི་དེ་ལྟར་ཤིན་ཏུ་ཕྲ་བ་ཡིན་ནོ། །དགེ་སློང་དག་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་དག་གིས་དྲིས་ན་ལན་དེ་ལྟར་གདབ་པར་བྱའོ། །གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་པ་དག་ནི་དྲིས་པའི་ལན་\ུ0f84 ལ་ཤིན་ཏུ་རྨོངས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འཁོར་བར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་དག་གི་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པ་རྣམ་པ་གསུམ་པོ་དེ་ནི་རིགས་ པ་ཡིན་ཏེ། ཉེས་པ་དང་བཅས་པ། དྲི་མ་དང་བཅས་པ། ཁྱད་དུ་གསོད་པ་དང་བཅས་པ་ལ་སེམས་པ་ཡིན། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་རྣམ་ པར་གཅོད་པ་མ་ཡིན། འཕགས་པ་རྣམས་ཀྱི་ཆོས་མངོན་སུམ་དུ་བྱེད་པ་ཡང་མ་ཡིན། མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་ཡིན། གཏན་ཟད་པར་བྱེད་པ་མ་ཡིན། ཞི་བ་མ་ཡིན། བདེ་བ་མ་ཡིན། ལྷའི་འཇིག་རྟེན་དུ་སྐྱེ་བར་བྱེད་པ་ཡང་མ་ཡིན་ཏེ། དེ་དག་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པ་རྣམ་པ་གསུམ་པོ་ལ་སེམས་པར་བྱེད་དོ། །དགེ་སློང་དག་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་པ་དག་ནི་རང་གི་ལུས་ཀྱིས་མགུ་ནས་ང་རྒྱལ་འབའ་ཞིག་བྱེད་པར་ཟད་དེ། །སྐྱོན་དང་ཡོན་ཏན་ དཔྱོད་པར་མི་བྱེད་དོ། །དེ་ལྟར་ལུས་ཀྱི་ཆད་པ་དང ། ངག་གི་ཆད་པ་དང ། ཡིད་ཀྱི་ཆད་པ་རྣམ་པ་གསུམ་པོ་དེ་དག་ནི་མི་བཟད་པ་ཆེན་པོ་ཡིན་ཏེ། དེ་དག་དང ། ངའི་དང ། ཆུང་ཟད་ཀྱང་འདྲ་བ་མེད་པ་ནི་དཔེར་ན་མྱ་ངན་ལས་འདས་པ་དང་འཁོར་བ་གཉིས་ཆུང་ ཟད་ཀྱང་མི་འདྲ་བ་བཞིན་ཏེ། དེ་ལྟར་དེ་དག་གི་ཆད་པ་རྣམ་པ་གསུམ་དང་ངའི་དང་འདྲ་བ་མེད་དོ། །དགེ་སློང་དག་དེ་དེ་ལྟར་ལན་གདབ་པར་བྱ་སྟེ། ཕས་ཀྱི་རྒོལ་བ་དག་གི་ནི་སྟོང་པ་ཡིན་ལ། ངའི་ལམ་ནི་བདེ་བ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །འདུས་ 68-1-246b བྱས་ཐམས་ཅད་ནི་གཡོ་བའོ། །འཁོར་བ་ཐམས་ཅད་ན་བདེ་བ་མེད་དེ། གང་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། མི་འགྱུར་བའི་ཆོས་ཅན་དེ་དག་ལ་དེ་ལྟར་བསམ་པར་བྱའོ། །དགེ་སློང་དག་དེ་ལྟར་ལུས་ཀྱི་ཆད་པ་དང ། ངག་གི་ཆད་ པ་དང ། ཡིད་ཀྱི་ཆད་པ་རྣམ་པ་གསུམ་གྱི་དེ་ཁོ་ན་ཉིད་མཐོང་བའི་དགེ་སློང་དེ་ནི་ཆེ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་དགེ་སློང་ཐར་པའི་གྲོང་ཁྱེར་གྱི་དེ་ཁོ་ན་ཉིད་མཐོང་བ་དེ་ཡང་རྟོག་པར་བྱེད་དེ། དགེ་སློང་དེ་ཇི་ལྟར་ནས་གཞན་བཅུ་གཉིས་པ་ལ་ཞུགས་ ཞིག་གུ་སྙམ་ནས་རྣལ་འབྱོར་སྤྱོད་པ་དེས་བརྟགས་ན། དགེ་སློང་འདི་ནི་བརྩོན་པ་མ་བྲི་བ་ཡིན་ལ་ད་དུང་དུ་ལས་ངན་པ་བྱས་པ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་ལ་རྟོག་པར་བྱེད་དེ། སེམས་ཅན་དམྱལ་བ་ཆེན་པོ་བདུན་གྱི་འཁོར་དམྱལ་བ་མནར་མེད་པ་ཞེས་ བྱ་བ་སྟོང་འགྱུར་དུ་འབྱུང་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་བསམས་བཞིན་དུ་མ་བསད་པ་དང ། ཕ་བསད་པ་དང ། བསྐལ་པའི་ལྷག་མར་གནས་པར་ འགྱུར་བ་ནི་གང་བསྐལ་པའི་ཐ་མར་ཉེས་པར་བྱས་པའི་ལས་བྱས་པ་མནར་མེད་པར་འགྲུབ་པར་འགྱུར་བ་དེ་བསྐལ་པའི་ལྷག་མ་དེར་སྨིན་ཏོ། །གནོད་པ་གང་འགགས་པའི་དུས་ནི་ཡང་འབྱུང་བར་འགྱུར་བ་མེད་དེ། དེ་ལྟ་བས་ན་བྱས་པས་བསྐལ་པའི་ལྷག་མར་སྨིན་ཏེ་ ལས་ཁྱད་པར་ཅན་བྱས་པས་གནོད་པ་དྲག་པ་རྩུབ་པ་ཚ་བ་ཁྱད་པར་ཅན་འབྱུང་བར་འགྱུར་རོ། །གང་མནར་མེད་པའི་ལས་གཅིག་བྱས་པས་ནི་སེམས་ལ་གནོད་པར་མི་འགྱུར་ཏེ། འཇམ་ཞིང་བསམ་པ་འཇམ་པར་འགྱུར་ལ། འདི་ལྟར་མནར་མེད་པ་འདིའི་ ལས་གཅིག་ཅིག་བྱས་ན་གལ་ཏེ་ཡང་སེམས་རྩུབ་ཅིང་སེམས་ཀྱི་བསམ་པ་རྩུབ་ན། དེའི་སྡུག་བསྔལ་དྲག་པ་དང་རྩུབ་པར་འགྱུར་ཏེ། དེའི་གནོད་པ་རྣམ་པ་དེ་ལྟ་བུར་ནི་མི་འགྱུར་རོ། །ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཐམས་ཅད་ནི་སེམས་ལ་རག་ལས་ཏེ་ 68-1-247a སེམས་ཀྱི་དབང་དུ་སོང་ཞིང་སེམས་ཀྱི་ཀུན་ཏུ་སྦྱོར་བ་ཡིན་ནོ། །སེམས་ཀྱི་ཀུན་ཏུ་སྦྱོར་བས་འཆིང་བའི་སེམས་ཅན་དག་ནི་བཅིངས་པ་ཡིན་ལ། སེམས་རྣམ་པར་བྱང་བས་ནི་གྲོལ་བར་འགྱུར་རོ། །རིམ་པ་ཇི་ལྟ་བ་བཞིན་དུ་མནར་མེད་པ་རྣམས་ ཀྱི་གནོད་པའི་རིམ་པ་ཡང་དེ་ལྟར་འབྱུང་སྟེ། དེའི་སྡུག་བསྔལ་བ་ཡང་ལུས་སྦོམ་ཞིང་གཞོན་ཤ་ཅན་དུ་འབྱུང་ངོ ། །དེ་ལ་མཚམས་མེད་པ་ལྔའི་ལས་ཀྱིས་ནི་ལུས་དཔག་ཚད་ལྔར་འགྲུབ་བོ།། །།ལས་བཞིས་ནི་བཞིའོ། །ལས་གསུམ་གྱིས་ནི་གསུམ་མོ། །ལས་གཉིས་ཀྱིས་ནི་གཉིས་སོ། །ལས་ གཅིག་གིས་ནི་ལུས་དཔག་ཚད་གཅིག་འགྲུབ་པར་འགྱུར་རོ། །དེ་ནས་ཡང་དགེ་སློང་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་འཁོར་འདི་ནི་སྤུ་ཟིང་ཞེས་བྱེད་ པ་ཡིན་ནོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བའི་འཁོར་བཅུ་དྲུག་པ་ཇི་ལྟར་འདུག་པ་བཞིན་མཐོང་སྟེ། གང་དག་གིས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཡོངས་སུ་བསྐོར་བ་ནི། འདི་ལྟ་སྟེ། བྱ་རོག་ཁ་ཞེས་བྱ་བ་དང ། ས་ཀུན་གྱི་ འོག་དང ། ཚོར་བ་མཐའ་མེད་རིང་དང ། ཝ་ལྟར་སྒྲ་འབྱིན་པ་དང ། ལྕགས་དང་ཅེསྤྱང་ཟ་དང ། བྱ་རོག་ལྟོ་དང ། ལུས་ཞུམ་དང ། སྒྲ་འཇིགས་སྟོན་དང ། མེ་ཏོག་ཁ་མ་བྱེ་བ་ལྟ་བུ་དང ། རི་བརྩེགས་འབབ་དང ། ཆུ་སྒྲ་དང ། འགྲམ་དང་ར་དང ། སྡུག་བསྔལ་ཀུན་དཀྲིས་དང ། དྲི་འདོད་དང ། ལྕགས་སྣམ་དང་།འགྲོ་བ་མེས་འཇིག་སྟེ། འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་བཅུ་དྲུག་ཡིན་ནོ། །དེ་ནས་ཡང་དགེ་སློང་དེས་འཆི་བའི་དུས་ལ་སོགས་པ་ནས་སྲིད་པ་བར་ མར་སྐྱེ་བའི་བར་ལ་རྟོག་སྟེ། ཇི་ལྟར་ན་སེམས་ཅན་དམྱལ་བ་པ་མནར་མེད་པར་འགྲོ་བ་སྡུག་བསྔལ་ལས་སྡུག་བསྔལ་ཉིད་དུ་འབྱུང་བར་འགྱུར་སྙམ་ནས་དེས་བརྟགས་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཟིལ་གྱིས་ནོན་པའི་སྲོག་ 68-1-247b ཆགས་ངན་པ་བྱེད་པ་བྱས་པ་དག་ནི་མནར་མེད་པར་འགྲོའོ་སྙམ་མོ། །དེ་ལ་མནར་མེད་པར་ནི་ཁ་ཅིག་འདི་ལྟར་དེ་ལྷའི་འཇིག་རྟེན་འདོད་པའི་ཕྱིར་མེར་འཇུག་པར་བྱེད། གང་དག་རི་ངོས་གཡང་ས་ལས་འདོར་བར་བྱེད། གང་དག་ཆུར་འཇུག་པར་བྱེད། གང་ དག་ཟས་མི་སྦྱིན་པས་གསོད་པར་བྱེད་དེ། ལམ་ངན་པས་རྣམ་པར་རྨོངས་པ་ཐོས་པ་ངན་པས་རྣམ་པར་བསླུས་ཤིང་གཏི་མུག་པ་དག་མ་གསོད་པར་བྱེད་དོ། །ཁ་ཅིག་མཐོ་རིས་འདོད་པས་འདི་ལྟར་ཟས་མི་སྦྱིན་པས་སམ། རི་ལ་གཡང་དུ་གཏོང་བས་སམ། མེར་འཇུག་པས་སམ། ཆུར་འཇུག་པས་མ་བསད་ན་མཐོ་རིས་འཐོབ་བོ་སྙམ་ནས་དེ་མཐོ་རིས་ལ་སྲེད་པས་སྲོག་དང་བྲལ་བར་བྱེད་དོ། །ཁ་ཅིག་ནི་ཞེ་སྡང་བ་སེམས་མི་བརྟན་པའི་ངོ་བོ་ཉིད་ཀྱི་རྐྱེན་གྱིས་ཏེ། དེ་ལྟར་ཉེས་པ་གསུམ་གྱི་ཟིལ་གྱིས་ནོན་པའི་སྲོག་ཆགས་ དག་གིས་སྲོག་གཅོད་པར་བྱེད་པ་ནི་མནར་མེད་པར་འགྲོའོ། །དེ་ལ་མནར་མེད་པ་ནི་ཁ་ཅིག་ཞིང་ཆེན་པོར་གྱུར་པ་དེ་མ་ཤེས་ནས་ཁྲག་འབྱིན་པར་བྱེད་པ་དང ། དེ་བཞིན་དུ་དགེ་འདུན་དབྱེན་བྱེད་པ་དང ། དགྲ་བཅོམ་པ་ཡང་སྲོག་དང་བྲལ་བར་བྱེད་པ་ནི་ཕྱིར་ཞིང་ཞེ་སྡང་གི་ཟིལ་ གྱིས་ནོན་པ་ཡིན་ཏེ། དེ་ལྟར་དོན་ཐམས་ཅད་མེད་ཅིང་རབ་ཏུ་གཅོད་པར་བྱེད་པ་དེ་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་དག་འཆི་བའི་དུས་ཀྱི་ཚེ་ཁ་ཅིག་རང་གི་ལུས་ཉིད་ལ་མནར་མེད་པའི་མེ་གནས་ཤིང་འབྱུང་བར་འགྱུར། ཁ་ཅིག་ འཆི་བའི་དུས་བྱས་མ་ཐག་ཏུ་སྲིད་པ་བར་མར་འབྱུང་བར་འགྱུར་ལ། དེའི་འོག་ཏུ་མནར་མེད་པར་སྐྱེ་བར་འགྱུར་རོ། །གང་གི་ཚེ་མནར་མེད་པའི་ལས་བྱས་པ་དེའི་ཚེ་དེ་ཕན་ཆད་རབ་ཏུ་འབྱུང་བ་མྱོང་བར་འགྱུར་བའི་ལས་ཀྱི་སྐལ་བ་ངེས་པར་བསྲེགས་པར་འགྱུར། དེའི་ སྡོམ་པ་སོ་སོར་སྐྱེ་བར་མི་འགྱུར། དགེ་བའི་ལས་ཀྱི་མཐའ་སྤྱད་པ་བསྲེགས་པ་མྱོང་བར་འགྱུར་བར་མ་ངེས་པ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང ། སྐྱེས་ནས་མྱོང་བར་འགྱུར་བ་དེ་ངེས་པར་སེམས་ཅན་དམྱལ་བར་འབྱུང་བར་འགྱུར། དེ་ཚེ་ཐུང་བར་ 68-1-248a ཡང་འགྱུར། གང་གིས་ལོ་བརྒྱ་ཐུབ་པར་འགྱུར་བ་དེ་ལོ་ཉི་ཤུ་ཞིག་ཐུབ་པར་འགྱུར། གང་ཡིད་ཀྱིས་རྟོག་ཅིང་སེམས་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་ཚཝ་སྒོ་ལ་ས་བོན་བཏབ་པ་བཞིན་འབྲས་བུ་མེད་པར་འགྱུར། དེ་ཕན་ཆད་ལྷ་གང་ཕྱི་བཞིན་ དུ་འབྲང་བ་དེས་དེ་ཡོངས་སུ་སྤོང་བར་བྱེད། དེའི་ལས་ཀྱི་མཐའ་འབྲས་བུ་མེད་པར་འགྱུར། དེའི་དབང་པོ་ཡུལ་རྣམས་ལ་ཞེན་པར་འགྱུར། རྟག་ཏུ་རྨི་ལམ་ངན་པ་དག་ཀྱང་མཐོང་བར་འགྱུར། དོན་མེད་པ་ཀུན་ལ་ཡང་སྦྱོར་བར་འགྱུར། གལ་ཏེ་དེའི་བུ་ དང་ཆུང་མ་དང ། བྲན་དང་བྲན་མོ་དག་ཡོད་ན་དེ་ཐམས་ཅད་ཀྱིས་ཡོངས་སུ་སྤོང་བར་འགྱུར། རྟག་ཏུ་བཀྲེས་པ་དང ། སྐོམ་པས་ཕོངས་པར་འགྱུར། གལ་ཏེ་ཟས་ཞིམ་པོ་ཞིག་སྦྱར་ན་དེ་ཡང་ཇི་ལྟ་བ་བཞིན་དུ་མི་འགྱུར་སྐད་ཀྱང་འགག་འགག་པོར་འགྱུར། རྟག་ཏུ་བ་ཞིན་གྱི་མདོག་ངན་ཅིང་རྩུབ་པ་དང ། རྟག་ཏུ་སེམས་འཁྲུལ་པ་དང ། རང་གི་ཉེ་དུ་དང ། གཉེན་འདབ་ཀྱི་ཚོགས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བརྙས་པ་དང ། དེའི་སེམས་ལ་གློ་བུར་དུ་སྐྲག་པ་འབྱུང་བར་འགྱུར། འཇིག་རྟེན་འདི་དག་ཐམས་ ཅད་དུད་པས་འཁྲིགས་པར་མཐོང་བར་འགྱུར། དེའི་ཁམས་སྔོན་ལྟར་ནམས་ཀྱང་མཉམ་པར་མི་འགྱུར། རྒྱང་རིང་པོ་ན་གཟུགས་མི་སྡུག་པ་མེད་བཞིན་དུ་མཐོང་བར་འགྱུར། རླུང་ཆུང་ངུས་དེད་པར་འགྱུར། རྟག་ཏུ་བདག་ཉིད་ཚ་བས་གདུངས་པར་ འགྱུར། རྟག་ཏུ་མཁྲིས་པའི་ནད་ཀྱིས་ཉམ་ཐག་པར་འགྱུར། དེའི་ཁ་རྟག་ཏུ་ཁ་བ་དང ། ལན་ཚཝ་བྲོ་བར་འགྱུར། མལ་གྱི་གཞི་ཐམས་ཅད་འཇམ་པ་ཡིན་ཡང་རྩུབ་པར་འགྱུར། གླིང་བུ་དང ། ཁར་རྔ་དང ། རྫ་རྔ་དང ། པི་བང་གི་སྒྲ་དག་ཀྱང་འཇིགས་ ཤིང་བག་ཚ་བར་ཐོས་པར་འགྱུར་ན་སྒྲ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། དེའི་སྣ་ཡང་རྟག་ཏུ་ཉམས་པར་འགྱུར་ཏེ། དེས་རྫས་དྲི་ཞིམ་པོ་དག་ཀྱང་མི་ཚོར་རོ། །དེའི་ལུས་ཐམས་ཅད་ལས་ཀྱང་དྲི་ང་བ་འབྱུང་བར་འགྱུར། དེའི་སྐྲ་དང ། སྤུ་ཐམས་ཅད་འབྱི་ཞིང་ 68-1-248b དེའི་སོ་དག་མདོག་ངན་པར་འགྱུར། རྐང་པ་དང ། ལག་པ་རབ་ཏུ་རྡོལ་བར་འགྱུར་བདེ་བ་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར། རྨི་ལམ་ན་ལྷ་དག་གིས་རྟག་ཏུ་གཙེ་བར་འགྱུར། དེ་རྟག་ཏུ་སྙིང་ནད་ཀྱིས་འདེབས་པར་འགྱུར། དེའི་སྙིང་གས་པར་འགྱུར། ལུས་རྣམས་ཀྱང་སྡུག་པར་མི་འགྱུར། གལ་ཏེ་བརྒྱ་ལ་མེ་ཏོག་དག་བཏགས་ན། དེ་དག་མྱུར་དུ་རྙིས་པར་འགྱུར། དེའི་གོས་དག་ཀྱང་མྱུར་དུ་ཟད་པར་འགྱུར་ཏེ། ལུས་དང་གོས་དག་བཀྲུས་ཀྱང་དྲི་མ་ཅན་དུ་འགྱུར། གློ་བུར་དུ་ལམ་གོལ་བར་འགྲོ་ན་འགྱེལ་བར་ འགྱུར་ཏེ། དེའི་ལུས་འགྱེལ་བས་ཉམས་ཤིང་དེའི་ལུས་ལ་རྨ་མང་པོ་འབྱུང་བར་འགྱུར་ལ་ཡུན་རིང་པོས་འཚོ་བར་འགྱུར། གཉིད་ལོག་ན་མགུལ་སྐམས་ཤིང་དེ་སད་ནས་ཀྱང་ཆུ་འཐུང་བ་ཉིད་དུ་འགྱུར། སྦྱིན་བྱེད་མའི་བུས་གནོད་པར་གྱུར་པ་ན་གྲོང་དང་གྲོང་ཁྱེར་དག་ སྟོང་པ་ཉིད་དུ་མཐོང་བར་འགྱུར། གཟའ་དང ། སྐར་མ་དང ། རྒྱུ་སྐར་དག་གི་གཟུགས་ལོག་པར་མཐོང་བར་འགྱུར། རླུང་ཆུང་ངུ་ལངས་པ་ཀུན་དང་ཕྲད་ན་ཡང་མཚོན་གྱིས་བཏབ་པ་ལྟ་བུར་དྲག་པར་འགྱུར། མེ་ཆུང་ངུ་དག་གིས་རེག་ན་ཡང་སྲེག་པར་འགྱུར། ཉི་ མ་ཡང་ཉིས་འགྱུར་གྱིས་ཚ་བར་འགྱུར། ཟླ་བ་ཡང་དྲོ་བར་འགྱུར་ཏེ། ཟླ་བ་ཤིན་ཏུ་དྲོ་བ་མྱོང་བར་འགྱུར། ཆུ་བསིལ་བ་ཐམས་ཅད་ཀྱང་དྲོ་བར་འགྱུར། ཚལ་དང་ནགས་ཚལ་བདེ་བ་དག་ལ་འཇིགས་འཇིགས་ལྟར་འདུག་པར་མཐོང་བར་འགྱུར། བྱའི་སྐད་སྙན་པ་ དག་ཝ་སྐད་འཇིགས་པ་ལྟ་བུར་ཐོས་པར་འགྱུར། འཇིག་རྟེན་ཐམས་ཅད་དུར་ཁྲོད་ལྟ་བུར་རིག་ཅིང་རྟག་ཏུ་དགའ་བ་མེད་པར་འགྱུར། དེ་ཆང་གིས་མཆོག་ཏུ་དགའ་བར་སྐྱེ་བར་མི་འགྱུར། ངོ་ཚ་མེད་ཅིང་ཚུལ་མེད་པར་འགྱུར་ཏེ། སྲང་དང་བཞི་མདོ་དག་ཏུ་སྐྱེ་བོའི་མངོན་ སུམ་དུ་བཤང་གཅི་བྱེད་པར་འགྱུར།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅོ་ལྔ་པ། ལྷ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་སྤངས་པར་འགྱུར། དོན་ཐམས་ཅད་མེད་པའི་སྐལ་བ་ཅན་དུ་འགྱུར། མདོག་ཚལ་ཤིང་བསྲེགས་ 68-1-249a པ་ལྟ་བུར་འགྱུར། སྐྱེ་བོ་དང་ཡུལ་མི་ཀུན་དང་ཞེ་འགྲས་པར་འགྱུར་ཏེ། དེ་དག་ནི་མནར་མེད་པ་དེའི་མཚན་མ་ཚེ་འདི་ལ་སྔར་འབྱུང་བ་ཡིན་ནོ། །དེའི་འོག་ཏུ་དེ་འཆི་བའི་མཚན་མ་འབྱུང་བ་ནི་ཉིན་པར་ཟླ་བ་མཐོང་ཞིང་མཚན་མོ་ཉི་མ་མཐོང་བར་འགྱུར། རང་གི་གྲིབ་མ་མི་མཐོང་བར་འགྱུར། གློ་བུར་དུ་སྒྲ་མི་སྙན་པ་ཐོས་པར་འགྱུར། དེའི་སྣ་ཡོན་པོར་འགྱུར། དེའི་སྐྲ་དང་ཁ་སྤུ་འཛིངས་པར་འགྱུར། ཐོག་མར་རིམས་ཀྱིས་འདེབས་ཤིང་འཆི་བའི་བར་དུ་ནད་ཀྱིས་འདེབས་ཏེ། དེ་ཀུན་ནས་མེ་མདག་རབ་ཏུ་ འབར་བ་ལྟ་བུའི་རིམས་ཀྱིས་ཤིན་ཏུ་གདུངས་ཤིང་ནད་བཞི་བརྒྱ་རྩ་བཞི་ལྟ་བུ་མ་ཡིན་པ་དག་གིས་ཉམ་ཐག་པ། ཀུན་ནས་མེ་མདག་གི་ཀླུང་དག་ཏུ་འཚེད་པ་ན་སྲིན་བུའི་རིགས་བརྒྱད་ཅུ་དག་ལ་རླུང་བརྒྱད་ཅུ་དག་ལུས་དང་རྩ་དང ། རྒྱུས་པ་དང ། པགས་པ་ དང ། རུས་པ་དང ། ཤ་དང ། ཚིལ་དག་ཏུ་ཞུགས་ནས་གནོད་པར་བྱེད་དོ། །འདི་ལྟ་སྟེ། སྲིན་བུའི་རིགས་བརྒྱད་ཅུ་དག་ལ་རླུང་བརྒྱད་ཅུ་དག་གིས་གནོད་པར་བྱེད་དོ། །སྲིན་བུ་སྤུ་ཅན་ལ་རླུང་སྤུ་སུན་འབྱིན་གྱིས་གནོད་པར་བྱེད་དོ། །སྲིན་བུ་ཁ་གནག་ ལ་རླུང་དག་གི་རྗེས་སུ་འཐུན་པས་གནོད་པར་བྱེད་དོ། །སྲིན་བུ་སྦྲོ་མེད་ལ་རླུང་མི་ལམ་འཁྲུལ་སྟོན་གྱིས་གནོད་པར་བྱེད་དོ། །སྲིན་བུ་རབ་ཕྱེ་བྱེད་ལ་རླུང་བཟོད་མེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྣམ་པར་རྨོངས་བྱེད་ལ་རླུང་ལྕེས་བརྗེད་པ་མི་བཟོད་ཀྱིས་ གནོད་པར་བྱེད་དོ། །སྲིན་བུ་མེད་མདོག་བྱེད་ལ་རླུང་རོ་བྲོ་ཁྲིད་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་འགྲེད་བྱེད་ལ་རླུང་མཆིན་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་འོག་འགྲོ་ལ་རླུང་བཤང་བ་སྟེང་འགྲོས་གནོད་པར་བྱེད་དོ། །སྲིན་བུ་ཨུད་ཏིང་ག་ལ་ རླུང་གཞང་རྒྱུས་གནོད་པར་བྱེད་དོ། །སྲིན་བུ་ཀུན་རྟོག་མཐོང་ལ་རླུང་དྲན་པ་ཉམས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་དྲི་ང་ལ་རླུང་པགས་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རུས་པ་ལེགས་སྐྱེས་ལ་རླུང་རོ་བྲོ་བ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། ། 68-1-249b སྲིན་བུ་ཁ་དམར་ལ་རླུང་ཤ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་བརྩོན་བཅས་ལ་རླུང་རྒྱགས་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་གནད་རྒྱུ་ཟ་ལ་རླུང་རུས་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་མཚོན་ཆ་ཁ་ལ་རླུང་རུས་ཀུན་འཇིག་བྱེད་ཀྱིས་ གནོད་པར་བྱེད་དོ། །སྲིན་བུ་སྤུ་གྲི་ཁ་ལ་རླུང་གཉེར་མར་སོང་གིས་གནོད་པར་བྱེད་དོ། །སྲིན་བུ་སྤུ་མེད་ལ་རླུང་མགོ་སྐྱ་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཁབ་གདོང་ལ་རླུང་རྡུལ་འཇིག་གིས་གནོད་པར་བྱེད་དོ། །སྲིན་བུ་སྤི་སྤི་ཛ་ལ་རླུང་གཅི་བ་ཤིན་ཏུ་ འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྐང་མེད་ལ་རླུང་ཟས་ལྡན་གྱིས་གནོད་པར་བྱེད་དོ། །སྲིན་བུ་བཤང་བ་གཡེང་བྱེད་ལ་རླུང་སོ་འགས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་གསུམ་བྱེད་ལ་རླུང་རྩེའུ་ཆུ་ལ་སོགས་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྒྱུ་ མ་འཇིག་བྱེད་ལ་རླུང་འོག་ཏུ་འགྲོས་གནོད་པར་བྱེད་དོ། །སྲིན་བུ་དཔོས་བྱེད་ལ་རླུང་གྱེན་དུ་འགྲོས་གནོད་པར་བྱེད་དོ། །སྲིན་བུ་མདོག་བཟང་ལ་རླུང་ངོས་ལྡང་གིས་གནོད་པར་བྱེད་དོ། །སྲིན་བུ་གཞང་རྐང་ལ་རླུང་མིད་པར་འགྲོས་གནོད་པར་བྱེད་དོ། །སྲིན་བུ་ ལྤགས་བྱེད་ལ་རླུང་སེམས་སུན་འབྱིན་གྱིས་གནོད་པར་བྱེད་དོ། །སྲིན་བུ་ཚིལ་གནོད་ལ་རླུང་འཁྲུག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་བསགས་བྱུང་ལ་རླུང་མིག་འཛུམས་འབྱེད་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་དྲི་མི་ཞིམ་ལ་རླུང་ཕན་ཚུན་ཕྲད་པ་ལྔས་གནོད་ པར་བྱེད་དོ། །སྲིན་བུ་ས་ཧ་ཙུ་ར་བ་ལ་རླུང་སྙིང་པོ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་གནོད་བྱེད་ལ་རླུང་སྙིང་པོ་འཆགས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྙིང་པོ་མེ་ཏོག་སྐྱེད་ལ་རླུང་འོང་བ་དང ། འགྲོ་བ་དང་གནས་པ་དང་རྒྱུག་པར་བྱེད་པས་གནོད་པར་ བྱེད་དོ། །སྲིན་བུ་ཀུ་ཧ་ཀ་ཆེན་པོ་དང ། ཕག་འཚོང་དང ། ནག་པོ་དང ། ཟ་ཆེན་དང ། སྲིན་བུ་རྐང་དྲོ་དག་ལ་རླུང་མིག་དང་རྣ་བ་དང ། སྣ་དང་ལྕེ་འཇིག་གིས་གནོད་པར་བྱེད་དོ། །སྲིན་བུ་རུས་པ་འཇིག་བྱེད་ལ་རླུང་མཁྲིས་པ་འཇིག་བྱེད་ཀྱིས་གནོད་པར་ 68-1-250a བྱེད་དོ། །སྲིན་བུ་རྐང་གནག་ལ་རླུང་བད་ཀན་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཚིགས་གཅོད་ལ་རླུང་གཞུངས་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་གླད་པར་རྒྱུ་ལ་རླུང་སྲིན་མོ་གནས་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ གླད་རྒྱས་ཟ་ལ་རླུང་རྐང་པ་ངོས་གནས་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཐོད་པར་རྒྱུ་ལ་རླུང་སེམས་མེད་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྐྲ་ཟ་ལ་རླུང་འབྱེད་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྣ་རྒྱུ་ལ་རླུང་འགྲོ་བ་ཉམས་བྱེད་ཀྱིས་གནོད་པར་བྱེད་དོ། ། སྲིན་བུ་སྣབས་འཁྲི་ལ་རླུང་ལོང་བུ་འཇིག་གིས་གནོད་པར་བྱེད་དོ། །སྲིན་བུ་ཚིལ་ནད་རྒྱུ་ལ་རླུང་འབྱིན་པ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཁ་ཆུ་འདེབས་ལ་རླུང་ཚིགས་འབྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སོ་དྲུང་ཟ་ལ་རླུང་འབྱིན་པ་འཇིག་པ་ཚོར་ མེད་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཁ་ཆུ་ཟ་ལ་རླུང་སྤྲོ་བ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་བད་ཀན་རླན་བྱེད་ལ་རླུང་སྣ་འཕུལ་རེངས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རབ་ཏུ་སྐྱུག་བྱེད་ལ་རླུང་རོ་བྲོ་བ་བཅུ་ཁྱེར་བ་ནང་དུ་རྒྱུ་ཞིང་དུ་ཤྱ་ག་ཏ་ལྡོག་་ བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྦྲང་རྩི་མྱོས་ལ་རླུང་ཚིགས་འཁྲུགས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རོ་དྲུག་སྲེད་ལ་རླུང་སྤུ་དང་སེན་མོ་དང་བཤང་བ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་བར་བུར་ལ་རླུང་ཁ་ཆུ་འཁྲུལ་བྱེད་ཀྱིས་གནོད་པར་བྱེད་ དོ། །སྲིན་བུ་རོ་ཡིད་འབྱུང་ལ་རླུང་ཤིག་ཤིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྨི་ལམ་སྲེད་ལ་རླུང་འདོམས་རེངས་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྤུ་ཟ་ལ་རླུང་བཤང་བ་སྐམས་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སོ་སུ་ར་ལ་རླུང་རྩིབ་ལོགས་འཆིང་ བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྐྱེ་བའི་མ་ལ་རླུང་ཁཝ་བུ་ག་དྲུག་གིས་གནོད་པར་བྱེད་དོ། །སྲིན་བུ་ཨུ་མ་བ་ར་ལ་རླུང་ཡན་ལག་དང་ཉིང་ལག་འཐུང་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རབ་ཟག་ལ་རླུང་མེ་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྤུ་གློང་ལ་ 68-1-250b རླུང་ཡན་ལག་དང་ཉིང་ལག་ཀུན་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སྤུ་ཟན་ལ་རླུང་བརྟན་འགེམས་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་སི་མི་སི་མ་ལ་རླུང་ཡན་ལག་ཀུན་ཁྱབ་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཨུ་མ་བུ་ག་ལ་རླུང་སྲེག་བྱེད་ཀྱིས་གནོད་པར་བྱེད་དོ། ། སྲིན་བུ་རྨས་བསླད་ལ་རླུང་འཇིག་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་ཙུན་ཙུ་སྒྲ་ལ་རླུང་སྟེང་འོག་གིས་གནོད་པར་བྱེད་དོ། །སྲིན་བུ་རྒྱུས་པ་གཅོད་ལ་རླུང་མིའི་སྲོག་གང་ལ་སོང་བ་འཆི་བྱེད་ཀྱིས་གནོད་པར་བྱེད་དོ། །སྲིན་བུ་རྩ་གཅོད་ལ་རླུང་མིག་འབྱེད་ཀྱིས་ གནོད་པར་བྱེད་དེ། ཇི་ལྟར་སྲོག་ཆགས་ཐམས་ཅད་འཆི་བའི་དུས་སུ་སྲིན་བུ་དག་ལ་རླུང་དག་གིས་སོ་སོ་ངེས་པར་གནོད་པ་བྱེད་པ་དེ་ལྟར་མནར་མེད་པའི་མ་ཡིན་ཏེ། དེའི་ལས་ངན་པ་བྱས་པས་འོག་དང་སྟེང་དུ་མི་འཐུན་པའི་ལས་ཀྱིས་བྱས་པའི་རླུང་རབ་ཏུ་དྲག་པ་ དག་སོ་སོར་ལྡང་སྟེ། དེ་ལྟར་རླུང་བརྒྱད་ཅུ་དག་གིས་སྲིན་བུ་བརྒྱད་ཅུ་དག་ལ་གནོད་པར་བྱེད་དོ། །རླུང་དག་གིས་ཇི་ལྟ་ཇི་ལྟར་སྲིན་བུ་དག་ལ་གནོད་པར་བྱེད་པ་བཟློག་པ་དེ་ལྟ་བུ་མི་བྱེད་དོ། །དང་པོར་རླུང་པིབ་པ་ལ་ཀ་དྲི་མི་ཞིམ་པ་དག་གིས་དེའི་ལུས་ཐམས་ ཅད་ཇི་ལྟར་བུ་རམ་ཤིང་དབང་ཤིང་གིས་བཙིར་བ་དེ་ལྟར་སྐམས་པར་བྱེད་དོ། །ཁྲག་ཐམས་ཅད་སྐམས་པར་བྱེད། གནད་ཐམས་ཅད་དུ་གནོད་པར་བྱེད། རྒྱུས་པ་ཐམས་ཅད་གཅོད་པར་བྱེད། སྡུག་བསྔལ་གྱིས་རྐང་ཐམས་ཅད་རབ་ཏུ་འཇུ་བར་བྱེད་དོ། །ཉེས་པར་ བྱས་པ་ལས་ཀྱི་མཐའ་སྤྱད་པ་འཆི་བའི་དུས་ཀྱི་ཚེ་མནར་མེད་པ་དེའི་ཁར་སྲིན་བུ་གསལ་བར་འབྱུང་བར་འགྱུར་རོ། །སེམས་ཅན་དམྱལ་བ་པ་དེའི་ཁྱིམ་ནི་འདི་ལྟ་སྟེ། ཀོ་བ་ནག་པོས་གཡོགས་ཤིང་ཕྱོགས་གཅིག་ཏུ་རབ་ཏུ་འབར་བ་དང ། ཡང་ཀོ་བ་ནག་པོ་དེའི་ ཕྱོགས་གཅིག་ནས་མེ་འབྱུང་སྟེ། ཁང་པའི་ནང་ཐམས་ཅད་རབ་ཏུ་འབར་བར་མཐོང་ངོ ། །དེས་ཁྱིམ་རབ་ཏུ་འབར་བར་མཐོང་ནས་བཞིན་མོག་མོག་པོར་གྱུར་ཏེ། ངུ་ཞིང་སྐད་འབྱིན་ལ་ལག་པ་གཡོབ་པར་བྱེད། མིག་འགུལ་བར་བྱེད། ཁ་ནས་ཁ་ཆུ་འཛག་པར་ 68-1-251a འགྱུར། སོ་དག་གིས་སོ་དག་ལ་འདེབས་པར་བྱེད། མཆུས་མཆུ་ལ་རེག་པར་བྱེད་དོ། །སྣང་བ་གཉིས་པ་མཐོང་བ་ནི་མུན་པ་མུན་ནག་ཐིབས་པོར་གྱུར་ཅིང་རི་བྲག་ཆེན་པོ་ལ་སོ་སོར་འཇིགས་པ་ཆེན་པོ་སེང་གེ་དང ། སྟག་དང ། དྲེད་ དང ། གུང་དང ། སྦྲུལ་འཇིགས་པས་གང་བ་སྟེང་དུ་འོང་བ་མཐོང་ནས་བཤང་བ་འབྱིན་ཏོ། །དེའི་སྟེང་དུ་རི་དེ་འོང་བའི་འཇིགས་པས་ལག་པ་རྐྱོང་བར་བྱེད་པ་དང ། དེ་ཉེ་དུ་དག་གིས་མཐོང་ནས་ནམ་མཁའ་ལ་རེག་པར་འདོད་དོ་ཞེས་སྨྲའོ། །དེའི་འོག་ཏུ་ དེ་བཞིན་དུ་རི་བྲག་དང ། ནགས་ཚལ་དང ། རི་འོར་དང ། ལྕུག་ཚལ་མང་པོ་འབར་བའི་ཕྲེང་བ་སྟེང་དུ་འོང་བར་མཐོང་སྟེ། ཤིན་ཏུ་འཁྲུལ་པ་ངུ་སྐད་འབྱིན་ཅིང་སྒྲ་ངར་ངར་པོ་འཐོན་ལ་བཤང་བ་འབྱིན་ཏོ། །མིག་འགྱུར་བར་བྱེད་ཅིང་འཇིགས་བཞིན་མོག་མོག་ པོར་མཆི་མ་འབྱིན་པར་བྱེད། སྤུ་ཚེར་མ་ལྟར་འགྲེང ། དེའི་རླིག་པ་ཡང་གྱེན་དུ་འགྲེང་ལ་ཁུ་ཆུ་གཏོང་བར་བྱེད་དོ། །དེའི་འོག་ཏུ་ཡང་དེ་འབྱུང་བ་ཆེན་པོ་བཞི་དག་ཀུན་ཏུ་འཁྲུགས་པར་འགྱུར་ཏེ། འདི་ལྟ་སྟེ། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་འཁྲུགས་པས་ཡན་ལག་དང་ཉིང་ལག་ཐམས་ཅད་སྲ་བའི་ངོ་བོས་རྡུང་བར་བྱེད་དེ། དཔེར་ན་རྡོ་གཉིས་དག་གི་དབུས་སུ་དབུ་བའི་གོང་བུ་བཞིན་གནོད་པར་བྱེད་པ་དང ། དཔེར་ན་བྱེ་མ་ཆང་པ་ནས་ གཏོར་བ་བཞིན་ལུས་ཀྱི་དབྱིབས་ཐམས་ཅད་དང ། ཡན་ལག་དང་ཉིང་ལག་ཐམས་ཅད་ཀུན་ནས་གནོད་པར་བྱེད། རྣམ་པར་ཞིགས་པར་བྱེད། རྣམ་པར་གཅོད་པར་བྱེད་དེ། དེའི་སའི་ཁམས་འཁྲུགས་པས་དེ་སྡུག་བསྔལ་ཤིན་ཏུ་ཚ་བ་མྱོང་བར་འགྱུར་ རོ། །དེའི་འོག་ཏུ་དེའི་ལས་ཉེས་པར་བྱས་པས་ཆུའི་ཁམས་ཀྱང་རབ་ཏུ་འཁྲུགས་པར་འགྱུར་ཏེ། དེ་འཁྲུགས་པས་དེ་ངུ་སྐད་འབྱིན་ཅིང་སྒྲ་ངར་ངར་པོ་འདོན་ཏོ། །དེའི་རྒྱུས་པ་དང་ཤར་བཅས་པ་རླན་ཅིང་ལྷོད་ལྷོད་པོར་འགྱུར་ཏེ། ཆུའི་རྒྱུན་མང་དུ་འབྱུང་བར་ 68-1-251b འགྱུར། དེའི་རྣ་བ་དང་མིག་ནས་ཀྱང་ཆུའི་རྒྱུན་མང་པོ་བྱུང་བ་ནུབ་པར་འགྱུར་རོ། །དེའི་འོག་ཏུ་མེའི་ཁམས་ཀྱང་འཁྲུགས་པར་འགྱུར་ཏེ། དེ་མེ་མདག་གི་ཚོགས་མང་པོའི་ནང་དུ་བཅུག་ནས་སྲེག་གོ། །དེའི་སྡུག་བསྔལ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ སྡུག་བསྔལ་དྲག་ཅིང་ཚ་ལ་རྩུབ་ཅིང་གདུང་བ་སྐྱེ་བར་འགྱུར་ཏེ། འཇིགས་པས་ཉམ་ཐག་པ་དེ་ངུ་སྐད་འབྱིན། འོ་དོད་འབོད། གློ་གཡས་གཡོན་འགྱུར་བར་བྱེད།ལག་པ་གཡོབ་པར་བྱེད་དེ། མགོ་སྐད་ཅིག་ཀྱང་འཇོག་མི་ཕོད་དོ། །དེའི་འོག་ཏུ་རླུང་གི་ཁམས་ ཀྱང་འཁྲུགས་པར་འགྱུར་ཏེ། དེའི་རླུང་གི་ཁམས་སྲ་བ་རྩུབ་པ། མང་བ། ཡང་བ། གྲང་བས་ཡན་ལག་དང ། ཉིང་ལག་ཐམས་ཅད་མཁྲང་བ་ཉིད་ཀྱིས་རྡུང་བར་བྱེད། མང་བ་ཉིད་ཀྱིས་གླེབ་པར་བྱེད། ཡང་བ་ཉིད་ཀྱིས་ནམ་མཁའ་ལ་འདེག་པ་ལྟར་ བྱེད་ཅིང་གཡང་ས་ཆེན་པོར་འདོར་བ་ལྟར་བྱེད། གྲང་བ་ཉིད་ཀྱིས་རྒྱུས་པ་དག་སྐུམ་པར་བྱེད་དོ། །དེ་འཆི་བའི་དུས་ཀྱི་ཚེ་སྦྲུལ་རབ་ཏུ་གདུག་པ་ལྟ་བུར་འབྱུང་བ་ཆེན་པོ་བཞི་དག་རབ་ཏུ་འཁྲུགས་པའི་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་འབྱུང་བར་འགྱུར་ཏེ། གང་དཔེ་བྱ་ བར་ཡང་སླ་བ་མ་ཡིན་ནོ། །དེའི་ལུས་ཐམས་ཅད་དབུ་བའི་གོང་བུ་བཞིན་དུ་མྱུར་དུ་འགྱེས་པར་འགྱུར། རྣམ་པར་འཇིག་པར་འགྱུར། སྲེག་པར་འགྱུར། འཚེད་པར་འགྱུར་ཏེ། ཀུན་ནས་སྡུག་བསྔལ་གྱི་ཚོར་བ་མི་བཟད་པས་ཉམ་ཐག་པ་མལ་གྱི་མཐའ་ མ་ནམ་མཁའ་ལ་ཉུག་སྟེ། དེའི་སྲིད་པ་ཐ་མ་པའི་སེམས་ཉེ་བར་འགྱུར་རོ། །དེ་རི་བྲག་ཆེ་ཞིང་མཐོ་བའི་ཁར་བཏེག་བཏེག་ནས་འདོར་བར་བྱེད་དེ་བོར་ནས་དེ་རྟེན་མེད་པ་ནམ་མཁའ་ལ་ཀུན་ཏུ་འཁྱམ་ཞིང་ཡོངས་སུ་འཁྱམ་མོ། །དེ་ནས་རྒྱའི་འབུར་ལྟ་བུར་དེ་སྲིད་པ་ཐ་མའི་ སེམས་དང་ལྡན་པར་འགྱུར་ཏེ། དེས་གཤིན་རྗེའི་མི་བྱད་བཞིན་དང ། རྐང་ལག་མི་སྡུག་པར་བསྒྱུར་བ། ཁ་གདོང་གླང་པོ་ཆེ་དང ། རྟ་དང ། བོང་བུ་དང ། ཕག་དང ། གུང་དང ། སེང་གེ་དང ། སྟག་དང ། གཟིག་དང ། ནེའུ་ལེ་དང ། ཝ་དང ། སྐྱུགས་ 68-1-252a པ་ཟ་བ་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་དག་གིས་སེམས་ཅན་དམྱལ་བ་པ་དེ་ལ་བསྡིགས་པ་ན། དེ་གཅིག་པུས་མཐོང་གི་གཞན་གང་གིས་ཀྱང་དེ་མི་མཐོང་ངོ ། །དེ་འཇིགས་པ་མི་བཟད་པས་མིག་འགྱུར་ཞིང་མར་མེའི་སྣུམ་ཟད་ནས་འཆི་བ་བཞིན་ དུ་འཆི་བར་འགྱུར་ཏེ། སྲིད་པ་བར་མར་དེའི་གཟུགས་བལྟར་སྣང་ལ་ཐོགས་པ་མེད་པ་བྱས་པ་བྱིས་པ་ལོ་བརྒྱད་ལོན་པ་ལྟ་བུར་སྐྱེ་བར་འགྱུར་རོ། །འཆི་བའི་དུས་བྱས་མ་ཐག་ཏུ་གཤིན་རྗེའི་མི་རྣམས་ཀྱིས་འཛིན་པར་བྱེད་དེ། བཟུང་ནས་ཀྱང་ལྕགས་ཀྱི་ཐག་པ་རབ་ ཏུ་འབར་བས་མགུལ་ནས་འཆིང་ཞིང་ལག་པ་གཉི་ག་ཕྱིན་ཅི་ལོག་ཏུ་བཅིངས་སོ། །དེས་ཕྱོགས་དང་ཕྱོགས་མཚམས་དང་ས་གཞི་དང་ནམ་མཁའ་དག་རྟག་ཏུ་འབར་རབ་ཏུ་འབར་བ་ཀུན་ཏུ་རབ་ཏུ་འབར ། བར་མཐོང་ངོ ། །མེའི་ནང་དེ་དག་ན་གཤིན་རྗེའི་མི་བྱད་བཞིན་མི་སྡུག་ པར་བསྒྱུར་བ་དུ་མ་དག་ཀྱང་མཐོང་སྟེ། མེའི་ནང་དེ་དག་ཏུ་འདོར་བར་བྱེད་དོ། །འདོར་ཞིང་སེམས་ཅན་དམྱལ་བ་པ་དེ་དག་ལ་བསྡིགས་པ་ན་ལག་ན་མཚོན་ཆ་སྣ་ཚོགས་པ་དེ་དག་མཐོང་ནས་ཐག་པའི་བཅིང་བས་བཅིངས་ཏེ་གཤིན་རྗེའི་མི་མཆོག་ཏུ་འཇིགས་ཤིང་སྐྲག་པར་ བྱེད་པ་དེ་དག་གིས་སྤྱོ་ཞིང་ལྷོ་ཕྱོགས་དག་ཏུ་ཁྲིད་པ་ན། འདི་ལྟར་སྙིང་རྗེ་རྗེ་སྐད་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེད་དཔོན་མི་མཁས་འཁྲུལ་པ་ལྟར། །གསོན་པའི་ས་ནས་བདག་ཉམས་སོ། །བྱད་བཞིན་བསྒྱུར་བས་ཡོངས་བསྐོར་ཅིང ། །དབང་མེད་འཇིགས་ པ་དག་ཏུ་ཁྲིད། །རྟག་ཏུ་བར་སྣང་ཕྱོགས་དག་དང ། །ཕྱོགས་མཚམས་ཉིད་དང་ས་རྣམས་དག་།ཐམས་ཅད་བར་ཆད་མེད་པར་ནི། །འབར་བའི་ཕྲེང་བ་དག་གིས་འཁྲུགས། །སྡུག་བསྔལ་དབང་མེད་གང་དུ་ཁྲིད། །བདག་གིས་གནས་ནི་མི་ཤེས་སོ། །འབྲོག་ དགོན་དག་ཏུ་བདས་པ་ན། །ཀུན་ནས་གྲོགས་ནི་བྱེད་པ་མེད། །སྡུག་བསྔལ་འདི་ལས་རྣམ་གྲོལ་བར། །མགོན་སྐྱབས་བྱེད་པ་གང་ཡང་མེད། །ནུས་པ་མེད་ཅིང་དབང་མེད་ལ། །སྡུག་བསྔལ་མེ་ཡིས་ཡོངས་གདུངས་སོ། །བཅིང་བས་ལག་པ་བཅིངས་ནས་སུ། ། 68-1-252b དབང་མེད་བདག་ནི་གང་དུ་ཁྲིད། །དོན་རྣམས་དང་ནི་མཛའ་བཤེས་དང ། །བུ་དག་དང་ནི་ཆུང་མ་ལ། །ཀྱི་ཧུད་བདག་དྲིན་ཆུད་ཟོས་ཏེ། །སྡུག་བསྔལ་འདི་ལས་སྐྱོབ་མི་བྱེད། །དགའ་བ་མེད་ཅིང་ཉམས་གྱུར་ལ། །སེམས་ནི་སྡུག་བསྔལ་དག་གིས་ཉམས། །འཆི་བའི་ ཞགས་པས་བཟུང་བ་ཡི། །སྐྱབས་ནི་ཉེ་བར་མི་མངོན་ནོ། །བདག་ལ་ཁྲོས་ལྟར་ཚིག་སྨྲ་བ། །ཀུན་ནས་སྤྱོ་བ་བརྒྱད་པར་བྱེད། །འདི་གང་ཡིན་ཞིག་ཀུན་ནས་སུ། །འཆིང་བ་འདི་ནི་གང་ཞིག་ཡིན། །བདག་གིས་གང་དང་གང་མཐོང་བ། །ཡུལ་དང་དེ་བཞིན་དགོན་ པ་སྟེ། །དེ་དང་དེ་དག་ཀུན་གྱི་ནང ། །ཐམས་ཅད་མེ་ཡིས་ཡོངས་སུ་བསྐོར། །ཕྱོགས་རྣམས་ཀུན་ན་དགའ་མེད་དེ། །འཁྲུག་པ་དག་གིས་ཡོངས་སུ་བསྐོར། །སྐྱབས་སུ་འགྱུར་བ་ཡོང་མེད་ཅིང ། །བདག་ལ་ཀུན་ནས་གྲོགས་མེད་དོ། །མུན་གནག་མི་ བཟད་ནང་དུ་འཇུག་།མེ་མདག་ཕུང་པོར་བཅས་པས་བསྒྲིབས། །ནམ་མཁའ་རྒྱུ་སྐར་གཟའ་དག་དང ། །སྐར་མ་དག་ཀྱང་མི་མཐོང་སྟེ། །འདི་དག་ཐམས་ཅད་ལོག་པ་ཡིན། །མུན་གནག་དག་གིས་ཡོངས་སུ་བསྐོར། །དབང་པོ་ལྔ་ནི་ཐམས་ཅད་དག་། ཀུན་ནས་ཕྱིན་ཅི་ལོག་ཏུ་གྱུར། །བདག་གི་ལུས་ནི་ཐམས་ཅད་དག་།སོག་ལེས་ཡོངས་སུ་གཤེག་པར་བྱེད། །སྐྱབས་སུ་འགྱུར་བ་ཡོང་མེད་དེ། །བདག་གི་གནས་ནི་གར་འགྱུར་ཞིག་།སྡུག་བསྔལ་ཚོགས་ནི་འཕེལ་འགྱུར་ཏེ། །བདག་ནི་ཀུན་ནས་ཡོངས་ སུ་བསྐོར། །ལུས་དང་སེམས་ལས་སྐྱེས་པ་ཡི། །སྡུག་བསྔལ་ཡང་དང་ཡང་དུ་འཕེལ། །སྡུག་བསྔལ་གྱིས་ནི་ནོན་པ་ན། །དེ་ལ་ཀུན་ནས་གྲོགས་མེད་དོ། །རང་གི་ལས་ཀྱི་འབྲས་བུས་དཀྲུགས། །ལས་ཀྱིས་བསྐྱེད་པའི་གཤིན་རྗེ་དང ། །འཁོར་དག་ ཤིན་ཏུ་འཁྲུགས་ནས་སུ། །བལྟས་ཏེ་དེ་ནས་ཚིག་སྨྲས་པ། །སྔོན་ཆད་བྱ་བ་གང་བྱེད་པ། །དེ་ནི་ཕྱི་ནས་ཡོངས་སུ་སེམས། །གཏི་མུག་གིས་ནི་ཡོངས་བསླུས་པ། །ཕྱི་ནས་ཅི་ཞིག་ཡོངས་སུ་གདུང ། །གནོད་ལས་གནོད་པ་གང་ཆེ་བ། །སྡིག་པ་ལས་ནི་ 68-1-253a སྡིག་པ་ཆེ། །ཁྱོད་ཀྱིས་ངན་བྱས་གང་བྱས་པ། །སྡུག་བསྔལ་ལས་ནི་སྡུག་བསྔལ་ཆེ། །བསྐལ་པའམ་བསྐལ་པའི་ལྷག་མ་རུ། །ཁྱོད་ནི་མེ་ཡིས་སྲེག་པར་བྱེད། །ངན་བྱས་མང་པོ་ཅི་བྱས་པ། །གཏི་མུག་ཡོངས་སུ་བསམ་པར་གྱིས། ། ལས་ཀྱི་ཞགས་པས་བཅིངས་པ་ལ། །ལྷ་དང་ལྷ་མིན་དྲི་ཟ་དང ། །ཤ་ཟ་ལྟོ་འཕྱེ་སྲིན་པོ་དག་།ཁྱོད་ལ་ཡོངས་སུ་སྐྱོབ་མི་བྱེད། །ལས་ཀྱི་ཞགས་པས་གང་བཅིངས་པ། །མི་དེ་སེམས་ཅན་དམྱལ་བར་བཅིངས། །རྒྱུ་དང་རྐྱེན་གྱིས་འགྲོ་བ་ཡི། །ཐམས་ཅད་ དབང་མེད་ཁྲིད་པར་བྱེད། །ལས་བྱས་ངེས་པར་འགྲོ་བ་ནི། །མ་ནི་གསོད་པར་བྱེད་པ་སྟེ། །སྡིག་པ་འདི་ནི་ཤིན་ཏུ་སྡིག་།སྡིག་ལས་སྡིག་པ་ཆེན་པོ་ཡིན། །གང་གིས་ཁྱོད་ནི་སྔོན་བསྐྱེད་པ། །ཕ་ཡི་ཁུ་ཆུ་ལས་བསྐྱེད་ན། །དེ་ལ་ཁྱོད་ཀྱིས་གནོད་བྱས་ཤིང ། ། དབང་མེད་མཚོན་གྱིས་སྲོག་བཅད་བྱས། །གང་ཞིག་ཁམས་གསུམ་ཁྱད་པར་འཕགས། །ཉེས་པ་ཐམས་ཅད་རྣམ་སྤངས་ཤིང ། །འཆིང་བ་ཀུན་ལས་ངེས་གྲོལ་བ། །དེ་ལ་ཁྱོད་ཀྱིས་སྡིག་པ་བྱས། །ཆོས་རྣམས་ཀུན་གྱི་གཏེར་ཡིན་ཞིང ། །ཐར་པའི་སྒོ་ནི་ རྣམ་འབྱེད་པ། །ཁྱོད་ཀྱིས་དགེ་འདུན་དབྱེན་བྱས་སྡིག་།དེ་ཡི་འབྲས་བུ་འདིར་འོངས་སོ། །སྦྱོར་བ་ཐམས་ཅད་ལས་འདས་ཤིང ། །བག་ལ་ཉལ་བ་ཀུན་སྤངས་པ། །རྨོངས་པས་དགྲ་བཅོམ་གནོད་བསྐྱེད་པའི། །དེ་ཡི་འབྲས་བུ་ཉེ་བར་སྤྱོད། །ཆོས་རྣམས་ཀུན་ ལ་མེ་ལྟ་བུ། །བདེན་པ་རིན་ཆེན་རྣམ་འཇིག་པ། །རྟག་ཏུ་ཁྱོད་ཀྱིས་བརྫུན་སྨྲས་པའི། །དེ་ཡི་གནོད་པ་སྤྱད་པར་གྱིས། །ཕན་ཚུན་དབྱེན་ནི་བྱ་བའི་ཕྱིར། །བསམས་བཞིན་དུ་ནི་ཡང་དང་ཡང ། །ཕྲ་མ་དེ་ནི་མངོན་སྨྲས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །གང་ གི་རྒྱུད་ལ་གདུང་བྱེད་མཆོག་།མཚོན་དང་མེ་དང་དུག་ལྟ་བུའི། །ཁྱོད་ཀྱིས་རྟག་ཏུ་ཚིག་རྩུབ་སྨྲས། །དེ་ཡི་འབྲས་བུ་ཉེ་བར་སྤྱོད། །སྔ་ཕྱི་འབྲེལ་བ་མེད་པའི་ཚིག་།དོན་མེད་རིགས་པ་མེད་པ་དང ། །འབྲེལ་མེད་མང་དུ་སྨྲས་པ་ཡི། །དེ་ཡི་འབྲས་བུ་འདིར་ཐོབ་ 68-1-253b པོ། །སྲོག་ནི་རྟག་ཏུ་ལྷུར་ལེན་པ། །སྲོག་ཆགས་དབང་མེད་འཇིགས་བྱས་ཤིང ། །ཁྱོད་ཀྱིས་མང་དུ་རྣམ་པར་གཙེས། །དེ་ཡི་འབྲས་བུ་མང་པོ་ཐོབ། །ཆགས་པས་ནོན་པའི་ཡིད་ཀྱིས་སུ། །ཁྱོད་ཀྱིས་གཞན་གྱི་ནོར་རྫས་ཕྲོགས། །གང་དག་འདོད་པའི་དབང་ སོང་བ། །དེ་ཡི་དུས་ནི་འདིར་འོངས་སོ། །རྣམ་རྟོག་བུད་ཤིང་བྱུང་གྱུར་པ། །མེ་ནི་གཉིས་པ་འདྲ་བ་ཡིན། །འདོད་པ་དག་ལ་ལོག་པར་སྤྱད། །དོན་མེད་ཅི་ཞིག་ཡོངས་སུ་གདུང ། །གཞན་གྱི་ནོར་ལ་ཆགས་སེམས་པ། །རང་ཉིད་ཀྱི་ནི་བསམ་པས་ བསམས། །དེ་ལ་བྱ་བར་ནུས་པ་མེད། །དེ་ཡི་འབྲས་བུ་དེ་རིང་སྤྱོད། །གང་ལ་གནོད་སེམས་མང་ཡོད་པ། །དེ་ཡིས་གནོད་སེམས་ཡོངས་སུ་བསམས། །དམྱལ་དང་ཉེ་སྟེ་དེ་ལྟ་བས། །ངེད་ཅག་གིས་ནི་ཡོངས་སུ་འདྲེན། །ལོག་པར་སྟོན་པ་མི་བཟད་ དེ། །ལས་གཉིས་རྣམ་པར་འཇིག་བྱེད་པ། །ཁྱོད་ཀྱིས་ལོག་པར་ལྟ་བ་ལ། །གཞན་གྱི་ཡིད་དག་མངོན་པར་བཅུག་།ལུས་དང་ངག་དང་ཡིད་རྣམས་ཀྱིས། །སྡིག་པའི་ཆོས་ནི་འདི་དག་སྟེ། །གཏི་མུག་རྗེས་སུ་ཞུགས་ཁྱོད་ཀྱིས། །བྱས་ཤིང་གཞན་ དག་རབ་ཏུ་སྦྱར། །བྱས་པས་ངེས་པར་འགྲོ་བ་ཡི། །དམྱལ་བ་དྲག་པོ་འདི་ཐོབ་སྟེ། །ངེད་ཅག་གིས་ནི་ཡོངས་བསྐོར་བ། །གཏི་མུག་ཅི་ཞིག་ཡོངས་སུ་གདུང ། །རྒྱ་མཚོའི་ཁྱད་པར་གང་ཡིན་པ། །གང་གི་ཁྱད་པར་ཆུ་ཐིགས་ཙམ། །གང་དག་མི་བཟོད་ཐོབ་ པ་ཡི། །སྡུག་བསྔལ་འདི་ནི་དེ་ཙམ་མོ། །མི་ནི་གང་ཞིག་སྡིག་བྱེད་པ། །དེ་བདག་ངེས་པར་ཕངས་མི་བྱེད། །བདག་གི་ཡིད་ལ་སྡིག་པ་བྱས། །སྡིག་པས་སེམས་ཅན་དམྱལ་བར་འཚེད། །སྡིག་པས་སྡིག་པའི་རྗེས་སུ་འགྲོ། །དེ་བཞིན་དགེ་བས་དགེ་བར་ མཐོང ། །སྡིག་བྱེད་དགེ་ལ་སྡང་བ་ནི། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །མི་དགེའི་བློ་ཡིས་དགེ་བ་དག་།བཏང་ནས་ཅི་ཕྱིར་སྡིག་པར་འགྲོ། །རྨོངས་པས་རིན་ཆེན་བོར་ནས་སུ། །ཅི་ཕྱིར་རྡོ་ཡི་རྗེས་སུ་རྒྱུག་།སངས་རྒྱས་རིན་ཆེན་ལ་སོགས་ 68-1-254a པ། །སྣ་ཚོགས་ཆོས་ཀྱིས་མཚུངས་པར་གང ། །མི་ཡི་ཆོས་ནི་ཐོབ་པ་དག་།ཅི་ཕྱིར་མང་དུ་སྤྱད་མི་བྱ། །སྡིག་པ་ཡོངས་སུ་སྤངས་པ་ཡི། །སེམས་ནི་རྟག་ཏུ་དགེ་བ་དག་།མྱ་ངན་འདས་པ་ལག་ན་ཡོད། །རྟོག་པ་རྣམས་ ཀྱིས་མི་མཐོང་ངོ ། །ཐོག་མ་དབུས་དང་མཐར་དགེ་བ། །བདེ་བའི་ཆོས་ནི་རྟག་ཏུ་འབྱུང ། །ཐོག་མ་དབུས་དང་མཐར་མི་དགེ། །སྡིག་པའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟར་རྟག་ཏུ་སྡིག་སྤངས་ཤིང ། །རྟག་ཏུ་དགེ་ལ་དམིགས་པར་གྱིས། །སྡིག་པ་ ཡོངས་སུ་སྤངས་པ་ནི། །རྟག་ཏུ་བདེ་ལ་གནས་པ་ཡིན། །འཁོར་བ་ཐོག་མ་མེད་པ་ནས། །ཡང་དང་ཡང་དུ་སྡིག་པས་གདུངས། །བྱིས་པ་གཏི་མུག་དབང་སོང་བ། །ཅི་ཡི་ཕྱིར་ན་སྐྱོ་མི་བྱ། །སྡིག་པ་ཡིས་ནི་སྔོན་བསྲེགས་ཤིང ། །ཕྱི་ནས་མེ་ཡིས་ སྲེག་པར་བྱེད། །སྡིག་པའི་རྒྱུ་ལས་བྱུང་བའི་དམྱལ། །སྡིག་པ་རྣམས་སུ་ཡོངས་སུ་འཚེད། །སྡིག་པ་དོན་མེད་སྨྲ་བ་ནི། །སེམས་ནི་ཡང་བས་སྨྲ་བར་བྱེད། །ཚ་བ་གང་གིས་ཡོངས་སྲེག་པ། །ཅི་ཡི་ཕྱིར་ན་སྡིག་པར་བྱེད། །ཁྱོད་ནི་སྒོ་དག་དུ་མར་ གྱུར། །དེ་ལྟ་བས་ན་སྡུག་བསྔལ་འགྱུར། །དེ་ལྟར་དེ་ནི་བསྡིགས་པ་ན། །གཤིན་རྗེའི་ཕོ་ཉ་དུ་མ་ཡིས། །ལས་ཀྱི་ཞགས་པའི་དབང་སོང་ལ། །མི་བཟད་དམྱལ་བར་འཁྲིད་པར་བྱེད། །དེ་ཡི་ཡན་ལག་དང་ཉིང་ལག་ཐམས་ཅད་ ཤིང་ཁོང་སྟོང་གི་ནང་ན་མེ་འབར་བ་ལྟ་བུས་བསྲེགས་ཤིང་ཐག་ཉེ་བ་ན་སེམས་ཅན་དམྱལ་བ་ཆེན་པོའི་སྒོ་གང་དཔེ་བྱ་བར་ཡང་མི་ནུས་པ་མཐོང་ངོ ། །འདིར་ཚིགས་སུ་བཅད་པ། གྲུ་བཞི་པ་ལ་སྒོ་བཞི་ཡོད། །དཔག་མེད་སྦྲུལ་གྱིས་རྣམ་པར་ཕྱེ། །སེམས་ཅན་ དམྱལ་བ་དུ་མ་དུ་མ་དག་།དབང་མེད་དེར་ནི་འཚེད་པར་བྱེད། །དེ་ལྟར་དེ་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྒྲ་ཆེན་པོ་ཤིན་ཏུ་མི་བཟད་པ་རྩུབ་པ་ཚ་བ་མི་སྙན་པ་ཐ་དད་པ་འཇིགས་སུ་རུང་ཞིང་གཞན་དང་མཚུངས་པ་མེད་པ་ཐོས་ནས་མི་འཐུན་པ་དག་དཔག་ཚད་ཉི་ཁྲི་ལྔ་ 68-1-254b སྟོང་ནས་དེ་མངོན་པར་ཐོས་སོ། །ཐོས་ནས་གང་སེམས་ཅན་དམྱལ་བ་གཞན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ཐམས་ཅད་བརྗེད་ནས་སེམས་འཁྲུགས་པར་གྱུར་ཅིང་དེ་ལས་གཞན་པ་སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱང་ བྱས་པའི་སྡུག་བསྔལ་བརྗེད་ནས་འཆི་བའི་དུས་བྱེད་ན། གང་གིས་སྔོན་གྱི་སྒྲ་དེ་དག་རྣམས་ཀྱང་མ་ཐོས་པ་ལྟ་སྨོས་ཀྱང་ཅི་དགོས། སེམས་ཅན་དམྱལ་བ་པའི་སྣང་བ་བྱས་པའི་སྲིད་པ་བར་མ་ལ་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་པ་དེའི་སེམས་རྣམ་པར་རྨོངས་ཏེ། ཡང་ཕྱིར་ཞིང་སྒྲ་དེས་བཅུ་འགྱུར་དུ་རྣམ་པར་རྨོངས་སོ། །དེའི་སྡུག་བསྔལ་གྱི་རྣམ་པ་མཐའ་དང་མུ་མེད་པ་ལུས་དང་ཡིད་ལ་སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་དེ་ཕྱིར་ཞིང་རྨི་ལམ་གྱི་གཟུགས་བརྙན་ལྟ་བུར་རྣམ་པར་འཁྲུག་པར་འགྱུར་རོ། །དེ་མནར་མེད་པ་དང་ ཉེ་བར་གནས་པ་དེའི་ཚེ། ལས་ཀྱིས་བསྐྱེད་པ་ལས་ཀྱིས་བྱས་པའི་རླུང་གྲང་བ་ལྡང་སྟེ། ཁྱད་པར་གང་སའི་འོག་ན་ཆུ་ཡོད་ཅིང ། སའི་འོག་གི་བར་ན་ཆུ་གནས་པ་བར་གྱི་བསྐལ་པའི་ཉི་མ་ཐམས་ཅད་ཀྱིས་ཀྱང་སྔོན་མ་རེག་པ་དེ་ལྟ་བུ་བས་ཀྱང་དེ་གྲང་སྟེ། གང་ མིའི་ཆབ་རམ་ཤིན་ཏུ་གྲང་བ་དང་འདྲའོ། །ཆུ་དེ་དག་པས་ཤིན་ཏུ་གྲང་བ་ལས་ཀྱིས་བྱས་པའི་སྤུ་གྲི་ལྟ་བུའི་རླུང་དེ་རི་དཔག་ཚད་བཅུ་པ་ཡང་སྒྱེལ་ནུས་པར་ལྡང་སྟེ། ཕལ་ཆེར་རླུང་དེའི་ནང་དུ་བཅུག་ནས་སྲིད་པ་བར་མ་པའི་གྲང་བ་རྣམ་པ་དེ་ལྟ་བུས་གཟུགས་ལ་སོགས་ པའི་ཕུང་པོ་བདས་སོ། །འདི་ལྟར་དེ་དང་འཐུན་པའི་ཉི་མ་བདུན་ཤར་བའི་ཚ་བ་སྟོང་པས་ལྷག་པར་ཚ་བའི་མེ་མངོན་པར་འབར་རོ། །སྲིད་པའི་ཡན་ལག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་ངོ ། །དེ་འདོད་པ་བསྐྱེད་མ་ཐག་ཉིད་དུ་ སྲིད་པ་བར་མའི་ཕུང་པོ་འགག་པར་འགྱུར་ལ་སྲིད་པ་གཞན་དུ་སྐྱེ་བའི་ཚོར་བའི་ཕུང་པོ་དག་འབྱུང་བར་འགྱུར་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མིག་ལྔ་དང ། བཞི་དང ། གསུམ་འབྱུང་བ་དེ་བཞིན་དུ་ལས་ཀྱི་དབང་གིས་མི་འདྲ་བའི་ལུས་དཔག་ཚད་གཅིག་ 68-1-255a པ་མངོན་པར་འགྲུབ་པར་འགྱུར་རོ། །དེ་མགོ་ཐུར་དུ་བསྟན་ཅིང་རྐང་པ་གྱེན་དུ་བསྒྲེང་སྟེ་ལྟུང་བ་ན་མནར་མེད་པའི་མེ་ལྕེ་རབ་ཏུ་འབར་བའི་ཤུགས་ཀྱིས་བརྡབས་ཤིང་རབ་ཏུ་ཉམས་པ་ལོ་ཉིས་སྟོང་དུ་འགྲོའོ། །དེ་ལྟར་སྤྱིའུ་ཚུགས་སུ་དེ་མནར་མེད་པའི་ སར་སོང་སྟེ། དེའི་འོག་ན་དེ་ལས་གཞན་པ་འདི་ལྟ་སྟེ། མནར་མེད་པ་མེད་དོ། །འདོད་པའི་ཁམས་འདིའི་མཐའ་ནི་མནར་མེད་པ་ཡིན་ལ་གཟུགས་ཀྱི་ཁམས་ཀྱི་མཐའ་ནི་གྱེན་དུ་དྲངས་ཏེ་འོག་མིན་གྱི་ལྷའི་བར་ཡིན་ཏེ་ཁམས་གཉིས་སོ། །དེ་ལྟར་དེ་ལྟུང་བ་ན་སྐྱེ་ བའི་སྲིད་པ་ཐོབ་ནས་དེ་མ་ཐག་པའི་རྐྱེན་གྱིས་རྟག་ཏུ་གནོད་ཅིང་སྡུག་བསྔལ་གྱི་ཤུགས་རབ་ཏུ་འབྱུང་སྟེ། དེའི་དྲུང་ན་རབ་ཏུ་ཚ་བར་སྐྱེས་པའི་སེམས་ཅན་དམྱལ་བ་པ་དག་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་འདྲ་བར་མངོན་ནོ། །དེ་འབར་བ་འཁྲུགས་ཤིང་མི་བཟད་པའི་ སེམས་ཅན་དམྱལ་བའི་ནང་དུ་སྐྱེས་སོ། །སྐྱེས་མ་ཐག་ཏུ་སེམས་ཅན་དམྱལ་བ་པའི་མེས་ཡུད་ཙམ་ཞིག་གདུངས་ཏེ། དེའི་ཚེ་ལུས་ཡོངས་སུ་བསྲེགས་ཤིང་ཚ་བར་འགྱུར་རོ། །དེའི་གནས་དེ་ཡོངས་སུ་ཚོལ་བར་བྱེད་དེ། གལ་ཏེ་རིའི་རྒྱལ་པོ་རི་རབ་ལ་འཁྱུད་ ཅིང ། དེ་ལྟར་དེ་སྟོང་ཕྲག་དྲུག་ཅུར་ཡོངས་སུ་བསྐོར་ལ། དེ་ཆུ་བོ་དང ། ཤིང་ལྗོན་པ་དང ། ལྟེང་ཀ་དང ། ནགས་ཚལ་དུ་བཅས་པ་བསྐོར་བ་ཙམ་གྱིས་སེམས་ཅན་དམྱལ་བ་པའི་མེ་དུ་མས་སྲེག་པར་བྱེད་དེ། དེ་སེམས་ཅན་དམྱལ་བ་པ་གཞན་ཡུན་རིང་ དུ་སྐྱེས་པ་དག་ནི་མ་གཏོགས་སོ། །དེ་ལྟར་སྲེག་པ་འདི་ཆུང་ཟད་འདྲ་བ་བསྟན་པ་ནི་འདི་ལྟར་མེ་ཤིན་ཏུ་ཚ་བས་དོག་ལེ་ཡོངས་སུ་བསྲེགས་པའི་ནང་དུ་སྣུམ་གྱི་ཐིགས་པ་གཅིག་བསྲེགས་པ་དེ་བཞིན་དུ་ལས་ཀྱི་རྒྱུ་གཅིག་གིས་མནར་མེད་པར་སྐྱེས་པའི་ལུས་ལས་འབྱུང་པོའི་ ཚོགས་གནས་དང་བཅས་པ་དང ། རི་དང ། ལྷ་དང ། ལྷ་མ་ཡིན་དང ། རི་ཆེན་པོ་དང ། སྨན་ལྗོངས་དང ། གླིང་དང ། ཚལ་དུ་བཅས་ཤིང་རྒྱ་མཚོ་དང་བཅས་པ་སྲེག་གོ་།གང་གིས་ལས་གཉིས་བྱས་ན་དེས་རྒྱ་མཚོ་གཉིས་སྔ་མ་བཞིན་སྲེག་གོ། ། 68-1-255b གང་གིས་གསུམ་བྱས་ན་རྒྱ་མཚོ་གསུམ་སྲེག་གོ། །དེ་ལྟར་བཞིས་རྒྱ་མཚོ་བཞི་སྟེ། ལུས་ལ་དོག་ལེ་བསྲེགས་པ་བཞིན་ལྷུང་མ་ཐག་ཏུ་སྲེག་གོ། །རི་ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་དང ། རྒྱ་མཚོར་གཏོགས་པ་དག་ནི་ཀླུ་དང ། ལྷ་མ་ཡིན་དང ། དུད་འགྲོར་སྐྱེས་པའི་ཚོགས་དང་བཅས་པ་དང ། མིའི་གནས་བཞི་དང ། འདོད་པ་ན་སྤྱོད་པའི་ལྷ་དྲུག་དག་གི་སྐྱབས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མནར་མེད་པའི་སེམས་ཅན་དམྱལ་བ་པ་དག་གི་ལུས་དྲི་ང་བ་དེས་དེ་དག་ཐམས་ཅད་མ་རུང་བར་འགྱུར་ཏེ། དེ་ ལྟར་སེམས་ཅན་དམྱལ་བ་པ་དག་དྲི་ང་བའི་ལུས་ལས་དྲི་འབྱུང་ངོ ། །རི་མཐོན་པོ་དག་གིས་དྲི་དེ་ཡོང་མི་ཚོར་ཏེ། སེམས་ཅན་དམྱལ་བ་པ་དེ་ལས་བྱས་ཤིང་བསྐྱེད་པ་དང ། མ་བསྐྱེད་པ་དང ། རྣམ་པར་ཕྱེ་བའི་དྲི་ང་བ་དེ་དྲི་གཞན་གྱིས་དཔེ་བྱ་བར་མི་ནུས་སོ། ། དེའི་ཚེ་སེམས་ཅན་དམྱལ་བ་པ་རྣམས་ཀྱི་བྱའི་རིགས་དག་འབྱུང་བར་འགྱུར་ཏེ། མཆུ་རབ་ཏུ་འབར་བ་མཁྲང་ཞིང་རྣོ་ལ་ཤུགས་སེར་བ་མྱུར་དུ་འབབ་པ་ལྟ་བུའི་ཤུགས་ཀྱིས་སེམས་ཅན་དམྱལ་བ་པ་དེ་དག་ཐམས་ཅད་ཀྱི་ལུས་དང ། པགས་པ་དང ། ཤ་དང ། ཚིལ་ དང ། རུས་པ་དང ། རྐང་རྣམས་རབ་ཏུ་འདྲེན་ཏེ། འདི་ལྟ་སྟེ། མེ་ལས་མེ་འབྱུང་བ་དེ་བཞིན་དུ་འབྱུང་ཞིང་དེར་གནས་དེར་འགྲོ་དེ་ལ་ཟའོ། །སེམས་ཅན་དམྱལ་བ་པ་རྣམས་ཀྱི་ཤ་ཟོས། རུས་པ་ཕུག་།ཤ་དྲངས་ནས་ཁྲག་ལ་འཐུང་ངོ ། །དེ་དག་ཀྱང་ཟོས་ ནས་རྐང་དག་ལ་ཟའོ། །དེ་ནས་ངུ་ཞིང་ཆོ་ངེས་འདེབས་ལ་ཡོངས་སུ་སྨྲེ་སྔགས་འདོན་ཅིང་རྨོངས་པ་ན་བྱའི་རིགས་གཞན་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། བྱ་མེ་ལྕེ་སྤྱོད་པ་ཞེས་བྱ་བས་གང་མེ་ལྕེའི་ནང་དུ་ཞུགས་ནས་སྲེག་སྟེ། མཐོང་མ་ཐག་ཏུ་སེམས་ཅན་ དམྱལ་བ་པ་རྣམས་ཀྱི་གླད་པ་ཕུག་ནས་ཁྲག་འཐུང་ངོ ། །བྱ་གླད་པའི་བར་ན་རྒྱུ་ཞེས་བྱ་བས་གླད་པ་ཕུག་ནས་མཆུ་རབ་ཏུ་འབར་བས་གླད་རྒྱས་འཐུང་ངོ ། །བྱ་ཟས་སུ་ལྕེ་ཟ་ཞེས་བྱ་བས་ལྕེ་ཁ་གཉིས་སུ་དྲངས་ནས་རབ་ཏུ་ཟ་བར་བྱེད་དོ། །དེ་ཡང་ཟོས་ཤིང་ 68-1-256a ཡང་པད་མའི་འདབ་མ་ལྟར་ཤིན་ཏུ་འཇམ་པ་སྐྱེའོ། །བྱ་སོ་འབྱིན་ཞེས་བྱ་བས་མཆུ་གཉི་ག་ཕྲ་སྐམ་ལྟར་འཛིན་ཅིང་རབ་ཏུ་འབར་བས་སོ་ཐམས་ཅད་འབྱིན་པར་བྱེད་དོ། །བྱ་མིད་པ་ལ་སོགས་པ་འདྲེན་པ་ཞེས་བྱ་བས་གང་མིད་པའི་ཤ་དག་ཞིབ་མོར་འཐུབ་ ཅིང་ཟ་བར་བྱེད་དོ། །བྱ་གློ་བ་ཟ་བ་ཞེས་བྱ་བས་གང་གློ་བ་དག་ཟ་བར་བྱེད་དོ། །བྱ་སྙིང་ཟ་བ་ཞེས་བྱ་བས་གང་སྙིང་དག་གཤེགས་ནས་ཟ་བར་བྱེད་དོ། །བྱ་ཕོ་བ་ཟ་བ་ཞེས་བྱ་བས་ཕོ་བ་གཤེགས་ནས་དེར་ཞུགས་ཏེ་རོ་བྲོ་བ་ཟ་བར་བྱེད་དོ། །བྱ་མཆིན་པ་འཇིག་བྱེད་ཅེས་བྱ་ བས་གང་མཆིན་པ་དག་ཟ་བར་བྱེད་དོ། །བྱ་བུ་གར་ཟ་བ་ཞེས་བྱ་བས་གང་སེམས་ཅན་དག་གི་བུ་ག་ཟ་བར་བྱེད་དོ། །བྱ་སྒལ་ཚིགས་ཟ་ཞེས་བྱ་བས་གང་སྒལ་ཚིགས་དག་ཕུག་ནས་གཞུངས་པ་དག་ཟོས་ཏེ་ཕྱིར་འབྱུང་ངོ ། །བྱ་གནད་གསང་ཞེས་བྱ་བས་གང་གནད་ཀྱི་ བར་ཐམས་ཅད་ཕུག་ཅིང་གནད་དག་ཕྱེ་སྟེ། བར་དུ་ཞུགས་ནས་ངུ་བཞིན་ངུ་རྐང་གི་བཅུད་འཐུང་ངོ ། །བྱ་ཁབ་ལྟར་འབིགས་ཞེས་བྱ་བས་གང་མཆུ་ཁབ་ལྟ་བུས་ཁྲག་འཐུང་ངོ ། །དེ་བཞིན་དུ་བྱ་འགྲམ་རུས་ཀྱི་བར་དུ་ཞུགས་ཤིང་རུས་པ་གཞན་དག་ཕུག་ནས་རུས་པའི་བར་ ན་གནས་ཞེས་བྱ་བས་ཕྱི་རོལ་ན་ཡང་ཟ་བར་བྱེད་དོ། །བྱ་པགས་པ་རྣམ་དྲུག་ཟ་ཞེས་བྱ་བས་གང་པགས་པ་རྣམ་པ་དྲུག་ཟ་བར་བྱེད་དོ། །བྱ་སེན་མོ་འབྱིན་ཞེས་བྱ་བས་གང་སེན་མོ་ཐམས་ཅད་འབྱིན་ཏོ། །བྱ་ཚིལ་ཟ་ཞེས་བྱ་བས་གང་པགས་པ་དག་ཕུག་ནས་ཚིལ་ཟ་བར་བྱེད་ དོ། །བྱ་རྒྱུས་པ་འབྱིན་ཞེས་བྱ་བས་གང་རྒྱུས་པ་ཐམས་ཅད་ཕྱུང་ནས་ཟའོ། །བྱ་སྐྲ་ཤད་འཛིངས་ཞེས་བྱ་བས་སྐྲ་དྲུང་ནས་འབྱིན་པར་བྱེད་དོ། །དེ་ལྟར་དེ་མནར་མེད་པའི་ཕྱོགས་དཔག་ཚད་སུམ་སྟོང་ན་བྱ་འཇིགས་འཇིགས་ལྟར་འདུག་པ་ཞེས་བྱ་བ་དེས་སེམས་ཅན་ དམྱལ་བ་པ་དེ་ལས་གཞན་པ་རྣམས་ཀྱིས་དེ་མ་ཐག་ཏུ་ལོ་འབུམ་ཕྲག་དུ་མར་ཟ་བར་བྱེད་ཅིང་ཡང་སླར་འབྱུང་བར་བྱེད་དོ། །དེ་གལ་ཏེ་ཡང་མནར་མེད་པ་ན་བྱ་འཇིགས་འཇིགས་ལྟར་འདུག་པའི་ཕྱོགས་དེ་དག་ལས་ཐར་ན་སྡུག་བསྔལ་གྱི་དྲ་བ་ཐམས་ཅད་ཀྱིས་ཡོངས་སུ་དཀྲིས་པད་མ་ 68-1-256b གྲོག་དང་གཡང་ས་ཞེས་བྱ་བའི་ཕྱོགས་གཉིས་པ་ཡོད་དེ། དེར་མགོན་འདོད་པ། སྐྱབས་འདོད་པ། སྐྱོབ་པར་འདོད་པ་འགྲོ་བ་ན། ཀུན་ནས་མེ་ལྕེའི་ཕུང་པོ་བཅུ་གཅིག་གིས་ཁེབས་ཤིང་གྲོགས་མེད་ལ་ལས་ཀྱི་ཞགས་པའི་བཅིང་བས་བཅིངས་ནས་ཕྱི་ནང་ཀུན་ཏུ་དགྲས་ གང་བའི་དགོན་པར་ཞུགས་སོ། །སེམས་ཅན་དམྱལ་བའི་ཚོགས་ཐམས་ཅད་པས་ཆེས་ཤིན་ཏུ་ཉོན་མོངས་པར་ཞུས་ལ་ངམ་གྲོག་དང་གཡང་ས་ཞེས་བྱ་བའི་ཕྱོགས་སུ་རྒྱུག་སྟེ། དེར་ལྷུང་ནས་རྐང་པ་རབ་ཏུ་སྲེག་གོ། །བཏེག་པ་དང་ཤིན་ཏུ་འཇམ་ཞིང་གཞོན་ཤ་ཅན་དུ་ འགྱུར་ཏེ། སྡུག་བསྔལ་ཚ་ཞིང་མི་བཟད་པའི་སྡུག་བསྔལ་གྱིས་མངོན་པར་གདུངས་སོ། །དེ་ལྟར་དེ་འཇིགས་ཤིང་བཞིན་མདོག་མོག་མོག་པོར་གྱུར་པའི་རྐང་ལག་དང་ཡན་ལག་ཐམས་ཅད་རབ་ཏུ་ཞུམ་པ་ན་ངམ་གྲོག་དང་གཡང་ས་ཞེས་བྱ་བའི་ཡུལ་དེ་འབྱུང་བར་འགྱུར་ཏེ། ངམ་གྲོག་དང་གཡང་ས་དཔག་ཚད་སུམ་སྟོང་ཡོད་པའི་ཡུལ་དེར་དེ་ལྷུང་བར་འགྱུར་རོ། །ཡང་ལས་ཀྱིས་བྱས་པའི་རླུང་གིས་འདེག་ཅིང་དེ་འདོར་བ་ན། བྱ་ཀང་ཀ་དང ། ཁཝ་དང ། བྱ་རྒོད་དང ། འུག་པ་རྣམས་ཀྱིས་ཟ་བར་བྱེད་དོ། །དེ་ནས་ཡང་རླུང་སྤུ་གྲི་དང་མེ་ ལྟ་བུས་གྱེན་དུ་འདེག་ཅིང་འདོར་བ་ན། དེ་དག་ཉིད་ཀྱིས་ཟ་བར་བྱེད་དེ། དེ་ལྟར་དེ་འདེག་ཅིང་འདོར་བ་ལོ་འབུམ་ཕྲག་དུ་མར་བྱེད་དོ། །དེ་ལ་གལ་ཏེ་ཡང་དེ་ལས་ཐར་ན་འཁོར་ལོ་ལྟར་ཡོངས་སུ་བསྐོར་བ་མཚན་མའི་བར་ཞེས་བྱ་བའི་ཕྱོགས་སུ་རྒྱུག་གོ། །ཕྱོགས་དེར་ཡང་ འཁོར་ལོའི་རྩིབས་སྟོང་ཡོད་ལ་ལྟེ་བ་རྡོ་རྗེ་ལས་བྱས་པ་ཤིན་ཏུ་འབར་ཞིང་མྱུར་བར་འཁོར་བ་འབྱུང་སྟེ། དེ་དང་ལྷན་ཅིག་འགྲོ་བ་ཉིད་ཀྱིས་འཁོར་ལོ་དེ་ལུས་ལ་བབ་ནས་འཁོར་རོ། །མགོའི་འཁོར་ལོ་གཅིག་གིས་གླད་པ་འཐག་པར་བྱེད། དེ་ནས་གླད་རྒྱས་རབ་ཏུ་འབར་བ་ དག་འབྱུང་བ་ནས་མིག་གི་བར་དུ་འབྱུང་བར་བྱེད་དོ། །ཕྲག་པ་གཉིས་ཀ་ལ་འཁོར་ལོ་གཉིས་འཁོར་ཏེ་དེས་རུས་པ་དང་རྐང་དག་ཕྱེ་མར་རློག་གོ། །ལག་པ་གཉིས་ལ་ཡང་འབྱུང་སྟེ། དེས་གཙུབ་ཤིང་བཞིན་དུ་ལག་པ་གཉི་ག་ལ་མེ་འབྱུང་ལ། དེ་མེ་ཉིས་འགྱུར་ 68-1-257a གྱིས་སྲེག་གོ། །དེ་བཞིན་དུ་དེའི་བྲང་ལ་འཁོར་ལོ་རབ་ཏུ་འབར་བ་ཡོངས་སུ་འཁོར་ཏེ་དེས་དེའི་རུས་པ་ཐམས་ཅད་བཅོམ་བཅོམ་ནས་འཐག་སྟེ། བྱེ་མའི་ཕྱེ་མ་བཞིན་དུ་བྱེད་དོ། །དེའི་རྒྱབ་ལ་ཡང་ལྕགས་ཀྱི་མེ་མདག་གིས་རེག་ཅིང་འཁོར་ལོ་ རྩིབས་སྟོང་པ་འཁོར་ཏེ། དེས་བྲང་གི་ཕྱོགས་དང ། རྒྱབ་ཀྱི་རུས་པར་གཏོགས་པ་ལ་སོགས་པ་ཐམས་ཅད་འཇོམས་སོ། །དེ་ནས་དེའི་མདོམས་སུ་ལྕགས་ཀྱི་མཚོན་བྲང་ཀོལ་ལི་ཀ་འབྱུང་སྟེ། དེས་མདོམས་ཐམས་ཅད་གཙུབ་ཤིང་བཞིན་དུ་གཙུབས་ ནས་འདྲེན་པར་བྱེད་ཅིང་དེའི་ལོང་ཀ་ཐམས་ཅད་འབིགས་པར་བྱེད་དོ། །ཕུག་ནས་ཀྱང་རྒྱུ་མ་དག་ལ་ཡང་འབིགས་པར་བྱེད་དོ། །པུས་མོའི་ལྷ་ང་ལ་ཡང་འཁོར་ལོ་འབྱུང་སྟེ། དེས་པུས་མོའི་ལྷ་ང་དེ་འབིགས་པར་བྱེད་དོ། །དེ་བཞིན་དུ་ལོང་བུ་ལ་ཡང་འབྱུང་སྟེ། དེས་ དེའི་རུས་པ་དག་ཕུག་ནས་རྐང་དག་ཟ་བར་བྱེད་དོ། །དེའི་རྐང་མཐིལ་ལ་ཡང་ཕུར་བུ་རྣམས་ཀྱིས་འབིགས་པར་བྱེད་དེ། དེས་ཀྱང་གདུང་བ་ཆེར་བྱས་ཤིང་སྡུག་བསྔལ་སྐྱེད་པར་བྱེད་དོ། །དེ་ལྟར་ལས་ཀྱི་མཐའ་ཉེས་པར་བྱས་པ་སྤྱོད་པ་མནར་མེད་པའི་སྡུག་བསྔལ་ རང་གི་ལས་ཀྱིས་བྱས་པ་ཐུན་མོང་མ་ཡིན་པ་མི་བཟད་པ་ཚ་བ་རྩུབ་པའི་གནོད་པ་དག་ལོ་འབུམ་ཕྲག་དུ་མར་འབྱུང་བར་འགྱུར་རོ། །དེ་གལ་ཏེ་ཡང་དེ་ལས་ཐར་ན་གནོད་པ་མྱོང་བཞིན་དུ་འབྲོས་པར་བྱེད་དོ། །མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་ བྲོས་པ་ན་རི་ཆེན་པོ་ཞིག་ཡོད་པར་མཐོང་ནས་དེ་ལ་རྒྱུག་གོ། །རི་དེ་ཡང་སྲིན་བུ་མར་ཀོ་ཏ་ཀ་ཡན་ལག་དང་ཉིང་ལག་རབ་ཏུ་འབར་བ་རྣམས་ཀྱིས་གང་ལ། དེ་ལྟར་དེ་སྲིན་བུ་མར་ཀོ་ཏ་ཀ་རེག་ན་རྟག་ཏུ་མེ་ལྟར་ཚ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་རྣམས་ཀྱིས་དེ་ཀུན་ནས་ ཡོངས་སུ་བསྐོར་ནས་རྡུལ་ཕྲན་ཙམ་དུ་ཟ་བར་བྱེད་དོ། །ཆོ་ངེས་འདེབས་པ་ན་སྲིན་བུ་མར་ཀོ་ཏ་ཀ་ཁའི་ནང་དུ་ཡང་ཞུགས་ནས་མིད་པར་སོང་སྟེ། ཕོ་བ་དང ། ལོང་ཀའི་ནང་དུ་ཞུགས་ནས་ཟ་བར་བྱེད་ཅིང་དེ་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་དག་མྱོང་ངོ ། །གང་སྔོན་ཤིན་ 68-1-257b ཏུ་ཉེས་པར་སྤྱད་པ་བྱས་པ་དང ། གང་མནར་མེད་པ་བྱས་པ་དང ། མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དེ་ནི་རྒྱུ་དེ་དང་འཐུན་པའི་འབྲས་བུ་ཉེ་བར་སྤྱོད་པར་འགྱུར་ཏེ། དེ་ལྟར་དེ་སྲིན་བུ་མར་ཀོ་ཏ་ཀའི་རི་དེར་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་ རོ། །གལ་ཏེ་ཡང་དེ་ལས་ཐར་ན་ཤ་ཟ་བ་སེང་གེ་དང ། སྟག་དང ། དྲེད་དང ། གུང་དང ། དོམ་གྱིས་གང་བའི་ཚལ་དུ་རྒྱུག་པ་དང ། དེ་རྣམས་ཀྱིས་དེ་བཟུང་ངོ ། །བཟུང་ནས་ཀྱང་ཡན་ལག་རབ་ཏུ་ཟ་བར་བྱེད་དེ། ལ་ལ་ནི་གླད་པ་བརྟོལ་ནས་གླད་ རྒྱས་ཟ་བར་བྱེད། ལ་ལ་ནི་བརླའི་ངོས་ལ། ལ་ལ་ནི་རྒྱུ་མ་ལ། ལ་ལ་ནི་གཉེ་མ་ལ། ལ་ལ་ནི་ལོང་ཀ་ལ། ལ་ལ་ནི་ཕོ་བ་ལ། ལ་ལ་ནི་བྱིན་པའི་སྦུ་གུ་ལ། ལ་ལ་ནི་པུས་མོ་ལ། ལ་ལ་ནི་རྐང་པ་ལ། ལ་ལ་ནི་རྐང་མཐིལ་ལ་ཟ་སྟེ། དེ་ལྟར་དེ་བཟའ་ བཟའ་ནས་ཡང་ཤིན་ཏུ་གཞོན་ཤ་ཅན་དུ་འབྱུང་བར་འགྱུར་རོ། །ཤིན་ཏུ་གཞོན་ཤ་ཅན་དེ་ལ་ཡང་དང་ཡང་དུ་ལྷག་པར་སྡུག་བསྔལ་མྱོང་བར་འགྱུར་ལ་ཡང་ཟོས་ན་ཡང་དེའི་ཤ་རྫོགས་པར་སྐྱེ་བར་འགྱུར་ཏེ། དེས་སྲོག་གཅོད་པ་བྱས་ཤིང་བསགས་པའི་འབྲས་བུ་ ནི་དེ་ཡིན་ནོ། །དེ་ལྟར་དེ་རང་གིས་བྱས་པ་གཞན་དང་མི་འདྲ་བའི་སྡིག་པའི་ལས་དེ་ལོ་འབུམ་ཕྲག་དུ་མར་མྱོང་བར་འགྱུར་རོ། །དེ་ནས་ཡང་དགེ་སློང་དེ་མ་བྱིན་པར་ལེན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་འབྲས་བུ་སོ་སོ་ཡང་དག་པར་མྱོང་བ་ལ་རྟོག་ པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་དེ་ཉེས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ་མགལ་མེའི་འཁོར་ལོ་དང ། དྲི་ཟའི་གྲོང་ཁྱེར་དང ། རི་དགས་སྐོམ་པ་ལྟ་བུ་དག་ལ་དོན་གྱི་རྣམ་པ་ཆེན་པོ་དབྱིག་དང ། ནོར་བུ་དང ། གོས་དང ། ནོར་དང ། འབྲུའི་ཚོགས་སུ་ལྟའོ། །དེ་ལྟར་དེ་ཆགས་པས་ཟིལ་གྱིས་ནོན་ལ། ལས་ཀྱི་རྨོངས་པ་དག་འདི་སྙམ་དུ་སེམས་ཏེ། འདི་དག་ནི་བདག་གི་ཡིན་ནོ་སྙམ་མོ། །དེ་ལྟར་རྨོངས་པ་སྡིག་པ་བྱེད་པ་དེ་མེ་མདག་རབ་ཏུ་འབར་བའི་ཆུ་བོ་དག་ལས་ 68-1-258a རྒལ་ནས་རྫས་ཀྱི་རྣམ་པ་དེ་དག་གི་དྲུང་དུ་རྒྱུག་པ་དང ། ལས་ཀྱིས་བྱས་པའི་གཤིན་རྗེའི་མི་རྣམས་ཀྱིས་བཟུང་སྟེ། དེ་མཚོན་ཆའི་དྲ་བའི་ནང་དུ་བཅུག་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་གཤེག་ཅིང་གཅོད་ལ་སྲེག་སྟེ་རུས་པའི་ལྷག་མ་མ་ལུས་ པར་བྱེད་ཀྱང་དེ་ཐོག་མ་མེད་པའི་དུས་ནས་ཞུགས་པ་དེ་གནས་སྐབས་དེ་དག་ཏུ་ཡང་འདོད་པ་དེ་སྤོང་བར་མི་བྱེད་དོ། །འདིར་ཚིགས་སུ་བཅད་པ། བུད་ཤིང་ལྟ་བུའི་རྟོག་བྱུང་བས། །ང་རྒྱལ་ཕྲག་དོག་མེ་ལྟར་འབར། །ཤིང་གི་མེས་ནི་མི་སྲེག་གི། །འཇིག་རྟེན་འདོད་ པའི་མེས་སྲེག་གོ། །འདོད་པའི་དུག་གིས་ཟིན་པ་གང ། །དེ་དག་ལ་ནི་བདེ་བ་མེད། །འདོད་པ་བསྙེན་ཅིང་བསྟེན་བྱས་ན། །ཕྱིར་ཡང་དེ་བཞིན་རབ་ཏུ་འཕེལ། །ཇི་ལྟ་ཇི་ལྟར་འདོད་གྱུར་ན། །འདོད་པ་དུ་མ་འཕེལ་བར་འགྱུར། །མེ་ལས་འབྲོས་པར་ནུས་ སྲིད་ཀྱི། །འདོད་པའི་མེ་ལས་མི་ནུས་སོ། །འདོད་པས་ཡོངས་སུ་བསླུས་པ་ཡིས། །འཇིག་རྟེན་འཁོར་ལོ་བཞིན་དུ་འཁྱམ། །ཐོག་མ་མེད་པའི་འཇིག་རྟེན་ལ། །འདོད་པ་ལྟ་བུའི་དགྲ་མེད་དོ། །འདོད་པས་ཡོངས་སུ་བསླུས་པ་དག་།རྒྱ་མཚོའི་ཆུ་ནང་འཇུག་ པར་བྱེད། །མཚོན་ཆ་ཐིབས་པོ་འབབ་པ་ཡི། །གཡུལ་དུ་ཡང་དག་རབ་ཏུ་འཇུག་།འདོད་པའི་རྒྱུ་ཡིས་ས་བདག་རྣམས། །ཕན་ཚུན་དག་ཏུ་འཇིག་པར་བྱེད། །ནོར་ལ་སྲེད་པས་མ་བུ་ཡང ། །འཐབ་མོའི་གཡུལ་ནི་འགྱེད་པར་བྱེད། །སྲེད་པའི་དུག་ལས་ རྣམ་གྲོལ་བ། །འདོད་པའི་མེ་མདག་རྣམ་པར་སྤངས། །བོང་བ་གསེར་ལྟར་མཉམ་པ་དེ། །མྱ་ངན་འདས་པའི་མཐར་འགྲོ་འོ། །ནོར་གྱི་ནང་ན་ཚུལ་ཁྲིམས་མཆོག་།ཉི་མ་འོད་དང་ལྡན་པ་བཞིན། །ནོར་དང་བྲལ་ནས་འགྲོ་འགྱུར་གྱི། །ཚུལ་ཁྲིམས་འདི་ནི་ མདུན་ན་གནས། །ཚུལ་ཁྲིམས་ཀྱིས་ནི་སུམ་ཅུ་གསུམ། །དེ་བཞིན་བསམ་གཏན་སྤྱོད་ཡུལ་འགྲོ། །འཇིག་རྟེན་འདི་དང་ཕ་རོལ་དུ། །ཚུལ་ཁྲིམས་གཟི་དང་མཚུངས་པ་མེད། །མནར་མེད་པར་ནི་སྐྱེས་པ་དག་།ནོར་ལ་འདོད་པས་བསྲེགས་པ་ཡིན། ། 68-1-258b འདོད་པའི་མེ་ནི་གང་འབྱུང་བ། །ཡུལ་དེར་མེ་ནི་འབྱུང་མི་འགྱུར། །མཁས་པའི་ཡེ་ཤེས་ཆུ་ཡིས་སུ། །བསྒྲིམས་ཏེ་འདོད་པའི་མེ་མདག་སོད། །འདོད་པ་མེད་པར་མ་བྱས་ན། །མྱ་ངན་འདས་པ་ཐག་རིང་ངོ ། །དེ་ལྟར་སེམས་ཅན་དམྱལ་བ་པ་དེ་འདོད་པའི་མེ་དེས་ སྲེག་པ་ན་ཡང་མནར་མེད་པའི་མེ་གཉིས་པ་མཚོན་འབབ་པ་དང་བཅས་པས་སུམ་འགྱུར་དུ་སྲེག་གོ། །དེར་ཡང་མགལ་མེ་བསྐོར་བ་དང ། དྲི་ཟའི་གྲོང་ཁྱེར་དང ། རི་དགས་སྐོམ་པ་ལྟ་བུའི་ནོར་དག་ལ་འཕྲོག་པར་བྱེད་པ་དང ། ལོག་པར་བསྒྱུར་བ་རྨི་ལམ་གྱི་མི་ལྟ་བུ་སེམས་ ཅན་དམྱལ་བ་པ་གཤིན་རྗེའི་མི་དེ་དག་གིས་མ་བྱིན་པར་བླངས་པའི་སེམས་ཅན་དམྱལ་བ་པ་དེ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་བྱེད་དོ། །དེ་ནས་ཡང་དགེ་སློང་དེ་འདོད་པས་ལོག་པར་གཡེམ་པའི་མནར་མེད་པ་དེའི་འབྲས་བུ་ལ་རྟོག་པར་བྱེད་དེ། དེས་བརྟགས་ན། འདི་ ལྟར་སྡིག་པ་བྱེད་པ་དེ་མཚོན་ཆ་ཉམ་ང་བ་དེ་ལས་ཐར་ན། ཇི་ལྟར་ཡང་ལས་ཀྱིས་འཁྲུལ་པ་མེ་མདག་གི་ཆུ་བོ་ལས་རྒལ་ནས་ལོག་པར་རྣམ་པར་ལྟ་བ་ཞེས་བྱ་བའི་ཕྱོགས་གཞན་དུ་ཞུགས་སོ། །དེས་ལས་ཀྱིས་བྱས་པའི་བུད་མེད་དག་གང་སྔོན་གྱི་དྲན་པ་ཉམས་པ་དེས་མཐོང་ ངོ ། །དེ་དག་མཐོང་ནས་དེ་ཐོག་མ་མེད་པའི་དུས་ནས་གོམས་པའི་འདོད་ཆགས་ཀྱི་མེ་འབྱུང་སྟེ། དེ་དེར་རྒྱུག་པར་བྱེད་དོ། །གང་ན་བུད་མེད་འཁོར་བ་དེ་དག་ལས་ཀྱིས་བྱས་པ། ལྕགས་ཀྱི་བུད་མེད་དག་ཡིན་ཏེ། དེ་དག་གིས་དེ་བཟུང་ངོ ། །བཟུང་ནས་ཀྱང་ལྕེ་ལ་སོགས་པ་ ལ་ཟ་སྟེ་ཇི་ལྟར་དེའི་ལུས་དེ་ལ་ཡུངས་འབྲུ་ཙམ་གྱི་ལྷག་མ་ཡང་མ་ལུས་པར་དེ་ལྟར་ཟའོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། ཡང་ཟའོ། །དེ་སྡུག་བསྔལ་ཚ་བ་རྩུབ་པ་མྱོང་བཞིན་དུ་འདོད་ཆགས་ཀྱི་མེ་དེ་དག་ལས་ལྡོག་པར་མི་བྱེད་ཀྱི། གང་ན་བུད་མེད་དེ་དག་གནས་པ་དེར་ཡང་ དང་ཡང་ཤིན་ཏུ་རྒྱུག་པར་བྱེད་དོ། །དེ་ཇི་ལྟར་འདོད་ཆགས་ཀྱི་མེས་གནོད་པ་དེ་ལྟར་སྡུག་བསྔལ་གནོད་པར་མི་རྩིའོ། །དེ་ནས་བུད་མེད་དེ་དག་ཡང་ལུས་རྡོ་རྗེ་དང་ལྕགས་རབ་ཏུ་འབར་བའི་ལུས་ཀྱིས་མི་དེ་བཟུང་ནས་འབར་བའི་ཕྲེང་བ་འཁྲུགས་པའི་ལུས་ཀུན་གྱིས་སེམས་ཅན་དམྱལ་ 68-1-259a བ་དེ་བྱེ་མ་ཆང་པ་ནས་གཏོར་བ་བཞིན་དུ་གཏོར་ཏོ། །ལུས་ཐམས་ཅད་ཕྱེ་མར་བྱས་པ་དེ་སླར་ཡང་འབྱུང་བར་འགྱུར་ཏེ། དེ་ནས་ཤིན་ཏུ་རྒྱུག་ཀྱང་དེའི་འདོད་ཆགས་ཞི་བར་མི་འགྱུར་རོ། །དེའི་གནས་དེ་ལྟ་བུ་མཐོང་ནས་དགེ་སློང་དེས་བསམས་ཏེ། ཐོས་པ་ལས་བྱུང་བའི་ཤེས་པས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བུད་མེད་ངན་སོང་གཞི་ཡིན་ཞིང ། །ཀུན་ནས་ནོར་ནི་ཟད་པར་བྱེད། །མི་གང་བུད་མེད་ཚིག་ཉན་པ། །དེ་ལ་བདེ་བ་ག་ལ་ཡོད། །དོན་མེད་ཆོས་ལ་དགའ་བ་ནི། །བུད་མེད་གཡོ་ དང་ཕྲག་དོག་མང ། །འཇིག་རྟེན་གཉིས་ནི་རྣམ་འཇིག་པ། །སྐྱེས་པ་རྣམས་ཀྱི་མདུན་ན་གནས། །དེའི་ཚིག་ཤིན་ཏུ་མི་བརྟན་ཏེ། །རྟག་ཏུ་འདོད་ཆགས་སྐྱེད་ལ་མཁས། །དེ་ཡི་སྙིང་ནི་གཞན་སེམས་ལ། །གཞན་གྱི་ཚུལ་གྱིས་སྨྲ་བར་བྱེད། །དང་པོར་མཉེན་ ཞིང་སྲུན་བྱེད་ལ། །ཕྱི་ནས་སེམས་ནི་རྡོ་རྗེ་འདྲ། །སེམས་ནི་ཡང་ལ་ཕན་པ་མེད། །བཀུར་སྟི་དག་ནི་དྲན་མི་བྱེད། །ལེགས་པ་བརྒྱ་ནི་ཆུད་གཟོན་ལ། །མ་ལེགས་གཅིག་པུ་དྲན་པར་བྱེད། །སྡིག་པའི་ས་གཞི་བུད་མེད་ཡིན། །སྙིང་ནི་གློག་གི་ངོ་བོ་བཞིན། ། སྐྱེས་པ་ཆགས་པའི་སེམས་ཡོད་པ། །འཇིག་པའི་རྒྱུ་ནི་བུད་མེད་བྱེད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །འཇིག་བྱེད་ནང་ན་བུད་མེད་འཇིག་།གལ་ཏེ་བདེ་བའི་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤངས་པ་ནི། །འཇིག་རྟེན་འདི དང་ཕ་རོལ་བདེ། །གང་ཞིག་དབུལ་བ་སྤོང་འདོད་ཅིང ། །གང་ཞིག་བདག་ནི་འབྱོར་འདོད་དང ། །གང་ཞིག་མྱ་ངན་འདས་འགྲོ་འདོད། །མི་དེས་བུད་མེད་སྤང་བར་བྱོས། །དེ་ལྟར་ཕྱིན་ཅི་ལོག་ཏུ་མཐོང་བ་སྙིང་རྣམ་པར་རྨོངས་པ་དེ་ལོ་འབུམ་ཕྲག་དུ་མར་སྲེག་གོ། །གཤེག་ གོ། །གསོད་དོ། །དེ་ནས་ཡང་སླར་འབྱུང་བར་འགྱུར་ཏེ། དེ་གལ་ཏེ་དེ་ལས་ཐར་ནས་དེ་ནས་ཡང་མེ་མདག་གི་ཆུ་བོའི་ནང་དུ་བྱིང་ཞིང་འཚེད་པ་ན་བཀྲེས་པ་དང ། སྐོམ་པས་གདུངས་ཏེ། གར་བབ་བབ་ཏུ་འབྲོས་སོ། །དེ་ནས་ཡང་དགེ་སློང་དེ་མནར་མེད་པའི་མི་དགེ་བ་བྱེད་ 68-1-259b པས་གང་བརྫུན་དུ་སྨྲ་བ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་འབྲས་བུ་ལ་བརྟགས་ན་དེས་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ། འདི་ལྟར་སེམས་ཅན་དམྱལ་བ་ལུས་བཀྲེས་པ་དང་སྐོམ་པས་འཁྲུགས་ཤིང་གདུངས་པ་དེ་གཤིན་རྗེའི་མི་སྟོབས་པོ་ཆེ་རྣམས་ ཀྱིས་བཟུང་ངོ ། །བཟུང་ནས་ཀྱང་ཀྱེ་གྲོགས་པོ་དག་ཁྱེད་ལ་ཅི་གནོད་ཅེས་འདྲིའོ། །ལས་ཀྱི་དབང་གིས་བསྐུལ་བ་དེ་དག་བདག་ཅག་བཀྲེས་སོ་ཞེས་སྨྲའོ། །དེ་ནས་དེ་དག་གཤིན་རྗེའི་མི་དེ་རྣམས་ཀྱིས་བཟུང་ངོ ། །བཟུང་ནས་ཀྱང་དེའི་ཁ་གཤེག་པར་བྱེད་དེ། དེ་ ནས་ལྕེ་འབྱིན་པར་བྱེད་དོ། །ལྕེ་དེ་ཡང་ལས་ཀྱི་དབང་གིས་དཔག་ཚད་ལྔ་བརྒྱ་ཙམ་དུ་འགྱུར་རོ། །བརྫུན་དུ་སྨྲ་བ་དེའི་འབྲས་བུས་དེ་ཕྱུང་མ་ཐག་ཏུ། དེ་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ནས་ལྕགས་ཀྱིས་གཞི་རབ་ཏུ་འབར་བ་ལ་ལྡག་ཏུ་འཇུག་ཅིང་ལས་ཀྱིས་བྱས་པའི་ ཐོང་གཤོལ་རྩེ་མོ་རབ་ཏུ་འབར་བ་དང་བཅས་པའི་རྨོན་གླང་སྟོབས་དང་ལྡན་པ་སྟོང་བྱུང་སྟེ། ལྕེ་དེའི་སྟེང་དུ་སོང་ནས་རྨོད་པར་བྱེད་དོ། །དེ་ལས་རྣག་དང་ཁྲག་དང་སྲིན་བུ་འཛག་པ་ཆུ་བོ་ལྟར་འབབ་བོ། །རྣག་དང་སྲིན་བུར་འདྲེས་པའི་ལྕེ་དེ་ཡང་ཇི་ལྟར་ལྷ་རྣམས་ཀྱི་མིག་ བཞིན་དུ་གཞོན་ཤ་ཅན་དུ་འགྱུར་ཏེ། དེའི་ལྕེའི་ཕྱོགས་ལ་རྨོས་པ་དེ་དག་སླར་ཡང་ཐ་མལ་པར་འགྱུར་རོ། །དེ་ནས་ཡང་ལོ་འབུམ་ཕྲག་དུ་མའམ། ལོ་བྱེ་བར་རྨོད་དེ་ལྕེ་དེ་ལ་སྡུག་བསྔལ་མི་བཟད་པ་འབྱུང་ངོ ། །ཚ་ཞིང་རྩུབ་ལ་རབ་ཏུ་རྩུབ་པ། དྲག་པས་ཀྱང་ ཤིན་ཏུ་དྲག་པ། སྡུག་བསྔལ་མི་བཟད་པ་དག་གིས་ཉམ་ཐག་པ་དེ་ཀུ་ཆོ་འདོན། ཆོ་ངེས་འདེབས་ངུ་སྐད་འབྱིན་ཀྱང་དེའི་སྡུག་བསྔལ་དེ་སུས་ཀྱང་སེལ་བར་མི་བྱེད་དོ། །གང་བདག་གིས་བྱས་པ་དེ་དག་ནི་ཕ་མས་མ་བྱས། ལྷས་མ་བྱས། མི་གཞན་གྱིས་མ་བྱས། འདོད་རྒྱལ་ལས་མ་བྱུང ། གཞན་ནས་མ་འོངས། བྱས་པ་ཆུད་མི་ཟ་སྟེ། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཡོད་དོ། །དེ་ནས་དེ་དག་ངུ་སྐད་འབྱིན་བཞིན་དུ་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། རྩུབ་ཤིང་དྲག་ལ་ 68-1-260a བདེ་མེད་པ། །བརྫུན་དུ་སྨྲ་བ་རྣམ་པར་སྤོངས། །བརྫུན་དུ་སྨྲ་བའི་མི་རྣམས་ནི། །སེམས་དག་ལ་ཡང་རྣམ་པར་འཇིག་།དེ་ནི་ཡིད་ཆེས་གནས་མ་ཡིན། །མཁས་པ་ཀུན་གྱིས་རྣམ་པར་སྤངས། །བདག་ཉིད་ལ་ནི་བསླུས་བྱས་ནས། ། ཕ་རོལ་ལ་ནི་བརྫུན་སྨྲ་བ། །སྐྱེས་བུ་དཔའ་སེམས་ཅན་དག་གིས། །དགྲ་བཞིན་དུ་ནི་རྣམ་པར་སྨད། །གང་ཚེ་བདག་དང་གཞན་འཇིག་པ། །དང་པོར་མི་འཐུན་ཁ་ནས་སྨྲ། །མི་ཡིས་རྣམ་པར་མ་སྤངས་ན། །ལྷ་རྣམས་ཀྱིས་ཀྱང་གཏོང་བར་བྱེད། །ཡིད་ལ་བརྫུན་ གྱི་ཚིག་སེམས་ན། །དམའ་ཞིང་འོག་མར་འགྲོ་བར་འགྱུར། །མི་གང་ལོག་པས་མངོན་ཉམས་པ། །དེ་དག་བདེ་བའི་གནས་མེད་དོ། །འཇིག་རྟེན་འཇིག་རྟེན་འདས་ལམ་ལ། །བརྫུན་དུ་སྨྲ་བ་རྣམ་པར་སྨད། །འབྱེད་པས་འབྱེད་པའི་རྣམ་སྨིན་ཏེ། །བརྫུན་ དུ་སྨྲ་བ་རྣམ་པར་སྤོངས། །དེ་ལྟར་དེ་ལ་གནས་པའི་མི། །དམྱལ་བ་ཡིན་པར་ཉེ་བར་བརྟག་།མི་མཆོག་བདེན་པ་སྨྲ་བ་ནི། །འཇིག་རྟེན་ཀུན་གྱིས་མཆོད་པར་འགྱུར། །བརྫུན་དུ་སྨྲ་བ་རྣམ་པར་སྤོངས། །འོན་ཏང་བདེན་པའི་མཆོག་ཏུ་འགྱུར། །འཚེ་ མེད་བདེན་ཚིག་སྨྲ་བ་ནི། །འབྱུང་པོ་ཀུན་ལ་བརྩེ་ཞིང་མཉེན། །བདེན་པ་མཐོ་རིས་སྐས་ཡིན་ཞིང ། །ཆོས་རྣམས་འབྱུང་ཁུངས་ཆེན་པོ་ཡིན། །མི་གང་གཤིན་རྗེའི་འཇིག་རྟེན་དང ། །དེ་བཞིན་དམྱལ་བར་འགྲོ་བ་ཡི། །དེའི་རྒྱུ་བརྫུན་དུ་སྨྲ་བ་སྟེ། །མི་ མཁས་པ་དག་སྨྲ་བར་བྱེད། །དུག་དང་ཞགས་པ་གདོསའདྲ་ཞིང ། །དེ་ནི་མཚོན་དུག་མེ་དང་འདྲ། །བརྫུན་དུ་སྨྲ་བར་མི་བྱ་སྟེ། །དེ་ཡི་འབྲས་བུ་སྡུག་བསྔལ་མང ། །དེ་ལྟར་ལས་འབྲས་ཞེ་འགྲས་པ། །དེ་ནི་རྣམ་སྟོན་འཆི་བར་བྱེད། །ཞི་བའི་ཚིག་ནི་སྨྲ་བར་ གྱིས། །སྨད་པར་བྱ་བ་རྣམ་པར་སྤོངས། །དེ་ལྟར་སེམས་ཅན་དམྱལ་བ་པ་དེ་སྡུག་བསྔལ་མི་བཟད་པ་མྱོང་བ་ན་དེ་ལོ་འབུམ་ཕྲག་དུ་མར་དེའི་ལྕེ་འབྱིན་པར་བྱེད་དོ། །དེ་གལ་ཏེ་ཡང་སེམས་ཅན་དམྱལ་བ་པ་དེའི་ཁའི་ནང་དུ་ལྡུད་པར་བྱེད་དེ། འཇིགས་ཤིང་སྐྲག་ལ་བྱད་ 68-1-260b བཞིན་མོ་ག་མོག་པོ་དེ་མེ་མདག་གི་ཆུ་བོའི་ནང་དུ་སྲེག་བཞིན་དུ་གར་བབ་བབ་ཏུ་འབྲོས་སོ། །དེ་ལྟར་སྡུག་བསྔལ་གྱིས་ཉེན་ཅིང་མགོན་མེད། སྐྱབས་མེད། དཔུང་གཉེན་མེད་པ་དེ་ལ་ཡང་གཤིན་རྗེའི་མི་རྣམས་འབྱུང་བར་འགྱུར་ཏེ། གཤིན་རྗེའི་མི་ལག་ན་ཐོ་བ་དང་ རལ་གྲི་ཐོགས་པ་དེ་རྣམས་ཀྱིས་མི་དེ་ངུ་སྐད་འདོན་ཅིང་ཡང་དང་ཡང་དུ་མནར་མེད་པའི་མེས་སྲེག་པ་ན་གླད་པ་ལ་སོགས་པ་ནས་རྐང་པའི་བར་དུ་ཕྱེ་མར་བྱེད་དོ། །དེ་ནས་དགེ་སློང་དེ་ཕྲ་མ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ཕྲ་མའི་ལས་ཀྱི་འབྲས་བུས་བསྐུལ་བའི་སེམས་ཅན་དམྱལ་བ་པ་དེ་ཤིན་ཏུ་མི་བཟད་པའི་ས་གཞན་ལ་འཇུག་པར་བྱེད་དེ། དེ་གཤིན་རྗེའི་མི་དྲག་ཤུལ་ཆེན་པོ་སྟོན་པ་གཞན་རྣམས་ཀྱིས་བཟུང་ངོ ། །བཟུང་ ནས་སེམས་ཅན་དམྱལ་བ་པ་དེ་ལ། གཤིན་རྗེའི་མི་རྣམས་ཀྱིས་སྨྲས་པ། གྲོགས་པོ་དག་ཁྱེད་ལ་ཅི་གནོད། དེ་དག་གིས་སྨྲས་པ། བདག་ཅག་ལ་བཀྲེས་པ་གནོད་དོ། །དེ་ནས་གཤིན་རྗེའི་མི་དེ་རྣམས་ཀྱིས་དེའི་ཁ་དེ་བརྒྱངས་ནས་ལག་པས་ལྕེ་འབྱིན་པར་བྱེད་ དོ། །དེ་ཡང་དཔག་ཚད་སུམ་བརྒྱར་འགྱུར་ཏེ་དེ་ལྟར་ཕྱིར་ཞིང་རྒྱ་ཆེར་འགྱུར་རོ། །གཤིན་རྗེའི་མི་རྣམས་རལ་གྲི་སོ་རབ་ཏུ་འབར་བ་དག་བླངས་ཏེ་ལྕེ་དེ་ལ་གཅོད་པར་བྱེད་དོ། །ཁྱི་དང་ཝ་རྣམས་ཀྱིས་ཀྱང་ཕྱོགས་གཞན་དག་ལ་ཟ་བར་བྱེད་དེ། དེ་ལྟར་སྡུག་བསྔལ་ མཆོག་ཏུ་ཚ་བ་མྱོང་བ་དག་སོ་སོར་མྱོང་ངོ ། །དེ་ལྕེ་དང་བྲལ་བའི་ཚིག་མི་གསལ་བས་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་ཏེ། དེ་ལྟར་དེ་ངུ་སྐད་འབྱིན་པ་ན་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ།། །།འཕགས་པ་ དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་དྲུག་པ། དབྱེན་གྱི་བསམ་པ་མང་པོ་ཡིས། །ཁྱོད་ཀྱིས་མང་དུ་གང་སྨྲས་པ། །ཆོས་རྣམས་ཀྱི་ནི་སྡིག་པར་འགྱུར། །དེ་ཡི་འབྲས་བུ་འདིར་འོངས་སོ། །མི་འཐུན་པ་ལ་གང་དགའ་བ། །དེ་ནི་རྟག་ཏུ་མཛའ་ 68-1-261a བཤེས་དང ། །གཉེན་འདབ་རྩ་ལག་འབྱེད་པ་ཡིན། །དམ་པས་ཕྲ་མ་རྣམ་པར་སྨད། །སྲིད་པ་ཉམ་ངར་གར་སྐྱེས་པ། །རྟག་ཏུ་དམན་པར་སྐྱེ་བར་འགྱུར། །ཕྲ་མ་ལ་ནི་གང་སྦྱོར་བ། །ཕྱིར་ཞིང་གཏི་མུག་དབང་དུ་འགྲོ། །ཕྲ་མ་ལ་ནི་ གང་འཇུག་པ། །སྡིག་པ་སྟེན་པར་བྱེད་པ་སྟེ། །སྡིག་པའི་ལས་ཀྱིས་དམྱལ་བ་རུ། །ཡང་དང་ཡང་དུ་འཚེད་པར་བྱེད། །ཕྲ་མའི་ཁ་ནི་གཉིས་སུ་མཐོང ། །ཕྱི་མའི་ཤ་ལ་ཤིན་ཏུ་ཟ། །ཡིད་གཅུགས་དམ་པ་མེད་པར་བྱེད། །གསང་བའི་ཚིག་ནི་སུན་ འབྱིན་ཏོ། །གང་དག་ཕྲ་མ་སྤངས་པ་ནི། །དེ་ལ་རྟག་ཏུ་གྲུབ་པ་གནས། །མཛའ་བཤེས་གཉེན་འདབ་རྩ་ལག་དང ། །དེ་ནི་ནམས་ཀྱང་འབྲལ་མི་འགྱུར། །ཕྲ་མ་སྤངས་པ་ཞི་བ་ནི། །ལེགས་ཤིང་སྡིག་དང་བྲལ་བ་ཡིན། །དེ་ནི་རྟག་ཏུ་ས་བདག་གི། ། གསང་བ་འཛིན་པར་བྱེད་པ་ཡིན། །ཆོས་ནི་མ་སྤྱད་གང་ཡང་མེད། །ཕྲ་མ་དག་ཀྱང་མ་སྤངས་པ། །ཕྲ་མའི་འབྲས་བུ་མྱོང་བར་གྱིས། །དེ་རིང་ཅི་ཞིག་ཡོངས་སུ་སྨྲེ། །དེ་ལྟར་རྗེས་སུ་བསྟན་ཅིང་ལྕེའི་སྡུག་བསྔལ་མྱོང་བ་ན་དེ་ལོ་འབུམ་ཕྲག་དུ་མར་སྡུག་ བསྔལ་གྱི་ནང་དུ་སོང་སྟེ་བྱིང་ངོ ། །དེ་སྡུག་བསྔལ་ཚ་བ་རྩུབ་པ་མྱོང་བ་ན་གལ་ཏེ་ཡང་དེའི་ལྕེ་འཇམ་པོར་འགྱུར་ཏེ་གཤིན་རྗེའི་མི་དེ་དག་ཀྱང་མི་སྣང་བར་འགྱུར་རོ། །དེ་དག་དེ་ལས་ཐར་ན་སེམས་ཅན་དམྱལ་བ་པ་ཤིན་ཏུ་མི་བཟད་ཅིང་དྲག་པ་ལས་ཀྱི་ཤིང་གི་མཐུ་དང ། རྣམ་པར་སྨིན་པའི་རླུང་དམར་ལངས་པའི་མེས་སྲེག་པ་ན་གར་བབ་བབ་ཏུ་འབྲོས་སོ། །དེ་ནས་གཤིན་རྗེའི་མི་གཞན་དག་གིས་སེམས་ཅན་དམྱལ་བ་དེ་བཟུང་ངོ ། །བཟུང་ནས་ཀྱང་སྨྲས་པ། གྲོགས་པོ་དག་ཁྱེད་ལ་ཅི་ཞིག་གནོད། ལས་ཀྱི་འབྲས་བུས་བསྐུལ་བ་ དེ་དག་གིས་སྨྲས་པ། ལྕེའི་སྡུག་བསྔལ་གནོད་དོ། །དེ་ནས་ལྕེ་དེ་བརྒྱངས་ནས་བཟུང་ངོ ། །བཟུང་ནས་མཚོན་ཆ་སོ་བརྡར་བ་རྣམས་ཀྱིས་གཏུབ་གཏུབ་ནས་ཡང་དེ་ཉིད་ཟར་གཞུག་པའི་ཕྱིར་ཁའི་ནང་དུ་འཇུག་སྟེ། བཀྲེས་པ་དང་སྐོམ་པས་གདུངས་ཤིང་ཁ་གདོང་ 68-1-261b ཉམས་པ་དེ་རང་གི་ཁྲག་དང ། ཁ་ཆུ་འཛག་པ་དང ། རང་གི་ལྕེ་དེ་ཉིད་ལ་ཟའོ། །ལྕེ་གཏུབ་གཏུབ་པ་དེ་ལས་ཀྱི་དབང་གིས་ཡང་སྐྱེ་བར་འགྱུར་ཏེ། དེ་ནས་ཡང་སྡུག་བསྔལ་གྱིས་ཉམ་ཐག་པ་དག་ས་ལ་འཕྱེ་ཞིང་འགྲེ་ལྡོག་ལ་ཡོངས་སུ་ངུ་སྐད་འབྱིན་ཏོ། །དེ་ལྟར་ སྡུག་བསྔལ་གྱིས་ཉམ་ཐག་པ་དེའི་མིག་གི་འབྲས་བུ་ནི་འགྱུར། སྡུག་བསྔལ་གྱིས་ཉམ་ཐག་ཅིང་དམན་ལ་གྲོགས་མེད་པ་གཅིག་པུ་རང་གིས་བྱས་པ་ལ་ཉེ་བར་སྤྱོད་དོ། །འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། ཚིག་རྩུབ་ ཞེས་བྱ་གང་མཐོང་བ། །མདའ་ལྟར་རྣོ་བ་ཁྱོད་ཀྱི་ཚིག་།གཞུ་ལྟ་བུ་ཡི་ལྕེ་ལས་འཕངས། །དེ་ཡི་འབྲས་བུ་འདིར་འོངས་སོ། །གང་ལ་ཚིག་རྩུབ་འབྱུང་བ་ནི། །དུག་ལྟ་བུ་ཡི་ལྕེ་ལས་འབྱུང ། །འཇིག་རྟེན་ལ་ནི་ཤ་ཟ་འདྲ། །དེ་དག་ཡོངས་སུ་སྤང་བར་གྱིས། ། ཇི་ལྟར་ཡིད་འབྱུང་འགྱུར་བ་ནི། །ཉམ་ངར་ཚིག་རྩུབ་སྨྲ་བ་སྟེ། །མེ་མཚོན་དུག་ནི་འབྱུང་བ་ལ། །མི་དགེ་དེ་ལྟར་ཡིད་མི་འབྱུང ། །གཙུབ་ཤིང་ལྟ་བུའི་ལྕེ་ལས་བྱུང ། །ཤིང་ལྟ་བུ་ཡི་སྙིང་གིས་སྤེལ། །འཇིག་རྟེན་ཚིག་རྩུབ་མེ་ལྟར་འབར། །ཤིང་སྐམ་ལྟ་ བུར་སྲེག་པར་བྱེད། །གང་དག་སྙན་པར་སྨྲ་ལ་དགའ། །འཇིག་རྟེན་ཀུན་གྱིས་ཕྱག་བྱེད་དོ། །འཇིག་རྟེན་ཀུན་ལ་མ་དང་འདྲ། །དེ་ནི་ཕ་དང་འདྲ་བར་དགའ། །དང་པོར་སྙན་པར་སྨྲ་བ་དགེ། །བདེ་འཇམ་བདེ་བ་འབྱུང་བ་ཡིན། །སྡིག་པ་མི་ཟད་སེལ་བ་དང ། ། མི་སྡུག་ས་ཀུན་སྦྱོང་བ་ཡིན། །ཚིག་སྙན་མཐོ་རིས་སྐས་ཡིན་ཏེ། །ཚིག་སྙན་དགེ་བའི་གཏེར་ཡིན་ནོ། །ཚིག་སྙན་འཇིག་རྟེན་གཉེན་ཡིན་ཏེ། །ཚིག་སྙན་ལེགས་པ་མངོན་པར་འགྲུབ། །ཁྱོད་ཀྱིས་ཚིག་རྩུབ་དེ་སྨྲས་པས། །སེམས་ཅན་དམྱལ་བ་དྲག་ པོར་འོངས། །ལྕེ་དེ་དག་ལ་འང་གནོད་པར་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་སྨྲེ། །དེ་ལྟར་རྗེས་སུ་བསྟན་པ་ན་བརྫུན་དུ་སྨྲས་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་ལ་རྗེས་སུ་ཡི་རང་ཞིང་མ་བཤགས་པ་དང ། ལོ་འབུམ་ཕྲག་དུ་མར་ལྷན་ཅིག་གནས་ 68-1-262a སོ། །དེ་གལ་ཏེ་ཡང་དེ་ལས་ཐར་ན་གར་བབ་བབ་ཏུ་འབྲོས་པ་དང ། དེ་ནས་མདུན་ནས་གཤིན་རྗེའི་མི་རྣམས་ཀྱིས་བཟུང་སྟེ། དེ་སྡུག་བསྔལ་མི་བཟད་ལ་དྲག་པས་ཡོངས་སུ་གདུངས་ཤིང་ཚོར་བར་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་ ཚིག་ཀྱལ་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པའི་སྡིག་པ་མི་དགེ་བའི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་དམྱལ་བ་པ་འདི་དག་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་ པ་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཤིན་ཏུ་མི་བདེ་བ་དེ་དག་གཤིན་རྗེའི་མི་རྣམས་ལས་ཐར་ནས་ཀྱང་གར་བབ་བབ་ཏུ་འབྲོས་སོ། །དེ་ནས་གཤིན་རྗེའི་མི་གཞན་དག་གིས་བཟུང་ནས་སྨྲས་པ། ཀྱེ་གྲོགས་པོ་དག་ཁྱེད་ལ་ཅི་གནོད། དེ་དག་གིས་སྨྲས་པ། བདག་ ཅག་ལ་བཀྲེས་པ་དང ། སྐོམ་པ་གནོད་དོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཐ་མར་གྱུར་པ་སྟོང་ཕྲག་དག་།རང་གི་ལུས་ལས་གཙུབ་ཤིང་འབྱུང ། །བཀྲེས་དང་སྐོམ་ལས་བྱུང་བའི་མེས། །བདག་ལ་མི་བཟད་སྲེག་པར་བྱེད། །ཁ་བ་མེ་ལྟར་ཁྱད་ པར་ཆེ། །དེ་ནི་རི་རབ་ཡུངས་འབྲུ་བཞིན། །སེམས་ཅན་དམྱལ་བར་སྲེག་པ་ནི། །བཀྲེས་པའི་ཁྱད་པར་དེ་འདྲ་འོ། །སེམས་ཅན་དམྱལ་བའི་མེ་བྱུང་བ། །དེ་ནི་གཞན་དུ་གནོད་པར་བྱེད། །བཀྲེས་དང་སྐོམ་ལས་བྱུང་བའི་མེ། །ལྷ་དག་ལ་ཡང་ཡོད་པ་ མིན། །གནོད་པ་མི་བཟད་གང་ཡིན་པ། །དེ་དག་དམྱལ་བར་བདག་ལ་བྱུང ། །བཀྲེས་པའི་མེ་ཡིས་གནོད་པ་ལྟར། །དེ་དག་དེ་ལྟར་མི་གནོད་དོ། །དེའི་ཚིག་དེ་ཐོས་ནས་གཤིན་རྗེའི་ཕོ་ཉ་དག་ཕྲ་སྐམ་རབ་ཏུ་འབར་བ་དག་བླངས་ནས་ཁ་གདངས་པའི་ནང་དུ་སྣོད་རབ་ཏུ་འབར་ བར་ཟངས་ཤིན་ཏུ་བཞུས་པ་ཁྱེར་ནས་བླུགས་ཏེ། ཚིག་ཀྱལ་པ་སྨྲས་པའི་འབྲས་བུ་དེས་ཇི་ལྟར་ཁ་བ་ཆལ་ཆོལ་མེའི་ནང་དུ་འཇུ་བ་དེ་བཞིན་དུ་དེའི་ལྕེ་ཡང་དེ་ལྟར་སྲེག་གོ། །དེ་སྲེག་པ་མི་འདྲ་བ་གཉིས་ཀྱིས་སྲེག་པ་ན་ངུ་སྐད་འབྱིན་ཆོ་ངེས་འདེབས་ཀུ་ཆོ་འདོན་ཅིང་མིག་ཤིན་ཏུ་ 68-1-262b འགྱུར་བར་བྱེད་དེ། ཟངས་དམར་པོ་རབ་ཏུ་འབར་བ་དེས་དེའི་ལྕེ་སྲེག་པར་བྱེད་དོ། །ལྕེ་བསྲེགས་ནས་མིད་པ་སྲེག་གོ། །མིད་པ་བསྲེགས་ནས་སྙིང་སྲེག་གོ། །སྙིང་བསྲེགས་ནས་རྒྱུ་མ་སྲེག་གོ། །དེ་དག་ཀྱང་བསྲེགས་ནས་ལོང་ཀ་སྲེག་གོ། །ལོང་ཀ་ཡང་བསྲེགས་ ནས་ཐུར་དུ་བྱུང་ངོ ། །དེ་ལྟར་དེ་སྲེག་པ་ན་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། སྔ་ཕྱི་འབྲེལ་བ་མེད་པའི་ཚིག་།དོན་མེད་ཐོག་ཏུ་མི་ཕེབས་ཏེ། །འབྲེལ་མེད་ཁྱོད་ཀྱིས་གང་སྨྲས་པ། །དེ་ཡི་འབྲས་བུ་འདི་འདྲའོ། ། གང་དག་རྟག་ཏུ་བདེན་མི་སྨྲ། །ཚིག་དོན་བཟང་པོ་མ་ཡིན་ཞིང ། །ལྕེ་དེ་མཁས་པས་མི་མཐོང་སྟེ། །ཤ་ཡི་གོང་བུ་ཙམ་དུ་ཟད། །གང་དག་རྟག་ཏུ་བདེན་སྨྲ་བ། །ཡོན་ཏན་བརྟན་ཞིང་རྟག་ཏུ་ལེགས། །དེ་ནི་མཐོ་རིས་སྐས་ཡིན་ཏེ། །དེ་ལ་ལྕེ་ཞེས་མི་བརྗོད་ དོ། །དེ་ནས་གཤིན་རྗེའི་མི་དེ་དག་གིས་སེམས་ཅན་དམྱལ་བ་པ་དེ་ལ་རྗེས་སུ་བསྟན་ནས་ཟངས་དམར་པོ་རབ་ཏུ་བསྐོལ་བ་དེ་དག་སེམས་ཅན་དམྱལ་བ་པའི་ཁར་ལྡུགས་ཏེ། ལོ་འབུམ་ཕྲག་དུ་མར་འབྲེལ་བ་མེད་པར་སྨྲ་བ་དེའི་རྣམ་པར་སྨིན་པ་སྙིང་རྗེ་རྗེ་ལྟར་མྱོང་ངོ ། ། དེ་ནས་གལ་ཏེ་སེམས་ཅན་དམྱལ་བ་པ་དེ་གཤིན་རྗེའི་མི་དེ་དག་གིས་བཏང་ནས་གར་བབ་བབ་ཏུ་འབྲོས་སོ། །མེ་མདག་གི་ཆུ་བོའི་ནང་དག་ཏུ་བྱིང་སྟེ། རབ་ཏུ་འཇུ་བ་ན་རྐང་པ་དང ། བྱིན་པ་དང་རྐེད་པ་དག་མེ་མདག་གི་ཆུ་བོ་དེ་དག་གི་ནང་དུ་མར་སར་གྱི་གོང་བུ་ལྟ་བུར་རབ་ཏུ་ འཇུ་བར་བྱེད་དོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། དེ་ལྟར་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་གར་བབ་བབ་ཏུ་འབྲོས་སོ། །དེ་ནས་ལས་ཀྱིས་བྱས་པའི་ནོར་རྫས་མང་པོ་གསོབ་གསོག་སྙིང་པོ་མེད་པ་གཞན་གྱིས་ཡོངས་སུ་བཟུང་བ་དག་ ལས་ཀྱིས་བསྐུལ་བ་རྨོངས་པ་དེ་འདི་ནི། བདག་གི་ཡིན་ནོ་སྙམ་མོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་ནོར་རྫས་ག་ལ་ཡོད་པ་དེ་ཉིད་དུ་རྒྱུག་གོ། །དེ་བརྣབ་སེམས་མི་དགེ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་འབྲས་བུ་འདི་ནི་གང་སེམས་ཅན་དམྱལ་བ་པ་ 68-1-263a དེས་དེ་ལྟར་ལོག་པར་མཐོང་བ་ཡིན་ནོ། །དེ་ལྟར་བརྣབ་སེམས་མང་པོར་མཐོང་བ་དེའི་ལག་ཏུ་མཚོན་ཆ་འབྱུང་བར་འགྱུར་ཏེ། དེས་བརྒྱུགས་པ་དང ། སེམས་ཅན་དམྱལ་བ་པ་གཞན་དག་གིས་ལག་ཏུ་ཡང་མཚོན་ཆ་འབྱུང་བར་འགྱུར་ཏེ། དེ་དང་དེ་དག་ལྷན་ཅིག་མཚོན་གྱིས་འགྱེད་དོ། །སེམས་ཅན་དམྱལ་བ་པ་དེ་དང་དེ་དག་མཚོན་རྣོན་པོ་རྣམས་ཀྱིས་འཇོག་པར་བྱེད་དོ། །བཞོག་པ་དེ་དག་ཀྱང་རུས་གོང་གི་ལྷག་མ་དེ་ཙམ་ཞིག་ལུས་པར་བྱེད་དོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། ཡང་དེ་ བཞིན་དུ་གཞོག་པར་བྱེད་ཅིང་དེ་དག་ཡང་སྐྱེ་བར་འགྱུར་རོ། །དེ་ནས་ལོ་འབུམ་ཕྲག་དུ་མ་འདས་པ་དང ། ལས་ཀྱིས་བྱས་པའི་གཤིན་རྗེའི་མི་རྣམས་འོངས་ནས་དེ་དག་གི་མཚོན་ཆ་རྣོན་པོ་བླངས་ཏེ། སེམས་ཅན་དམྱལ་བ་པ་དེ་རྣམས་དང ། སེམས་ཅན་དམྱལ་ བ་པ་གཞན་དེ་རྣམས་ལ་ཇི་ལྟར་ཡུངས་འབྲུ་བས་ཀྱང་ཕྲ་བ་དེ་ལྟར་ལུས་ཀྱི་ཤ་ལ་འཇོག་སྟེ། དེ་ལྟར་རུས་གོང་གི་ལྷག་མ་ཙམ་ཞིག་ལུས་པར་བྱེད་དོ། །དེ་ངུ་སྐད་འབྱིན་ཆོ་ངེས་འདེབས། ངུ་ཞིང་སྨྲེ་སྔགས་འདོན་པ་བཞོག་བཞོག་ནས་ཡང་སྐྱེ་བར་འགྱུར་ཏེ། ཇི་ ལྟར་ཆུ་སྲིན་བྱིས་པ་གསོད་བཞོག་བཞོག་ནས་ཆུའི་ནང་དུ་བཅུག་པ་དང ། དེ་ནས་ཡང་སླར་སྐྱེ་བར་འགྱུར་བ་དེ་བཞིན་དུ་སེམས་ཅན་དམྱལ་བ་པ་དེ་དག་ལ་ཡང་སླར་སྐྱེ་བར་འགྱུར་རོ། །དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ངུ་སྐད་འབྱིན་པ་དེ་དག་ལ་འདི་ལྟར་གཤིན་ རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། བརྣབ་སེམས་ཀྱིས་ནི་ཉམས་པའི་མི། །བརྣབ་སེམས་ཀྱིས་ནི་ཡོངས་སུ་བསླུ། །གཞན་ནོར་བདག་གིར་བྱ་སྙམ་པ། །དེ་ལྟར་དེ་ནི་བསླུས་པ་ཡིན། །བརྣབ་སེམས་སྡིག་པ་ཡིད་བྱེད་པ། ། མཛངས་པ་རྣམས་ཀྱིས་མ་བསྟེན་ཏོ། །མར་མེ་འབར་བའི་མེ་བཞིན་དུ། །བདག་གིས་བྱས་པས་སྲེག་པར་བྱེད། །བརྣབ་སེམས་སྡིག་པ་ཡིད་བྱེད་པ། །གནོད་པ་དག་ནི་ཉེ་བར་བྱེད། །ཚ་བར་སྨིན་ཅིང་དུག་འབྱུང་བ། །གང་ཡིན་དེ་ནི་རྟག་ཏུ་སྤོངས། །གཞན་ 68-1-263b གྱི་ཕུན་སུམ་ཚོགས་མཐོང་ནས། །བདག་གིར་བྱ་སྙམ་བསམས་པ་ནི། །བརྣབ་སེམས་དེ་ཡིས་བསླངས་པཡི། །དུག་གི་འབྲས་བུ་འདིར་འོངས་སོ། །དེ་ལྟར་དེ་གཤིན་རྗེའི་མི་དེ་རྣམས་ཀྱིས་སྤྱོ་སྤྱོ་བརྒྱད་བརྒྱད་ནས་ལོ་འབུམ་ཕྲག་མང་པོར་གནོད་པ་ཉིད་ཀྱིས་ གནོད་པར་བྱེད་དེ། དེའི་སྡིག་པའི་ལས་ཀྱིས་འབྱང་བར་མི་འགྱུར་རོ། །དེ་ནས་ཡུན་རིང་མོ་ཞིག་འདས་ནས་སེམས་ཅན་དམྱལ་བ་པ་དེ་མེ་མདག་གི་ཆུ་བོའི་ནང་དུ་བྱིང་ཞིང་འབྲོས་པ་ན་གར་བབ་བབ་ཏུ་འབྲོས་པ་དང ། ལྕགས་ཀྱིས་གཞི་རབ་ཏུ་འབར་བའི་ སྟེང་དུ་བབ་ནས་དེ་ནས་ཡང་དང་ཡང་དུ་འགྲེ་ལྡོག་སྟེ། ལངས་ནས་ཀུན་ཏུ་རྒྱུག་པ་ན། གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པ་ལས་ཀྱི་དབང་གིས་གྱུར་པའི་སེམས་ཅན་དམྱལ་བ་པ་ལས་ཀྱིས་དགྲའི་ནང་དུ་སོང་ངོ ། །གལ་ཏེ་ཡང་གཤིན་རྗེའི་མི་དེ་དག་ལས་ ཐར་ནས་གར་བབ་བབ་ཏུ་འབྲོས་སོ། །དེ་ནས་གནོད་སེམས་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེའི་འབྲས་བུ་ཉེ་བར་གནས་པ་ནི་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་སྐྱབས་དང་དཔུང་གཉེན་འདོད་ཅིང་ལས་ཀྱིས་བྱས་པའི་ སེང་གེ་དང ། སྟག་དང ། སྦྲུལ་ཤིན་ཏུ་ཁྲོས་པ་དག་མདུན་དུ་འདུག་པ་དང ། དེ་དེ་དག་ལ་འཇིགས་ནས་གར་བབ་བབ་ཏུ་འབྲོས་ཀྱང་དེ་མི་དགེ་བའི་ལས་ཀྱིས་འབྲོས་པར་ག་ལ་ནུས་ཏེ། དེ་དེ་དག་གིས་བཟུང་ངོ ། །བཟུང་ནས་ཀྱང་ཤིན་ཏུ་འཁྲུགས་པ་རྣམས་ཀྱིས་ དང་པོར་རེ་ཞིག་གླད་པ་ལ་ཟའོ། །དེའི་གླད་པ་ལ་ཟ་བ་ན་ངུ་སྐད་འབྱིན་ཅིང་སྨྲེ་སྔགས་འདོན་ལ་འགྲེ་ལྡོག་པར་བྱེད་དོ། །དེའི་རྩིབ་ལོགས་ལ་ཡང་མཆེ་བ་དུག་ལྟར་རྣོ་བ་ཀུན་གྱིས་བྲད་བྲད་ནས་ཟ་ཞིང་སྟག་དག་གིས་ཀྱང་རྒྱབ་ཏུ་ཟོས། རྐང་པ་ནི་མེས་བསྲེགས་ཤིང་ གཤིན་རྗེའི་མི་རྣམས་ཀྱིས་ཀྱང་རྒྱང་རིང་པོ་ལ་སོགས་པར་འཕངས་སོ། །དེ་ལྟར་སྙིང་རྗེ་ཆེན་པོའི་ཤུགས་ཐོབ་པ་དེ་ལ་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། མི་ཡི་སྐྱེས་བུ་ཐ་མ་ལ། །གནོད་སེམས་མེ་འདྲ་ཡོད་པ་ནི། ། 68-1-264a སྲེག་པ་དག་ལས་སྲེག་པ་ཐོབ། །དོན་མེད་ཅི་ཞིག་ཡོངས་སུ་སྨྲེ། །སེམས་ཅན་དམྱལ་བར་སྐྱེ་བ་ཡི། །རྒྱུ་ནི་མི་བཟད་གནོད་སེམས་ཡིན། །ཐག་པ་གང་གིས་བཅིངས་པ་ཡི། །མི་ནི་ཡོངས་སུ་ཁྲིད་པར་བྱེད། །གནོད་སེམས་དག་གིས་ རྨོངས་པའི་མི། །རྟག་ཏུ་དེ་ལ་ཡིད་འཇུག་པ། །ཞི་བར་ཤིན་ཏུ་མི་འགྱུར་ཏེ། །བུ་གའི་ནང་ན་སྦྲུལ་འདུག་བཞིན། །མི་གང་གནོད་སེམས་མི་བཟད་ཅིང ། །ཤིན་ཏུ་དྲག་པའི་ངོ་བོ་ནི། །ཉི་མ་ལ་ནི་མུན་པ་བཞིན། །དེ་དག་ལ་ནི་བདེ་བ་མེད། །གནོད་སེམས་ སྙིང་ལ་ཡོད་པ་ནི། །ཀུན་གྱིས་བསྲུང་བར་མི་ནུས་ཏེ། །བཤེས་གྲོགས་གཉེན་གྱི་མིས་མ་ཡིན། །ཆོས་དང་དོན་གྱི་ཚོགས་ཀྱིས་མིན། །གནོད་སེམས་འདི་ནི་མུན་པ་ཡི། །ཚོགས་དང་འདྲ་ཞེས་བརྗོད་པ་ཡིན། །གནོད་སེམས་སྐྱེད་པར་བྱེད་པ་ནི། །གནོད་སེམས་ཞེས་ནི་ཡོངས་སུ་སྒྲོགས། །གནོད་ སེམས་མེད་པ་ཇི་ལྟར་འགྱུར། །གནོད་སེམས་མེད་པ་མཆོག་ཏུ་དགེ། །གནོད་སེམས་ཡོད་པ་ཕ་རོལ་ཏུ། །མི་བཟད་འཆི་བར་དེ་དག་འགྲོ། །གནོད་སེམས་ཀྱིས་ནི་དྲངས་པ་དག་།སེམས་ཅན་དམྱལ་བ་དྲག་པོར་ འོངས། །ལས་ཟད་ནས་ནི་ཐར་འགྱུར་ཞིང ། །དམྱལ་བར་འགྲེ་ལྡོག་མི་བྱེད་དོ། །དེ་ལྟར་བསྟན་ཅིང་རྗེས་སུ་བསྟན་ནས་གཤིན་རྗེའི་མི་རྣམས་དང་སེང་གེ་དང ། སྟག་གནོད་སེམས་མང་དུ་ཡོད་པ་རྣམས་ཀྱིས་འཐུན་པར་རྡེག་ཅིང་ཟ་བར་བྱེད་དེ། ས་བོན་ལས་འབྲས་ བུ་འབྱུང་བ་བཞིན་དུ་དེའི་གནོད་སེམས་དང་འཐུན་པར་ལས་ཀྱི་རྣམ་པར་སྨིན་པ་འབྱུང་སྟེ། དེ་ལྟར་སེམས་ཅན་དམྱལ་བ་པ་དེ་ལས་དེའི་འབྲས་བུས་འཚེད་ཅིང་ཟའོ། །དེ་གལ་ཏེ་ཡང་དེ་ལས་ཐར་ན་མགོན་འདོད་པ། སྐྱབས་འདོད་པ། གར་བབ་བབ་ཏུ་འབྲོས་སོ། ། སྡིག་པ་ཆེན་པོས་བསྐུལ་བ་ལོག་པར་ལྟ་བ་མཚམས་མེད་པ་ལྔའི་ལམ་ནི་འདི་ཡིན་ཏེ། མནར་མེད་པར་སྐྱེས་ནས་དེ་ནས་ངེས་པར་མྱོང་བར་འགྱུར་བའི་མཚམས་མེད་པ་གཞན་དག་ཡོད་པ་དེར་སྐྱེ་ལ་སྐྱེས་མ་ཐག་ཏུ་ལས་སོ་སོར་མྱོང་བར་འགྱུར་རོ། །སེམས་ཅན་ 68-1-264b དམྱལ་བ་པ་དེ་མུ་སྟེགས་ཀུན་ཏུ་རྒྱུ་དང ། རྫོགས་བྱེད་དང ། ལྷས་བྱིན་དང ། ཀོ་ཀ་ལི་ཀ་གང་དུ་འཚེད་པའི་གནས་དེར་སེམས་ཅན་དམྱལ་བ་པ་ཆེན་པོ་འདི་ཡང་འགྲོ་བར་འགྱུར་ཏེ། གང་ན་སྡུག་བསྔལ་ངེས་པར་མྱོང་བར་འགྱུར་བ་མི་བཟད་པ་ཚ་བ་དྲག་པ་ བས་ཀྱང་ཤིན་ཏུ་དྲག་པ། དེ་དག་རྗེས་སུ་མྱོང་ངོ ། །དེའི་སྡུག་བསྔལ་སེམས་ཅན་ཐམས་ཅད་ཀྱིས་དཔེ་བྱ་བར་སླ་བ་མ་ཡིན་ཏེ། མནར་མེད་པའི་སྡུག་བསྔལ་དེ་མྱོང་བར་འགྱུར་རོ། །སྡིག་པ་བྱེད་པ་དེ་མུན་པའི་ཚོགས་སུ་གྱུར་པ་དང ། སེམས་ཅན་ ཐམས་ཅད་སྤུ་ཟིང་ཞེས་བྱེད་པ་མནར་མེད་པ་ཆེན་པོ་ག་ལ་བ་དེར་དེའི་འཚེད་དོ། །སྲེག་གོ། །གཤེག་གོ། །མཚོན་ཆ་ར་ལྟར་འབབ་པས་བཞོག་གོ། །དེ་ནས་ཡང་འབྱུང་བར་འགྱུར་ཏེ། ཡང་འཇོག་གོ། །གཤེག་གོ། །སྲེག་གོ། །མདའ་བོ་ཆེ་ དང ། རྡོ་རྗེ་དང ། སེར་བ་དང ། རྡོ་ཆར་ལྟར་འབབ་པས་གསོད་དོ། །དེ་ལྟར་མཚམས་མེད་པ་ལྔ་བྱེད་པ་དེ་དག་སྲེག་པ་ན། མེའི་ཕུང་པོ་ཆེན་པོ་བཅུ་གཅིག་བྱུང་སྟེ། དེ་དག་ཤིན་ཏུ་སྡུག་བསྔལ་བར་བྱེད་དོ། །དེར་ཕྱོགས་བཅུའི་མེ་འབར་བ་བཅུ་དང ། མེའི་ཕུང་པོ་བཅུ་གཅིག་འབྱུང་སྟེ། བཀྲེས་པ་དང་།སྐོམ་པ་བྱས་ནས་ཁར་འབྱུང་ངོ ། །དེའི་ལུས་ཀྱི་སྟེང་འོག་དང ། རྩིབ་ལོགས་སུ་འབར་བའི་ཕྲེང་བ་མཆེད་པས་ཇི་ལྟར་དེའི་ལུས་ཀྱི་གསེབ་ཕྲ་མོ་ཡང་མི་མངོན་པ་དེ་ལྟར་སྲེག་གོ། །མེ་དེ་ཡང་ཇི་ལྟར་སྐྲ་ དེ་དག་གི་རྩེ་མོའི་བར་ཡང་མི་མངོན་པ་དེ་ལྟར་ཕན་ཚུན་ཤིན་ཏུ་ཉོན་མོངས་པར་འཚེད་པས་མནར་མེད་དོ། །བདེ་བའི་བར་སྐབས་ཀྱི་དུས་ཆུང་ཟད་ཀྱང་མེད་པས་མནར་མེད་དོ། །དབང་པོ་ཐམས་ཅད་ཡུལ་ཀུན་ལ་འཚེད་ཅིང་ཡིད་དང་འགལ་བས་མནར་མེད་དེ་ འཇིག་རྟེན་དེ་ནས་ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་མ་གཏོགས་པར་དེ་ལས་གཞན་དུ་མི་སྐྱེ་སྟེ། མནར་བའི་གཞི་མེད་ཅིང་གནོད་པའི་གྲངས་ཀྱི་བར་མེད་པའི་ཕྱིར་མནར་མེད་དོ། །འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ 68-1-265a ཅད་ཀྱི་འོག་ཏུ་གྱུར་པ་ནི་མནར་མེད་པ་དེ་དག་ཡིན་ཏེ། གཞན་དག་མནར་མེད་པ་ཡིན་པས་མནར་མེད་དོ། །སེམས་ཅན་དམྱལ་བ་ཆེན་པོ་དེའི་མགོ་ལ་ཇི་ལྟར་སྟེང་ནས་གནོད་པས་ཀུན་ནས་ཉོན་མོངས་པ་ལྟར་དེའི་མགོ་ལ་ཡང་དེའི་བར་སྐབས་ཀྱི་གཞི་ མེད་པས་མནར་མེད་དོ། །ས་གཞི་ཟངས་དམར་པོ་རབ་ཏུ་བསྐོལ་བ་དང ། ཁྲག་དང ། ཤ་དང་རུས་པར་འདྲེས་ཤིང་འཁྲུགས་པ་དག་ལ་བར་མེད་པ་དེ་བཞིན་དུ་མནར་མེད་པ་ཡང་པགས་པ་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་དུ་གཏོགས་པ་ ཐམས་ཅད་རབ་ཏུ་འབར་ཏེ། དེ་ལྟར་ཀུན་ནས་རབ་ཏུ་འབར་བ་དག་ལ་མངོན་པ་ཡང་མེད་ཅིང་མནར་བའི་གཞི་ཆུང་ཟད་ཀྱང་མེད་པའི་ཕྱིར་མནར་མེད་དོ། །རི་ལས་ཆུ་འབབ་པའི་ཤུགས་ལྟར་ཉིན་གཅིག་བཞིན་དུ་གནོད་པ་དཔེ་མེད་པ་འཕེལ་ཞིང་འབྱུང་སྟེ། དེ་ལྟར་ གནོད་པ་རྣམས་མནར་བའི་གཞི་ཅུང་ཟད་ཀྱང་མེད་པས་མནར་མེད་དོ། །སྲིད་པ་བར་མ་འགག་པ་དང ། དུས་མཉམ་དུ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དེར་སྐྱེས་ནས་མནར་བའི་གཞིའི་བར་ཤིན་ཏུ་ཆུང་བ་ཡང་མེད་པའི་ཕྱིར་མནར་མེད་དེ། དེ་ལྟར་གནོད་པ་བརྗོད་པར་མི་ནུས་ཀྱང་ཆུང་ཟད་ཅིག་དཔེར་བྱ་ན་རྒྱ་མཚོའི་ཆུའི་ཐིགས་པ་བགྲང་བར་སླ་བ་མ་ཡིན་པ་དེ་བཞིན་དུ་མནར་མེད་པ་རྣམས་ཀྱི་ལས་ཉེས་པར་བྱས་པ་ལྔའི་གནོད་པ་བགྲང་བའམ། བརྗོད་པར་སླ་བ་མ་ཡིན་ནོ། །འདི་ལྟ་སྟེ། ཇི་ལྟར་མནར་ མེད་པའི་ལས་ལྕི་བའི་མཐུས་དེའི་ཚེ་སྡུག་བསྔལ་གྱི་གནས་གཞན་ཅི་ཡང་མེད་དེ་སྡུག་བསྔལ་དེ་ཡང་དེ་ལྟ་བུ་ཡིན་ནོ། །གང་གིས་མནར་མེད་པའི་ལས་གཅིག་བྱས་ན། དེའི་སྡུག་བསྔལ་ཆུང་བར་འགྱུར་རོ། །གང་གིས་ལས་གཉིས་བྱས་ན་དེའི་ཚད་པས་ལུས་ཆེ་བར་ འགྱུར་ཏེ། སྡུག་བསྔལ་ཡང་དེ་ལྟར་རྒྱུ་དང་རྒྱུ་ཡིས་འབྲས་བུ་ལྕི་བར་འགྱུར་རོ། །བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ནི་དཔེ་མེད་པར་འགྱུར་ཏེ། འདོད་པ་རྣམས་ཀྱི་ནི་བདེ་བ་ཡིན་མི་འདོད་པ་རྣམས་ཀྱི་ནི་སྡུག་བསྔལ་བ་ཡིན་ཏེ། གནས་འདི་གཉིས་ནི་སྟེང་དང ། འོག་དང་ 68-1-265b མཐའ་དག་ཏུ་དཔེ་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་མཐའ་དག་ནི་རྒྱུ་འཐུན་པར་འབྲས་བུ་འབྱུང་སྟེ། སེམས་ཅན་དམྱལ་བ་པ་རྣམས་ཀྱང་དེ་དང་འདྲ་བར་དཔེ་བྱ་བར་མི་ནུས་སོ། །དེ་ལྟར་དེ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བསྲེགས་ནས་ལས་དེ་ཟད་ན་ཐར་བར་འགྱུར་ཏེ། རྒྱུ་རྐྱེན་ཟད་ན་འབྲས་བུ་ཡང་ཟད་པར་འགྱུར་རོ། །ཇི་ལྟར་མེ་ཤི་ན་ཚ་བ་མེད་པར་འགྱུར་བ་དང ། ས་བོན་ཟད་ན་འབྲས་བུ་ཡང་ཟད་པར་འགྱུར་བ་དེ་བཞིན་དུ་གང་གི་ཚེ་མནར་མེད་པའི་མི་དགེ་ བའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་གྱུར་པ་དེའི་ཚེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་རོ། །ཐར་ནས་ཀྱང་རྒྱུ་འཐུན་པའི་འབྲས་བུ་རི་གསེབ་ཁབ་རྩེ་ལྟ་བུའི་ནང་དུ་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་བཀྲེས་པ་དང་སྐོམ་པས་གདུངས་ ཤིང་ལུས་ཚལ་ཤིང་བསྲེགས་པ་ལྟ་བུར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་དུད་འགྲོའམ་ཆུ་སྲིན་བྱིས་པ་གསོད་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྗན་ལྗིན་གྱི་ཚོགས་ཕྱི་ས་མི་གཙང་བ་འཇིག་པར་བྱེད་པའི་སྲིན་བུར་འགྱུར་རོ། །ཚེ་རབས་ཉིས་སྟོང་དུ་ཡི་ དགས་བཀྲེས་ཤིང་སྐོམ་པ་དག་གིས་གདུངས་པར་འགྱུར་ཞིང་བསྲེགས་པར་འགྱུར། ཚེ་རབས་ཉིས་སྟོང་དུ་དུད་འགྲོ་རྣམས་སུ་སྐྱེ་སྟེ། ཡང་ལས་ཀྱི་དབང་གིས་རྒྱུ་དང་འཐུན་པའི་འབྲས་བུས་དུད་འགྲོའི་རིས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀུན་དང་ཟ་བ་དང་གསད་པའི་ བསམ་པ་ཐ་དད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དེ་ལས་ཐར་ནས་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ལྔ་བརྒྱར་མངལ་དུ་འཆི་བར་འགྱུར་རོ། ། ཚེ་རབས་ལྔ་བརྒྱར་བྱུང་མ་ཐག་ཏུ་འཆི་བར་འགྱུར། ཚེ་རབས་ལྔ་བརྒྱར་གོག་ཐལ་ཐུལ་ཙམ་ན་འཆི་བར་འགྱུར་རོ། །གལ་ཏེ་ཡང་ཕྱིས་རྒྱུ་དང་འཐུན་པའི་འབྲས་བུ་མ་ལུས་པར་འབྱུང་སྟེ་དེ་ལུས་མཐའ་ཡས་པ་ནས་ཞུགས་པ། ལས་ཀྱི་དྲ་བ་དང་འཐུན་པའི་འབྲས་བུ་ཆུང་ 68-1-266a ངུ་དང་འབྲིང་དང་ཆེན་པོ་དམིགས་པར་འགྱུར་རོ། །འདིར་དགེ་སློང་གིས་ཚིགས་སུ་བཅད་དེ་སྨྲས་པ། འཁོར་བ་ཐོག་མ་མེད་པ་ནས། །ལས་ཀྱི་དྲ་བས་བསྒྲིབས་པའི་མི། །རང་གི་ལས་ཀྱི་རྒྱུ་འབྲས་ལས། །བྱུང་བ་སྐྱེ་ཞིང་འཆི་བ་ཡིན། །ལྷ་ ལས་དམྱལ་བར་སྐྱེ་འགྱུར་ཞིང ། །དམྱལ་ལས་དེ་བཞིན་ལྷ་ཡུལ་དུ། །མི་རྣམས་ཡི་དགས་ཡུལ་དུ་འམ། །སེམས་ཅན་དམྱལ་བར་རབ་ཏུ་འགྲོ། །གཞན་དང་གཞན་དུ་འབྱུང་ཞིང་སྐྱེ། །གཞན་དང་གཞན་དུ་འབྱུང་ཞིང་བདེ། །སྲེད་པའི་ལས་ཀྱིས་བྱུང་ བའི་ཚེ། །དབང་ཕྱུག་ལ་སོགས་དེ་མ་བྱས། །འཁོར་བར་སྲོག་ཆགས་རྣམས་ཀྱིས་ནི། །རྟག་ཏུ་ལས་ནི་གྲངས་མེད་བྱས། །དེ་བཞིན་གཤེགས་པ་མ་གཏོགས་པས། །མཁས་པས་ནམ་ཡང་མི་ཤེས་སོ། །ལས་དེའི་རྣམ་པ་བདག་གིས་ཤེས། །རྒྱུ་ དང་རྐྱེན་ནི་རྟག་ཏུ་རིག་།སྟོབས་དེ་བདག་དང་ལྡན་པས་ན། །སྲོག་ཆགས་ཀུན་ལ་སོ་སོར་ཕན། །དགེ་སློང་དག་དེ་ལྟར་དགེ་སློང་དེས་མནར་མེད་པའི་སྡུག་བསྔལ་དག་སོ་སོར་མཐོང་བ་ན་འཁོར་བ་ཐམས་ཅད་ལ་ཡིད་འབྱུང་ཞིང་བྱམས་པ་མཆོག་གི་བདག་ཉིད་དང ། སྙིང་རྗེས་ཡོངས་སུ་བསྒོས་པའི་སེམས་ཉེ་བར་གཞག་པས་ས་གཞན་བཅུ་གཅིག་པ་ལ་ཞུགས་སོ། །དེ་ས་གཞན་དེ་ལ་ཞུགས་པ་དང ། ས་བླ་བ་དག་དགའ་ནས་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་ བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་བསྙད་དེ། དེ་ལྟར་སྔ་མ་བཞིན་དུ་སྦྱར་ནས། ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་བར་དག་གཅིག་ལ་གཅིག་སྒྲོགས་ཏེ། འདི་ལྟར་ལྷ་འཛམ་བུའི་གླིང་ན་ཡུལ་ཆེ་གེ་མོ་ཞིག་ན་རིགས་ཀྱི་བུ་མང་གེ་མོ་ཞིག་སྐྲ་ དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་བདུད་དང་ལྷན་ཅིག་གཡུལ་འགྱེད་པར་འདོད་ལ་དེ་ཡུལ་གྱི་དངོས་པོ་ལ་མི་འདོད་དེ། ཀུན་ནས་ཉོན་མོངས་པའི་ཤུལ་རྣམས་ལ་དགའ་བར་མི་བྱེད་དེ། དེས་གཞན་ 68-1-266b བཅུ་གཅིག་པ་ལ་ཞུགས་པ་དེ་ཐོས་ནས་ལྷ་ཚངས་པ་ཆེན་པོ་བདུད་ཀྱི་ཕྱོགས་ནི་དམས་སོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་མ་ཐོས་སོ། །དགེ་བའི་ཕྱོགས་ནི་འཕེལ་ཏོ། །ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པ་ནི་ཀུན་ནས་བྱུང་ངོ་ཞེས་ཡིད་རབ་ཏུ་དགའོ། །དགེ་སློང་ དག་དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་མནར་མེད་པ་ཇི་ལྟ་བ་བཞིན་མཐོང་ནས། དེའི་འཁོར་ཇི་ལྟར་འདུག་སྙམ་ནས་རྟོག་པར་བྱེད་དེ། ཀྱེ་མ་སེམས་ཅན་དམྱལ་བ་ཆེན་པོའི་འཁོར་ཇི་སྙེད་ཅིག་ཡོད་སྙམ་དུ་ཡོངས་སུ་རྟོག་ པར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་འདི་ལྟར་མནར་མེད་པ་དགེ་སློང་གི་ཡིད་བྱུང་བ་དེ་མཐོང་ནས་དེའི་འཁོར་གཞན་ལ་རྟོག་པར་བྱེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་ དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་རྟོག་པར་བྱེད་དེ། ཀྱེ་མ་སེམས་ཅན་དམྱལ་བ་ཆེན་པོའི་འཁོར་ཇི་སྙེད་ཅིག་ཡོད་སྙམ་མོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་གཞན་དག་གི་འཁོར་བཅུ་དྲུག་པ་ཡོད་པ་དེ་བཞིན་དུ་ མནར་མེད་པ་ཡང་འཁོར་བཅུ་དྲུག་གི་བར་དུ་ཡོད་པར་མཐོང་སྟེ། འདི་ལྟ་སྟེ། བྱ་རོག་ཁ་དང ། ཐམས་ཅད་ས་འོག་དང ། སྡུག་བསྔལ་མཐའ་ཡས་མང་དང ། ཝ་སྐད་འབྱིན་དང ། ལྕགས་ཀྱི་ཅེ་སྤྱང་གི་ཟས་དང ། ལྟོ་གནག་དང ། ལུས་ཞུམ་དང ། རྨི་ལམ་འཇིགས་བྱེད་སྟོན་དང ། ལུས་ཞུམ་མི་བཟད་འཕྱང་དང ། རི་བརྩེགས་ཆར་ལྟར་འབབ་དང ། བྱ་འཛམ་པ་སྐད་འབྱིན་དང ། སྐར་ཕྲེང་དང ། སྡུག་བསྔལ་ཀུན་གྱིས་ཉེན་དང ། གོས་དྲི་དང ། ལྕགས་གླེབས་དང ། འགྲོ་བ་མེས་སྲེག་སྟེ། འདི་དག་ནི་སེམས་ ཅན་དམྱལ་བ་ཆེན་པོའི་འཁོར་བཅུ་དྲུག་ཡིན་ནོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་དང ། སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བ་ལྔ་དག་གིས་མནར་མེད་པ་འགྲུབ་པ་མཐོང་སྟེ། ནང་དུ་ལྔ་དག་བྱས་པས་མནར་མེད་པ་དེར་སྐྱེ་བར་འགྱུར་རོ། །དེ་དང་འཐུན་པའི་ 68-1-267a ལས་ཆུང་ངུ་བྱས་པས་ནི་དེའི་འཁོར་དུ་སྐྱེ་བར་འགྱུར་ཏེ། ཇི་ལྟར་ལས་བྱས་ཤིང་བསགས་པ་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་བྱས་པ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་བཞིན་དུ་སེམས་ཅན་དམྱལ་བའི་འཁོར་གཞན་དུ་སྐྱེ་བར་འགྱུར་ རོ། །དེ་ལ་མང་དུ་མནར་མེད་པ་ལྔ་འབྱུང་སྟེ། འདི་ལྟ་སྟེ། བསམས་བཞིན་དུ་མ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་ཅིང་འབྱིན་པ་དེ་ལ་དགའ་བར་བྱེད། གོམས་པར་བྱེད། མང་དུ་བྱེད། ཕ་རོལ་དག་ལ་སྟོན་པར་བྱེད། དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་ཅིང་ དེ་ཉིད་ཀྱི་ལས་བྱེད་དུ་འཇུག་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་བྱ་རོག་ཁ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་མནར་མེད་པ་མ་གཏོགས་པར་གང་ཡང་སོས་ལ་སོགས་པ་བདུན་གྱི་གནོད་པ་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། ། ཁྱད་པར་དུ་འབྱུང་བ་ཇི་ལྟར་བྱ་རོག་གི་ཁ་ལྟར་གདངས་ནས་གཤིན་རྗེའི་མི་ནག་པོ་ཞེས་བྱ་བས་བ་ཚཝའི་ཆུ་བོ་དེ་དག་ལེན་པར་བྱེད་དོ། །བ་ཚཝའི་ཆུ་བོ་དེ་དག་ནི་ཤུགས་དྲག་པ་ཡིན་ཏེ། བ་ཚཝའི་ཆུ་བོ་དེ་ལ་དེའི་ཁ་ཟེད་དུ་འཇུག་གོ། །བ་ཚཝའི་ཆུ་བོ་དེས་མཆུ་དང ། རྐན་དང ། སོ་དང ། མིད་པ་དང ། རྣ་བ་དང ། སྙིང་དང ། མཆིན་པ་དང ། རྒྱུ་མ་དང ། ཕོ་བ་དང ། ལོང་ཀ་དང ། གློ་བ་དག་བསྲེགས་ནས་ཐུར་དུ་བྱུང་ངོ ། །དེ་ཚ་བའི་ཆུ་བོའི་ནང་དུ་སོང་སྟེ། ཁོང་བའི་ནང་དུ་སོང་ཞིང་བུ་གའི་ནང་དུ་སོང་བ་དེས་གསོག་ཏུ་གྱུར་ཅིང་ཕྱི་རོལ་ འབའ་ཞིག་ལུས་ཏེ་ལས་ཀྱི་ཆད་པས་བཟུང་ཞིང་སྡུག་བསྔལ་ཚ་བ་རྩུབ་པ་དག་མྱོང་བ་ན། དུས་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་འཚེད་པར་བྱེད་དེ། དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་གྱུར་པ་དེ་སྲིད་དུ་འཚེད་དོ། །དེ་དེ་ལས་ ཐར་ན་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་ཡི་དགས་ལྟོ་གུག་ཏུ་སྐྱེ་བར་འགྱུར། ཚེ་རབས་སྟོང་དུ་དུད་འགྲོ་གླང་པོ་ཆེ་དང ། སྲི་མ་ར་དང ། དྷུ་ན་དྷུ་དང ། མ་ར་དང ། སྲེ་མོ་དང ། སྦྲུལ་དང ། འགའ་ལ་དང ། གོ་ཏ་ཀ་དང ། ས་རྐོ་དང ། སྦྲང་བུ་དང་། 68-1-267b ཕྱེ་བ་དང ། བལ་གླང་གི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་དེ་ལས་ཐར་ནས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྔོན་པའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཚེ་རབས་ཉིས་བརྒྱར་མངལ་དུ་གནས་པ་ཉིད་ནའམ། གོག་ཐལ་ ཐུལ་ནའམ། ཁ་སྤུ་སྐྱེས་ཙམ་ན་འཆི་བར་འགྱུར་ཏེ། བག་ཆགས་དེས་དེ་ཕྱིར་ཞིང་སྡིག་པ་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ཐམས་ཅད་ས་འོག་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་བསམས་པ་བཞིན་དུ་དགེ་སློང་མ་དགྲ་ བཅོམ་པ་ཟག་པ་ཟད་པ་ལ་སྤྱད་ལ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཐམས་ཅད་ས་འོག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ལ་གང་སེམས་ཅན་དམྱལ་བ་ཡང་སོས་ ལ་སོགས་པ་བདུན་གྱིས་གནོད་པ་བསྡུས་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་བར་འགྱུར་རོ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་ལྕགས་ཀྱིས་གཞི་དེ་བརྐོས་ནས་གཤིན་རྗེའི་མི་རྣམས་ཀྱིས་མགོ་ཐུར་དུ་བསྟན་ཏེ་ས་བརྐོས་པར་དེའི་མགོ་གང་ཡིན་པ་ཐུར་དུ་ བསྟན་ཅིང་རྐང་ལག་གང་ཡིན་པ་དེ་དག་གྱེན་དུ་སྟོན་པར་བྱེད་དོ། །དེ་སྡུག་བསྔལ་གྱིས་ཉམ་ཐག་ནས་ངུ་སྐད་འདོན་མི་ནུས། ཆོ་ངེས་འདེབས་མི་ནུས། ཀུ་ཆོ་འབྱིན་མི་ནུས་སོ། །དེའི་ལུས་ཐུར་དུ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་གཤིན་རྗེའི་མི་ རྣམས་ཀྱིས་སྟེའུ་ཐོགས་ཏེ་རུས་པ་ལྷག་མ་མ་ལུས་པའི་བར་དུ་འཇོག་པར་བྱེད་དོ། །རུས་པ་དེ་དག་ལ་ཡང་བ་ཚཝའི་ཆུས་ཆག་ཆག་འདེབས་ཏེ་དེ་དག་ལ་ཆག་ཆག་བཏབ་ནས་ཀྱང་འགྲེ་ལྡོག་གོ། །དེའི་བ་ཚཝའི་ཆག་ཆག་བཏབ་པ་དེ་དག་ལས་དེ་ཕྱུང་ན་སྲོག་གི་ལྷག་ 68-1-268a མ་ཆུང་ཟད་ཅིག་ལུས་པ་ཟངས་དམར་པོ་རབ་ཏུ་བསྐོལ་བ་འཁྲིགས་པས་བདས་ཤིང་ལྕགས་ཀྱི་སྣོད་རབ་ཏུ་བསྲེགས་པར་འཇུག་པར་བྱེད་དོ། །དེ་དེར་མོན་སྲན་གྲེའུ་དང ། རྒྱ་སྲན་འཚེད་པ་ལྟར་སྟེང་འོག་ཏུ་འབྱུང་བ་ན་ལྕགས་ཀྱི་བུམ་པ་ཀུན་བལྟར་མི་སྣང་བར་ ཀུན་ནས་རླངས་པས་འཁྲིགས་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མར་རྡུང་ཞིང་འཚེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་ནས་བསྐལ་པའམ་བསྐལ་པའི་ལྷག་མར་སྲེག་པའི་གནོད་པ་བསམ་གྱིས་ མི་ཁྱབ་པ་ཆུང་ཟད་ཅིག་འབྱུང་བར་འགྱུར་རོ། །དེ་དེ་ལས་ཐར་ནས་ཚེ་རབས་སྟོང་དུ་ཡི་དགས་ཁ་ཟས་མེད་པའི་ནང་དུ་སྐྱེ་བར་འགྱུར་ཏེ། དེའི་ལུས་བཀྲེས་པ་དང ། སྐོམ་པས་གདུངས་ཤིང་ཀུན་ནས་ཐམས་ཅད་དུ་མར་མེའི་སྙིང་པོ་འབར་བ་ལྟར་རབ་ཏུ་འབར་རོ། །དེ་དེ་ལས་ཐར་ ན་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་དུད་འགྲོ་མྱ་ངམ་གྱི་བྱ་བཀྲེས་པ་དང ། སྐོམ་པས་གདུངས་པ་འདི་ལྟ་སྟེ། བྱེའུ་མཆིལ་པ་དང ། ཝ་དང ། ཟིན་པ་དང ། འབའ་ས་ཀ་དང ། སྐྱིན་གོར་དང ། ཏུང་ཀ་དང ། རི་དགས་མཱ་ཏྲི་ཀ་དང ། བ་ར་པོ་ཏ་དང ། ཁྱི་དང ། མཆེ་བ་གཙིགས་ལ་སོགས་པའི་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ལས་ཀྱང་ཐར་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་མི་རྟ་གདོང་ཅན་གྱི་ཡུལ་དུ་སྐྱེ་བར་འགྱུར། ཚེ་རབས་ཉིས་བརྒྱར་ཡང་མངལ་དུ་འཆི་བར་འགྱུར། གལ་ཏེ་ཡང་བྱང་ ནས་འཚོ་ན་དེ་དབུལ་ཞིང་ནད་ཀྱིས་ཉོན་མོངས་པར་འགྱུར། དེ་བཞིན་དུ་ཚེ་རབས་ལྔ་བརྒྱར་ཟ་མ་དང་མ་ནིང་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྡུག་བསྔལ་མཐའ་ཡས་མང་ཞེས་བྱ་བ་ཇི་ལྟར་གནས་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཤིན་ཏུ་ 68-1-268b ཆགས་པའི་སྙིང་གིས་ཡུལ་ལ་སེམས་འཇུག་པའམ། སྡིག་པའི་གྲོགས་པོ་དང་ཕྲད་པས་སམ། ར་རོ་བའི་ཉེས་པས་མ་ལ་འཁྲིག་པ་བྱས་ཤིང་སད་ནས་ཀྱང་ཤིན་ཏུ་ཆགས་པའི་འདོད་ཆགས་དང་ལྡན་པས་འཁྲིག་པ་བྱས་ལ་སྡིག་པའི་གྲོགས་པོའི་ཚིག་གིས་དེ་ནས་ཆགས་ པས་ཡང་དེ་ཉིད་ལ་འཁྲིག་པར་བྱེད། ཀུན་ཏུ་སྟེན་ཅིང་སྒོམ་ལ་མང་དུ་བྱེད། གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྡུག་བསྔལ་མཐའ་ཡས་མང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་དེའི་རྐུབ་ཏུ་ཕུར་བུ་རབ་ཏུ་འབར་བ་རྣམས་དང ། ཚེར་མ་གང་ཡིན་པ་དག་འཇུག་པར་བྱེད་དོ། །སྣར་ཡང་ཐོ་བ་དག་ བླངས་ནས་ཕུར་བུ་རྣམས་འདེབས་པར་བྱེད། རྣ་གུང་དུ་ཡང་ཐོ་བ་དག་གིས་ཕུར་བུ་རྣམས་འདེབས་པར་བྱེད། ཁར་ཡང་ཐོ་བ་བླངས་ནས་ཕུར་བུ་སོ་རྣོ་ཞིང་འབར་རབ་ཏུ་འབར་བ་རྣམས་ཀྱིས་རབ་ཏུ་འགེངས་པར་བྱེད། དེའི་འོག་ཏུ་ཁའི་སྡུག་བསྔལ་རབ་ཏུ་འབར་བ་དང ། འོག་ཏུ་གྱུར་པའི་སྡུག་བསྔལ་དག་གིས་སྡུག་བསྔལ་བར་བྱེད། སྲེག་པར་བྱེད། གཤེག་པར་བྱེད། རྡེག་པར་བྱེད། རྔོ་བར་བྱེད་དོ། །ནང་གི་མནར་མེད་པའི་ཀུན་ནས་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་གྱིས་ཉེན་ཏེ་ཇི་ལྟར་དེ་དཔེ་བྱ་བར་སླ་བ་མ་ཡིན་པ་དེ་ལྟར་ཇི་ སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བསྲེགས་པ་དེ་ལས་ཐར་ན་སྡིག་པའི་ལས་དེ་དང་རྒྱུ་འཐུན་པའི་འབྲས་བུས་ཚེ་རབས་ བཞི་སྟོང་དུ་ཡི་དགས་ཁ་ཐུར་དུ་བལྟས་པ་མདག་མ་ཟ་བའི་ནང་དུ་ལུས་བཀྲེས་པ་དང ། སྐོམ་པས་གདུངས་པའི་ལུས་སུ་སྐྱེ་བར་འགྱུར་རོ། །མྱ་ངམ་ཆུ་དང ། གྲིབ་མ་མེད་པའི་སྨྱིག་མའི་ཚལ་གྱི་དུད་འགྲོ་དག་ཏུ་ཡང་སྐྱེ་བར་འགྱུར། སྲོག་ཆགས་རི་ལ་གནས་པ་གྲིབ་མ་ 68-1-269a འཇིགས་བྱེད་དང ། མུན་པ་ཅན་དང ། ཟིན་པ་གནས་པ་དེ་དག་གི་དུད་འགྲོ་ཁ་གདོང་ཉམས་ཤིང་ཤི་ལ་ཐུག་པའི་རྣམ་པ་དེ་ལྟ་བུར་སྐྱེ་བར་འགྱུར་རོ། །གང་འོད་མའི་ཚལ་དུ་རླུང་གི་དྲུད་པས་མེ་འབྱུང་སྟེ། མེ་དེས་ཚེ་རབས་བཞི་སྟོང་དུ་སྲེག་ཅིང་ འཚེད་དོ། །དེ་ལས་ཀྱང་ཐར་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེའི་ཆུང་མ་བསྲུངས་པར་མི་འགྱུར། གཞན་གྱི་ཆུང་མ་དང་ལྷན་ཅིག་འདུག་པར་འགྱུར། དེ་རྒྱལ་པོའམ། བློན་པོས་དེའི་རླིག་པ་འབྱིན་པར་བྱེད། ཁྱིམ་ཐམས་ ཅད་ཡོངས་སུ་སྤངས་པར་འགྱུར། ལམ་པོ་ཆེའམ། བཞི་མདོའམ། གྲོང་ཁྱེར་རམ། གཞན་གྱི་སྒོར་རག་ལུས་པར་འགྱུར། རྟག་ཏུ་སྐོམ་སློང་ཞིང་བཀྲེས་ལ་ལུས་ཆུང་བར་འགྱུར། དེ་ཡང་དང་ཡང་དུ་ནད་ཆེན་པོས་ཐེབས་པར་འགྱུར་ཏེ། དེ་སྲང་ ངམ་བཞི་མདོའམ་དུར་ཁྲོད་དུ་སྡུག་བསྔལ་མི་བཟད་པས་ཉམ་ཐག་ནས་འཆི་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་ བའི་ཤེས་པས་སེམས་ཅན་དམྱལ་བ་ཝ་སྐད་འབྱིན་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་ཐམས་ཅད་མཁྱེན་པའམ། རང་སངས་རྒྱས་སམ། དགྲ་ བཅོམ་པའམ། ཆོས་དང་འདུལ་བ་ལ་ངན་དུ་བརྗོད་ཅིང་ཆོས་མ་ཡིན་པ་ལ་ཆོས་ལྟ་བུར་བརྗོད་ལ་གཞན་དག་ཀྱང་ཆོས་མ་ཡིན་པ་ལ་རབ་ཏུ་འཇོག་པར་བྱེད། ཤིན་ཏུ་དགའ་བར་བྱེད། རབ་ཏུ་དགའ་བར་བྱེད་ལ། དེ་ཆོས་མ་ཡིན་པ་དེ་ཉིད་ལ་ཡང་དང་ཡང་དུ་ཆོས་ ལྟ་བུར་སྟོན་པར་བྱེད་ཅིང་འཕགས་པ་རྣམས་ལ་རྟག་ཏུ་མི་སྙན་པར་བརྗོད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཝ་སྐད་འབྱིན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་བདུན་གྱི་གནོད་པ་ 68-1-269b བསྡུས་པ་དེ་དག་ཐམས་ཅད་རང་གི་ལས་ཀྱི་འབྲས་བུ་དང་འཐུན་པར་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེའི་ལས་ཀྱིས་བྱས་པའི་ཝ་ཁ་རབ་ཏུ་འབར་བ་རྣམས་ཀྱིས་ཤིན་ཏུ་གང་ལ་དེར་སྐྱེས་མ་ཐག་ཏུ་ཝ་མཆེ་བ་རབ་ཏུ་འབར་བ་རྣམས་རྒྱུག་ སྟེ། འཕགས་པ་ལ་སྐུར་བ་འདེབས་པ་དེ་ལ་འཛིན་པར་བྱེད་དོ། །སྡིག་པ་བྱེད་པ་དེའི་མགོ་ཡང་གཞན། ལྕེ་ཡང་གཞན། གླད་པ་ཡང་གཞན། བྲང་ཞོལ་ཡང་གཞན། སྙིང་ཡང་གཞན། མཆེར་པ་ཡང་གཞན། རྒྱུ་མ་ཡང་གཞན། གཉེ་མ་ཡང་གཞན། ལྟོ་ བ་ཡང་གཞན། སྟ་ཟུར་ཡང་གཞན། བརླའི་རུས་སྦུབས་ཀྱང་གཞན། བྱིན་པའི་སྦུབས་ཀྱང་གཞན། པུས་མོའི་ལྷ་ང་ཡང་གཞན། ལག་པ་དང་རྐང་པ་ཡང་གཞན། སོར་མོ་ཡང་གཞན། རྐང་པའི་སོར་མོ་ཡང་གཞན་དུ་ཁྱེར་ཏེ། དེ་ལྟར་ཡན་ ལག་དང་ཉིང་ལག་ཞིགས་པ་ཐམས་ཅད་སོ་སོར་ཁྱེར་རོ། །དེ་ནས་ཡང་དེའི་སྡིག་པའི་ལས་ཀྱིས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པ་མྱོང་བའི་འབྲས་བུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་ཡུན་རིང་དུ་འབྲས་བུ་དེ་མྱོང་བར་འགྱུར་རོ། །དེ་གལ་ཏེ་ཡང་ཐར་ ནས་གར་བབ་བབ་ཏུ་འབྲོས་པ་དང ། གཤིན་རྗེའི་མི་གཞན་དག་གིས་བཟུང་ནས་དེའི་ཁ་དེ་གདངས་ཏེ་ལྕེ་བཟུང་ནས་མཚོན་ཧུ་ལུ་དག་གིས་དུམ་བུ་དུམ་བུར་གཅོད་དོ། །བཅད་ནས་ཀྱང་ཡང་སྐྱེ་བར་འགྱུར་ཏེ། དེའི་ངག་མི་གཙང་བ་འབྱིན་པ་གང་གིས་འཕགས་ པ་ལ་སྐུར་པ་བཏབ་པ་དང ། ཕ་རོལ་དག་ལ་ཆོས་མ་ཡིན་པ་ལ་ཆོས་ལྟ་བུར་བསྟན་པ་ནི་དེ་ལྟར་དེ་ཡུན་རིང་དུ་སྡུག་བསྔལ་གྱི་ཚོར་བ་ཚ་བ་དག་མྱོང་བར་འགྱུར་རོ། །དེ་གལ་ཏེ་ཡང་དེ་ལས་ཐར་ནས་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་ པ། གར་བབ་བབ་ཏུ་འབྲོས་པ་དང ། དེའི་ལས་ཀྱིས་བྱས་པ་གཤིན་རྗེའི་མི་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཡང་བཟུང་ངོ ། །བཟུང་ནས་ཀྱང་ཕྱིན་ཅི་ལོག་ཏུ་སྨྲ་བ་དང ། གཡོ་ཐབས་སྨྲ་བ། སྡིག་པ་སྨྲ་བ། ཆོས་ངན་པའི་ཆོས་ཀྱིས་སེམས་ 68-1-270a ཅན་དག་ལམ་བཟང་པོ་ལས་སྐྱོད་པར་བྱེད་ཅིང་སྨྲ་བ་དེ་དེ་རྣམས་ཀྱིས་བཟུང་སྟེ་ཁ་གདངས་ནས་དེའི་ལྕེ་ཕྱུང་ངོ ། །དེ་ཡང་འཇམ་ཞིང་ཟངས་ཀྱི་མདོག་ལྟར་དམར་བ་རྒྱང་གྲགས་ཙམ་དུ་སྐྱེས་ཏེ། དེ་ཡང་ལྕགས་ཀྱི་ས་གཞི་རབ་ཏུ་འབར་བ་ ལ་ལྡག་ཏུ་འཇུག་གོ། །ལྡག་ཏུ་བཅུག་ནས་ཐོང་གཤོལ་གྱི་སོ་རྣོ་ཞིང་འབར་ལ་རབ་ཏུ་འབར་བ་བརྒྱ་དང ། རྨོན་གླང་རྨིག་པ་འདོར་བ་རྣོ་ཞིང་རབ་ཏུ་འབར་བ་ཐོང་མཁན་དང་ལྡན་པ་རྣམས་ཀྱིས་དོན་མ་ཡིན་པ་བྱེད་པ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་དབང་དུ་གྱུར་ཅིང་དོན་ མ་ཡིན་པའི་སྐྱེ་གནས་ལྕེར་མིང་བཏགས་པ་དེ་ལ་རྨེད་པར་བྱེད་དེ། དེ་ལྟར་དེ་ཡུན་རིང་དུ་འཚེད་ཅིང་སྲེག་གོ། །དེའི་ལྕེ་གནོད་པ་དང་ཕྲད་པ་དེ་ངུ་བར་བྱེད། འཁུན་པར་བྱེད། ཀུ་ཆོ་འདོན་པར་བྱེད། ངུ་སྐད་འབྱིན་པར་བྱེད། མིག་ཡོངས་སུ་འགྱུར་བར་བྱེད་ དོ། །དེ་ལྟར་དེ་ངུ་སྐད་འབྱིན་པ་ན་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། སྡིག་ཚིག་ཡིད་ལ་བསམས་ནས་སུ། །འཕགས་ལ་སྨོད་གང་དམྱལ་བར་ནི། །བྱེ་བ་ལྔ་བཅུ་རྩ་དྲུག་དང ། །དེ་བཞིན་བྱེ་བ་ཕྲག་དྲུག་ གནས། །ཆོས་མ་ཡིན་པ་ཆོས་ཚུལ་དང ། །སྡིག་བྱེད་ལེགས་པའི་ཚུལ་དུ་ནི། །ཁྱོད་ཀྱིས་སྔོན་ནི་གང་སྨྲས་པ། །མེ་དེས་ཁྱོད་ལ་སྐྲག་པར་བྱེད། །ཇི་ལྟར་སེམས་ཅན་ཁྱད་པར་ཅན། །ཆོས་འདོད་དག་ལས་ཁྱོད་ཀྱིས་སུ། །ངེས་པར་ངན་འགྲོར་འགྲོ་བ་ ཡིན། །བདེ་མེད་སྡིག་པ་རབ་ཏུ་སྨྲས། །གང་ཞིག་རྟག་ཏུ་བརྫུན་སྨྲ་ཞིང ། །ཆོས་མ་ཡིན་སྨྲ་ཆོས་ལྡན་མིན། །དེ་ཡུལ་ཀུན་གྱི་རྐུན་མ་ཡིན། །རྐུན་མ་ཐ་མལ་རྐུན་མ་མིན། །ཆོས་སྨྲ་བ་ཡི་མི་དག་ག་གང ། །ཆོས་ཉིད་ལ་ནི་སྤྱོད་པ་སྟེ། །གང་དུ་འགྲོ་བ་ གནོད་མེད་པའི། །རྟག་པའི་གནས་སུ་དེ་འགྲོ་འོ། །འཁྲུག་མེད་མི་ཟད་ནོར་ཡིན་ཏེ། །སྐྱེ་བོ་ཀུན་གྱི་ཇོ་བོར་ཆེ། །བདེན་པ་མཐོ་རིས་སྐས་ཡིན་ཏེ། །དེ་ཉིད་མྱ་ངན་འདས་པའི་སྒོ། །དེ་ལྟར་བདེན་པ་མཆོག་བརྟགས་པ། །རྟག་ཏུ་ཆོས་ཤེས་དྲན་པ་ནི། ། 68-1-270b མྱ་ངན་དགའ་བ་མེད་གནས་སུ། །མི་མཆོག་འདི་ནི་འགྲོ་བར་འགྱུར། །ཁྱོད་ཀྱིས་ཆོས་ནི་རྣམ་སྤངས་པ། །མཁས་པ་རྣམས་ཀྱིས་སྨད་པ་ཡིན། །ཁྱོད་ཀྱིས་མི་བཟད་གང་བསྒྲགས་པ། །དེ་འདིར་ཁྱོད་ལ་རྣམ་པར་འཚེད། །དེ་ལྟར་འཕགས་པ་ལ་སྐུར་པ་འདེབས་ པའི་མི་དེ་གཤིན་རྗེའི་མི་དེ་རྣམས་ཀྱིས་རྗེས་སུ་བསྟན་ནས་གནོད་པ་སྔ་མ་དག་པས་མང་བར་གནོད་པར་བྱེད་དེ། གང་དེའི་མིང་ཡང་ཤེས་པར་སླ་བ་མ་ཡིན་ནོ། །འཕགས་པ་ལ་ངན་དུ་བརྗོད་པ་དེ་ཉིད་ཀྱི་གནོད་པ་མི་བཟད་པ་གང་ཡིན་པ་རྒྱུ་དང་འཐུན་པར་འབྲས་བུ་ འབྱུང་བ་ནི་དེ་བཞིན་གཤེགས་པས་གསུང་སྟེ། དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚེད་དོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ན། ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་འབུམ་དུ་ཡི་དགས་བཟླུམས་ པའི་ནང་དུ་སྐྱེ་བར་འགྱུར་ལ་གང་དག་གི་ལུས་ཤའི་གོང་བུ་ལྟར་བཟླུམས་པར་འགྱུར་ཏེ། མཐོང་བ་མེད། ཐོས་པ་མེད། མནོམ་པ་མེད། སྨྲ་བ་མེད་དོ། །དེ་དེ་ལས་ཐར་ནས་ཀྱང་ཚེ་རབས་སུམ་སྟོང་དུ་ལྗན་ལྗིན་གྱི་སྲིན་བུར་འགྱུར། དེ་ལས་ཀྱང་ཐར་ནས་ གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ཚེ་རབས་ལྔ་བརྒྱར་དབུལ་ཞིང་ཚིག་ཀུན་གྱིས་ཡིད་མི་ཆེས་པ་དང ། བརྗེད་ངས་པ་དང ། ལྐུགས་པ་དང ། འོན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་ པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལྕགས་ཀྱི་ཅེ་སྤྱང་གི་ཟས་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་ དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན།གང་གིས་ཤིན་ཏུ་འཁྲུགས་པའི་སེམས་དང་སེམས་རྩུབ་མོས་བསམས་བསམས་ཏེ། དགའ་ནས་དགེ་འདུན་གྱི་གཙུག་ལག་ཁང་ལ་མེ་སྦར་ལ་དེར་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བསྲེགས་ཤིང་དགེ་འདུན་གྱི་གནས་ 68-1-271a ན་མལ་སྟན་དང ། གོས་དང ། ནོར་དང ། འབྲུའི་འབྱོར་པ་མང་པོ་དག་མེའི་ཉེས་པས་ཚིག་ལ་ཚིག་པ་དེ་ལ་ཡང་རྗེས་སུ་དགའ་བར་བྱེད་ཅིང་འགྱོད་པར་མི་བྱེད། གཞན་དག་ཀྱང་དེ་ཉིད་ལ་འཇོག་པར་བྱེད། ཤིན་ཏུ་དགའ་བར་བྱེད། ཡང་དག་ པར་རབ་ཏུ་དགའ་བར་བྱེད་ལ་ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང་ལྡན་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལྕགས་ཀྱི་ཅེ་སྤྱང་གི་ཟས་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ ཅན་དམྱལ་བ་ཡང་སོས་ལ་སོགས་པའི་སྡུག་བསྔལ་བསྡུས་པ་གང་ཡིན་པ་དེ་དག་ཐམས་ཅད་འབྱུང་སྟེ། ཐམས་ཅད་སྟོང་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་ཇི་ལྟར་ལས་ལྕི་བས་གནོད་པ་ཡང་ལྕི་བར་འགྱུར་ཏེ། གང་གནོད་པའི་རྒྱུ་དང་འཐུན་པར་འབྲས་བུ་ འབྱུང་ཞིང་ས་བོན་དང་འཐུན་པར་འབྲས་བུ་འབྱུང་ངོ ། །འདི་ལྟར་དེར་སྐྱེས་པའི་ལས་ཀྱི་རྐྱེན་གྱིས་ལུས་ཐམས་ཅད་ཀུན་ནས་རབ་ཏུ་འབར་བར་འགྱུར་ལུས་དེ་ལས་མགོ་བཅུ་གཅིག་བྱུང་བ་དཔག་ཚད་བཅུ་བཅུ་ཡོད་དེ། སེམས་ཅན་དམྱལ་བ་ཐམས་ཅད་པས་ཤིན་ཏུ་དྲག་ཅིང་ མི་བཟད་པ་འབྱུང་ངོ ། །དེའི་དབུས་ན་འདུག་པའི་མི་རི་ལྟ་བུར་ཀུན་ནས་རྣམ་པ་ཐམས་ཅད་དུ་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཏེ། བཀྲེས་པ་དང་སྐོམ་པས་གདུངས་པའི་ལུས་དག་འཚེད་དོ། །སྲེག་གོ། །གསོད་དོ། །ཀུན་ནས་ལག་པ་གྱེན་དུ་བསྒྲེང་སྟེ། དེའི་ ལག་པ་དེ་ཡང་དཔག་ཚད་ལྔ་བརྒྱ་ཙམ་དུ་འབར་བའི་ཕྲེང་བས་འཁྲུགས་ཤིང་དེ་རྩཝའི་རི་ལྟར་སྲེག་གོ་།དེ་ཀུན་ནས་སྲེག་པ་ན་ངུ་སྐད་འབྱིན་འོ་དོད་འབོད་ཀུ་ཆོ་འདོན་ཅིང་ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེ་ངུ་སྐད་འདོན་པ་ན་མེ་ལྕེ་དེས་དེའི་ཁ་ཐམས་ཅད་འགེངས་པར་བྱེད་ དོ། །དེའི་ཁ་ཕྱེ་བ་དང ། ཕྱི་རོལ་དུ་ཀུན་ནས་རབ་ཏུ་འབར་ཞིང་རྟག་ཏུ་མེ་ལྕེ་གཅིག་ཏུ་གྱུར་པ་ཡང་དང་ཡང་དུ་འཕེལ་བའི་མེས་སྲེག་པ་ན་ཡུན་རིང་དུ་འཚེད་དོ། །དེ་གལ་ཏེ་ཡང་དེ་ལས་ཐར་ནས་གར་བབ་བབ་ཏུ་འབྲོས་སོ། །མགོན་འདོད་པ། སྐྱབས་འདོད་པ། དཔུང་ 68-1-271b གཉེན་འདོད་པ། བདེ་བ་འདོད་པ་དེ་འབྲོས་པ་དང ། ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་ཀྱིས་འབྲེལ་བ་སེམས་ཅན་དམྱལ་བ་དེ་ལས་གནས་གཞན་དུ་འབྱུང་སྟེ། མཚན་མོ་རི་ལ་ཆར་འབབ་པའི་ཆུ་ལྟར་གནོད་པ་འཕེལ་ལོ། །དེའི་ལྕགས་ཀྱི་རྡོ་རྒྱང་ གྲགས་ཙམ་རབ་ཏུ་འབབ་སྟེ་དེ་དག་གིས་དེའི་གླད་པ་ལ་སོགས་པ་ནས་རྐང་པའི་བར་ཇི་ལྟར་བཅའ་སྒ་བཏགས་པ་ལྟ་བུར་དེ་ལྟར་ཕྱེ་མར་བྱེད་དེ་དེའི་ལུས་མངོན་པ་མེད་པར་བྱེད་དོ། །དེ་ལྟར་དེ་ལྕགས་ལས་བྱས་པའི་རྡོ་མི་བཟད་པ་ཆར་ལྟར་འབབ་པས་བཏགས་པ་ན་དེ་ནས་ཡང་ སླར་འཚོ་བར་འགྱུར་ཏེ། ཅེ་སྤྱང་གི་མཆེ་བ་རབ་ཏུ་འབར་བ་དག་གིས་དེའི་ལུས་བཅའ་སྒ་ལྟར་སྲབ་མོར་བྱས་ཤིང་ཟའོ། །དེ་ནས་ཡང་བྱུང་ཞིང་སྐྱེས་ནས་ཅེ་སྤྱང་མི་བཟད་པ་དེ་དག་གིས་ཟ་སྟེ། དེ་ལྟར་ཡང་ཡུན་རིང་དུ་འཚེད་ཅིང་སྲེག་གོ། །སླར་ཡང་སྐྱེ་བར་འགྱུར་ཏེ། དེ་ལྟར་དེ་ལས་དེ་མྱོང་བར་འགྱུར། སོ་སོ་ཡང་དག་པར་ཚོར་བར་འགྱུར། དེ་སྡུག་བསྔལ་ཚ་བ་རྩུབ་པ་གནོད་པ་དག་མྱོང་བར་འགྱུར་ཏེ། རང་གིས་བྱས་ཤིང་གཞན་གྱིས་མ་བྱས་པ་མ་བྱས་པ་དང་ཕྲད་པ་མ་ཡིན། བྱུང་བ་རྣམས་ཀྱིས་བྱས་པ་ཆུད་ཟ་བ་མ་ཡིན། རྒྱུ་མེད་པ་ མ་ཡིན། འདོད་རྒྱལ་ལས་བྱུང་བ་མ་ཡིན། རྒྱུ་དང་རྐྱེན་མི་འཐུན་པ་ལས་བྱུང་བ་མ་ཡིན། བྱེད་པ་པོས་བྱིན་གྱིས་མ་བརླབས། ཚོར་བ་པོས་བྱིན་གྱིས་མ་བརླབས་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རང་གི་རྒྱུ་ རྐྱེན་གྱིས་བྱས་པ་མྱོང་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ན་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་ཡི་དགས་མཆོག་ཏུ་མི་བཟད་པར་སྨིན་ཏེ། ལུས་ཀུན་ནས་རབ་ཏུ་འབར་ཞིང་ངུ་སྐད་འབྱིན་ཀུ་ཆོ་འདོན་པ་ན་སྐྱེ་བོ་ཀུན་གྱི་གནས་གྲོང་དུ་མཚན་མོ་ངུ་ཞིང་ ཉིན་པར་ཡང་ཉི་མའི་འོད་མདག་མེ་ཆར་ལྟར་འབབ་པས་ཇི་སྲིད་དུ་དེའི་སྡིག་པའི་ལས་ཀྱི་མེ་འབྱུང་བ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྲེག་པར་བྱེད་དོ། །དེ་ལས་ཀྱང་ཐར་ན་དགོན་པའི་དུད་འགྲོ་རྐང་པ་བརྒྱ་བར་འགྱུར་ཏེ། རྟག་ཏུ་བཀྲེས་པ་དང ། སྐོམ་ 68-1-272a པས་གདུངས་ལ་ཁ་གཉིས་ཀྱིས་བདག་ཉིད་ཉོན་མོངས་པར་འདྲེན་ཅིང་དེའི་ལུས་ཐམས་ཅད་སྲིན་བུ་མར་ཀོ་ཏ་ཀ་རྣམས་ཀྱིས་ཟ་བར་བྱེད་དོ། །དེ་གལ་ཏེ་ཡང་དུད་འགྲོའི་སྐྱེ་གནས་དེ་ལས་ཐར་ལ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སོ་སོར་མྱོང་བར་ འགྱུར་བའི་ལས་ཀྱིས་མིར་སྐྱེས་ན། དེ་སྤྲིན་ནག་པོ་འདྲ་བར་འགྱུར་ཞིང་ཉམས་པར་གྱུར་པ་ཡོངས་སུ་སྤངས་པ་དབུལ་བ་ཡུན་རིང་དུ་རྔ་མོང་གིས་ཉོན་མོངས་ཤིང་གཞན་ལ་རག་ལས་པ་མང་ཞིང་ལུས་བཀྲེས་པ་དང ། སྐོམ་པས་གདུངས་ལ་དེའི་སྲོག་གི་འཚོ་བ་ཡང་གཞན་ལ་ རག་ལས་པར་འགྱུར་ཏེ། དེ་ལྟར་ཚེ་རབས་སྟོང་དུ་ཡི་དགས་རྣམས་དང ། ཚེ་རབས་སྟོང་དུ་དུད་འགྲོ་རྣམས་དང ། གནས་སྐབས་དེ་དག་གི་མིར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་བདུན་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལྟོ་གནག་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་ གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན།གང་གིས་སངས་རྒྱས་ཀྱི་དཀོར་ནོར་མ་བྱིན་པར་བླངས་ཏེ། དེ་ལ་ཡང་སྤྱོད་ལ་སྤྱད་ནས་ཀྱང་དག་པར་མི་བྱེད། ལས་དེའི་འབྲས་བུ་ལ་ཡིད་མི་ཆེས་ཏེ། དེ་ནས་ཡང་སྤྱོད་པར་བྱེད་གཞན་ དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད། སངས་རྒྱས་ཀྱི་ར་གཏོགས་པ་སངས་རྒྱས་ཀྱི་དཀོར་ནོར་ཡོན་ལ་ཡང་བར་སེམས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལྟོ་གནག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ ཅན་དམྱལ་བ་ཡང་སོས་ལ་སོགས་པ་བདུན་གྱི་གནོད་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་ལུས་བཀྲེས་པ་དང་སྐོམ་པས་གདུངས་ཏེ། རང་གི་ཤ་ཉིད་ལ་ཟའོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། དེ་ལྟར་དེ་ལོ་བརྒྱ་སྟོང་བྱེ་ 68-1-272b བ་ཕྲག་དུ་མར་ཟ་ཞིང་སླར་སྐྱེ་བར་འགྱུར་རོ། །སྡུག་བསྔལ་ཉིས་འགྱུར་གྱིས་གདུངས་པ་དེའི་སྡུག་བསྔལ་གྱི་ལས་བྱས་པ་དེ་བརྒྱ་འགྱུར་དུ་འགྱུར་ཏེ། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཀྱང་སྡུག་བསྔལ་ལོ། །རང་གི་ལུས་ལས་བྱུང་བའི་སྡུག་བསྔལ་གྱིས་ཀྱང་ སྡུག་བསྔལ་ཏེ། དེ་ལྟར་དེ་རང་གི་ཤ་དག་ལ་ཟ་བར་བྱེད་ཅིང་གར་བབ་བབ་ཏུ་འབྲོས་པ་དང། དེ་སྦྲུལ་པོ་ཆེ་ལྟོ་གནག་ལ་མདོག་སྤྲིན་ལྟར་འདུག་པ་དང་ཕྲད་དེ། དེས་དེའི་སེན་མོ་ལ་སོགས་པ་དང་རུས་པ་ལ་སོགས་པ་མཐར་ཆགས་ཀྱིས་ཟའོ། །དེ་ནས་སོས་པ་ དང་ཡང་ཟ་སྟེ། དེ་ལྟར་གང་ཞིག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་མ་རུང་བར་བྱས་པའི་ལས་དེས་ཡུན་རིང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་གལ་ཏེ་དེ་ལས་ཐར་ནས་ཕྱོགས་སེང་ལྡེང་གི་མདག་མ་རབ་ཏུ་འབར་བའི་གོང་བུ་བསགས་པ་དཔག་ཚད་ཙམ་ གྱི་ནང་དུ་འཇུག་སྟེ། དེ་མདག་མ་དེའི་ནང་དུ་སོང་ནས་ལོ་བརྒྱ་སྟོང་བྱེ་བ་ཕྲག་དུ་མར་སྲེག་ཅིང་འཚེད་དོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། དེ་ལྟར་དེས་མཐོང་ནས་གལ་ཏེ་ཐར་ན་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པའི་དྲུང་དུ་གཤིན་རྗེའི་ མི་དག་འོངས་ནས་ཕྲ་སྐམ་རབ་ཏུ་འབར་བ་དེ་དག་གིས་བཟུང་ངོ ། །དེས་བཟུང་ནས་ལྕགས་ཀྱི་བུམ་པ་འབར་བའི་ནང་དུ་བཅུག་སྟེ། དེ་དེར་མོན་སྲན་དང ། སྲན་ཆུང་བཞིན་དུ་སྲེག་ཅིང་འཚེད་ལ་ཡོངས་སུ་སྐོལ་ཏེ། སྟེང་འོག་ཏུ་འབྱུང་བའི་སྡུག་བསྔལ་ཤིན་ཏུ་ འཇིགས་ཤིང་ཚ་བ་མྱོང་བ་ནི་དེའི་དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །སེམས་ཅན་དམྱལ་བ་པ་དེའི་སྡུག་བསྔལ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱུ་འབྲས་འཐུན་པས་ཀྱང་བརྒྱ་དང་སྟོང་གི་ཆར་ཡང་མི་ཕོད་དེ། དེ་ལྟར་དེ་གནོད་པ་བརྒྱ་ཕྲག་སྟོང་ཡོད་ལ་སྡུག་བསྔལ་གྱི་ རྒྱ་མཚོ་ཤུགས་དང་ལྡན་པ་ཤིན་ཏུ་ཚ་བར་བདས་པ་ན། རང་གི་ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚེད་པར་བྱེད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་ལྟོ་གནག་དེ་ལས་ཐར་བར་ 68-1-273a འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ཉིས་བརྒྱར་ཡི་དགས་ཁ་ཟས་མི་གཙང་བ་ཟ་བ་རྣམས་སུ་སྐྱེ་བར་འགྱུར། དེ་གལ་ཏེ་དེ་ལས་ཐར་ནས་ཀྱང་ཚེ་རབས་བདུན་བརྒྱར་དུད་འགྲོ་སྐྱུགས་པ་ཟ་བར་སྐྱེ་བར་འགྱུར། དེ་ལས་ཐར་ནས་ཀྱང་གལ་ ཏེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ཡང་བ་ལང་རྫིར་གྱུར་ནས་མི་གཙང་བ་ཟ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་ མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལུས་ཞུམ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ཆོས་ཀྱི་དཀོར་ ནོར་ལ་སྤྱད་ཅིང་བྱས་པ་བསགས་ལ། ལས་དང་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་དང་ཡང་བཅས་པར་གྱུར། གཞན་དག་ཀྱང་དེ་ལ་གཟེངས་སྟོད་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལུས་ཞུམ་དུ་སྐྱེ་བར་འགྱུར་རོ། ། དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་སྟེ། གང་དེ་དག་གི་མིང་ཡང་ཤེས་པར་སླ་བ་མ་ཡིན་ནོ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་ལྕགས་ཀྱི་ལྗོན་ཤིང་རབ་ཏུ་འབར་ཞིང་རབ་ཏུ་མཆེད་ པ་གཉིས་འབྱུང་སྟེ། དེ་དག་ཀྱང་ལས་ཀྱི་རླུང་གི་ཤུགས་དྲག་པོས་ཕན་ཚུན་འདྲུད་པར་བྱེད་དོ། །དེ་གཉིས་ཀྱི་དབུས་སུ་སེམས་ཅན་དམྱལ་བ་པའི་ལུས་དེ་གཡས་གཡོས་སུ་ཤུགས་དྲག་པོ་ཀུན་གྱིས་གནོད་པར་བྱེད། རྣམ་པར་ཞུམ་པར་བྱེད། ཏ་ལའི་འདབ་ མ་ལྟར་བྱེད་དོ། །དེ་ནས་ཡང་སླར་འབྱུང་སྟེ་ཡང་རྣམ་པར་ཞུམ་པར་བྱེད་དོ། །དེ་ཚལ་ཆེན་པོའི་ཤིང་ལྗོན་པ་ཤིན་ཏུ་མི་བཟད་པ་གཉིས་ཀྱི་བར་དུ་བཅུག་ནས་ཕན་ཚུན་བསྒུལ་བ་དང་ལུས་ལས་བྱུང་བའི་སྡུག་བསྔལ་མྱོང་བར་འགྱུར་ལ། གལ་ཏེ་མ་བསྒུལ་ན་རྣམ་པར་ 68-1-273b ཞུམ་པར་བྱས་པ་ལྟུང་བར་འགྱུར་རོ། །དེ་དེ་ལས་ལྟུང་བ་དང ། ལྕགས་ཀྱི་བྱ་རྡོ་རྗེའི་མཆུ་ཅན་དག་ཤིང་དེ་དག་གི་ཡལ་ག་ལ་གནས་ཏེ། དེ་དག་གིས་སེམས་ཅན་དམྱལ་བ་པ་དེའི་མགོ་དང་གླད་པ་བཏོག་བཏོག་ནས་འབིགས་པར་བྱེད་དོ། །ཕུག་ནས་མིག་དག་ལ་ ཟ་བར་བྱེད་དོ། །སྙིང་རྗེ་རྗེ་སྐད་དུ་ངུ་སྐད་འབྱིན་ཅིང་སྨྲེ་སྔགས་འདོན་པ་ན་དེའི་མིག་ཟོས་ནས་མགོ་དང་གླད་པ་འབིགས་སོ། །དེ་ཕུག་ནས་གླད་རྒྱས་ལ་ཟའོ། །གླད་རྒྱས་ཀྱང་ཟོས་ནས་སྙིང་གཤེག་པར་བྱེད་དོ། །དེ་ཡང་གཤེགས་ནས་ནང་དུ་སོང་སྟེ། ཁྲག་འཐུང་ ངོ ། །འཐུངས་ནས་རྒྱུ་མ་ལ་ཟའོ། །དེ་དག་ཀྱང་ཟོས་ནས་མཆེར་པ་ལ་ཟའོ། །མཆེར་པ་ཟོས་ནས་ལོང་ཀ་ལ་ཟའོ། །དེ་དག་ཀྱང་ཟོས་ནས་མདོམས་ལ་ཟའོ། །བརླའི་སྦུབས་ལ་ཡང་ཟའོ། །པུས་མོའི་ལྷ་ང་ལ་ཡང་ཟའོ། །རྐང་པ་དག་གི་སོར་མོ་ལ་ ཡང་ཟ་ལ་དེ་ལྟར་དེ་སྡུག་བསྔལ་དྲག་པོ་དེ་དག་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་མྱོང་བར་འགྱུར་ཏེ། གང་གི་མིང་ལོ་བརྒྱར་ཡང་ཤེས་པ་སླབ་མ་ཡིན་ནོ། །ཕྱོགས་གཅིག་ཅིག་ཤེས་པར་བྱ་ན། ཇི་ལྟར་རྒྱ་མཚོའི་ཆུ་ཁྱོར་གང་བླངས་པ་དེའི་ཕྱོགས་ཙམ་དུ་ བརྗོད་པ་དེ་བཞིན་དུ་འདི་ཡང་ཕྱོགས་གཅིག་ཙམ་ཞིག་བརྗོད་དེ། དེ་ལྟར་དེ་ཇི་སྙམ་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་དེ་དག་མྱོང་བར་འགྱུར་རོ། །དེ་སེམས་ཅན་དམྱལ་ བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་ཡི་དགས་མཆིལ་མ་ཟ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་གལ་ཏེ་སྲོག་གིས་འཚོ་བ་ཙམ་དུ་འགྱུར་ཞིང་ལུས་ཤིན་ཏུ་བཀྲེས་པ་དང ། སྐོམ་པས་གདུངས་པ་ཡི་དགས་ཀྱི་ འཇིག་རྟེན་དེ་ལས་ཤི་ནས་ཀྱང་བ་ཚཝའི་ཆུའི་རྒྱ་མཚོའི་ནང་དུ་དུད་འགྲོ་ཉར་སྐྱེ་བར་འགྱུར། རྟག་ཏུ་རྒྱ་མཚོའི་ཆུའི་གསེབ་ཀྱི་ནང་ན་སྤྱོད་པའི་ཆུ་སྲིན་ན་ཀྲའམ། མ་ཀ་རའམ། རུས་སྦལ་དུ་འགྱུར། ཚེ་རབས་སྟོང་དུ་ཀུན་དུ་རྟག་ཏུ་བཀྲེས་པ་དང ། སྐོམ་པས་ 68-1-274a གདུངས་ཤིང་བ་ཚཝའི་ཆུ་ལ་ཡོངས་སུ་སྤྱོད་པར་འགྱུར། དེ་ལས་ཀྱང་ཐར་ནས་གལ་ཏེ་སོ་སོར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དེའི་ཚེ་ཡུལ་གཉིས་ཀྱི་བར་དུ་སྐྱེ་བར་འགྱུར་ཏེ། གང་དུ་ས་བདག་གཉིས་ཀྱི་མཚམས་ ཕན་ཚུན་ཐབ་མོ་འགྱེད་པའི་ཡུལ་དུ་སྐྱེ་བར་འགྱུར་རོ། །དེར་དེའི་ནོར་རྫས་བསགས་བསགས་པ་དེ་དག་གཞན་གྱིས་འཕྲོག་པར་བྱེད་ཅིང་རྒྱལ་པོའི་ཆད་པས་ཀྱང་དེ་བཟུང་ངོ ། །བཟུང་ནས་ཀྱང་བཙོན་རར་འཇུག་པར་འགྱུར། ལུས་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར། སྲོག་ཙམ་གྱིས་འཚོ་བ་གཞན་ལ་རག་ལས་ཤིང་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་ པས་སེམས་ཅན་དམྱལ་བ་རྨི་ལམ་འཇིགས་བྱེད་སྟོན་ཅེས་བྱ་བར་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ལོ་ཉེས་བྱུང་བའི་ཚེ་དགེ་འདུན་གྱི་འདུ་བའི་སྒོ་ལ་དགེ་སློང་ཟས་འདོད་པ་ དག་ཉེ་བར་ལྷགས་པའི་ཟས་དང་སྐོམ་ཟོས་ཤིང་ཉེ་བར་སྤྱད་ལ་མི་སྡིག་པ་བྱེད་པས་དེ་ཡང་ཕྲོགས་ཏེ་ཁ་ཟས་དེ་དག་ཀྱང་བཅད། ཁ་ཟས་བཅད་པས་དེ་དག་གི་ལུས་ལ་གནོད་ཅིང་དགེ་བའི་ཆོས་ཡིད་ལ་བྱེད་མི་ནུས་པར་གྱུར། བསམ་གཏན་ལ་དགའ་བ་མེད་པར་ གྱུར། སེམས་མི་སྦྱོང་བར་གྱུར། མི་སྡིག་པ་བྱེད་པ་དེ་ཡང་དགེ་འདུན་གྱི་འདུ་བའི་སྒོ་དེ་ཕྲོགས་ནས་འཆགས་པར་མི་བྱེད་ཅིང་འགྱོད་པར་མི་བྱེད་ལ་དེ་ནས་སླར་ཡང་འདུ་བའི་སྒོ་དེ་ཉིད་ལ་མི་དགེ་བའི་ལས་མངོན་པར་བྱེད་པར་དགའ་ཞིང་གཞན་དག་ཀྱང་དེ་ཉིད་ལ་བྱེད་ དུ་འཇུག་རྗེས་སུ་དགའ་བར་བྱེད་ཅིང་དེའི་ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་བྱས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྨི་ལམ་འཇིགས་བྱེད་སྟོན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ 68-1-274b ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་བྱས་པ་བརྒྱ་འགྱུར་དུ་འབྱུང་སྟེ། གང་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་གནོད་པ་དེ་དག་དེ་ལྟར་མི་བཟད་པ་དེ་ལྟར་རྩུབ་པ་དེ་ལྟར་བཟོད་པར་དཀའ་བ་དེ་ལྟར་སྡུག་བསྔལ་མཐའ་མེད་པ་ རང་གིས་བྱས་པའི་ལས་ལས་བྱུང་ཞིང་བསླང་བ་དེའི་མིང་ཡང་ཤེས་པར་སླ་བ་མ་ཡིན་ཏེ། དེའི་ཕྱོགས་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ། རྒྱ་མཚོ་ལས་ཆུ་སྐྱོར་གང་བླངས་པ་དེ་བཞིན་དུ་དེ་བརྗོད་དོ། །ཇི་ལྟར་མི་དག་གི་རྨི་ལམ་དུ་འཇིགས་པ་དག་མཐོང་བ་དེ་བཞིན་དུ་སེམས་ ཅན་དམྱལ་བ་རྨི་ལམ་འཇིགས་བྱེད་སྟོན་དེར་ཡང ། །གཤིན་རྗེའི་མི་ལག་ན་ཐོ་བ་སྣ་ཚོགས་ཐོགས་པ་དེ་དག་འབྱུང་སྟེ། སྡིག་པ་བྱེད་པའི་མི་དེ་བཟུང་ནས་ལྕགས་ཀྱི་ས་གཞིའི་སྟེང་དུ་འཇོག་པར་བྱེད་དོ། །ལྕགས་ཀྱི་ལུང་པའི་ནང་དུ་ཡང་དེའི་ལུས་བཅུག་ནས་ གཏུན་ཤིང་གིས་ཕྱེ་མར་རློག་སྟེ་རུས་པ་དེ་འདི་ལྟར་སྦྲང་རྩིའི་ཚིགས་མའི་གོང་བུ་ལྟར་བྱེད་དོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། ཡང་ཐོ་བ་རྣམས་ཀྱིས་ཕྱེ་མར་རློག་སྟེ། དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པ་མྱོང་བར་འགྱུར་བའི་མཐུས་ འབྲས་བུ་དེ་ཉེ་བར་སྤྱོད་དོ། །ལུང་པ་གནོད་པ་དེ་ལས་ཐར་ན་གལ་ཏེ་ཡང་རང་གི་ལས་ཀྱིས་མཚོན་ཆའི་ནགས་ཚལ་གྱི་ནང་དུ་ཁྲིད་ནས་འགྲོ་སྟེ། མཚོན་ཆའི་ནགས་ཚལ་དེར་ཕྱིན་ནས་ལུས་ལ་མཚོན་འབབ་པས་གནོད་པ་མང་དུ་བྱེད། གཤེག་པར་བྱེད། འཇོམས་པར་ བྱེད། ཕྱེ་མར་རློག་པར་བྱེད། དེའི་ལུས་ཀྱི་པགས་པ་ཐམས་ཅད་ཧྲལ་ཧྲོལ་དུ་བྱས་ནས་རྒྱུག་པར་བྱེད་དོ། །མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དེ་རྒྱུག་པ་དེ་དང ། དེར་མཚོན་ཆ་ཆེན་པོ་ཆར་ལྟར་འབབ་པས་གཤེག་པར་བྱེད། འཇོམས་པར་ བྱེད་དོ། །རྩ་དང་རྒྱུས་པ་ཐམས་ཅད་ཤད་ཤད་པོར་བྱས་ཏེ། ལུས་གང་ལ་པགས་པ་བྱ་སྒྲོ་ཙམ་ཡང་མ་ལུས་པར་བྱས་ནས་ལུས་ཀྱི་རུས་པའི་དྲ་བ་ཙམ་ཞིག་འཇོག་གོ། །རྒྱུས་པ་སྦྲེལ་བའི་གནད་དེ་དག་ཏུ་ཡང་མཚོན་ཆར་ལྟར་འབབ་པས་གཅོད་ཅིང་གཤེག་པར་བྱེད་དེ། 68-1-275a དེ་གཅོད་པ་ན་སྙིང་རྗེ་རྗེ་སྐད་དུ་ཀུ་ཆོ་འདོན་ཅིང་ཡོངས་སུ་སྨྲེ་སྔགས་འདོན་ལ་ཐམས་ཅད་དུ་འབྲོས་སོ། །རང་གི་ལུས་དང་ཡིད་ཀྱིས་ཀུན་ནས་བསླང་བའི་མི་དགེ་བའི་ལས་ཀྱིས་བསླུས་པ་དེ་བདག་ཉིད་ཐམས་ཅད་དུ་ལས་དེས་ཤིན་ཏུ་འཚེད་པར་བྱེད་དོ། །རྣམ་ པར་སྨིན་པ་མ་མྱོང་བར་དེ་དག་འགག་པར་མི་འགྱུར་ཞིང་མི་དགེ་བའི་ལས་དེ་མ་མྱོང་བར་ཐར་བ་མེད་དེ། གང་གི་ཚེ་སོ་སོར་མྱོང་ན་དེ་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་རོ། །ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་ཡི་དགས་མཆིལ་མ་ཟ་བ་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་ཚེ་རབས་ལྔ་བརྒྱར་འོད་མའི་ཚལ་དུ་སྲིན་བུར་སྐྱེ་བར་འགྱུར་ཏེ། གང་དང་གང་དུ་སྐྱེས་པར་རྡོ་འབབ་པས་འདམ་བུ་སྲབ་མོར་བརྡུངས་པ་ལྟར་ལུས་ཤིན་ཏུ་སྲབ་མོར་རྡུང་བའི་གནོད་པ་མྱོང་བར་བྱེད་དོ། །དེ་ལས་ཐར་ནས་ཀྱང་ གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དབུལ་ཞིང་ནད་བུ་ཅན་དང ། གཞན་གྱིས་མངག་པ་དང ། ཡུལ་བྱེ་མ་ཅན་དང ། མྱ་ངམ་དང ། གཡངས་དང ། ཆུ་མེད་པ་དང ། རྩཝ་མེད་པ་དང ། ནགས་ཚལ་མེད་པ་དང ། ནེའུ་གསིང་མེད་པ་དང ། ལྟེང་ཀ་མེད་པའི་འཁོར་རྟག་ཏུ་གནོད་པར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་ བ་ལུས་ཞུམ་མི་བཟད་འཕྱང་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྦྱིན་པ་པོའམ་སྦྱིན་བདག་གང་གིས་འདི་ལྟར་རྫས་འདིས་ནད་པ་དེ་དག་ཉིད་ཀྱི་དོན་དུ་འགྱུར་བར་ བྱའོ་སྙམ་ནས་གུས་པ་དང ། དད་པ་དང ། དང་བ་དང ། ཡིད་གསལ་བས་ནད་པ་ཁྱིམ་གྱི་ནང་ནས་བྱུང་བ་དེའི་ནད་ཞི་བར་བྱ་བའི་ཕྱིར་རྫས་བྱིན་པ་སྡིག་པ་ཅན་ལུང་བོང་ལྟར་སྤྱོད་པ་ཁོང་གསོག་ཏུ་འདུག་པ་གོས་ངུར་སྨྲིག་བགོས་པ་དེས་ནད་པའི་གསོས་སྨན་གྱི་རྐྱེན་ 68-1-275b གྱིས་ཡོ་བྱད་དུ་བྱས་པ་འཕྲོག་པར་བྱེད་དོ། །ཕྲོགས་ནས་ཀྱང་རང་ཉིད་ཟའོ། །ཟོས་ནས་ཀྱང་འཆགས་པར་མི་བྱེད། འགྱོད་པར་མི་བྱེད། །སྦྱོང་བར་མི་བྱེད་ཅིང་དེ་ནས་ཡང་བྱེད་ལ་གཞན་དག་ཀྱང་དད་པར་བྱེད། རབ་ཏུ་འཇུག་པར་བྱེད། རྗེས་སུ་དགའ་བར་བྱེད་ཅིང་ཡང་ དང་ཡང་དུ་སེམས་ཀྱིས་རོ་མྱོང་བར་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ལུས་ཞུམ་མི་བཟད་འཕྱང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་ངོ ། ། ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེ་ན་ལྕགས་ཀྱི་ཤིང་ལྗོན་པ་ཡལ་ག་རབ་ཏུ་རྒྱས་ཤིང་རབ་ཏུ་འབར་བ་དཔག་ཚད་ཙམ་ཡོད་དེ་རབ་ཏུ་མཆེད་ཅིང་འབར་བའི་རྣམ་པ་དེ་ལྟ་བུ་དེ་ཁོང་པའི་ནང་དུ་འཚེད་དོ། །གང་གིས་སེམས་ཅན་དམྱལ་བ་དེ་རྡོ་རེག་ན་རྡོ་རྗེ་ ལྟར་སྲ་ཞིང་རབ་ཏུ་འབར་བས་ཡལ་ག་རྒྱས་ཤིང་རབ་ཏུ་འབར་བས་ཡང་བརྒྱ་འགྱུར་དུ་རབ་ཏུ་སྲེག་སྟེ་ཤིང་གི་མེ་དེའི་རྣམ་པ་ནི་དེ་ལྟ་བུ་ཡིན་ནོ། །ཤིང་དེའི་རྩ་བའི་འོག་ཏུ་སེམས་ཅན་དམྱལ་བ་པ་དེ་སྐྱེ་བར་འགྱུར་ཏེ། ནད་བཞི་བརྒྱ་རྩ་བཞིས་གནོད་པར་བྱས་ཤིང་འཕེལ་ བར་བྱེད་པ་ན། གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་སྡུག་བསྔལ་མྱོང་ངོ ། །གང་དེའི་མགོ་དེ་ཐུར་དུ་བསྟན་ཅིང་རྐང་པ་གྱེན་དུ་བསྒྲེང་བའི་ཤིང་དེའི་མེའི་མཐུ་དེ་ནི་མེ་གཞན་གང་ཡིན་པ་དེ་དག་ཆུ་བསིལ་བ་དང་འདྲ་སྟེ། དེའི་རྩ་བར་དེ་དེ་ལྟར་གནོད་པར་བྱེད་དེ། ཇི་ལྟར་སྐྲའི་ རྩེ་མོའི་བར་ཙམ་ཡང་མེད་པ་དེ་ལྟར་གནོད་པར་བྱེད་དོ། །དེ་ནད་དེ་དག་གིས་ཀྱང་ཉོན་མོངས་ཤིང་མེ་བརྒྱ་འགྱུར་གྱིས་སྲེག་ལ་ཤིང་གི་འོག་ཏུ་སོང་བས་ཀྱང་ཤིན་ཏུ་གནོད་པ་ན་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་གནོད་པ་མྱོང་ངོ ། །དེ་ལྟར་དེ་གནོད་པ་མྱོང་བ་ན་ཡང་གཤིན་རྗེའི་ མི་ལག་ན་མཚོན་ཆ་ཐོགས་པ་དག་མཚོན་ཆ་བླངས་ནས། གནད་དང་།གནད་དག་གཅོད་པར་བྱེད་ཅིང་པགས་པ་འདྲལ་བར་བྱེད་དོ། །དེ་གནོད་པ་ལྔ་ཡིས་གནོད་པར་བྱེད་དེ། ནད་དང ། ཤིང་གི་མེ་དང ། མཚོན་ཆ་དང ། བཀྲེས་པ་དང ། སྐོམ་པས་ཡུན་རིང་པོ་ 68-1-276a ལོ་བགྲང་གིས་མི་ལང་བར་སྡུག་བསྔལ་མྱོང་ངོ ། །སྤུ་ཟིང་ཞེས་བྱེད་པ་བརྒྱ་ཕྲག་ཁྲི་དང་ལྡན་པ་དེ་མངོན་པར་བརྗོད་པ་དེས་ཇི་སྲིད་དུ་དེའི་སྡིག་པའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་ཚ་བ་མི་བདེ་བ་རྩུབ་པ་དག་མྱོང་བར་འགྱུར་ རོ། །གང་གི་ཚེ་ལས་དེ་ཟད་ན་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ལ་ཐར་ནས་ཀྱང་དེ་ལས་དེ་དང་རྒྱུ་འཐུན་པར་ཡི་དགས་མེ་མདག་དང་དུད་པ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་ཤིང་ལུས་ཚལ་ཤིང་བསྲེགས་པ་ལྟ་བུར་ འགྱུར། ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་ནས་ཀྱང་ཚེ་རབས་ལྔ་བརྒྱར་དུད་འགྲོ་མེ་མདག་ཆར་ལྟར་འབབ་པ་དང་བྱེ་མ་ཆར་ལྟར་འབབ་པས་སྲེག་ཅིང་འཚེད་དོ། །དུད་འགྲོའི་འཇིག་རྟེན་དེ་ལས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་འདུ་བའི་ གཞིར་གནས་ཤིང་རྡོ་ལ་ཟ་སྟེ། སྐྱེས་ནས་ཤིན་ཏུ་སྡུག་བསྔལ་ལ་ནམས་ཀྱང་ལྟོ་འགྲངས་པར་མི་འགྱུར་ལྕེའི་རྩེ་མོས་ཀྱང་ཟས་ཞིམ་པོ་མྱོང་བར་མི་འགྱུར་ཏེ་ཐོས་པ་ཙམ་འབའ་ཞིག་ཏུ་ཟད་དོ། །གཞན་གྱིས་བཀོལ་ཞིང་དབུལ་བ་དང ། ནད་བུ་ཅན་དང་སྨད་པར་འགྱུར་བ་ མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་རི་བརྩེགས་ཆར་ལྟར་འབབ་པ་ཞེས་བྱ་བ་མཐོང་ངོ ། ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་རང་སངས་རྒྱས་བཀྲེས ། པའི་ཟས་ཕྲོགས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རི་བརྩེགས་ཆར་ལྟར་འབབ་པ་ཞེས་བྱ་ བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར། ཐོ་བ་དང ། མདུང་ཐུང་དང ། རྫ་མ་དང ། ལུང་པའི་སྡུག་བསྔལ་དང་། 68-1-276b མཚོན་ཆ་འབབ་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་བྱས་ཤིང་རི་བརྩེགས་ཆར་ལྟར་འབབ་པ་དེའི་སྟེང་དུ་བབ་བོ། །དེའི་སྟེང་དུ་རི་བརྩེགས་པ་དཔག་ཚད་ཙམ་ཡོད་པ་བབ་པ་གང་གིས་དེ་བྱེ་མ་ཆང་པ་ནས་གཏོར་བ་བཞིན་ཕྱེ་མར་རློག་གོ། །ཕྱེ་མར་བརླགས་པ་དང་ཡང་ སླར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ཕྱེ་མར་རློག་པར་བྱེད་དོ། །མེའི་ཕུང་པོ་བཅུ་གཅིག་གི་དབུས་སུ་བཅུག་ནས་མེ་ཐབ་ཀྱི་ནང་དུ་ལུས་མ་ལུས་པར་བསྲེགས་སོ། །དེའི་མིག་སྐྱེས་པ་ཡང་ཕྱུང་ནས་གཏུབས་ཤིང་བཅད་དེ་གཏོར་ཏོ། །དེའི་ལྕེ་ཡང་གཤིན་ རྗེའི་མི་རྣམས་ཀྱིས་བཅད་དོ། །བཅད་ནས་ཀྱང་སླར་སྐྱེའོ། །དེའི་སྣ་ཡང་བཅད་ཅིང་ཞ་ཉེ་རབ་ཏུ་བསྐོལ་བས་འགེངས་སོ། །དེའི་རྣ་བ་ཡང་ཟངས་དམར་པོ་བཞུས་པས་འགེངས་སོ། །བ་ཚཝ་རབ་ཏུ་བསྐོལ་བས་ལྕགས་ཀྱི་སྣོད་རབ་ཏུ་བསྲེགས་པ་བཀང་སྟེ། ཁྱེར་ ནས་དེ་ལ་ཆག་ཆག་འདེབས་ཤིང་ཡང་སྤུ་གྲི་རྣམས་ཀྱིས་ཤིན་ཏུ་འཇོག་པར་བྱེད་དོ། །ནད་བཞི་བརྒྱ་རྩ་བཞི་རྣམས་ཀྱིས་རྟག་ཏུ་གནོད་པར་བྱེད་དོ། །དེ་ཀུན་ནས་སྡུག་བསྔལ་གྱིས་ཉམ་ཐག་ཅིང་ཐམས་ཅད་ནས་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་ན་སེམས་ཅན་དམྱལ་ བ་པའི་སྡུག་བསྔལ་ཚ་བས་རྩུབ་པ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡུན་རིང་པོ་ལོ་བགྲང་གིས་མི་ལང་བར་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ལྔ་བརྒྱར་ཡི་དགས་གྲོག་སྦུར་ཡན་ལག་རྣོ་བ་འབབ་པས་ཉམ་ཐག་ཅིང་ཙན་ད་ནི་ཀ་ཟ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་གལ་ཏེ་དེ་ལས་ཐར་ནས་ཀྱང་ཚེ་རབས་བདུན་བརྒྱར་ཙི་རི་ཀ་དགོན་པ་ན་ གནས་པ་མ་རུངས་པ་སྒྲ་འབྱིན་པའི་ནང་དུ་རི་དགས་རུ་རུར་སྐྱེ་བར་འགྱུར་ཏེ། ལུས་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར་ཏེ། །གལ་ཏེ་དེ་ལས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་ཁུར་འཁུར་ཞིང་གཞན་གྱིས་ 68-1-277a བཀོལ་བར་འགྱུར། གནོད་པ་སྣ་ཚོགས་ཀྱིས་ལུས་ཤིག་ཤིག་པོར་གྱུར་ཅིང་མཚན་མོ་དང་ཉིན་པར་བདེ་བར་གནས་པར་མི་འགྱུར། རྐང་པ་དང་ལག་པ་དག་རྡོལ་ཅིང་གདོང་རྟག་ཏུ་རྩུབ་པར་འགྱུར། ལུས་ཀྱི་མདོག་ངན་པ་དྲི་མ་ཅན་ལ་རྟག་ཏུ་གོས་དང་ བྲལ་བར་འགྱུར། ལས་དེ་དང་རྒྱུ་འཐུན་པར་མིར་གྱུར་ན་ཡང་ཚེ་རབས་ལྔ་བརྒྱར་མི་ཡི་དགས་ཀྱི་གཟུགས་ལྟ་བུར་འགྱུར། མཚན་མོ་དང་ཉིན་པར་ལུས་དང་ཡིད་བདེ་བར་གནས་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་ པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་བྱ་འཛམ་པ་སྒྲ་འབྱིན་ཅེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ ཤེས་པས་བརྟགས་ན། གང་གིས་ཡུལ་དགོན་དུང་ན་ཆུ་ཉུང་ངུ་ཞིག་ཡོད་པ་དང་སྲོག་ཆགས་རྣམས་སུ་འབྲེལ་ཏེ། དེ་ལ་སྲོག་ལྟོས། དེ་ལ་རག་ལས་ཤིང ། འདྲེན་པ་སྲོག་འཚོ་བ་དེ་དག་དང་འབྲེལ་བའི་ཆུ་དེ་མི་ངན་པ་སྡང་བའི་སེམས་ཀྱིས་བཅད་དོ། །དེའི་ཆུ་ བཅད་པས་ཡུལ་དེ་ཐམས་ཅད་མ་རུང་བར་བྱས་པ་ནས་རི་དགས་དང་བྱའི་བར་ཐམས་ཅད་ཀྱང་ཤི་ལ་གྲོང་དང ། གྲོང་ཁྱེར་གྱི་དགེ་སྦྱོང་དང་བྲམ་ཟེ་ཀུན་ལ་གནོད་པར་བྱས། སྐོམ་གྱིས་གདུངས་པར་བྱས་ཤིང་དེའི་ཆུ་བཅད་པས་ཡུལ་མ་རུང་བར་བྱས་པ་དེ་ལུས་དང་བྲལ་ ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་བྱ་འཛམ་པ་སྒྲ་འབྱིན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་དགོན་པ་དཔག་ ཚད་བདུན་བརྒྱ་ཡོད་པ་དང ། ལྕགས་ཀྱི་ཤིང་ལྗོན་པ་དང ། རི་བྲགས་རབ་ཏུ་འབར་ཞིང་མི་བཟད་པ་དེ་ལ་སེམས་ཅན་དམྱལ་བ་དེས་ཕྱིན་ཅི་ལོག་ཏུ་ཆུ་དང་ཤིང་ལྗོན་པ་དང་ནགས་ཚལ་དང་ལྟེང་ཀ་ཕུན་སུམ་ཚོགས་པར་མཐོང་ངོ ། །དེ་ཡང་བཀྲེས་པ་དང་སྐོམ་པ་དཔེ་ 68-1-277b མེད་ཅིང་ཤིན་ཏུ་མི་བཟད་པའི་མེ་དེས་བསྲེགས་ནས་ངུ་སྐད་འབྱིན་ཡོངས་སུ་སྨྲེ་སྔགས་འདོན་བཞིན་དུ་ཆུ་དེ་བདག་གིས་བཏུང་ངོ་སྙམ་ནས་ལྟེང་ཀ་དེའི་དྲུང་དུ་རྒྱུག་པ་དང ། དེ་ཡང་བ་ཚཝ་རབ་ཏུ་བསྐོལ་བས་གང་ངོ ། །དེ་ནས་ཡང་གཤིན་རྗེའི་མི་ལག་ན་མཚོན་ཐོགས་པ་བརྒྱ་འབྱུང་ སྟེ། དེ་དག་གིས་དེ་བཟུང་ངོ ། །བཟུང་ནས་ཀྱང་མཚོན་ཆ་རྣམས་ཀྱིས་གཤེགས་ཤིང་འདྲལ་ཏོ། །དེ་སྡུག་བསྔལ་གཉིས་ཀྱིས་སྡུག་བསྔལ་བ་ཡིན་ཏེ། མཚོན་ཆ་དང་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་ལོ། །དེ་ལྟར་དེ་ཡུན་རིང་དུ་མཚོན་ཆ་དང་དགོན་ པའི་སྡུག་བསྔལ་མྱོང་ངོ ། །དེ་གལ་ཏེ་དེ་ལས་ཐར་ནས་ཀྱང་བཀྲེས་པ་དང ། སྐོམ་པས་ཉེན་པས་གར་བབ་བབ་ཏུ་འབྲོས་པ་དང ། དེས་ཆུ་བསིལ་བ་དག་ཅིག་མཐོང་ནས་དེར་སོང་ངོ ། །དེར་སོང་བ་དང་ཆུ་དེ་དག་ཀྱང་བྱ་འཛམ་པ་སྐད་འབྱིན་ཅེས་བྱ་བ་གླང་པོ་ཆེ་ཙམ་ལ་ མཆུ་རྣོ་བ་ཞིག་ཡིན་ཏེ་དེས་བཟུང་ངོ ། །བཟུང་ནས་ཀྱང་གནམ་དུ་འཕངས་སོ། །འཕངས་པ་ན་འཁྲུལ་ཅིང་དྲན་པ་དང་བྲལ་བས་སླར་ལོག་པ་དང་ས་གཞི་རབ་ཏུ་འབར་ལ་སྲ་ཞིང་རེག་པར་མི་བཟོད་པའི་སྟེང་དུ་རྡོ་བཞིན་དུ་ལྷུང་སྟེ། དེ་དེར་དུམ་བུ་བརྒྱར་གྱེས་སོ། །དེ་ནས་ ཡང་སླར་འདུས་ཏེ་སོས་པ་དང ། བྱ་དག་གིས་བཟུང་ནས་དེ་སྔོན་བཞིན་དུ་སྡུག་བསྔལ་བར་བྱེད་དོ། །ནད་ཐམས་ཅད་ཀྱིས་ཀྱང་ཐེབས་ནས་དེ་ལྟར་སྔོན་བཞིན་དུ་ལོ་བྱེ་བ་འབུམ་ཕྲག་དུ་མར་བྱས་པའི་སྡུག་བསྔལ་གྱི་རྣམ་པ་དེ་དག་མྱོང་ངོ ། །དེ་གལ་ཏེ་དེ་ལས་ཐར་ནས་ཀྱང་ ཡང་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ངོ ། །བཟུང་ནས་ཀྱང་ཟངས་དམར་པོ་རབ་ཏུ་བསྐོལ་བ་ཆུ་བོའི་ཀློང་ལྟ་བུར་བཅུག་གོ། །དེ་བཅུག་ནས་དབུ་བའི་གོང་བུ་བཞིན་དུ་རབ་ཏུ་བཞུས་སོ། །དེ་ནས་ཡང་སླར་འབྱུང་སྟེ། ཉེས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་དེ་ལྟར་ ཡུན་རིང་དུ་ལོ་བགྲང་གིས་མི་ལང་བར་འཚེད་དོ། །དེ་གལ་ཏེ་དེ་ལས་ཐར་ནས་ཀྱང་ལུས་བཀྲེས་པ་དང ། སྐོམ་པས་གདུངས་པ་ཡུལ་མ་རུང་བར་བྱེད་པ་དེ་རང་གི་ལས་ཀྱིས་བྱས་པ་མྱོང་བཞིན་དུ་གར་བབ་བབ་ཏུ་འབྲོས་པ་དང ། ལམ་དུ་ཕུར་བུ་རྩེ་མོ་ཤིན་ཏུ་བརྡར་ཅིང་རྣོ་ 68-1-278a བ་བྱུང་སྟེ། དེས་དེའི་རྐང་མཐིལ་ལ་སོགས་པ་བརྟོལ་བ་ནས་པུས་མོའི་ལྷ་ངའི་བར་དུ་བརྟོལ་ཏོ། །རྐང་པ་བརྟོལ་བ་དེ་ལུས་ནི་རབ་ཏུ་འབར། སྡུག་བསྔལ་གྱིས་ཉམ་ནི་ཐག་།སྙིང་རྗེ་རྗེ་སྐད་དུ་ཀུ་ཆོ་ནི་འབྱིན། ཡོངས་སུ་སྨྲེ་སྔགས་ནི་འདོན། ངུ་ ཞིང་རང་གི་ཁྲག་གི་ནང་དུ་ལྷུང་ཞིང་བྱིང་ངོ ། །དེ་ནས་ཡང་ལུས་ཀྱི་ཡན་ལག་ཐམས་ཅད་བསྲེགས་པ་ལས་ལངས་ནས་དེ་ལྟར་སེམས་བློང་བློང་པོར་གྱུར་པ་དེ་འགྲོ་བ་དང ། ཁྱི་སོ་རབ་ཏུ་འབར་བ་དག་འོངས་ནས་དེ་དག་གིས་བཟུང་སྟེ། དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ དང ། །པགས་པ་དང་ཁྲག་དང་ཤ་དང་ཚིལ་དང་རྐང་ཡན་ཆད་ལ་ཟའོ། །དེ་ལྟར་ཡུལ་མ་རུང་བར་བྱེད་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོར་མྱོང་བར་འགྱུར་བ་མ་ཟད་ཅིང་མ་སྤངས་པ་དེ་སྲིད་དུ་རང་གི་གནོད་པ་ཡུན་རིང་དུ་མྱོང་བར་འགྱུར་རོ། ། དེ་ཕྱིས་ལས་དེ་དང་འཐུན་པར་ཚེ་རབས་ལྔ་བརྒྱར་དུད་འགྲོ་འཕྱེ་བོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ།གར་སྐྱེས་པར་སེར་བས་སམ། སྦྲུལ་དག་གིས་གསོད་པའམ། རླུང་དག་གིས་གསོད་པར་འགྱུར། དེ་དེ་ལས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་ པར་མིར་སྐྱེས་ན་དེ་རི་ཁྲོད་པའི་རིགས་སུ་སྐྱེ་ཞིང་སྐྱེ་བོ་ཀུན་གྱིས་སྨད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ སེམས་ཅན་དམྱལ་བ་སྐར་ཕྲེང་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་འདོད་པ་འགོག་པ་ལས་ལངས་པའི་དགེ་སློང་དང་པོ་ཤིན་ཏུ་ བཀྲེས་པ་དེའི་ཁ་ཟས་ཕྲོགས་ཏེ་ཕྲོགས་ནས་ཀྱང་མགུ་ཞིང་ཡིད་རབ་ཏུ་དགའ་ལ་ཡང་དང་ཡང་དུ་རོ་མྱོང་བར་བྱེད། ལེགས་པར་སེམས་པ་དེ་ཉིད་ལ་གཞན་དག་ཀྱང་གཟེངས་སྟོད་པར་བྱེད་ལ་ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང་ཡང་དག་པར་ལྡན་པ་བྱས་ཤིང་ 68-1-278b བསགས་པའི་ལས་མི་བཟད་པ་རྣམ་པ་དེ་ལྟ་བུ་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྐར་ཕྲེང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་བརྒྱ་ འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེའི་གནས་གྲཝ་གཉིས་པ་ཡོད་དེ་ཀུན་ནས་རྫ་མས་ཡོངས་སུ་བསྐོར་ཏོ། །གྲཝ་གཅིག་ན་རྫ་མ་རབ་ཏུ་འབར་བ་སྐར་མ་བཀྲམ་པ་ལྟ་བུར་ལོ་བྱེ་བ་ཁྲག་ཁྲིག་སུམ་ཅུ་རྩ་དགུ་དང ། ཐེར་འབུམ་དགུ་སྟོང་ དང ། བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་དང ། སྐྱང་འཕྱེས་བྱེ་བ་སུམ་ཅུ་ས་ཛཱ་ལི་ནི་དང ། ཀོད་ཊཱུ་དི་ཀོད་ཊཱུ་དང ། ཀེ་ས་ར་སྟོང་ཕྲག་ཉི་ཤུ་སྟེ།གྲངས་ཀྱི་ཚད་དེ་སྙེད་ཀྱི་བར་དུ་འཚེད་ཅིང་སྲེག་སྟེ། ཉ་ལྟར་འགྲེ་ལྡོག་གོ། །ཟངས་དམར་པོ་བསྐོལ་བ་རབ་ཏུ་འབར་བ་རྫ་མར་ བླུགས་པར་ཉིན་གཅིག་བཞིན་དུ་ཚ་བར་བྱས་ཤིང་སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ་འཕེལ་ཏེ་ངུ་སྐད་འདོན་ཅིང་ཆོ་ངེས་འདེབས་སོ། །དེ་ལྟར་དེ་ཉེས་པར་བྱས་པའི་ལས་སྨད་པར་བྱ་བར་ང་གི་སེམས་ལས་བྱུང་བས་ཡུན་རིང་དུ་སྔ་མ་བཞིན་དུ་འཚེད་དོ། །དེ་གལ་ཏེ་ཕྱོགས་ གཅིག་ལས་ཐར་ནས་ཀྱང་རླུང་སེམས་དང་ཕྲག་པར་འཇུག་ཅེས་བྱ་བ་སྤུ་གྲི་ལྟ་བུས་གནད་ཐམས་ཅད་དང ། གནད་སོ་སོ་དག་བཅད་ནས་དེས་སེམས་ཅན་དམྱལ་བ་པ་དེའི་སྟེང་དུ་ཕྱུང་སྟེ། སེམས་ཅན་དམྱལ་བ་པའི་གྲཝ་གཉིས་པ་དེར་བཅུག་གོ། །སེམས་ཅན་དམྱལ་བ་པ་ རླུང་གིས་བདས་ནས་གྲཝ་གཉིས་སུ་བཅུག་པའི་ལུས་ཀྱི་ཁམས་སུ་གཏོགས་པ་ཐམས་ཅད་བྱེ་མ་སྙེད་དུ་གཏུབས་ཤིང་བཅད་དེ་ལུས་ལ་རྩ་རྒྱུས་ཙམ་ལུས་པར་བྱེད་དོ། །དེ་ལྟར་དེ་བཅད་པའི་ལྷག་མ་དེ་གཤིན་རྗེའི་མི་རྣམས་ཀྱིས་བཟུང་ངོ ། །བཟུང་ནས་རྫ་མ་སྐར་མའི་ཕྲེང་བ་ལྟ་བུར་ རླུང་གིས་བདས་ཏེ་བཅུག་གོ། །དེ་ཡང་དང་ཡང་དུ་དེར་བཅུག་པ་ན་རྐང་པ་གྱེན་དུ་བསྒྲེང་ཞིང་མགོ་ཐུར་དུ་བསྟན་པ་དང་ཐོག་མ་ཉིད་དུ་མགོ་ལྟུང་ངོ ། །དེའི་འོག་ཏུ་ཟངས་དམར་པོ་རབ་ཏུ་བསྐོལ་བས་མིག་ལྟུང་བར་བྱེད་དོ། །དེའི་འོག་ཏུ་དེའི་ཁའི་པགས་པ་ལྟུང་བར་བྱེད་དོ། ། 68-1-279a དེའི་མིད་པར་ཟངས་དམར་པོ་བཞུས་པས་གང་སྟེ། དེའི་མིད་པ་ཐམས་ཅད་ཁྱབ་པར་སྲེག་པ་ན་ངུ་སྐད་འབྱིན་པའམ་འབྲོས་པར་མི་ནུས་སོ། །དེ་ལྟར་དེའི་ལུས་ཀྱི་སྡུག་བསྔལ་གྱིས་ཉམ་ཐག་པ་ཡང་དང་ཡང་དུ་གཤིན་རྗེའི་མི་དེ་དག་གིས། ཐོ་བ་ བླངས་ནས་མགོ་སླར་བྱུང་བ་དག་ལ་རྡེག་པར་བྱེད་དོ། །གླད་པ་ཉམས་པ་དེས་དེའི་ལུས་ཐམས་ཅད་ཁྱབ་སྟེ་མགོ་དང་ལུས་དང་ཁོག་པ་ཡུན་རིང་དུ་ཉ་འགྲེ་ལྡོག་པ་ལྟར་འགྲེ་སྟེ། དེ་ལྟར་དེ་སེམས་ཅན་དམྱལ་བ་སྐར་ཕྲེང་གི་གྲཝ་གཉིས་པར་ཇི་སྲིད་དུ་དེའི་སྡིག་པའི་ལས་ བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚེད་དོ། །དེའི་ལས་བྱས་ཤིང་བསགས་པ་ཟད་ནས་དེ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་སྟོང་དུ་ཡི་དགས་ཟས་ལ་རེ་བར་སྐྱེ་བར་འགྱུར་ཏེ། དེ་ལྟར་ཚེ་ རབས་བདུན་བརྒྱར་ཚེགས་ཆེན་པོས་ལོ་བརྒྱར་བསྒྲུབས་ན་ཟས་ལན་གཅིག་ཅིག་རྙེད་པར་སྐྱེ་བར་འགྱུར། ཚེ་རབས་ལྔ་བརྒྱར་རི་འོར་ན་གནས་པའི་རི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། རྟག་ཏུ་འཁྲུལ་པས་འཇིགས་ཤིང་སྐྱེ་བོ་ཀུན་གྱིས་འཇིགས་པ་དང ། རི་འོར་གྱི་ གསེབ་མི་མེད་པར་ཡང་རྟག་ཏུ་འཁྲུལ་ཅིང་ལུས་སྐེམ་ལ་མདོག་ངན་པར་འགྱུར་རོ། །དེ་ཕྱིས་ལས་ཀྱི་ལྷག་མ་དེས་ལིངས་པ་དག་འོང་བའི་གནོད་པས་སྲོག་དང་བྲལ་བར་འགྱུར་རོ། །དེ་དེ་ནས་ཤི་ནས་ཀྱང་གལ་ཏེ་སོ་སོར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་ བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་ཚོང་པའི་ལམ་སྟོན་པར་བྱེད་པར་འགྱུར། རྟག་ཏུ་ལུས་བཀྲེས་ཤིང་སྐོམ་ལ་དུབ་པ་དང ། ཡི་ཆད་པ་དང ། གཞན་ལ་རག་ལས་པ་མང་བ་དང ། སྲོག་ཙམ་གྱིས་འཚོ་སྟེ། དེ་ལྟར་མིའི་གཟུགས་བརྙན་དུ་གྱུར་པ། རྟག་ ཏུ་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་སྡུག་བསྔལ་ 68-1-279b ཀུན་གྱིས་ཉེན་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ཐམས་ཅད་མཁྱེན་པའི་གསུང་རབ་གླེགས་བམ་ལ་བྲིས་པ་སྡང་བའི་སེམས་དང་ལོག་པར་ལྟ་བ་དང ། ལོག་ པར་འཁུ་བའི་སེམས་ཀྱིས་འདི་ལྟར་སངས་རྒྱས་ལ་སྲོག་ཆགས་དག་ཆོས་དེ་ཉན་པ་དད་པ་མེད་པར་བྱ་བའི་ཕྱིར་ཆོས་ཀྱི་གཞི་བཤིག་སྟེ་བཏང་ངོ་སྙམ་ནས་བོར་ན་དེ་ལོག་པར་ལྟ་བ་བྱས་ཤིང་བསགས་པའི་ལས་ཀྱིས་སེམས་རྙོག་པར་བྱས་ཤིང་གཞན་དག་ཀྱང་དེ་ལ་རབ་ཏུ་འཇོག་ པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་ལ་དེ་ནས་ཡང་ཆོས་ཀྱི་གླེགས་བམ་དུ་གཏོགས་པ་སྡང་བའི་སེམས་ཀྱིས་འདོར་བར་བྱེད་དེ། ལས་དང་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་ལ་ཕྱི་ཕྱིར་ཞིང་དེ་ཉིད་ལ་དགའ་བར་བྱེད་ན། དེ་ལུས་དང་བྲལ་ནས་ངན་ འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་སྡུག་བསྔལ་བ་ཀུན་གྱིས་ཉེན་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་བདུན་གྱིས་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི། འདི་ལྟར་ དམྱལ་བ་པའི་མིག་ལ་ཟངས་དམར་པོ་རབ་ཏུ་བཞུས་ཏེ་ཆག་ཆག་བཏབ་པས་རབ་ཏུ་ཞུ་བ་དང ། དེ་བཞིན་དུ་བྱེ་མ་རབ་ཏུ་འབར་བ་རེག་ན། རྡོ་རྗེ་ལྟར་སྲ་བ་རྣམས་ཀྱིས་མིག་དེ་ལ་བཏབ་ནས་ལག་པས་བཟུང་སྟེ་མི་བཟད་པས་མཉེས་སོ། །དེ་ལྟར་མིག་ལ་མཉེས་པ་ གང་ཡིན་པ་དེ་བྱེ་མ་རེག་པས་རབ་ཏུ་ཞུའོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། ཡང་མཉེས་སོ། །སོག་ལེ་རབ་ཏུ་འབར་བ་ཡང ། བླངས་ནས་ལག་པ་གཉིས་བཅད་དོ། །དེ་ནས་ཡང་སླར་འབྱུང་བར་འགྱུར་ཏེ། ཕྱེད་རྫ་མ་རབ་ཏུ་འབར་བའི་ནང་དུ་ལྷུང་སྟེ་འཚེད་ དོ། །དེའི་ཕྱེད་ཀྱང་མཚོན་གྱིས་བཞོག་པར་བྱེད་ཅིང་གཅོད་པར་བྱེད་དོ། །དེའི་མིག་གཉིས་ཀྱིས་དམ་པའི་ཆོས་མཐོང་ནས་བོར་བ་དེའི་རྣམ་པར་སྨིན་པ་ནི་དེ་ཡིན་ནོ། །གང་ལག་པས་བོར་བ་དེའི་རྣམ་པར་སྨིན་པ་ནི་དེའི་ལག་པ་བཅད་པ་ཡིན་ནོ། །གང་གིས་ཉེས་པར་ 68-1-280a སྤྱད་པ་དེ་བསགས་པ་ནི་རྫ་མའི་ནང་དུ་བཅུག་པ་སྟེ། འཚེད་པ་ན་བྱའི་མཆུ་རྣོ་ལ་རབ་ཏུ་འབར་བས་གཟས་ཏེ་ཕུག་ནས་ཟ་ཞིང་སྟེང་གི་ཁུ་བ་ལ་འཐུང་བར་བྱེད་དོ། །དེའི་འོག་ཏུ་སོང་བའི་པགས་པ་ལྷག་མ་རྫ་མའི་ནང་དུ་མ་བཅུག་པ་ཕྱེད་པོ་དེ་ནི་གཤིན་རྗེའི་མི་ རྣམས་ཀྱིས་སྟེའུ་ཡིས་འཇོག་གོ། །ཕྱེད་བཞོགས་ནས་ཤིན་ཏུ་སྲབ་མོར་བྱེད་དོ། །དེ་ནས་བ་ཚཝའི་ཆུས་ཀྱང་ཆག་ཆག་འདེབས་སོ། །ཁབ་རྩེ་མོ་རྣོ་ཞིང་རབ་ཏུ་འབར་བ་འབིགས་པར་བྱེད་པས་སྐབས་ཡོད་ཡོད་དུ་ལུས་ལ་འབིགས་པར་བྱེད་དོ། །དེའི་མགོ་ཡང་འཁོར་ ལོས་ཡོངས་སུ་འཁོར་རོ། །དེ་ལས་ཐར་བ་དང་ཀུན་ནས་རབ་ཏུ་བཞུས་པའི་རྒྱུན་མི་འཆད་པའི་འབབ་པ་དེ་ལ་འཐུང་བར་བྱེད་དོ། །དེ་ལྟར་དེ་གནོད་པ་མྱོང་བ་ན་དེར་ལས་མི་བཟད་པ་བྱས་ཤིང་བསགས་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་ སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ལྔ་བརྒྱར་ཡི་དགས་དུད་པ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེའི་སྙིང་ངན་སོང་གིས་བསྒྲིབས་ ལ་ལུས་ལ་གནོད་པར་འགྱུར་རོ། །གལ་ཏེ་དེ་ལས་ཐར་ནས་ཀྱང་ཚེ་རབས་བདུན་བརྒྱར་དུད་འགྲོ་མཚན་མོ་རྒྱུ་བ་འུག་པ་ཐུར་དུ་ལྟ་བར་སྐྱེ་བར་འགྱུར། དེ་ལས་ཐར་ནས་ཀྱང་སོ་སོར་མྱོང་བར་འགྱུར་བའི་ལས་ཀྱིས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ཚེ་རབས་བདུན་བརྒྱར་གངས་ཁྲོད་དུ་གནས་ཤིང་ཟས་སུ་ཀོ་དྲ་བ་ཟ་ལ་དབུལ་བ་དང་ཀླ་ཀློར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་གོས་དྲི་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལོག་པར་ལྟ་བ་གང་གིས་ཆེད་དུ་བསམས། ཆེད་ཆེར་བྱས། དགའ་བར་ 68-1-280b བྱས། ཤེས་པར་བྱས་ཤིང་མངོན་པར་ཞེན་པའི་བློས་འདི་ལྟར་ཡོ་བྱད་འདི་དག་བསྲེགས་པས་དགེ་སློང་དེ་དག་མ་རུང་བར་བྱའོ་སྙམ་ནས་དགེ་འདུན་གྱི་ཞིང་ངམ། བུ་རམ་ཤིང་ངམ། ལྡུམ་ར་འམ། ཀུན་དགའི་ར་བའམ། དེ་ལས་གཞན་པ་དགེ་འདུན་གྱི་ འཚོ་བའི་ཡོ་བྱད་རྣམས་མེས་བསྲེགས་ལ་དེ་ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དང་ལྡན་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་གོས་དྲིར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་ སོས་ལ་སོགས་པ་བདུན་གྱི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེ་ཀུན་ནས་དྲ་བ་རབ་ཏུ་འབར་བས་འཁོར་ཏེ་ཀུན་ནས་དྲ་བ་ཁབ་ཀྱི་བུ་ག་ཙམ་གྱིས་ཁེབས་པ་དེར་སྐྱེས་སོ། །སེམས་ཅན་ དམྱལ་བ་དེ་གཤིན་རྗེའི་མི་རྣམས་ཀྱིས་མདའ་རབ་ཏུ་འབར་ཞིང་རྣོ་ལ་ཤུགས་དྲག་པས་གློ་གཉི་གར་བརྒྱབ་པ་ན་དྲ་བ་དེའི་ནང་ནས་འབྲོས་པ་དང་དེ་དྲ་བའི་མིག་ནས་འབྲོས་པར་མི་ནུས་ཤིང་དེ་དྲ་བ་དེར་ཤིན་ཏུ་ཐོགས་ཏེ། དེའི་དྲ་བ་རྣོ་བའི་མཐུས་བདག་ཉིད་འབྱིན་པར་མི་ནུས་སོ། ། དྲ་བ་དེས་ལག་པ་ཡང་གཅོད་པར་བྱེད། རྩིབ་ལོགས་ཀྱང་འཇོག་པར་བྱེད། ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་རུས་པ་ལ་ཐུག་གི་བར་དུ་འཇོག་པར་བྱེད་དོ། །དྲ་བ་དེས་འཇོག་པ་ན་ཡང་དང་ཡང་དུ་གཤིན་རྗེའི་མི་དེ་རྣམས་ཀྱིས་མདེའུའི་རྩེ་མོ་ཤིན་ཏུ་བརྡར་བས་ལན་ བརྒྱ་འམ་ཡང་ན་སྟོང་དུ་གསོད་དོ། །ལས་ཀྱི་དྲ་བས་བསྒྲིབས་པ་དེ་མདའི་སྡུག་བསྔལ་གྱིས་ཡུན་རིང་དུ་ཉོན་མོངས་ཏེ། སེམས་ཅན་དམྱལ་བ་དེར་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་མི་བཟད་པ་ རྩུབ་པ་གཞན་དང་མི་འདྲ་བ་དག་མྱོང་བར་འགྱུར་རོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་བདུན་བརྒྱར་ཡི་དགས་ཁྱིམ་གྱི་ནང་ན་བུ་འབྱིན་པའི་སྐད་ངན་འདོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། དེ་ལས་ཐར་ 68-1-281a ནས་ཀྱང་ཚེ་རབས་ལྔ་བརྒྱར་དུད་འགྲོའི་སྐྱེ་གནས་ཁྱིམ་བྱ་དང་རྨ་བྱ་དང་བ་ལང་དག་གི་ལྕི་བའི་ནང་དུ་སྐྱེ་བར་འགྱུར། དེ་ལས་ཐར་ནས་ཀྱང་དེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་གཏུམ་པོའི་བུ་བཙའ་བའི་ཁྱིམ་དུ་སྐྱེ་བར་འ གྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་ལྕགས་གླེབས་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་བརྟན་པ་དང ། མི་བརྟན་པའི་སེམས་ཀྱི་བློ་ངན་པ་བསླུ་བའི་བསམ་པ་གང་གིས་འདི་ལྟར་དབྱར་ཟས་མེད་པའི་ཚེ། དགེ་སློང་དག་ལ་ནད་ཀྱི་གསོས་སྨན་གྱི་རྐྱེན་དང་ ཟས་དག་སྦྱར་གྱིས་དགེ་སློང་དག་སེམས་ལས་ཆུང་ངུར་གྱིས་ཤིག་།ཚེགས་ཆུང་ངུས་གནས་པར་གྱིས་ཤིག་།ཡིད་ཀྱི་ལས་ཆུང་བར་གྱིས་ཤིག་ཅེས་སྨྲས་ནས། དགེ་སློང་དག་སྤྱན་དྲངས་ལ། དགེ་སློང་དེ་དག་ཀྱང་དེའི་དད་པ་བསྐྱེད་པ་དེས་ཟས་མེད་པའི་ཚེ་ཡང་ དེའི་དད་པ་བསྐྱེད་པ་དེས་ཡོན་བདག་གཞན་དུ་མ་བཙལ་ཏོ། །དེ་ནས་ཡང་མི་ངན་པ་དེས་དགེ་སློང་དེ་དག་གི་རེ་བ་མེད་པར་བྱས་པ་དང ། ཟས་མེད་པ་དེའི་ཚེ་ལ་ལ་ནི་འཆི་བའི་དུས་བྱེད། ལ་ལ་ནི་དགེ་བའི་ཆོས་བསྐྱེད་པར་མི་ནུས། ལ་ལ་ནི་ཤིན་ཏུ་སྡུག་བསྔལ་བར་གྱུར། ལ་ལ་ནི་ཡུལ་གཞན་དུ་འགྲོ་བར་བྱེད་དེ། དེ་ལྟར་གང་དགེ་སློང་དེ་དག་ལ་བརྫུན་བྱས་པ་དེ་སེམས་ཅན་དམྱལ་བ་ལྕགས་གླེབས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་ རོ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་པ་དེ་མེའི་ཕུང་པོ་བཅུ་གཅིག་གིས་ཡོངས་སུ་བསྐོར་ཅིང་བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་ལ། གཤིན་རྗེའི་མི་རྣམས་ཀྱིས་ཡང་དང་ཡང་དུ་ཟངས་དམར་པོ་བསྐོལ་བ་དང ། ལྕགས་ཀྱི་ཐུ་ལུམ་རབ་ཏུ་ 68-1-281b འབར་བས་སེམས་ཅན་དམྱལ་བ་ལུས་རྣམ་པར་ཞུམ་པ་དེ་པད་མ་ཆེན་པོ་ཁ་བཙུམས་པ་དང་ཕྱེ་བ་ལྟར་སྲེག་གོ། །འཚེད་དོ། །སྐེམས་སོ། །གསོད་དོ། །དེ་ནས་ཡང་སླར་སྐྱེ་བར་འགྱུར་ཏེ། གནོད་པ་ཁྱད་པར་དུ་འབྱུང་བ་ནི་ཇི་ལྟར་ལས་བྱས་པ་བཞིན་དུ་དེའི་ལྕགས་གླེབས་པ་ ཆུ་ཞེང་དཔག་ཚད་ལྔ་ཡོད་པ་ཀུན་ནས་རབ་ཏུ་འབར་ལ་ཀུན་ནས་མེ་ལྕེ་གཅིག་ཏུ་གྱུར་པ་ཁྱེར་ཏེ་དེས་སླུ་བར་བྱེད་པ་དེ་ཡོངས་སུ་དཀྲིས་ཤིང་དུ་མར་བསྐོར་ཏོ། །ལུས་ཀུན་ནས་རབ་ཏུ་འབར་བ་ཀུ་ཆོ་འདོན་པ་ན་སོ་སོར་ཉམས་ཤིང་ཐམས་ཅད་ནས་བདེ་བ་ཁབ་ཀྱི་བུ་ག་ཙམ་ཡང་མེད་ དོ། །མེ་དང་ལྕགས་གླེབས་པ་དེས་རྟག་ཏུ་ཁྱབ་སྟེ། དེ་ལྟར་དེ་སྡུག་བསྔལ་དྲག་པ་རྩུབ་པ་ཤིན་ཏུ་མི་བཟད་པ་དག་མྱོང་ངོ ། །བཀྲེས་པ་དང་སྐོམ་པར་གྱུར་ཅིང་ལྕགས་གླེབས་པ་དང་མེ་འབྱུང་བས་དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ ཟད་པར་མ་བྱས་པ་དེ་སྲིད་དུ་གནོད་པ་དེ་དག་མྱོང་བར་འགྱུར་རོ། །དེ་དེ་ལས་ཐར་ན་ལས་དེ་དག་དང་རྒྱུ་འཐུན་པར་ཚེ་རབས་བདུན་སྟོང་དུ་ཡི་དགས་གླད་རྒྱས་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་ཚེ་རབས་བདུན་སྟོང་དུ་དུད་འགྲོ་ཁ་ཟས་མེད་པའམ་མེ་ཟ་ བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་སོ་སོར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་རྒྱལ་པོས་བཙོན་རར་བཅུག་ཅིང་ཚེ་རབས་ལྔ་བརྒྱར་བཀྲེས་པ་དང་སྐོམ་པ་དག་གིས་འཆི་བའི་དུས་བྱེད་ པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་འཁོར་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེམས་ཅན་དམྱལ་བ་འགྲོ་བ་མེས་སྲེག་ཅེས་བྱ་བ་མཐོང་ངོ ། ། དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་འདི་ལྟར་འཕགས་པ་དང་འཕགས་པའི་གང་ཟག་མི་གནས་པར་བྱའོ་སྙམ་ནས་སངས་རྒྱས་ཀྱི་གཙུག་ལག་ཁང་འཇིག་པར་བྱེད་དམ། དེ་སངས་ 68-1-282a རྒྱས་ཀྱི་གསུང་རབ་ཡི་གེར་བྲིས་པ་འབྱིད་དམ། ཀླན་ཀ་བཙལ་བའི་ཕྱིར་མཁས་པ་དག་ལ་མི་མཁས་པའི་བདག་ཉིད་ཅན་གྱིས་སངས་རྒྱས་ཀྱི་གསུང་རབ་ཉན་པར་བྱེད་དེ་ཐོས་ནས་ཀྱང་ཆོས་འདུལ་བ་དེ་ལ་འཇུག་པར་མི་བྱེད་ཅིང་ཡོངས་སུ་མི་སྙན་པར་བརྗོད་ ལ་བརྗོད་ནས་ཀྱང་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་འགྲོ་བ་མེས་སྲེག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གང་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པའི་གནོད་པ་བསྡུས་པ་དེ་དག་ ཐམས་ཅད་བརྒྱ་འགྱུར་དུ་འབྱུང་ངོ ། །ཁྱད་པར་དུ་འབྱུང་བ་ནི་འདི་ལྟར་སེམས་ཅན་དམྱལ་བ་དེ་ལ་ཁྱད་པར་ཐམས་ཅད་སྟོང་འགྱུར་དུ་འབྱུང་སྟེ། སྦྲུལ་རྣམས་ཀྱིས་འཁྲིས་ཤིང་ཀུན་ནས་དྲ་བར་གང་བ་དེར་སེམས་ཅན་དམྱལ་བ་པ་དེར་འགྲོ་བར་བྱེད་དོ། །འགྲོ་བ་ན་གཤིན་ རྗེའི་མི་ལག་ན་ཐོ་བ་ཐོགས་པ་དེ་དག་ཐམས་ཅད་ཀྱིས་སྲེག་པར་བྱེད་དེ་དུག་གི་མེ་ཚན་པོ་ཆེས་ཀྱང་སྲེག་པར་བྱེད་དོ། །དེ་དུག་དང་སེམས་ཅན་དམྱལ་བའི་མེ་གཉིས་ཀྱི་ནང་དུ་སྲེག་པ་ན་སྙིང་རྗེ་རྗེ་སྐད་དུ་ངུ་སྐད་འབྱིན་སྨྲེ་སྔགས་འདོན་ཆོ་ངེས་འདེབས་སོ། །དེ་དེ་ལྟར་ཆོ་ངེས་འདེབས་ པ་དང ། འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། གླེན་པ་དམ་པའི་ཆོས་ཡུལ་ལ། །རྨོངས་པའི་ཤུགས་ཀྱིས་ཐམས་ཅད་དུ། །སྲེད་པའི་དུག་གིས་མྱོས་པ་དག་།དོན་མེད་ཅི་ཞིག་ཡོངས་སུ་སྨྲེ། །སྡིག་བྱེད་དགའ་ལྟར་ མཐོང་བ་ནི། །བཟློག་ན་མཐོང་བ་མེད་པ་ཡིན། །སྡིག་པ་བྱེད་ཚེ་བདེ་བ་ནི། །བཟློག་ན་མེ་དང་འདྲ་བ་ཡིན། །སྡིག་པ་བྱེད་པའི་མི་དག་ནི། །འཇིག་རྟེན་ཀུན་གྱིས་རྣམ་པར་སྨད། །དགེ་བ་བྱེད་པ་རྟག་ཏུ་བསྟོད། །དེ་བས་སྡིག་པ་རྣམ་པར་སྤོངས། །མི་འདོད་ མི་ཕན་སྡང་བ་ཡི། །རྣམ་པར་སྨིན་པ་སྡུག་བསྔལ་ཚ། །སྡིག་པ་སྡིག་པའི་རྣམ་སྨིན་ཏེ། །དེ་ལྟར་བློ་ལྡན་དེ་སྤོངས་ཤིག་།སྡིག་ལ་རྟག་ཏུ་སྡིག་པ་ཡོད། །སྡིག་པ་མེད་ལ་སྡིག་མེད་དོ། །བྱེད་ལ་ལྟོས་ལ་སྡིག་ཡོད་དེ། །བྱེད་པ་རྣམས་ཀྱི་རྗེས་སུ་འཇུག་། 68-1-282b སྡིག་པ་སེམས་ལ་རག་ལས་ཤིང ། །འབྲས་བུ་སེམས་ལ་རག་ལས་ཏེ། །སེམས་ནི་རྐྱེན་ལས་སྐྱེས་པར་མཐོང ། །རྒྱུ་དང་རྐྱེན་ལས་ཤིན་ཏུ་བྱུང ། །སེམས་ཅན་སེམས་ཀྱིས་བསླུས་ནས་སུ། །སྡིག་པའི་དབང་གིས་འོངས་པ་དག་།གནོད་པའི་མཆོག་སྟེ་སྟོབས་པོ་ ཆེ། །སེམས་ཅན་དམྱལ་བ་དྲག་པོར་འགྲོ། །སེམས་དབང་གྱུར་པ་མི་འགྲོ་སྟེ། །རྟག་ཏུ་ཆོས་དབང་འགྱུར་མི་འགྲོ། །ཆོས་སྤྱོད་པ་ནི་རྟག་ཏུ་བདེ། །སྡིག་སྤྱོད་པ་ནི་མི་བདེ་འོ། །ཆོས་མ་ཡིན་པས་ལེགས་མེད་ཅིང ། །ལོག་པར་འཚེད་པར་མི་བྱེད་དེ། །རྒྱུ་དང་འདྲ་ བར་དེ་མཐོང་ཞིང ། །འབྲས་བུ་སྣ་ཚོགས་འགྲུབ་པར་འགྱུར། །རྒྱུ་དང་འབྲས་བུ་འཐུན་པར་འབྱུང ། །ནམས་ཀྱང་ལོག་པར་འབྱུང་མེད་དེ། །འདུས་བྱས་ཀྱི་ནི་ཆོས་འདི་དག་།རྒྱུ་དང་འབྲས་བུར་ཤིན་ཏུ་འབྱུང ། །རྒྱུ་མེད་འབྲས་བུ་ཡོད་མ་མཐོང ། །སེམས་ཅན་ དམྱལ་བར་རྣམ་པར་ཕྱེ། །རྒྱུ་སྦྱོར་ལས་ནི་འབྲས་བུར་སྦྱོར། །སེམས་ཅན་དམྱལ་བར་རྣམ་པར་འཚེད། །བྱས་ཤིང་བསགས་པ་དྲག་པ་དང ། །ངེས་པར་ངན་འགྲོར་འགྲོ་བ་ཡི། །ལས་དང་འབྲས་བུར་འབྲེལ་བ་ནི། །སེམས་ཅན་དམྱལ་བར་རྣམ་པར་འཚེད། །སོ་ སོར་བཤགས་པའི་རྣམ་པ་ཡིས། །ལས་གང་རྣམ་པར་བཟློག་བྱ་བ། །དེ་མི་འདོད་པ་ལམ་དེ་ཉིད། །རྣམ་པར་མཐོང་བས་འབྲས་བུ་མཐོང ། །འོད་གང་སྒྲོན་ལ་རག་ལས་ཏེ། །དེ་བཞིན་འབྲས་བུ་ལས་ལ་ཐོགས། །གཞན་དང་གཞན་ལས་འབྲས་འབྱུང་སྟེ། ། འདུས་བྱས་ཐམས་ཅད་དེ་འདྲ་འོ། །གཞན་དང་གཞན་ལས་རྒྱུ་མཐོང་སྟེ། །གཞན་དང་གཞན་དུ་དབང་སྦྱོར་རོ། །འཐུན་པར་རྗེས་སུ་འབྲེལ་བ་ནི། །དེ་ཉིད་མཐོང་བ་དག་གིས་མཐོང ། །རྒྱུད་ལ་རྒྱུ་འབྲས་མེད་མིན་ཏེ། །དབང་ཕྱུག་ལ་སོགས་གནས་པ་མེད། ། འདུས་བྱས་ཆོས་ཀུན་འབྱུང་བ་ནི། །དེ་ཉིད་མཐོང་བ་དག་གིས་བསྟེན། །འཁོར་བ་ཐོག་མ་མེད་པ་ནས། །རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། །ལས་རྣམས་དང་ནི་འཐུན་པར་མཐོང ། །ལོག་པར་བརྟག་པར་མི་བྱ་འོ། །གང་འདོད་ལས་ཀྱི་དབང་སོང་བ། །སྲོག་ཆགས་ 68-1-283a ལས་ཀྱི་རྒྱུ་ལས་སྐྱེས། །ལས་འབྲས་དེ་ཉིད་ཤེས་པ་དེ། །དག་པ་ཡིན་ཞེས་མངོན་པར་རྟོགས། །གཏི་མུག་ཞགས་པའི་དབང་སོང་བ། །ཁྱོད་ཀྱིས་སྡིག་དེ་རྟག་ཏུ་བྱས། །སྡིག་དང་བཅས་པའི་ལས་བྱས་པས། །བྱིས་པ་དོན་མེད་ཅི་ཞིག་གདུང ། ། སྡིག་ལ་སྡིག་པ་རྟག་ཏུ་གནས། །དེ་བཞིན་ཆོས་ལ་ཆོས་གནས་ཏེ། །དེ་ཉིད་ལས་ནི་སྟོན་བྱེད་པ། །བརྟན་པ་དག་གིས་གཉི་ག་སྤོང ། །སངས་རྒྱས་བསྟན་ལ་རྨོངས་པ་དང ། །ལམ་དང་ལམ་མིན་རྨོངས་པ་གང ། །དེ་དག་ལ་ནི་ཞི་མེད་དེ། །མུན་ལ་ཉི་མ་མེད་ པ་བཞིན། །རྟག་ཏུ་ཆོས་དང་ཆོས་མིན་དང ། །རྒྱུ་དང་རྐྱེན་ལ་རྨོངས་པ་དང ། །གནོད་མཆོག་ཤིན་ཏུ་མི་བཟད་པ། །སེམས་ཅན་དམྱལ་བ་དྲག་པོ་ཐོབ། །གཏན་ཚིགས་ལྡན་པའི་ཚིག་རྣམས་ཀྱིས། །དེ་ལ་བསྒོ་ནས་གཤིན་རྗེའི་མི། །མདུང་ཐུང་གཏུན་ ཤིང་ཐོགས་ནས་སུ། །དེ་ནས་ཁྲོ་ཞིང་རྔམ་པར་འགྱུར། །དེ་ནས་ཡང་མཚོན་ཆ་རྣམ་པ་དུ་མ་དག་ཐོགས་ནས་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལོ་འབུམ་ཕྲག་དུ་མའི་དུས་ནས་བསྐྱེད་པ་རང་གི་ལས་ཀྱིས་བྱས་ པ་ལ་སྤྱོད་པའི་སེམས་ཅན་དམྱལ་བ་དེ་དག་ལ་གསོད་དོ། །དེ་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེའི་མཐུས་ཚེ་རབས་བདུན་བརྒྱར་ཡི་དགས་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། དེ་དེ་ལས་ཐར་ ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ལྔ་བརྒྱར་དུད་འགྲོ་སི་མི་སི་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ལས་ཐར་ནས་ཀྱང་མི་རྣམས་ཀྱི་ནང་དུ་བྱ་རོག་ལྟར་དམན་པར་སྐྱེ་བར་འགྱུར་ཏེ། དེར་རྟག་ཏུ་ཁ་ཟས་སྙིང་པོ ། མེད་པ་ཟ་ཞིང་སྐོམ་ཡང་རྙོག་མ་ཅན་འཐུང་བར་འགྱུར་ ལ་སྐོམ་དེ་ཡང་ལན་འགའ་ཞིག་འཐུང་བར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅཝ་བརྒྱད་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་ 68-1-283b པའི་འཁོར་ལ་བརྟགས་ན། དེས་འོག་དང་ཐད་ཀར་ཕྲ་བའམ་རགས་པའམ་རྗེས་སུ་སྦྱོར་བའམ་རྗེས་སུ་ཞུགས་པའི་འཁོར་གང་བཅུ་བདུན་པ་གཅིག་ཀྱང་མ་མཐོང་ངོ ། །དེ་དེ་ལྟར་སེམས་པ་ན་ལམ་མཐོང་བའི་དགེ་སློང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་བདག་གིས་ སེམས་ཅན་དམྱལ་བ་བརྒྱད་པོ་དག་གི་འཁོར་བཅུ་དྲུག་རྣམས་ཀྱི་མཐའ་མཐོང་སྟེ། ཉེས་པར་བྱས་པའི་ལས་ཀྱིས་འདི་དེ་ཙམ་ཞིག་པ་ལྟ་སྙམ་མོ། །བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་བྱས་ཤིང་བསགས་པ་གནོད་པའི་ས་དང ། ལས་ངན་པ་བྱས་ཤིང་མངོན་དུ་ གྱུར་པའི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱི་འཁོར་ལས་སྐྱེས་པའམ། དེ་བཞིན་དུ་ཆེས་ཤིན་ཏུ་ལྕི་བའི་རྣམ་པ་མནར་མེད་པ་གང་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་མ་གཏོགས་པར་སྲོག་ཆགས་དག་སྲེག་པའི་སེམས་ཅན་དམྱལ་བ་ཆེན་པོ་གཞན་དགུ་པ་མ་མཐོང་ ངོ ། །གང་དུ་འདིའི་ཕྱོགས་གཅིག་ལས་སྟོང་གི་ཆ་གཅིག་ཅིག་བསྟན་ཏེ། རྒྱུ་གང་ངས་བཤད་པའམ། མཉན་པའམ། དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །དེ་ལྟར་སེམས་ཅན་དམྱལ་བ་པའི་སྡུག་བསྔལ་བཟོད་པར་དཀའ་བ་དེ་ལྟར་གཞན་དང་མཚུངས་པ་མེད་པ་སྡུག་བསྔལ་ དཔེ་མེད་པ་དེ་རྒྱུ་གང་དང ། མཉམ་པ་གང་དང ། གང་དེ་ཉིད་ཁོང་དུ་ཆུད་ཅིང་ཤེས་པར་བྱས་ན་གང་ཁྲག་ཏུ་སྐྱུགས་ནས་འཆི་བར་འགྱུར་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་དེའི་གནོད་པ་སྡུག་བསྔལ་བས་ཆེས་སྡུག་བསྔལ་བ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་ཡིན་ ནོ། །དེ་ནས་དགེ་སློང་དེས་སེམས་ཅན་དམྱལ་བ་དེ་མཐོང་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལ་ཡིད་བྱུང་སྟེ། འདུས་བྱས་ཐམས་ཅད་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་མཐོང་ངོ ། །དེའི་འོག་ཏུ་འཕགས་པའི་བདེན་པ་ འདི་ལ་རྣམ་པར་དཔྱད་པས་འཁོར་བ་ལ་སེམས་ཤིན་ཏུ་འདོད་ཆགས་དང་བྲལ་བར་བྱེད། ཡིད་བྱུང་བར་བྱེད། མི་དགའ་བར་བྱེད་ཅིང་འཁོར་བ་ལ་སྨོད་པར་བྱེད་དོ། །རྣམ་པ་དེ་དག་གིས་འཁོར་བ་མི་བཟད་པ་ཤིན་ཏུ་འཇིགས་པར་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། 68-1-284a ཀྱེ་ཨེ་མ་སེམས་ཅན་འདི་དག་ནི་ལྷའི་ལྟ་བ་དང་ཤིན་ཏུ་བྲལ་ཞིང་མིག་དང་བྲལ་བ་ཡིན་ཏེ། ཡང་དང་ཡང་དུ་སེམས་ཅན་དམྱལ་བ་ཤིན་ཏུ་མི་བཟད་པ། ཤིན་ཏུ་ཚ་བ་ཤིན་ཏུ་འཇིགས་པར་སྐྱེས་ཀྱང་སྐྱོ་བར་མི་བྱེད་དེ། བྱིས་པ་སོ་སོའི་སྐྱེ་བོ་འདི་དག་འཁོར་ བ་ཐོག་མ་མེད་པ་ནས་སྲེད་པའི་ཞགས་པས་བཅིངས་པ་ཡིན་ནོ་སྙམ་མོ། །དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་འདི་ལྟར་དགེ་སློང་རྒྱུན་མི་འཆད་པར་སྤྲོ་བ་དེ་མི་བཟད་པ་བས་ཀྱང་ཤིན་ཏུ་མི་བཟད་པ་སེམས་ཅན་དམྱལ་བ་ཡང་སོས་ལ་སོགས་པ་མནར་མེད་པའི་ བར་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཐམས་ཅད་ཀྱིས་ས་གཞན་བཅུ་གསུམ་པ་ལ་ཞུགས་ཏེ། བདུད་ཀྱི་ཡུལ་ལ་མི་དགའ་ཞིང་བདུད་ཀྱི་དབང་དུ་མི་འགྲོ་བདུད་ཀྱི་འཆིང་བ་ཐམས་ཅད་རྣམ་པར་གཅོད་ཅིང་བདུད་ཀྱི་ཡུལ་ལ་གནས་པར་མི་བྱེད་དེ་རྟག་ཏུ་བརྩོན་པའི་དགེ་སློང་དེ་ བག་ལ་ཉལ་གྱི་སྦྱོར་བ་མ་ལུས་པར་བཅད་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་དོ། །དེའི་སྤྲོ་བས་བླ་བའི་གནོད་སྦྱིན་དག་གིས་མཐོང་ནས་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལ་བསྙད་དེ། འདི་ལྟར་གང་རིགས་ཆེ་གེ་མོ་ཞིག་ལས་རིགས་ཀྱི་བུ་དེ་གྲོང་མང་ གེ་མོ་ཞིག་དང ། གྲོང་རྡལ་ག་གེ་མོ་ཞིག་དང ། ཡུལ་ག་གེ་མོ་ཞིག་ནས་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། རྩོལ་ཞིང་འབད་པ་ན་ཡང་དག་པའི་ལམ་གཞན་དང་མི་འདྲ་བའི་ལྟ་བ་ཐུན་མོང་མ་ཡིན་པ་འཇིག་རྟེན་ལས་ འདས་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཤེས་པ་དེས། ས་གཞན་བཅུ་གཅིག་པ་ལ་ཞུགས་ཏེ། སེམས་ཅན་དམྱལ་བར་ཞུགས་པ་རྣམས་ཀྱི་ཐོག་མ་དང་ཐ་མའི་སྡུག་བསྔལ་ཤེས་སོ། །དེ་ལྟར་ས་བླའི་གནོད་སྦྱིན་དག་གིས་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་དག་ལ་བསྙད་ དོ། །དེ་དག་གིས་ཀྱང་དེ་ལྟར་སྔ་མ་བཞིན་དུ་རྒྱལ་པོ་ཆེན་པོ་བཞི་ལ་བསྙད་དོ། །དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པ་རྣམས་ལ། དེ་དག་གིས་ཀྱང་འཐབ་བྲལ་རྣམས་ལ། འཐབ་བྲལ་བ་རྣམས་ཀྱིས་ཀྱང་དགའ་ལྡན་པ་རྣམས་ལ། དགའ་ལྡན་པ་རྣམས་ཀྱིས་ཀྱང་འཕྲུལ་ 68-1-284b དགའ་རྣམས་ལ། འཕྲུལ་དགའ་རྣམས་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་པ་རྣམས་ལ་བསྙད་དོ། །དེ་ལྟར་རིམ་གྱིས་སྔ་མ་བཞིན་དུ་འོད་ཆུང་གི་ལྷ་རྣམས་ཀྱི་བར་ལ་བསྙད་དེ་འདི་ལྟར་ལྷ་ཁྱེད་ཅག་སེམས་ཤིན་ཏུ་མཉམ་པར་བཞག་པས་ཉོན་ཅིག་།འདི་ལྟར་འཛམ་བུའི་གླིང་ན་ རིགས་ཆེ་གེ་མོ་ཞིག་ལས་རིགས་ཀྱི་བུ་མང་གེ་མོ་ཞིག་ཡུལ་ག་གེ་མོ་ཞིག་ནས་སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་རྩོལ་ཞིང་འབད་ལ་སྒྲིམ་པ་ན་སྤྲོ་བ་མི་འབྲི་ཞིང་བདུད་ཀྱི་ཡུལ་གྱི་དངོས་པོ་མི་འདོད་ ལ་དགའ་བའི་འདོད་ཆགས་ཀྱི་མོད་ལས་བྱུང་བའི་སྲེད་པ་དང་ལྷན་ཅིག་ཤིན་ཏུ་ཆགས་པར་མི་བྱེད་ཀུན་ནས་ཉོན་མོངས་ཤིང་མི་སྡུག་པ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་རྣམས་ཀྱིས་ཤིན་ཏུ་ཆགས་པར་མི་བྱེད་དེ། དེ་ས་གཞན་བཅུ་གསུམ་པ་ལ་ཞུགས་སོ། །སེམས་ཅན་ དམྱལ་བ་བརྒྱད་པོ་ཀུན་གྱི་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཤེས་པའི་དགེ་སློང་གིས་འཁོར་བ་མ་རིག་པའི་མུན་པའི་སྡུག་བསྔལ་ཐམས་ཅད་ཤེས་ནས་ཇི་ལྟ་བ་བཞིན་དུ་ཡིད་བྱུང་སྟེ། བདུད་ཀྱི་ཕྱོགས་ཀྱི་དངོས་པོ་ནི་དམས་སོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོའོ་ཞེས་ དེ་ཐོས་ནས་འོད་ཆུང་གི་ལྷ་རྣམས་མཆོག་ཏུ་དགའ་ཞིང་འཁོད་དེ། འདི་ལྟར་བདུད་ཀྱི་ཕྱོགས་ནི་དམས་སོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོའོ་སྙམ་མོ། །དེ་ལྟར་ལྷ་རྣམས་དགའ་བའི་ཡིད་ཀྱིས་དམ་པའི་ཆོས་ཉན་པར་འགྱུར་ན་གང་དད་པ་དང་དད་པའི་རྗེས་སུ་འབྲང་ ཞིང་དེ་ཁོ་ན་ཉིད་མཐོང་བའི་སྐྱེས་བུ་དམ་པ་དེ་དག་ལས་དེ་དང་རྒྱུ་འཐུན་པར་དམ་པའི་ཆོས་འཕེལ་ཞིང་རྒྱས་པ་ཡིད་དགའ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བའི་གནོད་པ་རྒྱ་མཚོའི་ཆུ་ལྟ་ བུ་ཀུན་ཏུ་སྲེད་པ་ཀློང་ལྟ་བུར་གཡོ་བ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ལ་སོགས་པ་ནས་མནར་མེད་པའི་བར་རྒྱ་ཆེ་བའི་ནང་སའི་འོག་འཇིགས་པར་རྫོགས་བྱེད་དང ། ཀུན་ཏུ་རྒྱུ་དང ། ཀོ་ཀ་ལི་ཀ་དང ། ལྷས་བྱིན་དག་ཉ་དང་ཆུ་སྲིན་ཆེན་པོ་ལྟར་ཟིན་ཅིང་སེམས་ཅན་ 68-1-285a དམྱལ་བ་པའི་ལྷག་མ་ཉ་མིད་དང ། ཉ་མིད་ཆེན་པོ་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་ཀུམ་བྷི་ར་དང ། ཆུ་སྲིན་བྱིས་པ་གསོད་དང ། རུས་སྦལ་དང། སྲམ་འཁྲུགས་པ་ལྟ་བུ་དག་འདོད་ཆགས་ཞེ་སྡང་གཏི་མུག་རླུང་གི་ཤུགས་དང་གློག་འཁྱིལ་པ་ལྟ་བུས་སེམས་གཡོ་བའི་རླབས་ཀློང་ལྟ་བུར་འཁྱིལ་པ་ དེའི་དུས་ཀྱི་མཐའི་ཤུགས་དབུ་བ་ལྟ་བུས་སེམས་ཅན་དམྱལ་བ་པ་གནོད་པ་རབ་ཏུ་མང་བ་མཆི་མ་ཆར་ལྟར་གང་བར་ངུ་ཞིང་སྨྲེ་སྔགས་འདོན་ལ་ཆོ་ངེས་འདེབས། ཧ་ཧའི་སྒྲ་སྐད་ཀྱི་ཤུགས་དང་སེམས་ཀྱི་ཤུགས་ཆུ་རླབས་ ལྟར་མང་བ་ཉེས་པར་བྱས་པའི་ལས་ཀླུའི་ཤུགས་ལྟ་བུས་སྡུག་བསྔལ་ཆར་ལྟར་འབེབས་ཤིང་མནར་མེད་པ་ཟབ་མོར་བསྐལ་པའི་མཐའི་མེ་འབར་བའི་ཤུགས་ཀྱིས་ཁོར་ཡུག་དང་ཆུ་བཙོས་པ་ལྟ་བུའི་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་རྒྱ་མཚོ་ལྟ་བུར་མཐའ་མེད་ལ་མི་ བཟད་པ་མཐོང་ནས། དགེ་སློང་དེ་ཡིད་བྱུང་སྟེ། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། སྲེད་པས་ཡོངས་སུ་བསླུས་བྱས་ཤིང ། །རྨོངས་པས་རྨོངས་པའི་སེམས་ཅན་དག་།སྐྱེ་ཞིང་འཆི་བ་ཉམ་ང་བ། །འོག་ཏུ་འཇིག་རྟེན་འགྲོ་བར་འགྱུར། །མི་ཡུལ་ལས་ ནི་དམྱལ་བར་འགྱུར། །དམྱལ་བ་ལས་ནི་ལྷ་ཡུལ་དུ། །མི་ཉིད་ལས་ནི་དུད་འགྲོར་འགྲོ། །དེ་ནས་ཡི་དགས་འགྲོ་བར་འགྱུར། །སེམས་ཅན་འདོད་ཆགས་དབང་སོང་བ། །རང་གི་ལས་ཀྱིས་འགྲོ་བ་འཁྲུལ། །གཏི་མུག་ཞགས་པས་བཅིངས་པ་དག་།སྲིད་ པའི་མཚོར་ནི་རྣམ་པར་འཁྱམ། །འཁོར་བར་མི་ནི་སྡུག་བསྔལ་འདི། །རྣམ་པ་སྣ་ཚོགས་གོམས་བྱས་ཏེ། །དེར་ནི་རྒྱུ་དེ་གོམས་པས་ན། །ཇི་ལྟར་མཆོག་ཏུ་སྐྱེ་མི་འགྱུར། །ལྷ་དག་བག་མེད་པ་ཡིས་ཉམས། །མི་དག་ཡོངས་སུ་ཚོལ་བས་ཉམས། །ཡི་དགས་ བཀྲེས་དང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟ་འོ། ། སེམས་ཅན་དམྱལ་བ་དམྱལ་བའི་མེས། །ཡི་དགས་རྨོངས་པས་རྟག་ཏུ་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང ། །བདེ་བ་ཉིད་ནི་ཅུང་ཟད་མེད། །རྨོངས་པའི་སེམས་ཀྱིས་སྐྱེ་བོ་དག་།སྡུག་ 68-1-285b བསྔལ་ལས་ནི་བདེ་ལ་ཆགས། །སྡུག་བསྔལ་འདི་ལས་ཐར་བ་གང ། །ཡང་དག་ལམ་ནི་སྟོན་པ་མེད། །གང་དག་རྟག་ཏུ་ཆོས་མི་སྒྲུབ། །གང་དག་རྟག་ཏུ་བདེན་མི་སྒྲུབ། །བསམ་གཏན་རྟག་ཏུ་མི་སྒྲུབ་གང ། །དེ་དག་སྡུག་བསྔལ་བྲལ་མི་འགྱུར། །འཇིག་ རྟེན་འདི་དང་ཕ་རོལ་དུ། །རྟག་ཏུ་མ་འདྲ་ཕ་འདྲ་ཞིང ། །གཉེན་དང་འདྲ་ཞིང་སྒྲོན་འདྲ་བ། །སངས་རྒྱས་ཀྱིས་ནི་ཆོས་བསྟན་ཏོ། །རྟག་ཏུ་ཉེས་གསུམ་དབང་སོང་བ། །ཕུང་པོ་གསུམ་ནས་སེམས་ཅན་དག་།རྟག་ཏུ་ཁམས་གསུམ་དག་ཏུ་འཇུག་།དེ་ནི་ སྡུག་བསྔལ་གསུམ་དང་ལྡན། །ལས་གསུམ་དབང་སོང་འཁྲུལ་པ་དག་།དེ་ནི་ངན་སོང་གསུམ་ན་རྒྱུ། །སྲིད་གསུམ་ཆགས་པའི་འགྲོ་བ་དག་།རིམ་པ་གསུམ་དུ་རྣམ་པར་རྒྱུ། །གང་ཞིག་དཀོན་མཆོག་མཆོག་གསུམ་དང ། །གང་ཞིག་བྱང་ཆུབ་གསུམ་དབང་སོང ། །གང་ཞིག་ལྟ་བ་གསུམ་ སྤངས་པ། །དེ་དག་ལ་ནི་སྡུག་བསྔལ་མེད། །དུས་སྐབས་གསུམ་ལ་རྟག་གནས་ཤིང ། །དགའ་བ་གསུམ་གྱི་དེ་ཉིད་མཐོང ། །གསུམ་གྱི་ཆ་ཡིས་ལྟོ་འགྲངས་པ། །དེ་ནི་མྱ་ངན་བྲལ་བར་འགྱུར། །ཕུང་པོ་གསུམ་ལ་ སེམས་མཉམ་ཞིང ། །ལས་གསུམ་རྣམ་པར་དཔྱོད་པ་གང ། །དེ་ནི་འཁོར་བར་མྱ་ངན་གྱི། །རྣམ་པ་བྲལ་ཞིང་རིམས་མེད་འགྱུར། །ལམ་དང་ལམ་མིན་རྣམ་པ་ཤེས། །དངོས་དང་དངོས་མེད་རྣམ་སེམས་པ། །བྱམས་པའི་སེམས་ནི་བསྒོམས་པ་གང ། ། དེ་ནི་འགྲོ་བ་མཆོག་ཏུ་འགྲོ། །ཀུན་ནས་རབ་ཏུ་རྣམ་གསལ་ཞིང ། །དཔའ་བོ་རྙོག་པ་མེད་པ་ཡི། །ཡིད་ནི་སྡིག་དང་མ་འདྲེས་པ། །མི་དེ་རྣམ་པར་རབ་ཏུ་གྲོལ། །གང་ཞིག་ཡང་དག་ལམ་ཞུགས་ཤིང ། །དྲན་དང་ལྡན་པ་སྟོབས་ཆེ་ལ། །སྲིད་པ་དག་ལ་འདོད་ བྲལ་བ། །དེ་ནི་ངེས་པར་གྲོལ་བར་འགྱུར། །སྲིད་པ་འདོད་ཅིང་དགའ་བ་ལ། །མི་གང་མངོན་པར་མི་དགའ་བ། །དེ་ལ་སྲིད་ལས་སྐྱེས་པ་ཡི། །སྡུག་བསྔལ་ཤིན་ཏུ་ཆུང་བའང་མེད། །མི་བཟད་ལས་ནི་མི་བཟད་འབྱུང ། །མི་བཟད་པ་ཡིས་ཡོངས་བསྒྱུར་བ། ། 68-1-286a འདོད་པ་དུག་དང་མེ་ལྟ་བུ། །རབ་ཏུ་བསྒྲིམས་ཏེ་སྤང་བར་གྱིས། །འདོད་པ་ཡོངས་སུ་སྤང་བྱས་ཤིང ། །རྟག་ཏུ་ཐར་ལ་དགའ་བ་ནི། །ཉི་མ་ཤར་བས་མུན་མེད་ལྟར། །མི་དགེའི་ཆོས་རྣམས་འཇིག་པར་འགྱུར། །དེ་ལྟར་རྟག་ཏུ་དགེ་བསྟེན་ཞིང ། ། མི་དགེ་བ་ཉིད་སྤང་བར་གྱིས། །མདོར་ན་ངེས་པར་བསྟན་པ་ནི། །དགེ་དང་མི་དགེ་ཡོངས་སུ་རྟོགས། །དེ་ལྟར་དགེ་སློང་དེ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དེ་ལ་ཕན་པར་འདོད་པའི་བློས་སེམས་ཅན་དམྱལ་བའི་སྡུག་བསྔལ་མངོན་པར་བརྟགས་ནས། སེམས་ཅན་ རྣམས་ལ་སྙིང་བརྩེ་བ་རྗེས་སུ་འཇུག་པར་བྱེད་དེ། བྱམས་པ་བསྒོམས་པའི་སེམས་ཀྱིས་དེ་སེམས་ཅན་དམྱལ་བ་འཇིགས་ཤིང་ཉམ་ང་བ་ཐམས་ཅད་ལ་མངོན་པར་བརྟགས་ཤིང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་ཤེས་ནས་མཆོག་ཏུ་ཡིད་བྱུང་བའི་སེམས་ཀྱིས་རྟོག་ པར་བྱེད་དེ། ཨེ་མ་སེམས་ཅན་འདི་དག་ཇི་ལྟར་སྲིད་པའི་དགོན་པར་འཇིགས་ཤིང་སྡུག་བསྔལ་སྣ་ཚོགས་ཀྱི་ནང་དུ་བྱིང་ཞིག་གུ་སྙམ་ནས་དེ་སྙིང་རྗེའི་བློ་འདི་ལྟར་ཉེ་བར་འཇོག་པར་བྱེད་དེ། འདི་ལྟར་མི་དག་དེ་མ་ཐག་ཏུ་ངན་སོང་དུ་འགྲོ་བ་ནི་ལས་ངན་པ་བྱས་པ་རང་གི་སེར་སྣས་ བསླུས་ཤིང ། ལོངས་སྤྱོད་ངན་པ་འདོད་ལ། རྙེད་པ་ངན་པས་ཟིལ་གྱིས་ནོན་པ་རྣམས་སྦྱིན་པ་དག་མ་བྱིན་པར་གྱུར་ཏེ། དེ་དག་གིས་དགེ་སྦྱོང་དང ། བྲམ་ཟེ་དང ། ཕོངས་པ་དང ། ལོང་བ་དང ། བཀྲེན་པ་སློངས་མོ་བ་རྣམས་ལ་སེར་སྣའི་དྲི་མས་སྦགས་པའི་སེམས་ ཀྱིས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ་འཇིག་རྟེན་འདི་དང་ཕ་རོལ་དུ་ཚུལ་ཁྲིམས་མཚོ་ལྟ་བུར་གྱུར་པ་མ་བསྲུངས། བུ་དང ། ཆུང་མ་དང ། བྲན་ཕོ་དང་།བྲན་མོ་དག་ལ་ཡང་སྦྱིན་པ་མ་བྱིན་ལ་སེར་སྣས་འཇིག་རྟེན་ཕ་རོལ་ལ་བསླུས་པ་དེ་ཡི་དགས་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་ཏེ། ཡི་དགས་ཀྱི་རྒྱུད་དུ་སྐྱེས་པ་ཡང་ཕལ་ཆེར་ཡི་དགས་མོར་སྐྱེ་བར་འགྱུར་རོ། །མི་ཐབ་མོ་དང་ཕྲག་དོག་གི་དྲི་མ་གང་གིས་ནང་གི་སེམས་ཉམས་པར་བྱས་པ་འདིས་ན་ཡི་དགས་མོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་མོ། །དེ་ནས་ཡང་དགེ་སློང་ 68-1-286b ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་ཡུལ་ལ་རྟོག་པར་བྱེད་དེ་ཡི་དགས་ཀྱི་ཡུལ་འདི་གང་ཞིག་ཡིན་སྙམ་མོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ཡི་དགས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ། འཇིག་རྟེན་ན་རྒྱུ་བ་དང ། ཡི་དགས་ ཀྱི་ཡུལ་ན་གནས་པའོ། །དེ་ལ་འཇིག་རྟེན་ན་རྒྱུ་བ་ནི་མཚན་མོ་དག་གལ་ཏེ་མི་རྣམས་ཀྱིས་མཐོང་བར་འགྱུར་རོ། །ཡི་དགས་ཀྱི་ཡུལ་ན་གནས་པ་ནི་གང་དུ་སའི་འོག་དཔག་ཚད་ལྔ་བརྒྱ་ན་གནས་ཏེ། ཡི་དགས་ཀྱི་ཡུལ་གྱི་རྐྱེན་མ་གཏོགས་པར་འཛམ་བུའི་གླིང་གི་ མཐའ་ནས་དཔག་ཚད་སུམ་སྟོང་དྲུག་བརྒྱ་ཡོད་དོ། །དེ་དག་འཛམ་བུའི་གླིང་དང་ཐག་ཉེ་བ་དང་རིང་བ་ནི་ངེས་པ་མེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འགྲོ་བ་ལ་རྟོག་པར་བྱེད་དེ། ཡི་དགས་ཀྱི་ཡུལ་ཅི་ཙམ་ ཡོད་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཡི་དགས་རྣམ་པ་མང་སྟེ་མདོར་བསྡུ་ན་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་དོ། །དེ་དག་ཐམས་ཅད་ཕྲག་དོག་དང་སེར་སྣའི་རྒྱུས་དེར་སྐྱེ་བར་འགྱུར་ལ་བསམ་པ་སྣ་ཚོགས་སྐྱེད་པ་དང ། སྡུག་བསྔལ་བ་དང ། བསམ་པ་དང ། བཟའ་བ་སྣ་ཚོགས་དང ། གཡོ་བ་སྣ་ཚོགས་དང ། གནས་སྣ་ཚོགས་དང ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་ཡིན་ནོ། །དེ་དག་ཐམས་ཅད་མདོར་བསྡུ་ན་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་དེ། འདི་ལྟ་སྟེ། ཡི་དགས་ལྟོ་གུག་དང ། ཡི་ དགས་ཁ་ཁབ་ལྟར་ཕྲ་བ་དང ། ཡི་དགས་བཤང་བ་ཟ་བ་དང ། ཡི་དགས་ཀུན་སྟོན་དང་།ཡི་དགས་དྲི་ཟ་བ་དང ། ཡི་དགས་ཆོས་ཀྱི་སྦྱིན་པ་ཟ་བ་དང ། ཡི་དགས་སྦྱིན་པ་ཟ་བ་དང ། ཡི་དགས་ཆུ་འཐུང་བ་དང ། བསམ་པས་འཚོ་བ་ དང ། མཆིལ་མ་ཟ་བ་དང ། ཕྲེང་བ ། ཟ་བ་དང ། ཁྲག་ཟ་བ་དང ། ཤ་ཟ་བ་དང ། བདུག་པ་ཟ་བ་དང ། དྲག་ཤུལ་སྤྱོད་པ་དང ། གླགས་ལྟ་བ་དང ། སའི་འོག་ན་གནས་པ་དང ། ཡི་དགས་མཐུ་བོ་ཆེ་དང ། མཚན་མོ་ལུས་རབ་ཏུ་འབར་བ་དང ། མི་རྣམས་ལ་གླགས་ལྟ་བ་དང་། 68-1-287a འདོད་པའི་གཟུགས་ཅན་དང ། གླིང་གི་བར་ན་གནས་པ་དང ། གཤིན་རྗེའི་དབྱུག་པ་དང ། བྱིས་པ་ལ་ཟ་བ་དང ། ཚངས་པའི་སྲིན་པོ་དང ། འབྲུ་དྲུས་པའི་ཤུན་པ་ཟ་བ་དང ། མི་གཙང་བ་ཟ་བ་དང ། ལམ་པོ་ཆེ་ན་གནས་པ་དང ། མང་དུ་ཟ་བ་དང ། མེ་མདག་ཟ་བ་དང ། དུག་ཟ་ བ་དང ། དགོན་པ་ན་གནས་པ་དང ། དུར་ཁྲོད་ན་གནས་པ་དང ། ཤིང་ལ་གནས་པ་དང ། ལམ་གྱི་བཞི་མདོ་ན་གནས་པ་དང ། བདུད་ཀྱི་སྡེ་སྟེ་དེ་ལྟར་མདོར་བསྡུ་ན་ཡི་དགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཡོད་དོ། །རྒྱ་ཆེར་ནི་ སེམས་ཀྱི་བསམ་པའི་ལས་ཀྱི་ཆའི་བྱེ་བྲག་དང་བསམ་པ་སྣ་ཚོགས་ཀྱི་བྱེ་བྲག་གིས་དཔག་ཏུ་མེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཤིན་ཏུ་བཀྲེས་པ་དང ། སྐོམ་པས་གདུངས་པའི་ལུས་ཅན་རྣམས་ཕལ་ཆེར་ཕྲག་དོག་དང་སེར་ སྣས་ཉམས་པ་དག་ཡིན་ཞིང་རྒྱ་ཆེར་ནི་ལུས་དང ། ངག་དང ། ཡིད་ཀྱི་ལས་གསུམ་གྱིས་སྐྱེ་ལ་བྱེ་བྲག་ཏུ་དབྱེ་ན་མི་དགེ་བའི་ལས་ཀྱི་ལམ་རྣམ་པ་བཅུ་དང་ཡང་དག་པར་ལྡན་པས་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་མདོར་བསྡུ་ན་མི་དགེ་བའི་ལས་ཀྱི་ལམ་རྣམ་པ་ བཅུའི་མི་དགེ་བའི་རྒྱུ་གང་ཡིན་པ་ལ་སྲོག་ཆགས་ཀྱི་སྡུག་བསྔལ་ཐམས་ཅད་དེ་ལ་རག་ལས། དེ་ལ་སྤྱོད། དེ་ལས་སྐྱེ་ཞིང་འབྱུང ། དེའི་ཕྱི་བཞིན་འབྲང ། དེ་དང་འབྲེལ། རྒྱུ་དེ་ལས་བྱུང་བ་ཡིན་ཏེ། ངན་སོང་གིས་ཀུན་ཏུ་འཁོར་ཡང་འཁོར་བ་ལ་ཡིད་འབྱུང་བར་མི་བྱེད་ དོ། །སེམས་སྤྲེའུ་ལྟ་བུ་ཐོག་མ་མེད་པའི་དུས་ནས་འཁོར་བར་ཞུགས་ཤིང་སྡུག་བསྔལ་གཟིང་གཟིང་བའི་བར་ན་གནས་པ་ལ་གོམས་པ་ཡན་ལག་དང་ཉིང་ལག་གི་དྲ་བ་སྣ་ཚོགས་ཅན་གྱི་ནང་ན་སྡོམ་ཞིང་འཁོར་བའི་རི་ལ་མྱུར་དུ་གནས་པ་སེམས་གཟིང་གཟིང་བའི་བག་ཆགས་ཀྱི་རྟོག་པ་ ཡང་གཅིག་ཏུ་ཤེས་པར་སླ་བ་མ་ཡིན་ལ་དེ་ལྟར་འགྲོ་བ་མྱུར་དུ་འགྲོ་བ་འདི་སེམས་སྤྲེའུ་ལྟ་བུ་ཡིན་ཏེ། དེ་ལྟ་བས་ན་སེམས་འདི་རེ་ཞིག་ཐོག་མ་ཉིད་དུ་ཤིན་ཏུ་དུལ་བར་བྱའོ། །དེ་ལྟར་མ་བྱས་ན་ངན་སོང་གིས་མི་བཟད་པ་རྣམས་སུ་སེམས་ཅན་དག་ཤིན་ཏུ་སྡུག་བསྔལ་བར་འགྱུར་ཞིང་ 68-1-287b དེ་ལྟར་མ་བྱས་ན་འཁོར་བར་སེམས་ཀྱི་དགྲས་ཟིན་ཏེ། བདེ་བ་འཐོབ་པར་མི་འགྱུར་བ་མཐོང་ངོ ། །དེ་ལྟར་དགེ་སློང་དེ་སོ་སོར་རབ་ཏུ་རྣམ་པར་འབྱེད་པ་ན་ཡང་དང་ཡང་དུ་འཁོར་བ་འདི་ལ་ཡིད་བྱུང་ཞིང་མི་དགའ་ལ་འཁོར་བར་གཏོགས་པའི་སྡུག་བསྔལ་ཐམས་ཅད་ལ་རྣམ་ པར་སྨོད་པར་བྱེད་དོ། །དགེ་སློང་དེ་དེ་ལྟར་སེམས་པར་བྱེད་ཅིང་ཡི་དགས་རྣམ་པ་དུ་མ་དག་ལ་སེམས་པ་ན་འདི་ལྟར་རབ་ཏུ་རྣམ་པར་འབྱེད་པ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་བྱེད་རྒྱུ་གང་ཡིན་པའི་ཆ་གཅིག་ཅིག་རབ་ཏུ་རྣམ་པར་འབྱེད་དེ་སྐྱེ་བ་རྒྱུ་མེད་པ་མ་ཡིན་ཞིང ། བདེ་བ་དང ། སྡུག་བསྔལ་དང ། འཐུན་པ་དང་མི་འཐུན་པ་དང ། སྐྱེ་བ་ངན་པ་དང ། བཟང་བ་དང ། རིགས་བཟང་བ་དང ། རིགས་ངན་པར་སྐྱེ་བ་ནི་སྲོག་ཆགས་ཐམས་ཅད་ཀྱི་ཚེ་འཆི་བ་དང་སྐྱེ་བ་འདོད་རྒྱལ་གྱིས་ཆུང་ཟད་ཀྱང་བྱས་པ་མེད་དོ་སྙམ་མོ། །ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཤེས་པའི་དགེ་ སློང་དེས་ཡི་དགས་རྣམས་ཀྱི་ལས་ཀྱི་ཆོས་རྣམ་པར་དབྱེ་བ་དག་རྣམ་པར་འབྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ཡི་དགས་ལྟོ་གུག་ཅེས་བྱ་བ་རང་གི་ལུས་ཉིས་འགྱུར་གྱིས་ཆེ་ཞིང་ཁ་དང་ལག་པ་དང་རྐང་པ་ཉམས་ལ་ཐམས་ཅད་དུ་ལྟོ་གུག་པ་ཡིན་ ཏེ། བུ་གའི་གསེབ་དག་ཏུ་མེ་མདག་གིས་རབ་ཏུ་བཀང ། ལུས་བཀྲེས་པ་དང་སྐོམ་པས་གདུངས། ལུས་ཚལ་ཤིང་བསྲེགས་པ་ལྟ་བུ་འགྲོ་བའི་དུས་མཐའ་མེད་པ་ནས་བཅིངས་པ་དག་དགའ་བ་མེད་ཅིང་གྲོགས་མེད་ལ་མགོན་མེད་པ་ཡིན་ནོ། །དེ་དག་ལས་གང་གིས་ དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གླ་མི་ནོར་འདོད་པ་གང་གིས་འདི་ལྟར་བདག་གིས་གླ་དག་ཁྱིམ་དུ་བསག་གོ་སྙམ་ནས་སྲོག་གཅོད་པ་བྱེད་ཅིང་ཕྱུགས་ལ་འཚེ་བའམ། དེ་སྙིང་རྗེ་མེད་པ་ཆགས་པའི་དབང་གིས་སྲོག་གཅོད་པ་བྱེད་ལ་ སྒོམ་ཞིང་སྟེན་ཏེ་མང་དུ་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སའི་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དགས་ལྟོ་གུག་གི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་སའི་ཕྱོགས་མུན་པའི་ནང་དེར་སྐྱེས་པ་དང ། སྟེང་གི་ཕྱོགས་ནས་རི་རྣམས་ཀྱིས་བཙིར་ཅིང་འོག་གི་ཕྱོགས་ 68-1-288a ནས་རི་གཉིས་པས་བཏེག་སྟེ་དེ་རི་གཉིས་ཀྱི་བར་དུ་རང་གི་ངོ་བོའི་ལུས་ཀྱི་ཚད་དཔག་ཚད་ཙམ་ལ་ལེབ་ལེབ་པོར་བྱས་ཤིང་བཀྲེས་པ་དང ། སྐོམ་པས་ཤིན་ཏུ་གདུངས་སོ། །ཚེའི་ཚད་ཀྱི་མཐའ་ནི་ཚེ་རབས་ལྔ་བརྒྱ་ཡིན་ཏེ། མིའི་ལོ་བཅུ་ལ་ཡི་དགས་ཀྱི་ བགྲང་བའི་ཚུལ་གྱིས་ཉིན་ཞག་གཅིག་སྟེ་བར་དུ་འཆི་བའི་དུས་བྱེད་པ་ནི་ཡོད་དོ། །མི་དགེ་བའི་ལས་གཞན་གཉིས་པ་བྱས་པ་ནི་འདི་ལྟ་སྟེ། སྐྱེས་པའམ། བུད་མེད་ལ་ནོར་རྫས་བཅོལ་བ་བཅབས་ནས་འདི་ལྟར་བདག་ལ་བདག་མེད་དོ་ཞེས་སྨྲ་ན་ལས་དེའི་རྣམ་པར་སྨིན་པས་ དེར་སྐྱེ་བར་འགྱུར་ལ་ཟང་ཟིང་གི་སྦྱིན་པ་ཡང་མ་བྱིན། ཆོས་ཀྱི་སྦྱིན་པ་ཡང་མ་བྱིན། མི་འཇིགས་པའི་སྦྱིན་པ་ཡང་མ་བྱིན་ཏེ། སྦྱིན་པ་གསུམ་པོ་དེ་དག་དང་བྲལ་ལ་སེར་སྣ་དང་ཕྲག་དོག་གིས་སེམས་རྟག་ཏུ་ཟིལ་གྱིས་ནོན་པ་ནི་དེར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་རྣམས་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཁ་ཁབ་ལྟར་ཕྲ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་ པ་ལས་བྱུང་བའི་ཤེས་པས་བརྟགས་ན། ནོར་རྫས་ཀྱི་ཕྱིར་མི་རྣམས་གསོད་པའི་གཤེད་མ་གང་ཕ་རོལ་ལ་ཕྲག་དོག་དང་སེར་སྣ་ཡང་དག་པར་བླངས་ཤིང་རྟག་ཏུ་མངོན་པར་བརྩོན་ལ་བཀྲེན་པ་བཀྲེན་པའི་རང་བཞིན་ཅན་འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པ་དང ། ཆོས་ཀྱི་སྦྱིན་ པ་དང ། མི་འཇིགས་པ་སྦྱིན་པ་སྟེ། སྦྱིན་པ་རྣམས་སྤངས་པ་ནི་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཁ་ཁབ་ལྟར་ཕྲ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རང་གི་ལས་ཀྱི་འབྲས་བུས་བསླུས་པ་དེར་སྐྱེས་པ་དེ་དག་གི་ཁའི་སྒོ་ཁབ་ལྟར་ཕྲ་ཞིང་ལྟོ་རི་ཙམ་ དུ་ཆེ་བར་འགྱུར་ལ་རྟག་ཏུ་བཀྲེས་པ་དང་སྐོམ་པའི་ཉོན་མོངས་པས་གདུངས་པར་འགྱུར། ལུས་ཀྱི་མེས་ཀྱང་བཀྲེས་པ་དང་སྐོམ་པས་དཀྲུགས་ལ་ཕྱི་རོལ་དུ་ཡང་ཚལ་ཤིང་གི་མེ་མཆེད་པས་དཀྲུགས་པར་འགྱུར། གྲང་བ་དང ། ཚ་བ་དང ། ཤ་སྦྲང་དང ། སྦྲང་བུ་དང་། 68-1-288b སྲོག་ཆགས་མར་ཀོ་ཏ་ཀས་ཟ་བ་དང ། རིམས་ལ་སོགས་པས་དེ་ལྟར་སྐྱེས་པ་དང་བུད་མེད་དེར་སྐྱེས་པའི་ལུས་དང་ཡིད་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་མིའི་ལོ་བཅུ་ལ་ཡི་དགས་ཀྱི་བགྲང་བའི་ཚུལ་གྱིས་ཉིན་ཞག་གཅིག་པའི་ཚེ་རབས་ལྔ་བརྒྱར་མངོན་པར་གདུངས་ཏེ་ ཚེ་བར་ཆད་དུ་འགྱུར་བ་ནི་ཡོད་དོ། །དེར་སྐྱེ་བར་འགྱུར་བའི་ལས་གཉིས་པས་ཀྱང་ཡང་དེར་སྐྱེ་བར་འགྱུར་ཏེ། འདི་ལྟར་དགེ་སྦྱོང་དང་བྲམ་ཟེ་དག་བདག་ཅག་གི་དེར་ཟན་སྦྱིན་ནོ་ཞེས་བྱས་ལ་བཟའ་བ་དང་བཅའ་བ་དག་ཀྱང་ཡོད་བཞིན་དུ་བུད་མེད་སེར་སྣས་མངོན་པར་ ཟིན་པ་དེ་ཁྱིམ་ཐབ་ལ་བསླུས་བའི་བསམ་པས་འདི་ལྟར་ཅི་ཡང་མེད་ན། དགེ་སྦྱོང་དང་བྲམ་ཟེ་དག་ལ་སྦྱིན་དུ་ག་ལ་ཡོད་ཅེས་སྨྲས་ན་དེ་ཡང་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཁ་ཁབ་ལྟར་ཕྲ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སེར་སྣ་དེ་ཀུན་ཏུ་ བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་བུད་མེད་ཕལ་ཆེར་ཡི་དགས་རྣམས་ཀྱི་ནང་དུ་བརྫུས་ཏེ་སྐྱེ་བར་འགྱུར་བ་དེ་ལྟར་མིའི་ནང་དུ་སྐྱེ་བར་མི་འགྱུར་ཏེ། འདོད་པ་ལ་ཕྲག་དོག་དང ། སེར་སྣས་ཉམས་པའི་རྒྱུ་གང་གིས་ཡི་དགས་མོར་འགྱུར་བ་དེ་ལྟར་མིའི་ནང་དུ་སྐྱེ་བར་ མི་འགྱུར་རོ། །བུད་མེད་ནི་སེམས་ཆུང་ཞིང་སེམས་ཡང་བ་ཡིན་ལ་དེ་ལྟར་རྒྱུ་དེ་དང་རྐྱེན་དེས་ཡི་དགས་མོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ཇི་སྲིད་དུ་སེར་སྣ་དང་ཕྲག་དོག་བྱས་པའི་སྡིག་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་སྐྱེ་བར་འགྱུར་རོ། ། དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །བྱ་ཁུག་རྟ་རྣམས་ཀྱི་ནང་དུ་སྐྱེས་ནས་དེ་རྟག་ཏུ་བཀྲེས་པ་དང་ སྐོམ་པས་གདུངས་པར་འགྱུར། དེ་ལས་ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མིར་འགྲུབ་པའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། སྐྱེས་པའམ་བུད་མེད་དེ་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར། 68-1-289a རྟག་ཏུ་སྡུག་བསྔལ་ཞིང་ཟས་གཞན་དུ་ཚོལ་ལ་ལམ་པོ་ཆེ་དང ། བཞི་མདོར་འཚོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན་དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ སྐྱུགས་པ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སྐྱེས་པའམ་བུད་མེད་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བུད་མེད་གང་བཟའ་བ་དང ། བཅའ་བ་དང་རོ་མྱང་བས་ཁྱིམ་ཐབ་ལ་མངོན་པར་གནོད་པར་བྱེད་ཅིང་ བདག་ཉིད་ནི་དེ་དག་ལ་ཟ་བར་བྱེད་ལ་ཕྲག་དོག་དང་སེར་སྣས་ཀྱང་རྟག་ཏུ་ཟིལ་གྱིས་ནོན། བུ་དང་བུ་མོ་གཞན་དང་མི་འདྲ་བར་མི་དགའ་བ་མ་ཡིན་ལ། དགའ་བ་དང་སླུ་བ་མ་ཡིན་ཏེ། མི་སླུ་བ་ལ་མངོན་པར་གནོད་པ་བྱས་ན་དེ་ཡང་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་ བ་ཡི་དགས་སྐྱུགས་པ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་རྟག་ཏུ་དེའི་ལུས་ཀྱི་བདག་ཉིད་དཔག་ཚད་ཕྱེད་ཙམ་ཡོད་པ་བཀྲེས་པ་དང་སྐོམ་པས་གདུངས་ཏེ་དགོན་པ་ཆེན་པོར་གཅིག་པུ་ཆུ་བཙལ་བའི་ཕྱིར་རྒྱུག་ཅིང་ཐམས་ཅད་དུ་ཆོ་ངེས་འདེབས་སྨྲེ་ སྔགས་འདོན་པ་ན་དེ་ཆོས་སྦྱིན་པ་དང་ཟང་ཟིང་སྦྱིན་པ་དང་མི་འཇིགས་པ་སྦྱིན་པ་མ་བྱས་ཏེ། སྦྱིན་པ་གསུམ་དང་བྲལ་བ་དག་དེར་སྐྱེ་བར་འགྱུར་རོ། །ཚེའི་མཐའ་ནི་སྔ་མ་བཞིན་ཏེ། དེ་ཇི་སྲིད་དུ་སེར་སྣ་བྱས་པའི་སྡིག་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ བཀྲེས་པ་དང ། སྐོམ་པས་གདུངས་པར་འགྱུར་རོ། །དེ་ཕྱིས་སྡིག་པ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་སྐྱུགས་པ་ཟ་བར་འགྱུར་ཏེ། ཇི་ལྟར་ཡི་དགས་རྣམས་ཀྱི་ནང་དུ་སྐྱུགས་པ་ཟ་བས་ སྲོག་ཆུང་ཟད་ཀྱང་འཚོ་བར་གྱུར་པ་དེ་ལྟར་དུད་འགྲོ་རྣམས་སུ་ཡང་འགྱུར་རོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་མཆོད་སྟོན་གྱི་ཚེ་དགེ་སྦྱོང་དང་བྲམ་ཟེ་བཀད་པ་རྣམས་ཀྱི་གྲལ་དུ་སློངས་མོས་དེའི་སྲོག་འཚོ་བ་ཐུབ་པར་འགྱུར་བ་མཐོང་ 68-1-289b ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་བཤང་བ་ཟ་བ་ཞེས་བྱ་བ་མཐོང་ངོ ། །དེར་སྐྱེས་པའམ་བུད་མེད་དག་ལས་གང་གིས་སྐྱེ་བར་འགྱུར་ཞིག་ གུ་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པར་གྱུར། སྔ་མ་བཞིན་དུ་སྦྱིན་པ་དང་བྲལ་ལ་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡང་ཁ་ཟས་ལྷག་མར་བྱས་པ་བྱིན་ཏེ། དེ་དག་ཀྱང་གཙང་མ་ཞིག་ ཡིན་ནོ་སྙམ་ནས་ཟོས་ན་སྐྱེས་པའམ་བུད་མེད་དེ་ལུས་དང་བྲལ་ནས་ཡི་དགས་བཤང་བ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་ལས་ཀྱི་མཐུས་དེའི་ཚེ་ཡང་སྔ་མ་བཞིན་ལ་དེའི་ལུས་བཀྲེས་པ་དང་སྐོམ་པས་གདུངས་ཏེ། གལ་ཏེ་དེ་རྙེད་ན་ཡང་རྟག་ཏུ་མི་རྙེད་ལ་དེ་ཡང་ ཆུང་སྟེ། ལྟོ་ཚིམ་པར་མི་འགྱུར་རོ། །གལ་ཏེ་ཡང་ཡི་དགས་རྣམས་ཀྱི་ནང་དུ་བཤང་བ་རྙེད་ན་སྲིན་བུ་ཞུགས་ཤིང་ཟོས་ལ་བུ་གར་བྱས་པ་ངན་ངོན་ཞིག་རྙེད་དེ། རྒྱང་རིང་ཞིང་ཚེགས་ཆེན་པོས་རྙེད་པ་དེ་ཡང་ཆོག་པར་མི་རྙེད་དོ། །དེ་ལྟར་དེའི་ཚེའི་མཐའ་སྡུག་ བསྔལ་བ་འཐོབ་སྟེ། དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་ཡི་དགས་ཀྱི་འཇིག་རྟེན་འགྲུབ་པ་སེར་སྣ་བྱས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་བཀྲེས་པ་དང་སྐོམ་པ་དེ་བྱས་པའི་སྡུག་བསྔལ་མྱོང་བར་འགྱུར། དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་བཤང་བ་ཟ་བ་ དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ཇི་ལྟར་ལས་ཉེ་བར་འགྲོ་བས་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་ཡང་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་ དབུལ་ཞིང་ནད་བུ་ཅན་ལ་བཟའ་བ་ཉུང་བ་དང ། སྲོག་གི་འཚོ་བ་རྟག་ཏུ་གཞན་ལ་རག་ལས་ཤིང་ཚེགས་ཆེན་པོས་འཚོ་བ་འཐོབ་ལ་དོན་དུ་མ་མེད་པའི་སྣོད་དུ་འགྱུར། སེམས་ཤེས་པ་དང་མི་ཤེས་པ་ཕལ་པ་ཡིན་ཞིང་ལུས་རྨ་མཚན་དང་དྲི་མ་ཅན་མི་སྡུག་པ་སྐྱེ་བོ་ཀུན་གྱིས་ 68-1-290a སྨད་པར་འགྱུར། དེའི་ཁ་ནས་ཀྱང་དྲི་མནམ་པོ་འབྱུང་ཞིང་གློ་བུར་དུ་སོ་ནག་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེར་སྣའི་གནས་སུ་གྱུར་པའི་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སེར་སྣ་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཡི་དགས་ཁ་ཟས་མེད་པ་ཞེས་བྱ་བ་མཐོང་ངོ ། །དེར་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྐྱེས་པའམ་བུད་མེད་སེར་སྣས་ཟིལ་ གྱིས་ནོན་ཅིང་ཕྲག་དོག་གི་ཟིལ་གྱིས་ནོན་པ་དང ། གཡོ་ཐབས་སམ་སླུ་བར་བྱེད་པ་སྟོབས་དང་ལྡན་པ་གང་གིས་སེམས་ཅན་དག་བཅིང་བས་བཅིངས་ཏེ། ཁ་ཟས་མ་བྱིན་པས་སྲོག་དང་ཕྲལ་ལ། སྲོག་དང་ཕྲལ་ནས་ཀྱང་སྙིང་ནས་འཆགས་པར་མི་བྱེད་ལ་འགྱོད་པར་མི་བྱེད། ཡང་ལས་དེ་ཉིད་བྱས་ནས་རྗེས་སུ་དགའ་བར་བྱེད་ཅིང་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད། ལས་དང་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་མཇུག་དག་བྱས་ནས་ཡང་དེ་ཉིད་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཁ་ཟས་མེད་པ་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་རོ། །སྐྱེས་པ་དེའམ། བུད་མེད་དེ་དེར་སྐྱེས་ནས་ཁ་ཟས་མེད་པར་བྱས་ནས་བཀྲེས་པ་དང་སྐོམ་པར་བྱས་པ་མེ་དེས་སྲེག་པ་ན་ཡང་དང་ཡང་དུ་རི་ལས་ཆུ་འབབ་པའི་ཤུགས་ལྟར་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་མང་དུ་འཕེལ་ལོ། །དེའི་ཁ་ཟས་ མེད་པར་བྱས་པའི་མཐུ་དེས་ཇི་ལྟར་ཐལ་བ་ཡང་མི་མངོན་པ་དེ་ལྟར་དེའི་ནང་དང་ཡན་ལག་དང་ཉིང་ལག་ཐམས་ཅད་སྲེག་གོ། །དེ་ནས་ཡང་ཡན་ལག་དང་ཉིང་ལག་དེ་དག་སླར་འབྱུང་བར་འགྱུར་ཏེ། ཡང་སྲེག་པར་བྱེད་དོ། །དེ་བཀྲེས་པ་དང་སྐོམ་པས་གདུངས་པ་དང ། ལུས་ བསྲེགས་པ་སྟེ། སྡུག་བསྔལ་གཉིས་ཀྱིས་སྲེག་པ་ན་རང་གི་ལས་ཀྱི་འབྲས་བུ་ཉེས་པར་བྱས་པས་བསླུས་པ་དེ་སྡུག་བསྔལ་གྱིས་ཉམ་ཐག་ནས་ཤིན་ཏུ་ངུ་སྐད་འབྱིན། ཆོ་ངེས་འདེབས། སྨྲེ་སྔགས་འདོན་ཅིང་ཕྱོགས་དང་ཕྱོགས་མཚམས་སུ་རྒྱུག་སྟེ་དེ་ནི་དེའི་ནང་དུ་འབྱུང་བའི་ 68-1-290b སྡུག་བསྔལ་ཡིན་ནོ། །ཕྱི་རོལ་དུ་འབྱུང་བ་ཡང་ལས་ཀྱིས་བྱས་པའི་མེས་ཡན་ལག་དང་ཉིང་ལག་ཐམས་ཅད་སྲེག་པར་བྱེད་དོ། །མེ་ནང་དུ་སོང་བ་སླར་བྱུང་ནས་ཕྱི་རོལ་གྱི་ལུས་ཀྱང་སྲེག་པར་བྱེད་དེ། དཔེར་ན་ཤིང་ཁོང་སྟོང་གི་ནང་དུ་མེ་ཞུགས་པ་ཤིང་གི་ནང་བསྲེགས་ནས་ཕྱི་ རོལ་སྲེག་པ་དེ་བཞིན་དུ་མེ་དེས་ཡི་དགས་དེའི་ནང་དུ་བསྲེགས་ནས་ཕྱི་རོལ་ཡང་སྲེག་པར་བྱེད་དོ། །དེ་ནང་དང་ཕྱི་རོལ་ཐམས་ཅད་ཚལ་ཤིང་བསྲེགས་པ་ལྟ་བུར་རབ་ཏུ་བསྲེགས་ཏེ་མེ་ལྕེ་གཅིག་ཏུ་གྱུར་པས་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་སོ། །དེ་དེར་ཆོ་ངེས་འདེབས་པ་ན་ ཁར་མེ་འབྱུང་སྟེ། དེ་ཡང་དང་ཡང་དུ་དེའི་ལུས་ཐམས་ཅད་འབར་བ་ཉིས་འགྱུར་གྱིས་ཆེས་རབ་ཏུ་འབར་བར་བྱེད་དོ། །གང་དང་གང་དུ་འགྲོ་བའི་ལམ་དེ་དང་དེར་རྩཝ་དར་བྷ་རབ་ཏུ་འབར་བ་ཁབ་ལྟ་བུ་འབྱུང་བར་འགྱུར་ལ་གང་དེའི་རྐང་པ་གཉིས་བོར་བ་མ་རུང་བར་བྱེད་དེ་རྐང་པ་ མ་རུང་བ་དེ་ངུ་སྐད་འབྱིན། ཆོ་ངེས་འདེབས། ཡོངས་སུ་སྨྲེ་སྔགས་འདོན་ཏོ། །དེ་ཡོངས་སུ་སྨྲེ་སྔགས་འདོན་པ་ན་དེའི་ལྕེ་མར་སར་གྱི་གོང་བུ་ལྟར་ཞུ་བར་བྱེད་དེ། དེ་ནས་ཡང་ཉེས་པར་བྱས་པའི་ལས་དེས་སླར་འབྱུང་བར་འགྱུར་རོ། །དེ་གང་དང་གང་དུ་རྒྱུག་ པ་དེ་དང་དེར་དེའི་ཉེས་པར་བྱས་པའི་ལས་དེས་ཆུ་དང ། ལྟེང་ཀ་དང ། འབབ་ཆུའི་དངོ་དང ། མཚོ་དང ། ཆུ་འཛག་པ་དང ། ཆུ་བོ་དང ། ཁྲོན་པ་ཐམས་ཅད་དང་བྲལ་བར་འགྱུར། ཚལ་དང ། ནགས་ཚལ་དང ། ཁྱིམ་དང་ནེའུ་གསིང་གི་ས་གཞི་དང་བྲལ་ བར་འགྱུར། ཚལ་དང་ནགས་ཚལ་དག་ཀྱང་ལོག་པར་མཐོང་སྟེ། རི་དང ། ལྗོན་ཤིང་དང ། རི་སུལ་གྱི་ས་ཕྱོགས་ཐམས་ཅད་ཀྱང་རབ་ཏུ་འབར་བར་མཐོང་ངོ ། །ཀུན་ནས་ཡི་དགས་ཀྱི་ཆང་པ་ལག་ན་རལ་གྲི་དང་གཏུན་ཤིང་ཁྱེར་བ་རྣམས་ཀྱིས་གཙེ་བར་བྱེད་ཅིང་སྤྱོ་ བར་བྱེད་པས་མཆོག་ཏུ་སྡུག་བསྔལ་ཏེ། རང་གི་ཕྲག་དོག་དང་སེར་སྣས་བསླུས་ཤིང་སེམས་ཀྱི་དགྲ་དང་ལྷན་ཅིག་ལྡན་པས་ཚེ་ཡང་སྔ་མ་བཞིན་ནོ། །དེ་ལྟར་དེ་ཉེས་པ་བྱས་པའི་ལས་བྱས་པས་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ 68-1-291a ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡི་དགས་ཁ་ཟས་མེད་པའི་སྡུག་བསྔལ་མྱོང་བར་འགྱུར། དེ་ཕྱིས་ཡི་དགས་ཀྱི་ཡུལ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གིས་བྱས་པའི་ལས་སྤྱད་པ་ཇི་ལྟར་ལས་ཉེ་བར་འགྲོ་བས་ འཁོར་བར་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་མངལ་ན་གནས་པ་ན་མ་དེ་ཟས་འདོད་པ་མེད་པར་འགྱུར། གང་གིས་མ་དེའི་ལུས་དང་བཞིན་ཁ་ དོག་མཆོག་ཏུ་མི་སྡུག་པར་འགྱུར། དེ་གལ་ཏེ་མངལ་དེ་ཉིད་དུ་གནས་པ་ན་ལས་རབ་ཏུ་མཐུ་ཆེ་བ་དང་སྲོག་བཅད་པ་རབ་ཏུ་མཐུ་ཆེ་བ་དེས་འཆི་བའི་དུས་བྱེད་པར་འགྱུར། གལ་ཏེ་ཡང་བརྒྱ་ལ་བཙའ་བར་གྱུར་ན་དེ་ལྟར་ངན་པ་བྱས་པ་འདུས་བྱས་དེའི་མ་རྟག་ཏུ་དྲི་ང་ཞིང་ མདོག་མི་སྡུག་ལ་མདངས་མེད་པར་འགྱུར། དེ་སྲོག་གི་འཚོ་བ་དུས་ཐུང་ཞིང་ཚེགས་ཆེན་པོས་ཐོབ་པར་འགྱུར། ཡུལ་གྱི་བདག་པོ་རྒྱལ་པོས་ཀྱང་དེ་ལྟར་བཙོན་རར་བཅུག་ནས་བཀྲེས་པ་དང ། སྐོམ་པ་དག་གིས་འཆི་བའི་དུས་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་དྲི་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་ བྱུང་བའི་ཤེས་པས་བརྟགས་ན། གང་གིས་བཟའ་བ་དང་བཏུང་བ་མང་པོ་ཤིན་ཏུ་བསྡུས་ནས་བདག་འབའ་ཞིག་ཟ་ལ། བུ་དང་ཆུང་མ་དག་ལ་ཡང་དག་པར་འགེད་པར་མི་བྱེད། དེ་དག་རོ་བྲོ་བ་འདོད་ན་དྲི་ཙམ་ཞིག་ལ་སྣོམ་དུ་འཇུག་།དེ་བུ་དང་ཆུང་མ་དེའི་མདུན་དུ་ རང་འབའ་ཞིག་ཟ་བར་བྱེད་ལ། ཕྲག་དོག་དང་སེར་སྣས་ཟིན་པས་ཡང་དག་པར་འགེད་པར་མི་བྱེད་དེ། དེ་ལྟར་བུ་དང་ཆུང་མ་རིས་འཐུན་པ་ལྷན་ཅིག་འཁོད་པ་ལ་བརྙས་པར་བྱེད་ཅིང་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་པ་ལ་རྗེས་སུ་དགའ་ཞིང་དེ་ནས་ཡང་བདག་ 68-1-291b གཅིག་པུ་ཟ་བར་བྱེད་ལ་དེ་བྱས་ནས་ཀྱང་སྐྱོན་དུ་མི་འགྱུར་ཞིང ། ངོ་ཚ་བར་མི་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་དྲི་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ལུས་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་ཤིང་གར་བབ་བབ་ཏུ་རྒྱུག་སྟེ་ ངུ་སྐད་འབྱིན་ཆོ་ངེས་འདེབས། སྨྲེ་སྔགས་འདོན་ཏོ། །དེ་གལ་ཏེ་ཡང་ལྷ་ཁང་ངམ། མཆོད་རྟེན་ནམ། ཁྱིམ་གཞན་དུ་ཡོན་བདག་དད་པས་བདུག་སྤོས་དྲི་ཞིམ་པོ་དག་བདུགས་པ་དང་དེ་དེས་དགའ་བར་འགྱུར། དེ་བཞིན་དུ་དྲི་གཞན་གྱིས་ཀྱང་དགའ་བར་འགྱུར། དེ་ ལྟར་འདི་ནི་ཡི་དགས་དྲི་ཟ་བའི་ཕྱོགས་གཅིག་ཡིན་ནོ། །དྲི་ཟ་བའི་ཕྱོགས་གཞན་ཡང་འདི་ལྟར་མི་དག་ལ་ནད་བྱུང་བ་ན་ནད་པ་གང་ཡིན་པ་དེ་དག་གི་ཕྱིར་ལྷ་ཁང་ངམ། ཀུན་དགའ་ར་བ་དག་ཏུ་བདུག་སྤོས་གང་བདུགས་པའི་དྲི་དེས་དེ་ཚིམ་པར་འགྱུར་ཏེ། དེས་སྲོག་འཚོ་བ་ འཐོབ་ཅིང་དེའི་ཕྱི་བཞིན་འབྲང ། གཞི་དེས་ལུས་ཀྱི་སྲོག་འཚོ་བ་འཐོབ་སྟེ། དེ་ལྟར་དེའི་ལས་ཀྱི་མཐུས་ཡི་དགས་དེ་དྲི་ཟ་བར་འགྱུར་ཞིང་སྲོག་གི་ཚེགས་ཆེན་པོས་ཟ་བ་དེ་འཐོབ་པར་འགྱུར། དེར་སྐྱེས་ནས་ཀྱང་ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་ མ་བྱས་པ་དེ་སྲིད་དུ་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་མྱོང་བར་འགྱུར། དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ཀྱི་འབྲས་བུ་ལ་སྤྱོད་པ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །གལ་ཏེ་མིས་བྱས་པའི་མྱོང་བར་ འགྱུར་བའི་ལས་ཀྱིས་བརྒྱ་ལ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མིར་སྐྱེས་ན་དེ་དབུལ་ཞིང་ནད་བུ་ཅན་ལ་ལུས་ཐམས་ཅད་ལས་དྲི་དེ་འབྱུང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་ འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཆོས་ཀྱི་སྦྱིན་པ་ཟ་བ་ཞེས་བྱ་བ་དེར་འཇུག་པ་ཐོབ་པ་དེས་སྲོག་འཚོ་བ་འཐོབ་པར་འགྱུར་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་ 68-1-292a པས་བརྟགས་ན་གང་རང་བཞིན་གྱིས་སེར་སྣ་དང ། ཕྲག་དོག་གིས་ཟིལ་གྱིས་ནོན་པ་ཡིན་ལ་སྲོག་གསོ་བ་ཁོ་ནའི་ཐབས་སམ་རྒྱུ་དེས་དད་པ་མེད་ཅིང་དད་པ་མེད་ལ་ཕ་རོལ་ཕན་གདགས་པའི་བསམ་པ་མེད་པའི་རྒྱུས་སྐྱོན་དུ་བགྲང་བའི་ཆོས་སྟོན་པར་བྱེད་ཅིང་དེ་ཚུལ་ ཁྲིམས་དང་ལྡན་པ་མ་ཡིན་ཏེ། འདི་ལྟ་སྟེ། སྲོག་གཅོད་པའི་ཆོས་ཀྱི་གཏམ་དང ། གཡུལ་དུ་འཆི་བའི་ཆོས་དང ། ནོར་རྫས་ནན་གྱིས་འཕྲོག་པའི་ཆོས་དང ། ཁྱུ་མཆོག་བག་ཡངས་སུ་གཏང་བའི་ཆོས་ཏེ། དེས་སྐྱོན་དུ་བགྲང་བའི་ཆོས་ཀྱི་རྣམ་གྲངས་དེ་དག་ཕ་ རོལ་དག་ལ་བསྟན་ནས་དེ་ལས་རྙེད་པ་གང་ཡིན་པ་དེ་སྦྱིན་པར་མི་བྱེད་ཅིང་སྩོགས་པ་འབའ་ཞིག་བྱེད་ན་ཕྲག་དོག་གི་ཟིལ་གྱིས་ནོན་པ་མི་ངན་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཆོས་ཀྱི་སྦྱིན་པ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེའི་ཚེ་ནི་སྔ་མ་བཞིན་ ནོ། །དེ་རིའི་ཡུལ་ནས་རིའི་ཡུལ་དུ་ཡོངས་སུ་རྒྱུག་ཅིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་ལ་ཐམས་ཅད་དུ་ངུ་སྐད་འབྱིན་པ། ཤིང་སྐམ་འདྲ་ཞིང་སྐྲ་རིང་ལ་ངོམ་ཟུམ་གནག་པ་ལུས་ཐམས་ཅད་སྤུ་ཟིང་པོས་ཁེབས་ཤིང་རྩ་དང་རྒྱུས་པའི་དྲ་བས་དཀྲིས་ལ་པགས་པ་དང་ རུས་པ་ཙམ་ལུས་པ། ལུས་རིང་ཞིང་སེན་མོ་མི་སྡུག་པ། རང་གིས་ཉེས་པར་བྱས་པས་ཡོངས་སུ་བསླུས་པ། མིག་གི་ཁུང་རིང་ཞིང་བསྐུམས་ལ་གདོང་མཆི་མས་ཡོག་པ། ལུས་སྤྲིན་ནག་པོ་འདྲ་ཞིང་མི་སྡུག་པས་མངོན་པར་ཁེབས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ དང་སྤུ་རྣམས་ཀྱི་ནང་དུ་སྦྲང་བུ་དང ། ཤ་སྦྲང་དང ། སྲོག་ཆགས་མར་ཀོ་ཏ་ཀ་རྣམས་ཞུགས་ནས་ཟ་བ་ན་ཐམས་ཅད་དུ་ཡོངས་སུ་རྒྱུག་གོ། །གལ་ཏེ་བརྒྱ་ལ་དགེ་འདུན་གྱི་གཙུག་ལག་ཁང་གི་ནང་དུ་སོང་ནས་ཡོངས་སུ་རྒྱུག་པ་ན། དེ་གལ་ཏེ་དགེ་འདུན་གྱིའམ་དགེ་འདུན་ གྱི་གཙུག་ལག་ཁང་དུ་ཚེས་གཅིག་ལ་གནོད་སྦྱིན་ལ་བྱིན་པའི་རྙེད་པ་འཐོབ་ཅིང་དགེ་འདུན་གྱི་གནས་བརྟན་ནམ། གཞན་གྱིས་ཆོས་ཀྱི་སྦྱིན་པ་བྱིན་པས་མངོན་པར་མགུ་བར་འགྱུར་ལ་དེ་དེས་ཤིན་ཏུ་ཚིམ་པར་འགྱུར། དེས་སྲོག་འཚོ་བ་འཐོབ་པར་འགྱུར། དེས་འཚོ་བ་རྙེད་པར་འགྱུར་ཏེ། 68-1-292b ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡི་དགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར། དེ་དེ་ལས་ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་ལ་སྤྱོད་པ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་བྱས་པ་འཁོར་བ་ན་ཚེ་སྣ་ཚོགས་མྱོང་བར་འགྱུར། དེ་གལ་ ཏེ་བརྒྱ་ལ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་གཟུགས་བྲམ་ཟེ་ལྟ་བུ་ཡིན་ཞིང་ལྷ་རྟེན་གྱི་དྲུང་དུ་ཕྱུགས་གསོད་པ་བྱེད་དམ་ཟ་བར་བྱེད། སྲོག་འཚོ་བ་གཞན་ལ་རྟག་ཏུ་རག་ལས་ཤིང་དེས་སྲོག་འཚོ་བ་ཐོབ་པར་འགྱུར། དེ་ནས་ཡང་དེ་ཉེས་པར་བྱས་པ་རྗེས་སུ་འབྲེལ་བས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་ རྟེན་ན། ཡི་དགས་ཆུ་འཐུང་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་མི་རིགས་པར་ཆགས་པའི་ཟིལ་གྱིས་ནོན་པའི་སེམས་ཅན་ཆང་འཚོང་བ་གང་གིས་ཁྱིམ་ན་ཆང་ ཡོད་པ་དང ། སྦྱར་བའི་ཆང་དང ། བུ་རམ་གྱི་ཆང་འཚོང་བར་བྱེད་པ་སེར་སྣ་དང་ཕྲག་དོག་གིས་མངོན་པར་ཉམས་པ་དེ་ཆང་དེ་དག་ཆུས་བསླད་དེ་ཆང་བཏུང་བ་ཕ་རོལ་པོ་དེ་དག་ལ་འདྲིད་པར་བྱེད། རྣམ་པར་འཚེ་བར་བྱེད་ཅིང་དེས་སྦྱིན་པ་དག་མ་བྱིན། བསོད་ནམས་དག་ མི་བྱེད། ཚུལ་ཁྲིམས་མངོན་པར་མི་སྲུང ། ཆོས་མི་ཉན། ཆོས་མི་སྤྱོད། གཞན་དག་ཀྱང་མི་རིགས་པར་ཆགས་པ་དེ་ལ་འཇོག་ཅིང་རྗེས་སུ་དགའ་བར་བྱེད་ལ་ལས་དང་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་དང་བཅས་པས་བྱེད་ན། དེ་ཉེས་པར་བྱས་པ་དེས་ ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཆུ་འཐུང་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལུས་རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པ་དེ་ཡུལ་ཆུ་མེད་པའི་རི་བྲགས་དང་འབྲོག་དང་དགོན་པ་ཆེན་པོ་རྣམས་སུ་ཡོངས་སུ་འཁྱམ་མོ། །མདོག་བུང་བ་དང་སོལ་བ་འདྲ་ 68-1-293a ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་སྲ་ལ་རྩུབ་སྟེ་ཤིན་ཏུ་རྡོལ་བ་དང ། དེའི་ལུས་འབར་བས་འཁྲིགས་ཤིང་ཁ་གདོང་སྐྲ་རིང་པོ་རྣམས་ཀྱིས་མུན་པར་ཁེབས་ཏེ་རྟག་ཏུ་བཀྲེས་པ་དང་སྐོམ་པ་ལས་བྱུང་བའི་མེས་གདུངས་པ་ན་གལ་ཏེ་རེས་འགའ་བརྒྱ་ལ་ཆུ་ དང་ཉེ་བར་གྱུར་པ་དེའི་ཚེ་ཆུ་རྒལ་བ་གང་འབོགས་པ་ན། རྐང་པའི་ཆུའི་ཟེར་མ་འབྱུང་བ་དང ། ཆོས་སྤྱོད་པ་གང་དག་ཆུ་འགྲམ་དུ་ལག་པ་དག་གིས་ཆུ་འཐོར་ཞིང་གང་སྐོམ་པ་དེ་དག་ལ་སྦྱིན་ནོ་ཞེས་སྨྲ་བ་དེ་དག་གིས་དེ་སྲོག་འཚོ་བ་འཐོབ་པར་འགྱུར་རོ། །གལ་ཏེ་མ་བྱིན་པར་ འདོད་ནས་དེ་ཆུ་འགྲམ་དུ་འདུག་སྟེ། བཏུང་བ་འཐུང་བ་དང ། ཆུའི་རྒྱུན་དེ་སྲུང་བའི་ཡི་དགས་རྣམས་ཀྱིས་མངོན་པར་འཚེ་བར་བྱེད་ཅིང་ལུས་ཀྱང་ཀུན་ནས་གཟེ་གཟེ་བཏོག་བཏོག་པ་ལྟ་བུར་བྱེད་དོ། །སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དེ་ནས་ཡང་ངུ་སྐད་འབྱིན། སྨྲེ་སྔགས་ འདོན་ཅིང་ཡོངས་སུ་རྒྱུག་གོ། །ཉེས་པར་བྱས་པའི་ལས་ཀྱིས་བསླུ་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་སྡུག་བསྔལ་དེ་མྱོང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ནས་ཐར་ བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་རླུང་ལྟ་བུས་འཁྱམ་པ་ན་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཆུ་དང ། ལྟེང་ཀ་དང ། ནགས་ཚལ་དང་བྲལ་བ། རི་བྲགས་དང ། འབྲོག་དང ། གྲོང་ངན་པར་སྐྱེ་བར་འགྱུར། རྟག་ཏུ་ཁྲོན་པའི་ཆུ་ལ་འཐུང་བར་འགྱུར། མཁྲིས་པའི་ནད་ཀྱིས་ཀྱང་འདེབས་པར་འགྱུར། ཉིན་མཚན་དུ་སྐོམ་མེད་པས་གནོད་པར་འགྱུར་བ་མཐོང་ངོ ། །དེ་ ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་ཀུན་སྟོན་ཅེས་བྱ་བ་མཐོང་ངོ ། །དེ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་ 68-1-293b པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་ངན་པ་ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་ཅིང་མི་རིགས་པར་ཆགས་པ་ལ་བརྐམ་པ་གང་གིས་མཁས་པ་དབུལ་པོའི་འཚོ་བ་ཚེགས་ཆེན་པོས་བསྒྲུབས་པ་དག་ལ་རིན་ཐང་སྟེང་དུ་མ་བབ་པའི་རིན་མི་འདྲ་བ་ཟང་ཟིང་ཞིག་བྱིན་ལ་དེ་རྟག་ ཏུ་དེ་ལ་དགའ་ཞིང་སླུ་བར་བྱེད་དེ། གཞན་དག་ཀྱང་ལས་ངན་པར་བྱེད་པ་དེ་ཉིད་ལ་འགོད་པར་བྱེད་ཅིང་འཇོག་པར་བྱེད་ལ་སྦྱིན་པ་དག་ནི་མི་གཏོང་ངོ ། །བསོད་ནམས་ཀྱང་མི་བྱེད། ཚུལ་ཁྲིམས་ལ་མི་གནས། དད་པས་ཉེ་བར་འགྲོ་བར་མི་བྱེད། ཆོས་དང་འཐུན་པའི་ ཆོས་མི་སྤྱོད། དྲང་པོ་དང་དུལ་བར་མི་བྱེད། དགེ་བའི་བཤེས་གཉེན་གྱི་ངང་ཚུལ་ཅན་དུ་མི་བྱེད་ཅིང་ཡང་དང་ཡང་ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་པར་གྱུར་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བའི་ཡི་དགས་ཀུན་སྟོན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ལ་འཇིག་རྟེན་པ་དེ་དག་ཕ་ཞེས་བརྗོད་དོ། །དེ་རྟག་ཏུ་ལུས་བཀྲེས་པ་དང ། སྐོམ་པས་གདུངས་ཤིང་ལུས་ཚལ་ཤིང་བསྲེགས་པ་འདྲ་ལ་དགའ་བ་མེད་པས་ཉམས་པར་འགྱུར། མཆི་མས་གདོང་ཡོག་ཅིང་རྐང་པ་དང་ལག་པ་ཤིན་ཏུ་རྡོལ་ལ། སྐྲས་ཁ་གདོང་མུན་ པ་ལྟར་ཁེབས་པ། ལྟོའི་མདོག་སྤྲིན་ནག་པོ་འདྲ་ཞིང་ངུ་སྐད་འབྱིན། སྨྲེ་སྔགས་འདོན་པ་ན་འདི་ལྟར་སྨྲེ་སྔགས་ཡོངས་སུ་འདོན་ཏེ། མ་བྱིན་པས་ལྟ་ག་ལ་འཐོབ། །མ་བཏབ་འབྲས་བུ་ག་ལ་འབྱུང ། །སྒྲོན་མ་མེད་ན་འོད་མེད་ལྟར། །མ་བྱིན་བདེ་བ་ག་ལ་ཡོད། ། ཇི་ལྟར་ལུས་ཅན་ལོང་བ་ཡི། །མིག་གིས་ལྟ་བར་ནུས་མེད་ལྟར། །སྦྱིན་དང་བྲལ་བ་དེ་འདྲ་སྟེ། །ཡི་དགས་བདེ་བ་མི་རྙེད་དོ། །ཡི་དགས་འཇིག་རྟེན་ཡི་དགས་གང ། །དེ་བཞིན་ནོར་མེད་འཇིགས་གསུམ་དུ། །ཤིན་ཏུ་མི་དགའ་འཁྱམ་བྱེད་པ། །དེ་ནི་སེར་སྣའི་ འབྲས་བུ་ཡིན། །རང་གི་ལས་འབྲས་ཟ་བ་ཡི། །སྲོག་ཆགས་ལས་ལ་ལོངས་སྤྱོད་པ། །མ་བྱིན་ཅི་ཡང་མིས་ཐོབ་སྟེ། །བྱས་པ་ཆུད་ནི་ཟ་བ་མེད། །ཡི་དགས་འཇིག་རྟེན་གནས་པ་དག་།ངན་བྱས་རྣམས་ཀྱིས་བདག་ཅག་བསྲེགས། །བཀྲེས་དང་སྐོམ་ལས་བྱུང་བ་ཡི། །མེ་ཡིས་འདིར་ 68-1-294a ནི་ཡོངས་སུ་སྤྱད། །བདག་ཅག་རྣམས་ནི་སྐོམ་པ་ལས། །ནམ་བྲལ་བདེ་བ་འབྱུང་བར་འགྱུར། །ཡོངས་སུ་གདུང་ལས་བདག་ཅག་རྣམས། །ནམ་ན་ཡོངས་སུ་ཐར་བར་འགྱུར། །ལམ་དང་ལམ་མིན་མི་ཤེས་ཤིང ། །ལས་ཀྱི་འབྲས་བུ་དག་མི་ཤེས། །བཀྲེས་དང་སྐོམ་ ལས་བྱུང་བའི་མེ། །ཚ་བ་འབྱུང་བ་མ་ཤེས་སོ། །བཞིན་ནི་སྐྲ་ཡིས་མུན་ལྟར་ཁེབས། །རེ་བ་མེད་ཅིང་སྲོག་རྣམས་བཏང ། །པགས་པ་རྒྱུས་པའི་དྲ་བས་སྦྲེལ། །བདག་འཚོ་ཀྱི་ཧུད་སྡུག་བསྔལ་ལོ། །དགོན་པར་ཆུད་པའི་ལུས་ཅན་རྣམས། །ཐམས་ཅད་དུ་ཡང་སྡུག་བསྔལ་ཏེ། །འདིར་ནི་ སྐྱོབ་པ་གང་ཡང་མེད། །བདག་ཅག་སྡུག་བསྔལ་ཞུགས་པར་གྱུར། །དེ་ལྟར་ཡི་དགས་ཀུན་སྟོན་པར་བྱེད་པ་དེ་དག་ཀུན་ངུ་སྐད་འབྱིན། སྨྲེ་སྔགས་འདོན་ཅིང་ཐམས་ཅད་ཡོངས་སུ་འཁྱམ་མོ། །དེ་དག་གལ་ཏེ་ཡང་ཡོངས་སུ་རྒྱུག་པ་ན། དགེ་སློང་དེས་མཐོང་ནས་སེམས་པར་བྱེད་དེ། ཀྱེ་ ེ་མ་ཁྱད་པར་དུ་འདོད་པའི་ཁམས་ཀྱི་འཁོར་བ་རབ་ཏུ་འབར་རོ་སྙམ་མོ། །དེ་ལྟར་ཡོངས་སུ་རྒྱུག་པ་དེ་དག་ལ་གལ་ཏེ་དད་པ་ཅན་ཞིག་གིས་ཀྱང་བྱིན་ལ། དེ་རིགས་དེར་སྐྱེས་པ་ཞིག་ཀྱང་ཡིན་ན་དེ་འབྱུང་བར་འགྱུར་ཏེ། དེ་དེ་ལས་སྲོག་གི་འཚོ་བ་འཐོབ་པར་འགྱུར་ཞིང་སྐྱོབ་པ་དེ་ཡིན་ལ་སྐྱབས་ དེ་ཡིན་ཏེ་དེ་ལ་རྟེན་ཏོ། །དེ་ལྟར་དེ་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་རང་གི་ལས་རླུང་ལྟ་བུས་དེད་ པར་བྱེད་དོ། །དེ་དག་གལ་ཏེ་ཡང་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་རྫ་རྔ་རྡུང་བའམ། དྲིལ་སྒྲ་སྒྲོགས་པའམ། གཙུག་ལག་ཁང་གི་སྲུང་མར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་ སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་རྣམ་པར་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་མཆིལ་མ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ 68-1-294b ན། འདི་ལྟར་མི་ངན་པ་སྐྱེས་པའམ་བུད་མེད་ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་པ་དགེ་འདུན་ནམ་གཞན་མཁས་པའི་རྣམ་པ་དེ་ལྟ་བུ་དག་གི་ཁ་ཟས་ལྷག་མར་བྱས་ལ་དེ་འདི་ལྟར་ལྷག་མར་མ་བྱས་སོ་ཞེས་སྨྲས་ནས། དེ་དག་ཀྱང་ཡིད་ཆེས་པའི་དབང་གིས་ཁ་ཟས་མི་འདྲ་བ་དེ་ཟ་ བར་བྱེད་དོ། །མི་ངན་པ་དེ་ཡང་དང་ཡང་དུ་དེ་ལྟར་དེ་ཉིད་ལ་དགའ་བར་བྱེད་ཅིང་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་ལ་སྦྱིན་དག་གཏོང་བར་མི་བྱེད། ཚུལ་ཁྲིམས་ལ་མི་གནས། མཁས་པ་ལ་མི་རྟེན། ཆོས་དང་འཐུན་པར་མི་སྤྱོད། ཡང་དང་ཡང་དུ་ཁ་ཟས་ལྷག་ མར་བྱེད་པའི་ལས་དེ་ཉིད་ལ་མངོན་པར་དགའ་བར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་མཆིལ་མ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ལུས་བཀྲེས་པ་དང་སྐོམ་པས་གདུངས་པའི་མཆིལ་མ་བོར་བ་ལྗན་ལྗིན་ནམ་རྩིག་པ་ལ་རེག་ པའམ་ས་ལ་བོར་བ་དེ་ཁམ་གྱིས་ཟ་བར་བྱེད་དེ། དེས་སྲོག་འཚོ་བ་འཐོབ་པར་འགྱུར་ཞིང་དེའི་ཕྱི་བཞིན་འབྲང་ལ་སྐྱབས་དེ་ཡིན་ཟས་དེ་ཡིན་ཏེ། ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་འབྱུང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་དབུལ་ཞིང་ནད་བུ་ཅན་ལ་སྣ་རུལ་བར་འགྱུར། རྟག་ཏུ་དགེ་འདུན་གྱི་ནང་ན་ལྗན་ལྗིན་ འཕྱག་པར་འགྱུར། ལས་ཀྱི་འཚོ་བ་དང་ལྷག་མ་ཟ་བར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཅུ་དགུ་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཉེས་པར་བྱས་པ་སྤྱོད་པ། བཀྲེས་སྐོམ་ཆུང་ཞིང་ལུས་གོས་མེད་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། དེས་གནོད་སེམས་ཀྱི་ཕྱིར་ 68-1-295a ནི་མ་ཡིན་གྱི། གཙང་བ་འདོད་པའི་ཕྱིར་སངས་རྒྱས་ལ་ཕྲེང་བ་ཕུལ་བ་རྐུ་བ་དང ། དེ་བཞིན་དུ་བླ་མ་དག་གི་ཕྲེང་བ་ཡང་རྐུ་བར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཕྲེང་བ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ།དེ་མཆོད་རྟེན་ ནམ་གནོད་སྦྱིན་གྱི་གནས་སུ་སྐྱེ་བར་འགྱུར་ཞིང་དེ་མཐུ་ཆེ་བ་དང་དབང་ཆེ་བར་ཡང་འགྱུར་རོ། །དེ་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་རྨི་ལམ་དག་སྟོན་པར་ནུས་སོ། །གལ་ཏེ་མི་གང་ལ་རང་བཞིན་གྱི་མི་དགེ་བ་ཞིག་བྱུང་ལ་ཡི་དགས་དེ་ལ་ཁ་ཟེར་ན། དེ་གཞི་དེས་མི་དེ་ལ་ འཚེ་བར་བྱེད་པ་དང ། འཇིག་རྟེན་པ་དེ་དག་གནོད་སྦྱིན་འདི་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཞིག་གོ་ཞེས་བརྗོད་དོ། །དེ་ཕྲེང་བ་མང་པོ་ཐོབ་སྟེ། དེ་དེས་ཤིན་ཏུ་ཚིམ་པར་འགྱུར་ཞིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་པར་ཡང་མི་འགྱུར། འཇིག་རྟེན་གྱིས་ཀྱང་མངོན་པར་བསྟོད་པར་ འགྱུར་ཏེ། དེ་དེས་རྟག་ཏུ་རབ་ཏུ་དགའ་བར་འགྱུར་རོ། །དེར་ཡི་དགས་ཕྲེང་བ་ཟ་བ་དེ་སྲིད་དུ་སྡིག་པའི་ལས་སྡིག་པ་ཆུང་བ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ ལས་དེ་དང་རྒྱུ་འཐུན་པར་བྱས་པ་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དེ་ལ་སྤྱོད་ཅིང་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ཕྲེང་བ་མཁན་དུ་འགྱུར་ཏེ་མུ་དང་མཐའ་དང ། མཇུག་དེས་དེའི་འཚོ་བ་ཉེ་བར་འགྲུབ་པ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་ཁྲག་ཟ་བ་ཞེས་བྱ་བ་ཁྲག་གིས་སྲོག་འཚོ་བར་བྱེད་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་ དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་གང་ལ་ལ་དེའི་ལུས་བརྟན་པར་བྱ་བའི་ཕྱིར་ཤའི་ཁྲག་འཐུང་ལ་དེ་ལ་དགའ་ཞིང་གཏུམ་པ་དང ། ཕྲག་དོག་དང་སེར་སྣས་མངོན་པར་ཉམས་པ། བུ་དང་ཆུང་མ་ལ་སླུ་བར་བྱེད་ཅིང་ 68-1-295b སྲོག་གཅོད་པར་བྱེད་ན་ཁྲག་ལ་འཆུམས་པའི་ངང་ཚུལ་ཅན་ཏེ། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཁྲག་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ལས་དེ་ཉིད་ཀྱིས་བསྐྱེད་པའི་ཡུལ་དུ་སྐྱེ་བར་འགྱུར་ལ་དེ་ལ་མི་དག་འདི་ནི་གནོད་སྦྱིན་ཞིག་ ཡིན་ནོ་ཞེས་རྗོད་དེ། དེ་ལ་མཆོད་པ་ཡང་བྱེད་དོ། །དེ་ལ་ཀུན་ནས་བསྐོར་ནས་ཁྲག་གི་གཏོར་མས་ཀྱང་མཆོད་པར་བྱེད་དེ། དེ་ཕྱིར་ཞིང་ཁྲག་འཐུང་བས་མྱོས་ནས་མི་དག་ལ་གནོད་པ་བྱེད་དོ། །དེ་ལ་མི་དག་ཡང་དང་ཡང་གནོད་སྦྱིན་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡིན་ནོ་ ཞེས་རྗོད་དེ། དེ་ལྟར་དེ་གཅིག་ནས་གཅིག་ཏུ་རྗོད་པར་བྱེད་དོ། །ཚེ་ཡང་སྔ་མ་བཞིན་ཏེ། དེ་ལྟར་དེ་ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ལྟར་ཡི་དགས་རྫུ་འཕྲུལ་ཆེ་བ་དེ་ཉིད་བྱེད་དོ། །དེ་དེ་ལས་ཐར་ན་ལས་དེ་དང་རྒྱུ་འཐུན་པར་རང་གི་ ལས་ལ་སྤྱོད་པ་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་པའམ་བུད་མེད་དུ་སྐྱེས་ན་མི་དེ་མཁའ་འགྲོ་མའམ་མཁའ་འགྲོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་ པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་ཤ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། སེར་སྣ་ལ་ཆགས་པའི་ཟིལ་གྱིས་ནོན་པ་གང་གིས་བ་ལང་ངམ། རྟའམ། རི་དགས་སམ། ཕག་གམ། ལུག་ཤི་བའི་ཤ་རིན་ཐང་ངམ། སྲང་ལ་གཡོ་བྱས་ནས་རིན་ཆེན་པོར་བཙོངས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཤ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ རོ། །དེ་བཞི་མདོ་དོ་དང ། སུམ་མདོ་དང ། ཚོང་འདུས་དང ། ལམ་གྱི་བཞི་མདོ་དང ། སྲང་དང ། གྲོང་ཁྱེར་དང ། གཙུག་ལག་ཁང་གི་གནས་རྣམས་ཀྱི་གནོད་སྦྱིན་དུ་སྐྱེ་བར་འགྱུར་ཏེ། ངོ་བོ་ཉིད་གཏུམ་ལ་གྱུར་པ་ཤེས་སོ། །ཡི་དགས་རྫུ་འཕྲུལ་ཆེ་བ་མི་དགེ་བའི་ལས་ཤིན་ཏུ་མི་བཟད་པ་ 68-1-296a ཡང་མ་ཡིན་ལ། དེ་སྦྱིན་པ་ཚེར་མ་ལྟ་བུ་ཡང་བྱིན་ཏེ། རྒྱུ་དེས་རྫུ་འཕྲུལ་ཆེ་བ་ཉིད་དུ་འགྱུར་རོ། །དེ་ལ་མི་ཕལ་པ་དག་མ་ཧེ་དང ། རི་དགས་དང ། སྦྲུལ་དང ། ལུག་ལ་སོགས་པ་དག་སྲོག་བཅད་ནས་ཤས་ཤིན་ཏུ་ཚིམ་པར་བྱེད་དོ། །དེ་ལྟར་དེ་ཉེས་པར་བྱས་པའི་ ངོ་བོ་ཉིད་ཀྱིས་ཇི་སྲིད་དུ་མི་དགེ་བའི་ལས་ཕྲག་དོག་བྱས་པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་འབྱུང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ཉེ་བར་འགྲོ་བ་དང ། ལས་སོ་སོར་ འབྲང་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །གལ་ཏེ་བརྒྱ་ལ་ལས་ལེགས་པར་བྱས་པ་དེས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ཤ་ཟ་བ་ཤེན་པ་ཕལ་པའམ་དུམ་བུར་བྱེད་པའི་མིར་འགྱུར་བ་མཐོང་ངོ ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་བདུག་པ་ཟ་བ་ཞེས་བྱ་བ་དེ་ཐོབ་པས་དེས་སྲོག་འཚོ་བ་འཐོབ་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་ བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ལྷུས་ཆེར་སེར་སྣས་ཟིལ་གྱིས་ནོན་ཅིང་ལས་ཀྱི་འབྲས་བུ་མངོན་པར་མི་ཤེས་པ། སངས་རྒྱས་ཞེས་བྱ་བ་འདི་ཞིང་མ་ཡིན་ནོ་སྙམ་ནས་ཞིང་དུ་མངོན་པར་མ་ཤེས་པ་གང་གིས་བདུག་སྤོས་བཟང་པོ་ བཞག་ལ་བདུག་སྤོས་ངན་པ་ཁྱེར་ཏེ། སེམས་དང་བ་མེད་ཅིང་དད་པ་མེད་པར་གྱུར་པ། ལས་ཀྱི་འབྲས་བུ་ཡང་དག་པར་མྱོང་བར་འདོད་པ། གཞན་གྱི་ངོར་འདི་ལྟར་བདུག་སྤོས་ཕུལ་བས་བདག་གི་ལས་ཀྱི་འབྲས་བུར་འགྱུར་སྙམ་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ ཡི་དགས་རྫུ་འཕྲུལ་ཆེ་བ་མེ་ཏོག་ཕྲེང་བ་དང ། ཕྱེ་མ་དང ། བྱུག་པ་དང ། སྤོས་དང ། རོལ་མོའི་སྒྲ་ལ་རབ་ཏུ་དགའ་ཞིང་བདུག་པ་ཟ་བའི་གནོད་སྦྱིན་དུ་འགྱུར་ཏེ། གནོད་སྦྱིན་གྱི་གནས་སུམ་མདོ་དང ། བཞི་མདོའམ། ལམ་པོ་ཆེའམ། སྲང་ངམ། གཙུག་ལག་ཁང་ངམ། ཀུན་དགའ་ 68-1-296b ར་བའམ། སྐྱེད་མོས་ཚལ་ལམ། ཁྱིམ་མམ། མཁར་རམ། པུ་ཤུ་དག་ཏུ་ཨ་ག་རུ་ནག་པོའི་བདུག་སྤོས་ཀྱིས་མྱོས་པར་འགྱུར་ཞིང ། སྐྱེ་བོ་ཀུན་གྱིས་ཕྱག་བྱས་པར་འགྱུར་བ་ནི་སེམས་དང་རྫས་ཀྱི་ཡོན་གྱིས་མ་ཡིན་གྱི་ཞིང་བཟང་པོའི་ཡོན་ཡིན་ཏེ། སངས་རྒྱས་དང ། ཆོས་ དང ། དགེ་འདུན་ལ་ཆུང་ངུ་ཞིག་ཕུལ་ན་ཡང་འབྲས་བུ་ཆེན་པོར་འགྱུར་རོ། །དཔེར་ན་གང་གི་ཚེ་ཤིང་ནྱ་གྲོ་དྷའི་ས་བོན་ཆུང་ངུ་ཞིང་གཤིན་པ་ལ་བཏབ་པ་དེའི་ཚེ་ཤིང་ལྗོན་པ་ཡལ་ག་བཟང་ཞིང་ལོ་མའི་ཚོགས་ཆེན་པོར་འགྱུར་རོ། །དེ་བཞིན་དུ་དེ་ཞིང་བཟང་པོ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཕུལ་བའི་འབྲས་བུ་ཡང་ཞིང་གི་ཡོན་ཏན་དང་མཐུས་ཆེན་པོར་འགྱུར་རོ། །དེ་ལྟར་ཡི་དགས་རྫུ་འཕྲུལ་ཆེ་བ་དེ་བདེ་བ་ཉམས་སུ་མྱོང་སྟེ་ལས་ཟད་ནས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་ དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་དེ་དབུལ་བའི་རིགས་སུ་སྐྱེ་ཞིང་རྟག་ཏུ་མེ་ཏོག་ཕྲེང་བ་དང ། ཕྱེ་མ་དང ། བྱུག་པས་ལུས་བྱུགས་ཏེ་ལུས་ ཤིན་ཏུ་དྲི་ཞིམ་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ཡི་དགས་དྲག་ཤུལ་སྤྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་ངན་པ་སེར་སྣས་ཟིལ་གྱིས་ནོན་ཅིང་དགེ་སྦྱོང་གི་ཚུལ་འཛིན་པ་ཚུལ་ཁྲིམས་འཆལ་པ་གང་གིས་དགེ་སྦྱོང་གཞན་ལ་ཐ་སྙད་བཏགས་ནས་འདི་ལྟར་དགེ་སྦྱོང་ཞིག་ཤིན་ཏུ་ནད་མི་བཟད་པས་ཐེབས་ ཏེ་དེ་སྦྱིན་བདག་ཁྱོད་ཀྱིས་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་དག་བྱིན་ཅིག་ཅེས་སྨྲས་ནས། དེ་བླངས་ཏེ་བདག་ཉིད་ཟ་བར་བྱེད་དེ་ཟླ་དེས་ངན་གཡོ་བྱེད་པར་གྱུར་ནས་ཚུལ་སྣ་ཚོགས་བཟུང་སྟེ་ཡུལ་ནས་ཡུལ་དུ་རྒྱུག་ཅིང་སྦྱིན་བདག་རྣམས་ལ་སླུ་བར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ 68-1-297a ལོག་པར་ལྟུང་བ་ཡི་དགས་དྲག་ཤུལ་སྤྱོད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཁ་ཟས་ལྗན་ལྗིན་མི་གཙང་བ་ཟ་བར་འགྱུར། རྟག་ཏུ་ལུས་བཀྲེས་པ་དང་སྐོམ་པས་གདུངས་པར་འགྱུར། མི་གང་མི་གཙང་བ་དེ་ལ་བརྙས་པར་བྱེད་ཅིང་དེ་ལྟར་ང་རྒྱལ་མེད་ པར་བྱེད། གླགས་མཐོང་བ་ཉིད་ཀྱིས་གཞན་དག་གི་རྨི་ལམ་དུ་འཇིགས་པ་སྟོན་པར་བྱེད་ཅིང་དུར་ཁྲོད་རྣམས་སུ་དགའ་བར་བྱེད། ལུས་དང་སྤུ་ཐམས་ཅད་རབ་ཏུ་འབར་ལ་ཡུལ་འཇིག་པའི་ཚེ་རབ་ཏུ་དགའ་བར་འགྱུར། དྲག་ཤུལ་དུ་སྤྱོད་པའི་རིག་སྔགས་དག་གིས་གཞན་དག་དྲངས་ ནས་རྣམ་པར་འཚེ་བར་བྱེད། ཡུད་ཙམ་ཅིག་གིས་དཔག་ཚད་བརྒྱ་ཕྲག་སྟོང་ནས་ཀྱང་དྲངས་ཏེ་འོང་བར་བྱེད་དོ། །དེ་ལྟར་དྲག་ཤུལ་སྤྱོད་པའི་ཡི་དགས་དེ་གནོད་སྦྱིན་གྱི་མིང་ཐོབ་སྟེ། དེ་ལ་སྐྱེ་བོ་ཕལ་པ་དག་གནོད་སྦྱིན་འདི་ནི་རྫུ་འཕྲུལ་ཆེ་ཞིང་གནོད་སྦྱིན་མཐུ་ཆེ་བ་ཡིན་ནོ་སྙམ་ནས་མཆོད་ པ་བྱེད་དོ། །དེ་ལྟར་དེ་སྐྱེ་བོ་རྣམ་པ་སྣ་ཚོགས་ལ་གནོད་པ་བྱེད་ཅིང་རྣམ་པར་འཚེ་བ་ན་ཇི་སྲིད་དུ་ཚེ་མ་ཟད་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་དེ་ལས་འཆི་བར་འགྱུར་ཏེ་ཤི་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་ལ་སྤྱོད་པ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་བརྒྱ་ལ་ མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་འབྱུང་པོ་མི་བཟད་པ་གནོད་སྦྱིན་མོ་སྐྱོང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་ རྟེན་ན་ཡི་དགས་གླགས་ལྟ་བ་ཞེས་བྱ་བ་རང་གི་ངོ་བོ་ཉིད་ཀྱིས་ཀྱང་གླགས་ལྟ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་པས་གཞན་གྱི་ནོར་རྫས་ལ་ གཡོ་ཐབས་དང་ངན་གཡོ་དང ། སླུ་བ་དང་འཁུ་བ་བྱས་ཤིང་གྲོང་དང ། གྲོང་ཁྱེར་དང ། ཚོང་འདུས་པ་ལ་བྲིད་དེ་གླགས་རྙེད་པ་དང ། ཕ་རོལ་འཇིག་པར་བྱེད་ཅིང་སྦྱིན་པ་དག་མི་གཏོང ། བསོད་ནམས་ཀྱང་མི་བྱེད། མཁས་པ་ལ་ལྷུར་མི་ལྟ། རྟག་ཏུ་སེར་སྣས་ཟིལ་གྱིས་ནོན་ཅིང་ 68-1-297b གཞན་ལ་འཁུ་བའི་བསམ་པས་གཞན་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་གཞན་དུ་སེམས། བཤེས་གྲོགས་དང ། གཉེན་འདབ་དང ། རྩ་ལག་དང་མི་འཐུན་ཞིང་ཡུལ་ལ་ཞེ་འགྲས་པ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་ པར་ལྟུང་བ་ཡི་དགས་གླགས་ལྟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལུས་དང་སྤུ་རྟག་ཏུ་རབ་ཏུ་འབར་ཞིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་ལ། ལུས་ཤིང་ལྗོན་པ་ཀིང་ཤུ་ཀ་འདྲ་བ་ངུ་སྐད་འབྱིན་སྨྲེ་སྔགས་འདོན་ཅིང་ས་ཕྱོགས་གང་ན་ཆུ་ཡོད་ཅིག་གུ། གཞན་གང་ན་བདག་ གིས་བཟའ་བའི་ཁ་ཟས་ཀྱི་རྣམ་པ་ཅུང་ཟད་ཡོད་ཅིག་གུ་སྙམ་ནས་རྒྱུག་པར་བྱེད་དོ། །དེ་རེས་འགའ་གལ་ཏེ་མི་བློ་ཞན་པ་ཞིག་དང་ཕྲད་ལ། མི་དེ་མཆོད་རྟེན་སྐོར་བར་མི་བྱེད་པ་དང ། དེའི་ཕྱི་བཞིན་དུ་འབྲང་བའི་ལྷ་དེས་གཏོང་བར་འགྱུར་ལ། དེའི་ཚེ་མི་དེའི་ཕྱི་བཞིན་འབྲང་བའི་ལྷ་ དང་བྲལ་བར་འགྱུར་ཏེ་ཡི་དགས་གླགས་ལྟ་བ་དེས་གླགས་རྙེད་ནས་རྣམ་པར་འཚེ་བར་བྱེད་ཅིང་དེ་བཟུང་ནས་དེའི་ཚེ་སྲོག་འཚོ་བར་བྱེད་དོ། །དེ་བཞིན་དུ་མི་གཞན་གང་དག་བུད་མེད་དང་ཕྲད་པ་བཙོག་གི་ཉེས་པའམ་ཁ་ཟས་དང་བཏུང་བ་ཟོས་པའི་ལྷག་མ་མི་གཙང་བའི་ཉེས་པ་མ་བཀྲུས་ན་ལྷ་ ཡང་རྣམ་པར་འཚེ་བར་བྱེད་ལ་ཡི་དགས་དེ་དེ་ཉིད་ཀྱིས་སྲོག་འཚོ་བ་འཐོབ་པར་འགྱུར་ཞིང་དེའི་མགོན་དེ་ཡིན་ལ་སྐྱབས་དེ་ཡིན་ཏེ། ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ་ ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ལ་སྤྱོད་པ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་རྒྱལ་པོ་དང ། ཆུ་དང ། ཆོམ་རྐུན་དང ། མེ་དང ། དགོན་པ་དག་གིས་མ་རུང་བར་བྱེད་ཅིང་རྟག་ཏུ་དབུལ་བ་དང་ནད་བུ་ཅན་ དང་དམན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་སའི་འོག་ན་གནས་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་ 68-1-298a དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་བློ་གྲོས་ངན་པ་སེར་སྣས་ཟིལ་གྱིས་ནོན་པའི་གཞི་གང་གི་བཙོན་ར་བྱ་བའི་ཕྱིར་ས་བརྐོས་པ་མུན་ནག་གི་ནང་དུ་སེམས་ཅན་བཅིངས་པ་གང་དག་ཕན་ཚུན་བལྟ་བར་ ཡང་མི་མཐོང་སྟེ། དེ་དག་ངུ་སྐད་འབྱིན་ཅིང་ཀུ་ཆོ་འདོན། སོ་སོ་ནས་མགོན་མེད་ལ་ཤིན་ཏུ་སྡུག་བསྔལ་བ་དག་མི་ངན་པ་གང་གིས་བཙོན་རར་འཇུག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་སའི་འོག་ན་གནས་པ་ས་གཞི་མུན་པ་མུན་གནག་གི་ནང་ དུ་འབྱུང་བར་འགྱུར་ཏེ། དེ་ལུས་ཀྱི་ཚད་དཔག་ཚད་གསུམ་ཡོད་ལ་ཀུན་ནས་སྦྲུལ་གདུག་པས་དཀྲིས་ཤིང་དེ་རླུང་གྲང་ལ་མི་འཐུན་པ་རྣམས་ཀྱིས་ཤིན་ཏུ་གནོད་པར་བྱེད། ལུས་སྤུ་ཅན་བཀྲེས་པ་དང་སྐོམ་པས་མཆོག་ཏུ་གདུངས་པས་ངུ་ལ་ལུས་སྐྲ་རིང་པོས་ཁེབས་པ། ཡང་དང་ཡང་ དུ་སྡུག་བསྔལ་རྣམ་པ་སྣ་ཚོགས་རྣམ་པ་དུ་མ་རྣམས་ཀྱིས་མངོན་པར་གདུངས་ཤིང་དགོན་པ་མི་བཟད་པར་ཞུགས། སྡུག་བསྔལ་དྲག་ཅིང་མི་བཟད་པ་མྱོང་བཞིན་དུ་ཡོངས་སུ་རྒྱུག་ལ། གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པ། རླུང་སྤུ་གྲི་ལྟ་བུས་བདས་པ་ན་ཇི་སྲིད་དུ་ཉེས་པར་བྱས་པའི་ ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་མྱོང་བར་འགྱུར་རོ། །དེ་ཕྱིས་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་ འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་རི་གསེབ་དང་རྒྱ་མཚོའི་རི་དང་ཉི་མ་དང་ཟླ་བ་མེད་པའི་ཡུལ་རྣམས་སུ་ལོང་བར་འགྱུར་ཞིང་སྲོག་འཚོ་བ་གཞན་དག་ལ་རག་ལས་པ་དང ། དབུལ་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་ པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་རང་བཞིན་གྱིས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ 68-1-298b ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་སེར་སྣས་ཉམས་པ་གང་གཡོ་ཐབས་དང་སྒྱུས་སམ། མཐུས་གཞན་གྱི་ནོར་ཕྲོགས་ཏེ། གཞན་དག་ལ་བྱིན་པ་དང ། སེམས་དང་ལྡན་པ་མ་ཡིན་ཞིང ། ཞིང་བཟང་པོ་མ་ཡིན་པ་ལ་སྦྱིན་པ་ཚེར་མ་ལྟ་བུ་དང་མཚུངས་པའི་སྦྱིན་པ་ འགྲན་པ་དང ། དབང་མེད་པ་དང ། སྦ་བ་དང ། སྤོགས་དང ། ངོ་ཆེན་དང ། སྟེན་སྟེན་པ་དང ། སླར་རེ་བ་ལ་སོགས་པའི་སྦྱིན་པ་ཚེར་མ་ལྟ་བུ་དང་མཚུངས་པ་དག་བྱིན་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་མཐུ་བོ་ཆེར་འགྱུར་རོ། །དེ་དེར་སྐྱེས་ནས་ཡི་དགས་ལུས་ བཀྲེས་པ་དང་སྐོམ་པས་གདུངས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། འབྲོག་དགོན་པའམ། རི་ཟད་ཟེད་ཀྱི་གསེབ་བ་བམ། རྒྱ་མཚོའི་མཐའི་གླིང་དག་ཏུ་ཡི་དགས་རྫུ་འཕྲུལ་ཆེན་པོར་འགྱུར་ཏེ། བདག་གཅིག་པུ་མཆོག་ཏུ་བདེ་བར་འགྱུར་རོ། །གཞན་ལུས་ཚལ་ཤིང་བསྲེགས་པ་ལྟ་བུ་ དང ། ལུས་བཀྲེས་པ་དང་སྐོམ་པས་གདུངས་ཤིང་ལུས་གདུངས་པ་བཀྲེན་པའི་མིག་གིས་ལྟ་བ་རྣམས་ཀྱིས་མངོན་པར་བསྐོར་བ་བདག་གཅིག་པུ་མཆོག་ཏུ་བདེ་བར་འགྱུར་ཏེ། སྦྱིན་པ་ངན་པ་དེའི་འབྲས་བུ་བདག་གཅིག་པུ་ཉེ་བར་སྤྱོད་དོ། །ཤིན་ཏུ་སྡུག་བསྔལ་བས་འཁྲིགས་ཤིང་ཡོངས་ སུ་བསྐོར་བ་གང་གི་ཚེ་ལས་དེ་ཟད་པར་གྱུར་པ་དེའི་ཚེ་དེ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་འཁོར་བ་ན་འགྲོ་བ་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །དེ་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་ རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་ལོ་ཉེས་བྱུང་བའི་ཡུལ་དག་ཏུ་རྒྱལ་པོའམ་རྒྱལ་ཕྲན་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་ རྟེན་ན། ཡི་དགས་མཚན་མོ་ལུས་རབ་ཏུ་འབར་བ་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་ཀྱང་མཚན་མོ་རབ་ཏུ་འབར་ཏེ་ངུ་བཞིན་དུ་གྲོང་གི་འདབ་དང ། གྲོང་ཁྱེར་གྱི་འདབ་དང ། ཚོང་འདུས་ཀྱི་འདབ་དང ། རིའི་གནས་རྣམས་སུ་རྒྱུག་པ། ཤིང་ལྗོན་པ་རབ་ཏུ་འབར་བ་འདྲ་ཞིང་ལུས་བཀྲེས་པ་དང ། སྐོམ་པས་ 68-1-299a གདུངས་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཇི་ལྟར་ཕྲག་དོག་གིས་ཟིལ་གྱིས་ནོན་པ་གང་ཕ་རོལ་ལ་གནོད་པར་བྱེད་པ་གཡོ་ཐབས་དང་སྒྱུ་བྱེད་པ། ཡུལ་མ་རུང་བར་བྱེད་པ། ལྗོངས་འཇིག་པར་བྱེད་པ། མི་གསོད་པ། གཉེན་འདབ་དང ། བཤེས་གྲོགས་དང ། རྩ་ལག་འཇིག་པར་བྱེད་པ། དེ་དག་བཤིག་ནས་ཀྱང་རྒྱལ་པོའམ། བློན་པོ་ལ་འབུལ་བར་བྱེད་དེ། དེ་ལས་ཡང་ཐབས་ཐོབ་ནས་དེ་ནས་ཡང་སྡིག་པ་བྱེད་པའི་མི་ཡུལ་དེ་དག་ཉིད་སྔ་མ་བཞིན་དུ་ འཇིག་པར་བྱེད་ལ་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཐོས་པ་དང་བྲལ་བ་དང ། མཁས་པ་ལ་སྡང་བར་བྱེད་ཅིང་གནོད་པར་བྱེད་པ་དེ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་མཚན་མོ་ལུས་རབ་ཏུ་འབར་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེས་ཇི་ལྟར་དེ་དག་མཚན་ མོ་བཙོན་རར་བཅུག་སྟེ། ལུས་ལ་གནོད་པ་བྱས་པ་དེ་བཞིན་དུ་ལས་དེ་དང་རྒྱུ་འཐུན་པར་ལས་མི་བཟད་པ་དེས་དེའི་ལུས་ཀྱང་མཚན་མོ་རབ་ཏུ་འབར་བར་འགྱུར་རོ། །ཇི་ལྟར་དེས་བཙོན་རར་བཅུག་ནས་ངུ་ཞིང་ངུ་སྐད་འབྱིན་ལ་ཆོ་ངེས་འདེབས་པ་དེ་བཞིན་དུ་ཡི་དགས་དེའི་ལུས་མཚན་མོ་རབ་ ཏུ་འབར་བར་འགྱུར་ཏེ། དེ་ལྟར་དེ་ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ལས་དེ་མྱོང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་འཁོར་བ་ན་ ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་གཞན་གྱིས་གནོད་པ་བྱས་པར་འགྱུར། ནོར་རྫས་བསགས་བསགས་པ་ཡང་རྟག་ཏུ་རྒྱལ་པོའི་འཁོར་ནས་ཀྱང་འཕྲོག་པར་ བྱེད། ཤིང་ལྗོན་པའི་ཁ་ནས་རྟག་ཏུ་ལྷུང་བར་འགྱུར་ཏེ། དེ་ལྷུང་ནས་ལུས་སྣད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན། 68-1-299b ཡི་དགས་མི་རྣམས་ཀྱི་བུས་པ་ལ་གླགས་ལྟ་བ་ཞེས་བྱ་བ་བུས་པ་གང་བཙས་མ་ཐག་ཏུ་འཕྲོག་པར་བྱེད་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་ཀྱི་འབྲས་བུ་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་སྔོན་གཞན་དུ་སྐྱེས་པ་ན་ དེའི་བུས་པ་བསད་པ་དང་སྐྱེས་པའམ་བུད་མེད་དེ་སེམས་ཅན་དེ་ལ་ཞེ་སྡང་སྐྱེས་ནས་འདི་ལྟར་བདག་གནོད་སྦྱིན་དུ་གྱུར་ཏེ། དེ་དག་གི་བུས་པ་གསད་པར་བྱའོ་སྙམ་དུ་སེམས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་གཞན་ལ་གླགས་ལྟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་ འགྱུར་རོ། །དེ་ཁྲོ་བ་དེ་ལ་མངོན་པར་ཞུགས་པའི་བློས་རྟག་ཏུ་དེ་ཡིད་ལ་བྱེད་པར་འགྱུར་ཏེ། གལ་ཏེ་བུད་མེད་དེ་བུ་བཙའ་བར་གྱུར་ན་དེའི་བུས་པ་དེ་དེ་ལས་བདག་གིས་གླགས་རྙེད་ནས་དབྲོག་པར་བྱའོ་སྙམ་དུ་སེམས་སོ། །ཡི་དགས་དེ་མགྱོགས་པར་སྐྱེས་ཏེ་ཇི་ལྟར་དཔག་ཚད་བརྒྱ་ཕྲག་ སྟོང་དག་ན་ཁྲག་གི་དྲི་ཚོར་ན་ཡང་དེར་ཡུད་ཙམ་གྱིས་ཕྱིན་པར་འགྲོ་སྟེ། དེ་གང་གི་ཚེ་བུད་མེད་དེ་བཙའ་བར་འགྱུར་བ་དེའི་ཚེ་ཡི་དགས་གླགས་ལྟ་བ་འཁོན་དུ་འཛིན་ཅིང་དགྲའི་གླགས་ལྟ་བ་དེ་ཆུང་ངུར་གྱུར་ནས་གནས་སོ། །དེ་གང་གི་ཚེ་ཐམས་ཅད་དུ་ཚོལ་ཏེ་གླགས་ཚོལ། དམིགས་ པ་ཚོལ། གསབ་གསེབ་ཚོལ། གཞི་ཚོལ། རྒྱུ་ཚོལ། ཉེས་པ་ཚོལ། སྤྱོད་པ་ཐ་དད་པ་ཚོལ། བཀྲ་ཤིས་མ་ཡིན་པ་ཚོལ། སྐར་ཁུང་གི་བུ་ག་ཚོལ། སྒོའི་བུ་ག་ཚོལ། གཞིར་འཇུག་པ་ཚོལ། ཆུ་མི་གཙང་བ་ཚོལ། གསང་སྔགས་ལ་གླགས་ཚོལ། རིག་སྔགས་ལ་གླགས་ ཚོལ། བཀྲ་ཤིས་ལ་གླགས་ཚོལ། གྲིབ་མ་ལ་གླགས་ཚོལ། དངོས་པོ་ལ་གླགས་ཚོལ། མེ་མདག་གི་བུ་ག་ཚོལ། སའི་བུ་ག་ཚོལ། མཚོན་ཆའི་བུ་ག་ཚོལ། ཁང་པའི་པུ་ཤུ་དང ། ངམ་གྲོག་དང ། གཡང་སའི་བུ་ག་ཚོལ་ཏེ། དེ་ལྟར་ཡི་དགས་སྙིང་ལ་འཁོན་དུ་འཛིན་པ་ཆེན་པོ་ ཡོད་པ་དེ་གླགས་རྣམ་པ་སྣ་ཚོགས་དག་ཚོལ་ལོ། །དེ་གལ་ཏེ་ཇི་སྐད་བསྟན་པའི་གླགས་དག་རྙེད་ན་དེ་བཙའ་བའི་ཁྱིམ་ན་གནས་པ་ཉིད་འཕྲོག་པར་བྱེད་དོ། །གལ་ཏེ་མ་རྙེད་ན་གླགས་རྣམ་པ་སྣ་ཚོགས་ཚོལ་བ་དེ་ལོ་བཅུ་འདས་ཀྱི་བར་དུ་ཡང་འཕྲོག་པར་བྱེད་དོ། །དེ་ལྟར་སྙིང་ལ་ 68-1-300a འཁོན་དུ་འཛིན་པ་མི་དགེ་བ་དང་འབྲེལ་བ་མི་དགེ་བ་ཉིད་ཀུན་དུ་སྤྱོད་བཞིན་དུ་ལུས་བཀྲེས་པ་དང ། སྐོམ་པས་གདུངས་པ་དེས་གལ་ཏེ་ནུས་ན་དེའི་བུས་པ་དེ་ཕྲོགས་ནས་གསོད་པར་བྱེད་དོ། །ཇི་སྟེ་ལུས་ཀྱི་དབང་ངམ་སྲུང་བའི་དབང་གིས་མ་ནུས་ན་སྙིང་ལ་འཁོན་དུ་ འཛིན་པ་དེ་འཆི་བའི་དུས་བྱེད་དེ། དེ་ལྟར་ཤི་ནས་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་ལས་ཀྱི་དབང་གིས་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་ཡང་བརྒྱ་ལ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། སྔོན་འབྲེལ་བའི་སྒྲ་དེ་དང་རྒྱུ་འཐུན་པར་དེ་སྔར་བཤད་པའི་སྙིང་ལ་འཁོན་དུ་འཛིན་པ་དེས་རྒྱུ་མེད་བཞིན་དུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་གསོད་པའི་དགྲ་འབྱུང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་ བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་འདོད་པའི་གཟུགས་ཅན་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བུད་མེད་དམ། མ་ནིང་གང་བུད་ མེད་ཀྱི་ཆ་བྱད་དུ་ཞུགས་ཤིང་དེ་བུད་མེད་སྨད་འཚོང་མའི་ཆ་བྱད་སྣ་ཚོགས་སུ་ཞུགས་ནས་ཕ་རོལ་དག་འདོད་ཆགས་སྐྱེད་པར་བྱེད་ཅིང་དེ་ནས་ཡང་འདོད་པ་དེ་ཉིད་ལ་གཡེངས་ནས་འཇུག་པར་བྱེད་ལ་བཅུག་ནས་ཀྱང་ཕྲག་དོག་དང་སེར་སྣས་ཟིལ་གྱིས་ནོན་པས་ཕ་རོལ་ལས་གླ་ནོར་རྫས་དག་ལེན་ པར་བྱེད་དོ། །བླངས་ནས་ཀྱང་རེས་འགའ་ཞིང་ངན་པ་དང་སྣོད་ངན་པ་དང་ཡུལ་ངན་པ་ལ་སྦྱིན་པའི་དངོས་པོ་ངན་པ་ཚེར་མ་ལྟ་བུ་དང་ལྡན་པ་ཅུང་ཟད་ཙམ་སྦྱིན་པར་བྱེད་དེ། རྒྱུ་དེས་དེ་འཆི་བའི་དུས་བྱས་པ་ན་ཡི་དགས་འདོད་པའི་གཟུགས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ ཀྱང་ཡི་དགས་ཀྱི་གཟུགས་ཀྱི་ཚུལ་སྣ་ཚོགས་འཛིན་ཏེ། ཚུལ་བཟང་བའམ། ཚུལ་ངན་པའམ། གཟུགས་བཟང་བའམ། གཟུགས་ངན་པའམ། སྡུག་པའམ། སྐྱེས་པའི་གཟུགས་སམ། བུད་མེད་ཀྱི་གཟུགས་སམ། དུད་འགྲོའི་གཟུགས་དག་བྱེད་པར་ནུས་སོ། །དེ་ཚུལ་སྣ་ 68-1-300b ཚོགས་དག་བཟུང་ནས་ཡུལ་ནས་ཡུལ་དག་ཏུ་འགྲོ་བར་ནུས་སོ། །དེ་རྒྱུ་དང་བཅས་རྐྱེན་དང་བཅས་པར་གྱུར་ན་ཁ་ཟས་བཟའ་བར་ནུས་སོ། །རྒྱུའི་གཟུགས་དེ་ཤིན་ཏུ་ཆུང་བར་བྱས་ནས་ཁྱིམ་དུ་འཇུག་པར་བྱེད་དེ་ཞུགས་ནས་ཁ་ཟས་དེ་ལ་ཟ་བར་བྱེད་དོ། །ཁྱིམ་ན་གནས་པ་དེ་གཞན་ལ་ བདག་ཅག་གི་ཁ་ཟས་ཡི་དགས་ཀྱིས་ཟོས་སོ་ཞེས་སྨྲའོ། །རེས་འགའ་ཡང་ལྷའམ་མིའི་ཚུལ་དུ་གནས་ནས་དུས་ཀྱི་དགའ་སྟོན་དག་གི་ཁ་ཟས་ལ་ཟ་བར་བྱེད་དོ། །རེས་འགའ་ཡང་བྱར་སྤྲུལ་ནས་དུར་འཐོར་བའི་ཁ་ཟས་དག་ལ་ཟ་བར་བྱེད་དོ། །རེས་འགའ་ཡང་མི་སྣང་བར་བྱས་ནས་ འཕྲོག་པར་བྱེད་དེ། དེ་ཇི་ལྟར་འདོད་པ་དེ་བཞིན་དུ་གཟུགས་རྣམ་པ་སྣ་ཚོགས་སུ་བྱེད་དོ། །དེ་ལ་འཇིག་རྟེན་དག་གནོད་སྦྱིན་ཇི་ལྟར་འདོད་པའི་གཟུགས་ཅན་ཞིག་ཡིན་ནོ་ཞེས་བརྗོད་དོ། །དེ་རེས་འགའ་ཡང་བུད་མེད་དུ་སྤྲུལ་ནས་གྲོང་མིའི་ཆོས་ཀྱིས་སྐྱེས་པ་འདྲེན་པར་བྱེད་དོ། །དེ་ལྟར་དེ་ ཚུལ་སྣ་ཚོགས་བཟུང་ནས་འཇིག་རྟེན་སླུ་བར་བྱེད་དེ། དེ་ཇི་སྲིད་དུ་ཡི་དགས་དང་ལྡན་པའི་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེ་ལྟར་འཇིག་རྟེན་བསླུས་ནས་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ ཏེ། ཐར་ནས་ཀྱང་ལས་དེ་དང་རྒྱུ་འཐུན་པར་རང་གིས་བྱས་པའི་ལས་ལ་སྤྱོད་པ་ལ་འཁོར་བ་ན་ཡོངས་སུ་འཁྱམ་མོ། །དེ་གལ་ཏེ་ཡང་བརྒྱ་ལ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་བྲོ་གར་མཁན་ཚུལ་སྣ་ ཚོགས་འཛིན་པར་འགྱུར་ཞིང་དེ་བཞིན་དུ་སྤྱོད་པའི་ཚུལ་གཞན་སྣ་ཚོགས་འཛིན་པར་འགྱུར་ཏེ། དེ་ཚུལ་སྣ་ཚོགས་འཛིན་པའི་ལས་དེས་འཚོ་བ་དེ་བཞིན་དུ་བདག་ཉིད་འཚོ་བར་བྱེད་དེ། བདག་གི་ཆུང་མ་གཞན་དག་ལ་བྱིན་ནས་ཚེགས་ཆེན་པོས་འཚོ་བ་འགྲུབ་པར་འགྱུར་བ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་རྒྱ་མཚོའི་གླིང་གི་བར་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་ 68-1-301a བྱུང་བའི་ཤེས་པས་བརྟགས་ན། དགོན་པར་ཞུགས་པ་གང་འཇིགས་ཤིང་བཞིན་མོག་མོག་པོར་གྱུར། ནད་ཀྱིས་ཉམ་ཐག་སྟེ། མགོན་མེད་ཅིང་བཤེས་པ་མེད་པ་ཅན་དེ་ལ་སེམས་ཅན་གཞན་ཕྲག་དོག་དང་སེར་སྣས་ཉམས་ཤིང་མི་རིགས་པར་ཆགས་ལ་བརྐམ་པ་གང་ གིས་ཟོང་ངན་པས་ནོར་རྫས་བཟང་པོ་ལ་རིན་འདྲ་བར་འདེབས་ཤིང་སླུ་བར་བྱེད་ན། མི་སེར་སྣས་ཉམས་པ་དེ་འཆི་བའི་དུས་བྱས་ནས་རྒྱ་མཚོ་དང ། ཉེ་བའི་དགོན་པ་མང་པོ་དང ། ཤིང་ལྗོན་པ་དང ། ལྟེང་ཀ་དང ། ཆུ་བོ་དང ། ཚལ་དང ། ནགས་ཚལ་མེད་པའི་ཡུལ་དག་ཏུ་གྲང་བའི་ཚེ་ ནི་བརྒྱ་འགྱུར་དུ་གྲང་ལ་ཚ་བའི་ཚེ་ནི་བརྒྱ་འགྱུར་དུ་ཚ་སྟེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པའམ། ཟིལ་པའི་ཐིགས་པས་སྲོག་འཚོ་བའི་ཡི་དགས་སུ་འགྱུར་རོ། །རྒྱ་མཚོའི་ཆུ་ཡང་བཏུང་བར་མི་ཐོབ་ལ། དེ་དག་གི་ལས་ངན་པར་བྱས་པ་དེས་རྒྱ་མཚོ་ཡང་ཐམས་ཅད་དུ་སྐམས་པར་འགྱུར་ཏེ། རི་དང་ནགས་ཚལ་དང་རྒྱ་མཚོར་བཅས་པ་དེ་ཡང་རབ་ཏུ་འབར་བར་མཐོང་ངོ ། །དེ་རེ་བ་མེད་ཅིང་ཐམས་ཅད་ནས་གནོད་པ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་ངུ་ཞིང་སྨྲེ་སྔགས་འདོན་བཞིན་དུ་གནས་ནས་གནས་དག་ཏུ་རྒྱུག་ལ། ངུ་སྐད་འབྱིན། སྨྲེ་སྔགས་འདོན། ཆོ་ངེས་ འདེབས་ཀྱང་དེ་ལ་གྲོགས་སུ་གྱུར་པ་སུ་ཡང་མེད་དེ་དེ་ལ་སྐྱོབ་པ་མེད། དཔུང་གཉེན་མེད་དོ། །རང་གི་ལས་ཀྱིས་སེམས་བསླུས་པ་དེ་སྐྲས་མུན་པ་ལྟར་ཁེབས་ཤིང་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་རྒྱུས་པའི་དྲ་བས་སྦྲེལ་བ་ལག་པ་གཉིས་སོ་སོར་ཕྲལ་ཏེ་བརྒྱངས་པ་དང ། ཀུ་ཆོ་ འདོན་པ་ཀུན་ནས་མགོན་འདོད་ཅིང་དཔུང་གཉེན་འདོད་ཀྱང་དེའི་མགོན་དུ་འགྱུར་བ་སུ་ཡང་མེད་དེ། དེ་ལྟར་དེ་ཇི་སྲིད་དུ་སྡིག་པའི་ལས་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་འཚོ་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་ལས་དེ་དང་་ རྒྱུ་འཐུན་པར་གལ་ཏེ་མི་རྣམས་ཀྱི་ནང་དུ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་དེ་བཞིན་དུ་གླིང་གི་བར་ན་གནས་པའི་མིར་འགྱུར་ཏེ། གླིང་ཆུ་ཉུང་བ་དེར་རྐང་པ་གཅིག་པའམ་ལུས་ཐུང་བར་འགྱུར་བ་དེ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ 68-1-301b ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་འཇིག་རྟེན་ན་ཡི་དགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་ བའི་ཤེས་པས་བརྟགས་ན། མི་གང་ཕྲག་དོག་དང་སེར་སྣས་ཉམས་ཤིང་རྒྱལ་པོའི་མི་མནའ་བྱེད་པ་སེམས་དྲག་ཤུལ་ཅན་སྙིང་རྗེ་མེད་པ། ཆོས་ཀྱི་ཚུལ་བཏང་བ། འཇིག་རྟེན་ཐམས་ཅད་ཀྱིས་སྨད་པ་དེ། རྣ་འི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཀྱི་ཡུལ་ན་ཡི་དགས་གཤིན་ རྗེའི་ཆད་པ་ཞེས་བྱ་བར་འགྱུར་ཏེ།གང་མིའི་འཇིག་རྟེན་ན་མི་ཉེས་པར་བྱས་པའི་ལས་ཀྱིས་གཤིན་རྗེའི་བསྒོ་བ་ཉན་པར་འགྱུར་རོ། །དེའི་ཉེས་པར་བྱས་པའི་ལས་ཀྱིས་གཤིན་རྗེའི་མི་ཉེ་བར་འདུག་སྟེ་ཤིན་ཏུ་དངངས་པར་བྱེད་ཅིང་ཆ་བྱད་བསྒྱུར་བ་འཆང་བ། ལུས་བསྒྱུར་བ། ལག་ཏུ་མཚོན་ཆ་ ཐོགས་པ། ལུས་སྐྲས་མུན་པ་ལྟར་ཁེབས་པ། མཆུ་དང་ལྟོ་འཕྱང་བ། རྣ་བ་འཕྱང་བ། ཧ་ཧའི་སྒྲ་དང་མཚོན་ཆ་འདེབས་པ་རྣམས་ཀྱིས་མི་དེ་ལ་འཇིགས་པར་བྱེད་དོ། །དེ་དག་གིས་མི་དེ་མཐོང་ནས་ཕྱིས་ལག་པ་བཅིང་བས་བཅིངས་ཏེ་གཤིན་རྗེའི་འཇིག་རྟེན་གཤིན་རྗེའི་དྲུང་དུ་ཁྲིད་དོ། །འདི་ ལྟར་དེ་ལྷ་དང་མིའི་འཇིག་རྟེན་ནས་ཡི་དགས་ཀྱི་ཡུལ་དུ་ཁྲིད་དེ་ལུས་ཀྱིས་ཉེས་པར་སྤྱད་པ་དང ། ངག་གིས་ཉེས་པར་སྤྱད་པ་དང ། ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ་དེ་ལ་ལྷས་རྗེས་སུ་བསྟན་པར་གསོལ་ཞེས་སྨྲས་སོ། །དེ་ནས་གཤིན་རྗེའི་རྒྱལ་པོས་མི་དེ་ལ་འདི་ལྟར་རྗེས་སུ་བསྟན་པ། མཁས་པ་རང་གི་ལས་ཀྱིས་སུ། །མི་དག་ཏུ་ནི་ཁྱོད་སྐྱེས་ན། །རིན་ཆེན་གླིང་དུ་ཁྱོད་བསླུས་པ། །ཅི་ཡི་ཕྱིར་ན་ཆོས་མ་སྤྱད། །བདེ་བ་ལས་ལ་རག་ལས་མཐོང ། །ཡིད་ནི་དེ་བཞིན་བདེ་བ་ལས། །འཆི་དང་སྐྱེ་བ་རྣམས་སྤྱད་པ། །ཆོས་ནི་ཡིད་དང་རྗེས་སུ་འབྲེལ། །འདུ་བྱེད་ཐམས་ཅད་ མི་རྟག་སྟེ། །ཆུ་ཡི་ཆུ་བུར་ལྟ་བུ་ཡིན། །འཇིག་རྟེན་འདི་དང་ཕ་རོལ་དུ། །དེ་ལྟར་ལེགས་པའི་ལས་སྤྱོད་དོ། །གང་ཞིག་རྟག་ཏུ་དགེ་བྱེད་པ། །ཀུན་ཏུ་མི་དགེ་ཡོང་མི་བྱེད། །དེ་ནི་ངར་ལྟ་ལམ་མི་འདོད། །མཐོ་རིས་སྐས་ལ་ཀུན་དུ་གནས། །བྱིས་པ་གང་དག་སེམས་མེད་པ། ། 68-1-302a རྟག་ཏུ་ཉེས་པར་སྤྱོད་ལ་དགའ། །སྡིག་པ་ངེས་པར་རྣམ་སྤངས་པ། །འགྲོ་བ་བཟང་པོར་འགྲོ་བར་འགྱུར། །འཇིག་རྟེན་ལས་ཀྱི་འབྲས་བུ་མཐོང ། །ལྷ་ལ་རྣམ་པ་སྣ་ཚོགས་མཐོང ། །གང་ཞིག་བག་མེད་ཤིན་ཏུ་རྩུབ། །དེ་དག་ངེས་པར་འཕགས་མི་བྱེད། །གང་གི་དོན་ དུ་ལུས་དང་ངག་།ཡིད་ཀྱིས་མང་དུ་སྡིག་བྱས་པ། །དེ་དག་ཐམས་ཅད་གཞན་དུ་དོང ། །གནས་འདིར་ཁྱོད་ནི་གཅིག་པུ་འདུག་།མི་ནི་རྙེད་དཀའ་ཐོབ་ནས་སུ། །གང་ཞིག་སྡིག་པ་མང་བྱེད་པ། །ཤིན་ཏུ་སླུ་བ་མི་བཟད་དེ། །ངན་འགྲོར་ངེས་པར་འགྲོ་བ་ཡིན། །གང་ཞིག་སྡིག་ ལས་བྲལ་བ་ནི། །ཤིན་ཏུ་དགེ་ལ་དགའ་འགྱུར་ཏེ། །དེ་ནི་བདེ་ལས་བདེ་འཐོབ་ཅིང ། །མྱ་ངན་འདས་པར་རབ་ཏུ་འགྲོ། །གང་ཞིག་དགེ་ལ་ཉེར་སྟེན་པ། །མི་ནི་ཤིན་དུ་བཀྲ་ཤིས་འགྱུར། །གང་ཞིག་སྡིག་ལ་ཉེར་སྟེན་པ། །དེ་ནི་ཤིན་ཏུ་བཀྲ་མི་ཤིས། །ཐོག་མ་བར་དང་མཐར་ངན་ པ། །དམ་པས་དེ་ནི་རྣམ་པར་སྨད། །སྡིག་པ་སྡིག་པར་འགྲོ་བ་མཐོང ། །སེམས་ཅན་དམྱལ་བ་ཉེ་བར་རྟོག་།ལས་དགེ་དབང་པོ་ཐུལ་བ་ནི། །འཇིག་རྟེན་དག་ན་ཤིན་ཏུ་བཟང། །ལུས་དང་བྲལ་ནས་བདེ་འགྲོ་སྟེ། །ལྷ་ཡི་འཇིག་རྟེན་སྐྱེ་བར་འགྱུར། །ཁྱོད་ནི་བཅིང་བ་དམ་པོས་ བཅིངས། །གཤིན་རྗེའི་ཕོ་ཉས་དབང་དུ་བྱས། །གཤིན་རྗེའི་འཇིག་རྟེན་བསྟེན་དཀའ་བ། །དྲག་པོ་མི་བཟད་ཁྱོད་ཀྱིས་ཐོབ། །ཁྱོད་ཀྱིས་ངན་བྱས་གང་བྱས་པའི། །ལས་དེ་འདིར་ནི་སྤྱད་པར་གྱིས། །བྱིས་པ་རང་གིས་བྱས་ལ་སྤྱད། །གཞན་གྱིས་སྤྱོད་པ་ཉིད་མི་འགྱུར། །དེ་ལྟར་དེ་ གཤིན་རྗེས་རྗེས་སུ་བསྟན་པ་ན་གཤིན་རྗེའི་ཆད་པ་དེ་དག་མངོན་སུམ་དུ་གྱུར་ཏོ། །དེ་ནས་དེ་བསྟན་ནས་གཤིན་རྗེའི་མིས་ཉེས་པར་བྱེད་པ་བྱས་པ་རང་གི་ལས་ཀྱི་འབྲས་བུས་བསླུས་པ་དེ་ཕྱིར་བྱུང་ནས་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་དུ་ཁྲིད་དེ། ཇི་སྲིད་དུ་སྡིག་པའི་ལས་བྱས་ཤིང་བསགས་ པ་དེ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཟས་རླུང་ལ་ཟ་བར་བྱེད་དོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་རི་ཉམ་ང་བ་དང་ཆུ་མི་བདེ་བའི་འགྲམ་དུ་གནས་ཏེ་ 68-1-302b ལམ་དུ་འགྲོ་བ་སྐྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དགེ་སློང་དེས་ས་གཞན་བཅུ་བཞི་པ་ལ་ཇི་ལྟར་འཇུག་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སམ་ལྷའི་མིག་གིས་གཟུགས་ཀྱི་སྐྱེ་མཆེད་བཅུ་ མཐོང་སྟེ། འདི་ལྟ་སྟེ། མིག་གི་སྐྱེ་མཆེད་དང ། གཟུགས་ཀྱི་སྐྱེ་མཆེད་དང ། རྣ་བའི་སྐྱེ་མཆེད་དང ། སྒྲའི་སྐྱེ་མཆེད་དང ། སྣའི་སྐྱེ་མཆེད་དང ། དྲིའི་སྐྱེ་མཆེད་དང ། ལྕེའི་སྐྱེ་མཆེད་དང ། རོའི་སྐྱེ་མཆེད་དང ། ལུས་ཀྱི་སྐྱེ་མཆེད་དང ། རེག་བྱའི་སྐྱེ་མཆེད་དོ། །དེ་འདི་སྙམ་དུ་སེམས་ ཏེ། མིག་དང་གཟུགས་ལ་བརྟེན་ནས་བདག་གི་འདུ་ཤེས་བྱུང་ངོ་སྙམ་སྟེ། དེས་བརྟགས་ན་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། གསུམ་འདུས་པ་ལས་རེག་པ། རེག་པ་དང་ལྷན་ཅིག་སྐྱེས་པ་ཚོར་བ་དང ། འདུ་ཤེས་དང ། སེམས་པ་དང ། རྣམ་པར་ ཤེས་པ་འབྱུང་སྟེ། རེག་པར་བྱེད་པས་རེག་པ། ཚོར་བར་བྱེད་པས་ཚོར་བ། ཤེས་པར་བྱེད་པས་འདུ་ཤེས་ཏེ། འདི་ལྟར་གཟུགས་འདི་ནི་རིང་ངོ་ཐུང་ངོ ། །སྡུག་གོ་མི་སྡུག་གོ། །བསྟན་དུ་ཡོད་པའོ། །ཐོགས་པ་དང་བཅས་པའོ་སྙམ་པའོ། །སེམས་པར་བྱེད་པས་སེམས་པའོ། ། ཡང་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་སྟེ། ཆོས་དེ་དག་དམིགས་པ་གཅིག་ལ་འཇུག་ཅིང་འབྱུང་བར་འགྱུར་ཏེ། མཚན་ཉིད་གཞན་དང་གཞན། ངོ་བོ་ཉིད་གཞན་དང་གཞན་ཡིན་ནོ། །འདི་ལྟར་ས་ཆེན་པོའི་ཆོས་བཅུ་ནི་ཚོར་བ་དང ། འདུ་ཤེས་དང ། སེམས་པ་དང ། རེག་པ་ དང ། ཡིད་ལ་བྱེད་པ་དང ། འདུན་པ་དང ། མོས་པ་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྟེ། དེ་ལྟར་དམིགས་པ་གཅིག་ལ་མཚན་ཉིད་གཞན་དུ་འདོད་དོ། །རྣམ་པར་ཤེས་པ་ལ་སོགས་པ་ཆོས་བཅུ་གཅིག་པོ་དེ་དག་ཀྱང་ཇི་ལྟར་ཉི་མའི་འོད་ཟེར་གཅིག་ཏུ་འདུ་ཡང་འོན་ཀྱང་ངོ་ བོ་ཉིད་གཞན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་གཞན་པ་ནས་སེམས་པའི་བར་དུ་གཞན་ནོ་སྙམ་སྟེ། དགེ་སློང་གཟུགས་ཀྱི་སྐྱེ་མཆེད་ཀྱི་དེ་ཁོ་ན་ཉིད་ཤེས་པ་དེས་མིག་གསོག་དང ། གསོབ་དང ། སྙིང་པོ་མེད་པ་དང ། ཡང་དག་པ་མ་ཡིན་པར་མཐོང་ངོ ། །ཕྱོགས་བཅུར་ལམ་གྱི་ 68-1-303a དེ་ཉིད་ཤེས་ཤིང་ལོག་པར་ལྟ་བ་སྤངས་པ་ཡང་དག་པའི་ལྟ་བ་སྔོན་དུ་འདྲེན་པས་མིག་གི་རྣམ་པ་གཏི་མུག་གི་རྙོག་པར་གྱུར་པ་སྤོང་སྟེ། དེ་ཁོ་ན་ཉིད་མཐོང་བ་དེས་ཤའི་གོང་བུར་བྱས་པ་རྣག་ཉུང་ངུ་དང་མཆི་མ་མང་པོའི་གནས་ཡིན་ནོ་སྙམ་དུ་རིག་ནས་དེ་ལ་འདོད་ཆགས་ སྐྱེ་བ་རབ་ཏུ་སྤོང་ངོ ། །མི་རྟག་པ་ཡིན་ནོ་སྙམ་ནས་མི་རྟག་པར་ལྟ་བར་བྱེད། ཤའི་གོང་བུ་དང་རུས་པའི་བུ་གའི་རྣམ་པ་ཡིན་ནོ་སྙམ་ནས་འདོད་ཆགས་དང་བྲལ་བར་བྱེད། རྒྱུས་པས་སྦྲེལ་པ་ཡིན་ནོ་སྙམ་ནས་མིག་གི་སྐྱེ་མཆེད་ཕན་ཚུན་རག་ལས་པ་འདི་ལ་རྟོག་སྟེ། འདི་ལ་སྙིང་ པོ་མེད་ཅིང་བདག་མེད་པར་རིག་གོ། །མདོར་ན་མིག་འདི་ནི་སྡུག་བསྔལ་ཡིན་ནོ་བར་ཤེས་ཤིང་མཐོང་ནས་མིག་གི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལོ། །དེ་མིག་གི་སྐྱེ་མཆེད་ཇི་ལྟ་བ་བཞིན་རྟོགས་ནས་གཟུགས་ལ་ཡང་རྣམ་པར་དཔྱོད་པར་བྱེད་དེ། གཟུགས་གང་སྡུག་པ་ དང་མི་སྡུག་པ་དང་ལུང་དུ་མ་བསྟན་པ་འདི་ནི་ཀུན་ཏུ་རྟོག་པ་ཙམ་སྟེ། འདི་ལ་སྙིང་པོ་ཅི་ཡོད། གཙང་བ་ཅི་ཡོད། རྟག་པ་ཅི་ཡོད། མི་རྟག་པ་ཅི་ཡོད་ཅེས་ལྟ་བ་ན་རྣམ་པར་རྟོག་ཅིང་དཔྱོད་པར་བྱེད་དོ། །དཔྱོད་པ་ན་སོ་སོ་ཡང་དག་པར་རིག་པར་བྱེད་དེ་གཟུགས་འདི་ལ་ངོ་བོ་ཉིད་ཀྱིས་ བདེ་བ་མེད་པ་དེས་གཟུགས་མཐོང་ཞིང་ཤེས་ལ་རྟོག་པ་འཐོབ་བོ། །གཟུགས་འདི་ལ་སྙིང་པོ་མེད་དེ་གཟུགས་སྡུག་པ་དང་མི་སྡུག་པ་འདི་ནི་ཀུན་ཏུ་བརྟགས་པ་ཙམ་མོ། །འདི་ལ་སྡུག་པ་དང་མི་སྡུག་པའི་ངོ་བོ་མེད་དེ། འཇིག་རྟེན་འདི་འབའ་ཞིག་སྡུག་པ་དང་མི་སྡུག་པར་འདོད་ དོ། །གཟུགས་འདི་ནི་ངོ་བོ་ཉིད་ཀྱིས་རྟག་པའམ། བརྟན་པའམ། ཐེར་ཟུག་པའམ། བདེ་བའམ། སྙིང་པོའམ། བདག་དང་བཅས་པ་མ་ཡིན་ཏེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་བསྒྲིབས་པ་ནི་གཟུགས་སྡུག་གོ་མི་སྡུག་གོ་སྙམ་དུ་སེམས་སོ་སྙམ་ནས་ དེ་གཟུགས་ཀྱི་སྐྱེ་མཆེད་ཡང་དག་པར་བརྟགས་ཏེ། མིག་དང་གཟུགས་མཐོང་ནས་ཆགས་པར་མི་བྱེད། རྨོངས་པར་མི་བྱེད། སྙིང་པོ་ཡོད་པར་མི་སེམས་སོ། །མིག་དང་གཟུགས་ཀྱི་སྐྱེ་མཆེད་ལ་མངོན་པར་བརྟགས་ནས། མིག་གི་རྣམ་པར་ཤེས་པ་ལ་ཆགས་པར་མི་ 68-1-303b བྱེད་ཅིང་འདོད་ཆགས་དང་བྲལ་བར་བྱེད་དོ། །མིག་གི་རྣམ་པར་ཤེས་པ་བདག་མ་ཡིན། མིག་གི་རྣམ་པར་ཤེས་པ་བདག་གི་མ་ཡིན་ཏེ་དེ་བཞིན་དུ་རེག་པ་དང ། ཚོར་བ་དང ། འདུ་ཤེས་དང ། སེམས་པ་བདག་མ་ཡིན། སེམས་པ་བདག་གི་མ་ཡིན་ནོ་བར་རིག་གོ། །། དེ་ནས་ཡང་ དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་བྱིས་པ་ལ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ནད་པ་རྣམས་ཀྱི་ལྷ་མཆོད་པའམ་གནོད་སྦྱིན་མཆོད་པའི་ཕྱིར་ལས་མི་བཟད་པ་དྲག་པོ་གང་གིས་གཞན་དག་བསླུས་ནས་ནོར་རྫས་ཕྲོགས་སམ་ལུག་བསད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ ཡང་སོས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་ཡི་དགས་བྱིས་པ་ལ་ཟ་བའི་ནང་དུ་སྐྱེ་བར་འགྱུར་ལ། གང་སྲོག་གཅོད་པ་གཞན་ཞིག་གལ་ཏེ་མིའི་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མིའི་སྐྱེ་གནས་སུ་སྐྱེས་ན། དེ་སྲོག་གཅོད་པ་མང་དུ་བྱས་པ་ཇི་ལྟ་བ་བཞིན་དུ་ ཡི་དགས་དེས་གསོད་པར་བྱེད་དེ། དེ་མངལ་ན་གནས་པ་ན་གསོད་པའམ། དེ་བཙས་པའི་ཁྱིམ་དུ་གསོད་པའམ། དེ་གོག་ཐལ་ཐུལ་ན་གསོད་པའམ། དེ་ཕུད་བུ་བཅས་པ་ན་གསོད་པའམ། དེ་ཡོངས་སུ་རྒྱུག་པ་ན་གསོད་པར་བྱེད་དེ། དེ་ལྟར་ཡི་དགས་དེས་རིམ་གྱིས་བུས་པ་ དེ་གསོད་པར་བྱེད་དོ། །དེ་གང་གི་ཚེ་ཉེས་པར་བྱས་པའི་ལས་དེས་ཡི་དགས་དེ་གླགས་ཚོལ་ཏེ། གླགས་རྙེད་ནས་བུས་པ་དེ་ལ་ཟ་བར་བྱེད་དོ། །འདིར་ཚིགས་སུ་བཅད་པ། ཁ་ཅིག་མངལ་ཏེ་དེ་བཞིན་དུ། །གཞན་ནི་བཙས་པའི་ཁྱིམ་དང་གཞན། །དེ་བཞིན་གོག་ནི་ཐལ་ ཐུལ་དང ། །ཡོངས་སུ་རྒྱུག་ན་འཆི་བར་འགྱུར། །དེ་ལྟར་སྐོམ་པ་དང་བཀྲེས་པས་གདུངས་པའི་ལུས་དེ་རང་གིས་ཉེས་པར་བྱས་པའི་ལས་མྱོང་བར་འགྱུར་ཏེ། འདི་ལྟར་བྱིས་པའི་སྲོག་འཚོ་བར་གྱུར་པ་ན་ཉེས་པར་བྱས་པ་ལས་ཉེས་པར་བྱས་པ་ཉེ་བར་སྒྲུབ་ཅིང་དེ་ལྟར་བྱིས་པ་ལ་ཟ་བའི་ 68-1-304a ཡི་དགས་དེ་ཉེས་པར་བྱས་པ་ལས་ཤིན་ཏུ་ཉེས་པར་བྱས་པའི་ལས་གཞན་རྒྱུན་མི་འཆད་པ་ན་ཡི་དགས་ཀྱི་འཇིག་རྟེན་དེ་མྱོང་བར་འགྱུར་ཏེ། དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡི་དགས་ཀྱི་འཇིག་ རྟེན་དེར་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེའི་བུས་པ་རིམ་གྲོ་བྱས་ཀྱང་འཚོ་བར་མི་འགྱུར་རོ། །འདིར་ཚིགས་སུ་བཅད་པ། ཉེས་པར་བྱས་པའི་ལས་འབྲེལ་བས། །ཉེས་པར་བྱས་པའི་འབྲས་བུར་བརྗོད། །དེ་ བཞིན་ལེགས་བྱས་འབྲས་བུ་ནི། །རྣམ་པར་སྨིན་པ་བདེ་བར་མཐོང ། །ལས་ཀྱི་ཐག་པ་རིང་པོ་ཡིས། །བྱིས་པ་དམ་དུ་བཅིངས་པའི་རྣམས། །མྱ་ངན་འདས་པའི་གྲོང་མཆོག་ཏུ། །འགྲོ་བར་མི་འགྱུར་ཐར་བར་དཀའ། །ཡེ་ཤེས་མཚོན་གྱིས་དེ་བཅད་ནས། །གང་དུ་དེ་ ནི་མི་འཇུག་ཅིང ། །ངེས་པར་འཁོར་བའི་རིམས་ནད་བྲལ། །དམ་པ་མྱ་ངན་འདས་པར་འགྲོ། །ཇི་ལྟར་ཉ་དག་རྒྱས་བཅུས་ན། །བདེ་བར་ཡོངས་སུ་དབྱུང་དུ་རུང ། །དེ་ལྟར་སེམས་ཅན་སྲེད་བཅིངས་པ། །འཆི་བདག་གིས་ནི་ཉེ་བར་འདྲེན། །དུག་དང་བཅས་པའི་མདས་ ཕོག་པའི། །རི་དགས་གང་དང་གར་འགྲོ་བ། །དེ་དང་དེར་ནི་དུག་འགྲོ་སྟེ། །དེ་བཞིན་མིའི་དུག་སྲེད་པ་ཡིན། །འགྲོ་བ་འགྲོ་བར་རྗེས་འབྲང་བ། །སྲེད་པ་དུག་འདྲ་སྤོང་བར་གྱིས། །ཤིང་སྐམ་མེ་ཡིས་སྲེག་པ་ལྟར། །བྱིས་པ་རྣམས་ལ་དེ་ཡིས་སྲེག་།རེ་ཞིག་དགའ་ སྟེ་ཤེས་པར་དཀའ། །རྣམ་པར་སྨིན་པ་མེ་དང་འདྲ། །གལ་ཏེ་བདེ་བ་ཉིད་འདོད་ན། །སྲེད་པ་དེ་ལས་ཐར་བར་གྱིས། །ཇི་ལྟར་མཆིལ་པས་ཟིན་པ་ཡི། །ཉ་ནི་འཆི་བའི་དབང་དུ་འགྲོ། །དེ་ལྟར་སྲེད་པས་ཟིན་པ་ཡི། །མི་རྣམས་ཡི་དགས་དབང་དུ་འགྲོ། །ཡི་དགས་ ཡུལ་དུ་ཡི་དགས་གང ། །སྡུག་བསྔལ་བ་དག་ཡོངས་སུ་རྒྱུག་།དམྱལ་བར་སེམས་ཅན་དམྱལ་བ་རྣམས། །དེ་དག་སྲེད་པ་ཆེན་པོས་བསྐྱོད། །མི་གང་ཉོན་མོངས་ནོར་བྲལ་ཞིང ། །གཞན་གྱི་དྲིན་གྱིས་འཚོ་བ་ཡི། །ཕལ་པ་དེ་ནི་སྲེད་པ་ཡིས། །བསྐྱོད་ཅེས་ཐུབ་པ་རབ་ 68-1-304b ཏུ་གསུང ། །དེ་ལྟར་དགེ་སློང་དེས་སེར་སྣ་དུག་ལྟ་བུ་ཀུན་གྱིས་བསྐྱོད་པ་དེ་དཔྱད་ནས་ཡང་འཁོར་བ་ལས་ཡིད་འབྱུང་བར་བྱེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་མདངས་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། དགྲ་མཛའ་བོ་ལྟར་བཅོས་པ་ངོ་གཉིས་པ་གང་གིས་འདི་ལྟར་ཁྱོད་གཡུལ་འགྱེད་ པར་ཞུགས་ཤིག་དང ། ཁྱོད་ཀྱི་ཕྱི་བཞིན་བདག་གིས་ཡང་དག་པར་བསྲུང་བར་བྱའོ་ཞེས་ཡོངས་སུ་བསླུས་ནས་དེ་གཟི་བྱིན་དང་མཐུ་ཉིད་སྐྱེས་སོ། །སྐྱེས་ནས་གཡུལ་འགྱེད་པར་ཞུགས་པ་དང ། ཡོངས་སུ་གཏོང་བར་བྱེད་ཅིང་འདི་ལྟར་དེ་འདིར་བཟུང་ན་དེའི་ནོར་གང་ཡིན་པ་དེ་ དག་རྒྱལ་པོའི་འཁོར་དུ་གསོལ་ཏེ་བདག་གིར་བྱའོ་སྙམ་ནས་མི་བསླུས་པ་དེ་དེས་བསད་ན་སླུ་སླུ་བ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་མདངས་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་ལུས་བཀྲེས་པ་དང་སྐོམ་པས་ཤིན་ཏུ་གདུངས་ཤིང་ལུས་མཚོན་གྱིས་ རྟག་ཏུ་གཤེག་ལ་ལུས་ཀྱི་པགས་པ་དང ། ཤ་དང་རུས་པ་རྣམ་པར་ཉམས་པ་མཚོན་ཆ་འབབ་པ་རྣམས་ཀྱི་ཕྱོགས་སུ་འགྲོ་བ་ན་གར་བབ་བབ་ཏུ་འབྲོས་སོ། །དེ་རྣམ་པ་གཞན་དུ་འབྲོས་པ་ན་མི་མི་གཙང་བ་གང་གཞན་ནམ་མཆོད་རྟེན་སྐོར་བར་མི་བྱེད་པ་དེའི་གླགས་ཡི་དགས་དེས་ རྙེད་ནས་དེའི་གཟི་བརྗིད་འཕྲོག་པར་བྱེད་དོ། །དེས་གལ་ཏེ་ལོ་བཅུའམ་གལ་ཏེ་ལོ་ཉི་ཤུར་དེ་འཚོ་བར་བྱེད་དེ། དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་འགྱུར་ཏེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་ངེས་པར་མྱོང་བར་འགྱུར་བ་ལས་ཀྱི་ཉེར་བསྡོགས་དང ། ལས་ཀྱི་ དངོས་གཞི་དང ། ལས་ཀྱི་མཇུག་དང་ཡང་དག་པར་ལྡན་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་རང་གིས་བྱས་པ་ལ་ཟ་བ་རང་གི་ལས་ཀྱིས་སྐྱེ་བའི་རྒྱུན་ཤིན་ཏུ་འཁོར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། 68-1-305a ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ལྷ་རྟེན་གྱི་སར་འཚོ་བ་དང ། རྟོག་གེ་པ་དང ། ཚེགས་ཆེན་པོས་འཚོ་བ་དང ། གཞན་ལ་རག་ལས་པས་འཚོ་བར་འགྱུར་བ་ མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉི་ཤུ་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ ཡུལ་ན་ཡི་དགས་ཚངས་པའི་སྲིན་པོ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མཆོད་སྦྱིན་ངན་པར་བྱེད་པ་གང་གིས་སྲོག་གཅོད་པ་དང ། ཡང་དག་པར་ལྡན་པ་ཤིན་ཏུ་གསོད་ པར་དགའ་བའི་མཆོད་སྦྱིན་བྱས་པ་དང ། ཟས་དང་སྐོམ་སོ་སོར་ཁེ་སྤོགས་བྱེད་པ་དང ། རིན་ཆུང་ངུས་ཉོས་ལ་རིན་ཆེན་པོར་འཚོང་བ་དང ། ཕྲག་དོག་དང་སེར་སྣས་ཉམས་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཀྱི་འཇིག་རྟེན་ན་ལུས་བཀྲེས་པ་དང་སྐོམ་པས་ གདུངས་པ་ཚངས་པའི་སྲིན་པོར་འགྱུར་རོ། །དེ་ལྟར་དེ་མིའི་གཟུགས་ཀྱིས་ཡོངས་སུ་རྒྱུག་ཅིང་སེམས་ཅན་རྣམས་ལ་ཉེ་བར་འཚེ་བར་བྱེད་དེ། དེ་སུམ་མདོའམ། བཞི་མདོ་དབེན་པར་འདུག་གོ། །འདུག་ནས་ཀྱང་གླགས་ལྟ་བ་དེ་མི་རྣམས་ལ་ཉེ་བར་འཚེ་བར་བྱེད་དོ། །ཕལ་ ཆེར་བྲམ་ཟེ་འདྲ་བར་འགྱུར་ལ་དེ་ནས་མི་སྣང་བར་འགྱུར་ཞིང་ཡང་མི་རྣམས་ལ་ཉེ་བར་འཚེ་བར་བྱེད་དེ། ཡི་དགས་ལ་སེམས་པ་དག་ན་རེ། འདི་ལྟར་དེ་ནི་གདོན་གྱིས་ཟིན་ཏོ་ཞེས་འཇིག་རྟེན་པ་དེ་དག་བརྗོད་དོ། །དེ་ལྟར་དེ་སྡིག་པ་དང་འབྲེལ་ཅིང་སྡིག་བྱེད་ལ་ལུས་བཀྲེས་པ་དང་ སྐོམ་པས་གདུངས་པ་ཡིན་ཏེ། དེ་ལྟར་ཚངས་པའི་སྲིན་པོ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་ཕྲག་དོག་དང་སེར་སྣ་དང་ཡང་དག་པར་ལྡན་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡི་དགས་ཀྱི་ཡུལ་དེ་ན་གནས་པར་བྱེད་དོ། །དེ་ཕྱིས་ཡི་དགས་ཀྱི་ 68-1-305b འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་མི་ལ་ཟ་བའམ། དེ་མཁའ་འགྲོ་མ་མིའི་ཁྲག་འཐུང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་ སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་མེའི་ཁུང་བུར་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། ཕྲག་དོག་དང་སེར་སྣས་ཉམས་པ་དགེ་བའི་བཤེས་གཉེན་ལྟ་བུར་བཅོས་ནས་དགེ་འདུན་གྱི་ཟས་སྐོམ་ཟོས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་ཤི་ནས་ཡི་དགས་མེའི་ཁུང་བུར་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་ འགྱུར་རོ། །དེར་སྐྱེས་ནས་ཀྱང་ལུས་ཚལ་ཤིང་བསྲེགས་པ་འདྲ་ཞིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་ལ་རང་གི་ལས་ཀྱིས་ཡོངས་སུ་བསླུས་པ་གཅིག་པུ་ཐམས་ཅད་དུ་རྒྱུག་པ་ན་དེའི་སྲོག་གི་འཚོ་བ་འདི་ལྟར་འགྱུར་ཏེ། གང་གི་ཚེ་མེའི་ནང་དུ་གཞན་འགའ་ཞིག་ ལྷུང་ན་ཕྱེད་ཚིག་པར་འགྱུར་ཏེ། དེ་མེ་དང་འདྲ་ཞིང་མེའི་ཆར་ལྟ་བུ་ལ་ཟའོ། །དེ་མེའི་ཁུང་བུ་དེ་དང་འདྲ་སྟེ་བཀྲེས་པ་དང་སྐོམ་པས་གདུངས་པ་དེ་ཡང་མེ་དེས་ཉིས་འགྱུར་དུ་སྲེག་གོ། །དེ་སྲེག་པ་ན་གང་མི་དགེ་བའི་ལས་དེ་བྱས་ཤིང་བསགས་པ་ངེས་པར་མྱོང་བར་འགྱུར་བ་དེའི་ ལས་ཀྱི་མཐུས་ངུ་སྐད་འབྱིན་ཅིང་ཀུ་ཆོ་འདོན་ཏོ། །དེ་དེར་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་མྱོང་ཞིང་ཉེ་བར་སྤྱོད་པར་འགྱུར་རོ། །དེ་ལས་ཟད་དེ་དེ་ལས་ཐར་ནས་གལ་ཏེ་མི་རྣམས་དང་སོ་སོ་ཡང་དག་ པར་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་དབུལ་ཞིང་ནད་བུ་ཅན་དུ་འགྱུར་ལ་མེས་བསྲེག་པའི་ཁུང་བུར་སྲེག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ 68-1-306a ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་གང་གིས་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ལས་ཀྱི་དངོས་གཞི་དང་ལས་ཀྱི་མཇུག་ཡང་དག་པར་བླངས་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་ཀྱི་འཇིག་རྟེན་སྲང་མི་གཙང་ བ་རྣམས་སུ་སྐྱེ་བར་འགྱུར་བ་མཐོང་སྟེ། ཡི་དགས་དེ་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། དགེ་འདུན་གྱི་རིམ་གྲོ་བྱེད་པ་ཕྲག་དོག་དང་སེར་སྣས་ཉམས་པ་གང་གིས་བཟའ་བ་དང་བཅའ་བ་ལ་སོགས་པ་ཞིམ་པོ་དག་ལ་ ཡང་དག་པར་སྤྱོད་པར་བྱེད་ཅིང་ཚངས་པར་སྤྱོད་པ་དང་ལྡན་པ་གཙང་མ་རྣམས་ལ་ཁ་ཟས་ངན་པ་སྦྱིན་པར་བྱེད་ན། དེ་སྲང་མི་གཙང་བར་ཡི་དགས་གནས་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཉིན་པར་ལུས་བལྟར་མི་མཐོང་ཞིང ། མཚན་མོ་མཐོང་བ་ ཉིད་དུ་འགྱུར་རོ། །དེ་དག་གང་གྲོང་ངམ། གྲོང་ཁྱེར་རམ། རི་བྲགས་སམ། འཚོ་སྐྱོང་གི་གནས་སམ། བྱ་རོག་གི་གནས་སམ། གཤེར་ས་ན་གནས་པ་ཀུན་གྱིས་བཤང་བ་དང ། གཅི་བའི་ས་དང ། གཅིག་ཏུ་ཉལ་ཉིལ་དང ། ལྗན་ལྗིན་གྱི་ས་དང ། ཕྱི་ས་བསགས་ པར་གྱུར་པའམ། ཀུན་ནས་སྲིན་བུས་ཁེབས་ཤིང་དྲི་ང་བ་ཤིན་ཏུ་འཇིགས་པ། སྐྱེ་བོ་ཀུན་མཐོང་མ་ཐག་ཏུ་སྐྱུག་བྲོ་བར་འགྱུར་བ། སྲིན་བུ་ཡུན་རིང་དུ་གནས་པ། མྱགས་པ་དེར་དགེ་འདུན་གྱི་ཁ་ཟས་ཞིམ་པོ་ཟ་བར་བྱེད་པ་ཡི་དགས་སུ་སྐྱེ་བར་འགྱུར་རོ། །ཤིན་ཏུ་སྡུག་ བསྔལ་བ་དག་དེར་སྐྱེས་ནས་ཀྱང་གང་ལས་ཀྱིས་བྱས་པའི་གཤིན་རྗེའི་མི་རྣམས་ཀྱིས་རལ་གྲི་རབ་ཏུ་འབར་བ་ཐོགས་པ་དེ་དག་ལས་མི་གཙང་བ་དེ་དུས་ཐམས་ཅད་དུ་བཟའ་བར་མི་འཐོབ་བོ། །གལ་ཏེ་ཟླ་བ་ཕྱེད་ན་འཐོབ་ཅིང་གལ་ཏེ་ཟླ་བ་གཅིག་ན་ཐོབ་པ་གང་ཡིན་པ་དེ་ཡང་ ཚིམ་པར་མི་འཐོབ་ཅིང་ཟོས་ནས་ཀྱང་སྐྱུག་པར་འགྱུར་ཏེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་དེ་དག་འདི་ལྟར་ངུ་སྐད་འབྱིན་ཅིང་ཆོ་ངེས་འདེབས་ཕན་ཚུན་རྒྱུག་ཅིང་སྨྲེ་སྔགས་འདོན་ཏེ། ས་བོན་མི་གཙང་གྱུར་པ་ལས། །ཤིན་ཏུ་མི་བཟད་ཡོངས་སུ་འགྱུར། ། 68-1-306b སྡིག་པའི་ལས་ཀྱི་འབྲས་བུ་ནི། །རྒྱུ་དང་འདྲ་བར་མཐོང་བ་ཡིན། །སྡིག་པས་དྲངས་པའི་སྐྱེ་བོ་ནི། །མཆིལ་པས་ལོག་པར་དྲངས་པ་བཞིན། །མཆིལ་ལས་ཉ་ནི་ཐར་སྲིད་ཀྱི། །སྡིག་ལས་སྡིག་པ་མི་འཐར་རོ། །སྡིག་པའི་ཐག་པ་མི་བཟད་པས། །གློ་བུར་དུ་ནི་ འདྲེན་པ་ན། །ཡི་དགས་གནས་སུ་འདྲེན་བྱེད་དེ། །བཀྲེས་དང་སྐོམ་པ་ཆེན་པོས་བསྒྲིབས། །བཀྲེས་དང་སྐོམ་ལས་བྱུང་བའི་མེས། །མི་བཟད་གདུངས་པར་འགྱུར་བ་ལྟར། །མེ་དང་མཚོན་དང་དུག་རྣམས་ཀྱིས། །དེ་ལྟར་མི་བཟད་གདུང་མི་འགྱུར། །གང་དུ་བདེ་བ་ཆུང་གྱུར་ པ། །སྐད་ཅིག་མེད་ཅིང་ཐང་ཅིག་མེད། །ཡུད་ཙམ་མེད་ཅིང་མཚན་མོ་མེད། །རྟག་ཏུ་བདག་ནི་སྡུག་བསྔལ་བསྒྲིབས། །སྡུག་བསྔལ་གྱི་ནི་རྒྱུ་བསྟེན་པས། །སྡུག་བསྔལ་ལས་ནི་སྡུག་བསྔལ་ཐོབ། །སྡུག་བསྔལ་ལས་ནི་རྣམ་གྲོལ་ཏེ། །བདག་ལ་བདེ་བ་འབྱུང་བར་ འགྱུར། །གང་དུ་བདག་ནི་རྒྱུག་པ་དེར། །འབབ་ཆུའི་དངོ་དང་ཆུ་མི་མངོན། །ལྟེང་ཀ་རྣམས་ཀྱང་སྐམས་གྱུར་ཅིང ། །ཆུ་བོ་དག་ཀྱང་མེད་པར་གྱུར། །བདག་ནི་རྟག་ཏུ་ཆུ་འདོད་ནས། །ས་ལ་ཡོངས་སུ་རྒྱུག་པ་ན། །བྲག་དང་ནགས་ཚལ་སྟུག་པོར་བཅས། །ཆུ་བོ་དེ་དག་ སྐམས་པར་གྱུར། །བདག་གི་ལུས་ནི་བསྲེགས་པ་སྟེ། །བཀྲེས་དང་སྐོམ་པའི་མེ་ཡིས་གདུངས། །ལྷག་པར་སྐྱབས་སུ་འགྲོ་མེད་དེ། །ཉོན་མོངས་ཤིན་ཏུ་མི་བཟད་འོངས། །དེ་ལྟར་རང་གི་ལས་ཀྱི་འབྲས་བུས་བསླུས་པའི་ཡི་དགས་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ངུ་སྐད་འབྱིན་ཅིང་སྨྲེ་སྔགས་འདོན་ཏོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་ པར་གལ་ཏེ་བུད་མེད་དམ་བུད་མེད་སྨད་འཚོང་མར་འགྱུར་རོ། །གལ་ཏེ་སྐྱེས་པར་གྱུར་ན་དེ་གྲོང་ཁྱེར་གྱི་ལྗན་ལྗིན་འཕྱག་པའམ།དེ་བུད་མེད་ཀྱི་ཆ་བྱད་དུ་ཞུགས་ནས་དེས་ཉེ་བར་འཚོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་ 68-1-307a དགས་ཀྱི་གནས་ན་ཡི་དགས་གཞན་གང་ཞིག་སྐྱེ་བར་འགྱུར་སྙམ་ནས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་རླུང་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་ འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྟོ་བོ་ཆེ་ལྟོ་འབའ་ཞིག་སེམས་པ་གང་གིས་དགེ་སྦྱོང་དང་བྲམ་ཟེ་དང་ཉོན་མོངས་པ་དང་སྡུག་བསྔལ་བ་དག་ལ་ཉི་མ་འགའ་ཙམ་གྱི་ཟས་སྦྱིན་པར་ཁས་བླངས་ཏེ། དམ་བཅས་ནས་བརྫུན་བྱས་ལ་དེ་དག་ ཀྱང་དེའི་ཉིན་པར་བཀྲེས་པ་དང་སྐོམ་པས་ཤིན་ཏུ་གདུངས་པར་གྱུར་ནས་རླུང་བསིལ་བས་རེག་པར་གནས་ན། བརྫུན་ཟེར་ཟེར་བ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་རླུང་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ནས་དེ་ཡོངས་སུ་ རྒྱུག་པ་ན་དེའི་ཁ་ཟས་མེད་ཅིང་རེ་བ་མེད་ལ་གནས་མེད་དེ། མགོན་མེད་པར་རང་གི་སེམས་ཀྱིས་ཡོངས་སུ་བསླུས་པ་དེའི་མིག་གི་ཡུལ་དུ་གང་ཡང་སོས་ལ་སོགས་པའི་རྫས་བཟའ་བ་དང ། བཏུང་བ་དང ། གནས་ཁང་དང ། ཀུན་དགའ་ར་བ་ཉམས་དགའ་བ་མང་པོ་དག་རྒྱང་རིང་ པོ་ནས་མཐོང་སྟེ་བཟའ་བ་དང་བཏུང་བའི་དོན་དུ་དེར་རྒྱུག་གོ། །དེ་དེར་རྒྱུག་པ་ན་ངལ་དུབ་པས་བཀྲེས་པ་དང་སྐོམ་པ་ཉིས་འགྱུར་དུ་འགྱུར་ཏེ། དེ་ཁ་གདང་བར་བྱེད་དོ། །དེའི་ཁ་གདངས་པར་རླུང་འཇུག་སྟེ། དེ་རླུང་དེ་འབའ་ཞིག་ཁའི་ནང་དུ་སོང་བས་བཀྲེས་པ་གང་སེལ་བར་བྱེད་ ཅིང་གང་གིས་ལུས་མི་གཙང་བ་དེ་འཛིན་པར་བྱེད་དོ། །དེའི་བཟའ་བ་དང་བཏུང་བ་དེ་དག་ཀྱང་རི་དགས་སྐོམ་པས་ཕྱིན་ཅི་ལོག་ཏུ་མཐོང་བ་ལྟར་གསོབ་དང ། གསོག་དང ། སྙིང་པོ་མེད་པ་དང ། མགལ་མེའི་འཁོར་ལོ་དང་འདྲ་བར་སྣང་བ་ཁོ་ན་ཙམ་དུ་ཟད་དོ། །ཇི་ལྟར་དེས་སྦྱིན་ པ་སྙིང་པོ་མེད་པ་གསོག་བྱིན་པ་དེ་བཞིན་དུ་གསོག་རྗེས་སུ་མཐོང་ངོ ། །འདིར་ཚིགས་སུ་བཅད་པ། རྒྱུ་དང་འཐུན་པར་འབྲས་བུ་ཞེས། །བློ་གྲོས་ལྡན་པ་དེ་སྐད་གསུང ། །རྒྱུ་དང་མི་འཐུན་འབྲས་བུ་ནི། །ལུས་ཅན་རྣམས་ལ་སྨིན་མི་འགྱུར། །སྐྱེ་བ་ལུག་རྒྱུད་མང་པོ་ 68-1-307b ཡི། །རྒྱུ་དང་རྐྱེན་གྱིས་ཤིན་ཏུ་འབྲེལ། །འཁོར་བར་གང་གིས་སྦྲེལ་བ་ཡི། །ལུས་ཅན་འགྲོ་བར་མི་འགྱུར་རོ། །ཤིན་ཏུ་སྦྲེལ་བ་དམ་པོ་དང ། །མཆོག་ཏུ་མི་བཟད་དེ་བཀྲོལ་ནས། །གང་ན་སྡུག་བསྔལ་མི་གནས་པ། །ཞི་བ་མཆོག་ཏུ་འགྲོ་བར་འགྱུར། །དེ་ལྟར་རྒྱུ་དང་འཐུན་ པའི་འབྲས་བུ་ལ་ཉེ་བར་སྤྱོད་ཅིང་རྒྱུག་པ་ན། སེམས་བསླུས་པ་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རླུང་འབའ་ཞིག་ཟ་བའི་ལུས་བདག་ཉིད་འཛིན་པར་བྱེད་དོ། །དེ་ཕྱིས་ ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མི་ཡིས་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་དབུལ་པོར་འགྱུར། གང་དེ་ལ་ཤེས་བཞིན་དུ་ནོར་དང་ བཟའ་བ་དང་བཏུང་བ་དང་སྟོན་མོ་དང་གནས་དང་ཆུ་དག་མེད་པར་འགྱུར་ཞིང་སྦྱིན་པར་མི་བྱེད་ལ་ཡིད་མི་གཅུགས་པར་འགྱུར། ཁ་ཟས་མེད་པར་བྱས་པའི་སེམས་ནི་རེ་བ་ལ་དགའ་ཞིང་རེ་བ་མེད་པ་ལ་ཡང་དགའ་སྟེ། མངོན་པར་ཉམས་པའི་ལུས་ཤིན་ཏུ་སྡུག་བསྔལ་བར་འཚོ་བར་མཐོང་ ངོ ། །འདིར་ཚིགས་སུ་བཅད་པ། འདིར་ནི་སྡིག་པའི་བག་ཆགས་ཀྱིས། །ཐམས་ཅད་དུ་ནི་སྡུག་བསྔལ་བྱེད། །ལུས་ཅན་རྣམས་དང་མི་འཐུན་པ། །མི་གཙང་བ་ཡི་དྲི་བཞིན་ནོ། །ཡུན་རིང་ངན་འགྲོ་བཅོམ་པ་ཡི། །དགེ་བའི་བག་ཆགས་དགའ་བྱེད་དེ། །མེ་ཏོག་ཉམས་ཀྱང་ ཏིལ་དག་ལ། །བག་ཆགས་སྣང་བ་ཇི་བཞིན་ནོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན། ཡི་དགས་མདག་མེ་ཟ་བ་ཞེས་བྱ་བ་ཇི་ལྟར་འདུག་ པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཞལ་ཆེ་བར་བསྐོས་པ་ཕྲག་དོག་དང་སེར་སྣས་འཇུངས་པ་གང་གིས་གཟུང་བར་བྱ་བ་ཉེས་པ་མེད་པ་དག་བཟུང་ནས་བཅིངས་ཏེ། བཀྲེས་པ་དང་སྐོམ་པས་ཡོངས་ 68-1-308a སུ་གནོད་པར་བྱས་ལ་དེ་ཡང་གཟུང་བའི་སྡུག་བསྔལ་གྱིས་ཉམ་ཐག་པར་བྱས་ཤིང ། ཤིན་ཏུ་གནོད་པར་བྱས་པ་རེ་བ་མེད་ལ་བཀྲེས་པ་དང་སྐོམ་པས་གདུངས་ནས་ཐལ་བ་ཟ་ལ། དེའི་ལས་ཀྱི་རྣམ་པར་སྨིན་པས་གཞི་དེ་ལས་ཤི་བར་གྱུར་ན། ཞལ་ཆེ་བར་བསྐོས་ པའི་མི་སྡིག་པའི་ལས་དེའི་མཐུས་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་མདག་མེ་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལས་མི་བཟད་པ་ད་ལྟར་བདེ་ལ་རྣམ་པར་སྨིན་པ་སྡུག་བསྔལ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་དུག་ནག་པོ་ལྟ་བུ་དང་འདྲེས་པའི་མཐུས་ དེ་རྟག་ཏུ་དུར་ཁྲོད་ཀྱི་མདག་མེ་ལ་ཟ་ཡང་མདག་མེ་དེས་ཚིམ་པར་མི་འགྱུར་རོ། །དེ་མདག་མེའི་ཟས་དེས་ལུས་ཀྱི་མེ་ཤིན་ཏུ་ཚ་བ་ཆུང་ཟད་ཞི་བར་བྱེད་དེ། མེ་ལ་ཆུས་བསད་པ་བཞིན་ནོ། །དེ་ལྟ་བས་ན་དུག་ནག་པོ་ལྟ་བུ་དང་ཤིན་ཏུ་རྩེ་རྩེ་བས་ཆོག་སྟེ། ནག་པོ་དང་འདྲེས་པ་སྤངས་ན་ འདོད་ཆགས་དང་བྲལ་བར་འགྱུར་རོ། །གང་དུ་བྱིས་པ་ནག་པོའི་དབང་དུ་སོང་བ་དག་ནི་མེའི་སྡུག་བསྔལ་བསིལ་བར་གྱུར་ཀྱང་སྡུག་བསྔལ་ནི་མེ་གཞན་གྱིས་དཔེ་བྱ་བར་ནུས་པ་གང་ཡང་མེད་དོ། །དེ་ལྟར་དེ་ཇི་སྲིད་དུ་དེའི་སྡིག་པའི་ལས་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བཅོམ་ ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་ཡི་དགས་ཀྱི་ཡུལ་དེ་ན་གནས་སོ། །དེ་ཕྱིས་ཡི་དགས་ཀྱི་ཡུལ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རི་འོར་གང་དུ་ལོ་ཉེས་བྱུང་ཞིང་ག་སོག་ ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། རེས་འགའ་ཡང་ཁ་ཟས་ཞིམ་པོར་མི་འགྱུར་ཞིང་རྟག་ཏུ་ཁ་ཟས་ལན་ཚཝ་མེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་པ་དེས་ཡི་དགས་ཀྱི་ཡུལ་ན་ཡི་དགས་དུག་ཟ་བ་ཞེས་བྱ་བ་རང་བཞིན་གྱིས་དུག་ཟ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེར་སྣས་ཉམས་པ་གང་གིས་ནོར་རྫས་ཀྱི་ཕྱིར་ཕ་རོལ་དག་ལ་དུག་ 68-1-308b བླུད་ལ་དེ་ཡང་ཤི་ན་དུག་ལྡུད་ལྡུད་པ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་ཡི་དགས་དུག་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་རི་འབིགས་བྱེད་ཀྱི་རི་སུལ་དང ། རི་ཡོངས་འདུའི་རི་སུལ་དང ། རི་ཁ་བ་ཅན་གྱི་རྩེ་མོ་དང ། རི་མ་ལ་ཡའི་གསེབ་གང་ཡིན་པ་དེ་དག་དང ། རིའི་རྩེ་མོ་དུག་མང་ཞིང་ཆུ་མེད་པ་དང ། སྦྲུལ་གནས་པའི་དགོན་པ་དང ། གྲང་ལྷགས་ཆེ་བའི་དགོན་པ་དོག་ཅིང་ཤིན་ཏུ་འཇིགས་པ་དང ། ཤིང་ལྗོན་པ་ཡལ་ག་འཕྱང་བ་མེད་པ་དང ། རྡོ་ངན་པ་ འབའ་ཞིག་ཡོད་པ་དང ། སེང་གེ་དང ། སྟག་གིས་གསོད་པ་ཤིན་ཏུ་འཇིགས་པ་གང་ཡིན་པ་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གྲང་བའི་དུས་སུ་གྲང་བ་བརྒྱ་འགྱུར་མྱོང་བར་འགྱུར་ལ། ཚ་བའི་དུས་སུ་ཚ་བ་བརྒྱ་འགྱུར་མྱོང་བར་འགྱུར་རོ། །ལས་བྱས་པ་ཚ་བའི་དུས་ སུ་ཞག་ལྔར་མེའི་ཆར་པ་ལུས་རྣམས་ལ་འབབ་ཅིང་གྲང་བའི་དུས་སུ་ཞག་ལྔར་ལྷགས་པ་ཆར་པ་ལྟ་བུ་འབབ་བོ། །ཉེས་པར་བྱས་པའི་ལས་དེས་མེ་མདག་དེ་དག་དང་མི་དགའ་བ་དགོན་པ་ལྟ་བུ་དེ་དག་གི་ནང་ན་ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་དག་ཀུ་ཆོ་འདོན་ངུ་སྐད་འབྱིན། ཆོ་ངེས་ འདེབས་སྨྲེ་སྔགས་འདོན་ཏེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་དག་ལ་དུག་གི་རེག་པ་ལྕགས་ཀྱི་ཐུ་ལུམ་རབ་ཏུ་འབར་བ་ལྟ་བུ་གང་ཡིན་པ་དེ་དག་མིད་པར་བྱེད་དོ། །མིད་མ་ཐག་ཏུ་ཤིའོ། །དེ་ནས་ཡང་ཉེས་པར་བྱས་པའི་ལས་དེས་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་བཀྲེས་ པ་དང་སྐོམ་པ་དེ་སྡུག་བསྔལ་ཉིས་འགྱུར་བས་ལྷག་པར་མྱོང་བར་འགྱུར་རོ། །དེ་ལྟར་དེ་ངུ་སྐད་འབྱིན་པ་ན། བྱའི་མཆུ་རྣོན་པོས་ཀྱང་དེའི་མིག་ཕྱུང་ནས་ཟ་བར་བྱེད་དེ། དེ་ཕྱིར་ཞིང་སྡུག་བསྔལ་གྱིས་ཉམ་ཐག་ནས་ངུ་སྐད་འབྱིན། ཀུ་ཆོ་འདོན། ཆོ་ངེས་འདེབས་སོ། །མིག་ཕྱུང་བ་དེ་ དག་སྐྱེ་བར་འགྱུར་ལ་དེ་ནས་ཡང་འབྱིན་པར་བྱེད་དེ། དེ་ལྟར་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་ 68-1-309a འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ལམ་པོ་ཆེ་དང་བཞི་མདོར་འཚོ་བར་འགྱུར། དུག་ལྡུད་ལྡུད་པའི་ལས་ཀྱི་ལྷག་མ་དེས་ཡང་དེའི་སྲོག་ཆད་པར་འགྱུར་བ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་དགོན་པ་ན་འདུག་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་ དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཆོམ་རྐུན་པ་གང་གིས་འབྲོག་དགོན་པ་ཆེན་པོ་དང ། ཆུ་མེད་པ་དང ། ཤིན་ཏུ་དོག་པ་དང ། ཉི་མའི་འོད་ཀྱིས་ཀུན་ཏུ་ཚ་བ་དག་ཏུ་ལྟེང་ཀ་དང་ནགས་ཚལ་དག་གི་ལམ་བྱས་ནས་ཆོམ་རྐུན་པ་དེ་དག་གིས་ལྟེང་ཀ་དེ་དག་འཛེག་པར་བྱེད་ དེ། འདི་ལྟར་བདག་ཅག་གིས་འདིར་འགྲོན་པོ་འོངས་ཏེ་སྐོམ་གྱིས་གདུངས་ཤིང་མཐུ་ཆུང་བ་དག་ནོར་རྫས་ཀྱི་ཕྱིར་གསད་པར་བྱའོ་སྙམ་ནས་དེ་དག་ཕྲག་དོག་དང་སེར་སྣས་ཉམས་ཤིང་སྦྱིན་པ་དང་བྲལ་བ་དག་གིས་དེ་ལྟར་འགྲོན་པོ་དེ་དག་གསོད་པར་བྱེད་དོ། །དེ་དག་ལུས་དང་བྲལ་ ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་དགོན་པ་ན་འདུག་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་མར་མེའི་ཤིང་ལྟར་འབྲོག་རབ་ཏུ་འབར་བ་རྣམས་ཀྱི་ནང་ཉིད་དུ་ཉི་མའི་གདུང་བས་གདུངས་ཏེ་མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དག་ཆུ་ དང་བཟའ་བའི་ཕྱིར་རྒྱུག་ཅིང་ཀུ་ཆོ་འདོན་ཏོ། །དེ་དག་ལས་ཀྱི་ཉེས་པ་དེས་རྒྱང་རིང་པོ་ན་རི་དགས་སྐོམ་པ་ལྟ་བུར་ཆུ་དང་བ་འདྲ་བ་ཞིག་ཡོད་པར་མཐོང་ངོ ། །དེ་དག་གིས་དེ་མཐོང་སྟེ་ཆུ་རྙེད་དོ་སྙམ་ནས་རྒྱུག་སྟེ། རེ་བ་དང་བཅས་པའི་སེམས་ཀྱིས་ངལ་བ་གྲངས་སུ་ཡང་མི་རྩི་བ་ན་དེ་ཇི་ ལྟ་ཇི་ལྟར་རྒྱུག་པ་དེ་ལྟ་དེ་ལྟར་རི་དགས་སྐོམ་པ་ལྟ་བུར་ངོ་བོ་ཉིད་ཀྱིས་གསོག་ཏུ་འདུག་པ་དེ་དག་ག་ལ་ཞིག་ཐོབ་པར་འགྱུར། དེ་དག་ངལ་བའི་ཉེས་པས་རྩ་དར་བྷའི་རྩེ་མོས་རྐང་པའི་རྟིང་པ་དག་ཏུ་ཟུག་ནས་འགྱེལ་ཞིང་ན་ནས་ཁ་ཅིག་འཆི་བའི་དུས་བྱེད་དོ། །དེ་ནས་ཡང་ལས་ཀྱི་ལྷག་མ་ 68-1-309b དེས་ཡང་འཚོ་བར་འགྱུར་ཏེ། དེ་ལྟར་ལུས་བཀྲེས་པ་དང་སྐོམ་པ་བཅུ་འགྱུར་གྱིས་གནས་པར་བྱེད་དོ། །བྱ་རོག་དང ། འུག་པ་དང ། བྱ་རྒོད་བརྒྱ་སྙེད་ཀྱིས་ལུས་དང་མིག་དག་ཅན་ཅོན་དུ་འཐོག་ཅིང་ཟ་སྟེ། རུས་པ་ལ་ཐུག་གི་བར་དུ་འབིགས་པར་བྱེད་དོ། །མགོན་མེད་པ་དཔུང་གཉེན་མེད་པ་དེ་་ དག་སྡུག་བསྔལ་སུམ་འགྱུར་གྱིས་ཤིན་ཏུ་སྡུག་བསྔལ་ཏེ། ཕན་ཚུན་དེར་སོང་ནས་འདི་ལྟར་སྨྲེ་སྔགས་འདོན་ཏེ། བྱ་རོག་འུག་པ་ཐམས་ཅད་ནས། །རྡོ་རྗེ་ཆེན་པོའི་མཆུ་རྣོན་གྱིས། །མངོན་པར་གཙེས་སོ་སྐྱབས་མེད་ཅིང ། །བདེ་བར་ལྟ་བར་མི་མཐོང་ངོ ། །ཇི་ལྟར་བདག་གིས་འགྲོན་པོ་བཅོམ། ། དེ་ཡི་ལས་དེ་ཉེ་བར་གནས། །འདི་ནི་གཟུགས་བརྙན་ལྟ་བུ་སྟེ། །དེ་བཞིན་འབྲས་བུ་འདིར་འོངས་སོ། །ལས་ཀྱི་ཞགས་པས་བཅིངས་གྱུར་ཅིང ། །ལས་ཀྱི་ཐག་པས་གནོད་པར་བྱས། །ལས་ཟད་མ་གྱུར་བར་དུ་ནི། །དཔུང་གཉེན་བྱེད་པ་མི་མཐོང་ངོ ། །སྐྱེ་བོ་ལས་ཀྱིས་ཁྲིད་བྱེད་ཅིང ། ། ལས་ཀྱིས་ཡོངས་སུ་འདྲེན་པར་བྱེད། །གང་དུ་ལས་ནི་རྣམ་སྨིན་པ། །དེར་ནི་ལས་ཀྱིས་འཕེན་པར་བྱེད། །གནས་གསུམ་དུ་ནི་ལས་ཀྱིས་འཕངས། །འཁོར་ལོ་བཞིན་དུ་རྟག་ཏུ་འཁྱམ། །དེ་ལྟ་བས་ན་དགེ་བྱ་ཞིང ། །སྡིག་པ་མི་ཕན་རྟག་ཏུ་སྤོངས། །སྡིག་པ་གང་དག་མི་འདོད་ཅིང ། །དེ་དག་མེ་དང་འདྲ་ བར་མཐོང ། །བཀྲེས་དང་སྐོམ་པའི་མེས་གདུངས་པ། །དེ་ནི་ཡི་དགས་གནས་སུ་ཁྲིད། །སྐོམ་པའི་སྡུག་བསྔལ་འབྱུང་བ་ནི། །ཡང་དང་ཡང་དུ་རབ་ཏུ་འཕེལ། །བདག་ནི་མེ་ཡི་ཕྲེང་བ་ཡིས། །མཆེད་པའི་རི་དང་འདྲ་བར་འགྱུར། །རི་ལ་མེ་འབར་ཆུ་བོ་ཡི། །རྒྱུན་གྱིས་ཐམས་ཅད་གསད་ནུས་ཀྱི། །རྒྱ་མཚོའི་ ཀླུང་གིས་བདག་གི་མེ། །འདི་ནི་གསད་པར་མི་ནུས་སོ། །ལས་ཀྱི་ཤིང་སྐམ་བྱུང་ནས་སུ། །སྲེད་པའི་རླུང་གིས་གྲོགས་བྱས་ཏེ། །བདག་ནི་ཀུན་ནས་ཡོངས་བསྐོར་ནས། །ལས་ཀྱི་མེ་ཡིས་ཤིན་ཏུ་བསྲེགས། །ཚུལ་ཁྲིམས་བརྩོན་འགྲུས་ཡེ་ཤེས་ཆུ། །སྦྱིན་པའི་སྣོད་ནི་རབ་བཟུང་ནས། །སྲིད་ གསུམ་རྗེས་འགྲོ་ལས་ཀྱི་མེ། །བདག་ཉིད་ཆེན་པོས་འཇིག་པར་བྱེད། །གང་དག་ལས་ཀྱི་དབང་སོང་ཞིང ། །ལས་གསུམ་གྱིས་ནི་ཡོངས་སུ་བསྒྱུར། །གསུམ་ཉིད་ཀྱིས་ནི་རྨོངས་པ་དག་།དེ་ནི་གནས་གསུམ་རྒྱུ་བར་བྱེད། །ལས་དབང་སུམ་ཅུ་རྩ་དྲུག་དང ། །བཞི་བཅུར་སོང་ཞིང་རྣམ་པར་རྒྱུ། ། 68-1-310a དགུ་བཅུ་རྩ་བརྒྱད་མ་བཅོམ་པ། །ཁམས་གསུམ་དུ་ནི་དེ་འགྲོ་འོ། །གང་དག་བརྒྱ་རྩ་བརྒྱད་ཤེས་ཤིང ། །བཅུ་གཉིས་དོན་ལ་སེམས་པ་པོ། །ཆོས་དང་ཆོས་མིན་རྣམ་ཤེས་གང ། །དེ་དག་བདེ་བ་མཐའ་ཡས་སོ། །མཚན་ཉིད་གཉིས་ཀྱི་རྣམ་ཤེས་ཤིང ། །བརྒྱད་གཉིས་ ཡོངས་སུ་ཤེས་པ་པོ། །བཅུ་དྲུག་སྐྱེ་བ་རིག་པ་གང ། །སྐྱེ་བོ་དེ་ནི་སྡིག་པས་བསྲེགས། །བརྟན་པོ་ལམ་གཉིས་ལྟ་བ་དང ། །གཞི་རྣམས་ཡོངས་སུ་མཐར་ཕྱིན་ཅིང ། །ཆུ་བོ་བཞི་ལས་རྣམ་གྲོལ་བ། །མཁས་པ་དེ་ནི་སྡིག་པ་བསྲེགས། །ལམ་བརྒྱད་དེ་ཉིད་འཇུག་ རིག་ཅིང ། །སྟོབས་བཅུ་དག་ནི་མཐོང་བ་དང ། །སྡུག་བསྔལ་གཉིས་ཀྱི་རྒྱུ་རིག་པ། །ཟད་པ་མེད་པའི་གནས་སུ་འགྲོ། །གང་དག་བདེན་གཉིས་ཕ་རོལ་ཕྱིན། །དྲན་པ་བཞི་ལ་རྣམ་པར་དཔྱོད། །བརྟན་པོ་དུས་གསུམ་དོན་སེམས་པ། །དེ་ནི་ བདུད་ཀྱི་དབང་མི་འགྲོ། །དཀར་པོའི་ཆོས་ནི་རྣམ་སྤངས་ཤིང ། །རང་གི་ལས་ཀྱི་འབྲས་བུས་རྨོངས། །དེ་ནི་བདག་གི་སྡིག་ལས་ཀྱིས། །ཡི་དགས་འཇིག་རྟེན་འདིར་ཕྱིན་ཏོ། །དེ་ལྟར་ཡི་དགས་དེ་དག་གི་ནང་ནས་ཁ་ཅིག་སྔོན་དགེ་བའི་ལས་ཆུང་ཟད་བྱས་ པས་ཤེས་རབ་ཤིན་ཏུ་རྣོ་བར་འགྱུར་ཏེ། དེ་ལ་དམིགས་པར་གྱུར་པའི་ཡི་དགས་དེ་དག་ལ་དེ་སྐད་དུ་རྗེས་སུ་བསྟན་ཏོ། །རྗེས་སུ་བསྟན་ནས་ཀྱང་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་རང་གི་ སྡུག་བསྔལ་སོ་སོར་མྱོང་བར་བྱེད་དོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་ཡི་དགས་ཀྱི་ བརྟུལ་ཞུགས་དང་ཡི་དགས་ཀྱི་རྗེས་སུ་འབྲང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་དུར་ཁྲོད་ན་ 68-1-310b འདུག་པ་ཞེས་བྱ་བ་ཇི་ལྟར་གནས་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་སེར་སྣས་ཉམས་པ་གང་གིས་སངས་རྒྱས་ལ་གཞན་གྱིས་མེ་ཏོག་ཕུལ་བ་དག་དེས་བརྐུས་སོ། ། བརྐུས་ནས་ཀྱང་ཁེ་འདོད་པའི་ཕྱིར་བཙོངས་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་ཡི་དགས་དུར་ཁྲོད་ན་འདུག་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དུར་ཁྲོད་ན་འདུག་པ་དེ་དག་གི་ཁ་ཟས་ནི་འདི་ལྟ་སྟེ། དུར་ཁྲོད་ ཀྱི་ཕྱག་དར་གང་ཡང་རུང་བ་དུ་བའི་རྒྱུན་མེད་པ་དེ་ལ་དེ་དག་ཟླ་བ་གཅིག་གི་བར་དུ་ཟ་ཞིང་འདུག་ལ། དེ་ནས་ཁ་ཟས་མེད་པར་འཁོད་དོ། །རྟག་ཏུ་དེའི་མགོ་ལྕགས་ཀྱི་ཕྲེང་བ་རབ་ཏུ་འབར་བས་བཅིངས་ཤིང་དེ་གང་ནས་གང་དུ་སྐྱེས་པའི་གླད་པ་རབ་ཏུ་འཇུ་བར་ བྱེད་ལ་མགོའི་ཐོད་པ་ཡང་སྲེག་པར་བྱེད་དོ། །ལྕགས་ལས་བྱས་པའི་ཕྲེང་བ་གཉིས་པས་ཀྱང་དེའི་མིད་པ་བཅིངས་ཤིང་དེས་དེའི་མིད་པ་དང་བྲང་ཡང་སྲེག་སྟེ། གང་སངས་རྒྱས་ཀྱི་མེ་ཏོག་བརྐུས་པའི་རྒྱུ་དེས་ན་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ནང་དུ་མེ་དེ་དག་སོང་ ནས་སྲེག་པར་བྱེད་དོ། །ལུས་ཀྱང་སྲིན་བུས་ཡོག་ཅིང་སྡུག་བསྔལ་མི་བཟད་པས་ཉམ་ཐག་ལ་སྲིན་པོ་གཞན་ཞིག་དུར་ཁྲོད་དེར་འོངས་ནས་དེས་ཀྱང་དེ་དག་ཐོ་བ་དང ། རལ་གྲི་དང ། གཏུན་ཤིང་རྣམས་ཀྱིས་ཀུན་ནས་ཕྱེ་མར་རློག་གོ། །དེ་ངུ་སྐད་འབྱིན་ཅིང་སྨྲེ་སྔགས་ འདོན་པ་ན་སྡུག་བསྔལ་གསུམ་གྱིས་ཉམ་ཐག་སྟེ། བཀྲེས་པ་དང ། སྐོམ་པའི་སྡུག་བསྔལ་དང ། ལྕགས་ཀྱི་ཕྲེང་བའི་སྡུག་བསྔལ་དང ། གཞན་གྱིས་རལ་གྲི་དང ། ཐོ་བས་བརྡེགས་པའི་སྡུག་བསྔལ་ཏེ། དེ་ལྟར་དེ་དག་མྱོང་ཞིང་ཉེས་པར་བྱེད་པ་དེ་ འབྲལ་བར་བྱེད་ལ་སྨྲེ་སྔགས་འདོན་པ་ན་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བཀྲེས་དང་སྐོམ་པའི་སྡུག་བསྔལ་དང ། །གཉིས་པ་མེ་ཡི་སྡུག་བསྔལ་འབྱུང ། །གསུམ་པ་ཐོ་བ་རལ་གྲི་ཡི། །སྡུག་བསྔལ་དེ་ནི་བདག་གིས་མྱོང ། །རང་གི་སེམས་དང་ 68-1-311a ལས་ཀྱིས་སུ། །འདིར་ནི་བསླུས་ཤིང་ཡོངས་སུ་རྨོངས། །ཡི་དགས་གནས་སུ་སྐྱེས་གྱུར་ཅིང ། །མཛའ་བཤེས་གཉེན་དང་བྲལ་བར་འགྱུར། །སྟོབས་དང་བྲལ་བའི་ལས་དག་གི་།ཞགས་པ་ཡིས་ནི་ཁྲིད་པ་ན། །བཤེས་གཉེན་ བུ་དང་ཆུང་མ་དང ། །རྩ་ལག་གིས་ཀྱང་སྐྱོབ་མི་བྱེད། །ཇི་ལྟར་ལས་བཞིན་སྐྱོབ་གཞན་མེད། །རྣམ་པ་གསུམ་ནི་བདག་གིས་མྱོང ། །སྦྱིན་དང་ཚུལ་ཁྲིམས་ཐོས་དང་གཞན། །རྣམ་པ་གསུམ་ནི་ཡོངས་སུ་བསྒྲགས། །གཏི་མུག་དྲ་བས་བསྒྲིབས་པ་ འདིར། །བདག་གིས་ངན་བྱས་གང་མ་བྱས། །མི་བཟད་རྒྱུར་ནི་གྱུར་པ་ཡི། །ལས་རྣམས་ཀྱི་ནི་འབྲས་བུ་འོངས། །ཤིན་ཏུ་མི་བཟད་ཡི་དགས་ཡུལ། །སྡིག་ལས་གལ་ཏེ་བདག་གྲོལ་ན། །ཡང་དང་ཡང་དུ་སྡིག་པའི་ལས། །བདག་གིས་ནམས་ཀྱང་མི་ བྱ་འོ། །དེ་ལྟར་ཡི་དགས་སྨྲེ་སྔགས་འདོན་པ་དེ་དག་ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཟད་པར་མ་བྱས་པ་དེ་སྲིད་དུ་དེར་སྡུག་བསྔལ་ཆེན་པོ་དེས་གནོད་ཅིང་ཡིད་ལ་གཅགས་པར་འགྱུར་རོ། །དེ་ ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་ དེ་གཏུམ་ཞིང་དུར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་ཤིང་གི་ནང་ན་གནས་ པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་དགེ་འདུན་གྱི་འཚོ་བའི་ཤིང་ལྗོན་པའམ། དེ་བཞིན་དུ་སྐྱེ་བོ་བཀྲེས་པ་དང ། སྐོམ་པ་དང ། ལུས་ངལ་བ་ཀུན་གྱི་ 68-1-311b འཚོ་བའི་དོན་དུ་རྫིང་བུ་དང ། ཁྲོན་པ་བྱས་པ་དེ་དག་སེར་སྣས་ཉམས་པ་དེས་མ་རུངས་པར་བྱས་སམ། ཤིང་སྐམ་འདོད་པའི་ཕྱིར་འདི་ལྟར་འདི་དག་ནི་བདག་གི་ཤིང་བྱའོ་སྙམ་ནས་གཅོད་པར་བྱེད་ཅིང་དེ་དེ་བཞིན་དུ་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་ དགས་ཤིང་གི་ནང་ན་འདུག་པར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལས་ཀྱིས་ཤིང་གསེབ་ཏུ་སྐྱེས་པ་དེ་ཤིན་ཏུ་གྲང་བ་དང་ཚ་བས་གནོད་དེ། ཇི་ལྟར་སྲིན་བུ་ཤིང་སྐམ་གྱི་ནང་དུ་སྐྱེས་པ་ཐམས་ཅད་ནས་གནོད་པ་བཞིན་ནོ། །ཤིན་ཏུ་སྡུག་བསྔལ་བས་ཉམ་ཐག་པ་དེ་གལ་ཏེ་ བརྒྱ་ལ་སྡུག་བསྔལ་དེ་རྩེ་ཞིལ་བར་བྱེད་ན་དེ་ཤིང་སྐམ་གྱི་གསེབ་ན་སྲིན་བུ་མར་ཀོ་ཏ་ཀ་དང ། ་ཤོ་ཏ་ར་རྣམས་ཀྱིས་ཟ་ཞིང་དེའི་ཟས་སུ་འགྱུར་རོ། །གང་ཁ་ཅིག་གིས་བསམས་ནས་གཏོར་མ་གཏོར་ན་དེས་དེའི་སྲོག་འཚོ་བར་བྱེད་དེ། ཡི་དགས་ཀྱི་ཡུལ་དེ་ན་ཇི་ སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཉམས་པར་མ་བྱས་པ་དེ་སྲིད་དུ་སྡུག་བསྔལ་རབ་ཏུ་མི་བཟད་པ་དེ་མྱོང་བར་འགྱུར་རོ། །དེ་ཕྱིས་ཡི་དགས་ཀྱི་ཡུལ་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ཚལ་དང ། རྩཝ་དང ། སྨན་དང ། ནགས་ཁྲོད་དང ། ཤིང་སྐམ་དང ། མེ་ཏོག་གིས་སྲོག་འཚོ་སྟེ། འཚོ་བ་གཞན་ལ་རག་ ལས་ཤིང་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་དགས་ཀྱི་ཡུལ་ན་ཡི་དགས་ལམ་གྱི་བཞི་མདོ་ན་ གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། རྐུན་པོ་གཞན་ལ་གནོད་པ་བྱ་བའི་བློ་དང་སེར་སྣས་ཉམས་པ་གང་གིས་ཟས་དང་སྐོམ་བརྣོགས་ཤིང་དེ་འགྲོན་པོ་དག་གི་ 68-1-312a ཟས་དང་སྐོམ་མ་བྱིན་ནས་དགོད་ལ་དེ་དག་ཀྱང་གནས་དེར་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་རྐུན་པོ་དེ་ལས་ཀྱི་མཐུ་དེས་ཤི་ནས་ལམ་གྱི་བཞི་མདོ་ན་གནས་པའི་ཡི་དགས་སུ་འགྱུར་རོ། །ཕ་རོལ་གྱི་ཡིད་གཅུགས་པ་བཅོམ་པའི་ལས་དེའི་མཐུས་སོག་ལེ་ དག་འབྱུང་བར་འགྱུར་ཏེ།དེ་དག་གིས་ཉིན་གཅིག་བཞིན་དུ་དེའི་ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་དེ་རྣམ་པ་བཞིར་གཅོད་པར་བྱེད། གཤེག་པར་བྱེད། ཡན་ལག་རྣམས་གཏུབ་པར་བྱེད་དོ། །གང་གི་ཚེ་སྐྱེ་བོ་དག་འཇིག་པར་འགྱུར་བ་དེའི་ཚེ་བྱིས་པ་ ཕལ་པ་བྱིས་པའི་རང་བཞིན་ཅན་ལས་དང་འབྲས་བུ་མངོན་པར་མི་ཤེས་ཤིང་འབྲས་བུ་དང་རྒྱུ་ངན་པ་ལ་ལྟ་བ་དེ་དག་དེའི་ཚེ་ལམ་གྱི་བཞི་མདོར་གཏོར་མ་འཐོར་བར་བྱེད་དེ་འདི་ལྟར་འདིས་ནད་པའི་ནད་རབ་ཏུ་ཞི་བར་འགྱུར་རོ་སྙམ་ནས་གཏོར་མ་དེ་ལམ་གྱི་བཞི་མདོ་དེ་དག་ཏུ་འཐོར་ བར་བྱེད་དོ། །དེ་དེས་དགའ་བར་འགྱུར་ཏེ། དེས་སྲོག་འཚོ་བར་འགྱུར་ཞིང་དེས་གནས་པར་འགྱུར་ལ་དེས་སོ་སོར་སྟོན་པར་བྱེད་དེ། ཇི་སྲིད་དུ་དེའི་སྡིག་པའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བཅོམ་ཞིང་སྤངས་ལ་ཟད་པར་ མ་བྱས་པ་དེ་སྲིད་དུ་ཡི་དགས་ཀྱི་ཡུལ་དེར་གནས་སོ། །དེ་ཕྱིས་ཡི་དགས་ཀྱི་འཇིག་རྟེན་དེ་ལས་ཐར་བར་འགྱུར་ཏེ། ཐར་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་དང་མི་རྣམས་དང་སྐལ་བ་མཉམ་པར་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ ལས་ཀྱིས་མིར་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རིགས་ངན་པ་ཕྱུགས་གསོད་པ་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཡི་ དགས་ཀྱི་ཡུལ་ན་ཡི་དགས་བདུད་ཀྱི་རིས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལས་ངན་པས་འཚོ་བ། གཡོས་གཞན་ལ་གནོད་པར་བྱེད་པ། རྒྱུ་ངན་པ་དང་ 68-1-312b ལྟ་བ་ངན་པའི་མཐའ་ལ་དེ་ཉིད་ཡིན་ནོ་བར་མངོན་པར་ཞེན་པ་གང་གིས་ལམ་བཟང་པོ་སུན་པར་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཡི་དགས་བདུད་ཀྱི་རིས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་རྟག་ཏུ་དགེ་སློང་བསམ་གཏན་གྱི་ཟས་ ཀྱིས་གནས་པ་རྣམས་ཀྱི་སེམས་རྙོག་པ་ཅན་དུ་བྱེད། རྣམ་པར་འཚེ་བར་བྱེད། སྒྲ་བོ་ཆེ་འདོན་པར་བྱེད། དེ་རྨི་ལམ་དུ་བགེགས་དག་བྱེད་དེ་དམ་པའི་ཆོས་ལ་སྡང་བ་ནི་བདུད་ཀྱི་དབང་དུ་འགྲོ་བར་འགྱུར་རོ། །དེ་ལྟར་ཡང་དག་པ་མ་ཡིན་པའི་ལམ་དུ་ཞུགས་པ་དེ་ནི་ཚེ་ འདི་ལ་མྱོང་བར་འགྱུར་བ་ཡི་དགས་ཀྱི་ཡུལ་དུ་སྐྱེ་བར་འགྱུར་ཏེ། ཁ་ཟས་ནི་ལྕགས་ཀྱི་ཐུ་ལུམ་ཟ་བར་འགྱུར་རོ། །དེ་དེ་དག་གིས་སྲེག་ཅིང་ཤིན་ཏུ་སྡུག་བསྔལ་བ་མྱོང་བ་ན། ཤིན་ཏུ་སྡུག་བསྔལ་བ་དེ་ལས་སྐྱོ་བར་མི་བྱེད་དེ། དེ་དེ་ནས་ཤི་ནས་སེམས་ཅན་དམྱལ་བའི་ནང་ དུ་སྐྱེ་བར་འགྱུར་རོ། །དེ་ནས་བསྐལ་པ་མང་པོ་ཞིག་གིས་མི་ལུས་ཐོབ་པར་འགྱུར་ཏེ། གལ་ཏེ་བསྐལ་པ་ཁྲིའམ། གལ་ཏེ་བསྐལ་པ་ཉི་ཁྲིས་འཐོབ་ལ། དེ་ལྟར་ངེས་པར་ངན་སོང་གསུམ་རྣམས་སུ་འཚེད་དོ། །སྲེག་གོ། །ཟའོ། །གལ་ཏེ་ཡང་དེ་ནས་ལན་ གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ལོང་བ་དང ། འོན་པ་དང ། ལྐུགས་པ་དང ། དྲན་པ་ཉམས་པ་དང ། ནད་དུ་མས་ ལུས་ཉམས་པ་དང ། ཤིན་ཏུ་དབུལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཡི་དགས་ཀྱི་འཇིག་རྟེན་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འདི་ལྟར་ཡི་དགས་ཀྱི་འཇིག་རྟེན་ལས་ཀྱི་འབྲས་ བུ་རྣམ་པར་སྨིན་པའི་བྱེ་བྲག་གིས་ཡི་དགས་ཀྱི་འགྲོ་བ་རགས་པ་དེ་ཙམ་དག་ནི་མཐོང་ན་འཁོར་འབུམ་ཕྲག་དུ་མ་ནི་མ་མཐོང་སྟེ། གང་རྒྱ་མཚོའི་མཐའི་བར་རྣམས་དང ། གང་རྒྱ་མཚོའི་གླིང་རྣམས་དང ། གང་འཛམ་བུའི་གླིང་རྣམས་དང ། ནུབ་ཀྱི་བ་ལང་སྤྱོད་དང་། 68-1-313a ཤར་གྱི་ལུས་འཕགས་དང ། བྱང་གི་སྒྲ་མི་སྙན་ལ་སོགས་པའི་གླིང་ཆེན་པོ་རྣམས་ཀྱི་བར་ན་གནས་པ་དེ་དག་གི་མིང་གི་རྣམ་གྲངས་ཙམ་ཤེས་སོ། །སྲིན་པོ་དང ། ཤ་ཟ་དང ། གྲུལ་བུམ་དེ་དག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དག་ནི་ ཤིན་ཏུ་ཕྲ་བར་ཤེས་པར་བྱ་སྟེ། གང་ལས་གང་གིས་དེར་སྐྱེས། ཁ་ཟས་ནི་ཅི་ཟ། སྤྱོད་པ་ནི་ཅི་ཡིན། རྒྱུ་ནི་ཅི་ཞིག་ཡིན་སྙམ་མོ། །དེ་དག་གི་གནས་ན་སེམས་ནི་སྤྲེའུ་ལྟར་སྡོམ་པ་མེད་པར་རྣམ་པར་གཡོ་ལ། བ་ལང་གི་རྣ་བ་འགུལ་ཞིང་ལྡོག་པ་ཆུ་ཤིང་ཚལ་དུ་ ཞུགས་ན་རྣ་བ་ཤིན་ཏུ་འགུལ་བ་ལྟར་ནི་རབ་ཏུ་རྒྱུ། བུམ་པ་རྡོལ་བ་ལྟར་ཡུལ་ཐམས་ཅད་ལ་ནི་ཁྱབ། རླུང་ཆེན་པོས་རྡུལ་བསླང་བ་ལྟར་ཤིན་ཏུ་གཡོ་བར་ནི་བྱེད། སེང་གེ་དང་སྟག་དང་སྦྲུལ་གདུག་པ་དག་པས་ཀྱང་ཤིན་ཏུ་གདུལ་ནི་དཀའ། གང་གཡོས་པ་ནི་དེའི་ ཕ་རོལ་ཏུ་འབྲས་བུ་དེ་དང་འཐུན་པར་ཐོབ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཀུན་ནས་ཉོན་མོངས་པ་ལས་ནི་ཀུན་ནས་ཉོན་མོངས་ལ། སེམས་རྣམ་པར་བྱང་བ་ལས་ནི་རྣམ་པར་གྲོལ་བར་འགྱུར་ཏེ་ཤེས་པར་དཀའོ། །སེམས་ནི་རྒྱལ་པོ་འདྲ་ལ། དབང་པོ་རྣམས་ནི་ ཞབས་འབྲིང་བ་ལྟ་བུ་ཡིན་ཏེ། དེ་ལ་རག་ལས་པ་ནི་ལས་ཡིན་ལ། ལས་ལ་རག་ལས་པ་ནི་འབྲས་བུ་ཡིན། འབྲས་བུ་ལ་རག་ལས་པ་ནི་འགྲོ་བ་ལྔ་དག་ཡིན་ནོ། །སེམས་འཁྲུལ་འཁོར་མཁན་འདྲ་ཞིང་ལུས་ནི་འཁྲུལ་འཁོར་འདྲ་ལ། དབང་པོ་རྣམས་དང་དབང་པོའི་ དོན་ནི་སྐུད་པ་འདྲ་སྟེ། །སེམས་མ་དུལ་བ་དེ་ནི་ངན་སོང་དུ་འགྲོ་ལ། ཤིན་ཏུ་དུལ་ཞིང་ལེགས་པར་ཡོངས་སུ་སྦྱང་བ་བྱས་པ་ནི་ལྷ་དང་མིའི་འགྲོ་བར་འགྲོ་བ་དང ། གཡོ་བ་མེད་པའི་གནས་མྱ་ངན་ལས་འདའ་བར་འགྲོའོ་སྙམ་སྟེ། དེ་ལྟར་དགེ་སློང་དེ་སེམས་ཀྱི་རྣམ་པ་ ཤིན་ཏུ་ཕྲ་བ་ལ་རྣམ་པར་དཔྱོད་དོ། །རྣམ་པར་དཔྱད་ནས་འཁོར་བ་རྣམས་ལ་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། སེམས་ཅན་དམྱལ་བ་འཁོར་དང་བཅས་པ་དག་ལ་སྐྱོ་ལ། དེ་ལྟར་ཡང་ཡི་དགས་ཀྱི་འཇིག་རྟེན་དག་ལ་ལྷག་པར་ཤིན་ཏུ་སྐྱོ་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་ 68-1-313b རྟོགས། སྡུག་བསྔལ་འཕགས་པའི་ལམ་རྟོགས་ཤིང་ལམ་བཟང་པོ་དང་ལམ་ལ་གནས་པ་རྟོགས་སོ། །ཡི་དགས་ཀྱི་ལེའུ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་འདི་ལྟར་དགེ་སློང་ལས་ཀྱི་ འབྲས་བུའི་དེ་ཁོ་ན་ཉིད་མཐོང་བ་དེས་སེམས་ཅན་དམྱལ་བ་འཁོར་དང་བཅས་པ་རྣམས་ལ་བརྟགས་ཤིང་འགྲོ་བ་གཉིས་པ་ལ་ཡང་བརྟགས་ནས་འཁོར་བ་མི་བཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་སྟེ་ཡིད་ལ་ཡང་འཇོག་པར་བྱེད་དོ། །འདི་ལྟར་དགེ་སློང་དེ་བདུད་ཀྱི་ཡུལ་ན་མི་ གནས་ཤིང ། དེ་མྱ་ངན་ལས་འདས་པའི་མཐའ་ལ་གནས་ལ་དེའི་སྤྲོ་བ་མི་ལྡོག་སྟེ། འབྲས་བུར་གྱུར་པ་ས་གཞན་བཅོ་ལྔ་པ་ལ་ཞུགས་སོ། །དེ་ཞུགས་པ་དང་ས་བླའི་གནོད་སྦྱིན་དག་དགའ་ནས་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རྣམས་ལ་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ ཆེན་བཞི་རྣམས་ལའོ། །དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པ་རྣམས་ལའོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཀྱང་འཐབ་བྲལ་བ་རྣམས་ལའོ། །འཐབ་བྲལ་བ་རྣམས་ཀྱིས་ཀྱང་དགའ་ལྡན་པ་རྣམས་ལའོ། །དགའ་ལྡན་པ་རྣམས་ཀྱིས་ཀྱང་འཕྲུལ་དགའ་བ་རྣམས་ ལའོ། །འཕྲུལ་དགའ་བ་རྣམས་ཀྱིས་ཀྱང་གཞན་འཕྲུལ་དབང་བྱེད་པ་རྣམས་ལའོ། །དེ་ལྟར་འདོད་པའི་ཁམས་ཀྱི་སྒྲ་དག་གཟུགས་ཀྱི་ཁམས་སུ་ཡང་གྲག་པ་ནས་ཚངས་རིས་ལ་སོགས་པའི་བར་དག་དང ། འོད་གསལ་གྱི་བར་རྣམས་སུ་སྒྲ་གྲག་སྟེ། འདི་ལྟར་ཀྱེ་ལྷ་ དག་འཛམ་བུའི་གླིང་དུ་རིགས་ཀྱི་བུ་ཆེ་གེ་མོ་ཞིག་དང ། གྲོང་མང་གེ་མོ་ཞིག་དང ། གྲོང་ཁྱེར་ག་གེ་མོ་ཞིག་དང ། གྲོང་རྡལ་ཆེ་གེ་མོ་ཞིག་དང ། ཡུལ་མང་གེ་མོ་ཞིག་ན་མིང་ག་གེ་མོ་ཞིག་ཅེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པས་ཁྱིམ་ནས་ཁྱིམ་མེད་ པར་རབ་ཏུ་བྱུང་ངོ ། །དེ་བདུད་ཀྱི་གཞི་དང་ལྷན་ཅིག་གནས་པར་མི་འདོད་ལ་དེའི་ཡུལ་གྱི་དངོས་པོ་ཡང་མི་འདོད། བདུད་ཀྱི་སྡེ་ནི་འཇོམས་པར་བྱེད། བདུད་ཀྱི་གཡོག་ནི་འཇིག་པར་བྱེད། ཉོན་མོངས་པའི་རི་ནི་ཤིན་ཏུ་གཡོ་བར་བྱེད། དམ་པའི་ཆོས་ཀྱི་ལམ་དུ་ནི་འཇུག་པར་བྱེད། 68-1-314a དེའི་འོད་ནི་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ལྟར་ས་གཞན་བཅོ་ལྔ་པ་ལ་ཞུགས་སོ། །དེ་ཐོས་ནས་འོད་གསལ་གྱི་ལྷ་རྣམས་དགའ་སྟེ། ལྷ་གཞན་དག་ལ་སྨྲས་པ། འདི་ལྟར་ཀྱེ་ལྷ་དག་བདག་ཅག་ནི་མཆོག་ཏུ་དགའ་སྟེ། གང་བདུད་ཀྱི་ཕྱོགས་ནི་དམའོ། །དམ་ པའི་ཆོས་ཀྱི་ཕྱོགས་ནི་མངོན་པར་མཐོའོ། །བདུད་ཀྱི་འཁོར་ནི་ཡོངས་སུ་ཉམས་སོ། །དམ་པའི་ཆོས་ཀྱི་ཆུ་བོ་ནི་རབ་ཏུ་འབབ་བོ།། །།མུ་སྟེགས་ཀྱི་མཚོ་ནི་རྣམ་པར་སྐེམས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་རབ་ཏུ་རྩེ་ཞིལ་ལོ། །ཆོས་མ་ཡིན་པའི་ཕྱོགས་ནི་ ཞིག་གོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་རབ་ཏུ་འཕེལ་ལོ། །འཁོར་བ་ནི་འཇིག་སྟེ། ཀྱེ་དེ་དག་བདག་ཅག་གིས་ཐོས་ནས་མཆོག་ཏུ་དགའོ། །དེ་ལྟར་དམ་པའི་ཆོས་ཀྱི་སྒྲ་འོད་གསལ་གྱི་ལྷའི་རིས་ཀྱི་བར་དུ་གཅིག་ནས་གཅིག་ཏུ་གྲག་སྟེ། དགེ་སློང་དེ་བརྩོན་འགྲུས་ནི་བརྩམས་སེམས་ ནི་དགེ་ཞིང་མི་གཡོ་ལ་བརྟན། །གཡོ་མེད་ཅིང་དྲང་པོའི་རང་བཞིན་ཅན་ཡིན་ཏེ། དེ་ལྟར་དེའི་དགེ་བའི་སྒྲ་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་སྔོན་དུ་འདྲེན་པར་གྲག་གོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སེམས་ཅན་དམྱལ་བའི་ལས་ཀྱི་ཆོས་ཀྱི་རྣམ་པར་ སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་སེམས་ཅན་དམྱལ་བ་རྣམས་ཀྱི་འཁོར་བརྒྱ་སུམ་ཅུ་རྩ་དྲུག་གི་ཚེ་རིང་བ་དང་ཚེའི་ལྷག་པའི་ཚད་དང་བཅས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་འགྲོ་བ་གཉིས་པ་ལ་ཡང་རྟོག་པར་བྱེད་དེ། ཡི་དགས་རྣམ་པ་ཡོད་པ་ཡང་མདོར་ བསྡུ་ན་རྣམ་པ་སུམ་ཅུ་རྩ་དྲུག་ཡོད་པ་ལ་རྟོག་པར་བྱེད་དོ། །རིམ་པར་འཁོད་པའི་དེ་དག་གི་དེ་ཁོ་ན་ཉིད་ལ་རྟོག་སྟེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་དུད་འགྲོའི་རྣམ་པ་བྱེ་བ་སུམ་ཅུ་རྩ་བཞི་མཐོང་ནས། འདི་ལྟར་འགྲོ་བ་ལྔ་དག་ནི་སེམས་ཀྱི་ཁ་ན་ལས་ཤིང་རག་ལུས་པ་ ཡིན་ལ་ཕལ་ཆེར་ཀུན་ཀྱང་ཆ་བྱད་དང་གཟུགས་དང་འགྲོ་བ་དང་ཁ་ཟས་སྣ་ཚོགས་འཆང་བ། འཐུན་པ་དང་མི་འཐུན་པ་དང ། སྡང་བ་དང་མི་སྡང་བ་དང ། བཤེས་པ་དང་མི་བཤེས་པ་དང ། ལྷན་ཅིག་སྤྱོད་པ་དང་ལྷན་ཅིག་མི་སྤྱོད་པའི་རིགས་ཅན་དག་ཡིན་ནོ། །དེ་དག་ 68-1-314b གི་ནང་ནས་འདབ་མ་ཡོད་པར་གྱུར་པ་ནི་འདི་ལྟ་སྟེ། རི་དགས་ཀྱི་ཚོགས་དང་བྱའི་ཚོགས་བྱ་རོག་དང་ངང་པ་ལ་སོགས་པ་ཡིན་ཏེ། འཐུན་པ་དང་མི་འཐུན་པར་གྱུར་པ་དག་ནི་འདི་ལྟར་ཝ་དང ། ཁྱི་ལྟ་བུ་སྟེ་དེ་ལ་སོགས་པའོ། །སྡང་བ་དང་མི་སྡང་བ་དག་ནི་འདི་ལྟ་སྟེ། བྱ་རོག་ དང ། འུག་པ་དང ། རྟ་དང ། མ་ཧེ་དང ། སྦྲུལ་དང་ནེའུ་ལེ་ལ་སོགས་པ་ལྟ་བུ་དག་གོ། །དེ་ལ་སྲོག་ཆགས་དག་ལས་གང་གིས་ཆ་བྱད་དང ། གཟུགས་དང ། འགྲོ་བ་དང ། ཁ་ཟས་སྣ་ཚོགས་སུ་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ སྲོག་ཆགས་དག་སེམས་སྣ་ཚོགས་དང ། སྲོག་ཆགས་དག་རག་ལས་པ་དང ། ལས་རྣམ་པ་སྣ་ཚོགས་བྱེད་དེ། དེ་དག་གི་འགྲོ་བ་རྣམ་པ་སྣ་ཚོགས་སུ་འགྱུར་ཞིང་ཁ་ཟས་རྣམ་པ་སྣ་ཚོགས་སུ་འགྱུར་རོ། །དེ་ལ་གང་འཐུན་པ་དང་མི་འཐུན་པའི་རྒྱུ་གང་ཡིན་སྙམ་ནས་དེ་དག་གི་ ལས་ལ་རྣམ་པར་དཔྱོད་དེ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མིར་གྱུར་པ་གང་གིས་ལྟ་བ་ལོག་པའི་བསྟན་བཅོས་བརྗོད་ལ་མཁས་པ་ང་རྒྱལ་ཅན་གཉིས་པས་ཀྱང་བསྟན་བཅོས་ངན་པ་གཉིས་པ་བརྗོད་ན་དེ་གཉིས་ཀྱི་ཐོས་པ་དེ་དོན་མེད་པ་དང ། བདེ་བ་མ་ཡིན་པ་དང ། བདེ་འགྲོར་འགྲོ་བ་མ་ཡིན་ཏེ། བསྟན་བཅོས་ངན་པ་དང་རྒྱུ་ངན་པ་དང་ལྟ་བ་ངན་པའི་མཐའ་དེ་གཉིས་ཀྱིས་ཕན་ཚུན་དགའ་བར་བྱེད་ན་དེ་གཉིས་ཤི་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེའི་ཚེ་འཐུན་པ་དང་མི་འཐུན་པའི་ རྒྱུས་ཕན་ཚུན་རབ་ཏུ་སྡང་བར་འགྱུར་ཏེ་འདི་ལྟ་སྟེ། སྦྲུལ་དང ། ནེའུ་ལེ་དང ། རྟ་དང ། མ་ཧེ་དང ། བྱ་རོག་དང ། འུག་པ་དག་ལྟ་བུའོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ་རྒྱུ་གང་དང་ལས་གང་གིས་དུད་ འགྲོ་དག་ལྷན་ཅིག་སྤྱོད་པའི་གྲོགས་སུ་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འཁོར་བ་ལ་མངོན་པར་ཆགས་པའི་སྦྱིན་བདག་གང་གིས་འདི་ལྟར་ལས་འདིས་ནི་བདག་དུད་འགྲོའི་སྐྱེ་གནས་གཞན་དག་ཏུ་སྐྱེས་ན་ཡང་ཁྱོད་བདག་གི་ཁྱིམ་ཐབ་ 68-1-315a ཏུ་འགྱུར་ཞིང་བདག་ཀྱང་ཁྱོད་ཀྱི་ཆུང་མར་གྱུར་ཅིག་སྙམ་ནས་སྦྱིན་པ་བྱིན་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་བདེ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ་ཤང་ཤང་ཏེའུ་དང ། ཐི་བ་དང ། ངུར་པ་དེ་དག་ལས་ཡོངས་ སུ་བྱས་པའི་རྒྱུས་འཁྲིག་པ་ལ་དགའ་བ་ཡིན་ནོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཝ་ལ་སོགས་པའི་མི་འཐུན་པ་ལ་རྟོག་པར་བྱེད་དེ་དེ་དག་ལས་གང་གིས་ཝ་དང ། ཁྱི་དག་ཏུ་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་ པས་བརྟགས་ན། གང་གིས་མཁས་པ་དང་སྡོམ་པ་དང་ལྡན་པ་རྣམས་ཀྱི་ཁ་ཟས་ཞིམ་པོ་ཕྲོགས་ཤིང་དུས་རྟག་ཏུ་འདོད་པར་སེམས་ལ། བརྣབ་སེམས་ཀྱི་ཤས་ཆེ་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཝ་དག་དང་ འཐབ་འདོད་ཅིང་ཕན་ཚུན་རབ་ཏུ་རྩོད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་རི་དགས་རྣམས་ལ་བརྟགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སྔོན་མིར་གྱུར་ལ་དུང་དང་རྔ་སྒྲ་དག་གིས་སྦུངས་བྱེད་པ་གང་གིས་གྲོང་དང་ གྲོང་ཁྱེར་དང་ཚོང་རྡལ་པ་དག་བསྐྲད་ཅིང་སྒྲ་དེས་ཕ་རོལ་དག་ལ་འཇིགས་པ་བསྐྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་རི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། །ལས་དེའི་མཐུས་སེམས་རྟག་ཏུ་སྐྲག་པར་ འགྱུར་ཞིང་ཇི་ལྟར་གྲོང་དང ། གྲོང་ཁྱེར་དང ། ཚོང་རྡལ་པ་དག་བསྐྲད་ནས་དགོན་པར་བྱས་པ་དེ་བཞིན་དུ་དགོན་པར་གནས་པའམ། ནགས་ཚལ་གྱི་ནང་དུ་གནས་པར་འགྱུར་རོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་ པར་དེ་རྟག་ཏུ་སེམས་སྐྲག་པར་འགྱུར། སེམས་ཤིན་ཏུ་ཞན་པ་དང ། སེམས་རྨོངས་པར་འགྱུར་རོ། །དེས་ཕྱོགས་ཙམ་དུ་དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། དྲ་བ་མང་པོའི་དུད་འགྲོར་འགྱུར་ལ། དེ་ལྟར་ལྷག་མ་ཡང་ལས་ཀྱི་མཐུས་ཕན་ཚུན་མི་འཐུན་ 68-1-315b པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། རྫུས་ཏེ་སྐྱེས་པ་དེ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། མིར་གྱུར་པ་ཆགས་པ་གང་གིས་ཟབ་དར་བྱ་བའི་ཕྱིར། སྲིན་བུ་རྣམས་ཆུའི་ནང་དུ་སྐོལ་བར་བྱེད་དོ། །དེ་དག་བསྐོལ་བ་ན་རྫུས་ཏེ་སྐྱེ་བའི་སྲིན་བུ་གཙུག་ཅེས་བྱ་བ་གཞན་བྱེ་བ་ཚོགས་དུ་མ་དག་སྐྱེ་བར་འགྱུར་ཏེ། ཕྲ་མོ་དེ་དག་མཆོད་སྦྱིན་བྱེད་པས་མཆོད་ སྦྱིན་བྱ་བའི་ཕྱིར་མེར་སྲེག་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་དུད་འགྲོར་རྫུས་ཏེ་སྐྱེ་བ་དར་གྱི་སྲིན་བུ་ལ་སོགས་པ་རྣམ་པ་དུ་མར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། དུད་འགྲོ་དྲོད་གཤེར་ལས་སྐྱེས་པ་དེ་དག་ལས་གང་གིས་སྐྱེས་པར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། མི་ངན་པ་ལྟ་ བ་ལོག་པ་གང་གིས། ནོར་རྫས་འདོད་པའི་ཕྱིར་ཉ་དང་རུས་སྦལ་དང་སྲོག་ཆགས་དྷུན་དུ་གསོད་པ་དག་ས་བརྐོས་ནས་འཇུག་གམ། དེ་བཞིན་དུ་སྲམ་དང་བཅས་པ་གཞན་དག་ཀྱང་ས་བརྐོས་ནས་འཇུག་ཅིང ། དེར་སྲིན་བུ་དྲོད་གཤེར་ལས་སྐྱེས་པ་རྣམས་སྐྱེས་ ལ་དེ་དག་མི་ངན་པ་དེས་མཆོད་སྦྱིན་གྱི་ཕྱིར་རམ། ནོར་རྫས་འདོད་པའི་ཕྱིར་གསོད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་སྲིན་བུ་དྲོད་གཤེར་ལས་སྐྱེ་བ་སྦྲང་བུ་དང ། ཤ \ུ0f72ག་ལ་སོགས་པའི་ནང་དུ་སྐྱེ་བར་འགྱུར་རོ། །སྐྱེ་གནས་གཉིས་པ་ལ་ཡང་དག་པ་གཞན་མ་ཡིན་པའི་ལམ་གྱིས་ལྟ་བ་དང་བློ་གྲོས་གཞན་མ་ཡིན་པ་ཁོང་དུ་ཆུད་པ་ཤིན་ཏུ་ཞིབ་མོས་སོ་སོར་རྟོག་པར་བྱེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ 68-1-316a ཤེས་པ་དེས། དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་དུད་འགྲོ་སྒོ་ང་ལས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་ལ་ལ་འཇིག་རྟེན་པའི་བསམ་གཏན་ཐོབ་པས་འདོད་ ཆགས་དང ། ཞེ་སྡང་དང ། གཏི་མུག་རབ་ཏུ་ཞི་བ་ལས། གལ་ཏེ་རྐྱེན་ཞིག་གིས་ཞེ་སྡང་སྐྱེས་ལ་དེ་ཡིད་ཀྱི་ཉེས་པས་ཡུལ་འཇིག་པར་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། ། དེ་ནས་ཐར་ནས་ཀྱང ། དུད་འགྲོ་སྒོ་ང་ལས་སྐྱེ་བ་བྱ་རྒོད་དང ། ཁཝ་ལ་སོགས་པའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། དེ་རྟག་ཏུ་ཁྲོ་ཞིང་འཇིགས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་ དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་དུད་འགྲོ་མངལ་ནས་སྐྱེ་བའི་ནང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདོད་ཆགས་ལ་ཞེན་ པ་གང་གིས་གསེབ་རྒོད་མ་ལ་གཏོང་བ་དང ། གླང་ཁྱུ་པ་བ་ལ་གཏོང་བ་དང ། ནགས་ཚལ་ལ་མེ་གཏོང་བ་དང ། མི་སྦྱར་པོ་འོས་མ་ཡིན་པ་ལ་བྱེད་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ ནས་ཐར་ནས་ཀྱང ། དུད་འགྲོ་མངལ་ནས་སྐྱེ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་འགྲོ་བ་གསུམ་པར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ལྟར་དགེ་ སློང་དེས་དུད་འགྲོ་རྣམ་པ་བཅུ་གཅིག་ལ་བརྟགས་ན། དེ་ནས་ཡང་ཟས་རྣམ་པ་བཞི། ཁམ་གྱི་ཟས་དང ། ཡིད་ལ་སེམས་པ་དང ། རེག་པ་དང ། དགའ་བ་རྣམས་ལ་རྟོག་པར་བྱེད་ཅིང ། ཟས་རྣམ་པ་བཞིའི་འབྲས་བུ་རྣམ་པར་སྨིན་པ་ལ་རྗེས་སུ་སེམས་ 68-1-316b པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ཚུལ་ངན་པ་དང་ལྡན་པ་ཆོམ་རྐུན་པ་དག་ལ་ཁམ་གྱི་ཟས་བྱིན་ཏེ། འདི་ལྟར་འདི་ཟོ་ལ་བདག་གི་དགྲ་སོད་ཅིག་ཅེས་བྱས་པ་དང ། ཁ་ཟས་ལ་བརྐམ་པས་ཉམས་པ་དེ་དག་གིས་ཀྱང་དེ་ བཞིན་དུ་སྲོག་བཅད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་ལས་དེའི་མཐུས་དུད་འགྲོ་ཁམ་གྱི་ཟས་ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། བ་ལང་དང ། མ་ཧེ་དང ། བོང་བུ་དང ། ཕག་དང ། ཁྱི་དང ། ཝ་དང ། རྔ་མོ་དང ། བལ་གླང་དང ། རྟ་དང ། ལུག་དང ། རི་དགས་དང ། ར་དང ། སྲོག་ཆགས་སྲི་མར་དང ། ཁཝ་དང ། བྱ་རྒོད་དང ། ངང་པ་དང ། སྲོག་ཆགས་ཏི་ཏི་བྷ་དང ། སྐྱར་མོ་དང། སྲོག་ཆགས་རཱ་མ་ དང ། དགོ་བ་དང ། སྲོག་ཆགས་ཀུ་རང་ག་དང ། རི་དགས་མོ་དང ། སྲོག་ཆགས་ཀ་དམ་བྷ་དང ། ནོར་བུའི་མཆུ་དང ། ཤང་ཤང་ཏེའུ་དང ། སྦྲུལ་དག་གནས་ཚེར་མ་ཅན་དང ། ངམ་གྲོག་ལ་སོགས་པ་མཐའ་ཡས་པ་རྣམས་སུ་སྐྱེ་བར་འགྱུར་རོ། །ཕྱོགས་ དག་ལ་ཡང་རབ་ཏུ་དཔྱོད་པར་བྱེད་ཅིང་རེག་པའི་ཟས་ལ་ཡང་རྗེས་སུ་སེམས་པར་བྱེད་དེ། སྒོ་ང་ལས་སྐྱེས་བསྒོ་ང་ལས་སྐྱེ་བར་གཏོགས་ཤིང་འབྱུང་བ་དག་ནི་འདི་ལྟ་སྟེ། བྱ་དང ། ཆུ་ན་གནས་པ་དང ། ཤུག་ཏུ་འབྲེལ་བ་དང ། རྒྱ་མཚོའི་འགྲམ་ནས་སྐྱེ་བ་ དང ། །རྒྱ་མཚོར་སྐྱེས་པ་དང ། ཀླུ་དང ། སྦྲུལ་དང ། ཁུང་ན་གནས་པ་ལ་སོགས་པ་དེ་དག་ལས་གང་གིས་རེག་པའི་ཁ་ཟས་ཟ་བར་འགྱུར་ཞིག་གུ་སྙམ་ནས། དགེ་སློང་དེ་རྣམ་པར་དཔྱོད་པར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། གང་གིས་ཕ་རོལ་དག་ལ་སྦྱིན་པ་སྦྱིན་ནོ་སྙམ་དུ་བསམས་ལ། མ་སྨྲས་པར་ཡིད་ཀྱིས་བྱིན་ཏེ། དེ་འཆི་བའི་དུས་བྱས་ན། དེ་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་བསམ་པ་འབའ་ཞིག་གི་ལས་དེ་ 68-1-317a ཉིད་ཀྱི་མཐུས། དེ་རེག་པའི་ཟས་དེ་ཟ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། དུད་འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ཟས་གསུམ་པ་ཡིད་ལ་སེམས་པ་ཞེས་བྱ་བ་དེས་ སེམས་ཅན་དེ་དག་ཇི་ལྟར་བདག་ཉིད་འཚོ་བར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་སྒོ་ང་ལས་སྐྱེ་བ་ཉ་དང ། ཆུ་སྲིན་མ་ཀ་ར་དང ། ཀུམ་བྷི་ར་དང ། ན་ཀྲ་དང ། ཉ་ཕྱིས་དང ། དུང་ལ་སོགས་པའི་སྒོ་ང་ལས་སྐྱེ་བ་ སྐྱེས་པ་རྣམས་ཡིད་ལ་སེམས་པའི་ཟས་དེས་འཚོ་བར་བྱེད་དོ། །གལ་ཏེ་མའམ། གལ་ཏེ་ཕས་རང་གི་བུ་དྲན་ན་དྲན་པ་དེས་ཚིམ་པར་བྱེད་དེ། དེ་ནས་ཡང་འཕེལ་བར་བྱེད་ཅིང་འཚོ་བར་བྱེད་ལ་ཁ་ཟས་ཀྱི་བྱ་བ་ཡང་བྱེད་དོ། །དེ་ལས་གང་གིས་སྐྱེ་བར་འགྱུར་ སྙམ་ནས་དགེ་སློང་དེ་རབ་ཏུ་དཔྱོད་དེ་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བློ་ཞན་ཅིང་ལས་དང་འབྲས་བུ་དག་མངོན་པར་མི་ཤེས་པ་གང་གིས་གཞན་དག་ལ་འདི་ལྟར་ངས་ཁྱོད་ལ་ཟླ་བ་ཕྱེད་དམ་ཟླ་བ་གཅིག་ན་ནོར་རྫས་ཀྱི་རྣམ་པའམ། ཁ་ཟས་ཀྱི་རྣམ་ པའམ། ནོར་གྱི་དབྱིག་གི་རྣམ་པ་ཆུང་ཟད་སྦྱིན་ནོ་ཞེས་ཁས་བླངས་ལ་དེའི་ཚིག་དེ་དབུལ་པོ་དེས་ཐོས་ནས་དགའ་བར་འགྱུར་ཏེ། འདི་ལྟར་སྦྱིན་བདག་འདིས་བདག་དབུལ་པོ་ལ་ཁས་བླངས་པ་དེ་བདག་ལ་སྦྱིན་པར་བྱེད་དོ་སྙམ་ནས། དེ་ཡིད་མཆོག་ཏུ་དགའ་ ནས་དེ་བཞིན་དུ་ཟླ་བ་ཕྱེད་དམ་ཟླ་བ་གཅིག་གི་དུས་སུ་དེ་འོངས་ནས་དེའི་དྲུང་དུ་ཕྱིན་པ་དང ། མི་ངན་པ་དེས་ཁ་སྟོངས་པར་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དགའ་བ་དང་དགའ་བ་མེད་པའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། འདི་ལྟར་དེས་དེ་ལ་བརྫུན་བྱས་ནས་ཡིད་དགའ་བར་བྱས་པ་དེའི་མཐུས་དེ་ཡིད་ལ་སེམས་པའི་ཟས་འཐོབ་པར་འགྱུར་རོ། །གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་དེའི་བྲན་ཉིད་ 68-1-317b དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་དུད་འགྲོའི་འཇིག་རྟེན་ཁ་ཟས་བཞི་པ་དགའ་བ་ཞེས་བྱ་བ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འདི་ལྟར་དུད་འགྲོའི་ཡུལ་ན་དུད་འགྲོ་ཀུན་ནས་ཉོན་མོངས་ པ་ཅན་གྱི་དགའ་བའི་ཟས་ཀྱིས་འཚོ་བ་ཡོད་དེ། ནགས་ཁུང་ན་སྦྲུལ་པོ་ཆེ་ཨ་ཛ་ག་ར་ཞེས་པ་དགའ་བའི་ཟས་དང་རླུང་ཟ་ཞིང་འཚོ་བ་དང ། སྲོག་ཆགས་ག་ལ་གོ་ལི་ཀ་དང ། རི་ཞོལ་གནས་ཞེས་བྱ་བ་ལ་སོགས་པ་དང་གཞན་ཡང་ཡོད་དེ། དེ་ལ་འོད་གསལ་གྱི་ ལྷ་རྣམས་ཀྱི་དགའ་བའི་ཟས་ནི་གནོད་སེམས་མེད་པའི་དགའ་བའི་ཟས་ཀྱིས་འཚོ་བ་ཡིན་གྱི་དུད་འགྲོའི་དགའ་བའི་ཟས་ནི་འཁོན་གྱི་ལྟ་བ་དང ། འཁོན་དམ་དུ་འཛིན་པའི་སེམས་དང་ལྡན་པ་ཡིན་ན་དེ་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས བྱུང་བའི་ཤེས་པས་བརྟགས་ན། ཞེ་སྡང་གི་ཤས་ཆེ་བའམ། ཞེ་སྡང་གི་རང་བཞིན་ཅན་གང་ཡིན་པ་སྟེ། འཁོན་གྱི་རྒྱུ་དང་འཐུན་པ་དང ། གཏི་མུག་གི་ཤས་ཆེ་བ་དེས་སྲོག་གཅོད་པར་བྱས་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་འཁོན་དང་དགའ་བའི་གཞི་ཡོད་པ་དེས་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། དགའ་བའི་ཟས་དང་རླུང་ཟ་བར་འགྱུར་རོ། །དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་ འཐུན་པར་དེ་རྟག་པར་གློ་བུར་དུ་ཕ་རོལ་དང ། ལྷན་ཅིག་རྒྱུ་མེད་པར་འཐབ་པ་དང་འབྲེལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་རྣམ་པ་གཞན་གྱིས་དུད་འགྲོའི་འཇིག་རྟེན་མཐའ་ཡས་པ་ལ་རྟོག་པར་བྱེད་དེ། ཡང་ཆུའི་ནང་ན་རྒྱུ་བ་དག་ཇི་ལྟར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་བློ་ཞན་ཅིང་རྣམ་པར་ཤེས་པ་ཞན་པ་སྐོམ་གྱིས་གདུངས་བཞིན་དུ་འཆི་བའི་དུས་བྱེད་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ཆུའི་ནང་ན་རྒྱུ་ 68-1-318a བར་འགྱུར་རོ། །དེ་བཞིན་དུ་ཉའི་སྐྱེ་གནས་རྣམ་པ་སྣ་ཚོགས་ཀྱི་ནང་ན་གཅིག་པུ་སྐྱེ་བར་འགྱུར་རོ། །དེ་སྐོམ་གྱིས་གདུངས་ནས་སྲིད་པ་བར་མ་ལ་ཆུ་དེ་མཐོང་བར་འགྱུར་ཏེ། དོན་དུ་གཉེར་བ་དེས་ད་ནི་བདག་འདིར་སྐྱེ་བར་འགྱུར་སྙམ་ནས་སེམས་ བསྐྱེད་མ་ཐག་ཏུ་དེ་ཉིད་དུ་སྐྱེ་བར་འགྱུར་ཏེ། སྲིད་པ་ནི་རྒྱུ་དང་རྐྱེན་གྱིས་འབྱུང་ལ་སྲིད་པའི་ཡན་ལག་ལ་གནས་པ་ནི་དེ་ལྟ་བུ་ཡིན་ནོ། །གང་དེ་སྦྱིན་པ་མ་བྱིན་ཞིང་བསོད་ནམས་མ་བསྒྲུབས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ཆུ་རྟག་ཏུ་དྲོ་བར་འགྱུར་ཞིང ། དེའི་ཁ་ཡོངས་སུ་ སྐམ་པར་འགྱུར་ལ་རེག་པ་བ་ཚཝ་དང་འདྲ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་བྱ་སྐམ་ས་ལ་རྒྱུ་བ་དང ། བར་སྣང་ལ་རྒྱུ་བ་དག་ལ་རྟོག་པར་བྱེད་དེ། ལས་གང་གིས་བྱ་དག་བར་སྣང་ལ་འཕུར་ ཞིང་ནམ་མཁའ་རྟེན་མེད་པ་ལ་རྟེན་པར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་རྫུ་འཕྲུལ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མོས་པས་བསྒྱུར་བ་དང ། ལུས་ཀྱིས་འགྲོ་བ་དང ། ཡིད་ལྟར་མགྱོགས་ པའོ། །དེ་ལ་མོས་པས་བསྒྱུར་བ་ནི་རྫུ་འཕྲུལ་ཅན་དག་གི་ཡིན་ཏེ། ཇི་ལྟར་མོས་པ་དེ་ལྟར་འགྲོ་བ་དང ། གལ་ཏེ་སའི་ཁམས་སུ་རབ་ཏུ་མོས་པ་ན། དེའི་ཚེ་ནམ་མཁའ་སའི་ཁམས་སུ་མཐོང་ནས་འགྲོ་བར་བྱེད་པ་ལྟ་བུའོ། །ལུས་ཀྱིས་འགྲོ་བ་ ནི་ཆོས་ཉིད་ཀྱི་ཁྱད་པར་ལས་གྱུར་པ་སྟེ། བྱ་རྣམས་ལྟ་བུའོ། །ཡིད་ལྟར་མགྱོགས་པ་ནི། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཡིན་ལ། ཡིད་ཀྱིས་ཇི་ལྟར་གཟས་པ་དེ་བཞིན་དུ། གནས་གཞན་དུ་ཕྱིན་པར་བྱེད་པ་ཡིན་ཏེ། དེ་ཡང་ ཁམས་གསུམ་གྱི་ལས་སོ་སོའི་བྱེ་བྲག་གིས། དེ་ལྟར་རྫུ་འཕྲུལ་རྣམ་པ་གསུམ་དུ་འགྱུར་བ་མཐོང་ངོ་།། །། 69-1-1b ༄##། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་གཅིག་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་དུད་ འགྲོའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང ། མི་དང ། ཆུ་དང ། སྐམ་ས་དང ། བར་སྣང་ལ་རྒྱུ་བའི་བྱ་རྣམས་ དང ། རི་དགས་ལ་སོགས་པ་འབྱུང་བར་འགྱུར་ལ། ཅིའི་ཕྱིར་ན་སེམས་ཅན་དམྱལ་བའི་སར་སྡུག་བསྔལ་མྱོང་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ བརྟགས་ན། སེམས་ཅན་དམྱལ་བའི་ས་ན་དུད་འགྲོ་སེམས་ཅན་དུ་བགྲང་བ་དང ། སེམས་ཅན་དུ་བགྲང་བ་མ་ཡིན་པ་སྣ་ཚོགས་དག་མཐོང་ངོ ། །དེར་སེམས་ཅན་དམྱལ་བ་པ་དེ་དག་ སྐྱེ་བ་ན་མེས་སྲེག་ཅིང་བྱ་ལུས་ཕྱིན་ཅི་ལོག་ཏུ་འདུག་པ་གཞན་དེ་དག་བདེ་བར་མཐོང་སྟེ། དེ་དག་འདིར་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་པ་དང ། སེམས་བསྐྱེད་མ་ཐག་ཉིད་དུ་བྱ་དེ་ 69-1-2a རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཇི་ལྟར་སེམས་ཅན་དམྱལ་བ་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྔར་བསྟན་པ་དེ་བཞིན་དུ་བྱ་དེ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་དེ་རྣམས་ནི་ལས་བྱས་ ཤིང་བསགས་པ་མི་འདྲ་ལ་སེམས་ཅན་དམྱལ་བར་གང་དང་གང་དག་འབྱུང་བ་དེ་དག་ཐམས་ཅད་འཇིགས་པ་ཆེན་པོར་མཐོང་སྟེ། སེང་གེ་དང ། སྟག་དང ། འུག་པ་དང ། སྲོག་ཆགས་མར་ཀོ་ཏ་ཀ་དང ། སྦྲུལ་དང་སྦྲུལ་ཆེན་པོ་འཇིགས་འཇིགས་ལྟར་ འདུག་པ་ཆེན་པོ་དག་འབྱུང་བར་འགྱུར་རོ། །སེམས་ཅན་དམྱལ་བ་པ་སེམས་ཅན་དུ་བགྲང་བ་ལ་སེམས་ཅན་དུ་བགྲང་བ་མ་ཡིན་པ་རྣམས་ཀྱིས་གནོད་པར་བྱེད་དེ། དེར་སེམས་ཅན་དུ་བགྲང་བ་ལ་ལས་ཀྱིས་བསྐྱེད་པའི་དུད་འགྲོ་སེམས་ཅན་དུ་བགྲང་བ་མ་ ཡིན་པ་གཞན་དག་གིས་གནོད་པར་བྱས་ཀྱང ། དེ་དག་བདག་ཉིད་ནི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ཡི་དགས་ཀྱི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ཡི་དགས་ལུས་བཀྲེས་ པ་དང་སྐོམ་པས་གདུངས་པ་དེ་དག་གི་འཇིག་རྟེན་ན་དུད་འགྲོ་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་རྣམ་པ་སུམ་ཅུ་རྩ་དྲུག་གང་ཡིན་པ་རྣམས་སུ་སྐྱེ་བར་འགྱུར་རོ། །བྱར་གྱུར་པ་དེ་དག་ནི་མི་ ཡུལ་དུ་བྱར་གྱུར་ལ་དེ་དག་གིས་བྱ་གཞན་འདི་ལྟ་སྟེ། བྱན་ལག་དང ། ནེའུ་ལེ་དང ། བྱ་རོག་དང ། བྱ་རྒོད་ལ་སོགས་པ་དེ་དག་གིས་བསད་ནས་ཟའོ། །དེ་འཆི་བའི་དུས་བྱས་ནས་སྲོག་བཅད་པའི་རྣམ་པར་སྨིན་པས་ཡི་དགས་ཀྱི་འཇིག་རྟེན་ 69-1-2b དུ་བྱར་སྐྱེ་བར་འགྱུར་ཏེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པའི་བྱར་འགྱུར་རོ། །དེ་དག་གི་ཁ་ཟས་ནི་ཡི་དགས་རྣམས་ཀྱི་མིག་ཕྱུང་ནས་ཟ་ལ་གླད་པ་ཡང་འཐུང་ངོ ། །གང་གི་ཚེ་དེ་དག་ཟ་བ་ན། དེའི་ཚེ་ཉེས་པར་བྱས་པའི་ལས་ཀྱིས་རྐང་དང་གླད་པ་དག་ཤིན་ ཏུ་ཚ་སྟེ། བ་ཚཝ་དང་ཟངས་བཞུས་པ་ལྟ་བུར་འགྱུར་རོ། །དེ་ལྟར་དགེ་སློང་དེ་ཡི་དགས་ཀྱི་འཇིག་རྟེན་ན་བྱ་འདུག་པ་དག་ལ་བརྟགས་ནས། འདི་ལྟར་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། ལས་ངན་མི་དགེ་ཚ་བས་འདིར། །རྣམ་པར་སྨིན་པ་ཚ་བ་སྟེ། །གནོད་པ་ ཆེན་པོ་བྱེད་པ་ཡིན། །དེ་ལྟ་བས་ན་སྡིག་པ་སྤོངས། །སེར་སྣས་ཉེ་བར་ཤིན་ཏུ་ཉམས། །ཉེས་བྱས་ལས་ནི་མི་བྱའོ། །སེར་སྣས་ཉམས་པའི་སྐྱེ་བོ་དག་།ཡི་དགས་དུད་འགྲོ་རྣམས་སུ་འགྲོ། །དུད་འགྲོའི་སྐྱེ་གནས་བསྒྲུབས་ནས་སུ། །གཅིག་ལ་གཅིག་ནི་ཁྲོ་བ་དང ། ། འཆིང་ཞིང་གསོད་ལ་ཟ་བར་བྱེད། །དེ་ལྟ་བས་ན་གཏི་མུག་སྤོངས། །གཏི་མུག་གིས་ནི་ཉམས་པའི་སེམས། །ཚུལ་ཁྲིམས་སྦྱིན་པ་རྣམ་སྤོང་བ། །བྱིས་པ་སྲེད་པས་བསླུས་པ་དག་།དུད་འགྲོའི་སྐྱེ་གནས་དག་ཏུ་སྐྱེ། །རུང་དང་མི་རུང་མི་ཤེས་ལ། །བཟའ་དང་མི་བཟའ་ དེ་བཞིན་ཏེ། །དོན་དང་དོན་མིན་ཕྱི་རོལ་གང ། །ཆོས་དང་ཆོས་མིན་འགལ་བར་བྱེད། །དབང་པོ་ལྔ་ནི་བླུན་ཞིང་རྨོངས། །མི་རྣམས་དུད་འགྲོའི་སྐྱེ་གནས་འགྲོ། །དེ་ལྟར་དགེ་སློང་དེ་དུད་འགྲོའི་འཇིག་རྟེན་ལ་ཆུང་ཟད་རྟོག་པར་བྱེད་དེ། དེ་ལྟར་ལས་ཀྱི་ལུ་གུ་རྒྱུད་ ཀྱིས་ཚེ་འབུམ་ཕྲག་དུ་མར་ཉེ་བར་སྦྲེལ་བ་དག་།དེ་ལྟར་སྡུག་བསྔལ་འབུམ་ཕྲག་དུ་མ་དཔག་ཏུ་མེད་པའི་སྡུག་བསྔལ་གྱི་ཀླུང་གིས་སྦྲེལ་ཅིང་དུད་འགྲོར་མངོན་པའི་ལས་དུ་མ་དང ། རྒྱུ་དང་རྐྱེན་དུ་མ་དག་གིས་བསམ་པ་ཕན་ཚུན་འབྲེལ་པ་དག་ནི་གང་རྒྱ་མཚོ་དཔག་ ཚད་བཅུ་ཡོད་པར་འཁོད་དེ། ཉ་དང་ཆུ་སྲིན་མ་ཀ་ར་དང ། ཉ་མིད་དང ། ཆུ་སྲིན་ན་ཀྲ་དང ། དུང་གནས་པ་དག་གིས་དེ་དག་ཕན་ཚུན་འཇིགས་པར་བྱེད་དོ། །དེ་དག་རྨོངས་པའི་སེམས་ཀྱིས་འདོད་ཆགས་སྤྱོད་པར་བྱེད་དེ། རྒྱུ་དེས་རུང་བ་དང་མི་རུང་བ་མངོན་པར་ 69-1-3a མི་ཤེས་པས། དེའི་ཕྱིར་རྒྱ་མཚོའི་གནས་ཟབ་མོར་སྐྱེ་བར་འགྱུར་ལ། བ་ཚཝའི་ཆུ་ཡིས་བསྐོལ་བ། རྟག་ཏུ་སྐོམ་པས་མངོན་པར་གདུངས་པ་དག་ཕན་ཚུན་གསོད་པའི་རྣམ་པས་འཇིགས་པར་འགྱུར་རོ། །རྒྱ་མཚོ་བར་མ་ན་གནས་པ་གང་ཡིན་པ་དེ་དག་ ནི་ཞེ་སྡང་སྤྱོད་པ་དག་ཡིན་ཏེ། དེ་དག་ལྷག་པར་ཞེ་སྡང་གི་རྒྱུས་རྒྱ་མཚོའི་བར་མ་དཔག་ཚད་སྟོང་ཡོད་པ་དེར་ཀླུ་རྣམས་སུ་སྐྱེ་ཞིང་རྟག་ཏུ་གནས་སོ། །ཀླུ་དེ་དག་ཕན་ཚུན་ཁྲོ་བ་དག་སྐྱེད་ཅིང་སེམས་ཁྲོས་པས་འཁྲུགས་ནས་ཕན་ཚུན་དུག་གཏོང་བར་བྱེད་ལ། རྟག་ཏུ་གནོད་ པར་སེམས་པ་ཡིན་ནོ། །དེ་དག་གི་གནས་ནི་ལོངས་སྤྱོད་ལྡན་ཞེས་བྱ་སྟེ། དེ་ལ་དཔག་ཚད་སུམ་སྟོང་ཡོད་ལ། གནས་དེ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཤིན་ཏུ་གང་ངོ ། །གནས་དེ་རྣམས་ན་ཀླུའི་རྒྱལ་པོ་རྣམ་པ་གཉིས་གནས་ཏེ། ཆོས་དང་ལྡན་པ་དང ། ཆོས་དང་ མི་ལྡན་པའོ། །དེ་དག་མིའི་འཇིག་རྟེན་ཐམས་ཅད་ལ་བདེ་བར་བྱེད་པ་དང ། གནོད་པར་བྱེད་པ་ཡིན་ནོ། །གནས་དེའི་ཀླུའི་རྒྱལ་པོ་ཆོས་དང་ལྡན་པ་རྣམས་གང་དུ་གནས་པ་དེར་ཀླུའི་རྡུལ་དག་མི་འབབ་བོ། །གང་དུ་ཆོས་དང་མི་ལྡན་པ་དག་གནས་པ་དེར་ཀླུའི་ རྡུལ་དག་འབབ་པར་འགྱུར་ཏེ། དེ་ཡང་བྱེ་མ་རབ་ཏུ་འབར་བ་འདྲ་ལ་མགོ་ལ་འབབ་བོ། །དེས་ཀླུའི་རྒྱལ་པོ་དེ་དག་ཀུན་གྱི་གནས་རབ་ཏུ་སྲེག་པར་བྱེད་ལ། དེས་ཀླུའི་བུ་སྨད་དུ་གཏོགས་པ་ཐམས་ཅད་ཀྱང་སྲེག་པར་བྱེད་དེ། དེ་ནས་ཡང་འབྱུང་བར་བྱེད་པ་ མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཀླུ་རྣམས་ཀྱི་ཀླུའི་རྡུལ་གྱི་རྒྱུར་གྱུར་པ་དང ། ལས་ལ་རྗེས་སུ་སེམས་པར་བྱེད་དེ། ལས་གང་གིས་ཀླུ་དེ་དག་གི་རྡུལ་དུ་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ བརྟགས་ན། ཁྲོ་བས་ཟིལ་གྱིས་ནོན་ཅིང་བུས་པའི་བློ་ཅན་ནམ། རྨོངས་པའི་བློ་ཅན་གང་གིས་དགེ་འདུན་གྱི་གཙུག་ལག་ཁང་ངམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་མེས་བསྲེགས་ན། དེ་ལུས་དང་བྲལ་ནས་སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་ 69-1-3b འགྱུར་རོ། །དེ་ནས་ཐར་ནས་དུད་འགྲོ་ཀླུ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་སྔོན་མེས་བསྲེགས་པའི་ཉེས་པའི་རྒྱུ་དེས། དེ་ལ་འབབ་པའི་ཕྱིར་ཀླུའི་རྡུལ་འབབ་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་ ཀླུ་རྣམས་ལ་ཀླུའི་བྱེ་མ་མི་འབབ་ཅིང་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་མུ་སྟེགས་སུ་གྱུར་ཅིང་འཇིག་རྟེན་པའི་ཀུན་ནས་ཉོན་མོངས་པའི་ཚུལ་ཅན་ཡིན་ལ། དེ་སྦྱིན་པ་ཚེར་མ་དང་བཅས་པ་ཡང་ བྱིན་ན། སྔ་མ་བཞིན་ཚེར་མ་བདུན་གྱི་ནང་དུ་སྐྱེས་ལ། ཁྲོས་པས་ཀྱང་བསྒྲིབས་ནས་འདི་ལྟར་ཀླུ་རྣམས་ཀྱི་ནང་དུ་སྐྱེ་བར་གྱུར་ཅིག་ཅེས་ཀླུ་རྣམས་ཀྱི་ནང་དུ་སྨོན་ལམ་བཏབ་ན། དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་ལོངས་སྤྱོད་ལྡན་གྱི་ཀླུ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ རོ། །དེར་སྐྱེས་ནས་ཀྱང་ཧ་ཅང་ཁྲོ་བའི་རང་བཞིན་ཅན་དུ་མི་འགྱུར་ལ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པར་འགྱུར་ཏེ། དེ་ལ་ཀླུའི་རྡུལ་དེ་མི་འབབ་ཅིང་མགོ་ལ་ཡང་མི་འབབ་བོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ཀླུའི་འཇིག་རྟེན་ ལ་རྟོག་པར་བྱེད་དེ། ལས་གང་གིས་ཀླུ་རྣམས་ཀྱི་གནས་ལོངས་སྤྱོད་ལྡན་ན། ཆོས་དང་ལྡན་པའི་ཀླུ་དེ་དག་རྣམ་པ་དུ་ཡོད། ཆོས་དང་མི་ལྡན་པ་དེ་དག་རྣམ་པ་དུ་ཡོད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་དུ་ཆོས་དང་ལྡན་པ་དག་གནས་པ་དེར་ ནི་རིན་པོ་ཆེའི་ར་བས་བསྐོར་ཅིང་རིན་པོ་ཆེ་སྣ་བདུན་འབྱུང་ལ། ཀུན་ནས་འོད་འབྱུང་སྟེ། ལྟེང་ཀ་དང ། འབབ་ཆུ་དང ། ུད་པ་ལ་ཕུན་སུམ་ཚོགས་པ་ནི་སྐྱེ། བདུད་རྩིའི་ཁ་ཟས་ལ་ནི་ཟ། རྟག་ཏུ་བདེ་བ་ལ་ནི་གནས། ལུས་མེ་ཏོག་དང ། ཕྱེ་མ་དང ། བྱུག་པས་ནི་ བརྒྱན། མགོ་སྦྲུལ་དུ་འདུག་པ་ཁོ་ནར་ཟད་ལ། གཞན་དུ་ན་འདོད་པའི་གཟུགས་ཅན་དུ་འགྱུར་ཏེ། གང་དུ་རབ་ཏུ་འགྲོ་བར་འདོད་པ་དང ། གང་དུ་རྣམ་པར་རྒྱུ་བར་འདོད་པ་དེར་སོ་སོར་གནས་པར་བྱེད་དོ། །དེ་ལ་ཀླུའི་རྒྱལ་པོ་འདི་རྣམས་ནི་ཆོས་དང་ལྡན་པ་ཡིན་ཏེ། འདི་ 69-1-4a ལྟ་སྟེ། མགོ་བདུན་པ་དང ། གླང་པོའི་གདོང་དང ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། དེ་བཞིན་དུ་ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་བཟང་ལྡན་དང ། ཀླུའི་རྒྱལ་པོ་སྐྱེད་པ་དང ། ཀླུའི་རྒྱལ་པོ་མི་འཇོམས་པ་དང ། ཀླུའི་རྒྱལ་པོ་སྤྲིན་ ཕྲེང་ཅན་དང ། ཀླུའི་རྒྱལ་པོ་འཁྱིལ་པ་དང ། ཀླུའི་རྒྱལ་པོ་ཀུན་འགྲོ་དང ། ཀླུའི་རྒྱལ་པོ་རབ་སྤྲོ་སྟེ། ཀླུའི་རྒྱལ་པོ་འདི་རྣམས་ནི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །དེ་རྣམས་ནི་ལོ་ལེགས་པར་བྱ་བའི་ཕྱིར་དུས་སུ་འབབ་པའི་ཆར་མི་ཉུང་བར་བདེ་ བར་འབེབས་པར་བྱེད་ལ། དུས་མ་ཡིན་པར་འབྱུང་བའི་སེར་བ་དང ། སྤྲིན་དང ། རླུང་དག་གཏོང་བར་མི་བྱེད་དོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དད་ཅིང་དད་པས་རྗེས་སུ་འཇུག་པ་ཡིན། སངས་རྒྱས་ཀྱི་སྐུ་གདུང་སྲུང་ལ། ཀླུའི་རྡུལ་དང་བྲལ་ བས་ཤིན་ཏུ་བདེ་བ་ཡིན་ནོ། །དེ་ཡང་མིའི་གནས་བཞི་ལ་འདི་ལྟ་སྟེ། འཛམ་བུའི་གླིང་དང་།ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ལུས་འཕགས་དང ། བྱང་གི་སྒྲ་མི་སྙན་རྣམས་སུ་ཆར་འབེབས་པར་བྱེད་དེ། གང་གི་ཚེ་དགེ་སྦྱོང་དང ། བྲམ་ཟེ་དག་ཆོས་དང་ལྡན་ ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་འབྱུང་བ་དེའི་ཚེ། ཆོས་ཀྱི་བྱེ་བྲག་གིས་ཀླུའི་རྒྱལ་པོ་ཆོས་དང་ལྡན་པ་དག་སྟོབས་རབ་ཏུ་ཆེ་བར་འགྱུར་ཏེ། དེའི་ཚེ་ཆར་ལེགས་པར་འབེབས་པར་བྱེད་ཅིང་དེའི་ཚེ་ལོ་ལེགས་པར་འགྱུར་ལ། དྲི་དང་རོ་ཁ་དོག་ཕུན་སུམ་ཚོགས་པར་འགྱུར། འགྲོ་བ་དང ། དུག་དང ། རླུང་གཞན་གྱིས་གནོད་པར་བྱེད་པར་མི་འགྱུར་ཞིང ། འབྲས་བུ་བཟང་པོ་འབྱུང་བར་འགྱུར་ལ། ཉི་མ་དང་ཟླ་བའི་འོད་དག་གིས་གནོད་པར་མི་འགྱུར། ཀླུའི་རྒྱལ་པོ་ཆོས་དང་ལྡན་པ་རྣམས་ནི་ཀླུའི་གདུག་པ་དང་རླུང་དག་གཏོང་བར་མི་བྱེད་ དོ། །འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་སྲོག་གི་བར་ཆད་ནི་རྒྱུ་བཞིས་བྱེད་དེ། འདི་ལྟ་སྟེ། ལོ་ཉེས་དང ། མཚོན་གྱིས་འཁྲུགས་པ་དང ། དུག་དང ། རླུང་གིས་རེག་པ་དང ། ཆུའི་ཉེས་པའོ། །དེ་ལ་གལ་ཏེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་ 69-1-4b དག་འབྱུང་ན། ཆོས་དང་ལྡན་པའི་ཀླུ་དེ་དག་སྟོབས་དང་ལྡན་པར་འགྱུར་ཏེ། དེ་དག་སྤྲིན་ངན་པ་དག་སྤྲུལ་པར་མི་བྱེད་ཅིང ། དེ་དག་སྤྲིན་ངན་པ་དང་འདུ་བར་མི་བྱེད་ལ། རླུང་ངན་པ་དག་གཏོང་བར་མི་བྱེད་དོ། །དེ་ཆུ་བོ་དག་ལ་གནོད་པར་མི་བྱེད་ཅིང་ཆུ་བཟང་པོས་འབྲུ་རྣམས་ ལེགས་པར་སྐྱེད་དེ། མེ་ཏོག་དང་འབྲས་བུ་དག་རོ་བྲོ་བ་དང ། མདོག་བཟང་བ་དང ། དྲི་དང་རོ་ཕུན་སུམ་ཚོགས་པར་འབྱུང་ངོ ། །དེས་སེམས་ཅན་རྣམས་དགའ་བར་བྱེད་ལ། ནད་དག་དང་བྲལ་ཞིང་ཁམས་རྣམས་སྟོབས་དང་ལྡན་པར་འགྱུར། དེ་དག་ཡང་ལས་ལེགས་པ་དག་ བྱེད་ལ། དེ་དག་སེམས་ཅན་རྣམས་ཀྱི་དབང་གི་འབྲས་བུ་ཡང་འབྲུ་རྣམས་ཕུན་སུམ་ཚོགས་པར་བྱེད་དེ། དེ་ལྟར་རིམ་གྱིས་འཛམ་བུའི་གླིང་གི་མི་རྣམས་ལ། ཀླུ་དག་གཅེས་སྤྲས་སེམས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ ཤེས་པ་དེས་འཛམ་བུའི་གླིང་སོ་སོར་ཤེས་པར་བྱས་ནས། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལ་རྗེས་སུ་སེམས་པར་བྱེད་དེ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དག་ཇི་ལྟར་ཀུན་ཏུ་སྲུང་བར་བྱེད་ཅིག་གུ་སྙམ་མོ། །གླིང་དེར་མི་ཡིད་ཤིན་ཏུ་འཇམ་པ་དག་འབྱུང་བར་འགྱུར་ལ། དེ་དག་ལ་བར་ཆད་གཅིག་འབྱུང་བ་ནི་འདི་ལྟ་སྟེ་ཆུ་རྙོག་པ་ཅན་ཡིན་ཏེ། དེས་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་དུས་ཉེ་བར་འདུམས་པར་བྱེད་དོ། །ཀླུའི་རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དེ་དག་སྤྲིན་ལྡང་བར་མི་བྱེད་ཅིང་ངམ་གྲོག་དང ། གཡང་ས་དང་རི་བོ་མི་ བཟད་པ་རྣམས་ལ། དེ་དག་ཆུ་རྙོག་པ་ཅན་མི་འབེབས་ལ། ཀླུ་རྣམས་ཀྱི་མཐུས་ཆུ་རྙོག་པ་མེད་པར་བྱས་པས། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་བདེ་བར་གནས་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ཤར་གྱི་ལུས་འཕགས་གླིང་ལ་རྟོག་ པར་བྱེད་དེ། ཀྱེ་མ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་ཀླུ་དག་ཤར་གྱི་ལུས་འཕགས་གླིང་བདེ་བར་བྱ་བ་ལ་ཇི་ལྟར་འབད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ལ་གློག་གི་འཇིགས་པ་དང ། སྒྲའི་ 69-1-5a འཇིགས་པས་བར་ཆད་འབྱུང་བར་འགྱུར་ཏེ། དེ་དག་གང་གི་ཚེ་གློག་མཐོང་བ་དང ། སྒྲ་ཐོས་པ་དེའི་ཚེ་སེམས་ཤིན་ཏུ་འཇམ་པ་དག་ལ་ནད་འབྱུང་བར་འགྱུར་རོ། །གང་གི་ཚེ་དེར་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་ཀླུའི་བདག་པོ་དག་སྒྲ་ཡང་ མི་འབྱིན། གློག་ཀྱང་མི་གཏོང་སྟེ། དེའི་ཚེ་ཀླུའི་བདག་པོ་རྣམས་ཀྱིས་ཤར་གྱི་ལུས་འཕགས་ཀྱི་མི་རྣམས་ལ་ནད་འབྱུང་བར་མི་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་གནོད་པ་ལ་རྗེས་སུ་ སེམས་པར་བྱེད་དེ། ཀྱེ་མ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་གནོད་པ་ཇི་ལྟར་འབྱུང་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བྱང་གི་སྒྲ་མི་སྙན་པ་རྣམས་ལ་རླུང་གྲང་མོས་གནོད་པར་བྱེད་དེ། སྤྲིན་ནག་པོས་གནོད་པ་དང ། རླུང་གྲང་མོས་ མེ་ཏོག་དེ་དག་ཞུམ་པར་འགྱུར་ལ། དྲི་མི་ཞིམ་པར་འགྱུར། དེ་ནས་དེ་དག་ཡིད་མི་དགའ་བ་སྐྱེ་སྟེ། སྤྲིན་ནག་པོའི་རྐྱེན་གྱིས་བྱ་དག་སྐད་མི་སྙན་པ་འབྱིན་ལ། པི་བང་དང ། རྫ་རྔའི་སྒྲ་ཡང་མི་སྙན་པར་འགྱུར་རོ། །རི་ཀུན་ཏུ་སྣང་བྱེད་ལ་སོགས་པ་ལ་གནས་པ་ རྣམས་ལ། དེ་ལྟར་ཀླུས་བྱས་པ་དག་གིས་གནོད་པར་བྱེད་དོ། །གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་རྒྱལ་པོ་འབྱུང་བ་དེའི་ཚེ་རླུང་གྲང་མོ་དག་འབྱུང་བར་མི་འགྱུར་ལ། སྤྲིན་ནག་པོ་ཡང་འབྱུང་བར་མི་འགྱུར་རོ། །དེ་ལྟར་མིའི་གནས་བཞི་དག་ལ་ཀླུའི་རྒྱལ་ པོ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་བདེ་བ་སྒྲུབ་པར་བྱེད། ཕན་པ་སྒྲུབ་པར་བྱེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་ པར་མི་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཇི་ལྟར་ཀླུའི་གནས་ལོངས་སྤྱོད་ལྡན་ན། ཀླུ་རྣམས་ཀྱི་རྒྱལ་པོ་ཆོས་དང་མི་ལྡན་པ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་རབ་འཇོམས་དང ། ཀླུའི་རྒྱལ་པོ་བསྒྱིངས་པ་དང ། ཀླུའི་རྒྱལ་པོ་ནག་པོ་དང ། ཀླུའི་ 69-1-5b རྒྱལ་པོ་ཧུ་ལུ་ཧུ་ལུ་སྟེ། དེ་དག་རྒྱ་མཚོ་བར་མ་ལོངས་སྤྱོད་ལྡན་ན་གནས་སོ། །ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པར་མི་བྱེད་པ་དེ་དག་གི་མཐུ་ཇི་ལྟ་བུ་ཡིན་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གི་ཚེ་དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་ འཛིན་པའི་སྐྱེ་དགུ་དག་འབྱུང་བ་དེའི་ཚེ། ཀླུ་དེ་དག་གི་དབང་དུ་འགྱུར་རོ། །དེའི་ཚེ་དེ་དག་འཛམ་བུའི་གླིང་དུ་སེམས་གདུག་ཅིང་ལུས་ལས་དུག་མང་པོ་འབྱུང་བར་བྱེད་དེ། དེ་དག་སྤྲིན་ངན་པའི་ནང་ན་རྒྱུ་ཞིང་དུག་གི་ཤིང་ལྗོན་པ་འབྱུང་བར་བྱེད་དེ། དེ་དག་གིས་རླུང་མ་རུང་བར་བྱེད། རླུང་ དེས་ཆུ་མ་རུང་བར་བྱེད། ཆུ་མ་རུང་བར་བྱས་པ་དེས། འབྲུའི་ཚོགས་ཤིན་ཏུ་མ་རུང་བར་བྱེད་དེ། ཁ་ཟས་དེ་ཟོས་པ་ལས་ནད་དག་རབ་ཏུ་འཁྲུག་པར་བྱེད་དོ། །འབྲུ་མ་རུང་བར་བྱས་པ་དེས་ཚེ་དག་ཐུང་བར་འགྱུར་ཏེ། དེ་ལྟར་རྒྱལ་པོ་ཉེས་པ་ཆེ་ཞིང་སྡང་བས་ཀྱང་ཕན་ཚུན་གསོད་པ་དག་ བྱེད་དོ། །དེ་ནས་ཉེས་པ་དེས་འཛམ་བུའི་གླིང་གི་མི་དག་རབ་ཏུ་ཉུང་བར་འགྱུར་ཏེ། རྐྱེན་འདིས་ཀླུ་མ་རུངས་པ་རྣམས་བར་ཆད་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཀླུའི་རྒྱལ་པོ་ལ་སོ་སོར་རྟོག་པར་བྱེད་དེ། ཆོས་དང་མི་ ལྡན་པའི་རྒྱལ་པོ་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་བར་ཆད་ཇི་ལྟར་བྱེད་ཅིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གི་ཚེ་མི་རྣམས་ཀྱི་རྒྱལ་པོ་ཆོས་དང་མི་ལྡན་པ་དེ་དག་འབྱུང་བ་དེའི་ཚེ། ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་ མི་འཇུག་པ་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་ངམ་གྲོག་དང ། གཡང་ས་དང ། རི་བོའི་རྩེ་མི་བཟད་པ་རྣམས་ལ་ཆར་དབྱུག་པ་ལྟ་བུ་འབེབས་པར་བྱེད་དེ། ཆར་པའི་ཆུ་དེས་ཆུ་རྙོག་པ་ཅན་དུ་བྱེད་དོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་དེ་ལ་འཐུང་བར་བྱེད་དེ། བར་ཆད་བྱེད་པའི་རྒྱུ་ ནི་འདི་ཡིན་ནོ། །དགེ་སློང་དེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལ་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་བརྟགས་ནས། ནང་གི་སོ་སོར་རིག་པར་བྱེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཤར་གྱི་ལུས་འཕགས་གླིང་ལ་རྟོག་པར་བྱེད་དེ། དེས་ 69-1-6a ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གི་ཚེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་སྐྱེ་དགུ་དག་འབྱུང་བ་དེའི་ཚེ་ཀླུའི་བདག་པོ་མ་རུངས་པ་དག་གི་སྟོབས་རབ་ཏུ་ཆེ་བར་འགྱུར་རོ། །དེ་དག་ཤར་གྱི་ལུས་འཕགས་གླིང་དུ་སྒྲ་རབ་ཏུ་ཆེན་ པོར་འབྱིན་ཏེ། འདི་ལྟ་སྟེ། རི་ཆེན་པོ་སྙིལ་བ་ན་སྒྲ་འབྱུང་བ་དེ་ལྟ་བུ་དེ་དག་ཐོས་ནས། ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱི་སྙིང་ཤིན་ཏུ་འཇམ་པར་མི་འགྱུར་ཏེ། དེ་དག་ཁ་ཅིག་ནད་ཀྱིས་འདེབས་སོ། །དེ་བཞིན་དུ་གློག་ཀྱང་འབྱིན་ཏེ། འདི་ལྟར་ཕྱོགས་བཅུ་ཐམས་ ཅད་འབར་བའི་ཕྲེང་བས་འཁྲུགས་པར་འགྱུར་ཞིང་སྤྲིན་གྱི་ནང་དུ་ཞུགས་པའི་ཀླུ་དེ་དག་གཟུགས་འཇིགས་འཇིགས་ལྟར་བསྒྱུར་བ། མིག་ནི་ཤིང་རྟའི་འཁོར་ལོ་ཙམ། གཟུགས་ནི་རི་ནག་པོ་འདྲ་ལ་མགོ་གསུམ་པོ་ལས་མེ་ཐམས་ཅད་གཏོང་ཞིང་ཁྱིའི་གཟུགས་དང ། སྦྲུལ་གྱི་ གཟུགས་ཏེ། གཟུགས་དུ་མ། གཟུགས་མི་བཟད་པ་དག་མཐོང་ངོ ། །དེ་དག་མཐོང་ནས་ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱི་བར་ཆད་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། མཐོ་རིས་ལས་གཞན་པ་མཐོ་རིས་ ཀྱི་འཇིག་རྟེན་གཉིས་པ་ལྟ་བུ། བྱང་གི་སྒྲ་མི་སྙན་གྱི་གླིང་ལ་རྟོག་པར་བྱེད་དེ། ཀླུའི་བདག་པོ་མ་རུངས་པ་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ཇི་ལྟར་གནོད་པ་སྐྱེད་པར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ སྔ་མ་བཞིན་དུ་པད་མ་དང ། རྟག་ཏུ་མེ་ཏོག་རྒྱས་པ་དང ། རྟག་ཏུ་དྲི་ཞིམ་པ་དང ། མཆོག་ཏུ་ཉམས་དགའ་བ་དག་ཡིན་ཏེ། དེ་དག་མཐོང་ནས་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་འགྲངས་པ་དང ། དགའ་བར་འགྱུར་རོ། །གང་གི་ཚེ་དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་འཛིན་ པའི་སྐྱེ་དགུ་དག་འབྱུང་བ་དེའི་ཚེ། ཀླུ་མ་རུངས་པ་དག་གིས་བྱང་གི་སྒྲ་མི་སྙན་དུ་སྤྲིན་སྟུག་པོ་རི་ལྟ་བུ་དག་འབྱིན་པར་བྱེད་དེ། དེ་དག་བྱུང་མ་ཐག་ཏུ་ཉི་མ་སྒྲིབ་པར་བྱེད་དོ། །དེས་བསྒྲིབས་པའི་སྐྱོན་གྱིས་པད་མ་དག་ཞུམ་པར་འགྱུར་ཞིང་དྲི་མི་ཞིམ་པར་འགྱུར་ལ་ཉི་མ་བཞིན་དུ་གསལ་ 69-1-6b བར་མི་འགྱུར་རོ། །དེ་དག་ཞུམ་པ་ཙམ་གྱིས་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཡིད་དམན་པར་འགྱུར་རོ། །སྤྲིན་དང་རླུང་ཡང་གཏོང་བར་བྱེད་ལ་དེས་པི་བང་དང ། རྫ་རྔ་རྣམས་ཀྱི་སྒྲ་མི་སྙན་པར་འགྱུར་ཏེ། དེ་ལྟར་མིའི་གནས་བཞི་ལ་ཀླུ་རྣམས་བར་ཆད་བྱེད་པ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། གླིང་བཞིའི་ནང་ན་བཟང་བ་དང ། བཟང་བ་མ་ཡིན་པ་དག་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་བྱང་གི་སྒྲ་མི་སྙན་གྱི་ནི་བདེ་བ་མངོན་དུ་ཆེ་བ་ཡིན་ལ། མིའི་གནས་གསུམ་དག་ནི་ མ་ཡིན་ནོ། །འཛམ་བུའི་གླིང་དུ་ཇི་ལྟ་ཇི་ལྟར་ཆོས་དང་ལྡན་པ་དང ། ཆོས་དང་མི་ལྡན་པའི་སྐྱེ་དགུ་འབྱུང་བ་དེ་ལྟ་དེ་ལྟར་འཕེལ་བ་དང ། འགྲིབ་པ་དང ། བདེ་བ་དང ། སྡུག་བསྔལ་བ་དག་ཡོད་དེ། གླིང་གསུམ་གྱི་ནང་ན་འདི་ནི་ལས་ཀྱིས་ཡིན་ནོ། །འདིར་ནི་དགེ་ བ་བཅུའི་ལས་ཀྱི་ལམ་དག་སེམས་པ་ཡིན་ཞིང ། འདིར་ནི་སངས་རྒྱས་འབྱུང་བ་ཡིན་ལ། འདིར་ནི་མིའི་གནས་བཞི་དག་གི་རག་ལས་པ་ཡིན་ཏེ། འདིར་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ངེས་པར་སེམས་ཤིང་རྣམ་པར་དཔྱོད་པ་ཡིན། འདིར་ནི་ཚངས་པར་སྤྱོད་ པའི་གནས་ཡིན། འདིར་ནི་འཆི་བ་དང་སྐྱེ་བ་སེམས་པ་ཡིན། འདིར་ནི་རྡོ་རྗེ་ལས་བྱས་པའི་རྡོ་རྗེའི་གདན་ཡོད་དེ། གང་འཛམ་བུའི་གླིང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་འབིགས་པ་འཁོར་བ་ཐམས་ཅད་ན་མེད་ལ་རྡོ་རྗེའི་གདན་ཟིལ་གྱིས་གནོན་པ་ཡང་མེད་དེ། སངས་རྒྱས་ བཅོམ་ལྡན་འདས་གང་ལ་གནས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་རྒྱུ་འདིས་ན་འཛམ་བུའི་གླིང་འདིར་འཁྲུངས་ཏེ། རྒྱུ་གང་དང་བྱང་ཆུབ་ཐོབ་པར་བྱེད་པ་དགེ་བའི་རྩ་བའི་གྲངས་ཀྱི་རྒྱུན་གང་ཡིན་པ་དེ་ནི་རིའི་རྒྱལ་པོ་རི་རབ་ཀྱིས་ཀྱང་ཡང་དག་པར་གཟུང་བར་མི་ནུས་ན་ས་ཕྱོགས་ གཞན་ལྟ་སྨོས་ཀྱང་ཅི་དགོས། གང་གིས་འཛམ་བུའི་གླིང་འདིར་སངས་རྒྱས་འབྱུང་བའི་རྒྱུ་ནི་འདི་ཡིན་ཏེ། འདིར་དེ་གཉའ་ཤིང་གི་བུ་གར་རུས་སྦལ་འཇུག་པ་ལྟ་བུར་འཁྲུང་གི་།གླིང་གཞན་དུ་ནི་མ་ཡིན་ཏེ། དེའི་རྒྱུ་ནི་དེ་ཡིན་རྐྱེན་ནི་དེ་ཡིན་ནོ། །གང་མིའི་གནས་བཞི་ 69-1-7a ལ་ཀུན་གྱི་གཙོ་བོ་ནི་འཛམ་བུའི་གླིང་འདི་ཡིན་ཏེ། གླིང་གཞན་དག་ནི་མ་ཡིན་ནོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་ཞིང་ཆོས་དང་འཐུན་ པར་མི་བྱེད་པ་རྣམས་སྦལ་པ་ཟ་བ་དང ། བྱེ་མ་ཟ་བ་དང ། རླུང་ཟ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྔོན་མིར་གྱུར་པའི་ཚེ་གང་གིས་བུ་དང་ཆུང་མ་རྣམས་བཀོལ་ཏེ། བཙན་སྣོགས་བྱེད་ལ། བུ་སྨད་ནི་འགྲམ་ཆུ་ལངས་ཏེ། རེ་བཞིན་ དུ་ལྟ་བ་དང ། དེ་བདག་གཅིག་པུ་ཟས་མང་པོ་ཟ་ལ། བུ་སྨད་ལ་ནི་ཁ་ཟས་ངན་པ་སྦྱིན་པར་བྱེད་པ་ལས། དེ་ལུས་དང་བྲལ་བའི་འོག་ཏུ་ཀླུའི་སྐྱེ་གནས་སུ་སྐྱེ་ལ་ཟས་སུ་སྦལ་པ་ཟ་བ་དང ། བྱེ་མ་ཟ་བ་དང ། རླུང་ཟ་བ་མཐོང་སྟེ། ལས་དང་འདྲ་བར་འབྲས་བུ་སྨིན་པའི་ཕྱིར་རོ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལས་གང་གིས་ཀླུ་དེ་རྣམས་ཆར་འབེབས་པར་བྱེད། ལས་གང་གིས་སེར་བ་འབེབས་པར་བྱེད་ཅིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གལ་ཏེ་ ཆོས་དང་མི་ལྡན་པའི་ཀླུའི་རྒྱལ་པོ་རྣམས་འཁྲུགས་ན་གཅིག་ལ་གཅིག་བསྙོགས་ཏེ། ཁྲོས་པས་ཆར་སྤྲིན་བསྒྲུབས་ནས། ཆར་འབེབས་པར་བྱེད་ཅིང་གནོད་པའི་སྤྲིན་དང་རླུང་དང་སེར་བ་དང་ལྡན་པའི་ཆར་དྲག་པོ་དག་འབེབས་པར་བྱེད་ལ། དེས་ན་ཞིང་ལ་ནས་དང་འབྲས་དང་ འབྲུ་ཐམས་ཅད་མ་རུང་བར་བྱེད་དེ། དེ་ལྟར་གནོད་པའི་ཆར་འབེབས་པར་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ཀླུ་རྣམས་འཛམ་བུའི་གླིང་དུ་རྙེད་པ་དང་ལྡན་པར་བྱ་བའི་ཕྱིར་བུ་རམ་ཤིང་ གི་ཚལ་དང ། ཞིང་ལ་ནས་དང་གྲོ་དང ། འབྲུ་རྣམས་འཕེལ་བར་བྱ་བའི་དོན་དུ་བདེ་བར་བྱེད་པའི་ཆར་ཇི་ལྟར་འབེབས་པར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་རྣམས་ཀྱི་དབང་གི་འབྲས་བུས་སྐྱེ་བོ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ 69-1-7b ཕྱིར་ཀླུའི་རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་དང་འཐུན་པར་བྱེད་པ་རྣམས་འབྱུང་བར་འགྱུར་ཏེ། དེ་དག་གིས་འབྲུ་མོད་པར་བྱ་བའི་ཕྱིར་ཆར་འབེབས་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། རྒྱ་མཚོ་ དང་རྒྱ་མཚོའི་ཆུ་ལག་དག་ན། ཀླུ་ཇི་སྙེད་ཅིག་གནས་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གལ་ཏེ་འཛམ་བུའི་གླིང་པའི་མི་རྣམས་ཕལ་ཆེར་ཆོས་དང་མི་ལྡན་པར་གྱུར་ན། དེའི་ཚེ་ཆོས་དང་མི་ལྡན་པ་རྣམས་རྒྱ་མཚོའི་ཆུ་ལག་དག་ཏུ་ཀླུ་གྲངས་མེད་པར་སྐྱེ་བར་ འགྱུར་རོ། །གལ་ཏེ་ཕལ་ཆེར་ཆོས་དང་ལྡན་ན་ནི་ཀླུ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་འབྱུང་བར་འགྱུར་ཏེ། དེ་དག་རྒྱ་མཚོའི་ཆུ་ལག་བཞི་པོ་དག་ཏུ་རྒྱུ་བར་འགྱུར་རོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ཀླུའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། དེས་རྒྱ་མཚོའི་ ཆུ་ལག་དང་བཅས་པའི་རྒྱ་མཚོའི་ནང་གི་ཀླུའི་གྲོང་ཁྱེར་ལོངས་སྤྱོད་ལྡན་ཞེས་བྱ་བ་ལ་བརྟགས་ནས། རྒྱ་མཚོའི་གཏིང་གི་ས་གཞི་ལ་རྟོག་པར་བྱེད་དེ། རྒྱ་མཚོའི་གཏིང་གི་ས་གཞི་ལ་སུ་དག་གནས་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་དང་ འགྲན་པའི་ལྷ་མ་ཡིན་ཞེས་བྱ་བ་དག་གནས་སོ། །དེ་དག་མདོར་བསྡུ་ན་རྣམ་པ་གཉིས་ཏེ།ཡི་དགས་ཀྱི་འགྲོ་བར་གཏོགས་པ་རྣམས་དང ། དུད་འགྲོའི་འགྲོ་བར་གཏོགས་པ་རྣམས་སོ། །དེ་ལ་ཡི་དགས་ཀྱི་འགྲོ་བར་གཏོགས་པ་རྣམས་ནི་བདུད་ཀྱི་རིས་ཀྱི་ཡི་དགས་རྣམས་དང ། ཡི་དགས་རྫུ་འཕྲུལ་ཆེན་པོ་རྣམས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་གང་ཡིན་པ་དེ་དག་ནི་རྒྱ་མཚོའི་གཏིང་གི་ས་གཞི་ལ་གནས་ཏེ། རི་རབ་ཀྱི་རྟེན་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པའི་སའི་འོག་ན་གནས་སོ། །དེ་དག་ཀྱང་མདོར་བསྡུ་ན། ས་གཞི་བཞི་ཡོད་དོ། །དེ་ལ་ ས་གཞི་དང་པོ་ལ་ནི་དཔག་ཚད་ཉི་ཁྲི་གཅིག་སྟོང་ཡོད་དེ། ས་གཞི་དེ་ན་ནི་ལྷ་མ་ཡིན་རྣམས་ཀྱི་རྒྱལ་པོ་སྒྲ་གཅན་ཞེས་བྱ་བ་གནས་སོ། །དེས་ནི་འདོད་པའི་ཁམས་སུ་ཐམས་ཅད་པས་ལྷག་པའི་གཟུགས་སྤྲུལ་ནུས་ལ་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་དབང་གིས་དེ་འདི་སྙམ་དུ་ 69-1-8a སེམས་ཏེ། བདག་ཅག་ལྷ་མ་ཡིན་རྣམས་ཀྱི་འགྲན་ཟླ་ནི་ལྷ་རྣམས་ཡིན་གྱིས། བདག་གིས་དགྲ་དེ་དག་གི་ཚལ་དང ། ནགས་ཚལ་དང ། ལྷའི་བུ་མོ་གང་དག་ལ་ལྷ་རྣམས་རབ་ཏུ་ཆགས་ཤིང་དགའ་བར་འཛིན་པ་དེ་དག་བལྟའོ་སྙམ་ནས། དེས་དེ་ ལྟར་བསམས་ནས་བདག་ཉིད་ཀྱི་ལུས་བརྒྱན་ཏེ་ནོར་བུའི་རྒྱལ་པོ་མཐོན་ཀ་ཆེན་པོའམ་ནོར་བུའི་རྒྱལ་པོ་པད་མ་རཱ་གའམ། གསེར་གྱི་རྒྱལ་པོ་ལམ་མེར་འདུག་པའམ། དམར་ལྔའི་རྒྱལ་པོ་གསེར་རམ། གོས་ཀྱི་རྒྱལ་པོ་མ་བཏགས་པ་ཁ་དོག་སྣ་ཚོགས་སྔོན་པོ་དང ། དམར་ པོ་དང ། སེར་པོ་དང ། ནག་པོ་རྣམས་ཀྱིས་མཛེས་པར་བྱེད་ཅིང ། ནོར་བུའི་རྒྱལ་པོ་གང་རྒྱན་དུ་ཐོགས་པ་དེའི་ཁ་དོག་གིས་སྒྲ་གཅན་དེའི་ལུས་ཀྱི་ཚད་ནི་རི་རབ་ཙམ་ཡོད་པ་དེ་ཐམས་ཅད་ནོར་བུའི་འོད་དེ་ཁོ་ན་དང་འདྲ་བར་སྣང་བར་འགྱུར་ཏེ། གལ་ཏེ་མཐོན་ཀ་ཆེན་པོ་རྒྱན་དུ་ཐོགས་ ན་ནི་དེའི་ལུས་ཐམས་ཅད་མཆོག་ཏུ་སྔོན་པོར་སྣང་བར་འགྱུར་རོ། །དམར་པོ་ཡང་དེ་དང་འདྲའོ། །སེར་པོ་ཡང་དེ་དང་འདྲའོ། །གལ་ཏེ་སྤུག་རྒྱན་དུ་ཐོགས་ན་ནི་དེའི་ལུས་ཐམས་ཅད་ནོར་བུ་དེའི་ཁ་དོག་བཞིན་དུ་སྣང་བར་འགྱུར་རོ། །ནོར་བུ་གཞན་དག་རྒྱན་དུ་ཐོགས་ན་ཡང ། དེ་དང་ དེ་བཞིན་དུ་དེའི་ཁ་དོག་འདྲ་བར་སྣང་བར་འགྱུར་རོ། །དེ་ལྷ་རྣམས་ཀྱི་འགྲན་ཟླ་ཡིན་ལ། ལྷ་མ་ཡིན་གྱི་བུ་མོ་རྣམས་དང ། ལྷའི་བུ་མོ་རྣམས་ནི་རང་བཞིན་གྱིས་ཆགས་སུ་རུང་བ་ཡིན་ཏེ། དེ་དག་ལ་ཆགས་པར་གྱུར་ནས། སྒྲ་གཅན་དེ་ཕན་ཚུན་འགྲོ་བའི་ཆས་སུ་ཞུགས་ནས་ས་གཞི་ དེ་ནས་འབྱུང་ངོ ། །སྒྲ་གཅན་གྱི་ས་གཞི་དེ་ན་དེའི་གྲོང་ཁྱེར་འོད་ཅན་ཞེས་བྱ་བ་དཔག་ཚད་བརྒྱ་སྟོང་ཡོད་པ་རིན་པོ་ཆེ་སྣ་དུ་མའི་ཚལ་དང ། ནགས་ཚལ་དང ། ཤིང་ལྗོན་པ་དང ། ཁང་ཁྱིམ་དང ། ལྟེང་ཀ་དང ། འབབ་ཆུ་དང ། རྫིང་དང ། ཆུ་ཀ་བདེ་བ་རྣམས་ཀྱིས་མཛེས་པར་བྱས་པ་དེའི་ ནང་ནས་ལྷ་མ་ཡིན་གྱི་དབང་པོ་དེ་ལུས་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང ། སྤོས་ཀྱི་བྱུག་པ་རྣམས་ཀྱིས་བརྒྱན་ཏེ་བྱུང་ནས། དེ་ལྷ་རྣམས་ཀྱི་ཚལ་དང ། ནགས་ཚལ་རྣམས་ལ་ལྟ་བར་བྱེད་དོ། །དེ་ལྟ་ཞིང་འདུག་པ་ན་གལ་ཏེ་འཛམ་བུའི་གླིང་གི་མི་རྣམས་ཆོས་མ་ཡིན་པ་ལ་ཞུགས་ཏེ། ཕར་མི་ 69-1-8b འཛིན་པ་དང ། མར་མི་འཛིན་པ་དང ། དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་འཛིན་པ་དང ། རང་གི་ཕ་ཚན་གྱི་ནང་ན་རྒན་རབས་ཀྱི་རིམ་པ་མེད་པ་དང ། ཆོས་ལ་མི་རྟེན་པ་དང ། དཀོན་མཆོག་གསུམ་ལ་མཆོད་པ་མི་བྱེད་པ་དང ། དགེ་བ་དང་མི་དགེ་བའི་ལས་ལ་མི་ལྟ་ བར་གྱུར་ན་ནི། དེའི་ཚེ་ས་ཐ་མ་ལ་གནས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་མཐུ་ཆུང་བར་འགྱུར་ཏེ། གཅིག་གིས་གཅིག་བསོགས་ནས་ཀྱེ་ལྷ་རྣམས་སེང་གེ་མོའི་བུ་སྒྲ་གཅན་ནི་བདག་ཅག་བསད་པའི་ཕྱིར་བཏུལ་ཏེ་བྱུང་ངོ་ཞེས་འཛེར་ཏོ། །གང་གི་ཚེ་འཛམ་བུའི་གླིང་གི་མི་རྣམས་ ཆོས་དང་ལྡན་པར་གྱུར་ཏེ། ཕར་འཛིན་པ་དང ། མར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། རང་གི་ཕ་ཚན་གྱི་ནང་ན་རྒན་རབས་ཀྱི་རིམ་པ་ཡོད་པ་དང ། ཆོས་ལ་རྟེན་པ་དང ། དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་དང ། དགེ་བ་དང ། མི་དགེ་བའི་ལས་ལ་ལྟ་བར་གྱུར་ན་ནི། དེའི་ཚེ་ས་ཐ་མ་ལ་གནས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་རིན་པོ་ཆེ་སྣ་ཚོགས་བླངས་ནས། ལུས་བརྒྱན། ཆ་ལུགས་སྣ་ཚོགས་སུ་ཆ་ཞིང ། ལུས་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང ། སྤོས་ཀྱི་བྱུག་པ་རྣམས་ཀྱིས་ བརྒྱན་ཏེ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་ལ། ཧ་ཧ་ཞེས་བྱ་བའི་སྒྲ་སྒྲོགས་ཤིང་རི་རབ་ཀྱི་ཁོང་ན་ཚལ་དང ། ནགས་ཚལ་གང་ན་སེང་གེ་མོའི་བུ་སྒྲ་གཅན་འདུག་པ་དེ་དག་ཏུ་རྒྱུག་གོ། །དེ་སྟེ་དེ་མི་རྒལ་ན་ནི་རི་རབ་ཀྱི་ངོས་ལ་ཚལ་དང་ནགས་ཚལ་འདུག་པ་དག་ལ་ཉི་ མའི་ཟེར་གྱིས་ཕོག་པའི་འོད་ཟེར་འབུམ་ཕྲག་མང་པོ་དེའི་གདོང་དུ་བབ་སྟེ། མིག་ལ་གནོད་པར་གྱུར་པ་མཐོང་ངོ ། །དེས་ཉི་མའི་ཟེར་དེ་མཐོང་ནས། ཉི་མའི་ཟེར་གྱིས་མིག་འཁྲུགས་ཏེ། ཉི་མའི་ལན་གྱིས་ལྷའི་བུ་མོ་རྣམས་ཀྱང་བལྟ་བར་མ་ནུས། ལྷའི་ཚལ་དང ། ནགས་ཚལ་རྣམས་དང ། རྫིང་རྣམས་དང ། ལྷའི་འབྱོར་པ་རྣམས་ཀྱང་བལྟ་བར་མ་ནུས་སྙམ་ནས། དེས་བསམས་པ། ཀྱེ་མ་ཉི་མའི་ལན་གྱིས་ལྷའི་བུ་མོ་རྣམས་བདག་གིས་བལྟ་བར་མ་ནུས་སོ་སྙམ་སྟེ། ཁྲོས་པས་མིག་རྩ་དམར་པོར་གྱུར་ཅིང ། ལག་པས་ཉི་མའི་ 69-1-9a དཀྱིལ་འཁོར་སྒྲིབ་པར་བྱེད་དོ། །དེས་ཉི་མའི་དཀྱིལ་འཁོར་ལག་པས་བསྒྲིབས་ནས། དེ་བདག་གིས་ལྷ་མོ་རྣམས་དང ། མཐོ་རིས་བལྟའོ་སྙམ་སྟེ། མདོག་སྡུག་ཅིང་ཡིད་དུ་འོང་བ་བལྟ་བ་ལ་རྩེ་ཚུགས་སུ་འདུད་དོ། །དེ་ནས་རྒྱ་མཚོས་ནི་དེའི་ རྐེད་པར་ཕྱིན་ལ། སྔ་མ་བཞིན་དུ་ནོར་བུའི་རྒྱན་ཇི་ལྟ་བུ་ཐོགས་པ་དེ་ལྟ་བུའི་ཁ་དོག་གིས་རྐེད་པ་ཡན་ཆད་ཁྱབ་པར་འདུག་སྟེ། ནོར་བུའི་འོད་ཀྱིས་ལག་པ་སྔོན་པོའམ། དམར་པོའམ། སེར་པོའམ། ནག་པོར་གྱུར་ཏེ། ལག་པས་ཉི་མའི་ཟེར་གྱི་གནོད་པ་བསྒྲིབས་པ་དེ་བྲམ་ ཟེ་རྟོག་གེ་པ་ལོག་པའི་ཐོས་པས་བསླུས་པ་རྣམས་ཀྱིས་མཐོང་ནས། ཉི་མ་གཟའ་སྡིག་ཅན་གྱིས་ཟིན་ཏོ། །ཉི་མ་གཟའ་དམར་པོས་ཟིན་ཏོ། །ཉི་མ་གཟའ་སེར་པོས་ཟིན་ཏོ། །ཉི་མ་གཟའ་ནག་པོས་ཟིན་ཏོ་ཞེས་ཟེར་ཞིང་ལས་དང་འབྲས་བུ་རྒྱབ་ཏུ་བོར་ནས་དེ་ལྟ་བུས་འཚོ་བ་ཚོལ་བའི་ ཕྱིར། འདི་ལྟར་ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །ལྟས་བཟང་ངོ ། །ལྟས་ངན་པར་འགྱུར་རོ་ཞེས་རྟོག་གེའི་རིག་པས་སྟོན་པར་བྱེད་དོ། །ཡང་དག་པར་ན་ནི་དེས་ཉི་མ་ལག་པས་བསྒྲིབས་ ནས་ལྷའི་འཇིག་རྟེན་ཚལ་དང་།ནགས་ཚལ་དང ། ལྟེང་ཀ་དང ། རིན་པོ་ཆེས་མཛེས་པར་བྱས་པ་དང་བཅས་པ་བདེ་བླག་ཏུ་ལྟ་བར་བྱེད་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་མཐོང་ནས་ལྷ་རྣམས་ལ་ངའི་ཤིང་རྟ་སྔོན་དུ་ཐོང་ལ། སྒྲ་གཅན་འདི་ཟློག་ཤིག་ཅེས་བསྒོའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་ལྷ་རྣམས་ལུས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏེ། སེང་གེ་མོའི་བུ་སྒྲ་གཅན་ག་ལ་བ་དེར་ཐབ་མོ་བྱ་བའི་ཕྱིར་རྒྱུག་གོ། །དེ་ནས་དེས་ལྷ་དེ་རྣམས་མཐོང་ནས་ཕྱིར་རང་གི་གནས་སུ་འགྲོ་བར་འགྱུར་རོ་དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་ རྣམ་པར་སྨིན་པ་ཤེས་པ་དེ་ཟླ་བ་ལ་གཟའ་འཇུག་པ་ལ་རྟོག་པར་བྱེད་དེ། ཟླ་བ་ལ་སྒྲ་གཅན་ཇི་ལྟར་འཛིན་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྒྲ་གཅན་གྱི་གཡོག་འཁོར་གང་ཡིན་པ་དེ་དག་རྟག་ཏུ་རྒྱ་མཚོའི་ཆུའི་སྟེང་དུ་རྒྱུ་བ་དེ་དག་གིས་ཟླ་བ་ཤར་ཕྱོགས་ཀྱི་ 69-1-9b རིའི་རྩེ་མོ་ནས་འཛམ་བུའི་གླིང་དུ་འོང་བ་ན་བཻ་ཌཱུརྱའི་འོད་ཀྱི་དཀྱིལ་ན་བརྒྱ་འགྱུར་བས་ཀྱང་མཛེས་པར་མཐོང་ནས། སྒྲ་གཅན་གྱི་གཡོག་འཁོར་རྣམས་ཀྱིས་སྒྲ་གཅན་ལ་བསྙད་དེ། རྒྱལ་པོ་ཆེན་པོ་ཟླ་བ་ཉ་བ་དེ་ལྷའི་བུ་མོའི་བཞིན་ཁོ་ན་ལྟར་འདུག་པ་འོང་ངོ་ཞེས་ཟེར་རོ། །དེ་ནས་ དེ་དག་ལས་ཐོས་ནས་སྒྲ་གཅན་ལྷའི་བུ་མོ་ལ་ཆགས་པས་ཟླ་བ་ལ་ལྟ་འདོད་པར་གྱུར་ནས། སྒྲ་གཅན་རང་གི་ས་གཞི་ནས་བྱུང་སྟེ། ལྷའི་བུ་མོའི་བཞིན་ལ་རེག་པར་འདོད་པའི་ཕྱིར། ཐག་རིང་པོ་ནས་ཟླ་བའི་དཀྱིལ་འཁོར་ལ་སྒྲིབ་པར་བྱེད་པ་དེའི་ཚེ། རིན་པོ་ཆེ་དུ་མས་སྔ་མ་ བཞིན་དུ་ལུས་བརྒྱན་པ་དེ། འཛམ་བུའི་གླིང་པའི་རྟོག་གེ་པ་རྣམས་ཀྱིས་མཐོང་ནས་ཡུལ་གྱི་མི་རྣམས་ལ་བསྙད་དེ། གཟའ་ནག་པོ་ཞིག་གོ། །གཟའ་དམར་པོ་ཞིག་གོ། །གཟའ་སེར་པོ་ཞིག་གོ། །ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་ རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །མཚོན་གྱིས་འགྱེད་པར་འགྱུར་རོ། །བདེ་བར་འགྱུར་རོ་ཞེས་ཟེར་རོ། །ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ལུས་འཕགས་དང ། བྱང་གི་སྒྲ་མི་སྙན་ལོགས་ན་གཟའ་འདུག་སྟེ། ཉི་མ་དང་ཟླ་བ་ལ་སྒྲིབ་ན་ནི་གླིང་དེ་དག་ན་རྟོག་གེ་པ་དག་ཀྱང་ མེད། ལོག་པར་སྨྲ་བ་དག་ཀྱང་མེད་དེ། དེ་ལྟར་ན་རྒྱུ་དེ་ལྟ་བུས་གཟས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ལ་སྒྲིབ་པར་བྱེད་དོ། །རྟོག་གེ་པ་རྣམས་ནི་གནམ་གྲུམ་པ་ཡང་སྟོན་པར་བྱེད་དེ། སྒྲ་གཅན་སའི་འོག་ན་འདུག་པ་ལ་ལྷ་མ་ཡིན་རྣམས་ཀྱིས་སྨྲས་པ། ཀྱེ་མ་ཇི་ལྟར་ལྷའི་ དབང་པོ་ཀཽ་ཤི་ཀ་རི་རབ་ཀྱི་སྟེང་ན། གྲོང་ཁྱེར་བལྟ་ན་སྡུག་དང ། ལྷའི་འདུན་ས་ཆོས་བཟང་ན་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་འདུག་ལ་བདེ་བ་རྣམས་ཉམས་སུ་མྱོང་སྟེ། དེ་ལྟར་ལྷ་རྣམས་ཀྱི་རྒྱལ་པོ་ནི་ཀཽ་ཤི་ཀ་ལགས། བདག་ཅག་གི་རྒྱལ་པོ་ནི་ཁྱོད་ལགས་ཏེ། དེ་བས་ཆེས་མཐུ་ཆེ་ཞིང་ཆེས་རྫུ་འཕྲུལ་ཆེ་བ་ལགས་ཀྱིས་བདག་ཅག་དོང་ལ། དབང་པོ་དང་བཅས་པའི་ལྷ་རྣམས་དང་གཡུལ་འགྱེད་པར་བགྱིའོ། །དེའི་གྲོང་ཁྱེར་ཡང་གཞོམ་པར་བགྱིའོ། །ཞེས་ཟེར་རོ། །དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན། ལྷ་མ་ཡིན་རྣམས་ཀྱིས་རྦད་ནས་ཁྲོས་ཏེ་ 69-1-10a སྐད་འབྱིན་ཅིང་གྲོང་ཁྱེར་འོད་ཅན་དེ་ནས་རིངས་པར་བྱུང་སྟེ། གང་གི་ཚེ་དེས་སྐད་ཕྱུང་བ་དེའི་ཚེ། རྟོག་གེ་པ་རྣམས་ན་རེ། གནམ་གྲུམ་པ་འདི་ནི་ལྷའི་ལྟས་ཡིན་ཏེ། ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ ལ་མི་རུང་བར་འགྱུར་རོ། །མཚོན་གྱིས་འགྱེད་པར་འགྱུར་རོ། །མཚོན་གྱིས་འགྱེད་པར་མི་འགྱུར་རོ་ཞེས་ཟེར་ཏེ། དེ་དག་སྦྱིན་སྲེག་བྱེད་ཅིང་ཞི་བ་དང ། བདེ་ལེགས་སུ་བྱ་བ་དག་བྱེད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་གྲོང་ཁྱེར་འོད་ཅན་ན། ནོར་བུ་རྣམས་འོད་གསལ་བར་འདུག་པ་ཙམ་དུ་བདག་གི་ཕོ་བྲང་འོད་ཅན་འོད་གསལ་བར་འགྱུར་ལ། འོད་མི་གསལ་ན་ནི་དེ་འོད་ཀྱང་ཞན་པར་འགྱུར་བ་དེ་བཞིན་དུ། ལྷ་རྣམས་ཀྱི་འོད་བྱེད་པ་ཡང་ནོར་བུ་དང་འདྲ་བར་ཟླ་བ་ཉ་བ་དང་ཉི་མ་ཡིན་གྱིས། བདག་གིས་དཀྱིལ་འཁོར་དེ་གཉིས་རེ་རེ་ནས་ བསྒྲིབ་པར་བྱའོ། །དེ་ལྟར་བྱས་པ་དང་ལྷ་རྣམས་ཀྱི་འོད་མེད་པར་འགྱུར་རོ་སྙམ་སྟེ། དེ་བློ་དེ་ལྟ་བུས་གལ་ཏེ་ཉིན་པར་བྱུང་ན་ནི་དེས་སྔ་མ་བཞིན་དུ་ལག་པ་ཡ་གཅིག་གིས་ནི་ཉི་མའི་དཀྱིལ་འཁོར་སྒྲིབ་པར་བྱེད་དོ། །ལག་པ་ཡ་གཅིག་གིས་ནི་རི་རབ་ཀྱི་ཟོམ་ལ་ནོམ་པར་བྱེད་དོ། །དེ་ནས་ ལྷ་རྣམས་ཀྱིས་དེའི་ལག་པ་མཐོང་ནས། འཐབ་པའི་ཕྱིར་ཆ་བར་བྱེད་དོ། །དེ་ནས་དེ་དུད་འགྲོར་གཏོགས་པ་ཡིན་པས་སྙིང་སྟོབས་ཆུང་ལ་ལྷ་རྣམས་ཀྱི་ལུས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་གཟི་བརྗིད་ཀྱི་ལུས་ཅན་དག་མཐོང་ནས་དེ་བག་ཚ་བ་སྐྱེས་ཏེ། ཕྱིར་སའི་འོག་ཏུ་གྲོང་ཁྱེར་འོད་ཅན་དུ་ འགྲོ་བར་འགྱུར་བ་འདི་ན་ཉི་མ་དང ། ཟླ་བ་ལ་གཟའ་འཇུག་པ་དང ། གནམ་གྲུམ་པའི་རྒྱུ་གཉིས་པ་ཡིན་ནོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་མ་ཡིན་ཆེན་པོ་སྒྲ་གཅན་གྱི་བདེ་བ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། འདི་ལྟར་དེའི་གྲོང་ཁྱེར་ནི་དཔག་ཚད་བརྒྱད་སྟོང་ཡོད་ལ། རི་རབ་ལ་རྟེན་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཆུ་ཀླུང་དང ། ལྟེང་ཀ་དང ། སྐྱེད་མོས་ཚལ་དང་ལྡན་པ། ས་གཞི་གསེར་བཙོ་མས་བརྒྱན་པ། གསེར་གྱི་ཁང་ཁྱིམ་བྱི་རུའི་ཤིང་ལྗོན་པས་མཛེས་ 69-1-10b པར་བྱས་པ་དང་ལྡན་པ། དྲིལ་བུ་གཡེར་ཀ་ཅན་གྱི་ཤིང་ལྗོན་པས་སྒྲ་བསྒྲགས་པ། སིལ་སྙན་དང་རོལ་མོའི་སྒྲ་དང ། གླུ་དབྱངས་ཀྱིས་རབ་ཏུ་དགའ་བར་བྱས་པ། མཚེའུ་གསེར་གྱི་པད་མ་དག་གིས་མཛེས་པར་བྱས་པ་དང་ལྡན་པ། གསེར་གྱི་ངང་མོ་དང ། ཟལ་མོ་དང ། ངུར་པ་རྣམས་ཀྱིས་མཛེས་པར་བྱས་པ་དེ་ནི་འདི་ལྟ་སྟེ། ལྷ་ཡུལ་གྱི་བྱ་ལྟ་བུ་རྨ་བྱ་བལྟ་ན་སྡུག་པ་དག་དང ། ནོར་བུའི་མཆུ་ཅན་ལྟ་བུ་དག་དང ། དུས་ཐམས་ཅད་དུ་རབ་ཏུ་དགའ་བཞིན་དུ་འདུག་པ་དག་དང ། འགྲོས་སྡུག་པ་དག་དང ། རིན་པོ་ཆེ་སྣ་བདུན་གྱི་ལུས་ཅན་དག་དང ། བཻ་ཌཱུརྱ་སྔོན་པོའི་མདོག་ཅན་དག་དང ། མཐོན་ཀ་ཆེན་པོའི་མདོག་ཅན་དག་དང ། རབ་ཏུ་དགའ་ཞིང་ཁང་བཟངས་ཀྱི་རྩེ་མོ་མཛེས་པར་བྱེད་པ་དག་དང ། མིག་མི་འཛུམས་ཤིང་ཆར་སྤྲིན་གྱི་འབྲུག་སྒྲ་ལྟ་བུའི་སྒྲ་སྐད་འབྱིན་པ་དག་དང ། ལྟད་མོ་ཆེ་བ་དག་དང ། བྱའོ་ཅོག་ དང་འདྲ་བར་སྟོན་པ་དག་དང ། མཐོང་ན་ཡིད་དང་འཐད་པ་དག་དང ། མིག་འགྲམ་རིང་བ་ཤ་སྟག་དང ། བྱ་ཨག་ནི་ཙུ་ཌ་ཞེས་བྱ་བ། མིག་ཟུར་བྱེད་པ་མགོ་གཉིས་པ་ལ་ཆུང་མ་གཉིས་དང་ལྷན་ཅིག་འགྲོགས་པ་དག་དང ། མེ་ཏོག་གི་ཁུ་བས་མྱོས་ཤིང ། བ་ཀུ་ལའི་མེ་ ཏོག་བཞིན་དུ་ལྷན་ཅིག་གཏམས་པ་དག་དང ། སྐད་ཀྱི་གདངས་བྲག་ཅ་ཅན་གསེར་གྱི་རཝ་ཅན་དག་དང ། བཻ་ཌཱུརྱའི་རཝ་ཅན་ཆུ་ལ་རྩེ་བ་དག་དང ། དུས་ཚིགས་སུ་རྒྱགས་པ་དང ། རྟག་ཏུ་རྒྱགས་ཤིང་རབ་ཏུ་དགའ་བ་དག་དང ། མིག་གི་མདོག་སྣུམ་པ་ཤ་སྟག་དང ། བྱ་ཀ་ར་ད་ ཞེས་བྱ་བ་མེའི་མདོག་ཅན་རྔ་སྒྲ་ལྟ་བུའི་གདངས་དང་ལྡན་པ་ཤ་སྟག་དང ། བྱ་པུ་སྤད་མ་ཞེས་བྱ་བ་མདོག་འཇམ་ཞིང་གློག་གི་ཁ་དོག་ཅན་དག་དང ། སྤུ་སྡུག་སྤེལ་མ་ཅན་ནགས་ཁྲོད་དུ་རྒྱུ་བ་དག་དང ། སལ་སུལ་དང ། གཤང་གཤོང་དག་ན་རྒྱུ་བ་དག་དང ། རྟག་ཏུ་རྒྱགས་པ་ ཤ་སྟག་དང ། བྱ་བྷྲིང་ག་ར་ཛ་དང ། ཧུ་ལུ་ཀུན་ད་དང ། མུ་ལུ་ཀུན་ད་དང ། སྤྲྀག་ཀ་གན་དྷ་ཞེས་བྱ་བ་ཁང་ཁྱིམ་ལ་གནས་པ། མདོག་འཇའ་ཚོན་ལྟར་འདུག་པ་དག་དང ། མེ་ཏོག་གི་ཆུན་པོ་མཆོག་ལྟ་བུ་དག་དང ། མགྲིན་པ་མཛེས་པ་དག་དང ། མགྲིན་པ་དམར་བ་དག་ 69-1-11a དང ། པད་མ་ལྟ་བུ་དག་དང ། འདབ་མ་འཇམ་པ་དག་དང ། འདབ་མ་དྲག་ཏུ་བསྐྱོད་པ་དང ། འདབ་མ་ཁ་དོག་དང་དབྱིབས་དུ་མ་དང་ལྡན་པ་དག་དང ། མཆུ་རིང་ཞིང་ནོར་བུ་དང ། གསེར་ལས་གྲུབ་པ་ཤ་སྟག་དང ། ཁུ་བྱུག་དང ། བྱ་བང་ལུས་ མཁྲེགས་ཤིང་མགྲིན་པ་མཐོ་ལ་དྲི་མ་མེད་ཅིང་འདབ་མའི་མདོག་སྡུག་ལ་གཉིས་ཤིང་ནམ་མཁའ་ལ་ལྡིང་བ་དང ། གཉིས་ཤིང་ཆུ་འཐུང་བ་དང ། གཉིས་ཤིང་ཐང་ལ་འགྲོགས་པ་དང ། གར་བྱེད་བཞིན་དུ་སྐད་འབྱིན་པ་དང ། རྒྱགས་ཤིང་སྐད་འབྱིན་པ་ཤ་སྟག་དང ། ཤིང་ ལྗོན་པ་བ་ཀུ་ལ་ལ་གནས་པའི་བྱའི་རིགས་རྣམས་སྐྱེད་མོས་ཚལ་དང ། ནགས་ཚལ་དུ་བཅས་པའི་གྲོང་ཁྱེར་དེ་ཁོ་ར་ཁོར་ཡུག་ན་གནས་ཤིང་སྐད་འབྱིན་པ་དང ། གྲོང་ཁྱེར་དེ་ན་མཚོ་ཡོད་པ་རྣམས་པད་མའི་ཚལ་རྣམ་པ་སྣ་ཚོགས་ཀྱིས་གང་ལ། ནགས་ཚལ་གྱིས་འཁོར་ཅིང་མཛེས་པར་ བྱས་སོ། །གྲོང་ཁྱེར་དེ་ན་གསེར་གྱི་ཤིང་ལྗོན་པའི་ནགས་ཚལ་བཞི་ཡོད་དེ། གྲོང་ཁྱེར་དེའི་ནགས་ཚལ་དེ་དག་ཐམས་ཅད་ཀྱི་ཚད་ནི་དཔག་ཚད་བརྒྱ་ཡོད་དོ། །དེ་ན་ནགས་ཚལ་གཅིག་གི་མིང་ནི་རྩེད་མོ་ཅན་ཞེས་བྱའོ། །གཅིག་གི་མིང་ནི་རྒྱགས་པའི་ཀུན་དགའ་ར་བ་ཞེས་བྱའོ། ། གཅིག་གི་མིང་ནི་ངང་པའི་གནས་ཞེས་བྱའོ། །གཅིག་གི་མིང་ནི་ཁུ་བྱུག་གི་ཀུན་དགའ་ར་བ་ཞེས་བྱ་སྟེ། ནགས་ཚལ་བཞི་པོ་དེ་རྣམས་ཀྱིས་གྲོང་ཁྱེར་དེའི་ཁོ་ར་ཁོར་ཡུག་ནས་སྤ་བར་བྱས་སོ། །ནགས་ཚལ་དེ་ན་ཤིང་ལྗོན་པའི་རིགས་སུམ་སྟོང་ཡོད་དེ། ཤིང་ལྗོན་པ་དེ་དག་གི་ནང་ན་ གཙོ་བོ་ནི་འདི་ལྟ་སྟེ། སྤྲིན་ལྟར་སྒྲིབ་པ་དང ། ཡལ་ག་མཐོ་ལ་འཇམ་པ་དང ། བྱ་གནས་དང ། རྟག་ཏུ་མེ་ཏོག་རྒྱས་དང ། དཔག་ཚད་གཅིག་ཏུ་ངད་ལྡང་བ་དང ། བུང་བས་གང་བ་དང ། སྦྲང་རྩི་འཛག་དང ། གསེར་མདོག་ཅན་དང ། ཆང་འཛག་དང ། ཙན་དན་ས་མཆོག་ པ་དང ། སྤྲིན་ནག་པོའི་མདོག་ཅན་དང ། ལོ་མ་བདུན་པ་དང ། ཀེ་ཏ་ཀ་དང ། ཤིང་སྤྲྀག་ཀ་དང ། སེར་བུ་ངད་ལྡང་དང ། ་ག་རུ་ནག་པོའི་མདོག་ཅན་དང ། ཀུན་ཏུ་མིག་ལྡན་དང ། སྒྲོན་ཤིང་དང ། ནོར་བུའི་ལྗོན་ཤིང་དང ། མེ་མདོག་དང ། མྱ་ངན་འཚང་སྔོན་པོ་དང ། མྱ་ 69-1-11b ངན་འཚང་དམར་པོ་དང ། བ་ཀུ་ལ་དང ། རྫུ་ན་དང ། ནི་ཙུ་ལ་དང ། སིན་དུ་བ་ར་ཏི་དང ། ཏི་ལ་ཀ་དང ། ནི་པ་ཞེས་བྱ་བ་རྣམས་ཏེ། ཁོ་ར་ཁོར་ཡུག་ནས་པད་མའི་ཚལ་གྱིས་འཁོར་བ། མེ་ཏོག་རྒྱས་དང ། མ་དུ་ཀ་དང ། ན་ལི་ཀེ་ར་དང ། པ་ན་ས་དང ། ཆུ་ཤིང་དང ། ཀུ་ བ་འཕྱང་དང ། བྱི་དུ་ར་དང ། ས་འགེབས་དང ། གནམ་འགྲིབ་དང ། སྤྲིན་མདོག་ཅན་དང ། མཐོང་དགའ་དང ། སྤྲིན་འཁོར་དང ། བྱ་མངས་དང ། བུང་མངས་དང ། སྤོས་ཕྲེང་ལྡན་དང ། མེ་ཏོག་དྲི་ཞིམ་དང ། ཁ་དོག་སྣ་ཚོགས་ཅན་དང ། མེ་ཏོག་ཅན་དང ། དུས་ཚིགས་ ཀུན་དགའ་དང ། དུས་ཚིགས་སོ་སོར་དགའ་དང ། བུད་མེད་མཐོང་དགའ་དང ། བུད་མེད་སྦྱིན་དང ། རྒུན་ཤིང་དང ། ཀ་པིད་ཐ་དང ། པ་རུ་ཥ་ཀ་དང ། ཁ་དོག་དང་རྒྱན་གྱིས་བཀླུབས་པ་དང ། འོད་ཅན་དང ། ཆུ་འགྲམ་སྐྱེས་དང ། རི་མཐོངས་དགའ་བྱེད་དང ། རྒྱང་རིང་ སྣང་དང ། དེ་ལྟ་བུ་ལ་སོགས་པ་ཁ་ཅིག་ནི་འཛམ་བུའི་གླིང་ན་སྐྱེ་བ། ཁ་ཅིག་ནི་བྱང་གི་སྒྲ་མི་སྙན་ན་སྐྱེ་བ། ཤིང་ལྗོན་པ་ཁ་ཅིག་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་ན་སྐྱེ་བ་དག་ཡོད་དོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་སྣང་ལྡན་དེ་ན་ཤིང་ཁ་ཅིག་ནི་མེ་ཏོག་འབའ་ཞིག་གི་ཤིང་དང ། ཁ་ཅིག་ནི་ མེ་ཏོག་དང་ལྡན་པའི་ཤིང་དང ། ཁ་ཅིག་ནི་འབྲས་བུའི་ཤིང་དང ། ཁ་ཅིག་ནི་ཆང་འབྱུང་བའི་ཤིང་དག་ཡོད་དོ། །ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་སྒྲ་གཅན་དེའི་ཁོ་ར་ཁོར་ཡུག་ནས་ལྷ་མ་ཡིན་གྱི་བུ་མོ་དག་གིས་བསྐོར་ཏེ། ཤིན་ཏུ་གར་བྱེད་ཅིང་དགོད་ལ་ཅི་མཛེས་སུ་འཆོས་ཏེ། རབ་ཏུ་རྩེ་ཞིང་རབ་ཏུ་དགའ་བར་བྱེད་དེ། ཀུན་ནས་ཉོན་མོངས་པ་ཅན་རིང་པོར་མི་ཐོགས་པ། མི་རྟག་ཅིང་མི་བརྟན་པ། མི་བདེ་བར་འགྱུར་བའི་བདེ་བ་ཉམས་སུ་མྱོང་ངོ ། །ལྷ་མ་ཡིན་གྱི་དབང་པོ་དེ་ལ་བཙུན་མོ་བཞི་ཡོད་དེ། གཅིག་གི་མིང་ནི་ཡིད་བཞིན་མཛེས་འགྱུར་ཞེས་ བྱ། གཅིག་གི་མིང་ནི་སྤོས་ཀུན་ལྡན་ཞེས་བྱ། གཅིག་གི་མིང་ནི་ནགས་ཚལ་མཛེས་ཞེས་བྱ། གཅིག་གི་མིང་ནི་བཀྲ་ཤིས་མ་ཞེས་བྱའོ། །དེ་དག་གི་གཡོག་མོ་ཡང་ལྷ་མ་ཡིན་གྱི་བུ་མོ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཡོད་དེ། དེའི་ནང་ན་དེའི་ཁོ་ར་ཁོར་ཡུག་ནས་བསྐོར་ཏེ། 69-1-12a འདོད་པ་ལ་སེམས་ཞེན་ཅིང་འདུག་གོ། །དེའི་ཚེ་ངོ་མཚར་རུང་བའི་བདེ་བ་དང ། ཡུལ་གྱི་ལོངས་སྤྱོད་གང་ཡིན་པ་དེ་དག་གི་མིང་ཡང་ཤེས་པར་སླ་བ་མ་ཡིན་ནོ། །དེ་དེ་ན་ལྷ་མ་ཡིན་བྱེ་བ་ཕྲག་དུ་མས་ཞབས་འབྲིང་བྱས་ཏེ། ཁང་བཟངས་ཀ་བ་སྟོང་ གིས་མཛེས་པར་བྱས་པ། དངུལ་ལས་བྱས་པའི་ཁང་བཞག་གིས་དཀྲིགས་པ་དེ་ན། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སྒྲ་གཅན་གྱི་ལས་དང་ཆོས་ལ་ བརྟགས་ཏེ། ལས་གང་གིས་ན་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འགྲོ་བ་དེ་ལྟ་བུར་སོང་ཤིག་གུ། འདི་ལས་ཅི་ཞིག་བྱས་ན་ལས་དེའི་རྣམ་པར་སྨིན་པས་འབྲས་བུ་འདི་ལྟ་བུ་མྱོང་བར་འགྱུར་སྙམ་མོ། །འདི་ལ་ཚིགས་སུ་བཅད་པ་དག་ཡོད་དེ། རྒྱུ་མེད་པར་ནི་བདེ་བ་དག་།ཇི་ལྟར་ བྱས་ཀྱང་མྱོང་མི་འགྱུར། །འབྲས་བུ་ལས་དང་འབྲེལ་པ་སྟེ། །འབྲས་བུ་ས་བོན་རག་ལས་བཞིན། །ལེགས་བྱས་འབྲས་བུ་དགེ་བ་སྟེ། །ལྷ་དང་མིར་ནི་ངེས་པར་འགྱུར། །ཉེས་བྱས་ངན་སོང་གསུམ་དུ་ངེས། །ལྷ་མིན་འཇིག་རྟེན་ཇི་ལྟ་བུར། །ཤེས་རབ་ཞན་ཞིང་ཤེས་ རབ་འཆལ། །དུད་འགྲོའི་སྐྱེ་གནས་སྐྱེས་དེ་དག་།ཇི་ལྟར་བདེ་བ་མྱོང་བ་མཐོང ། །འདི་ལ་རྒྱུ་ཞིག་ཡོད་པར་འགྱུར། །དེ་ལྟར་དགེ་སློང་མཆོག་ཏུ་ཡིད་གཞུངས་པ་དང་ལྡན་པ་དེས། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བརྟགས་ན། དེ་སྔོན་བྲམ་ཟེ་རིག་བྱེད་དང ། རིག་བྱེད་ཀྱི་ཡན་ ལག་དང ། གཏམ་རྒྱུད་ལྷུར་བྱེད་པ། སྦྱིན་པ་ལ་མཆོག་ཏུ་དགའ་བ་ཞིག་ཏུ་གྱུར་ནས། དེས་ནགས་ཁུང་གི་ལམ་དུ་ཞུགས་པ་རྣམས་ལ་ཡང་བཏུང་བ་དང ། ཁ་ཟས་དང ། འབྲས་བུ་དང ། རྩ་བ་དང ། ཆུ་དང ། ཁྱིམ་དང ། མལ་ཆ་དང ། སྟན་གྱི་སྦྱིན་པ་དག་བྱིན་ལ། སྒོ་བཞིན་འཁོད་པའི་དམན་པ་དང ། ལོང་བ་དང ། བཀྲེན་པ་དང ། སྡུག་ཕོངས་པ་རྣམས་ལ་ཡང་ཟས་དང ། སྐོམ་དང ། མལ་ཆ་དང ། སྟན་མང་པོ་དག་བྱིན་ཏེ། དེའི་ཚེ་ནི་ཡང་དག་པའི་ལྟ་བ་དང་ལྡན་པར་གྱུར་ཏོ། དེ་ལན་ཅིག་གཅིག་ན་དགེ་འདུན་གྱི་གཙུག་ལག་ 69-1-12b ཁང་མི་ཐི་ལའི་ཚལ་ཞེས་བྱ་བ་རྒྱར་དཔག་ཚད་ཉི་ཤུ་ཡོད་ལ། མཆོད་རྟེན་འབུམ་ཕྲག་དུ་མས་བརྒྱན་པ། གསེར་འབར་བས་འཁོར་བ་ཞིག་།རྒྱལ་པོ་ནི་མི་ཞེས་བྱ་བ་ལ་སོགས་པ་རྒྱལ་པོ་ལྔ་བརྒྱས་བྱས་པ་ཡོད་དེ། དེའི་ནང་ན་ཡང་མཆོད་རྟེན་འོག་གི་གདན་གསེར་ལས་བྱས་ པ། ཁོ་ར་ཁོར་ཡུག་ནས་གསེར་འབར་བས་འཁོར་བ། རིན་པོ་ཆེ་སྣ་བདུན་གྱིས་མཛེས་པར་བྱས་པ། འབུར་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། སངས་རྒྱས་ཀྱི་ཐེག་པའི་ཚིག་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་ཞིག་ཡོད་ལ། མཆོད་རྟེན་དེ་ལ་ཡང་ཚལ་དང ། ནགས་ཚལ་བྲིས་པ་དག་ཡོད་དེ། སྔ་མ་བཞིན་ནོ། །དེའི་ཚེ་ན་ཤིང་ལྗོན་པ་གང་དག་སྒྲ་གཅན་གྱི་གནས་སུ་བྲིས་པ་དེ་དག་ཐམས་ཅད་འཛམ་བུའི་གླིང་ན་ཡོད་དེ། རི་མོ་མཁན་རྣམས་ཀྱིས་ཇི་ལྟར་མཐོང་བ་བཞིན་དུ་མཆོད་རྟེན་དེ་ལ་བྲིས་སོ། །རྫིང་བུ་མང་པོ་བྱས་པ་གང་བ་དག་ ཀྱང་ཡོད་དེ་སྔ་མ་བཞིན་ནོ། དེ་ལན་[\[]ཅིགི་[\]]གཅིག་ཤིང་རྟ་བཞི་སྟོང་དང་ནགས་ཁུང་དེར་སོང་སྟེ། འགྲོན་པོ་ནགས་ཁུང་དུ་དོང་བ་རྣམས་ཀྱི་ཕྱིར་ཟས་དང་ཐུག་པ་དང ། ཆུ་དག་ཁྱེར་རོ། །དེ་ནས་རེ་ཞིག་ན་མཆོད་རྟེན་འཕང་དུ་དཔག་ཚད་གཉིས་ཡོད་ལ། ཆུ་ཞེང་དུ་རྒྱང་གྲགས་ལྔ་ ཡོད་པ་དེར་མི་སྡིག་ཅན་ཞིག་གིས་གསར་དུ་མེ་བཏང་ནས་མེ་དེས་མཆོད་རྟེན་དེ་ཚིག་ལ་ཐུག་སྟེ། བྲམ་ཟེ་དེས་མེ་ཤོར་བ་དེ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་ལ་འདིའི་བསོད་ནམས་ཀྱང་མི་དགོས། འདི་ཐམས་ཅད་མཁྱེན་པའི་གནས་ཀྱང་མ་ཡིན་མོད་ཀྱི། འོན་ཀྱང་ འདི་མཛེས་པ་ཁོ་ན་ཞིག་པས་མེས་ཚིག་ན་མི་རུང་ལ། རྒྱལ་པོས་ཀྱང་བདག་ལ་བཀའ་གྱོད་སྨྲར་མེད་པར་བྱའོ་སྙམ་སྟེ། དེས་དད་ཅིང་གུས་པ་མེད་པར་ཤིང་རྟ་དེ་དག་གིས་ཆུ་བསྐྱས་ནས་མཆོད་རྟེན་དེ་ལས་མེ་བསད་དེ། འདི་ལྟར་དེས་ཆེད་ཆེར་མི་འཛིན་པར་རྒོད་བཞིན་དུ། གལ་ཏེ་འདི་ལས་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཞིག་ཡོད་ན་ནི། དེ་རགས་པ་ཞིག་ཡིན་གྲང་གིས། དེའི་རྣམ་པར་སྨིན་པས། ཅི་ནས་ཀྱང་འདོད་པའི་ཁམས་ན་བདག་ལས་ལུས་ཆེ་བ་གཞན་མེད་པ་ཙམ་དུ་གྱུར་ཅིག་ཅེས་བྱས་ཏེ། དད་པ་མེད་པ་དང ། སེམས་པ་མེད་པ་དང་། 69-1-13a རྟག་ཏུ་འཐབ་པར་སེམས་པའི་ཕྱིར། ལས་དེའི་མཐུས་སེམས་པ་མེད་པའི་ལས་དེའི་འབྲས་བུ་ཞིང་དམ་པའི་བསོད་ནམས་ལས་ལྷ་མ་ཡིན་གྱི་དབང་པོར་སྐྱེས་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སྒྲ་ གཅན་གྱི་ཡུལ་ས་གཞན་ཡང་ཇི་ཙམ་ཞིག་ཡོད་ཅེས་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། ས་གཞི་དཔག་ཚད་ཁྲི་སུམ་སྟོང་ཡོད་དེ། གསེར་གྱི་ས་གཞི་ལ་ཚལ་དང ། ནགས་ཚལ་དང ། ལྟེང་ཀ་དང ། རྫིང་དང ། བྱ་དང ། ཤིང་ལྗོན་ པ་དང ། ཁྱིམ་དང ། གྲོང་ཁྱེར་དང ། གླིང་དང ། ལྷ་མ་ཡིན་གྱི་བུ་མོས་གང་བ་དང ། ནོར་བུ་མང་པོ་དང་ལྡན་པའི་ཐང་བུད་མེད་གདུ་བུས་བརྒྱན་པ་བཞིན་དུ་མཛེས་པ་དེ་ན་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དབང་བྱེད་ཅིང་དགྲ་ཟླ་མེད་ལ། རང་དགར་བྱེད་ཅིང་གར་དགའ་བར་འགྲོ་བ་ དང ། ལྷ་མ་ཡིན་གྱི་དབང་པོའི་ཡུལ་ས་དེ་ན་ལྷ་མ་ཡིན་རྣམས་ཀྱི་ཡུལ་བཅུ་གསུམ་ཡོད་དེ། དེ་ན་ལྷ་མ་ཡིན་རྣམས་གནས་སོ། །དེ་རྣམས་ཀྱི་མིང་ལ་འདི་ལྟ་སྟེ། ཟ་བ་པོ་རྣམས་དང ། རབ་ཏུ་རྒྱུག་པ་རྣམས་དང ། ནད་གཏོང་བ་ལ་དགའ་བ་རྣམས་དང ། ནོར་བུའི་ དོ་ཤལ་ཐོགས་པ་རྣམས་དང ། བུང་བ་ལྟར་འཁྱིལ་པ་རྣམས་དང ། མིག་དམར་བ་རྣམས་དང ། ཀུན་ཏུ་རྒྱུག་པ་རྣམས་དང ། ཆུ་ན་གནས་པ་རྣམས་དང ། ནམ་མཁའ་ལ་གནས་པ་རྣམས་དང ། ལྷུན་པོའི་ཁང་ན་གནས་པ་རྣམས་དང ། ལྟེང་ཀ་སྡུག་གུ་རྣམས་ དང ། ཉ་གདོང་པོ་རྣམས་དང ། ལམ་ཆེན་ལྡན་རྣམས་སོ། །དེ་དག་གི་འཕེལ་འགྲིབ་ནི་གང་གི་ཚེ་སྐྱེ་དགུ་རྣམས་དགེ་སྦྱོང་དུ་མི་འཛིན། བྲམ་ཟེར་མི་འཛིན་པ་དེའི་ཚེ་ནི་ལྷའི་ཕྱོགས་ནི་འགྲིབ་པར་འགྱུར་ལ། ལྷ་མ་ཡིན་གྱི་ཕྱོགས་ནི་འཕེལ་བར་འགྱུར་ཏེ། དེའི་ཚེ་ ཆོས་དང་མི་ལྡན་པ་རྣམས་ནི་ཆེས་མཐུ་ཆེ་ལ། ལྷ་རྣམས་ནི་ཞན་པར་འགྱུར་རོ། །གང་གི་ཚེ་སྐྱེ་དགུ་རྣམས་དགེ་སྦྱོང་དུ་འཛིན་ཅིང་བྲམ་ཟེར་འཛིན་པ་དེའི་ཚེ་ནི། ལྷ་མ་ཡིན་གྱི་ཕྱོགས་ནི་འགྲིབ་པར་འགྱུར་ལ། ལྷའི་ཕྱོགས་ནི་འཕེལ་བར་འགྱུར་ཏེ། ལྷ་དང་ལྷ་མ་ཡིན་ 69-1-13b གཉིས་ཀྱི་འཕེལ་འགྲིབ་ནི་དེ་ལྟར་ཆོས་དང་ཆོས་མ་ཡིན་པ་ལ་རག་ལས་སོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སྒྲ་གཅན་གྱི་ཡུལ་ན་གནས་པའི་ལྷ་མ་ཡིན་རྣམས་ཀྱི་ལས་དང་ཆོས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་བརྟགས་ན། གང་དག་གིས་དུད་འགྲོ་རྣམས་ལ་སྲོག་གི་སྦྱིན་པ་བྱས་ཏེ། ཉ་རྣམས་གསོན་པར་བྱ་བའི་ཕྱིར། ཉ་བའི་རྒྱ་རྣམས་དྲལ་བ་དང ། གང་དག་གིས་རྙེད་པ་འདོད་པའི་ཕྱིར་རམ། གྲགས་པ་འདོད་པའི་ཕྱིར་རམ། རྒྱལ་པོས་བཀའ་སྩལ་པའི་ཕྱིར་རམ། རིགས་ཀྱི་ཆོས་ལུགས་སུ་ཡོད་པའི་ཕྱིར་སྲོག་ཆགས་ལེགས་པར་བསྲུངས་ལ། ལྷག་མ་གཞན་ནི་ཆོས་མ་ཡིན་པ་ཐམས་ཅད་བྱེད་པ་དེ་དག་ལུས་དང་བྲལ་བའི་འོག་ཏུ་ངན་སོང་ལོག་པར་ལྟུང་བ་སྒྲ་གཅན་གྱི་ཡུལ་དུ་ལྷ་མ་ཡིན་དུ་སྐྱེ་བར་འགྱུར་ཏེ། དེ་དག་གི་ཚེའི་ཚད་ཀྱི་ཁྱད་པར་ ནི་མི་རྣམས་ཀྱི་ལོ་ལྔ་བརྒྱ་གང་ཡིན་པ་དེ་དེ་དག་གི་ཉིན་ཞག་གཅིག་ཏུ་རྩི་བ་དེ་ལྟ་བུའི་ལོ་ལྔ་སྟོང་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ། །རབ་འབྲིང་དུ་འགྱུར་བ་ནི་སེམས་ལ་རག་ལས་སོ། །བོང་ཚོད་དང་ཁ་དོག་དང་མཐའ་ཡང་ལས་དང་ཆོས་ལ་རག་ལས་ཏེ། སེམས་ཅན་རྣམས་ ཀྱི་སེམས་དང་མོས་པ་སྣ་ཚོགས་ལས་འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་གཉིས་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། རྒྱ་མཚོའི་གཏིང་སྒྲ་གཅན་གྱི་ས་གཞི་ལ་རྟོག་པར་ བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པ་ཤིན་ཏུ་གསལ་ཞིང་རྣམ་པར་དག་པས། སྒྲ་གཅན་གྱི་ས་གཞིའི་འོག་ན་ས་གཞི་གཉིས་པ་ཡུལ་ས་ཐ་དད་པ་ཟླ་བའི་ཕྲེང་བ་ཞེས་བྱ་བ་དཔག་ཚད་ཉི་ཁྲི་ཆིག་སྟོང་ཡོད་པ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་ན་ལྷ་མ་ཡིན་མགུལ་ཕྲེང་ཞེས་བྱ་ བ་གནས་པ་ལྷ་མ་ཡིན་དེ་རྣམས་ཀྱི་བདག་པོ་མགུལ་ཕྲེང་ཞེས་བྱ་བ་ཞིག་ཡོད་དེ། ས་གཞི་དེ་ན་གཉིས་ཤིང་རྩེ་བ་ཞེས་བྱ་བའི་གྲོང་ཁྱེར་དཔག་ཚད་བརྒྱད་སྟོང་པ་ཚལ་དང ། ནགས་ཚལ་དང ། ལྟེང་ཀ་དང་ལྡན་པ་པད་མའི་རྫིང་དང ། འབབ་ཆུ་དང ། རི་སུལ་དང ། གསེར་གྱི་རི་བོ་ 69-1-14a དང ། གསེར་གྱི་བྲག་དང ། ཕ་བོང་དང ། བྱ་སྐྱིབས་དང ། རི་དགས་དང ། བྱ་སྤུ་སྡུག་གུ་རྣམས་ཀྱིས་མཛེས་པར་བྱས་པ། བཻ་ཌཱུརྱའི་ས་གཞི་དང ། གསིང་མ་མདོག་སྡུག་གུས་མཛེས་པར་བྱས་པ། བྱ་སྣ་ཚོགས་སྐད་སྙན་པ་འབྱིན་པ་ལྷ་མ་ ཡིན་གྱི་ཚོགས་མང་པོ་ཡུལ་གྱི་སྐྱེ་བོ་འབྱོར་པས་གང་བ་ཀུན་ནས་རིན་པོ་ཆེ་སྣ་བདུན་མཆོག་ཏུ་ཡིད་དུ་འོང་བས་བརྒྱན་པ། ཤིང་ལྗོན་པ་དག་གིས་སྔ་མ་བཞིན་དུ་མཛེས་པར་བྱས་པ། ཀླུའི་མེ་ཏོག་དང ། ཀླུའི་ཤིང་མྱ་ངན་འཚང་དང ། ཤིང་དྷ་བ་དང ། སེང་ལྡེང་དང ། རྒྱ་ སྐྱེགས་ཀྱི་ཤིང་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། དེ་ན་ཤིང་ལྗོན་པའི་སྣ་གྲངས་འདི་ལྟ་བུ་དག་ལྷག་པར་མང་དུ་ཡོད་དེ་འདི་ལྟ་སྟེ། ནི་ཤ་དང ། པྲ་ཧ་ས་དང ། ི་ཏི་ནི་ཤ་དང ། བ་གུ་དད་དང ། ནི་ཏན་ཏ་དང ། མེ་ཏོག་ལྗིད་དང ། ཀུན་ཏུ་དགའ་དང ། མེ་ཏོག་རྒྱས་དང ། ལྗིད་ཀྱིས་ནོན་དང ། ལོ་ལྔ་ཞིང་མེ་ཏོག་འབྱུང་བ་དང ། བུང་བ་མངོན་དགའ་དང ། སྒྲ་འུར་འུར་དང ། བྱ་སྐད་ཅ་ཅོ་ཅན་དང ། དཀར་པོར་སྣང་དང ། ལོ་མས་རྒྱས་རྣམས་ཏེ། གཉིས་ཤིང་རྩེ་བའི་གྲོང་ཁྱེར་དེ་ན་ཤིང་ལྗོན་པའི་སྣ་གྲངས་དེ་ལྟ་བུ་དེ་དག་ལྷག་པར་མཐོང་ངོ ། །གྲོང་ ཁྱེར་དེ་ཡང་གསེར་གྱི་རི་རྩེ་བཞི་པའི་དབུས་ན་འདུག་སྟེ། འདི་ལྟ་སྟེ། རིའི་རྩེ་མོ་དགའ་བྱེད་དང ། རིའི་རྩེ་མོ་ལྷང་ཚེར་དང ། རིའི་རྩེ་མོ་རྩེ་མི་སྣང་དང ། རིའི་རྩེ་མོ་ཡིད་འོང་གསེར་ཞེས་བྱ་བ་རྣམས་ཏེ། དེ་དག་ཀྱང་ཀུན་ནས་འཕང་དུ་དཔག་ཚད་ལྔ་སྟོང་ཡོད་དོ། །དེ་དག་གི་ ཚལ་རྣམས་ཀྱང་འབབ་ཆུ་དང ། ཆུ་བོ་དང ། ཆུ་བསིལ་དང ། རི་དགས་ཀྱི་ཚོགས་ཁ་དོག་རྣམ་པ་སྣ་ཚོགས་ཅན་རྣམས་ཀྱིས་མཛེས་པར་བྱས་པ། སྐྱེས་པ་དང ། བུད་མེད་ཀྱི་ཚོགས་རྟག་ཏུ་དགའ་བ་རྣམས་ཀྱིས་གང་བ། རིན་པོ་ཆེའི་སྒོ་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱས་ པ། ཙན་དན་ས་མཆོག་གི་ཤིང་ལྗོན་པ་འདུད་པའི་རླུང་ལྟར་རྟག་ཏུ་བསིལ་ཞིང་དྲི་ཞིམ་པ་རྣམས་ཀྱིས་ཉེ་བར་འཚོ་བ། མེ་ཏོག་གི་རྣམ་པ་དག་གིས་རྟག་ཏུ་བརྒྱན་པ། རྨ་བྱ་འབུམ་ཕྲག་དུ་མ་སྒྲ་སྙན་པ་འབྱིན་པ། ལྷ་མ་ཡིན་ཆེན་པོས་བསྐྱངས་པ། གྲང་བ་དང་ཚ་བས་ཉམས་པ་ 69-1-14b མེད་ལ། སྐྱེ་བོ་རབ་ཏུ་དགའ་བས་རྟག་ཏུ་གང་བ། རོལ་མོའི་སྒྲ་དང ། གླུ་དང ། བྲོ་དང ། དགོད་པས་རྟག་ཏུ་དགའ་བ་ཡིན་ནོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་ཆེན་པོ་སྐུར་ཕྲེང་དེ་དག་གི་དབུས་ན་མཚོ་ཆེན་པོ་ཀུན་ནས་ཆུ་དང་ཞེང་དུ་དཔག་ཚད་ལྔ་ཡོད་པ། རབ་ཏུ་དང་བ། རོ་ཤིན་ཏུ་ཞིམ་ པ། འདམ་རྫབ་དང ། རྙོག་པ་མེད་པ། ཆུ་རྟག་པ། ཟླ་བ་གཉིས་པ་ལྟར་རབ་ཏུ་གསལ་བ་ཡིན་ནོ། །སྐར་ཕྲེང་གི་དབུས་ན་མཚོ་ཡོད་པ་གང་ཡིན་པ་དེ་ནི་ཀུན་མཐོང་ཞེས་བྱ་ལ། དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། གང་གི་ཚེ་ལྷ་མ་ཡིན་གཡུལ་འགྱེད་པར་བྱེད་པ་དེའི་ཚེ་ལྷ་མ་ཡིན་ མགུལ་ཕྲེང་དག་མཚོ་ཀུན་མཐོང་དེར་འགྲོ་བར་བྱེད་དོ། །དེ་དག་མཚོན་ཆ་དང ། གོ་མཚོན་སྣ་ཚོགས་ཐོགས་ནས་གཡུལ་འགྱེད་པའི་ལྟས་བལྟ་བའི་ཕྱིར་མཚོ་དེ་ཡོངས་སུ་བསྐོར་ནས་འཁོད་དོ། །དེ་དག་གི་གཟུགས་བརྙན་དེ་དག་ཇི་ལྟར་མེ་ལོང་གཡའ་མེད་པའི་ནང་ན། གཟུགས་ བརྙན་སྣང་བ་དེ་ལྟར་མཚོ་དེའི་ནང་ན་སྣང་ངོ ། །དེ་དག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་གལ་ཏེ་ཕམ་པར་གྱུར་ན། མཚོ་དེའི་ནང་དུ་རང་རང་གི་གཟུགས་བརྙན་དེ་དག་འབྲོས་པར་སྣང་ངོ ། །གང་དག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པ་དེར་འཆི་བར་འགྱུར་ན་ནི་རང་རང་གི་གཟུགས་བརྙན་ མཚོ་དེའི་ནང་ན་འཆི་བར་སྣང་ངོ ། །ལྷ་མ་ཡིན་རྣམས་ཀྱི་བདག་པོ་མགུལ་ཕྲེང་ཞེས་བྱ་བ་གང་ཡིན་པ་དེ་དང་ལྷ་མ་ཡིན་གྱི་དབང་པོ་ལྷ་མ་ཡིན་གྱི་གྲོང་ཁྱེར་འདོད་པའི་ཀླུང་ཞེས་བྱ་བ་ན་འདུག་པ་གང་ཡིན་པ་དེ་འབྲོས་པ་དང ། ངེས་པར་འཆི་བར་འགྱུར་བ་དེ་ལྟར་མཚོ་དེའི་ནང་དུ་མཐོང་ངོ ། ། དེ་དག་འདི་སྙམ་དུ་སེམས་ཏེ། གང་གིས་བདག་ཅག་ཀུན་མཐོང་གི་མཚོའི་ནང་དུ་ལྷ་རྣམས་ལས་ཕམ་ཞིང་ཉམས་པར་འགྱུར་བ་མཐོང་བའི་རྒྱུ་གང་ཡིན་རྐྱེན་གང་ཡིན་སྙམ་བྱེད་དོ། །དེ་ནས་ཡང་དེ་རྣམས་གྲོང་ཁྱེར་དེ་དག་ཏུ་དོང་སྟེ། ལོ་བརྒྱ་ལོན་ནམ། ལོ་ལྔ་བརྒྱ་ལོན་ནམ། དེ་ ལྟར་ལོ་བཅུ་ལོན་ནམ། དེ་ནས་ཡང་མཚོ་ཀུན་མཐོང་ག་ལ་བར་ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང་ལྷན་ཅིག་དོང་སྟེ། དེ་ལྟར་མཚོན་ཆ་དང ། གོ་མཚོན་སྣ་ཚོགས་ཐོགས་པ། ཆ་བྱད་དང ། མེ་ཏོག་ཕྲེང་དང ། ཕྱེ་མ་དང ། བྱུག་པས་ལུས་བསྐུས་ 69-1-15a པ་དེ་དག་མཚོ་ཀུན་མཐོང་དེ་ཡོངས་སུ་བསྐོར་ནས་འཁོད་དོ། །དེ་ནས་ཡང་མཚོ་ཡོངས་སུ་བསྐོར་བ་དེ་དག་ཉིད་ཀྱིས་མཚོ་དེའི་ནང་དུ་འཛམ་བུའི་གླིང་གི་མི་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་ འཇུག་པ། ལྷ་དང་འཐུན་པར་སྒྲུབ་པ་དེ་དག་ཤི་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་མཚོ་དེའི་ནང་དུ་ལྷའི་ཕྱོགས་ནི་རྒྱལ་བར་འགྱུར། ལྷ་མ་ཡིན་གྱི་ཕྱོགས་ནི་ཕམ་པར་འགྱུར་བ་མཐོང་བ་དང ། ལྷ་མ་ཡིན་མགུལ་ཕྲེང་ཞེས་བྱ་བ་དང ། ལྷ་མ་ཡིན་གྱི་ དབང་པོ་བརྟན་པ་ཞེས་བྱ་བ་དེ་དག་འདི་སྙམ་སེམས་ཏེ། ཀྱེ་མ་ལྷ་རྣམས་ནི་མི་ལ་རག་ལས། མིའི་ཁ་ན་ལས། མི་ལ་རྟེན་པ་ཡིན་ཏེ། བདག་ཅག་གིས་གང་མི་རྣམས་ལ་མི་ཕན་པ་དང ། མི་བདེ་བར་བྱ་བའི་ཕྱིར་འབད་པ་དང ། དེ་དག་ཉམས་པས་ལྷ་རྣམས་ཀྱང་ཐུབ་པར་འགྱུར་རོ་སྙམ་ དུ་དེ་ལྟར་བསམས་ནས། ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དག་སེམས་པར་བྱེད་དེ། འདི་ལྟར་མི་རྣམས་ནི་ཁ་ཟས་ལ་རག་ལས་ཤིང་རྟེན་པ་ཡིན་ཏེ། མི་དེ་རྣམས་ཀྱི་ཁ་ཟས་ཆུད་གསན་པ་ལ་འབད་པར་བྱའོ་སྙམ་ནས། དེ་དག་གིས་དེ་ལྟར་ཤེས་ནས་རྒྱ་ མཚོའི་ནང་ན་ཀླུ་ཆོས་དང་མི་ལྡན་པ་ཁྲོ་བའི་ཤས་ཆེ་བ། རྟག་ཏུ་གནོད་པའི་བསམ་པ་ཅན་འཁོད་པ་གང་ཡིན་པ་དེ་དག་ལ་སྨྲ་བར་བྱེད་དེ། འདི་ལྟ་སྟེ། ཀླུའི་རྒྱལ་པོ་རབ་འཇོམས་དང ། ཀླུའི་རྒྱལ་པོ་ནག་པོ་དང ། ཀླུའི་རྒྱལ་པོ་བསྒྱིངས་པ་དང ། ཀླུའི་རྒྱལ་པོ་ཧུ་ལུ་ཧུ་ལུ་སྟེ། དེ་ དག་ལ་སོགས་པ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་རྣམས་ལ། ལྷ་མ་ཡིན་མགུལ་ཕྲེང་དག་ན་རེ། འདི་ལྟར་ཁྱེད་ཅག་ལ་རག་ལས་པའི་མི་དེ་དག་ནི་ལྷའི་ཕྱོགས་ཡིན་ལ། དེ་དག་གི་སྲོག་ཀྱང་ཁ་ཟས་ཀྱིས་འཚོའོ། །ཁྱེད་ཅག་ལ་རག་ལས་པ་ཁ་ཟས་ཀྱིས་འཚོ་བའི་ མི་དེ་དག་ཇི་ལྟར་མེད་པར་འགྱུར་བ་དེ་ལྟར་གྱིས་ཤིག་།གང་གི་ཕྱིར་འདི་ལྟར་ཁྱེད་ཅག་དང ། ཀླུའི་རྒྱལ་པོ་ནོར་རྒྱས་དང ། འཇོག་པོ་ལ་སོགས་པ་ཤིན་ཏུ་དགྲར་གྱུར་པ་ལྟར་བདག་ཅག་དང་ལྷ་རྣམས་ཀྱང་དེ་ལྟ་བུ་ཡིན་ཏེ། ཁྱེད་ཅག་གིས་བདག་ཅག་གི་གྲོགས་བྱ་བ་དེ་ནི་ 69-1-15b རིགས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དག་གི་ཚིག་ཐོས་ནས་ཆོས་དང་མི་ལྡན་པའི་ཀླུ་རྣམས་ཀྱིས་བདག་ཅག་དང་ཁྱེད་ཅག་ཕྱོགས་འཐུན་པ་ཡིན་ཏེ། དེ་ལྟར་བྱའོ་ཞེས་སྨྲས་ནས་དེ་དག་ནི་རང་གི་གནས་སུ་ དོང་ངོ ། །ཀླུའི་རྒྱལ་པོ་ཁྲོ་བས་གདུངས་པ་རྣམས་ཀྱང་གནས་སུ་དོང་ནས། གལ་ཏེ་ཆུ་དཔག་ཚད་བརྒྱར་གཡོ་བར་བྱེད་དེ། གལ་ཏེ་དཔག་ཚད་ཉིས་བརྒྱར། གལ་ཏེ་དཔག་ཚད་སུམ་བརྒྱར་གཡོ་བར་བྱེད་དོ། །ཆུའི་སྟེང་ན་ནི་ས་འདུག་སྟེ། གང་གི་ཚེ་ཀླུ་སྡང་བ་རྣམས་ཀྱིས་ ཆུ་གཡོ་བར་བྱེད་པ་དེའི་ཚེ་ཆུ་གཡོས་པས་ས་གཡོ་བར་བྱེད་ལ། ཕྱོགས་དེའི་ཆུའི་ཚད་ཇི་ཙམ་དུ་གཡོ་བར་བྱེད་པ་དེ་ཙམ་དུ་ས་གཡོ་བར་བྱེད་དེ། ཀླུ་སྡང་བ་ཁྲོ་བས་གདུངས་པ་རྣམས་ཀྱི་མཐུ་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་བྲམ་ཟེ་རྟོག་གེ་པ་བསྟན་བཅོས་ངན་པས་བསླུས་པ་རྣམས་ ཀྱིས་ཚོར་ནས་འདི་ལྟར་ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །མཚོན་གྱིས་འཁྲུག་པར་འགྱུར་རོ། །མཚོན་གྱིས་འཁྲུག་པ་མེད་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་འགྱུར་ རོ། །ཆར་ལེགས་པར་འབབས་པར་མི་འགྱུར་རོ། །བ་ལང་དང་བྲམ་ཟེ་འཕེལ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་འགྲིབ་པར་འགྱུར་རོ་ཞེས་དེ་ལྟར་མི་རྟོག་གེ་པ་དག་མངོན་པར་རྗོད་པར་བྱེད་དེ་དེ་ལྟར་ས་གཡོ་བར་འགྱུར་རོ། །ཡང་རྒྱུ་གཞན་གྱིས་ས་གཡོ་བར་བྱེད་པ་ལ་དེ་ལྟར་ དགེ་སློང་དེ་ཐོས་པ་ལས་བྱུང་བའི་ཤེས་པས་རྟོག་པར་བྱེད་དེ། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་དབང་གིས་རླུང་ས་འཛིན་ཞེས་བྱ་བ་གཡོ་བར་བྱེད་དོ། །དེ་གཡོས་པས་ཆུ་གཡོ་བར་བྱེད་དེ། ཆུ་གཡོས་པས་ཀྱང་ས་གཡོ་བར་བྱེད་དེ། དཔག་ཚད་ལྔ་བརྒྱའམ། དཔག་ ཚད་བརྒྱའམ། དཔག་ཚད་ཉིས་བརྒྱའམ། དཔག་ཚད་སུམ་བརྒྱའམ། དཔག་ཚད་བཞི་བརྒྱའམ། དེ་ལྟར་ཚད་ཇི་ཙམ་དུ་རླུང་གཡོ་བར་བྱེད་པའི་ཚད་དེ་ཙམ་དུ་ཆུ་གཡོ་བར་བྱེད་ལ། ཆུ་གཡོ་བའི་ཚད་ཀྱིས་ས་གཡོ་བར་བྱེད་དོ། །དེ་ལ་གང་རླུང་དག་གཡོ་བ་ན་ཆུ་གཡོ་བར་བྱེད། 69-1-16a ཆུ་གཡོས་པས་ས་གཡོ་བར་བྱེད་པའི་རྒྱུ་ནི་གང་རྐྱེན་ནི་གང་གཞི་ནི་གང་ཡིན་སྙམ་ནས། དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། རླུང་གིས་ཆུ་འཛིན་ལ། ཆུ་ལ་ས་བརྟེན་ཏེ། རླུང་དེ་དག་གཡོས་ན་ཆུ་གཡོ་བར་ འགྱུར། དེ་དག་གཡོས་པས་ས་གཡོ་བར་འགྱུར་རོ་སྙམ་ནས་དེ་ལྟར་རྒྱུ་དེས་ན་ས་གཡོ་བར་འགྱུར་རོ། །ས་གཡོ་བ་དེ་ཡང་དགེ་སློང་དེས་རྣམ་པ་གཉིས་སུ་མཐོང་སྟེ། གལ་ཏེ་དགེ་བའི་ལས་ཀྱི་དབང་གིས་གཡོ་ན་ནི་དེ་དགེ་བར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་བདེ་བ་དང་ལོ་ ལེགས་པ་ཡིན་ནོ། །གལ་ཏེ་མི་དགེ་བའི་དབང་གིས་གཡོ་ན་ནི་ལས་ཀྱི་མཐའ་སྤྱད་ཅིང་གང་བྱས་པའི་སེམས་ཅན་རྣམས་ཀྱི་དེ་མི་དགེ་བར་འགྱུར་རོ། །དགེ་བ་དང་མི་དགེ་བ་ལ་རག་ལས་པ་ཐམས་ཅད་ནི་རྒྱུ་མེད་པ་མ་ཡིན། འདོད་རྒྱལ་ལས་བྱུང་བ་མ་ཡིན། བྱེད་པ་པོས་གནས་ སུ་བྱས་པ་མ་ཡིན་ཏེ། རྒྱུ་དང་འཐུན་པར་འབྲས་བུ་འབྱུང་ངོ ། །འབྲས་བུ་མངོན་པར་མི་ཤེས་པའི་རྟོག་གེ་པ་དག་ན་རེ། འདི་ལྟར་དབང་པོའི་ཕྱོགས་དག་ས་གཡོའོ། །རླུང་གི་ཕྱོགས་དག་ས་གཡོའོ། །ཆུ་ལྷའི་ཕྱོགས་དག་ས་གཡོ་སྟེ། ལོ་ལེགས་པར་འགྱུར་རོ། །ལོ་ ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །ཆར་ལེགས་པར་འབབ་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་མི་འགྱུར་རོ། །མཚོན་གྱིས་འཁྲུག་པར་འགྱུར་རོ། །མཚོན་གྱིས་འཁྲུག་པ་མེད་པར་འགྱུར་རོ། །བ་ལང་དང་བྲམ་ ཟེ་འཕེལ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་འགྲིབ་པར་འགྱུར་རོ་ཞེས་དེ་ལྟར་རྟོག་གེ་པ་དག་རྟོག་པར་བྱེད་དོ། །དེ་ཡང་གཅིག་ཅིག་ཡིན་ཏེ། གལ་ཏེ་འདོད་རྒྱལ་བ་བརྒྱ་སྙེད་ཡོད་པ་དེ་དག་གི་ནང་ན་འདི་ལྟར་འདུ་ཤེས་པ་འདི་ཁོ་ན་ཉིད་གཅིག་ཡིན་ནོ་ཞེས་དེ་དག་རྗོད་པར་བྱེད་དོ། །དེ་ ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང ། ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་པ་རབ་འཇོམས་ལ་སོགས་པ་འཇིག་རྟེན་ལ་ཕན་པར་མི་བྱེད་པ་ཤེས་ནས། གཉེན་པོ་ཆོས་དང་ལྡན་ 69-1-16b པ་ལ་རྗེས་སུ་སེམས་པར་བྱེད་དེ། ཀྱེ་མ་ཀླུ་སྡང་བ་དེ་དག་དང་ལྷ་མ་ཡིན་སྡིག་ཅན་འཇིག་རྟེན་ལ་མི་ཕན་པར་བྱེད་པ་དེ་དག་ཇི་ལྟར་ཕམ་པར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་གལ་ཏེ་འཛམ་བུའི་གླིང་དུ་ཆོས་དང་ལྡན་ ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། རིགས་ཀྱི་རྒན་རབས་ལ་གུས་པར་བྱེད་པའི་རྒྱལ་པོ་དང་བློན་པོ་ཆེན་པོ་འབྱུང་ན། ས་བླའི་གནོད་སྦྱིན་དེ་དག་མཐུ་ཆེ་བར་འགྱུར་ཏེ། དེ་དག་གི་ཀླུ་དང ། ལྷ་མ་ཡིན་སྡིག་ཅན་སའི་ འོག་ན་གནས་པ་དེ་དག་གཡོས་པར་མཐོང་ནས་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་ས་བླའི་གནོད་སྦྱིན་དེ་དག་གིས་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རྣམས་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ལ་ཡང་སྔ་མ་བཞིན་བསྙད་དོ། །དེ་ནས་ ས་བླའི་གནོད་སྦྱིན་དེ་དག་ལས་ཐོས་ནས་བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་འགྱུར་ཏེ། རྒྱལ་ཆེན་བཞིའི་ལྷ་ཀུན་ཏུ་རྒྱུ་བ་རྣམས་ལ་སྦྲན་པའི་ཕྱིར་ཁྲོ་བའི་ཤུགས་ཀྱིས་ཁ་རླངས་དག་པར་སྣང་ལ་འབྱུང་ཞིང་འོང་ལ།འདི་ལྟར་ལྷ་དག་ཀླུ་སྡང་བ་རྣམས་ དང ། ལྷ་མ་ཡིན་སྡིག་ཅན་རྣམས་མི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་མ་རུང་བར་བྱ་བའི་ཕྱིར་འཇུག་པར་བྱེད་དོ་ཞེས་བསྙད་དོ། །གནོད་སྦྱིན་གྱི་ཁ་རླངས་བྱུང་བ་དེ་རྟོག་གེ་པ་བསྟན་བཅོས་ངན་པ་ལ་སེམས་རྣམ་པར་རྨོངས་པ་དག་གིས་མཐོང་ནས། འདི་ལྟར་ གཤིན་རྗེའི་བུ་བརྒྱ་རྩ་གཅིག་གི་ནང་ན་གཤིན་རྗེའི་བུ་དུ་བ་མཇུག་རིངས་འབྱུང་ངོ་ཞེས་བརྗོད་དེ། གནོད་སྦྱིན་མཐུ་རབ་ཏུ་ཆེན་པོ་བརྒྱ་རྩ་གཅིག་གྱེན་དུ་འགྲོ་བ་སྣང་བ་དང་མི་སྣང་བ་གང་ཡིན་པ་དེ་དག་ལ་རྟོག་གེ་པ་དག་ན་རེ་འདི་ལྟར་འདི་ནི་གཤིན་རྗེའི་བུ་བརྒྱ་རྩ་གཅིག་གི་ནང་ན་མཇུག་ རིངས་འབྱུང་ངོ་ཞེས་གཞན་དུ་ཡོངས་སུ་རྟོག་ཅིང་ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །མཚོན་གྱིས་འཁྲུག་པར་འགྱུར་རོ། །མཚོན་གྱིས་འཁྲུག་པ་མེད་པར་འགྱུར་རོ། །བ་ལང་དང་བྲམ་ཟེ་ 69-1-17a འཕེལ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་འགྲིབ་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་མི་འགྱུར་རོ། །ཡུལ་མི་ཆེ་གེ་མོ་ཞིག་ལ་གནོད་པར་འགྱུར་རོ། །ཡུལ་གྱི་མི་ཆེ་གེ་མོ་ཞིག་ལ་གནོད་པར་མི་འགྱུར་རོ་ཞེས་ དེ་དག་ལ་ལོག་པར་རྟོག་པར་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཀླུ་རྣམས་དང ། ལྷ་མ་ཡིན་སྡིག་ཅན་གཡོས་པ་རྣམས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འདི་ལྟར་གནོད་སྦྱིན་རྫུ་འཕྲུལ་ཆེ་ཞིང་མཐུ་ ཆེ་བ་རྣམས་ལྷ་ཀུན་ཏུ་རྒྱུ་བ་རྣམས་ལ་སྒྲོགས་པར་བྱེད་པ་སྔར་བསྟན་པ་ཇི་ལྟ་བ་བཞིན་མཐོང་སྟེ། ཀུན་ཏུ་རྒྱུ་བ་རྒྱལ་ཆེན་བཞི་པ་དེ་རྣམས་ཀྱིས་ཀྱང་འདི་ལྟར་ལྷ་མ་ཡིན་གྱི་ཕྱོགས་ནི་འགྲིབ་བོ། །བདག་ཅག་གི་ལྷའི་ཕྱོགས་ཀྱི་སྟོབས་ནི་རབ་ཏུ་ཆེའོ། །འཛམ་བུའི་གླིང་ན་ཆོས་དང་ལྡན་ ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། སྡོམ་པ་བླངས་པ་དང ། རིགས་ཀྱི་རྒན་རབས་ལ་གུས་པར་བྱེད་པ་དག་ཡོད་པས་ཀླུ་སྡང་བ་དང ། ལྷ་མ་ཡིན་སྡིག་ཅན་རྣམས་ལས་བདག་ཅག་ རྒྱལ་བར་འགྱུར་གྱིས་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་སྒྲོགས་པར་བྱེད་དོ། །གནོད་སྦྱིན་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དེ་དག་ལྷ་ཀུན་ཏུ་རྒྱུ་བ་དེ་དག་ལ་ཚིག་དེ་ཐོས་ནས། ལྷ་མ་ཡིན་དུ་གཏོགས་པ་ལ་ཤིན་ཏུ་ཁྲོ་ཡང་ཁྲོ་ལ་རབ་ཏུ་དགའ་བ་རྣམས་ཀླུའི་རྒྱལ་པོ་ཆོས་དང་ལྡན་ཞིང་ ཆོས་ཀྱི་རྗེས་སུ་འཇུག་པ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ལ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་བསྙད་དོ། །ལུས་ཐམས་ཅད་རབ་ཏུ་འབར་བ་དག་གལ་ཏེ་ཉིན་པར་འོང་ན་དེའི་ཚེ་ཉི་མའི་འོད་ཟེར་རྣམས་ཟིལ་གྱིས་མནན་ནས་མི་མངོན་ནོ། །དེ་ནས་ལུས་ཐམས་ཅད་རབ་ཏུ་ འབར་བ་དག་ཀླུ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་ལ་སྦྲན་པའི་ཕྱིར་མཚན་མོ་རྒྱ་མཚོའི་ནང་དུ་འོང་ན་དེ་དག་ཐམས་ཅད་སྐྱེ་བོ་ཀུན་གྱིས་མཐོང་བར་འགྱུར་ལ། དེ་མཐོང་ནས་རྟོག་གེ་པ་རྣམས་སྐར་མདའ་ལྟུང་བར་སེམས་ཏེ། འདི་ལྟར་སྐར་མདའ་ལྟུང་བས་ལོ་ལེགས་པར་ 69-1-17b འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །མཚོན་གྱིས་འཁྲུག་པར་འགྱུར་རོ། །མཚོན་གྱིས་འཁྲུག་པ་མེད་པར་འགྱུར་རོ། །མི་ངས་འབྱུང་བར་འགྱུར་རོ། །མི་ངས་འབྱུང་བར་མི་འགྱུར་རོ། །བ་ལང་ དང་བྲམ་ཟེ་དག་འཕེལ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་དག་འགྲིབ་པར་འགྱུར་རོ་ཞེས་དེ་ལྟར་ལས་མངོན་པར་མི་ཤེས་པ་དག་འཐུན་པར་ཡོངས་སུ་རྟོག་པར་བྱེད་དོ། །དེ་ནས་ཡང་དགེ་སློང་དེ་སྐར་མདའ་ལྟུང་བ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་རྒྱུ་ གཞན་གྱིས་སྐར་མདའ་ལྟུང་བ་ཇི་ལྟར་ལྟུང་བ་མཐོང་སྟེ། ལྷ་རྣམས་ཀྱི་གཞལ་མེད་ཁང་མགྱོགས་པར་ནམ་མཁའ་ལ་འགྲོ་ལ། གཞལ་མེད་ཁང་ཕན་ཚུན་འགྲོ་བ་གང་ཡིན་པ་དེ་དག་འདྲུད་པ་ལས་མེ་འབྱུང་བ་གང་ཡིན་པ་དེ་དག་ལ་རྟོག་གེ་པ་དག་ན་རེ། འདི་ལྟར་སྐར་མདའ་ རབ་ཏུ་ལྟུང་བ་ལས་ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །བདེ་བར་འགྱུར་རོ། །མི་བདེ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་འཕེལ་བར་འགྱུར་རོ། །བ་ལང་དང་བྲམ་ཟེ་འགྲིབ་པར་འགྱུར་རོ་ ཞེས་དེ་ལྟར་རྟོག་གེ་པ་ལས་ཀྱི་འབྲས་བུ་མངོན་པར་མི་ཤེས་པ་དག་འཇིག་རྟེན་པའི་མཚན་མའི་ལྟས་སྟོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཕྲ་མོ་སོ་སོར་ཤེས་པ་གང་ཡིན་པ་ནི་ལྷ་དང་བཅས་པ་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་རྣམས་ཀྱི་ནང་ན་དེ་མེད་དེ། འདི་ལྟར་བདག་ཅག་གི་ཆོས་འདུལ་བ་ལ་སེམས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་གཙོ་བོར་བྱེད་པ་ཡིན་ནོ། །དེ་ནས་ཡང་དགེ་སློང་ ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སོ་སོར་རྟོག་པར་བྱེད་དེ། ཀྱེ་མ་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀུན་ཏུ་རྒྱུ་བའི་ལྷ་རྣམས་ཀྱི་དྲུང་དང ། རྒྱ་མཚོ་ན་གནས་པའི་ཀླུ་ཆོས་དང་ལྡན་པ་རྣམས་ཀྱི་དྲུང་དུ་ཇི་ལྟར་འགྲོ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ 69-1-18a ཤེས་པས་བརྟགས་ན། བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རབ་ཏུ་འབར་བ་རྣམས་རྒྱ་མཚོར་ཞུགས་ཏེ། ཀླུའི་རྒྱལ་པོ་ཆོས་དང་ལྡན་པ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་ལ་འདི་ལྟར་ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་ པ་དེ་དག་མཚོ་ཀུན་མཐོང་དུ་བདག་ཉིད་ལ་ལྟ་བར་བྱེད་དོ་ཞེས་སྔ་མ་བཞིན་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རྣམས་ལ་ཐོས་ནས་ཀླུའི་རྒྱལ་པོ་ལོངས་སྤྱོད་ལྡན་ལ་གནས་པ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པས་བར་སྣང་ལ་རྒྱུ་བའི་ཀླུ་རྣམས་ལ་འདི་ལྟར་བདག་གིས་ཆོས་དང་ མི་ལྡན་པའི་ཀླུ་དེ་དག་མཐུས་ཕྱིར་བཟློག་ཅིང་བསྐྲད་དེ། ཆད་པས་ཀྱང་བཅད་ནས། འཛམ་བུའི་གླིང་ན་ཆོས་དང་ལྡན་པ་རྣམས་ཀྱི་ལོ་ལེགས་པར་བྱ་བ་དང ། ཆར་དབབ་པ་དང ། རླུང་གིས་གནོད་པ་མེད་པར་བྱ་བ་དང ། འཛམ་བུའི་གླིང་དུ་འབྲས་སཱ་ལུ་དང ། ནས་དང ། བཟའ་བ་དག་འབྱུང་བར་བྱ་བ་དང ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་རྣམས་ཀྱི་གྲོགས་བྱའོ་ཞེས་བསྙད་དོ། །ཀླུ་དེ་དག་ལ་དེ་སྐད་བསྙད་ནས་ས་བླའི་གནོད་སྦྱིན་རྣམས་ཀླུ་ཆོས་དང་མི་ལྡན་པ་དག་ག་ལ་བ་དེར་གཡུལ་འགྱེད་པའི་ཕྱིར་དོང་སྟེ། ཀླུའི་རྒྱལ་པོ་རབ་འཇོམས་ དང ། ཀླུའི་རྒྱལ་པོ་བསྒྱིངས་པ་ལ་སོགས་པ་ལ།འདི་ལྟར་ཁྱེད་ནི་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་ཡིན་ལ། ངེད་ནི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཡིན་ཏེ། དེ་ལྟར་ཁྱེད་ཅག་དང་ངེད་ཅག་མི་འཐུན་པར་གྱུར་ཅིང་འགྲན་ཟླར་གྱུར་པས་ངེད་ཅག་ནི་ ཁྱེད་ཅག་ལ་བརྡེག་པའི་ཕྱིར་འདིར་འོངས་སོ་ཞེས་སྨྲས་སོ། །དེ་ཐོས་ནས་ཀླུའི་རྒྱལ་པོ་རབ་འཇོམས་དང ། བསྒྱིངས་པ་ལ་སོགས་པ་དེ་དག་གཡུལ་འགྱེད་དུ་ལྷགས་ཏེ་དེ་དག་ཕན་ཚུན་གློག་གི་ཆར་མང་པོ་བྱུང་བ་ན། དེ་གང་གི་ཚེ་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་ སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་འབྱུང་བ་དེའི་ཚེ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་རྒྱལ་བར་འགྱུར་ལ། ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་ཕམ་པར་འགྱུར་ཏེ། དེ་ལྟར་འཛམ་བུའི་གླིང་དུ་ཆར་ལེགས་པར་འབབ་པར་འགྱུར་ 69-1-18b ཞིང་དེས་ན་ལོ་ལེགས་པར་འགྱུར་རོ། །དེའི་ཚེ་རྟོག་གེ་པ་དག་ན་རེ་འདི་ནི་རྒྱུ་སྐར་གྱི་ཡོན་ཏན་ཡིན་ནོ། །འདི་ནི་གཟའི་ཡོན་ཏན་ཡིན་ནོ། །འདི་ནི་ལྟས་ཀྱི་ཡོན་ཏན་ཡིན་ནོ་ཞེས་བརྗོད་དེ་ཆར་ལེགས་པར་འབབ་པ་གང་དུས་དུས་སུ་འབབ་པས་ཆར་དུས་དང་འཐུན་པར་རབ་ཏུ་འབབ་སྟེ། བ་ལང་ དང་བྲམ་ཟེ་དག་ཀྱང་དེའི་འབྲས་བུ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེའོ། །གང་གི་ཚེ་མར་མི་འཛིན་པ་དང ། ཕར་མི་འཛིན་པ་དང ། དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་འཛིན་པ་དང ། ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་སྐྱེ་དགུ་དག་འབྱུང་བ་དེའི་ཚེ། ཀླུའི་རྒྱལ་པོ་ ཆོས་དང་ལྡན་པ་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཕམ་པར་འགྱུར་ལ། ཀླུའི་རྒྱལ་པོ་རབ་འཇོམས་དང ། ཀླུའི་རྒྱལ་པོ་བསྒྱིངས་པ་ལ་སོགས་པ་རྒྱལ་བར་འགྱུར་ཏེ། ལོ་ཉེས་འབྱུང་བར་བྱེད། ཆར་འབབ་མི་མཁས་པར་བྱེད། ཆར་དྲག་རྣམས་ཀྱིས་ལོ་ཏོག་མ་རུང་བར་བྱེད། ཐན་པ་ འབྱུང་བར་བྱེད་པ་དང ། བྲམ་ཟེ་རྟོག་གེ་པ་དག་གཞན་དུ་སྒྱུར་བར་བྱེད་དེ། འདི་ལྟར་འདི་ནི་རྒྱུ་སྐར་གྱི་ཉེས་པ་ཡིན་ནོ། །འདི་ནི་གཟའི་ཉེས་པ་ཡིན་ནོ། །འདི་ནི་དུས་ཀྱི་ཉེས་པ་ཡིན་ནོ། །འདི་ནི་ལྟས་ཀྱི་ཉེས་པ་ཡིན་ནོ་ཞེས་དེ་ལྟར་རྟོག་གེ་པ་ལས་ཀྱི་འབྲས་བུ་མངོན་པར་མི་ཤེས་པ་དག་ འདི་ལྟར་གཞན་དུ་སྒྱུར་ཡང་དེ་ཁོ་ན་ནི་མི་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ངའི་ཉན་ཐོས་སམ། ངའི་ཆོས་འདུལ་བ་འདི་ཐོས་ནས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སོ་སོར་ཤེས་པ་གཙོ་བོར་བྱེད་པའམ། འབྲས་བུ་སོ་སོར་ཤེས་པ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་ རྟེན་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང ། ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱི་ཡུལ་གྱི་འཇུག་པ་མ་ཡིན་ཏེ། གཞན་མ་ཡིན་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་མ་ཡིན་གྱི་ ས་ལ་རྟོག་པར་བྱེད་དེ། གང་གི་ཚེ་གང་དུ་ཀླུ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་རྣམས་ཀླུ་ཆོས་དང་ལྡན་པ་རྣམས་ཀྱིས་ཕམ་པར་བྱས་པ་དེའི་ཚེ། ལྷ་མ་ཡིན་མགུལ་ཕྲེང་དག་གིས་ཤེས་པར་འགྱུར་ཏེ། ལྷ་མ་ཡིན་མགུལ་ཕྲེང་དག་དང ། ལྷ་མ་ཡིན་སྐར་ཕྲེང་གི་གྲོང་ 69-1-19a ཁྱེར་ན་གནས་པ་དང ། གཞན་ཚལ་དང་ནགས་ཚལ་ན་གནས་པ་དེ་དག་ཐམས་ཅད་ཡི་མུག་ཅིང་བྱིན་ཉམས་ལ་བཞིན་ངོ་ཚ་ནས་ཁྱིམ་དུ་ཕྱིར་ལྷགས་ཏེ། ཀྱེ་ཨེ་མ་ལྷ་མ་ཡིན་བདག་ཅག་རྣམས་ཀྱིས་ལྷ་རྣམས་ཐུབ་པར་མ་ནུས་ལ་བྱིན་ཉམས་སོ། །གང་གི་ཚེ་ བདག་ཅག་གིས་ལྷ་རྣམས་ཕམ་པར་བྱེད་ནུས་ཞིག་གུ་ཞེས་དེ་སྐད་སྨྲས་ནས། ལྷ་མ་ཡིན་མགུལ་ཕྲེང་དག་གིས་སྒྲ་གཅན་ལ། ལྷ་མ་ཡིན་གྱི་དབང་པོ་འདི་ལྟར་སླད་ཀྱིས་ཡུན་མི་རིང་བར་བདག་ཅག་གིས་ལྷ་རྣམས་ཕམ་པར་བགྱིད་པར་རྔོ་ཐོགས་ཀྱིས་ནན་ཏན་མཛད་དུ་གསོལ་ཞེས་སྨྲས་པ་དང ། དེ་སྐད་ཐོས་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷ་མ་ཡིན་མགུལ་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དག་ལ་འདི་ལྟར་ངས་ཡུན་མི་རིང་བར་ལྷ་དག་དབང་པོ་དང་བཅས་ཏེ། ཐུབ་པར་བྱ་ཡིས་སྙིང་ལས་ཆུང་ངུར་འཁོད་ཅིག་ཅེས་སྨྲས་སོ། །སྒྲ་གཅན་ལས་ལྷ་མ་ཡིན་ མགུལ་ཕྲེང་དག་གིས་དེ་སྐད་ཐོས་ནས། དེ་ནས་ཡིད་རབ་ཏུ་དགའ་སྟེ། རང་གི་གནས་སུ་ཞུགས་སོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་སྐར་ཕྲེང་ཞེས་བྱ་བ་ལ་བརྟགས་ནས། ཕྱི་རོལ་ལ་ཡང་སོ་སོར་རྟོག་པར་བྱེད་དེ། མགུལ་ ཕྲེང་ཞེས་བྱ་བ་དག་གིས་གཞན་ཕྱི་རོལ་གྱི་ཚལ་དང་།ནགས་ཚལ་རྣམ་པ་དུ་ཡོད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་མ་ཡིན་མགུལ་ཕྲེང་ཞེས་བྱ་བ་དག་གི་ཚལ་དང ། བྱ་རྣམས་དང ། ནགས་ཚལ་དང ། ཉེ་བའི་ཚལ་དང ། ལྟེང་ཀ་དང ། འབབ་ ཆུའི་དངོ་དང ། པད་མའི་རྫིང་རྣམས་ཀྱིས་དཔག་ཚད་ཁྲི་ཕྲག་སུམ་སྟོང་དུ་གང་བ། བྱ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པ་དག་གིས་མཛེས་པར་བྱས་ཤིང་ཉེ་བར་བརྒྱན་ལ་ཀུན་ཏུ་སྡུག་པར་བྱས་པ། ཀུན་ནས་ཉམས་དགའ་བ། སྤྲོ་ཞིང་རབ་ཏུ་དགའ་ལ། རྟག་ཏུ་མང་བ་ཇི་ལྟར་ འདུག་པ་མཐོང་སྟེ། དེ་ན་ཚལ་ཆེན་པོ་བདུན་ཡོད་པ་ལ་འདི་ལྟ་སྟེ། གསེར་གྱི་འོག་ཕག་སྤྲིན་དང ། རྟག་ཏུ་ཉམས་དགའ་དང ། སྐྱེད་མོས་ཚལ་དགའ་དང ། འབྲས་བུ་རྟག་ཏུ་མཛེས་དང ། རླུང་བདེ་དང ། ཏིན་དི་ཀུན་དགའ་དང ། སྤྲས་པ་སྟེ། དེ་དག་ནི་ལྷ་མ་ཡིན་མགུལ་ཕྲེང་ 69-1-19b དག་གི་སྐྱེ་བོ་གནས་པའི་ཚལ་ཆེན་པོ་དག་ཡིན་ནོ། །ས་དེ་དག་ཀྱང་ལྷ་མ་ཡིན་རྟག་ཏུ་དགའ་བ་རྣམས་ཀྱིས་གང་བ་ཡིན་ཏེ། ལྷ་མ་ཡིན་ལས་ཀྱི་འབྲས་བུ་ལ་སྤྱོད་པ་རྣམས་གནས་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་མ་ཡིན་མགུལ་ཕྲེང་ དག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། མགུལ་ཕྲེང་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཕྱི་རོལ་པ་གང་གིས་གཏན་པ་དང་བཅས་པ། སྡིག་པ་དང་བཅས་པ། སྐྱོན་དང་བཅས་པས་མཆོད་སྦྱིན་བྱས་ ཤིང་བཟའ་བ་དང ། བཅའ་བ་རབ་ཏུ་མང་པོ་དག་བཤམས་ནས། ཚུལ་ཁྲིམས་དང་ལྡན་པ་ལ་མ་བྱིན། སེམས་ཀྱིས་མ་བསྒོམས་པའི་སྦྱིན་པ་ངན་པ་སྦྱིན་པ་དེ་བྱིན་པ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོའི་འགྲོ་བ་ལྷ་མ་ཡིན་མགུལ་ཕྲེང་རྣམས་ཀྱི་ནང་དུ་སྐྱེ་བར་ འགྱུར་ལ། སྦྱིན་པ་ཐ་མ་དང ། འབྲིང་དང ། མཆོག་རྣམས་ཀྱིས་བདེ་བ་ཐ་མ་དང ། འབྲིང་དང ། མཆོག་མྱོང་བར་འགྱུར་ཏེ། རྒྱུ་དང་འཐུན་པར་འབྲས་བུ་འབྱུང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་མ་ཡིན་གྱི་དབང་པོ་ བརྟན་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གང་གིས་བརྟན་པ་དག་ལྷ་མ་ཡིན་རྣམས་ཀྱི་རྒྱལ་སྲིད་བྱེད་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་མིར་གྱུར་པ། རྐུན་མ་གཞན་གྱི་ནོར་རྫས་ ཀྱིས་འཚོ་བ། སེམས་པ་དང་བྲལ་བའི་སེམས་ཀྱིས་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་གཅིག་ལ་ཟས་ཀྱིས་ཚིམ་པར་བྱིན་པའི་ལས་དེས་ལྷ་མ་ཡིན་རྣམས་ཀྱི་རྒྱལ་སྲིད་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་ལྷ་མ་ཡིན་མགུལ་ཕྲེང་ཞེས་བྱ་བའི་ཚེ་ལ་རྟོག་པར་བྱེད་དེ། ལྷ་མ་ཡིན་ མགུལ་ཕྲེང་གི་ཚེའི་ཚད་ཇི་སྲིད་དུ་ཐུབ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ། ལྷའི་མིག་གིས་བརྟགས་ན། མི་རྣམས་ཀྱི་ལོ་དྲུག་བརྒྱ་གང་ཡིན་པ་དེ་དག་ནི་ལྷ་མ་ཡིན་མགུལ་ཕྲེང་རྣམས་ཀྱིས་ཉིན་ཞག་གཅིག་ལ་གྲངས་བརྩིས་པ་དེའི་ལོ་དྲུག་སྟོང་ཐུབ་སྟེ། དུས་མ་ཡིན་པར་ 69-1-20a འཆི་བ་ནི་ཡོད་དོ། །ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་ནི་ལས་ཐམས་ཅད་ལ་རག་ལས་པ་ཡིན་ནོ། །དེས་དུད་འགྲོའི་འགྲོ་བར་བསྡུས་པ་ལྷ་མ་ཡིན་གཉིས་པ་དག་གི་ས་ལ་བརྟགས་ན། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། ། སེམས་ཅན་འཁོར་བར་གཏོགས་པ་ཐམས་ཅད་ནི་ཆོས་ལ་རྟེན་པ། ཆོས་ཀྱི་འགྲོ་བ་ཆོས་སྐྱོབ་པ་ཡིན་ཏེ། ལེགས་པར་བྱས་པས་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་ལ། ཉེས་པར་བྱས་པས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་རྟོག་པར་བྱེད་དེ། ཇི་ལྟར་ན་ལྷ་ཀུན་ཏུ་རྒྱུ་བ་རྣམས་གནོད་སྦྱིན་རྫུ་འཕྲུལ་ཆེན་པོ་རྣམས་ལས་ཐོས་ནས། ཅི་ཞིག་བྱེད་ཅིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ལྷ་ཀུན་ཏུ་ རྒྱུ་བ་རྣམས་རྒྱལ་ཆེན་བཞི་དང་ལྷ་ཕྲེང་ཐོགས་རྣམས་ལ་འདི་ལྟར་ལྷ་མ་ཡིན་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་རྣམས་ཀྱིས་ཀླུ་རྣམས་ལ་འདི་ལྟར་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་རྒྱུ་གང་གིས་འཆི་བའི་དུས་བྱས་ནས། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ རྣམས་ལ་བར་ཆད་བྱ་བར་འབོད་ཅིག་།དེ་དག་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་པ་ཐམས་ཅད་ཀྱང་ཁ་ཟས་ལ་རག་ལས་པ་ཡིན་ལ། དེ་དག་ཀྱང་ཁ་ཟས་ལ་རྟེན་པ་ཡིན་པས། འཛམ་བུའི་གླིང་དུ་ཁྱེད་དེང་ལ། ལོ་ཏོག་ཐམས་ཅད་དབྲོག་པ་དང ། འབྲུ་ཐམས་ཅད་ མ་རུང་བར་བྱ་བའི་ཆར་ཕོབ་ཤིག་ཅེས་རབ་ཏུ་གཟེངས་སྟོད་པར་བྱེད་པ་དེ་དག་བདག་ཅག་ལ་བསྙད་དོ། །ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་གང་ཡིན་པ་དེ་རྣམས་ཀྱིས་ཀྱང་དེ་དག་བདག་ཅག་ལ་བསྙད་ལ། བདག་ཅག་གིས་ཀྱང་ཁྱེད་ཅག་ལ་ བསྙད་པ་ལགས་སོ། །ཁྱེད་ཅག་གིས་ཀྱང་ཉེ་བ་ན་གནས་པའི་ལྷ་གང་ཡོད་པ་དེ་དག་ལ་བསྙད་ཅིང ། ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱིས་ཀྱང་པི་བང་ཅན་གསུམ་པ་རྣམས་ལ། པི་བང་ཅན་གསུམ་པ་རྣམས་ཀྱིས་ཀྱང་རྟག་ཏུ་མྱོས་པ་རྣམས་ལ་བསྙད་དེ། དེ་ལྟར་རྒྱལ་ཆེན་ 69-1-20b བཞི་པ་རྣམས་ཀྱིས་ཆོས་དང་མི་འཐུན་པ་འདི་རྒྱ་ཆེར་བསྙད་དོ། །སོ་སོའི་བྱེ་བྲག་ཇི་ལྟ་བུ་ཡིན་པ་རྒྱལ་ཆེན་བཞི་པ་དེ་རྣམས་ཀྱིས་ཀྱང་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་ན་ལྷའི་འདུན་ས་ཆོས་བཟང་དག་གི་འདོད་པའི་ཡོན་ཏན་ལྔ་འབྱོར་པར་གྱུར་པའི་ལྷ་རྣམས་ཀྱི་དབང་པོ་ཀཽ་ཤི་ཀ་ལ་སྔ་མ་བཞིན་རྒྱ་ ཆེར་བསྙད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་ཀཽ་ཤི་ཀས་འཇིག་རྟེན་སྐྱོང་བ་རྣམས་ལ་བསྒོ་བ། འཇིག་རྟེན་སྐྱོང་བ་དག་འཛམ་བུའི་གླིང་ན་ཅི་སངས་རྒྱས་དཀོན་མཆོག་ལ་དད་དམ། ཆོས་དཀོན་མཆོག་ལ་དད་དམ། དགེ་འདུན་དཀོན་མཆོག་ལ་དད་དམ། དགེ་སྦྱོང་དུ་འཛིན་ཏམ། བྲམ་ཟེར་འཛིན་ཏམ། བྱས་པ་གཟོའམ། བྱས་པ་ལ་ཕན་འདོགས་སམ། དྲང་བ་ཡིན་ནམ། དྲང་བའི་རང་བཞིན་ཅན་ཡིན་ནམ། མར་འཛིན་ཏམ། ཕར་འཛིན་ཏམ། རིགས་ཀྱི་རྒན་རབས་ལ་གུས་པར་བྱེད་དམ། ཚེས་གྲངས་ཀྱི་སྨྱུང་བ་ལ་ཉེ་བར་གནས་སམ། གཡོ་ཐབས་དང་ ཚུལ་འཆོས་པ་ལ་མ་ཆགས་སམ། གཞལ་ལུགས་ལ་གཡོ་བྱེད་ཅིང་མི་སླུའམ། ཕན་ཚུན་གནོད་པ་དག་བྱེད་དམ་མི་བྱེད། འཛམ་བུའི་གླིང་དུ་དེང་ལ་རྟོགས་ཤིག་ཅེས་བསྒོ་བ་དང ། ལྷ་དེ་ལྟར་འཚལ་ལོ་ཞེས་སྨྲས་ནས། འཇིག་རྟེན་སྐྱོང་བ་དག་མི་རྣམས་ལ་ཕན་པར་བྱ་བའི་ ཕྱིར་འཛམ་བུའི་གླིང་ག་ལ་བ་དེར་དོང་སྟེ། ཡུལ་ནས་ཡུལ། ལྗོངས་ནས་ལྗོངས། གྲོང་རྡལ་ནས་གྲོང་རྡལ། གྲོང་ནས་གྲོང་།གྲོང་ཁྱེར་ནས་གྲོང་ཁྱེར། ཚོང་རྡལ་ནས་ཚོང་རྡལ་དུ་དེ་དག་རྟོག་པར་བྱེད་དེ། འཛམ་བུའི་གླིང་ན་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་དག་གང་ གནས་པ་འཛམ་བུའི་གླིང་འདི་ཐམས་ཅད་ལ་སྔ་མ་བཞིན་སོ་སོར་རྟོག་པར་བྱེད་དོ། །འཇིག་རྟེན་སྐྱོང་བ་བཞི་པོ་དེ་དག་གལ་ཏེ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་དག་མཐོང་ན་དེ་ལྟར་རྒྱ་མཚོའི་ནང་དུ་ཞུགས་ནས་ལོངས་སྤྱོད་ལྡན་ན་གནས་པའི་ཀླུ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་ལ་ཀླུ་དག་མ་འཇིགས་ཤིག་།གྲོགས་པོ་དག་མ་འཇིགས་ཤིག་།དམ་པའི་ཆོས་ཀྱི་ཕྱོགས་ནི་འཕེལ་ལོ། །བདུད་ཀྱི་ཕྱོགས་ནི་འགྲིབ་བོ། །མུན་ནག་མི་གསལ་བའི་ཕྱོགས་ནི་སེལ་ལོ། །བདུད་ཀྱི་ཕྱོགས་ནི་སྲབས་སོ། །ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་ 69-1-21a འཇུག་པའི་ལྷ་དང་མི་དང་ཀླུ་རྣམས་རབ་ཏུ་དགའོ། །ཆོས་ཀྱི་རྔ་ནི་ཀུན་ཏུ་བརྡུངས་སོ། །ཆོས་ཀྱི་དབྱངས་རབ་ཏུ་ལེན་དུ་བཅུག་སྟེ། ལྷའི་ཕྱོགས་ནི་འཕེལ་ལོ། །བདུད་ཀྱི་ཕྱོགས་ནི་འགྲིབ་བོ། །ཀླུ་དང་ལྷ་མ་ཡིན་ཆོས་དང་མི་ལྡན་པ་རྣམས་ནི་འགྲིབ་ཅིང་འདུག་གོ་ ཞེས་བསྙད་དོ། །དེ་ཐོས་ནས་ཀླུ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་དགའ་བར་གྱུར་པ་རྣམས་ཀྱིས་འཇིག་རྟེན་སྐྱོང་བ་མགུ་བ་དག་ལ་འདི་སྐད་ཅེས་ལྷ་དག་བདག་ཅག་རབ་ཏུ་དགའ་སྟེ། བདག་ཅག་དང་མིའི་འཇིག་རྟེན་ན་མི་རྣམས་ལ་ཀླུ་དང་ལྷ་མ་ཡིན་ཆོས་དང་མི་ལྡན་པ་རྣམས་ ཀྱིས་བར་ཆད་བྱ་བར་མི་ནུས་ཏེ། རབ་ཏུ་དགའ་ཞིང་མཆིས་སོ་ཞེས་དེ་སྐད་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་གསོལ་ཅིག་ཅེས་སྨྲས་པ་དང ། དེ་སྐད་ཐོས་ནས་ཀླུ་རྣམས་ཀྱི་དྲུང་ནས། འཇིག་རྟེན་སྐྱོང་བ་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་དོང་སྟེ། སྔ་མ་བཞིན་དེ་སྐད་ བསྙད་པ་དང ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིད་རབ་ཏུ་དགའ་ནས། །འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཐུབ་པ་དེ་ཉིད་གཟིགས་པ་ཡིས། །ཁྱེད་ལ་ལམ་བཏོད་འདི་གསུངས་ལ། །མི་གང་རབ་ཏུ་གནས་པ་ནི། །ལྷ་ཡི་འདུན་སར་འགྲོ་བར་འགྱུར། །སེམས་ཅན་ རྣམས་ལ་བདེན་དང་དེ་བཞིན་དུ། །སྦྱིན་དང་བྱམས་པ་སྲུང་ཞིང་ཚིག་སྙན་སྨྲ། །ཡང་དག་ལྟ་དང་དྲི་མ་བྲལ་བའི་ཡིད། །སངས་རྒྱས་ཀྱིས་ནི་མཐོ་རིས་ལམ་དུ་གསུངས། །དཀར་པོའི་ཆོས་དང་ཡང་དག་ལྡན། །དཀར་པོའི་ཆོས་ལ་རྟེན་པ་རྣམས། །སྣང་ལས་སྣང་བའི་མེ་ཏོག་དང ། །སྒྲོན་ ལས་སྒྲོན་མ་གཞན་འབྱུང་ལྟར། །སྣང་ལས་སྣང་བའི་མཆོག་འབྱུང་ཞིང ། །བདེ་ལས་ཤིན་ཏུ་བདེ་བར་འགྲོ། །དེ་བས་སྐྱེས་བུ་སྒྲོན་མ་མཆོག་།ངམ་གྲོག་ཏུ་ནི་ལྟུང་མི་འགྱུར། །རྟག་ཏུ་ནོར་བུ་དྲི་མེད་ལྟར། །རྟག་ཏུ་གང་ཞིག་སེམས་དག་པ། །དེ་ནི་ཞི་སྟེ་ང་མེད་བརྟན། །ལྷ་རྣམས་ཀྱི་ནི་ ནང་དུ་འགྲོ། །བསམ་གཏན་ཚུལ་ཁྲིམས་ཏིང་འཛིན་དག་།གང་གི་སེམས་ལ་ཤིན་ཏུ་བསྒོམས། །བརྟན་པོ་དེ་ནི་གསེར་འདྲ་སྟེ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །སྲོག་གཅོད་པ་དག་སྤངས་པ་དང ། །སེམས་ཅན་ཀུན་ལ་སྙིང་རྗེ་མཆོག་།བརྩེ་ལྡན་དྲང་པོ་ཞི་བ་དག་།ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། ། 69-1-21b འཇིག་རྟེན་ཀུན་ལ་ཚིག་འཇམ་ཞིང ། །ཞེ་སྡང་ལས་ནི་རྣམ་སྤངས་ལ། །སྡིག་པའི་ཆོས་ཀྱིས་མ་གོས་པ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །གང་ལ་རྩཝ་དང་གསེར་མཉམ་ཞིང ། །གང་གིས་འདོད་པ་དུག་ལྟ་བུ། །འདོད་པ་སྤངས་པའི་བརྟན་པོ་དེ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །འདོད་ ཆགས་རྒྱུ་སྟེ་ཡིད་འོང་བའི། །ཡུལ་གྱིས་མ་དྲངས་གང་ཡིན་པ། །དེ་ནི་འཇིགས་པའི་དགོན་ལས་རྒལ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །གྲོགས་པོ་གཉེན་བཤེས་རྩ་ལག་དང ། །ཕན་ཚུན་མི་འཐུན་གྱུར་པ་ལ། །གང་ཞིག་ཤིན་ཏུ་སྡུམས་བྱེད་པ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །འདོད་ པའི་འདམ་ལས་དྲངས་ཤིང་སྐྱོན་བསལ་བ། །སེམས་ཅན་ཀུན་ལ་རྟག་ཏུ་བདེ་འདོད་གང ། །དེ་ནི་དྲི་མེད་ཞི་བ་ཡིད་གྲོལ་ཞིང ། །དེ་ལྟར་བདུད་ཀྱི་སྟོབས་ནི་འཇོམས་པར་བྱེད། །གང་ཞིག་དབང་ལ་བློ་གནས་ཤིང ། །བློ་ཡི་དབང་དུ་མི་འགྲོ་གང ། །དེ་ནི་དགྲ་ལས་རྣམ་རྒྱལ་ཏེ། །ལྷ་རྣམས་ཀྱི་ ནི་ནང་དུ་འགྲོ། །ལུས་ཀྱི་ལས་མཐའ་དགེ་བ་དག་།སྡིག་ལས་བྲལ་བ་བདེ་ལྡན་གང ། །དེ་ནི་འདོད་སྤངས་བསམ་གཏན་པ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །སྡིག་པའི་གྲོགས་པོ་རྣམ་སྤངས་ཤིང ། །སྲེད་པའི་ཞགས་ལས་རྣམ་གྲོལ་བ། །བུད་མེད་ཞགས་པས་མ་བཅིངས་པ། །ལྷ་རྣམས་ ཀྱི་ནི་ནང་དུ་འགྲོ། །གང་དག་ཆོས་ལ་རབ་འབད་ཅིང ། །སྦྱིན་དང་ཚུལ་ཁྲིམས་ཏིང་འཛིན་ལྡན། །བློ་གྲོས་བརྟན་ཞིང་རྟག་བརྩོན་པ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །རལ་གྲིས་ཞགས་པ་བཅད་པ་ལྟར། །གང་གིས་འཆིང་བ་བཅད་པ་དེ། །རང་དབང་ཞགས་པ་བཅད་པ་ཡིན། །ལྷ་རྣམས་ ཀྱི་ནི་ནང་དུ་འགྲོ། །འདོད་པའི་དྲི་མས་མ་གོས་བརྐམ་པ་མེད། །སྐྱོན་དག་སྤངས་ཤིང་བཅོམ་སྟེ་སྲེད་དང་བྲལ། །ཉེས་མེད་དྲི་བྲལ་སེམས་ཅན་བརྟན་པ་དེ། །རང་གི་འབྲས་བུ་ལ་སྤྱོད་མཐོ་རིས་འགྲོ། །སེམས་ཅན་མིར་ནི་གྱུར་པ་གང ། །ལེགས་པར་བྱས་པ་མང་སྤྱད་པ། ལས་ཀྱི་རྣམ་ སྨིན་དེ་ཡིས་སུ། །ལྷ་ཡི་འཇིག་རྟེན་རབ་ཏུ་འགེངས། །མི་ཡི་མཐུ་ཡིས་ལྷ་འབྱུང་ལ། །ལྷ་ཡི་མཐུ་ཡིས་མི་འབྱུང་སྟེ། །ཕན་ཚུན་མཐུས་འབྱུང་འདི་དག་ནི། །དམ་པའི་ཆོས་ཀྱི་ལམ་དུ་གནས། །ལྷ་ཡི་བདེ་འགྲོ་མི་ཡིན་ལ། །མི་ཡི་བདེ་འགྲོ་ལྷ་ཡིན་ཏེ། །ངན་སོང་གསུམ་གྱི་ས་དག་ནི། །དགེ་ 69-1-22a བའི་ལས་རྣམས་སྤངས་པ་ཡིན། །དེ་ནི་ཁྱེད་ཡིན་རྟག་ཏུ་བརྩོན། །ལེགས་པར་མཐོང་བ་མཆོག་ཡིན་ཏེ། །རྟག་ཏུ་ཆོས་སྤེལ་བྱེད་པ་གང ། །ལྷ་མཆོག་རྣམས་ནི་རབ་ཏུ་འབོད། །བདེ་བ་ཐམས་ཅད་ཆོས་ལ་ལས། །མྱ་ངན་འདས་པ་ཆོས་ལ་ལས། །གཉིད་ལོག་ རྣམས་ལ་ཆོས་སྟོན་ཅིག་།འགྲོ་བ་མཆོག་ནི་ཆོས་ཡིན་ནོ། །དེ་སྐད་ཅེས་བསྒོ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་དེ་དག་ལ་ཡང་འདི་སྐད་དུ་མི་རྣམས་ཡོངས་སུ་བསྲུང་བའི་ཕྱིར་དང ། ཆོས་རྣམས་འཕེལ་བར་བྱ་བའི་ཕྱིར་འབོད་ཅིག་ཅེས་བསྒོའོ། །དེ་ནས་ཡང་དགེ་ སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ལྷ་རྣམས་ཀྱི་སེམས་ཀྱི་རྟོག་པ་རིག་ནས་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ལྷ་མ་ཡིན་རྣམས་ཀྱི་ས་གཉིས་པ་ལ་བརྟགས་ནས། ས་གསུམ་པ་ལ་ རྟོག་པར་བྱེད་དེ། ལྷ་མ་ཡིན་རྣམས་ཀྱི་ས་གསུམ་པའི་རྣམ་པ་ཇི་ལྟ་བུ་ཡིན་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ས་གཞི་གསུམ་པ་གང་ཡིན་པ་ནི་དཔག་ཚད་ཉི་ཁྲི་ཆིག་སྟོང་ཡོད་དོ། །ས་གཞི་དེ་ཡང་གནས་བཟང་པོ་ཞེས་བྱ་སྟེ། ཚལ་དང ། ནགས་ཚལ་དང ། ལྟེང་ཀ་དང ། འབབ་ཆུའི་དངོ་དང ། སྐྱེ་བོ་འཐུན་པ་སྣ་ཚོགས་ཀྱིས་གང་བ། རྟག་ཏུ་སྤྲོ་བ་དང ། རོལ་མོའི་སྒྲ་སྙན་པས་གང་ངོ ། །གྲོང་ཁྱེར་ཟབ་པ་ཞེས་བྱ་བ་དཔག་ཚད་བརྒྱད་སྟོང་པ་ཡོད་དེ། གྲོང་ཁྱེར་དེ་ན་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཞེས་བྱ་བ་གནས་སོ། །ལྷ་མ་ཡིན་དེ་རྣམས་ ཀྱང་རྩེ་བ་ལ་གནས་པ་ཞེས་བྱ་ལ། གྲོང་ཁྱེར་ཟབ་པ་དེ་ཡང་རིན་པོ་ཆེའི་རྣམ་པ་དུ་མ་དང ། ཚལ་དང ། ནགས་ཚལ་དང ། ལྟེང་ཀ་དང ། པད་མའི་རྫིང་རབ་ཏུ་མང་པོ་དང་ལྡན་པ། འདམ་དང་རྙོག་པ་དང་བྲལ་བའི་པད་མ་སྐྱེ་བའི་རྫིང་རྣམས་ཀྱིས་མཛེས་པར་བྱས་པ་ལྷ་མ་ཡིན་རྩེ་བའི་ གྲོགས་པོ་དང་ལྡན་པ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བ། དུས་ཚིགས་དྲུག་ཉམས་དགའ་བ། ཚལ་ཆེན་པོ་བཞི་རྣམས་ཀྱིས་མཛེས་པར་བྱས་པ་ལ་འདི་ལྟ་སྟེ། དྲིལ་བུ་གཡེར་ཁའི་ཕྲེང་བའི་ཚལ་ཞེས་བྱ་བ། གང་དུ་དྲིལ་བུ་གཡེར་ཁའི་ཤིང་ལྗོན་པ་རྟག་ཏུ་སྒྲ་དབྱངས་སྙན་པ་འབྱིན་པ་ 69-1-22b དང ། འདི་ལྟར་ཚལ་གཉིས་པ་གསེར་ཕྲེང་ཞེས་བྱ་བ་གང་དུ་གསེར་གྱི་ཤིང་ལྗོན་པ་སྐྱེ་བ་དང ། ཚལ་གསུམ་པ་མེ་ཕྲེང་ཞེས་བྱ་བ་གང་དུ་མེ་ལྟ་བུའི་ཤིང་ལྗོན་པ་འབྲས་བུ་དམར་པོ་འབྱུང་བ་དང ། ཚལ་བཞི་པ་འདྲེས་པ་ཞེས་བྱ་བ་གང་དུ་མེ་ཏོག་དང་འབྲས་བུ་འདྲེས་པ་རྣམས་ཀྱིས་མཛེས་པར་ བྱས་པ་ཡིན་ཏེ། ཚལ་བཞི་པོ་དེ་རྣམས་ཀྱིས་ལྷ་མ་ཡིན་གྱི་གྲོང་ཁྱེར་ཟབ་པ་མཛེས་པར་བྱས་སོ། །གང་ན་ལྷ་མ་ཡིན་རྩེ་བའི་གྲོགས་དང་ལྷན་ཅིག་གནས་པ་ནི་ལྷ་དང་འཐུན་པར་བདེ་བར་གནས་པ་ཡིན་ཏེ། དེ་ལྟར་གནས་པ་དེ་དག་ནི་མེ་ཏོག་ཕྲེང་དང ། ཕྱེ་མ་དང ། བྱུག་པ་རྣམས་ ཀྱིས་ལུས་བརྒྱན་པ། སྤྲོ་བ་དང ། དགའ་བ་དང ། རྩེ་བ་དང ། རྒལ་བ་དང ། དགོད་པ་རྣམས་ཀྱིས་རྟག་ཏུ་གནས་པ། ལྷ་མ་ཡིན་གྱི་བུ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ། ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་གིས་བསྐྱངས་པ། སྐྱེད་མོས་ཚལ་དུ་རྟག་ཏུ་རྩེ་བར་གནས་པ། ལུས་ཀྱི་ བར་བར་ནི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡིན་ཏེ། ལྷ་མ་ཡིན་གྱི་དབང་པོ་བརྟན་པས་གནས་གཉིས་པ་ན་གནས་པ། ལྷ་མ་ཡིན་འཛམ་བྷ་ཞེས་བྱ་བ། ལྷ་མ་ཡིན་མེ་ཏོག་ཕྲེང་ཞེས་བྱ་བའི་དྲུང་དུ་མངགས་ཏེ། འདི་ལྟར་མིའི་འཇིག་རྟེན་ན་མི་འདི་དག་ཐམས་ཅད་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། བྱས་པ་ལ་ཕན་འདོགས་པ་ཡིན་ལ། དེ་ལྟར་གནས་པ་དེ་དག་ནི་མི་མཐུ་ཆེ་བ་རྣམས་ཀྱིས་ལྷ་རྣམས་མཐུ་ཆེ་བ་ཡིན་ཏེ། དེས་ན་བདག་ཅག་དང་ཀླུ་དང་བཅས་པ་རྣམས་ཀྱིས་ངེས་པར་ལྷ་དང་མི་རྣམས་ཀྱི་དམ་པའི་ཆོས་ ཀྱི་བར་ཆད་བྱ་བ་ལ་འབད་པར་བྱའོ་ཞེས་སྔ་མ་བཞིན་དུ་དེ་དག་ཐོས་ནས། གནས་གསུམ་པ་ན་གནས་པ་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཤིན་ཏུ་མི་དགའ་སྟེ། བདག་ཅག་གི་དགྲ་བོ་ལྷ་འདི་དག་ནི་མི་ལ་རག་ལས་པ་ཡིན་པས། ལྷ་དང་མིའི་བར་ཆད་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་ རྩེ་ཞིང་གནས་པ་མཚོན་དང་གོ་ཆ་སྣ་ཚོགས་ཀྱིས་ལུས་རྣམ་པར་བརྒྱན་པ། ཤིན་ཏུ་ཆས་པ་རྣམས་ཀླུ་རྣམས་ཀྱི་གནས་ལོངས་སྤྱོད་ལྡན་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་སྒྲ་དེ་དག་ཐོས་ནས་ཀླུའི་རྒྱལ་པོ་ཆེན་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་ལུས་ལ་གློག་གི་ཕྲེང་བ་ 69-1-23a འབར་བ་འབྱུང་བ། ཤིན་ཏུ་ཆས་པ་རྣམས་གློག་མང་པོ་ཆར་ལྟར་འབྱིན་པ་ན་རྒྱ་མཚོའི་དབུས་ནས་ཀླུ་འབུམ་ཕྲག་བྱེ་བ་དུ་མ་དག་མངོན་པར་འབྱུང་ངོ ། །དེ་ནས་ལྷ་མ་ཡིན་དེ་རྣམས་དང ། ཀླུ་དེ་རྣམས་རྒྱ་མཚོའི་དབུས་སུ་གཡུལ་ཆེན་པོ་འགྱེད་པར་འགྱུར་ཏེ། དེ་གང་གི་ཚེ་ ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་འབྱུང་བ་དེའི་ཚེ་ལྷ་མ་ཡིན་རྣམས་ཕམ་པར་འགྱུར་ལ། གལ་ཏེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་སྐྱེ་དགུ་འབྱུང་ན་སྔ་མ་བཞིན་དེའི་ཚེ་ལྷ་མ་ཡིན་གྱི་ཕྱོགས་རྒྱལ་བར་འགྱུར་ཏེ། ཀླུའི་ཕྱོགས་ཕམ་པར་འགྱུར་རོ། །དེ་ལྟར་ཐམས་ཅད་ ཆོས་ལ་རག་ལས་པ་ཡིན་ཏེ། དེ་གང་གི་ཚེ་ཀླུ་ཕམ་པར་གྱུར་ན། དེ་དག་ཀུན་ཏུ་རྒྱུ་བའི་ལྷ་རྣམས་ལ་ཀྱེ་གྲོགས་པོ་དག་འདི་ལྟར་ལྷ་མ་ཡིན་རྣམས་ཀྱི་མཐུ་ལ་བགེགས་བྱ་བའི་ཕྱིར་འབོད་ཅིག་ཅེས་སྨྲས་སོ། །དེ་ནས་ཀུན་ཏུ་རྒྱུ་བའི་ལྷ་ཁྲོ་བས་གདུངས་པ་རྣམས་ཁ་རླངས་འབྱིན་བཞིན་དུ་རྒྱལ་ཆེན་་ བཞིའི་ལྷ་རྣམས་ལ། ཀྱེ་ལྷ་དག་འདི་ལྟར་ལྷ་མ་ཡིན་གྱི་ཕྱོགས་འདི་ནི་མཐུ་ཆེ་སྟེ། ཀླུ་རྣམས་ནི་ཕམ་མོ། །ལྷ་མ་ཡིན་རྣམས་ནི་རྒྱལ་གྱིས་གཡུལ་བཤམ་པ་ལ་རབ་ཏུ་འབོད་ཅིག་ཅེས་སྨྲས་སོ། །ཀུན་ཏུ་རྒྱུ་བའི་ལྷའི་བུ་དེ་དག་དང ། ཁ་རླངས་དེ་མཐོང་ནས་ཀྱང་རྟོག་གེ་པ་དག་ན་རེ། འདི་ལྟར་དུ་བ་ མཇུག་རིངས་བྱུང་སྟེ། ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་འགྱུར་རོ། །ཆར་ལེགས་པར་འབབ་པར་མི་འགྱུར་རོ་ཞེས་སྔ་མ་བཞིན་དུ་སྦྱར་ཏེ། འདི་ནི་དུ་བ་མཇུག་རིངས་སྟོན་པའི་རྒྱུ་གཉིས་པ་ཡིན་ནོ། །དེ་གང་གི་ཚེ་ལྷ་དང ། ཀླུ་དང ། གནོད་སྦྱིན་ དག་རྒྱལ་བར་འགྱུར་བ་དེའི་ཚེ། ཆར་ལེགས་པར་འབབ་ཅིང་ལོ་ལེགས་པར་འགྱུར། །དེའི་ཚེ་ནད་འབྱུང་བར་མི་འགྱུར་ཞིང ། མཚོན་གྱིས་འཁྲུག་པར་མི་འགྱུར་བ་དང ། འདི་ལྟ་སྟེ། རྟོག་གེ་པ་དག་ན་རེ་འདི་ལྟར་གཟས་ཆར་ཕབ་བོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །དེ་ནས་གང་གི་ ཚེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་སྐྱེ་དགུ་འབྱུང་ཞིང་མར་མི་འཛིན་པ་དང ། ཕར་མི་འཛིན་པ་དང ། རྒན་རབས་ལ་གུས་པར་མི་བྱེད་པ་དེའི་ཚེ། ལྷ་མ་ཡིན་གྱི་ཕྱོགས་ནི་རྒྱལ་བར་འགྱུར་ཏེ། ཆར་མི་འབབ་ཅིང་ཆོས་དང་མི་ལྡན་པ་རྣམས་ཀྱིས་ལོ་ལེགས་པར་མི་འགྱུར་ལ། 69-1-23b མཚོན་གྱིས་འཁྲུག་པར་ཡང་འགྱུར་རོ། །དེ་ལ་རྟོག་གེ་པ་དག་གཞན་དུ་སྒྱུར་ཏེ། གཟའི་ཉེས་པས་ཆར་མི་འབབ་བོ། །རྒྱུ་སྐར་གྱི་ཉེས་པས་ལོ་ལེགས་པར་མི་འགྱུར་རོ་ཞེས་སྔ་མ་བཞིན་དུ་སྦྱར་ཏེ། དེ་ལྟར་ཆོས་དང་ཆོས་མ་ཡིན་པ་མངོན་པར་མི་ཤེས་པ་རྟོག་གེ་པ་དག་གཞན་དུ་སྒྱུར་ཞིང་ འཇིག་རྟེན་པ་ལ་གཞན་དུ་སྒྲོགས་སོ། །དེ་ལྟར་མི་ཤེས་པས་ཉམས་པ་ཐམས་ཅད་ནི་མུ་སྟེགས་ཡ་མཚན་གྱི་བློར་འགྱུར་རོ། །གང་གི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ཀླུ་རྣམས་ཟིལ་གྱིས་མནན་པ་དེའི་ཚེ། དེ་ནས་ཡང་འཇིག་རྟེན་སྐྱོང་བ་བཞི་དག་རྒྱལ་ཆེན་བཞི་པ་རྣམས་ལ་འདི་ལྟར་སྒྲ་སྒྲོགས་པར་ བྱེད་དེ། ཆོས་ལུགས་རྒྱལ་བར་གྱུར་ཅིག་ཆོས་མིན་རྒྱལ་མ་གྱུར། །བདེན་པ་རྒྱལ་བར་གྱུར་ཅིག་བརྫུན་པ་རྒྱལ་མ་གྱུར། །ལྷ་རྣམས་རྒྱལ་བར་གྱུར་ཅིག་ལྷ་མིན་རྒྱལ་མ་གྱུར། །སྣང་བ་རྒྱལ་བར་གྱུར་ཅིག་མུན་པ་རྒྱལ་མ་གྱུར། །སྦྱིན་པ་རྒྱལ་བར་གྱུར་ཅིག་འཇུངས་པ་རྒྱལ་མ་གྱུར། ། ཚུལ་ཁྲིམས་རྒྱལ་བར་གྱུར་ཅིག་གསོད་པ་རྒྱལ་མ་གྱུར། །སངས་རྒྱས་རྒྱལ་བར་གྱུར་ཅིག་མུ་སྟེགས་རྒྱལ་མ་གྱུར། །བརྟན་པ་རྒྱལ་བར་གྱུར་ཅིག་གཡོ་བ་རྒྱལ་མ་གྱུར། །ཆོས་བཞིན་རྒྱལ་བར་གྱུར་ཅིག་དོར་སྒྱུ་རྒྱལ་མ་གྱུར། །སྙིང་རྗེ་རྒྱལ་བར་གྱུར་ཅིག་བརྩེ་མེད་རྒྱལ་མ་གྱུར། །བྱམས་ པ་རྒྱལ་བར་གྱུར་ཅིག་ཁྲོ་བ་རྒྱལ་མ་གྱུར། །བརྒྱ་བྱིན་རྒྱལ་བར་གྱུར་ཅིག་ལྷ་མིན་རྒྱལ་མ་གྱུར། །གོང་མ་རྒྱལ་བར་གྱུར་ཅིག་འོག་མ་རྒྱལ་མ་གྱུར། །འགྲངས་པ་རྒྱལ་བར་གྱུར་ཅིག་བཀྲེས་པ་རྒྱལ་མ་གྱུར། །ཡེ་ཤེས་རྒྱལ་བར་གྱུར་ཅིག་གཏི་མུག་རྒྱལ་མ་གྱུར། །བྱ་བ་རྒྱལ་ བར་གྱུར་ཅིག་བྱ་མིན་རྒྱལ་མ་གྱུར། །བརྩོན་འགྲུས་རྒྱལ་བར་གྱུར་ཅིག་ལེ་ལོ་རྒྱལ་མ་གྱུར། །སྐྱེས་པ་རྒྱལ་བར་གྱུར་ཅིག་བུད་མེད་རྒྱལ་མ་གྱུར། །རྒན་རབས་རྒྱལ་བར་གྱུར་ཅིག་བྱིས་པ་རྒྱལ་མ་གྱུར། །བཟོད་པ་རྒྱལ་བར་གྱུར་ཅིག་སྡང་བ་རྒྱལ་མ་གྱུར། །མི་རྣམས་རྒྱལ་བར་གྱུར་ ཅིག་རབ་འཇོམས་ལ་སོགས་པ། །ཕུང་བར་བྱེད་པའི་ཀླུ་རྣམས་རྒྱལ་བར་མ་གྱུར་ཅིག་།ཉིན་མོ་རྒྱལ་བར་གྱུར་ཅིག་མཚན་མོ་རྒྱལ་མ་གྱུར། །ཟླ་བ་རྒྱལ་བར་གྱུར་ཅིག་གཟའ་རྣམས་རྒྱལ་མ་གྱུར། །ལོ་ཏོག་རྒྱལ་བར་གྱུར་ཅིག་རྩིགས་མ་རྒྱལ་མ་གྱུར། །བདེ་བ་རྒྱལ་བར་གྱུར་ཅིག་ 69-1-24a བདེ་མིན་རྒྱལ་མ་གྱུར། །ནད་མེད་རྒྱལ་བར་གྱུར་ཅིག་ནད་རྣམས་རྒྱ་ལམ་གྱུར། །འཇམ་པོ་རྒྱལ་བར་གྱུར་ཅིག་རྩུབ་པོ་རྒྱལ་མ་གྱུར། །ཐར་པ་རྒྱལ་བར་གྱུར་ཅིག་བཅིངས་པ་རྒྱལ་མ་གྱུར། །གཞུང་ལུགས་རྒྱལ་བར་གྱུར་ཅིག་ལུགས་མིན་རྒྱལ་མ་གྱུར། ། གཅེས་པ་རྣམས་ནི་ཐམས་ཅད་རབ་ཏུ་རྒྱལ་བར་ཤོག་།གཅེས་མིན་དག་ནི་དུས་རྣམས་ཀུན་ཏུ་བཅོམ་པར་ཤོག་།དེ་ལྟར་འཇིག་རྟེན་སྐྱོང་བ་བཞི་དག་རྔ་བོ་ཆེ་ཐོགས་ནས་ལྷ་རྣམས་ལ་རྒྱུགས་ཤིག་རྒྱུགས་ཤིག་ཅེས་སྨྲས་སོ། །དེ་ནས་ལྷ་རྣམས་དེ་དག་གིས་སྨྲས་པ་ཐོས་ནས་མཚོན་ཆ་དང་གོ་ཆ་སྣ་ཚོགས་ བགོས་ཏེ། ཀླུ་རྣམས་དང ། ལྷ་མ་ཡིན་རྣམས་ལྷན་ཅིག་གཡུལ་འགྱེད་པར་མིག་བཙུམས་པ་ཙམ་གྱི་ཚད་དུ་དེར་ཐམས་ཅད་ཕྱིན་ཏོ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་དེ་དག་ལ་བརྟགས་ནས། འདི་ལྟར་དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་འབྱུང་བ་སྔ་མ་བཞིན་སྦྱར་ཏེ། དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ལྷ་དེ་དག་མཐོང་ནས། སའི་འོག་གཞན་ག་ལ་བར་ཐམས་ཅད་དུ་འཇུག་པར་བྱེད་དོ། །གལ་ཏེ་དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་འཛིན་པའི་སྐྱེ་དགུ་འབྱུང་ན། ལྷ་རྣམས་དང་དེ་དག་ལྷན་ཅིག་གཡུལ་འགྱེད་པར་ཤོམ་སྟེ། དེ་དག་ཡུད་ཙམ་ཞིག་གཡུལ་བཀྱེ་ནས་ལྷ་རྣམས་ཀྱིས་ཕམ་པར་བྱས་ནས། དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་དང ། ལྷ་མ་ཡིན་ཕམ་པ་རྣམས་དང་ལྷན་ཅིག་རང་རང་གི་གནས་སུ་འཇུག་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ལྷ་དང་ལྷ་མ་ཡིན་གྱི་ གཡུལ་མཐོང་ནས། ཡང་དག་པ་ཇི་ལྟ་བ་བཞིན་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་གནས་གསུམ་པ་ལ་གནས་པ་ཞེས་བྱ་བའི་ལྷ་མ་ཡིན་མེ་ཏོག་ཕྲེང་ཞེས་བྱ་བ་ལ་སོགས་པའི་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ ལ་རྟོག་པར་བྱེད་དེ། ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་གང་གིས་ལྷ་མ་ཡིན་གནས་གསུམ་པ་གནས་བཟང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་དུས་སུ་སྦྱོར་བའི་དོན་དུ་གྱད་དམ། སིལ་ཁྲོལ་བའམ། དུ་གུལ་ལ་ཀ་བའམ། བསྡུས་ 69-1-24b པའམ། དགའ་འདུན་པར་གྱུར་པ་དག་ལ་སྦྱིན་པ་ངན་པ་བྱིན་པ་དེ་སེམས་པ་དང་མི་ལྡན་ཞིང ། ཞིང་བཟང་པོ་མ་ཡིན་པ་ལ་བྱིན་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་གནས་གསུམ་པ་ན་གནས་པའི་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་ནི་མི་རྣམས་ཀྱི་ལོ་བདུན་ བརྒྱ་གང་ཡིན་པ་དེ་དག་གི་ཉིན་ཞག་གཅིག་ཡིན་ལ། བགྲང་བ་དེ་ཡི་ལོ་བདུན་སྟོང་ཐུབ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་མ་ཡིན་གྱི་བདག་པོ་མེ་ཏོག་ཕྲེང་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ ལ་སེམས་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་སེམས་པ་དང་མི་ལྡན་པ་གང་གིས་ཚུལ་ཁྲིམས་འཆལ་བ་ལ་ཟན་གཅིག་བྱིན་ན་ལས་དེས་ལྷ་མ་ཡིན་གྱི་གནས་ཟབ་པར་ལྷ་མ་ཡིན་གྱི་བདག་པོ་བདུད་རྩི་དྲི་མ་ཅན་ཟ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་ དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ས་གཞན་བཞི་པ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་འདི་ལྟར་དུད་འགྲོར་གཏོགས་པ་ལྷ་མ་ཡིན་གྱི་གནས་གཞན་བཞི་པ་མི་གཡོ་བ་ཞེས་བྱ་བ་དཔག་ཚད་ཉི་ཁྲི་ཆིག་སྟོང་ཡོད་པ་མཐོང་ངོ ། །དེའི་དབུས་ན་གྲོང་ཁྱེར་མཛེས་པ་ཞེས་བྱ་བ་དཔག་ཚད་བརྒྱད་སྟོང་པ་གཅིག་ཡོད་དོ། །གནས་དེ་ཡང་དཔག་ཚད་ཁྲི་སུམ་སྟོང་ཡོད་དེ། གྲོང་ཁྱེར་དེ་ན་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོ་ཞེས་བྱ་བ་གནས་སོ། །གནས་དེ་ན་ལྷ་མ་ཡིན་གནས་པ་གང་ཡིན་པ་དེ་དག་གི་མིང་ནི་ཀུན་སྤྲོ་ཞེས་བྱ་སྟེ། སྟོབས་ཆེ་བ་ཡིན་ནོ། ། རྒྱལ་པོ་དེ་ཡང་ལྷ་མ་ཡིན་དེ་དག་པས་སྟོབས་ཤིན་ཏུ་ཆེ་བ་ཡིན་ཏེ། ཤིན་ཏུ་བདེ་བ། ཤིན་ཏུ་བརྟན་པ། མཐུ་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། གར་ཡང་འཇིགས་པ་མེད་པ། དབང་པོ་དང་བཅས་པའི་འཇིག་རྟེན་ཡང་གྲངས་སུ་མི་རྩི་བ། བརྩོན་འགྲུས་ལྷག་པས་རབ་ཏུ་རྒྱགས་པ་ ཐམས་ཅད་སའི་འོག་གི་གཏིང་ན་གནས་པ་ཡིན་ལ། དེ་ལས་འོག་ཏུ་གྱུར་པ་ནི་གཞན་གང་ཡང་མེད་དེ། དེ་ནོར་བུའི་ས་གཞིའི་སྟེང་ན་གནས་སོ། །དེ་རྟག་པར་ཡིད་རབ་ཏུ་དགའ་ཞིང་རྟག་ཏུ་སྤྲོ་ལ་དགའ་བ་རྟག་པར་ཡིད་སྣ་ཚོགས་སུ་ཤིན་ཏུ་ཕྱེ་བ། ཡུལ་གྱི་སྲིད་པ་སྣ་ཚོགས་ལ་རྣམ་པར་ 69-1-25a ཆགས་པ་དག་གནས་གཞན་བཞི་པ་གྲོང་ཁྱེར་ཟབ་པ་ན་ཤིན་ཏུ་བདེ་བར་གནས་སོ། །གྲོང་ཁྱེར་དེ་ཡང་ཀུན་ནས་པད་མའི་རྫིང་དང ། ལྟེང་ཀ་དང ། འབབ་ཆུའི་དངོ་དང ། བསྐྱེད་པའི་ས་དང ། ར་བས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་ཁང་པས་བརྒྱན་པ། འགྲན་ཟླ་དང་བྲལ་བ། ཕན་ཚུན་བཤེས་གཉེན་མི་འཐུན་པ་དང་བྲལ་བ། ཕན་ཚུན་འཁྲུག་པ་དང་བྲལ་བ། འགྲན་ཟླའི་འཇིགས་པ་དང་བྲལ་བ། ནམ་མཁའ་གཉིས་པ་ལྟ་བུ་ཡིན་ཏེ། ཇི་ལྟར་ནམ་མཁའ་ལ་གཟའ་དང ། རྒྱུ་སྐར་དང ། སྐར་མའི་ཚོགས་རྣམ་པ་དུ་མ་དག་གིས་མཛེས་པར་ བྱས་པ་དེ་ལྟར་གྲོང་ཁྱེར་དེ་ཡང་ཀུན་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་གིས་བརྒྱན་ཅིང་མཛེས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ། བྱེད་ཀུན་སེམས་ལ་རག་ལས་ཤིང ། །འབྲས་བུ་སེམས་ལ་རག་ལས་མཐོང ། །ཇི་ལྟར་སེམས་ནི་སྣ་ཚོགས་ལྟར། །དེ་ལྟ་བུར་ནི་འབྲས་བུའང་ མཐོང ། །འཇིག་རྟེན་སྲིད་གསུམ་རྗེས་འགྲོ་འདི། །ཐམས་ཅད་སེམས་ཀྱིས་སྣ་ཚོགས་བྲིས། །སེམས་ཀྱི་དབང་དུ་མ་གྱུར་གང ། །དེ་ཡི་གནས་ནི་ཡེ་མེད་དོ། །ཡིད་ནི་ཐར་དང་བཅིངས་པ་ཡི། །གཉིས་ཀྱི་གཞི་དང་རྒྱུ་རུ་འགྱུར། །དགེ་བ་ཡིས་ནི་སྐྱེ་བོ་འགྲོལ། །མི་དགེས་མྱུར་དུ་ འཆིང་བར་བྱེད། །དེ་ལྟར་སེམས་ཅན་སེམས་ཀྱི་དབང ། །སྲིད་གསུམ་དག་ན་འཁྱམ་པར་འགྱུར། །སྲེད་པས་རྨོངས་པའི་སེམས་ཅན་རྣམས། །སེམས་ཀྱི་དབང་དུ་གྱུར་ནས་འགྲོ། །དམུས་ལོང་ལམ་བཟང་མི་མཐོང་ལྟར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཇི་ལྟར་སེམས་ཅན་ དེ་རྣམས་ཀྱིས་ཡང་དག་པའི་ལམ་བསྒྲུབས་པ་དེ་ལྟར་རྒྱུ་སྣ་ཚོགས་དང་འཐུན་པར་གྱུར་པའི་གནས་དེ་སྣ་ཚོགས་སུ་སྣང་ངོ ། །འདི་ལྟར་གནས་དེ་གྲོང་ཁྱེར་དེའི་ཕྱི་རོལ་ན་འདུག་པ་ཡིན་ཏེ། ཤིང་ལྗོན་པ་དང ། ཉེ་བའི་ཚལ་དང ། ལྟེང་ཀ་དང ། གྲོང་རྡལ་དང ། པད་མའི་རྫིང་དང ། ཆུ་བོ་རྣམ་པ་སྣ་ཚོགས་དང ། བྱ་རྣམ་པ་བརྒྱ་སྙེད་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །དེའི་གནས་བཞི་པ་དེ་ན་ལྷ་མ་ཡིན་གནས་པ་གང་ཡིན་པ་དེ་དག་ཀུན་སྤྲོ་ཞེས་བྱ་སྟེ། བརྟན་པ། བག་ཚ་བ་མེད་པ། ཆ་བྱད་དང་རྒྱན་ཤིན་ཏུ་བཟང་བས་ལུས་བརྒྱན་པ་རྣམས་གནས་པ། ཕན་ཚུན་ 69-1-25b ཡིད་ལ་ཅུང་ཟད་ཀྱང་འཁྲུག་པར་མི་བྱེད་པ། རྟག་ཏུ་ཡིད་ལ་སྤྲོ་ཞིང་དགའ་བ་དང་ལྡན་པ། བུད་མེད་ཆ་བྱད་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གནས་ཏེ། བརྒྱའམ་ཡང་ན་སྟོང་དུ་དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །གནས་ བཞི་པ་དེ་ཡང་ནོར་བུ་ཐོགས་པའི་བུད་མེད་རྣམས་ཀྱིས་རྟག་ཏུ་བརྒྱན་པ། ལྷ་མ་ཡིན་ཀུན་སྤྲོ་རྣམས་རྟག་ཏུ་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོའི་བཀའ་ཤིན་ཏུ་ཉན་པ། ཡིད་ཤིན་ཏུ་ཕྱེ་བ། དེ་ལ་བཀའ་ཉན་པའི་ངོ་བོ་ནི་རྟག་ཏུ་དབང་དུ་གྱུར་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་ བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོའི་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། དེར་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་འདས་པའི་དུས་ན་ལོག་པར་ལྟ་བ་ལ་ཞེན་པ། ལས་ཀྱི་འབྲས་ བུ་མངོན་པར་མི་ཤེས་པ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལས་ཕྱིར་ཕྱོགས་པར་གྱུར་པ་གང་ལ་རེ་ཞིག་ཅིག་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཤིན་ཏུ་བརྩོན་འགྲུས་དང་ལྡན་པ་ལམ་དུ་ཞུགས་པར་གྱུར་པ་ཞིག་གིས་ནན་གྱིས་བསོད་སྙོམས་གཅིག་བསླངས་པ་དང་བྱིན་ ནོ། །བྱིན་ནས་ཀྱང་བདག་གིས་བསོད་སྙོམས་བྱིན་པའི་འབྲས་བུ་ནི་དོན་མེད་ཅིང་འདི་ལས་བདག་གི་ཆོས་སུ་འགྱུར་བ་ཡང་མེད་ལ། ལོག་པར་རབ་ཏུ་བྱུང་བ། དམངས་རིགས་འདི་ལ་བདག་གིས་བསོད་སྙོམས་སྦྱིན་པ་འདི་ནི་ཚཝ་སྒོ་ཅན་ལ་བསོད་སྙོམས་བྱིན་པར་ཟད་དོ་ཞེས་ཀྱང་སྨྲ་ལ། ཞིང་འབའ་ཞིག་ཡོན་ཏན་དང་ལྡན་ལ། གཞན་གྱི་ངོ་ཆེན་གྱིས་སྦྱིན་པ་ཚེར་མ་ཅན་ཉམས་པ་བྱིན་པ་དེས་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ས་གཞི་ཤིན་ཏུ་འབྱོར་པ། རིན་པོ་ཆེས་བརྒྱན་པ། གཡོ་བ་མེད་པ་དག་ཏུ་ཞིང་ཤིན་ ཏུ་ཡོན་ཏན་དང་ལྡན་པ་དང ། སེམས་པས་དངོས་པོ་མ་བཟུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ལྷ་མ་ཡིན་ཀུན་སྤྲོ་ཞེས་བྱ་བ་རྣམས་ཀྱི་བདག་པོ་རབ་སྤྲོ་ཞེས་བྱ་བ་སོ་སོར་འགྲན་པ་ལྟ་བུའི་བདེ་བ་ཐམས་ཅད་དང་ལྡན་པར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་ 69-1-26a དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་གསུམ་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་ལྷ་མ་ཡིན་ཀུན་སྤྲོ་ཞེས་བྱ་བ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་གང་གིས་ལྷ་མ་ཡིན་གྱི་ གནས་སུ་ལྷ་མ་ཡིན་ཀུན་སྤྲོ་དག་ཇི་ལྟར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྲེད་པའི་རོ་ལ་ཞེན་པར་གྱུར་པ་གང་སེམས་ཅན་ཡོད་པའི་ཚལ་དུ་གནས་ཏེ། འདི་ལྟར་ཚལ་དེ་དག་ན་སེམས་ཅན་འཁོད་པ་དེ་རྣམས་སུས་ཀྱང་མ་བསྡུས། གང་ གིས་ཀྱང་ལྷུག་པར་མ་བཀོད་དེ། བདག་གིས་ཚལ་འདིར་བསྡུ་བར་བྱའོ་སྙམ་ནས། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་དང ། བདག་ཉིད་ཀྱི་འཚོ་བ་སྦྲང་རྩི་དག་འདོད་པའི་ཕྱིར་སྡུད་པར་བྱེད་ན། དེ་ལུས་དང་བྲལ་ནས་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེའི་འཚོ་བའི་ཕྱིར་ སེམས་ཅན་བསྲུངས་པའི་རྣམ་པར་སྨིན་པའི་རྒྱུས། ཀུན་སྤྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། འདི་ལྟར་ཀླུའི་གཙོ་བོ་ལོངས་སྤྱོད་ལྡན་ན་གནས་པ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་མགོ་བདུན་ཡོད་པ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་བཟང་པོ་དང ། ཀླུའི་རྒྱལ་པོ་རོ་ཧི་ན་དང ། ཀླུའི་རྒྱལ་པོ་སྤྲིན་ཕྲེང་དང ། ཀླུའི་རྒྱལ་པོ་ཀློང་དང ། ཀླུའི་རྒྱལ་པོ་ཀུན་འགྲོ་དང ། ཀླུའི་རྒྱལ་པོ་རབ་སྤྲོ་དང ། ཀླུའི་རྒྱལ་པོ་ཆར་འབེབས་ཏེ། དེ་དག་ནི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། ཡང་དག་པའི་ལྟ་བ་དང ། ཚུལ་ཁྲིམས་ལ་ཞུགས་པ་ཡིན་ནོ། །སྔ་མ་བཞིན་དུ་སྦྱར་ཏེ། ཆོས་དང་མི་ལྡན་ཞིང་ ཆོས་ཀྱི་རྗེས་སུ་མི་འཇུག་པ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་རབ་འཇོམས་དང ། ཀླུའི་རྒྱལ་པོ་བསྒྱིངས་པ་དང ། ཀླུའི་རྒྱལ་པོ་ནག་པོ་དང ། ཀླུའི་རྒྱལ་པོ་ཧུ་ལུ་ཧུ་ལུ་དག་ཕམ་པར་གྱུར་པ་དེའི་ཚེ་སའི་འོག་ན་གནས་པ་དང ། རི་རབ་ལ་རྟེན་པ་དང ། ཆུའི་ནང་དུ་ཞུགས་པ་ག་ལ་བ་དེར་རྒྱུག་ 69-1-26b པར་བྱེད་དེ། འདི་ལྟ་སྟེ། གནས་དང་པོ་ལ་རྟེན་པའི་ལྷ་མ་ཡིན་རྣམས་ཀྱིས་གཉིས་ཤིང་རྩེ་བ་ཞེས་བྱ་བའི་ལྷ་མ་ཡིན་དེ་དག་ལ་སྨྲས་པ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་འདི་དག་དང་རྒྱལ་ཆེན་བཞིའི་ལྷ་དང་བཅས་པས་བདག་ཅག་གཙེས་ཀྱིས་ཁྱེད་བདག་ ཅག་གི་གྲོགས་སུ་ཚུར་ཤོག་རྒྱུག་།དེ་ནས་དེ་ཐོས་ནས་ལྷ་མ་ཡིན་གཉིས་ཤིང་རྩེ་བ་དག་ལྷ་མ་ཡིན་གྱི་གྲོང་ཁྱེར་འོད་ལྡན་ཞེས་བྱ་བ་གང་ན་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གནས་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སྔ་མ་བཞིན་དུ་ཐམས་ཅད་བསྙད་དོ། ། དེ་ནས་གལ་ཏེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འདི་ལྟར་དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། བྱས་པ་ལ་ཕན་འདོགས་པ་དང ། རིགས་ཀྱི་རྒན་རབས་ལ་གུས་པར་བྱེད་པར་ཤེས་པ་དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་ལ། འདི་ལྟར་ བདག་ཅག་གི་གནས་གཉིས་པ་ན་གནས་པའི་ལྷ་མ་ཡིན་རྣམས་ལ་འདི་ལྟར་ལྷ་རྣམས་ཀྱིས་བདག་ཅག་མངོན་པར་གཙེས་སོ་ཞེས་སྦྲན་པར་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་ཏེ། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་དེ་དག་ཉིད་ཁོག་ཤིག་ཁོག་ཤིག་ཅེས་བསྒོའོ། །དེ་ནས་ལྷ་མ་ཡིན་གྱི་ དབང་པོ་སྒྲ་གཅན་གནས་གཉིས་པ་ན་གནས་པའི་ལྷ་མ་ཡིན་མགུལ་ཕྲེང་ཞེས་བྱ་བ་དེ་དག་ལ་འདི་ལྟར་ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མངོན་པར་གཙེས་སོ་ཞེས་སྨྲས་ སོ། །དེ་ནས་དེ་ཐོས་ནས། ལྷ་མ་ཡིན་མགུལ་ཕྲེང་དག་ལྷ་མ་ཡིན་གྱི་གྲོང་སྐར་ཕྲེང་ཞེས་བྱ་བ་ན་ལྷ་མ་ཡིན་གྱི་དབང་པོ་འཁོད་པ་གང་ཡིན་པ་དེ་དག་ལ་འདི་ལྟར་ཀྱེ་རྒྱལ་པོ་ཆེན་པོ་བདག་ཅག་ལ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང ། ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་ན་རེ་འདི་ལྟར་ ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་དག་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་དང ། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་མངོན་པར་གཙེས་སོ་ཞེས་མཆིའོ། །ལྷ་མ་ཡིན་གྱི་དབང་པོས་དེ་ཐོས་ནས། གལ་ཏེ་དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་ 69-1-27a ཆོས་ཀྱི་རྗེས་སུ་འཇུག་པ་འབྱུང་བ་དང ། བདག་ཉིད་ཀྱི་སྟོབས་ཆེ་ཆུང་མཐོང་བ་དེའི་ཚེ། ལྷ་མ་ཡིན་མགུལ་ཕྲེང་དེ་དག་ལ་འདི་ལྟར་ཀྱེ་མ་འཛམ་བུའི་གླིང་གི་མི་རྣམས་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པས་ལྷ་རྣམས་སྟོབས་རབ་ཏུ་ཆེ་སྟེ། འདི་དག་བདག་གིས་གནས་ གསུམ་པ་ན་གནས་པའི་ལྷ་མ་ཡིན་རྣམས་ལ་སྔ་མ་བཞིན་བསྙད་པར་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་ཀུན་འགྲོ་ཞེས་བྱ་བ་ལ་བསྙད་དོ། །དེ་ནས་ལྷ་མ་ཡིན་ཀུན་འགྲོ་དག་གིས་གང་ན་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཞེས་བྱ་བ་གནས་པའི་གྲོང་ཁྱེར་ཟབ་པ་ཞེས་བྱ་བ་ག་ལ་བ་དེར་དོང་སྟེ་ ལྷ་མ་ཡིན་ཀུན་འགྲོས་དེ་ཐམས་ཅད་སྔ་མ་བཞིན་བསྙད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཞེས་བྱ་བས། གལ་ཏེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་མཐོང་ན། དེས་ལྷ་མ་ཡིན་དེ་དག་ལ་འདི་ལྟར་གནས་བཞི་པ་ ན་གནས་པའི་ལྷ་མ་ཡིན་རྣམས་ལ་མངོན་པར་བསྙད་པར་བྱའོ་ཞེས་སྨྲས་སོ། །དེ་ནས་གནས་གསུམ་པ་ན་གནས་པའི་ལྷ་མ་ཡིན་གྱི་དབང་པོས་གནས་བཞི་པ་ལ་གནས་པའི་ལྷ་མ་ཡིན་རྣམས་འཁོད་པ་ག་ལ་བ་དེར་དོང་སྟེ། འདི་ལྟར་ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་དག་ཀླུའི་རྒྱལ་པོ་འཇོག་ པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་མངོན་པར་གཙེས་ཏེ། དེ་ལྟར་ཀླུ་འདི་དག་ནི་བདག་ཅག་གི་ཕྱོགས་ཡིན་པས་བདག་ཅག་རྣམས་ཀྱིས་ངེས་པར་ལྷ་རྣམས་ཀྱི་བར་ཆད་བྱ་བ་ལ་འབད་པར་བྱའོ་ཞེས་སྨྲས་སོ། །དེ་ནས་གནས་བཞི་པ་ལ་གནས་པའི་ལྷ་མ་ཡིན་ དཔུང་བཟངས་དག་གིས་དེ་དག་མཐོང་ནས། གྲོང་ཁྱེར་ཟབ་པ་ཞེས་བྱ་བ་གང་ན་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོ་ཞེས་བྱ་བ་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་རིངས་ཐབས་སུ་འོང་བ་དེ་དག་མཐོང་ནས། ལྷ་མ་ཡིན་རྣམས་ཅིའི་ཕྱིར་རིངས་ཐབས་སུ་འོངས་ཞེས་དྲིས་སོ། །དེ་ནས་ལྷ་མ་ ཡིན་དཔུང་བཟངས་དག་གིས་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོ་ལ་སྔ་མ་ཇི་ལྟ་བ་བཞིན་བསྙད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོས་ལྷ་མ་ཡིན་གྱི་དབང་པོ་དེ་དག་ལ་འདི་སྐད་ཅེས་ཀྱེ་མ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དག་བརྩོན་འགྲུས་ཆུང་བ་ཡིན་ཏེ། ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་ 69-1-27b པ་གནས་པ་གང་ཡིན་པ་དེ་དག་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་ཕམ་པར་བྱས་ཏེ། དེ་དག་ལ་བདག་གིས་དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་རྩིས་ལ་མ་ཆགས་པ་དང ། ཆོས་ཀྱི་རྗེས་སུ་ཆོས་སྒྲུབ་པ་རྩིས་ལ་མ་ཆགས་པར་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་ དབང་པོ་དེ་རང་གི་ལྷ་མ་ཡིན་རྣམས་འཁོད་པ་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོ་དཔུང་བཟངས་དག་ལ་འདི་ལྟར་བདག་ནི་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་དང ། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་བར་ཆད་བྱ་བའི་ཕྱིར་ཆས་ཏེ། ལྷ་མ་ཡིན་ རྣམས་ཀྱི་དབང་པོའི་བརྩོན་འགྲུས་དང ། སྤྲོ་བ་དང ། འཁོར་དང་བཅས་པ། མཚུངས་པ་མེད་པ་ཐམས་ཅད་ལྷ་རྣམས་དང་གཡུལ་འགྱེད་པར་འདོང་གིས་འདི་ལྟར་ལྷ་མ་ཡིན་རྣམས་མྱུར་དུ་ཆོས་ཤིག་མྱུར་དུ་ཆོས་ཤིག་ཅེས་བསྒོའོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོས་ལྷ་མ་ཡིན་ གྱི་དབང་པོ་གསུམ་དག་ལ་གང་ཆོས་ཀྱི་རྣམ་པ་འདི་ལྟ་བུ་བཟོད་པ་ཁྱོད་ལ་ཅི་བརྩོན་འགྲུས་མེད་དམ། རྟེན་མེད་དམ། འདི་ལྟར་བདག་ནི་རང་གི་ལག་མཐུ་དང་བརྩོན་འགྲུས་དང་ལྡན་པས་ཆའོ་ཞེས་སྨྲས་སོ། །དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་རབ་དགོད་རིང་པོར་མ་ཐོགས་པར་རང་གི་ ལྷ་མ་ཡིན་རྣམས་ལ་གྲོགས་པོ་དག་རིངས་པར་ཆོས་ཤིག་རིངས་པར་ཆོས་ཤིག་།ཅེས་འདི་ལྟར་བདག་གིས་ལྷ་མ་ཡིན་གྱི་དབང་པོ་མ་ལུས་པ་རྣམས་ལ་ཡང་སྦྲན་ཟིན་ཏེ། བདག་མྱུར་དུ་ཆ་ཡིས། ལག་ཏུ་མཚོན་ཆ་སྣ་ཚོགས་བླངས་པར་ཤེས་ནས། ལྷ་མ་ཡིན་གྱི་གཡུལ་ལ་ བརྩོན་པར་གྱིས་ཤིག་།དེ་དག་གི་བློ་རིག་ནས་བསྒྲུབ་པར་བྱ་བའི་ཆོས་གང་ཡིན་པ་དེ་དག་བསྒྲུབ་པར་བྱ་སྟེ། ལྷ་རྣམས་ཀྱིས་ཕམ་པར་བྱར་མི་བཟོད་དོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་དགོད་ཀྱིས་དེ་སྐད་སྨྲས་ནས། རང་གི་བརྩོན་འགྲུས་ཆེན་པོ་དང་སྟོབས་ཀྱིས་དྲེགས་ པ། བློ་གྲོས་ཤིན་ཏུ་རྒྱ་ཆེ་བ། རང་གི་སྟོབས་དང་གཞན་གྱི་སྟོབས་ཚད་མ་གྲངས་སུ་མི་རྩི་བར་རང་གི་གནས་ནས་ཆས་ནས་གནས་གཞན་གསུམ་པར་འགྲོ་བར་བྱེད་དེ། གྲོང་ཁྱེར་ཟབ་པ་ན་ལྷ་མ་ཡིན་གྱི་བདག་པོ་མེ་ཏོག་ཕྲེང་ལྷ་མ་ཡིན་བྱེ་བ་ཁྲག་ཁྲིག་དུ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བརྩམས་ 69-1-28a པའི་ཡིད་ཀྱིས་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ལ་སྨྲས་པ། འདི་ལྟར་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་དང ། ལྷ་དང་བཅས་པ་དག་ལས་རྒྱལ་བར་བྱ་ཡིས་ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འདོང་འདོང ། དེ་སྐད་སྨྲས་པ་དང ། མེ་ཏོག་ ཕྲེང་དེས་སྨྲས་པ། འདི་ལྟར་གཡུལ་འགྱེད་པ་འདི་ནི་བདག་ཅག་གི་དུས་མ་ཡིན་ཏེ། མར་འཛིན་པ་དང ། ཕར་འཛིན་པ་དང ། རིགས་ཀྱི་རྒན་རབས་ལ་རིམ་གྲོ་བྱེད་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པ་དག་ཡོད་པས། ལྷའི་ ཕྱོགས་སྟོབས་ཆེ་སྟེ། དེ་ལྟ་བས་ན་དེ་རིང་བདག་ཅག་གི་གཡུལ་འགྱེད་པའི་དུས་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་སྤྲོ་དེའི་ཚིག་མ་མཉན་པར་འདི་ལྟར་ཀླུ་དང་ལྷ་དེ་དག་བདག་གཅིག་པུས་ཕམ་པར་བྱ་བར་ནུས་ན། ཁྱེད་དང་བཅས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཕམ་པར་བྱ་ཡིས་ལྷ་མ་ཡིན་གྱི་དབང་པོ་དག་འདོང་འདོང་ཞེས་སྨྲས་སོ། །དེ་ནས་མེ་ཏོག་ཕྲེང་ཞེས་བྱ་བ་དེས་སྤྲོ་བ་བསྐྱེད་ནས། ལྷ་མ་ཡིན་གྱི་སྡེ་བྱེ་བ་ཕྲག་དུ་མ་དང་ལྷན་ཅིག་གནས་གཞན་གཉིས་པ་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་རབ་སྤྲོ་དང ། བརྟན་ པ་དང ། མེ་ཏོག་ཕྲེང་དག་གིས་ལྷ་རྣམས་ལས་རྒྱལ་བར་བྱ་ཡིས། ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འདོང་འདོང་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་དེ་དག་ལ་སྨྲས་པ། ཀྱེ་མ་ལྷ་མ་ཡིན་གྱི་དབང་པོ་དག་དུས་ལ་མ་བབ་སྟེ། བདག་ཅག་གི་གཡུལ་ འགྱེད་པའི་དུས་མ་ཡིན་ནོ། །འཛམ་བུའི་གླིང་གི་མི་རྣམས་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་སྟེ། མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་དག་ལྷ་ཡུལ་དུ་སྐྱེ་ལ། ལྷའི་ཕྱོགས་སྟོབས་ཆེ་བས་གཡུལ་འགྱེད་པར་མི་ནུས་ ཏེ། ལྷ་མ་ཡིན་གྱི་དུས་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ཐམས་ཅད་ཡིད་འཐུན་པར་ལྷ་མ་ཡིན་སྒྲ་གཅན་དེ་ལ་འདི་སྐད་ཅེས་འདི་ལྟར་བདག་ཅག་ལྷ་རྣམས་དང་གཡུལ་འགྱེད་པར་སྤྲོ་ཡིས་འདོང་འདོང་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དེ་དག་གི་བསམ་པ་དང་འཐུན་ 69-1-28b པར་རྒྱ་མཚོའི་ནང་ནས་ཆས་ནས་ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་ག་ལ་བ་དེར་སོང་སྟེ། འདི་ལྟར་བདག་ཅག་ལྷ་མ་ཡིན་གྱི་དབང་པོ་འདི་དག་ཐམས་ཅད་དང་འོངས་ཏེ། ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ག་ལ་བ་དེར་བདག་ཅག་གཡུལ་ འགྱེད་དུ་འོང་ངོ་ཞེས་སྨྲས་སོ། །དེ་ནས་རབ་འཇོམས་ཀྱིས་དེ་ཐོས་ནས་ཡིད་རབ་ཏུ་དགའ་སྟེ། འཇོག་པོ་དང་ནོར་རྒྱས་ཀྱི་བུ་ལ་སོགས་པ་ག་ལ་བ་དེར་གཡུལ་འགྱེད་པའི་ཕྱིར་འཁོར་དང་བཅས་པ་དོང་ངོ ། །དེ་ནས་ཀླུའི་བདག་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་ པ་ཡང་ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་གང་དུ་གཡུལ་བཤམས་པར་གཡུལ་འགྱེད་དུ་དོང་ངོ ། །དེ་ནས་དེ་དག་དེ་ལྟར་ཕན་ཚུན་གཡུལ་འགྱེད་པ་དང ། ཆོས་དང་མི་ལྡན་པའི་ཀླུའི་བདག་པོ་རྣམས་ཕམ་པར་གྱུར་ཏོ། །དེ་ལྟར་དེ་དག་ཕམ་པ་དང ། ལྷ་མ་ཡིན་བྱེ་བ་ ཕྲག་དུ་མ་དག་རྒྱུག་པར་བྱེད་དོ། །དེ་ནས་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པས་དེ་དག་མཐོང་ནས་ལྷ་མ་ཡིན་ག་ལ་བར་འཁོད་པར་གཡུལ་འགྱེད་དུ་བརྒྱུགས་སོ། །དེ་ནས་ཀླུ་རྣམས་དང ། ལྷ་མ་ཡིན་ཚད་མེད་པ་དེ་རྣམས་རྒྱ་མཚོའི་སྟེང་དུ་ཕན་ཚུན་གཡུལ་འགྱེད་དེ། མེ་ ཆར་ལྟར་འབབ་པ་དང ། མཚོན་ཆ་ཆར་ལྟར་འབབ་པ་ཚད་མེད་པ་དེ་དང ། དུག་ནག་པོ་རྣམ་པར་གདུངས་ཤིང་བློ་དམན་པ་དེ་རྣམས་ཕན་ཚུན་གཡུལ་འགྱེད་དོ། །དེ་གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པའི་སྐྱེ་དགུ་ བྱུང་ན། དེ་དག་ཀླུ་འབའ་ཞིག་གིས་ལྷ་མ་ཡིན་རྣམས་ཕམ་པར་བྱེད་དོ། །གལ་ཏེ་ཤིན་ཏུ་ཆོས་དང་མི་ལྡན་པའི་སྐྱེ་དགུ་བྱུང་ན་དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ཀླུ་རྣམས་ཕམ་པར་བྱེད་དོ། །གང་གི་ཚེ་ཀླུ་རྣམས་ཕམ་པར་འགྱུར་བ་དེའི་ཚེ་ལྷ་ཀུན་ཏུ་རྒྱུ་བ་རྣམས་ལ་འདི་ལྟར་སའི་འོག་ན་ གནས་པ་འདི་དག་ཐམས་ཅད་ཀྱིས་བདག་ཅག་རྣམ་པ་ཐམས་ཅད་དུ་གཙེས་ཏེ། དེ་དག་དང་བདག་ཅག་ཕན་ཚུན་གཡུལ་འགྱེད་པར་མི་ནུས་ཀྱིས་རྒྱུགས་ཤིག་རྒྱུགས་ཤིག་ཅེས་སྨྲས་སོ། །དེ་ནས་ལྷ་ཀུན་ཏུ་རྒྱུ་བ་རྣམས་མཚོན་ཆ་དང་ལག་ཆ་སྣ་ཚོགས་ཐོགས་ཏེ། ལྷ་མ་ཡིན་ 69-1-29a ག་ལ་འཁོད་པ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་ཀུན་ཏུ་རྒྱུ་བ་རྣམས་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཀླུ་རྣམས་ལ་སྨྲས་པ། བདག་ཅག་རྣམས་ལྷ་མ་ཡིན་ཚར་གཅད་པའི་ཕྱིར་འདིང་འོངས་ཏེ། བདག་ཅག་ ཁྱེད་ཀྱིས་བསྒྲུབས་པ་ལྷ་མ་ཡིན་གཞིག་པའི་ཕྱིར་འདི་ཉིད་དུ་འོངས་སོ། །དེ་སྐད་ཅེས་སྨྲས་པ་དང ། དེ་ནས་ཡང་ཀླུ་རྣམས་ལྷ་དང་ལྷན་ཅིག་ཏུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་དེ་དག་དེ་ལྟར་མཐོང་ནས། དེ་ནས་ཡང་ལྷ་རྣམས་ག་ལ་བ་དེར་ གཡུལ་འགྱེད་དུ་དོང་ངོ ། །དེ་ནས་ལྷ་དང་ལྷ་མ་ཡིན་རྒྱ་མཚོའི་ནང་དུ་གཡུལ་འགྱེད་པར་འགྱུར་ཏེ། གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་འབྱུང་བ་དེའི་ཚེ་ལྷ་ཀུན་ཏུ་རྒྱུ་བ་རྣམས་ཀྱིས་མྱུར་དུ་ལྷ་མ་ཡིན་རྣམས་ཕམ་པར་བྱེད་དོ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ ཕམ་པར་བྱས་ནས། དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་གནས་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གནས་གཞན་གཉིས་པ་ན་གནས་པ་དེ་དག་རང་གི་ཕྱོགས་མངོན་པར་བཅོམ་པ་མངོན་དུ་མཐོང་ནས། བདག་ཅག་འདི་ན་གཡུལ་འགྱེད་པར་འཁོད་ན་ལྷ་མ་ ཡིན་རྣམས་ཅིའི་ཕྱིར་འབྲོས། ལྷ་མ་ཡིན་རྣམས་ཅིའི་ཕྱིར་འབྲོས་ཞེས་སྨྲས་སོ། །དེ་ནས་ཡང་ལྷ་མ་ཡིན་རྣམས་གཡུལ་འགྱེད་དུ་ལྷ་རྣམས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ལྷ་དང་ལྷ་མ་ཡིན་རྒྱ་མཚོའི་དབུས་སུ་ཕན་ཚུན་མངོན་པར་གནོད་པའི་གཡུལ་ཆེན་པོ་འཁྲུགས་པ་བཀྱེ་ བར་གྱུར་ཏོ། །དེ་ནས་གང་གི་ཚེ་ལྷ་རྣམས་རྒྱལ་བ་དེའི་ཚེ་ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་དཔུང་མངོན་པར་བཅོམ་མོ། །དེའི་ཚེ་འཇིགས་པས་བསྐོར་བའི་ས་ན་གནས་པའི་ལྷ་མ་ཡིན་རྣམས་ལྷ་རྣམས་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་ དཔུང་མི་བཟད་པ་དེ་དག་མངོན་པར་མཐོང་ནས་འཁོད་དོ། །དེ་ནས་ལྷ་མ་ཡིན་རྣམས་ཡང་ལྷ་རྣམས་ག་ལ་བ་དེར་གཡུལ་འགྱེད་དུ་དོང་སྟེ། ཕན་ཚུན་གཡུལ་ཆེན་པོ་དེ་དག་བཀྱེ་བར་གྱུར་ཏོ། །དེ་ནས་གང་གི་ཚེ་ལྷ་རྣམས་ཕམ་པར་གྱུར་པ་དེའི་ཚེ་འཇིག་རྟེན་སྐྱོང་བ་དག་ལྷ་ལག་ 69-1-29b ན་ཡོལ་གོ་ཐོགས་པ་དག་ག་ལ་བ་དེར་དོང་སྟེ། འདི་ལྟར་ལྷ་མ་ཡིན་རྣམས་ཀྱིས་བདག་ཅག་མངོན་པར་གཙེས་ཀྱིས་རྒྱུགས་ཤིག་རྒྱུགས་ཤིག་ཅེས་སྨྲས་སོ། །དེ་ཐོས་ནས་ལྷ་ལག་ན་ཡོལ་གོ་ཐོགས་པ་དག་ལྷ་མ་ཡིན་ག་ལ་བ་དེར་གཡུལ་འགྱེད་དུ་དོང་ངོ ། །དེ་ནས་ལྷ་ ལག་ན་ཡོལ་གོ་ཐོགས་པ་མཚོན་ཆ་དང ། ལག་ཆ་སྣ་ཚོགས་ཅན་དག་ལྷ་མ་ཡིན་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་དེ་དག་མངོན་པར་མཐོང་ནས། ཡང་ལྷ་མ་ཡིན་རྣམས་ཁྲོས་ནས་བརྒྱུགས་སོ། །དེ་ནས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་དང ། ལྷ་མ་ཡིན་དེ་རྣམས་ ཕན་ཚུན་སྤུ་ཟིང་ཞེས་བྱེད་པའི་གཡུལ་ཆེན་པོ་བཀྱེ་བ་དང ། འདི་ལྟར་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འདི་ལྟ་བུ་མཚུངས་པ་མེད་པ་བཀྱེའོ་ཞེས་དེ་དག་མངོན་པར་བརྗོད་དོ། །དེ་དག་གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་དག་འབྱུང་བ་དེའི་ཚེ་ལྷ་ལག་ ན་ཡོལ་གོ་ཐོགས་པ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཕམ་པར་བྱེད་དེ། དེའི་ཚེ་རྒྱ་མཚོའི་དབུས་སུ་ལྷ་དང་ལྷ་མ་ཡིན་ཤིན་ཏུ་འཇོམས་པ་ཆོས་དང་ཆོས་མ་ཡིན་པ་ལ་རྟེན་པའི་རྟགས་ཅན་དུ་གྱུར་པ་དག་ན། གཞན་དང་མི་འདྲ་བའི་གཡུལ་བཀྱེའོ། །གང་གི་ཚེ་ལྷ་ལག་ན་ཡོལ་གོ་ཐོགས་ པ་དེ་དག་ཕམ་པར་གྱུར་པ་དེའི་ཚེ་འཇིག་རྟེན་སྐྱོང་བ་རྣམས་ལྷ་ཕྲེང་ཐོགས་དག་ག་ལ་བ་དེར་དོང་སྟེ། ལྷ་མ་ཡིན་རྣམས་ཕམ་པར་མཛོད་ཅིག་ཅེས་སྨྲས་པ་དང ། ལྷ་མ་ཡིན་དེ་རྣམས་ལ་མངོན་པར་བརྟགས་ནས། ལྷ་ཕྲེང་ཐོགས་རྒྱུག་པར་བྱེད་དོ། །ལྷ་ཀུན་ཏུ་རྒྱུ་བ་དང ། ལག་ན་ཡོལ་ གོ་ཐོགས་པ་དང ། ལྷ་ཕྲེང་ཐོགས་དེ་རྣམས་ཀྱང་ཕྱོགས་གཅིག་ཏུ་གྱུར་ཅིང ། འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཡང་གཅིག་ཏུ་འདུས་སོ། །ལྷ་མ་ཡིན་སྒྲ་གཅན་གྱི་ས་པ་དང ། གྲོང་ཁྱེར་འོད་ལྡན་ན་གནས་པ་དང ། གཉིས་ཤིང་རྩེ་བ་དང ། གནས་གཉིས་པ་ན་གནས་པ་ དང ། །མགུལ་ཕྲེང་དག་སྟེ། བྱེ་བ་ཁྲག་ཁྲིག་གྲངས་མེད་པ་དུ་མ་ཕྱོགས་གཅིག་ཏུ་གྱུར་པ་དང་གཡུལ་ཆེན་པོ་བཀྱེ་སྟེ། གང་གི་ཚེ་དེ་དག་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་བྱུང་བ་དེའི་ཚེ། ལྷའི་ཕྱོགས་ནི་རྒྱལ་བར་འགྱུར་ལ། ལྷ་མ་ཡིན་གྱི་ཕྱོགས་ནི་ཕམ་པར་འགྱུར་ཏེ། 69-1-30a ཆོས་ལ་རྟེན་པ་ཤིན་ཏུ་ལེགས་པར་འགྱུར་ན། ཆོས་ལ་མི་རྟེན་པ་ལྟ་ག་ལ་ཞིག་འགྱུར། །གང་གི་ཚེ་དེ་དག་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་བྱུང་བ་དེའི་ཚེ་ལྷ་མ་ཡིན་གྱི་ཕྱོགས་རྒྱལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་དཔུང་དེ་དག་འཇིག་རྟེན་སྐྱོང་བ་ རྣམས་ཀྱིས་མངོན་པར་མཐོང་ནས་ལྷ་རྟག་ཏུ་མྱོས་གནས་ག་ལ་བ་དེར་དོང་སྟེ། ལྷ་དག་ལྷ་མ་ཡིན་གྱི་ཕྱོགས་རྣམས་རྒྱལ་བར་གྱུར་གྱིས་རྒྱུགས་ཤིག་རྒྱུགས་ཤིག་ཅེས་སྨྲས་སོ། །དེ་ཐོས་ནས་ལྷ་རྟག་ཏུ་མྱོས་གནས་དག་ལྷ་མ་ཡིན་གྱི་ཕྱོགས་ག་ལ་བ་དེར་མངོན་པར་ འཇོམས་སུ་དོང་སྟེ། མཚོན་ཆ་དང་ལག་ཆ་སྣ་ཚོགས་ཐོགས་པའི་ཚོགས་འབུམ་ཕྲག་དུ་མ་དག་རྒྱ་མཚོའི་ནང་ན་གནས་པ་ག་ལ་བ་དེར་ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་ཧ་ཧའི་སྒྲ་ཕྱུང་ནས་རིངས་པར་མངོན་པར་འཇོམས་པར་བྱེད་ཅིང ། རྣམ་པར་འཇོམས་པར་བྱེད་པ་ གནོད་པ་དུ་མ་བྱེད་པ་དེ་དག་ཕན་ཚུན་གཡུལ་མི་བཟད་པ་ཆེན་པོ་བཀྱེའོ། །དེ་ནས་གང་གི་ཚེ་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཕམ་པར་བྱས་པ་ན། དེ་དག་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷ་མ་ཡིན་དེ་དག་ ལ་འདི་སྐད་ཅེས་ཁྱེད་ཅག་གི་དཔུང་དུ་བདག་ཅག་གནས་ན། གྲོགས་པོ་དག་ཅི་སྟེ་འབྲོས། ཅི་སྟེ་འབྲོས། ལྷ་དག་ཉུང་ཞིང་འདི་དག་ཁྱེད་ཅག་ལས་ལྷག་པ་མེད་ལ། འདི་དག་ནི་བརྩོན་འགྲུས་ཆུང་སྟེ། བདག་ཅག་གིས་ལྷ་རྣམས་ཕམ་པར་བྱ་ཡིས། དེ་ལྟ་བས་ན་ལྷ་མ་ཡིན་གྱི་ དབང་པོ་དག་སླར་ལོག་ཤིག་ཅེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལས་དེ་སྐད་ཐོས་ནས། ལྷ་མ་ཡིན་དག་ལྷ་རྣམས་དང་གཡུལ་འགྱེད་དུ་ཕྱིར་ལོག་གོ། །དེ་ནས་ཡང་ལྷ་དང་ལྷ་མ་ཡིན་དེ་དག་མཚོན་ཆ་འདེབས་པ་འཁྲུགས་པའི་རྣམ་པ་དུ་མའི་གཡུལ་འགྱེད་ པར་བྱེད་དེ། དེའི་ཚེ་ལྷ་མ་ཡིན་གནས་གཉིས་པ་ན་གནས་པ་གཉིས་ཤིང་རྩེ་བ་དང་གནས་གསུམ་པ་ན་གནས་པ་མགུལ་ཕྲེང་གི་རིས་སུ་གཏོགས་པ་ཐམས་ཅད་ལྷ་དང་གཡུལ་འགྱེད་པར་ཕྱིར་ལོག་གོ། །དེ་དག་གང་གི་ཚེ། ཆོས་དང་མི་ལྡན་ཞིང་ཀྱི་རྗེས་སུ་མི་འཇུག་ 69-1-30b པའི་སྐྱེ་དགུ་བྱུང་བ་དེའི་ཚེ། ལྷ་མ་ཡིན་གྱི་ཕྱོགས་ཀྱིས་ལྷའི་ཕྱོགས་ཕམ་པར་བྱེད་དོ། །གལ་ཏེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་དག་བྱུང་ན། ལྷའི་ཕྱོགས་དེ་དག་གིས་ལྷ་མ་ཡིན་གྱི་ཕྱོགས་ཕམ་པར་བྱེད་དེ། དེ་ལྟར་ལྷ་རྣམས་ནི་ཆོས་ཀྱི་གཙོ་བོ།། ཆོས་ཀྱི་རྒྱལ་མཚན། ཆོས་ལ་གཞོལ་བ་ཡིན་ནོ། །ལྷ་མ་ཡིན་དེ་དག་ཐམས་ཅད་ནི་ཆོས་དང་མི་ལྡན་པ། ཆོས་མ་ཡིན་པ་ལ་རྟེན་པ། ཆོས་ཀྱིས་སྐྱོབ་པ་མ་ཡིན་ནོ། །དེ་ནས་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ལྷ་མ་ཡིན་འདི་དག་གིས་བདག་ཅག་ལ་དེ་ལྟར་གཙེ་བར་ཅི་ སྟེ་གནས། འདི་དག་ནི་བདག་ཅག་ལས་ཁྱད་ཞུགས་པ་ཡང་མེད་ལ། མཚུངས་པ་ཡང་མ་ཡིན་ནོ། །འཛམ་བུའི་གླིང་ན་ཡང་ད་དུང་དུ་མར་འཛིན་པ་དང ། ཕར་འཛིན་པ་དང ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དང ། རྒན་རབས་ལ་རིམ་གྲོ་བྱེད་པ་དང ། གསོ་སྦྱོང་ ལ་ཉེ་བར་གནས་པ་དང ། སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱེད། བག་ཡོད་པ་ལ་བག་ཡོད་པར་གནས་པའི་མི་དག་ཡོད་དེ། དེ་ལྟར་བག་ཡོད་པ་ལ་བག་ཡོད་པར་གནས་པ་དེ་དག་འཆི་བའི་དུས་བྱས་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལྷ་མ་ཡིན་ གྱི་ཆོས་འཕེལ་བ་དང ། ཆོས་འབྱུང་བར་ནི་མི་འགྱུར་རོ་སྙམ་མོ། །དེ་དག་གིས་དེ་ལྟར་རིག་ནས་ཀུན་ཏུ་རྒྱུ་བ་དང ། ཕྲེང་ཐོགས་དང ། ཀུན་དི་པ་ཀ་དང ། རྟག་ཏུ་མྱོས་པའི་ལྷ་རྣམས་ཆོས་ཀྱི་རྒྱལ་མཚན་ཁྱེར་ཏེ། ལྷ་མ་ཡིན་གྱི་དཔུང་ག་ལ་བ་དེར་ལྷ་དེ་དག་ཐམས་ཅད་ རེག་མ་ཐོགས་པར་རྒྱུག་པར་བྱེད་ཅིང་འདི་ལྟར་ལྷ་མ་ཡིན་རྣམས་སྡོད་ཅིག་།སྡོད་ཅིག་།ཁྱེད་ཅག་གིས་ངེད་རྣམས་ལ་ཅིའི་ཕྱིར་གཙེ། ངེད་ཅག་ལས་ཁྱེད་ཀྱི་དཔུང་ཁྱད་ཞུགས་པ་ཡང་མེད། གཙོ་བོ་ཡང་མ་ཡིན། མཚོན་ཆ་ཡང་མི་མང་བས་ངེད་ཅག་འདི་རྣམས་ནི་ཁྱེད་ རྣམས་གཞོམ་པའི་ཕྱིར་ལྷགས་པ་ཡིན་གྱིས། ཡང་སའི་འོག་ཏུ་མ་འགྲོ་ཤིག་།མངོན་པར་གཙེ་བར་བྱེད་པའི་བློ་ཅན་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་འདི་དག་ཐམས་ཅད་ལ་བདེ་བའམ་མྱ་ངན་ལས་འདས་པ་མེད་དོ། །དེ་སྐད་ཅེས་སྨྲས་ནས། ཀླུ་ནོར་ 69-1-31a རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་དང་ལྷན་ཅིག་དེ་དག་ཐམས་ཅད་དང་བདག་ཉིད་ཐམས་ཅད་ལས་མཚོན་ཆ་དང ། ལག་ཆ་ཆར་ལྟར་འབེབས་ཤིང་ལྷ་མ་ཡིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཀླུ་རྣམས་ཀྱང་མེ་རབ་ཏུ་འབར་བ་ཆར་ལྟར་ འབེབས་ཤིང་ལྷ་མ་ཡིན་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་ཀྱང་ཀླུ་དེ་དག་ལ་མངོན་པར་བརྟགས་ནས། ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་ཀླུ་རབ་འཇོམས་ལ་སོགས་པ་ལ། འདི་ལྟར་ཁྱེད་ཀྱང་བདག་ཅག་གི་ཕྱོགས་ཡིན་ གྱིས། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་ག་ལ་བ་དེར་ཀླུ་རྣམས་དང་གཡུལ་འགྱེད་དུ་རྒྱུགས་ཤིག་ཅེས་བསྒོའོ། །དེ་ནས་དེ་དག་ཐོས་ནས་ཀླུ་རབ་འཇོམས་ལ་སོགས་པ། ཀླུ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ག་ལ་བ་དེར་མེ་ཆར་ལྟར་ འབེབས་པས་མངོན་པར་འཚེད་པར་བྱེད་དོ། །ཀླུ་དེ་དག་གིས་ཀྱང་མེའི་ཆར་ཆེན་པོ་འབེབས་ལ་ལྷ་དང་ལྷ་མ་ཡིན་རྣམས་ཀྱང་གཡུལ་ཆེན་པོ་འགྱེད་དེ། དེ་ནས་ཡང་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཕམ་པར་བྱས་སོ། །དེ་ནས་དེ་དག་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ ལ་བ་དེར་འདོང་བར་བྱེད་དོ། །འཇིགས་ཤིང་བཞིན་མོག་མོག་པོར་གྱུར་པ་སྐྱབས་འདོད་པ་ཀུན་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །དེ་ནས་སྒྲ་གཅན་གྱིས་དེ་དག་མཐོང་ནས་ཡང་འདི་ལྟར་བདག་འདི་ན་གནས་ན་ལྷ་མ་ཡིན་ཁྱེད་ཅག་རྣམས་ ལ་ཅི་ཞིག་གནོད། །བདག་གཅིག་པུས་ལྷ་རྣམས་དབང་པོ་དང་བཅས་པ་བཅོམ་སྟེ། ལྷའི་འཇིག་རྟེན་ཐམས་ཅད་བདག་ཅག་གིར་བྱ་ན་ཁྱེད་དང་འཁོད་པས་ལྟ་སྨོས་ཀྱང་ཅི་དགོས། ལྷའི་དཔུང་འདི་དག་ཀྱང་ཆེན་པོ་མ་ཡིན་ན། གྲོགས་པོ་དག་ཅི་གནོད། འདི་ལྟར་བདག་གིས་ལྷ་ མ་ཡིན་གྱི་དབང་པོ་བརྟན་པ་དང ། མེ་ཏོག་ཕྲེང་དང ། རབ་དགོད་དང ། ཐགས་བཟངས་རིས་དག་ལ་སྦྲན་ལ་བདག་ཉིད་ཀྱིས་ལྷ་རྣམས་ལས་རྒྱལ་བར་བྱའོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང ། ལྷ་མ་ཡིན་གྱི་དབང་ 69-1-31b པོ་མེ་ཏོག་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་རབ་དགོད་དང ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ག་ལ་བ་དེར་རིངས་པར་སོང་སྟེ་ཕྱིན་ནས། དེ་དག་ལ་འདི་ལྟར་ལྷ་འདི་དག་ཐམས་ཅད་དང ། རྒྱལ་ཆེན་བཞི་པ་ཐམས་ཅད་བདག་ཅག་གི་ཕྱིར་འོང་གིས། ལྷ་མ་ཡིན་གྱི་ དབང་པོ་འདི་དག་ཀུན་ཤེས་ནས་ལན་བྱ་བ་གང་ཡིན་པ་ལ་སོ་སོར་སོམས་ཤིག་ཅེས་སྨྲས་སོ། །དེ་ནས་ཚིག་དེ་ཐོས་ནས་ལྷ་མ་ཡིན་གྱི་དབང་པོ་ཀུན་གྱིས་སྒྲ་གཅན་དེ་ལ་འདི་ལྟར་ལྷ་རྣམས་དང་གཡུལ་འགྱེད་དུ་བདག་ཉིད་ཐམས་ཅད་ཀྱིས་བདག་ཅག་འདི་དག་འཁོད་ཅིང་བདག་ ཅག་རྟོག་པར་བྱེད་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་ཀཽ་ཤི་ཀ་ལ་སོགས་པ་དང་བཅས་པ་ལ་བར་ཆད་བྱ་བ་དང ། གང་གིས་ལྷ་མ་ཡིན་རྣམས་འབྱུང་བར་བྱ་བའི་ཕྱིར་ཁྱོད་སོང་ཤིག་ཅེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་སྒྲ་གཅན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ག་ལ་བ་དེར་བདག་ཉིད་ གཡུལ་འགྱེད་དུ་སོང་སྟེ། དེ་དག་མཐོང་ནས་ལྷ་མ་ཡིན་གྱི་དབང་པོ་དེ་ལྷ་མ་ཡིན་རྣམས་ལ་ཀྱེ་མ་ལྷའི་སྟོབས་རབ་ཏུ་ཆེའོ། །ཀྱེ་མ་ལྷ་མ་ཡིན་རྣམས་ལྷའི་སྟོབས་རབ་ཏུ་ཆེ་སྟེ། གཡུལ་འགྱེད་པར་ལྷ་འཁོད་པ་འདི་དག་ལ་ཕྱིར་བརྒལ་བར་མི་ནུས་སོ་ཞེས་སྨྲས་སོ། །དེ་ནས་ ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྷ་རྣམས་ག་ལ་བ་དེར་མཚོན་ཆ་དང་ལག་ཆ་ཆར་ལྟར་འབེབས་ཤིང་གཡུལ་འགྱེད་དུ་སོང་ངོ ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དེ་ལྟར་རྒྱུག་པ་མངོན་པར་མཐོང་ནས། ཀླུ་དེ་དག་ཡང་ལྷན་ཅིག་ཏུ་མེ་ཆར་ལྟར་མངོན་པར་ འབེབས་ཤིང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་སྒྲ་གཅན་གཞོམ་པའི་ཕྱིར་རྒྱུག་པར་བྱེད་དོ། །དེ་ནས་ལྷ་དང་ལྷ་མ་ཡིན་དེ་དག་གི་གཡུལ་ཆེན་པོ་མཚོན་ཆ་དང ། ལག་ཆ་དང ། རྡོ་རྗེ་ཆར་ལྟར་འབེབས་ཤིང་མཚུངས་པར་གཡུལ་བཀྱེ་བ་དང ། དེ་དག་གང་གི་ཚེ་ཆོས་ དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་དག་བྱུང་བ་དེའི་ཚེ་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཕམ་པར་བྱེད་དོ། །གལ་ཏེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་དག་ 69-1-32a བྱུང་བ་དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཕམ་པར་བྱེད་དེ། དེ་ལྟར་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཆེན་པོ་འགྱེད་པ་ནི། ཆོས་དང་ཆོས་མ་ཡིན་པ་ཁོ་ན་ལ་རག་ལས་པ་ཡིན་ནོ། །དེ་ནས་གང་གི་ཚེ་ལྷ་མ་ཡིན་རྒྱལ་ཞིང་ལྷ་ཕམ་པར་གྱུར་པ་དེའི་ཚེ་ལྷ་རྣམས་ཕན་ ཚུན་དུ་ལྷ་དག་ཆོས་ལ་སོམས་ཤིག་།ལྷ་དག་ཆོས་གཙོ་བོར་གྱིས་ཤིག་།ལྷ་རྣམས་ནི་ཆོས་ཀྱིས་རྒྱལ་བར་འགྱུར་རོ་ཞེས་བརྗོད་དོ། །དེ་ནས་ཆོས་ཡིད་ལ་བྱས་ཤིང་ཆོས་ལ་དད་པ་བསྐྱེད་པའི་ལྷ་རྣམས་ཡང་ལྷ་མ་ཡིན་ག་ལ་བ་དེར་དོང་ངོ ། །དེ་ནས་ཆོས་ཀྱིས་བསྐྱབས་པའི་ལྷ་ རྣམས་གཟི་བརྗིད་བརྒྱ་འགྱུར་དུ་འབྱུང་སྟེ། དེ་ལྟར་དེ་དག་གཟི་བརྗིད་ཀྱིས་འབར་བ་མངོན་པར་མཐོང་ནས། ལྷ་མ་ཡིན་ཤིན་ཏུ་སྒྱིད་ལུག་པ་རྣམས་ལ་ལྷ་མ་ཡིན་གྱི་དབང་པོས་འདི་སྐད་ཅེས་ཁྱེད་ཅི་སྟེ་སྒྱིད་ལུག་།འདི་དག་ནི་བདག་ཅག་ལས་གཟི་བརྗིད་དམ། མཚོན་ཆའམ། ལག་ཆའམ། དཔུང་སྟོབས་སམ། ཕལ་ཆེ་བ་ཁྱད་ཞུགས་པ་མེད་དེ། དེ་དག་ལ་ཁྱེད་ཅི་སྟེ་སྒྱིད་ལུག་ཅེས་སྨྲས་སོ། །དེ་ནས་དེའི་ཚིག་དེ་ཐོས་ནས་ཡང་ལྷ་མ་ཡིན་སྒྲ་གཅན་ལ་སོགས་པ། ལྷ་རྣམས་ག་ལ་བ་དེར་ཕྱིར་ལོག་སྟེ་འོང་ངོ ། །དེ་ནས་ལྷ་ཆོས་ཀྱིས་རྒྱས་པའི་ལུས་ ཅན་དེ་དག་ཐམས་ཅད་ལྷ་མ་ཡིན་ག་ལ་བ་དེར་ཤུགས་མྱུར་བར་རྒྱུག་པར་བྱེད་དེ། ལྷ་དང་ལྷ་མ་ཡིན་དེ་དག་ཕན་ཚུན་འདྲེས་ནས་གཡུལ་འགྱེད་དོ། །དེ་དག་གི་ནང་ན་སྒྲ་གཅན་སྟོབས་ཆེན་པོར་གནས་ཏེ། རི་རབ་གཉིས་པ་ལྟ་བུར་གནས་སོ། །དེ་ཆོས་ཉིད་ཀྱི་མཐུས་ལྷ་རྣམས་ ཀྱིས་ཕམ་པར་བྱེད་དེ། སྐྱོབ་པ་རྣམས་ཀྱི་ནང་ན་ཆོས་སྐྱོབ་པ་མཆོག་ཡིན་ནོ། །སྣང་བ་རྣམས་ཀྱི་ནང་ན་ཆོས་སྣང་བ་མཆོག་ཡིན་ནོ། །དེ་ནས་ལྷ་མ་ཡིན་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་ཕམ་པ་རྣམས་མངོན་པར་མཐོང་ནས། ལྷ་མ་ཡིན་ཀུན་ནས་སྒྱིད་ལུག་པ་རྣམས་ དེ་ནས་ཡང་དབུགས་ཕྱུང་སྟེ། འདི་སྐད་ཅེས་ལྷ་མ་ཡིན་དག་ཅི་སྟེ་འབྲོས། ལྷ་མ་ཡིན་འདི་དག་མི་ངན་པའི་སར་ཅི་སྟེ་གནས། ལྷ་ནི་ལྷ་མ་ཡིན་དུ་མའི་ནང་ན་དཔའ་བོ་མ་ཡིན། ལག་ཆ་ཐོགས་པ་མ་ཡིན། མཚོན་ཆས་འཇིགས་པ་མ་ཡིན་གྱིས་ཕྱིར་ལོག་སྟེ་ 69-1-32b འཁོད་ཅིག་།འདི་དག་གིས་ཅི་སྟེ་གནོད་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་དེ་ཐོས་ནས་ཡང་ལྷ་མ་ཡིན་རྣམས་གཡུལ་འགྱེད་དུ་ཕྱིར་ལོག་གོ། །དེ་ནས་ཡང་དེས་གཟེངས་བསྟོད་ཅིང་མགུ་བར་བྱས་པ། ང་རྒྱལ་གྱིས་ཁེངས་པ་རྣམས། ལྷ་རྣམས་ག་ལ་བ་དེར་གཡུལ་བཀྱེ་བ་ དང ། དེ་ནས་ཡང་འབྲོས་སོ། །དེ་ནས་སྒྲ་གཅན་ནི་ལྷ་མ་ཡིན་དེ་དག་ཀུན་གྱི་དང་པོ་ཁོ་ན་ལ་འདུག་སྟེ། དེ་དང་པོ་ཁོ་ནར་འདུག་སྟེ། དེ་ལ་རྟེན། དེས་སྐྱོབ། དེ་ལ་འཁོར་བའི་ལྷ་མ་ཡིན་དེ་དག་ཐམས་ཅད་རྒྱལ་ཆེན་བཞིའི་ལྷ་ག་ལ་བ་དེར་སྒྲ་གཅན་གྱི་མཐུ་ལ་རྟེན་པ། སྟོབས་སྐྱེས་པ་དག་རྒྱུག་པར་བྱེད་ཅིང ། འདི་ལྟར་བདག་ཅག་གི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འདི་དང་པོ་ཁོ་ན་ལ་ཞུགས་པས་ལྷ་རྣམས་དབང་པོ་དང་བཅས་པ་ཡང་ཐུབ་པར་འགྱུར་ན། རྒྱལ་ཆེན་བཞིའི་ལྷ་འབའ་ཞིག་ལྟ་སྨོས་ཀྱང་ཅི་དགོས་སྙམ་སེམས་སོ། །དེ་ནས་ ཡང་ཕན་ཚུན་རྟོག་ཅིང་མཚོན་ཆའི་ཚོགས་ཀྱི་རྒྱུན་གཅིག་ལ་གཅིག་འདེབས་པ་ན། སྒྲ་གཅན་ཡང་ལྷ་མ་ཡིན་རྣམས་རྒྱལ་བར་བྱ་ཞིང་ལྷ་རྣམས་ཕམ་པར་བྱ་བའི་ཕྱིར་ལྷ་ག་ལ་འཁོད་པ་དེར་རྡོ་རི་ཙམ་འཕེན་ཅིང་གནོད་པར་བྱེད་དོ། །དེ་ནས་སྒྲ་གཅན་དེ། དེ་ལྟར་ལྷ་རྣམས་ ལ་རྡོ་ཆར་ལྟར་འབེབས་པ། འཇིག་རྟེན་སྐྱོང་བ་དག་གིས་མངོན་པར་མཐོང་ནས། ལྷ་རྣམས་ལ་སྒྲ་གཅན་འདི་ནི་རྡོ་ཆར་ལྟར་འབེབས་པས་བདག་ཅག་ལ་མངོན་པར་གནོད་པར་བྱེད་ན། ལྷ་དག་མཚོན་ཆ་དང ། ལག་ཆ་ཆར་ལྟར་དབབ་པ་རྣམས་ཀྱིས་དེ་བཟློག་ཅིང ། འདི་ལྟར་ ཡང་ལྷ་རྣམས་ལ་གནོད་པ་མེད་པར་མཛོད་ཅིག་།དེ་དག་ལ་འཇིག་རྟེན་སྐྱོང་བ་དག་གིས་འདི་སྐད་སྨྲས་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་སྒྲ་གཅན་ཕམ་པར་བྱ་བའི་ཕྱིར་ཁྲོ་བའི་ཤུགས་ཀྱིས་རྒྱུག་པར་བྱེད་དོ། །དེ་ནས་སྒྲ་གཅན་དང ། འཇིག་ རྟེན་སྐྱོང་བ་དག་ཤིན་ཏུ་སྤུ་ཟིང་ཞེས་བྱེད་པ། རྡོ་དང་ལག་ཆར་བསྲེས་པའི་གཡུལ་བཀྱེའོ། །རྡོ་ཆར་ལྟར་འབེབས་པ་དེས་རྒྱ་མཚོ་ཀུན་ནས་རབ་ཏུ་འཁྲུག་པར་བྱེད་ཅིང ། ལྷའི་རྡོ་ཆར་ལྟར་འབེབས་པ་རྣམས་ཀྱིས་ཀྱང ། དེ་ལྟར་རྒྱ་མཚོ་ན་གནས་པའི་སེམས་ 69-1-33a ཅན་འབུམ་ཕྲག་དུ་མ་དག་གསོད་པར་བྱེད། འཁྲུག་པར་བྱེད། ཀུན་ནས་རྒྱ་མཚོའི་དཔུང་འཁྲུག་པར་བྱེད་དོ། །དེ་ནས་སྒྲ་གཅན་དེ་དང ། འཇིག་རྟེན་སྐྱོང་བ་དག་གཡུལ་ཆེན་པོར་བཀྱེ་བ་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མངོན་པར་མཐོང་ནས་ངོ་མཚར་ ཆེར་སྐྱེས་ཏེ། ཀྱེ་མ་གཡུལ་འགྱེད་པ་རྣམས་ཀྱི་ནང་ན་འདི་ནི་གཡུལ་ཆེན་པོ་ཡིན་ནོ་ཞེས་བརྗོད་དོ། །དེ་ནས་གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་སྐྱེ་དགུ་དག་བྱུང་བ་དེའི་ཚེ་ལག་ཆ་དང་དཔུང་དང་འཇིགས་པར་བྱ་བ་ཀུན་མེད་ཀྱིས་ཀྱང ། ལྷ་མ་ཡིན་གྱི་ དབང་པོ་སྒྲ་གཅན་ཕམ་པར་འགྱུར། གལ་ཏེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པའི་སྐྱེ་དགུ་དག་བྱུང་བ་དེའི་ཚེ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་མངོན་པར་མཐོ་བར་འགྱུར་ཏེ། ལྷ་རྣམས་ནི་མ་ཡིན་ནོ། །དེ་ལྟར་འདི་དག་ཐམས་ཅད་ནི་ཆོས་གཙོ་བོ་ལས་གྱུར་ཏེ། གློ་ བུར་པ་ནི་མ་ཡིན་ནོ། །དེ་ནས་གང་གི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དཔུང་དང་མཐུ་རྩལ་ཉམས་ཏེ། ཕམ་པར་གྱུར་པ་དེའི་ཚེ་ལྷ་མ་ཡིན་ཤིན་ཏུ་ཡི་ཆད་པ་རྣམས་ཀྱིས་ཡང་སྨྲས་པ། ལྷ་མ་ཡིན་འདི་དག་ཅི་སྟེ་འབྲོས། རྒུད་པའི་ཆོས་མང་པོ་སྒྲུབ་པ་ནི་བདག་ཅག་རྒུད་པར་ གྱུར་ཏེ། ཉོན་མོངས་པ་དེས་ཆོག་གོ་ཆོག་གོ། །བདག་ཅག་རང་གི་གནས་རྣམས་སུ་ཡང་བདེ་བའམ། ལྷ་མ་ཡིན་རྣམས་ཀྱི་ནང་དུ་ཡང་ཡིད་བདེ་བའི་ངོ་བོར་མི་ནུས་ཏེ། བློ་དེ་ལྟ་བུ་མ་བྱེད་པར་བློ་མཐུ་རྩལ་དང་བཅས་པར་གྱིས་ཤིག་།རང་གི་གནས་སུ་འགྲོ་མ་འདོད་པར་སླར་ལོག་ཤིག་ སླར་ལོག་ཤིག་།དེ་ནས་ཚིག་དེ་ཐོས་ནས་ཡང་ལྷ་མ་ཡིན་ཐམས་ཅད་འཇིག་རྟེན་སྐྱོང་བ་དག་ག་ལ་བ་དེར་གཡུལ་འགྱེད་དུ་བརྒྱུགས་སོ། །དེ་ནས་ཡང་ཕན་ཚུན་ལྷན་ཅིག་རྡོ་མཚུངས་པ་མེད་པ་ཆར་ལྟར་འབེབས་ཤིང་རིའི་རྩེ་མོར་གློག་ཆར་ལྟར་འབྱིན་ཏེ། ཡུལ་ངན་དུ་བྱས་པར་སྤུ་ཤིན་ཏུ་ ཟིང་ཞེས་བྱེད་པའི་གཡུལ་བཀྱེའོ། །དེ་ནས་ཡང་ལྷའི་དཔུང་གིས་ལྷ་མ་ཡིན་གྱི་དཔུང་ཕམ་པར་བྱས་སོ། །དེ་ནས་ཡང་ལྷ་མ་ཡིན་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ལྷ་འདི་རྣམས་མཐུ་ཆེན་པོ་དང་ལྡན་པ་ཡིན་ནོ། །འདི་ལྟར་བདག་ཅག་རང་གི་མཐུ་བསྐྱེད་ 69-1-33b པ་དང ། དེ་བདག་ཅག་གི་དོན་དང ། བདེ་བའི་ཕྱིར་དང ། ཕན་པར་བྱ་བའི་ཕྱིར་གནས་གཉིས་པ་ན་གནས་པ་སྐར་ཕྲེང་གི་བདག་པོ་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ལ་སྐྱབས་སུ་དོང་བར་བྱའོ། །ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དེ་ནི་རང་བཞིན་གྱིས་བརྟན་པ་ཡིན་ཏེ། ལྷ་དང་ལྷ་ མ་ཡིན་རྣམས་ཀྱི་གཡུལ་དུ་དབང་པོ་དང་བཅས་པར་བརྒྱའམ། ཡང་ན་སྟོང་དུ་སྟོབས་ཀྱིས་རྒྱལ་བ་ཡིན་ནོ་སྙམ་མོ། །དེ་ནས་དེ་ལྟར་ལྷ་མ་ཡིན་གྱི་གཙོ་བོ་དེ་དག་ཐམས་ཅད་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ག་ལ་བ་དེར་དོང་ངོ ། །དེ་ནས་དེ་དག་ཐམས་ཅད་ཀྱིས་ལྷ་མ་ཡིན་གྱི་དབང་ པོ་བརྟན་པ་དེ་ལ་འདི་སྐད་སྨྲས་སོ། །ཀྱེ་མ་ལྷ་མ་ཡིན་གྱི་དབང་པོ་དག་འདི་ལྟར་ལྷའི་ཕྱོགས་སྟོབས་རབ་ཏུ་ཆེ་སྟེ། ལྷ་མ་ཡིན་སྒྲ་གཅན་དང་བཅས་པ་རྣམས་ཀྱིས་ཕྱིར་བརྒལ་བར་མི་ནུས་པས། ལྷ་མ་ཡིན་གྱི་དབང་པོས་ལྷ་མ་ཡིན་རྣམས་ཀྱི་དཔུང་བགྱི་བ་དང ། སྐྱབས་བགྱི་བ་དང ། ཕ་རོལ་གཞོམ་པའི་ཕྱིར་དེ་དག་ངེས་པར་བགྱི་བའི་རིགས་སོ། །ཁྱོད་ཀྱི་ལག་ན་མཚོན་ཆ་ཡོད་པས་ལྷ་དག་དབང་པོ་དང་བཅས་པ་ཡང་བདག་ཅག་ལ་ཕྱིར་རྒོལ་བར་མི་ནུས་ཏེ། ཁྱོད་ཀྱིས་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་གཡུལ་དུ་རྒྱལ་བ་མང་དུ་བརྙེས་པ་ལགས་སོ། །ལྷ་མ་ཡིན་གྱི་ དབང་པོ་དེ་དག་ངེས་པར་བཟློག་ཏུ་གསོལ། ལག་ན་མཚོན་ཆ་ཆེན་པོ་ཐོགས་པ། རང་གི་དཔུང་དང་མཐུ་རྩལ་བསྐྱེད་ཅིང་ལྷ་རྣམས་ཕམ་པར་བགྱི་བའི་ཕྱིར་བཟློག་ཏུ་གསོལ། ཁྱོད་ཀྱིས་བརྒྱ་བྱིན་ཉིད་ཀྱང་བརྒྱ་སྟོང་དུ་ཕམ་པར་བགྱིས་ཏེ། ལྷ་དེ་རྣམས་ཁྱོད་ཀྱི་མཐུ་རྩལ་གྱིས་ཕམ་ པར་བགྱིས་པ་ལགས་སོ། །དེ་ནས་བརྟན་པས་ལྷ་མ་ཡིན་གྱི་དབང་པོ་དེ་དག་ལས་ཚིག་དེ་ཐོས་ནས། ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ག་ལ་བ་དང ། ཐགས་བཟངས་རིས་དང ། རབ་དགོད་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ལྷ་མ་ཡིན་གྱི་དབང་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ མ་ཡིན་གྱི་དབང་པོའི་ཕྱོགས་སྒྲ་གཅན་དང་བཅས་པ་ལྷ་རྣམས་ཀྱིས་ཕམ་པར་བྱས་ཏེ། ལྷ་རྣམས་ནི་སྟོབས་རབ་ཏུ་ཆེའོ། །སྟོབས་རབ་ཏུ་ཆེ་བས་བཟོད་པར་དཀའ་སྟེ། ལྷ་མ་ཡིན་རྣམས་ཀྱིས་བཟོད་པར་མི་ནུས་སོ། །གཡུལ་འགྱེད་པར་རྒྱལ་བར་བགྱི་བའི་ཕྱིར་དེ་གནང་བར་ 69-1-34a མཛོད་ཅིག་།དེ་ནས་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་དང ། ཐགས་བཟངས་རིས་དང ། རབ་དགོད་ཀྱིས་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དེ་ལ་འདི་སྐད་སྨྲས་སོ། །ལྷ་མ་ཡིན་གྱི་དབང་པོ་བདག་ཅག་འདི་དག་ཁྱོད་ཀྱི་གྲོགས་སུ་འཁོད་པ་ཡིན་གྱིས་ཁྱོད་སོང་ཤིག་ ཁྱོད་སོང་ཤིག་།བདག་ཅག་གིས་གྲོགས་བྱས་པས་ཁྱོད་དང་སྒྲ་གཅན་དང་བཅས་པས་ལྷ་ཐམས་ཅད་ལས་ཀྱང་རྒྱལ་བར་ནུས་སོ། །དེ་ནས་ཚིག་དེ་ཐོས་ནས་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་གཡུལ་འགྱེད་པའི་ཕྱིར་སོང་ངོ ། །དེ་ནས་ ལྷ་མ་ཡིན་རྣམས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དེ་མཐོང་ནས་ཤིན་ཏུ་མགུ་ཞིང་མཐུ་རྩལ་སྐྱེས་པ་རྣམས་ལྷ་རྣམས་ག་ལ་བ་དེར་མཚོན་ཆ་དང ། ལག་ཆ་དང ། མདའ་དག་འཕེན་ཅིང་འདེབས་པ་ན་ཐམས་ཅད་ལྷ་མ་ཡིན་གྱི་དབང་པོ་གཉིས་དང་ལྷན་ཅིག་ལྷ་རྣམས་ག་ལ་ བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་མ་ཡིན་དག་འདི་ལྟར་ཡང་དང་ཡང་དུ་བདག་ཅག་རྣམས་ཀྱིས་ཕམ་པར་བྱ་འདོད་དམ། དེ་ནས་ཡང་བརྩོན་འགྲུས་ལ་དམིགས་ནས་དུད་འགྲོའི་འགྲོ་བ་ངོ་བོ་ཉིད་ཀྱིས་ཕམ་པ་ རྣམས་ཡང་འོང་བར་བྱེད་དོ། །དེ་ནས་དེ་ལྟར་རིག་ནས་ལྷ་ཤིན་ཏུ་བརྩོན་འགྲུས་བརྩམས་པ། མཚོན་ཆ་དང་ལག་ཆ་སྣ་ཚོགས་ཐོགས་པ་དེ་དག་ཐམས་ཅད་ལྷ་མ་ཡིན་ག་ལ་བ་དེ་ཉིད་དུ་འགྲོས་ཤིན་ཏུ་མྱུར་བར་འགྲོ་བར་བྱེད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང ། སྒྲ་གཅན་ གྱིས་འདི་སྐད་སྨྲས་སོ། །ལྷ་རྣམས་བདག་ཅག་གི་སྟེང་དུ་འོངས་ཏེ། ལྷ་རྣམས་གཡུལ་འགྱེད་དུ་འོང་ངོ ། །བདག་ཅག་གིས་དེ་དག་ངེས་པར་གཡུལ་འདི་གཉིས་ཀྱི་བར་དུ་བཅུག་སྟེ་གཞོམ་པར་བྱའོ། །དེ་ནས་དེ་སྐད་སྨྲས་མ་ཐག་ཏུ་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང ། སྒྲ་གཅན་ཕན་ཚུན་རྒྱལ་བར་འདོད་པ་དག་ལྷན་ཅིག་ཏུ་རྒྱལ་ཆེན་བཞིའི་ལྷ་རྣམས་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་རྣམས་ནི་ཉི་མ་ནུབ་པའི་ཕྱོགས་སུ་ལྟ། ལྷ་མ་ཡིན་རྣམས་ནི་ཤར་བའི་ཕྱོགས་སུ་ལྟ་སྟེ། དེ་ལྟར་ཤར་བའི་འོད་ཟེར་གྱི་མཐུ་དེས་མིག་རབ་ཏུ་ཉམས་པ་དང ། དེ་ 69-1-34b ནས་ལྷ་མ་ཡིན་གྱི་མཚོན་ཆ་ཆར་ལྟར་འབེབས་པ་རྣམས་ཀྱིས། ལྷ་རྣམས་ལ་དབབ་པར་མ་ནུས་སོ། །དེ་ནས་ལྷ་མ་ཡིན་མིག་བསྒྲིབས་པ་རྣམས་ཕན་ཚུན་དུ་འདི་ལྟར་ཉི་མའི་འོད་ཟེར་རྣམས་ཀྱིས་མིག་རབ་ཏུ་ཉམས་ཏེ། བདག་ཅག་གིས་ལྷ་རྣམས་ལ་བརྒལ་བར་མི་ནུས་ སོ་ཞེས་སྨྲས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་རང་གི་ལག་པས་ཉི་མ་སྒྲིབ་པར་བྱེད་དེ། འདི་ཡང་ཉི་མ་གཟས་ཟིན་པའི་རྒྱུ་གསུམ་པ་ཡིན་ནོ། །དེའི་ཚེ་རྒྱུ་མི་ཤེས་པའི་རྟོག་གེ་པ་རྣམས་འདི་ལྟར་ལོ་ལེགས་པར་འགྱུར་རོ། །ལོ་ཉེས་པར་འགྱུར་རོ། །ཆར་ཆེར་ ལེགས་པར་འབབ་པར་འགྱུར་རོ། །ཆར་ཆུང་ངུ་འབབ་པར་འགྱུར་རོ། །རྒྱལ་པོ་ལ་རུང་བར་འགྱུར་རོ། །རྒྱལ་པོ་ལ་མི་རུང་བར་འགྱུར་རོ། །སྐྱེ་བོ་འཇིག་པར་འགྱུར་རོ། །སྐྱེ་བོ་འཇིག་པར་མི་འགྱུར་རོ་ཞེས་བརྗོད་དེ། དེ་ལྟར་བསྟན་བཅོས་ངན་པས་བསླུས་པ་རྣམས་ གཞན་དུ་རྟོག་པར་བྱེད་དོ། །དེ་ལྟར་སྒྲ་གཅན་དེས་ཉི་མའི་དཀྱིལ་འཁོར་དེ་བསྒྲིབས་ཏེ། འོད་ཟེར་ཡང་བཟློག་ནས་བལྟ་བར་བདེ་བ་དང ། ལྷ་རྣམས་མངོན་པར་མཐོང་ནས་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ལ་སྨྲས་པ། ལྷ་དག་བདེ་བར་མཐོང་ངོ ། །ལྷ་མ་ཡིན་རྣམས་བདེ་བར་ མ་མཐོང་གིས་ཕ་རོལ་ཕམ་པར་བྱ་བ་ལ་འབོད་ཅིག་།དེ་ནས་ལྷ་མ་ཡིན་རྣམས་མཚོན་ཆའི་ཚོགས་རྣམས་ཆར་ལྟར་མངོན་པར་འབེབས་ཤིང་ལྷ་རྣམས་ག་ལ་བ་དེར་བརྟན་པས་སྣ་དྲངས་ནས་རྒྱུག་པར་བྱེད་དོ། །ལྷ་རྣམས་ཀྱིས་ཀྱང་དེ་དག་མཐོང་ནས་མཚོན་ཆ་སྣ་ཚོགས་ ཐོགས་ཏེ། ལྷ་མ་ཡིན་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ཕྲེང་ཐོགས་ཀྱི་ལྷ་རྣམས་ག་ལ་བ་དེར་བརྟན་པ་དེ་དག་རྒྱུག་ཅིང ། དེ་དག་མཚོན་ཆ་སྣ་ཚོགས་ཀྱི་ཆར་མངོན་པར་འབེབས་པ་ན། ཕྲེང་ཐོགས་ཀྱི་ལྷ་རྣམས་ཀྱིས་དེ་དག་མངོན་པར་མཐོང་ནས་འདི་སྐད་སྨྲས་སོ། །ལྷ་ མ་ཡིན་གྱི་དབང་པོ་དག་ལེགས་སོ་ལེགས་སོ། །འདི་ལྟར་ཁྱེད་ལྷ་རྣམས་ཀྱིས་ལན་དུ་མ་ཞིག་ཏུ་ཕམ་པར་བྱས་ཀྱང་ཁྱེད་ཆོས་ལ་སོ་སོར་རིག་པར་མི་བྱེད་དམ། ངེད་ནི་ཆོས་ཀྱི་ཚུལ་དང་ལྡན། ཆོས་ལ་གཞོལ། ཆོས་སྒྲུབ་པ་ཡིན་ཏེ། ངེད་ནི་ཆོས་མ་སྤངས་པས་རྒྱལ་བར་འདོད་ 69-1-35a དོ། །ཁྱེད་ནི་བརྣབ་སེམས་ཀྱིས་གནོད་དེ། གཞན་གྱི་རྫས་ལ་རང་གིར་བྱ་བའི་བརྣབ་སེམས་ཡོད་དོ། །བརྣབ་སེམས་མང་བ་དེ་ནི་ཁྱེད་ཡིན་ཏེ། ཆོས་མ་ཡིན་པ་དང་ལྡན་པར་གྱུར་པས། དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་དག་པར་ལྡན་པ། ཆོས་ དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་ལྷ་རྣམས་ཇི་ལྟར་ཕམ་པར་བྱ་བར་འདོད། མུན་པས་ནི་སྣང་གསལ་ཆེན་པོ་རྣམས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་སོ། །དེ་ནས་རྣམ་པ་འདི་དག་སྨྲས་པ་ན། བརྟན་པས་དེ་དག་ལ་འདི་སྐད་སྨྲས་སོ། །ཀྱེ་མང་དུ་སྨྲ་ཅི་དགོས་ ཁྱེད་ཀྱི་འབྱོར་པ་ལ་ངེད་རྣམས་ཀྱང་སྨོན་པ་མེད་དོ། །ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་དང ། རབ་དགོད་ལ་སོགས་པ་བཞི་པོ་འདི་དག་གི་དཔུང་བཤམས་པ་རྣམས་ཀྱིས་ལྷ་ཐམས་ཅད་ཕམ་པར་བྱ་བའི་ཕྱིར་འཁོད་དེ། ངེད་ནི་ཁྱོད་ཀྱི་འབྱོར་པ་ལ་དགའ་བ་མེད་དོ། ། དེ་སྐད་སྨྲས་ནས། ཕྲེང་ཐོགས་ཀྱི་ལྷ་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་འོང་བར་མངོན་པར་མཐོང་ནས། ཇི་ལྟར་དེའི་ལུས་ཀྱི་ངོ་བོ་ཤིན་ཏུ་ཕྲ་བ་ཡང་མི་མངོན་པ་དེ་ལྟར་མདའ་སྣ་ཚོགས་ཆར་ལྟར་ཕབ་བོ། །དེ་ལྟར་བརྟན་པ་མཚོན་ཆའི་ཆར་གྱི་ནང་དུ་ཚུད་ནས་ཀྱང་ཕྲེང་ ཐོགས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་སྨྲས་སོ། །ལས་ཀྱིས་བཅོམ་ཞིང་སྒྲུབ་པ་བརྣབ་སེམས་མང་པོ་འདི་ཅིར་དགོས། ཆོས་མ་ཡིན་པས་ནི་ནམས་ཀྱང་ཆོས་ཟིལ་གྱིས་མནན་པ་མེད་དེ། ངེད་ནི་ཁྱེད་ལ་ཆུང་ཟད་ཀྱང་འཚེ་བར་མི་བྱེད་ན། ངེད་ལ་ཅི་སྟེ་གནོད་པ་བྱེད། དེ་དེ་ སྐད་སྨྲ་བ་ན། ལྷ་དེ་དག་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ཕྲེང་ཐོགས་ཀྱི་ལྷ་རྣམས་ཀྱིས་ཀླུ་དེ་དག་ལ་སྨྲས་པ། དཔུང་དོན་མེད་པས་ཁེངས་པ་འདི་ཁྱེད་ཀྱིས་མེའི་ཆར་མངོན་པར་ཕོབ་ཤིག་དང ། འོན་ཀྱང་དཔུང་གི་མཐུ་འདི་ཉམས་པར་འགྱུར་རོ། །དེ་སྐད་སྨྲས་ པ་དང ། ཀླུའི་རྒྱལ་པོ་འཇོག་པོས་ཕྱོགས་གཅིག་ཏུ་ཀླུའི་རྒྱལ་པོ་རབ་འཇོམས་ལ་མེའི་ཆར་ཕབ་པ་དང ། བརྟན་པ་ག་ལ་བ་དེར་རྒྱུག་པར་བྱེད་དེ། མེའི་ཆར་མངོན་པར་ཕབ་པ་ན་དེ་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་ལྷ་མ་ཡིན་དང་ 69-1-35b ཀླུ་དེ་དག་མེའི་ཆར་ཆེན་པོའི་ནང་དུ་ཆུད་པར་གྱུར་ཏོ། །དེ་ནས་དེ་དག་ལ་མེའི་ཆར་མངོན་པར་ཕབ་པ་དང ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་རི་དཔག་ཚད་བཅུ་པ་གཅིག་བླངས་ནས། ཕྲེང་ཐོགས་ཀྱི་ལྷ་རྣམས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་འོང་བ་མངོན་པར་ མཐོང་ནས་ལྷ་ལག་ན་ཡོལ་གོ་ཐོགས་པ་དག་རི་བསྲེག་པའི་ཕྱིར་མེའི་ཆར་མངོན་པར་འབེབས་ཤིང་རྒྱུག་པར་བྱེད་དོ། །དེ་ནས་མེའི་ཆར་དེས་ནི་རི་དེ་ཐམས་ཅད་བསྲེགས་སོ། །དེ་ལྟར་དེ་བསྲེགས་པར་རིག་ནས་བརྟན་པ་དེ་མཐུ་ཉམས་ཏེ། ལྷ་དེ་རྣམས་ལ་འདི་སྐད་སྨྲས་སོ། ། འདི་ལྟར་བདག་གིས་རི་རབ་ཏུ་འབར་བ་གཞན་ཐམས་ཅད་སྟེང་དུ་དབབ་བོ། །དེ་ནས་ལྷ་མ་ཡིན་རྣམས་ཀྱིས་རི་རབ་ཏུ་འབར་བ་གཞན་ཞིག་དེའི་དྲུང་དུ་ཁྱེར་རོ། །དེ་ནས་བརྟན་པ་དེས་དེ་ཁྱེར་ནས་ལྷ་རྣམས་ཀྱི་སྟེང་དུ་འཕངས་སོ། །དེ་ནས་ལྷ་དེ་རྣམས་ཀྱིས་ལྷ་མ་ཡིན་ཆེན་པོ་ལ་ འདི་སྐད་སྨྲས་སོ། །ཆོས་མ་ཡིན་པས་ནི་ཆོས་ལས་རྒྱལ་བར་མི་ནུས་ཏེ། ངེད་ནི་ཆོས་མདུན་དུ་བྱས་ནས་གནས་སོ། །ཁྱེད་ནི་ཆོས་མ་ཡིན་པ་ལ་བརྟེན་ནས་གནས་སོ། །དེ་ལྟར་དེ་དག་ལྷ་རྣམས་ཀྱིས་སྤྱོས་པ་མཐོང་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷ་མ་ཡིན་ ཐམས་ཅད་བསྡུས་ཏེ་ལྷ་རྣམས་ག་ལ་བ་དེར་དོང་ངོ ། །དེ་ལྟར་དེ་དག་འོང་བ་མངོན་པར་མཐོང་ནས། ལྷ་རྣམས་ཀྱང་ལྷ་མ་ཡིན་དག་ག་ལ་བ་དེར་རྒྱུག་པར་བྱེད་དེ། ལྷ་དང་ལྷ་མ་ཡིན་དེ་དག་མཚོན་ཆ་དུ་མ་དང་ལྡན་པའི་གཡུལ་ཤིན་ཏུ་མི་བཟད་པ་བཀྱེ་བར་གྱུར་ཏོ། །དེ་ནས་ ལྷ་རྣམས་ཀྱིས་ཆོས་བརྗོད། བདེན་པའི་བྱིན་གྱིས་བརླབས་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིད་ལ་བྱས་ནས།ལྷ་མ་ཡིན་ག་ལ་བ་དེར་དོང་ངོ ། །ལྷ་དེ་དག་མཐོང་མ་ཐག་ཏུ་ལྷ་མ་ཡིན་གྱི་དཔུང་དེ་ཐམས་ཅད་བརྒྱའམ་སྟོང་དུ་བཅོམ་མོ། །དེ་ ནས་ལྷ་མ་ཡིན་དེ་དག་ཐམས་ཅད་སའི་འོག་ག་ལ་བ་དེར་བྲོས་སོ། །ཀླུ་ཆོས་དང་མི་ལྡན་པ་རབ་འཇོམས་ལ་སོགས་པས་ལྷ་མ་ཡིན་དེ་དག་ལ་འདི་སྐད་སྨྲས་སོ། །ལྷ་མ་ཡིན་དག་བདག་ཅག་བོར་ནས་ཅི་སྟེ་འབྲོས། ཀླུ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་དེ་དག་བདག་ 69-1-36a ཅག་གིས་ཐུབ་ན། ཁྱེད་ཀྱིས་ལྷ་འདི་དག་འབའ་ཞིག་ཐུབ་པར་འགྱུར་རོ། །གང་དེ་ལྟར་འཇིགས་པར་གནས་ན། རང་གི་དཔུང་ཉམས་དྲོད་མེད་པར་ཅིའི་ཕྱིར་སའི་འོག་ནས་ལྡང ། ལྷ་རྣམས་དང་ལྷན་ཅིག་ཅིའི་ཕྱིར་འགལ་བར་བྱེད། འགལ་བའི་རང་བཞིན་ ཅན་ཁྱེད་ནི་སའི་འོག་ཏུ་འདོང་དུ་ཡོད་གྲང་ན་ངེད་གར་འདོང ། འཇོག་པོ་དང་ནོར་རྒྱས་ཀྱི་བུ་ལ་སོགས་པས་བཅོམ་པ་གར་འདོང ། ལྷ་མ་ཡིན་དེ་དག་གིས་དེ་སྐད་ཐོས་ནས། དེ་ནས་ཡང་ལྷ་རྣམས་ག་ལ་བ་དེར་གཡུལ་འགྱེད་དུ་སླར་ལོག་གོ་།དེ་ནས་ཡང་ཐོགས་པ་མེད་ པའི་བློ་ཅན་དེ་དག་ལྷ་མ་ཡིན་ག་ལ་བ་དེར་ཐམས་ཅད་འབད་དེ་བརྒྱུགས་སོ། །དེ་ནས་དེ་དག་འོང་བ་མངོན་པར་མཐོང་སྟེ། ལྷ་མ་ཡིན་རྣམས་ཀྱིས་བཟློག་པར་མ་ནུས་སོ། །དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང་ལྷན་ཅིག་ཏུ་ སའི་འོག་ག་ལ་བ་དེར་དོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་དཔུང་དེ་ལྟར་ཉམས་པ་མཐོང་ནས། ལྷ་མ་ཡིན་ཁ་ཅིག་ལྷ་མ་ཡིན་གྱི་དབང་པོ་གནས་གསུམ་པ་ན་གནས་པ་ག་ལ་བ་དེར་བརྒྱུགས་ཏེ། འདི་ལྟར་རྒྱལ་པོ་ཆེན་པོ་མེ་ཏོག་ཕྲེང་བཞེངས། ལྷའི་ཚོགས་དེ་དག་བཟློག་ ཏུ་མི་རུང་ལ། ལྷ་མ་ཡིན་ཐམས་ཅད་ཕམ་པར་བྱས་ཏེ་ཕྱོགས་ཀུན་དུ་བཀོད་པར་གྱུར་ཏོ། །ཁྱོད་ཀྱིས་ནི་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་མར་རྣམ་པར་རྒྱལ་བ་བརྙེས་ལ། རྒྱལ་བ་བརྙེས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་དག་དགོངས་ཏེ་བཞེངས། ལྷའི་དབང་པོ་བཅས་ པ་ལས་རྒྱལ་བར་སྤྱོན་ཅིག་།ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་གིས་དེ་དག་ཐམས་ཅད་ཡིད་ལ་བཟུང་ནས་མཚོན་ཆ་དང་ལག་ཆ་རྣམ་པ་སྣ་ཚོགས་ཐོགས། ལྷ་མ་ཡིན་བྱེ་བ་དུ་མས་ཡོངས་སུ་བསྐོར། ནམ་མཁའི་ཕྱོགས་ཐམས་ཅད་སྒྲ་རྣམས་ཀྱིས་ཡོངས་སུ་འགེངས་ ཤིང ། དེ་དག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་སྟོང་སྙེད་འོང་བ་མངོན་པར་མཐོང་ནས། བརྟན་པ་ལ་སྨྲས་པ། འདི་དག་ནི་ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཡིན་ཏེ། བདག་ཅག་གི་འབྱོར་པར་བྱ་ 69-1-36b བ་དང ། ལྷ་རྣམས་ཕམ་པར་བྱ་བའི་ཕྱིར་འོང་གིས། ལྷ་མ་ཡིན་དེ་དག་སླར་ཟློག་ཤིག་།འདི་ནི་ལྷ་མ་ཡིན་གྱི་དབང་པོ་བདག་ཅག་གི་འབྱོར་པར་བྱ་བའི་ཕྱིར་འོང་ངོ ། །དེ་ཐོས་ནས་ལྷ་མ་ཡིན་དག་དེ་ནས་ཡང་གཡུལ་འགྱེད་པའི་ཕྱིར་ཕྱིར་ལོག་གོ། །དེ་ནས་ཡང་དེ་དག་རྒྱལ་ ཆེན་བཞིའི་ལྷ་རྣམས་ག་ལ་བ་དེར་ལྷགས་སོ། །དེ་དག་ལྷགས་པ་ན་ལྷ་རྣམས་ཀྱིས་འདི་སྐད་སྨྲས་སོ། །དུད་འགྲོ་ཁྱེད་ཡུན་ཇི་སྲིད་ཅིག་ཏུ་དེ་སྐྱོང་བར་བྱེད། གཏི་མུག་གིས་བསྒྲིབས་པ་ཁྱེད་རྣམས་རང་གི་དཔུང་གཞིག་པར་བྱ་བའི་ཕྱིར་ལོག་གམ། དེ་སྐད་སྨྲས་ནས། དེ་ ནས་ཡང་ལྷ་རྣམས་ལྷ་མ་ཡིན་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་མེ་ཏོག་ཕྲེང་གིས་ལྷ་མ་ཡིན་དེ་དག་ལ་འདི་སྐད་སྨྲས་སོ། །ལྷ་མ་ཡིན་རྣམས་བཟླུམས་ཏེ་འཁོད་པ་ཅི་སེམས་ལྷ་རྣམས་ལ་གནོད་པ་ཅིའི་ཕྱིར་མི་བྱ། སོ་སོར་མི་འཐུན་པར་འཁོད་པ་ལྷ་རྣམས་ཕམ་པར་མི་བྱ འམ། །འདི་ན་བདག་གནས་པ་གཅིག་པུས་ལྷ་ཐམས་ཅད་ལས་རྒྱལ་བར་ནུས་ན། གང་ལྷ་མ་ཡིན་གྱི་དབང་པོ་བརྟན་པ་དང ། སེང་གེ་མོའི་བུ་སྒྲ་གཅན་བདག་ཅག་གི་གྲོགས་སུ་གྱུར་པས་སྨོས་ཀྱང་ཅི་དགོས་ཏེ། འཇིགས་པར་མ་བྱེད་ཅིག་།ཁྱེད་ཅག་ཀུན་ཀྱང་ ཐམས་ཅད་དུ་གཡུལ་གྱི་འཇིགས་པ་མེད་པ་ཡིན་ན། སྒྱིད་ལུག་པ་དེས་མ་ཆོག་གམ། ལྷ་མ་ཡིན་རྣམས་རྒྱལ་བར་གྱུར་ཅིག་།ལྷ་མ་ཡིན་རྣམས་མཐུ་རྩལ་དང་བཅས་པས་རྣམ་པར་རྒྱལ་བར་གྱུར་ཅིག་།དེ་སྐད་ཅེས་སྨྲས་ནས། དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་ མེ་ཏོག་ཕྲེང་དང ། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་ལྷན་ཅིག་ལྷ་མེ་ཏོག་ཕྲེང་ཐོགས་དང ། རྟག་ཏུ་མྱོས་གནས་དང ། ལག་ན་ཡོལ་གོ་ཐོགས་དང ། པི་བང་ཅན་གསུམ་པའི་ལྷའི་དབང་པོ་རྣམས་བཻ་ཌཱུརྱའི་རིའི་རྩེ་མོར་འཛེགས་ཏེ། འཁོད་ཅིང་ཐམས་ཅད་དུ་ཁྱབ་པར་ བྱས་ནས་སྲེད་པ་སྐྱེ་སྟེ། འདི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བརྒྱ་བྱིན་མེད་ཀྱང་བདག་ཅག་འབའ་ཞིག་གིས་ལྷ་མ་ཡིན་རྣམས་ཆོས་གཅིག་དང་བཅས་པས་ལན་དུ་མར་ཐུབ་པར་བྱས་སོ། །དེ་དག་གིས་དེ་སྐད་སྨྲས་པ་དང ། ལྷ་མ་ཡིན་རྣམས་ཀྱིས་རྒྱ་ 69-1-37a མཚོ་དེ་ཉིད་ཁྱབ་པར་བྱས་ནས། དེ་ནས་ཡང་གཡུལ་འགྱེད་པར་བྱུང་ངོ ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་དེ་དག་འོང་བ་མངོན་པར་མཐོང་ནས་སྨྲས་པ། འདི་ལྟར་ལྷ་མ་ཡིན་བདག་ཉིད་ཐམས་ཅད་དཔུང་ཆེས་འཕེལ་ཏེ། འོང་གིས་འདི་དག་ནི་ངེས་པར་ལྷ་ མ་ཡིན་གྱི་དབང་པོ་གསུམ་པ་མེ་ཏོག་ཕྲེང་ཡིན་ཏེ། དེ་དག་འོང་བ་ལྟ་ཞིང་དེ་དག་ལ་དེ་སྐད་སྨྲས་པ་དང ། ལྷ་མ་ཡིན་གཡུལ་འགྱེད་པར་མདུན་ཉིད་ན་འཁོད་དོ། །དེ་ནས་ལྷ་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཁྱེད་གང་གིས་བསླུས་ནས་འོངས། ད་དུང་དུ་ཆོས་དང་ལྡན་ ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། དགེ་བ་དོན་དུ་གཉེར་བ། དགེ་བ་ལ་ཞུགས་པ་ཡོད་དེ། དེ་དག་ཤི་བའི་དུས་བྱས་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནི་ངེད་ཡིན་ཏེ། ཁྱེད་ པས་ཆེས་དཔུང་ཆེ་ལ་ཆེས་གཙོ་བོ་ཡིན་ནོ། །དེ་ལྟ་བས་ན་ཆོས་བསྒྲུབས་པ་བདག་ཅག་ལ་ཁྱེད་ཀྱིས་མངོན་པར་མ་གཙེ་ཤིག་།བདག་ཅག་ལ་ཁྱེད་ཀྱིས་ཅིའི་ཕྱིར་གཙེ། དེ་ནས་དེ་སྐད་སྨྲས་པ་དང ། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཀྱི་ཚིག་རྩིས་ལ་མ་ཆགས་པར་ བྱས་ནས། ལྷ་རྣམས་དང་གཡུལ་འགྱེད་པའི་ཕྱིར་ལྷགས་སོ། །དེ་ནས་ལྷ་རྣམས་ཡང་ལྷ་མ་ཡིན་རྣམས་ག་ལ་བ་དེར་ནམ་མཁའ་བཀང་ནས་ལྷ་མ་ཡིན་རྣམས་གཞོམ་པའི་ཕྱིར་དང ། དེ་དག་ཕན་ཚུན་རྒྱལ་བར་བྱ་བའི་ཕྱིར་འདོང་བར་བྱེད་དོ། །དེ་ནས་ཡང་དེ་དག་ གཡུལ་གྱི་རྣམ་པ་དེ་ལྟ་བུ་བཀྱེ་སྟེ། སྒྲ་གང་གིས་རྒྱ་མཚོ་ན་གནས་པ་ཉ་དང ། སྲོག་ཆགས་དུང་དང ། ཆུ་སྲིན་དང ། ཆུ་སྲིན་བྱིས་པ་གསོད་དང ། ཉ་མིད་དང ། ཉ་མིད་ཆེན་པོ་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་དུ་ན་དྷུ་གསོད་མང་པོ་རྣམས་ཀྱི་སྙིང་བརྒྱའམ་སྟོང་དུ་རྣམ་པར་ གས་སོ། །དེ་དག་མཚོན་ཆ་དཔེ་མེད་པ་དུ་མ་ཆར་གྱི་རྒྱུན་ལྟར་ཤིན་ཏུ་འབབ་པས་ལྷ་དང་ལྷ་མ་ཡིན་གཡུལ་བཀྱེའོ། །ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་གིས་ལྷ་མ་ཡིན་དེ་དག་བཀྱེ་ནས་གཅིག་པུ་འདུག་སྟེ། ལྷ་རྣམས་ལ་འདི་སྐད་སྨྲའོ། །ང་ཉིད་ཀྱིས་ཡུན་རིང་དུ་གཡུལ་འདིར་ 69-1-37b མ་འདུག་སྟེ། དེ་འདུག་ན་ནི་རྣམ་པར་རྒྱལ་བ་ཐོབ་པས་དང་ཁྱེད་རྣམས་གཞོམ་པའི་ཕྱིར་དང ། ལྷ་མ་ཡིན་རྣམས་འབྱོར་པར་བྱ་བའི་ཕྱིར་འོངས་པ་ཡིན་ནོ། །ང་འབའ་ཞིག་འདུག་པས་ལྷ་དབང་པོ་དང་བཅས་པ་ཡང་མདུན་དུ་འདུག་མི་ནུས་ན། རྒྱལ་ཆེན་བཞིའི་ལྷ་འབའ་ཞིག་ ལྟ་སྨོས་ཀྱང་ཅི་དགོས་ཏེ། ངས་ཕམ་པར་བྱའོ། །དེ་སྐད་སྨྲས་ནས། ལྷ་རྣམས་ག་ལ་བ་དེར་འགྲོ་བར་བྱེད་དོ། །ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱིས་དེ་འོང་བར་མངོན་པར་མཐོང་ནས། ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་དེ་གཞོམ་པའི་ཕྱིར་ག་ལ་བ་དེར་འདོང་བར་བྱེད་དོ། ། དེ་ནས་རྒྱ་མཚོའི་དབུས་ནས་རི་དཔག་ཚད་ལྔ་པ་དང ། དཔག་ཚད་བཞི་པ་དང ། དཔག་ཚད་གསུམ་པ་དང ། དཔག་ཚད་གཉིས་པ་དང ། དཔག་ཚད་ཀྱི་ཚད་རབ་ཏུ་འབར་བ་དག་ཕྱུང་ཞིང་ཕྱུང་ཞིང་ལྷ་ལག་ན་ཡོལ་གོ་ཐོགས་པ་ག་ལ་བ་དེར་འཕེན་པར་བྱེད་དོ། །དེ་འཕེན་པ་ན་ ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱིས་ཆོས་རྗེས་སུ་དྲན་པར་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། མདའི་རྒྱུན་རྣམས་ཀྱིས་རི་དེ་དག་རྒྱ་མཚོའི་དབུས་དེར་བྱེ་མ་[\[]ཆང་[\]]པ་ནས་གཏོར་བ་བཞིན་དུ་གཏོར་ཏོ། །མེ་ཏོག་ཕྲེང་དེས་ལས་ཀྱི་འབྲས་བུ་དེ་དག་མེད་པར་ མངོན་པར་མཐོང་ནས་ལག་ན་དབྱུག་ཏོ་ཐོགས་ཏེ། ལྷ་ལག་ན་ཡོལ་གོ་ཐོགས་པ་ག་ལ་བ་དེའི་མདུན་ཉིད་དུ་འདུག་གོ། །དེ་དག་འཁོར་དང་བཅས། དཔུང་དང ། མཐུ་དང་བཅས་པ་འོང་བ་མངོན་པར་མཐོང་ནས་ཆར་གནམ་ལྕགས་ལྟ་བུའི་མཐུ་ཡིས་དབྱུག་ཏོ་དེ་གཅོད་པར་བྱེད་ཅིང ། ལྷ་མ་ཡིན་དེ་དག་ཉམས་སྨད་དེ་དེ་ལྟར་དེ་དག་ཕམ་པར་བྱས་སོ། །ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ཡང་ལྷ་རྟག་ཏུ་མྱོས་གནས་ག་ལ་བ་དེར་གཡུལ་འགྱེད་པའི་ཕྱིར་མཚོན་ཆ་ཀུན་འཇོམས་དཔག་ཚད་ཙམ་བླངས་ནས་འདོང་བར་བྱེད་དོ། །དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོས་ལྷ་དེ་དག་ལ་འདི་ སྐད་སྨྲས་སོ། །འདི་ལྟར་དེ་རིང་བདག་གིས་ཐམས་ཅད་ལས་རྒྱལ་བར་བྱ་སྟེ། ཐམས་ཅད་མཚོན་ཆ་ཀུན་འཇོམས་གྱིས་གཤིན་རྗེའི་གནས་ག་ལ་བ་དེར་ཉེ་བར་བཀྱེའོ་ཞེས་དེ་སྐད་སྒྲ་བསྒྲགས་ནས་ལྷ་རྟག་ཏུ་མྱོས་གནས་རྣམས་ག་ལ་བ་དེར་འདོང་བར་བྱེད་དོ། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ 69-1-38a དེ་འོང་བ་མངོན་པར་མཐོང་ནས་ལག་སྟོབས་ཀྱིས་མཚོན་ཆ་ཕྲོགས་ཏེ། ལྷ་མ་ཡིན་དེ་ཉིད་ཀྱི་བྲང་དུ་བརྒྱབ་བོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་ཉེར་བཞི་པ། དེ་མཚོན་ཆ་དེས་བརྒྱབ་པ་དང་ཉམས་ནས་སའི་འོག་ ག་ལ་བ་དེར་འགྲོ་བར་བྱེད་དོ། །དེའི་འཁོར་ལྷ་མ་ཡིན་མགུལ་ཕྲེང་རྣམས་ཀྱིས་གང་གིས་ཉམས་པ་མངོན་པར་མཐོང་ནས། ཉམས་པ་སྲོག་གི་ལྷག་མ་ལུས་པ་དེ་དག་ཐམས་ཅད་ཀྱང་སའི་འོག་ག་ལ་བ་དེར་རྒྱུག་པར་བྱེད་དོ། །ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཡང་འཁོར་དང་བཅས་ཏེ། ལྷ་ པི་བང་ཅན་གསུམ་པ་ག་ལ་བ་དེར་འདོང་བར་བྱེད་དོ། །རང་གི་ལག་མཐུས་དྲེགས་པ་དེ་དག་འོངས་པ་མངོན་པར་མཐོང་ནས་ལྷ་རྣམས་མེ་ཆར་ལྟར་མངོན་པར་འབེབས་ཤིང ། དེ་དག་ཀྱང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ག་ལ་བ་དེར་རྒྱུག་པར་བྱེད་དོ། །མེ་ཆར་ལྟར་ཕབ་པ་དེས་ཀུན་དུ་ མངོན་པར་སྲེག་པ་ན་འཁོར་དང་བཅས་པར་སའི་འོག་ག་ལ་བ་དེ་ཉིད་དུ་རྒྱུག་པར་བྱེད་དོ། །ལྷ་མ་ཡིན་གྱི་དབང་པོ་གསུམ་པོ་དེ་དག་མཐོང་ནས་ལྷ་རྣམས་ནི་སྙིང་རབ་ཏུ་དགའ་བར་གྱུར། ལྷ་མ་ཡིན་རྣམས་ནི་ཡིད་དམན་པར་གྱུར་ཏེ། མཐུ་རྩལ་ཉམས་པ། མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་ཐམས་ཅད་སའི་འོག་གི་སྒོ་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་དག་གང་གི་ཚེ་སའི་འོག་གི་སྒོ་དེར་ལྷགས་པ་དེའི་ཚེ། ལྷ་རྣམས་ཡང་བཻ་ཌཱུརྱའི་རིའི་རྩེ་མོ་དེ་ཉིད་ལ་འཛེགས་ཏེ་འཁོད་དོ། །འདི་ལྟར་ལྷ་མ་ཡིན་རྣམས་གོར་མ་ཆག་པར་ཡང་ འོང་བར་འགྱུར་ཏེ། གང་གི་ཕྱིར་ཐགས་བཟངས་རིས་དང་རབ་དགོད་དག་ད་དུང་དུ་མ་འོངས་ཏེ། ལྷ་མ་ཡིན་དེ་དག་ནི་དེ་ལ་སྲོག་ལྟོས། དེ་ལ་རྟེན། དེ་གཙོ་བོར་བྱེད་པ་ཡིན་ནོ། །དེ་ལས་རྒྱལ་བ་ནི། ཐམས་ཅད་ལས་རྒྱལ་བར་འགྱུར་ལ། དེ་ལས་ཕམ་ན་ནི་འདི་དག་ཐམས་ཅད་ལས་ ཕམ་པར་འགྱུར་རོ་ཞེས་དེ་སྐད་སྨྲས་ནས། ལྷ་ཐམས་ཅད་དགའ་བ་ཤིན་ཏུ་སྐྱེས། མཐུ་ཤིན་ཏུ་སྐྱེས་ཏེ། དེ་སྐད་བརྗོད་ཅིང་གཡུལ་འགྱེད་པའི་ཕྱིར་ངེས་པར་གནས་པར་བྱེད་དོ། །ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་པ་ཡང་ལོངས་སྤྱོད་ལྡན་གྱི་གྲོང་ཁྱེར་ག་ལ་བ་དེ་ན་ཀླུའི་རྒྱལ་པོ་ནོར་ 69-1-38b རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པས་དཔུང་གི་མཐུ་རྩལ་ལྷག་མ་ལུས་པ་རྣམས་བཅོམ་མོ། །དེ་དག་ཀྱང་རབ་དགོད་དེ་ལ་ཤིན་ཏུ་སེམས་ཤིང་དེའི་ཚེ་དེ་ལ་དཔུང་ཚོལ་ཏེ། དེས་ལྷ་རྣམས་གཞོམ་པར་ནུས་ཀྱི། གཞན་དུ་ན་ལྷ་མ་ཡིན་གྱི་ཕྱོགས་ནི་ཤིན་ཏུ་ཕམ་ལ། ལྷའི་ཕྱོགས་ ནི་རབ་ཏུ་འཕེལ་ཏོ་སྙམ་མོ། །དེ་ལྟར་ལྷ་མ་ཡིན་གྱི་ཕྱོགས་ཀླུ་དང་ལྷ་མ་ཡིན་དེ་དག་ཐམས་ཅད་ཡིད་སྡུག་བསྔལ་ཞིང་གནས་སོ། །དེ་ལྟར་དེ་དག་གནས་ཤིང་ལྷ་མ་ཡིན་རྣམས་ཀྱང་ཡིད་དམན་པར་གནས་ཏེ། ཐགས་བཟངས་རིས་དང ། རབ་དགོད་དག་གིས་འདི་ལྟར་ལྷ་མ་ཡིན་ གནས་གསུམ་པ་ན་གནས་པ་མེ་ཏོག་ཕྲེང་དང ། བརྟན་པ་དང ། སྒྲ་གཅན་ཡང་ཕམ་པར་གྱུར་ཏོ་ཞེས་ཐོས་ཏེ། དེ་ལྟར་མཐུ་མེད་པར་བྱས་སོ། །དེ་ལྟར་སྤྲོ་བ་མེད་པ། དཔུང་དང་མཐུ་ཉམས་པ་དེ་དག་ལ་མགོན་གཞན་མེད་དེ། འདི་ལྟར་ལྷ་མ་ཡིན་གྱི་དབང་པོ་ཁྱོད་དུ་བས་སོ། ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་རབ་དགོད་ཀྱིས་འདི་སྐད་སྨྲས་སོ། །ལྷ་མ་ཡིན་རྣམས་ལྷ་མ་ཡིན་གྱི་དབང་པོ་གསུམ་དག་ག་ལ་གནས་རྟོགས་ཤིག་རྟོགས་ཤིག་།དེ་སྐད་སྨྲས་པ་དང ། ལྷ་མ་ཡིན་རྣམས་ཀྱིས་ལྷ་མ་ཡིན་གྱི་དབང་པོ་དེ་ལ་འདི་སྐད་སྨྲས་སོ། །འདི་ལྟར་སའི་ འོག་གི་སྒོའི་ཐ་མ་ན་ལྷ་མ་ཡིན་དཔུང་དང་མཐུ་ཉམས་པ་ཐམས་ཅད་ཁྱོད་ལ་སྲོག་ལྟོས། ཁྱོད་ལ་དཔུང་ཚོལ། ཁྱོད་ལ་རྟེན་ཅིང་མཆིས་ཏེ། མཚར་ཁོ་ནར་ངོ་ཚ་ནས་སའི་འོག་གི་ནང་དུ་ཡང་མཆི་བའི་རྔོ་མ་ཐོགས་སོ། །དེ་ནས་ཐགས་བཟངས་རིས་དང་རབ་དགོད་ཀྱིས་འདི་སྐད་སྨྲས་སོ། ། ཅི་ལྷ་དེ་རྣམས་ཀྱི་བརྒྱ་བྱིན་འོངས་སམ་མ་འོངས། ལྷ་མ་ཡིན་རྣམས་ཀྱིས་སྨྲས་པ། མ་མཆིས་སོ། །དེ་ནས་རབ་དགོད་ཁྲོས་པའི་མིག་དམར་པོས་རང་གི་དཔུང་ལ་ལྟ་ཞིང་འདི་སྐད་སྨྲས་སོ། །རྒྱལ་ཆེན་བཞི་པ་དག་ཉི་ཚེས་གནས་གསུམ་དུ་གཏོགས་པའི་ལྷ་མ་ཡིན་རྣམས་ ཕམ་པར་བྱས། དཔུང་དང་མཐུ་ཉམས་པར་བྱས། བརྩོན་པ་མེད་པར་བྱས་ཏེ། ཀྱེ་མ་ལྷ་མ་ཡིན་རྣམས་ལྷའི་རིས་ཉི་ཚེ་གང་གིས་དཔུང་དང་མཐུ་ཉམས་པར་བྱས་པ་དེའི་ཕྱིར་འདི་ལྟར་ང་ཆ་སྟེ། ལྷ་ཐམས་ཅད་ཕམ་པར་བྱའོ། །དེ་སྐད་སྨྲས་ནས། ལྷ་མ་ཡིན་གྱི་དབང་པོ་ 69-1-39a དེ་ལྷ་མ་ཡིན་གྱི་དབང་པོ་ཀུན་གྱི་དཔུང་བས་ལྷག་པར་བརྩོན་པ་གང་ཡིན་པ་དེས་དཔོན་སྣ་ཐམས་ཅད་ལ་བསྒོ་བ་འདི་ལྟར་ལྷ་གསད་པ་དང ། ལྷ་གཞོམ་པ་དང ། ལྷ་རྣམས་ལ་བར་ཆད་བྱ་བའི་ཕྱིར་བདག་ཆ་ཡིས་རྔ་བོ་ཆེ་རྡུངས་ཤིག་རྡུངས་ཤིག་།ལྷ་དང་བརྒྱ་བྱིན་དུ་ བཅས་པ་ང་གཅིག་པུས་ཐུབ་པར་བྱ་སྟེ། ང་ནི་བདག་བར་མ་དོར་ཕམ་པར་མི་འདོད་དོ། །གང་ལྷའི་བརྩོན་འགྲུས་དཔུང་དང་ལྡན་པ་དག་ལྷ་མ་ཡིན་གྱི་བུ་མོ་རྣམས་ལ་ལྟ་བ་དང ། ཉུག་པར་འདོད་པ་ཅི་ངས་མི་ཤེས་སྙམ་མམ། དེ་སྐད་སྨྲས་ནས་ཐགས་བཟངས་རིས་དང ། རབ་དགོད་དེ་དག་རྔ་ སྒྲ་འབྱིན་ཅིང་ལྷ་མ་ཡིན་རྣམས་རྒྱུགས་ཤིག་རྒྱུགས་ཤིག་།འདི་ལྟར་ངས་ལྷ་ཐམས་ཅད་ཕམ་པར་བྱ་བ་དང ། ལྷ་མ་ཡིན་ཐམས་ཅད་འབྱོར་པར་བྱ་བའི་ཕྱིར་བདག་ཉིད་ཆའོ། །དེས་དེ་སྐད་ཅེས་བསྒོ་ནས་ཤིང་རྟ་འཁོར་ལོ་རྩིབས་འབུམ་དང ། ལྷ་མ་ཡིན་གྱི་འོད་ཉི་མ་ལྟ་བུ་བྱེ་བ་ཕྲག་དུ་མ་དག་ ཆས་སོ། །དེ་ཆས་པ་དང ། རི་དང ། ཆུ་བོ་དང ། རི་ཁྲད་ཁྲོད་དང ། རི་འོར་དང ། རིའི་རྩེ་མོ་དང ། རི་རབ་ཏུ་བཅས་པ་གཡོ་བ་ནས་ལེགས་མཐོང་གི་ཚལ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷའི་འདུན་ས་ཆོས་བཟང་ན་འདུག་པའི་སྟན་གྱི་བར་དུ་གཡོ་བ་དང ། དེ་འདི་སྙམ་དུ་སེམས་ ཏེ། །ཀྱེ་ཨེ་མ་བདག་གི་སྟན་ཡང་གཡོ་བ་ལས་ན་གོར་མ་ཆག་པར་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་འགྱུར་ཏེ། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་དེ་ཆས་པ་ལྟར། འདི་ལྟར་ཚལ་དང ། ནགས་ཚལ་འདི་དང ། རི་ཁྲད་ཁྲོད་དང ། ཆུ་ཀླུང་དང ། རི་ངོས་དང་བཅས་པ་ཐམས་ ཅད་དང ། རིའི་རྒྱལ་པོ་རི་རབ་འདི་ཡང་རབ་ཏུ་གཡོའོ། །བརྒྱ་བྱིན་དེས་དེ་ལྟར་རིག་ནས། ལྷ་རྣམས་ལ་བསྒོ་བ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་ཤིག་ཆོས་ཤིག་།འདི་ལྟར་རབ་དགོད་དང་ཐགས་བཟངས་རིས་དག་ལྷ་རྣམས་ཕམ་པར་བྱ་བའི་ཕྱིར་ཆ་ཞིང་འདུག་གོ། །དེའི་ ཕྱིར་བདག་ཉིད་ཀྱང་འདི་ལྟར་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ཏེ། ལྷ་ཐམས་ཅད་དང་ལྷན་ཅིག་ཏུ་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ག་ལ་བ་དེར་འདོང་བར་བྱའོ། །གང་གི་ཕྱིར་རབ་དགོད་དང ། ཐགས་བཟངས་རིས་ཀྱི་གཡུལ་འགྱེད་པ་གང་ཡིན་པ་དེར་ལྷ་འདུག་པ་ནི་ངས་མ་མཐོང་ངོ ། ། 69-1-39b དེ་སྐད་སྨྲས་པ་དང ། འདི་ལྟར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དེ་ནི་དཔུང་གི་གཙོ་བོ་ཡིན་ཏེ། ལྷའི་འདུན་ས་ཆོས་བཟང་དང ། གྲོང་ཁྱེར་བལྟ་ན་སྡུག་ན་གནས་པ་རྣམས་ལ་ཡང་བསྒོ། བཞི་མདོ་དང་བཞི་མདོ། །སུམ་མདོ་དང་སུམ་མདོ་དག་ཏུ་ཡང་འདི་ལྟར་ལྷ་རྣམས་ཀྱི་དབང་ པོ་བརྒྱ་བྱིན་དེ་ནི་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འགྲོ་སྟེ། རབ་དགོད་དང་ཐགས་བཟངས་རིས་དག་ག་ལ་བ་དེ་ཉིད་དུ་ཐམས་ཅད་འདོང་བར་བྱའོ་ཞེས་བསྒོའོ། །དེ་ནས་དེ་དག་ལ་དེ་སྐད་སྨྲས་པ་དང ། ལག་ཆ་དང ། མཚོན་ཆ་སྣ་ཚོགས་ཀྱི་གནས་སུ་གྱུར་པ། ཤིང་རྟ་ སྣ་ཚོགས་ཀྱི་ཚལ་དུ་འདོང་བར་བྱེད་དེ། མཚོན་ཆ་ཐམས་ཅད་ཡོད་པ་དེར་ལྷ་བརྒྱའམ། སྟོང་ངམ། ཁྲིའམ། བྱེ་བ་མཚོན་ཆ་དོན་དུ་གཉེར་བ་དེ་དག་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དུ་འདོང་བར་བྱེད་དོ། །དེ་དག་རྒྱུག་པ་ན་རྒྱ་མཚོ་བྲུག་པ་ལྟ་བུའི་སྒྲ་བྱུང་སྟེ། ལྷ་རྣམས་ཕན་ཚུན་ འདོང་བ་ཤིན་ཏུ་བརྟུལ་བའི་རྡུལ་གང་གིས་ནམ་མཁའ་ཡོག་པར་གྱུར་པ་རྣམ་པ་དེ་ལྟ་བུ་བྱུང་ངོ ། །དེ་ལྟར་དེ་དག་མཚོན་ཆ་རྣམས་བླངས་ནས་ནམ་མཁའ་ལ་རྒྱུ་བ་རྣམས་ནི་ནམ་མཁའ་ལ། སྐམ་ས་ལ་རྒྱུ་བ་རྣམས་ནི་སྐམ་ས་ལ། རིའི་རྩེ་མོ་ལ་རྒྱུ་བ་རྣམས་ནི་རིའི་རྩེ་མོ་ཀུན་དུ་གང་ནས་ འདོང་ངོ ། །ལྷ་གཞན་ཚལ་དང ། ནགས་ཚལ་དག་ན་གནས་ཤིང་རྩེར་དོང་བའི་ལྷ་གང་ཡིན་པ་དེ་དག་ཀྱང་རྔ་སྒྲ་ཐོས་ནས། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ག་ལ་བ་དེར་རྒྱུག་པར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷའི་འདོད་པ་ཀུན་ཀྱང་བཏང་ནས། ཐམས་ཅད་རྒྱུག་པར་བྱེད་དོ། ། མཚོན་ཆ་དང ། ལག་ཆ་དང ། གོ་མཚོན་རབ་ཏུ་མང་པོ་བརྒྱའམ། སྟོང་ངམ། བྱེ་བའམ། བྱེ་བ་བརྒྱ་ཕྲག་སྟོང་སྙེད་དག་བླངས་ནས། དེ་དག་ཐམས་ཅད་བརྒྱ་བྱིན་ཤིན་ཏུ་མཐོང་བར་འདོད་ཅིང་འཁོད་དོ། །དེ་ནས་བརྒྱ་བྱིན་གྱིས་དེ་དག་གི་ཉམས་དྲོད་རིག་ནས་ལྷ་ཐམས་ཅད་རབ་ཏུ་ དགའ་བར་བྱེད་ཅིང་ཤིང་རྟ་རབ་ཏུ་མང་པོ་ལ་ཞོན་ཏེ། ཤིང་རྟ་ཁ་ཅིག་ནི་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན། ཁ་ཅིག་ནི་གསེར་གྱིས་བརྒྱན། ཁ་ཅིག་ནི་དངུལ་གྱིས་བརྒྱན། ཁ་ཅིག་ནི་བཻ་ཌཱུརྱས་བརྒྱན། ཁ་ཅིག་ནི་ཤེལ་གྱིས་བརྒྱན། ཁ་ཅིག་ནི་སྤུག་ལ་སོགས་པའི་རིན་པོ་ཆེ་ཆེན་པོ་ 69-1-40a རྣམས་ཀྱིས་བརྒྱན། ཁ་ཅིག་ནི་ནོར་བུ་སྣ་ཚོགས་ཀྱིས་བརྒྱན་ཅིང ། དྲིལ་བུ་གཡེར་ཁའི་དྲ་བས་གཏིབས་པ། ཀུན་ནས་མཛེས་པ།ལས་ཀྱི་མཆོག་ཇི་ལྟ་བ་བཞིན་དུ་ཐོབ་པ། རང་གི་གཟི་བརྗིད་ཀྱིས་རྟག་ཏུ་མཛེས་པ་ན་ཁ་ཅིག་ནི་གསེར་གྱི་རི་རབ་ཀྱི་རྩེ་མོ་ དག་ཁྱབ་པར་གནས་སོ། །བརྒྱའམ་སྟོང་སྙེད་ཁ་ཅིག་ནི་ནམ་མཁའ་ལ་དོང་སྟེ། ལྷའི་དབང་པོ་ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་ནམ་འགྲོ་ཞིག་གུ་སྙམ་ནས། བརྒྱ་བྱིན་ལ་ཤིན་ཏུ་ལྟ་ཞིང་འཁོད་དོ། །དེ་ལྟར་ཕན་ཚུན་ཀུན་ནས་གཏམ་ཟེར་ཞིང་འཁོད་དོ། །འཐབ་པ་ལ་ ཡིད་ཞུགས་པ་ཐམས་ཅད་འཁོད་དོ། །དེ་དག་དེ་ལྟར་འཁོད་པ་དང ། ལྷའི་དབང་པོས་གླང་པོ་ཆེའི་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་བསྒོ་བ། འདི་ལྟར་བཟང་པོ་སོང་ལ་ངའི་གླང་པོ་ཆེ་ས་སྲུང་གི་བུ་གླང་པོ་ཆེ་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པ་ཁ་དྲུག་ཡོད་པ་དེ་ལ་ཞོན་ནས་ངས་ལྷ་མ་ཡིན་ རྣམས་ཕམ་པར་བྱའོ་ཞེས་སྒོ་ཤིག་།དེ་ནས་མ་ཏ་ལིས་བརྒྱ་བྱིན་གྱི་བཀའ་མནོས་ནས། རང་གི་འདོད་པས་སྤྲུལ་པའི་པད་མའི་ཚལ་ན་གླང་པོ་ཆེ་ས་སྲུང་གི་བུ་གླང་པོ་ཆེ་མང་པོས་ཡོངས་སུ་བསྐོར་བ་ག་ལ་བ་དེར་སོང་ངོ ། །དེ་ནས་གླང་པོ་ཆེ་ཅང་ཤེས་དེ་ལ་འདི་སྐད་སྨྲས་སོ། ། འདི་ལྟར་ལྷའི་དབང་པོ་བརྒྱ་བྱིན་དེ་ཁྱོད་ལ་འབོད་དེ། ལྷ་མ་ཡིན་གྱི་གཡུལ་དུ་ཁྱོད་ལ་ཞོན་ནས་ལྷ་མ་ཡིན་རྣམས་ཕམ་པར་བྱའོ་ཞེས་གསུང་ངོ ། །དེ་ནས་གླང་པོ་ཆེ་ས་སྲུང་གི་བུ་མ་ཏ་ལི་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་སོང་ངོ ། །དེར་འོངས་ པ་དང་མ་ཏ་ལིས་བརྒྱ་བྱིན་ལ་སྨྲས་པ། ལྷའི་དབང་པོ་འདི་ལྟར་གླང་པོ་ཆེའི་མཆོག་དེ་མཆིས་སོ། །བརྒྱ་བྱིན་གྱི་རྫུ་འཕྲུལ་གྱིས་དེའི་ལུས་དེ་ལ་ཁ་སྐྱོན་མེད་པ་བརྒྱ་སྤྲུལ་པར་བྱེད་དེ། ཁ་རེ་རེ་ལ་སོ་དཀར་པོ་བཅུ་བཅུ། སོ་རེ་རེ་ལ་པད་མའི་རྫིང་བུ་བཅུ་བཅུ། པད་མའི་རྫིང་ བུ་རེ་རེ་ལ་པད་མ་སྟོང་སྟོང ། པད་མ་རེ་རེ་ལ་རི་བོ་བཅུ་བཅུ། རི་བོ་རེ་རེ་ལ་པོག་རི་བརྒྱ་བརྒྱ། པོག་རི་རེ་རེ་ལ་ལྷ་མོ་བརྒྱ་བརྒྱ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་གླུ་ལེན་བྲོ་རྡུང་ཞིང ། ཤིན་ཏུ་ཆགས་སུ་རུང་བ་གཞན་དང་མི་འདྲ་བའི་གླུ་དབྱངས་དང་ཡང་དག་པར་ལྡན་ 69-1-40b པ་དག་ལེན་ཏེ། དེ་ལྟར་གླང་པོའི་མཆོག་ས་སྲུང་གི་བུ་ལ་ལྷའི་དབང་པོ་བརྒྱ་བྱིན་སྤྲུལ་པ་བྱེད་དོ། །གླང་པོ་ཆེའི་དབང་པོ་དེ་ཡང་ལུས་ཀུན་ནས་དཔག་ཚད་སྟོང་ཡོད་དོ། །ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་སིལ་སྙན་དང ། རོལ་མོའི་སྒྲ་དང ། གླུ་དང ། ཅ་ཅོ་དང ། ག་ཞའི་སྒྲ་དབྱངས་འབྱིན་པ་རྣམས་ཀྱིས་རྣམ་པར་མཛེས་པ་ན་ཀུན་ནས་རྣམ་པ་དེ་ལྟ་བུ་དང་ལྡན་པའི་གླང་པོ་ཆེ་མཆོག་དཀར་པོ་དེ་ལ་ཞོན་ནོ། །དེ་ནས་དེ་འགྲོ་བ་མངོན་པར་མཐོང་ནས། ལྷ་རྣམས་ཀྱང་ཤིང་རྟ་ཁ་དོག་རྣམ་པ་སྣ་ཚོགས་ལ་ཞོན་ཏེ། མཚོན་ཆ་སྣ་ཚོགས་ནི་ཐོགས། ལུས་ལ་རྒྱན་སྣ་ཚོགས་ནི་བཏགས། དགོད་པ་དང ། རྩེ་བ་དང ། སྒྲ་དི་རི་རི་འདོན་པ་དང ། རབ་ཏུ་དགའ་བའི་ཡིད་རྣམ་པ་དུ་མ་ཕྱིར་ཞིང་ཡིད་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དབུས་ཀྱི་སྟན་ལ་འདུག་སྟེ། བསོད་ནམས་ ཀྱི་སྟོབས་ཆེན་པོ་དང་ནི་ལྡན། ལྷའི་མཆོག་མང་པོས་ནི་ཡོངས་སུ་བསྐོར། གཞན་དང་མི་འདྲ་བར་ནི་བརྗིད། ལྷ་རྣམ་པ་སྣ་ཚོགས་ཀྱིས་ནི་ཡོངས་སུ་བསྐོར་ཏེ། སུམ་ཅུ་རྩ་གསུམ་པའི་བདག་པོ་ཉི་མ་འབུམ་བས་ལྷག་པའི་འོད་ཀྱིས་ནམ་མཁའ་འགེངས་ཤིང ། སིལ་ སྙན་དང ། གླུ་དབྱངས་རྣམ་པ་སྣ་ཚོགས་ཀྱིས་འགེངས་པ་ན། ནམ་མཁའི་དཔག་ཚད་ཉི་ཁྲིར་བཀང་ནས་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ག་ལ་བ་དེར་འཇུག་པར་བྱེད་དོ། །དེ་ནས་དེ་འཇུག་པ་ན། འཇིག་རྟེན་སྐྱོང་བ་རྣམས་བྲེད་སྐད་འབྱིན་ཅིང ། བརྒྱ་བྱིན་གྱི་དྲུང་དུ་ཕྱིན་ནས། འདི་ ལྟར་ལྷའི་དབང་པོ་ལྷ་རྣམས་ཕམ་པར་བྱ་བའི་ཕྱིར་རབ་དགོད་དང ། ཐགས་བཟངས་རིས་དག་མཆི་སྟེ། འདི་ལྟར་རྒྱ་མཚོ་ཐམས་ཅད་རབ་ཏུ་དཀྲུགས། རི་བོར་གཏོགས་པ་སྟོང་རབ་ཏུ་གཡོ་བར་བགྱིད། ལྷ་མ་ཡིན་རྣམས་སྒྲ་འཇེབས་པར་འབྱིན་ཏེ། ཤིན་ཏུ་འཇིགས་ པའི་སྒྲ་ཐོས་སོ། །གང་ཐོས་ནས་རྒྱ་མཚོ་ན་གནས་པ་ཉ་དང་ཀླུ་དག་ཀྱང་མཐུ་ཆུང་བར་གྱུར། སྲིན་པོ་དང་ཤ་ཟ་དག་ཀྱང་གུམ་པར་གྱུར། ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་པ་རབ་འཇོམས་ལ་སོགས་པ་ནི་ཤིན་ཏུ་དགའ་ནས། འབྲུག་སྒྲ་འབྱིན། ཀླུའི་རྒྱལ་པོ་ཆོས་ 69-1-41a དང་ལྡན་པ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ནི་འདི་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་སའི་འོག་ནས་བྱུང་ངོ་སྙམ་ནས། ཡིད་དམན་པར་གྱུར་ཏེ། འབྲུག་སྒྲ་མི་སྒྲོགས། གསེར་གྱི་རི་བོ་དྲུག་ཁྲི་རི་རབ་དང་བཅས་པ་གང་ཡིན་ པ་དེ་དག་ཐམས་ཅད་ཀྱང་གཡོ་བར་བགྱིད། འབྱུང་པོ་ཐམས་ཅད་ཀྱང་སྒྱིད་ལུག་པར་གྱུར་ནས། ཕྲེང་ཐོགས་དང ། རྟག་ཏུ་མྱོས་གནས་དང ། ལག་ན་ཡོལ་གོ་ཐོགས་པ་དང ། པི་བང་ཅན་གསུམ་པ་ཤིན་ཏུ་སྒྱིད་ལུག་པ་རྣམས་ཀྱིས་བདག་ལྷའི་དབང་པོའི་དྲུང་ དུ་མངགས་པ་ལགས་ན། ལྷ་ལན་དུ་བགྱི་བ་གང་ལགས་པ་དེ་བསྒྲུབ་ཏུ་གསོལ། འདི་ལྟར་བདག་ཅག་རྣམས་ཀྱིས་ནི་གནས་གསུམ་དུ་གཏོགས་པའི་ལྷ་མ་ཡིན་གྱི་དབང་པོ་གསུམ་པོ་མེ་ཏོག་ཕྲེང་དང ། སྒྲ་གཅན་དང ། བརྟན་པ་དག་གཡུལ་དུ་ལན་བརྒྱ་ འམ་སྟོང་དུ་ཐུབ་ལགས་སོ། །འཇིག་རྟེན་སྐྱོང་བ་རྣམས་ལས་དེ་སྐད་ཐོས་ནས། ལྷའི་དབང་པོས་དེ་དག་ལ་སྨྲས་པ། འཇིག་རྟེན་སྐྱོང་བ་རྣམས་འདི་དག་ཐམས་ཅད་ཇི་ལྟ་བ་བཞིན་བདག་གིས་རིག་སྟེ། འདི་ལྟར་རབ་དགོད་དང་ཐགས་བཟངས་རིས་དག་ཆས་པའི་ ཕྱིར་བདག་ཀྱང་དེ་དག་ཆད་པས་གཅད་པ་དང ། ལྷ་དེ་རྣམས་ཀྱི་སྐྱབས་དང་དཔུང་བྱ་བའི་ཕྱིར་འདི་ལྟར་བདག་འགྲོ་བར་བྱའོ། །བདག་ནི་ཆོས་ཀྱི་སྐྱབས། ཆོས་ཀྱི་དཔུང་གཉེན། ཆོས་ཀྱི་རྟེན། ཆོས་ཀྱི་རྒྱལ་མཚན། ཆོས་ཚོལ་བ་ཡིན་ཏེ། བདག་ནི་ཆོས་མ་ཡིན་ པ་ལ་མི་དགའ་ལ། ཆོས་མ་ཡིན་པ་ལ་ཡིད་ཀྱང་མི་འཇུག་གོ། །དེ་ལྟར་བདག་ཅག་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་རྣམས་ལ་ནམས་ཀྱང་ཐུབ་པར་མི་འགྱུར་གྱིས། དེ་དག་ལ་མ་འཇིགས་ཤིག་མ་འཇིགས་ཤིག་།བདག་ཀྱང་དཔུང་གི་ཚོགས་རབ་ཏུ་མང་པོས་ལྷ་མ་ཡིན་ག་ ལ་བ་དེར་འགྲོ་བར་བྱ་ཡིས། དེ་དག་ལ་འཇིགས་པར་མ་བྱེད་ཅིག་།འཛམ་བུའི་གླིང་ན་ད་དུང་དུ་མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་དང ། བྲམ་ཟེར་འཛིན་པ་དང ། བྱས་པ་གཟོ་བ་དང ། ཆོས་དང་ལྡན་ཞིང་ཆོས་སྐྱོང་བ་དང ། དམ་པའི་ 69-1-41b ཆོས་ལ་དགའ་བ་དང ། དམ་པའི་ཆོས་དང་དགེ་འདུན་ལ་གུས་པ་དང ། ལས་དང་འབྲས་བུའི་དེ་ཉིད་རིག་པ་དང ། གསོ་སྦྱོང་ལ་ཉེ་བར་གནས་པ་དང ། སྦྱིན་པ་དག་སྦྱིན་པར་བྱེད། བསོད་ནམས་བྱེད་པའི་རང་བཞིན་ཅན་དག་རྗེས་སུ་སྐྱོང་བར་བྱེད། ཡེ་ཤེས་ལ་གོམས་པར་ བྱེད། དེ་ལ་ཡིད་ཞུགས་པར་བྱེད་པ་དག་ཡོད་ལ། བདག་གིས་ཀྱང་ཆོས་དང་འཐུན་པའི་ཆོས་ཀྱི་རང་བཞིན་ཅན་བསྒྲུབས་ཏེ། དེ་དག་དང་བདག་ཅག་ཉུང་གིས་ཀྱང་ལྷ་མ་ཡིན་དུ་གཏོགས་པ་རྣམས་ཀྱིས་འཇིགས་པ་མེད་དོ། །དེ་སྐད་སྨྲས་ནས་ལྷའི་དབང་པོ་བཻ་ཌཱུརྱའི་རི་ག་ལ་བ་ དང ། རྒྱལ་ཆེན་བཞིའི་ལྷ་རྣམས་ག་ལ་བ་དེར་སོང་སྟེ། དེ་དག་མངོན་པར་མཐོང་ནས་ལྷའི་དབང་པོས་སྨྲས་པ། འཇིག་རྟེན་སྐྱོང་བ་དག་རྒྱལ་ཆེན་བཞིའི་ལྷ་འདི་དག་འཁོད་པ་ནི་ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་འཁོད་པ་ཡིན་ནོ། །ལྷའི་དབང་པོས་དེ་སྐད་སྨྲས་པ་དང ། འཇིག་རྟེན་སྐྱོང་བ་དག་གིས་སླར་སྨྲས་པ། འདི་ལྟར་རྒྱལ་ཆེན་བཞིའི་ལྷ་འདི་དག་ནི་བརྒྱ་བྱིན་ཁྱོད་ལ་རྟེན། ཁྱོད་ལ་སྐྱབས་ཚོལ། ཁྱོད་ལ་གནས་པ་ཁོ་ན་ལགས་ཏེ། ལྷ་མ་ཡིན་གྱི་དབང་པོ་ཚོགས་དང་བཅས་པ་ཡང་རྩིས་ལ་མ་ཆགས་པར་བགྱིད་དོ། །དེ་སྐད་སྨྲས་པ་ན་སུམ་ཅུ་རྩ་ གསུམ་པའི་ལྷ་རྣམས་བརྒྱ་བྱིན་ལ། ལྷའི་དབང་པོ་བརྒྱ་བྱིན་སྔོན་དུ་འདྲེན་པ་དང་བཅས་པར་རྒྱལ་བར་སྤྱོན་ཅིག་ཅེས་གསོང་པོར་སྨྲ་ཞིང་སྟོད་པར་བྱེད་དོ། །དེ་ལྷའི་ཚོགས་ཀྱིས་བསྟོད་ཅིང་རྒྱལ་ཆེན་བཞིའི་ལྷ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷའི་དབང་པོ་འཁོར་དང་ བཅས་པ་ཤིང་རྟ་འབུམ་ཕྲག་དུ་མ་དང་ལྷའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། གླང་པོ་ཆེ་ས་སྲུང་གི་བུ་ལ་ནི་སྔ་མ་བཞིན་ཞོན། རིན་པོ་ཆེ་སྣ་བདུན་གྱིས་ནི་མཛེས་པར་བྱས། ནམ་མཁའ་ལྟར་རྟག་ཏུ་ལུས་འོད་ཀྱིས་ནི་གསལ་བར་བྱས། ཕྱོགས་བཅུར་རོལ་མོའི་སྒྲ་དང ། སིལ་སྙན་གྱི་སྒྲ་དུ་མས་ནི་བཀང ། ལྷ་ཡིད་རབ་ཏུ་དགའ་བ་འབུམ་ཕྲག་དུ་མས་ནི་ཡོངས་སུ་བསྐོར། རི་རབ་ཐམས་ཅད་ལ་གནས་པའི་དྲི་ཟ་རྣམས་ཀྱིས་ནི་མཛེས་པར་བྱས། ལྷ་དང་དྲང་སྲོང་གི་ཚོགས་རྣམས་ཀྱིས་ནི་མངོན་པར་བསྟོད་དེ། བདེ་བ་དཔེ་མེད་པ་ 69-1-42a ཉམས་སུ་མྱོང་ཞིང་ལས་ཀྱི་འབྲས་བུ་ཤིན་ཏུ་ལེགས་པ་ལ་སྤྱོད་པ་འོང་བ་དག་མཐོང་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་ཡིད་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་དེ་དག་མངོན་པར་མཐོང་ནས་སྨྲས་པ། འདི་ལྟར་ང་ནི་ལྷ་མ་ཡིན་ཕམ་པར་བྱ་བའི་ཕྱིར་ང་དཔུང་ ཆེན་པོ་དང་ལྷགས་པ་ཡིན་གྱིས་མ་འཇིགས་ཤིག་མ་འཇིགས་ཤིག་།དེ་ཐོས་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་ཡིད་རབ་ཏུ་དགའ་སྟེ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་འབའ་ཞིག་གིས་ཀྱང་ཕམ་པར་བགྱི་བའི་སླད་དུ་མཆིས་པ་ ལགས་ན། ལྷའི་དབང་པོ་དང་བཅས་པས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། ཁྱོད་ཀྱི་དཔུང་གིས་བདག་ཅག་བསྐྱབས་པས་ན། ལྷ་མ་ཡིན་དུ་གཏོགས་པའི་འཇིགས་པ་ཆུང་ཟད་ཀྱང་མ་མཆིས་སོ། །དེ་སྐད་སྨྲས་ནས་ལྷ་མ་ཡིན་ལྟ་བ་ཁོ་ནར་འདོད་པ་དེ་ལ་མངོན་དུ་ཕྱོགས་ པ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དེ་ག་ལ་བ་དེར་ཡོངས་སུ་བསྐོར་ཏེ། འཁོད་པ་རྣམས་འདི་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་དེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང ། བརྟན་པ་དང ། མེ་ཏོག་ཕྲེང་དང ། ལྷན་ཅིག་དུས་ཇི་སྲིད་ཅིག་ན་འོང་བར་འགྱུར་ སྙམ་མོ། །དེ་ལྟར་ལྕགས་ཀྱི་ཡ་ལད་མི་ཕྱེད་པ་བགོས་པ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། ལྷ་མ་ཡིན་ཕམ་པར་བྱ་བའི་ཕྱིར་གཡུལ་དུ་ཆས་པ། ཡིད་གཅིག་ཏུ་གྱུར་པ་དག་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཤིང་རྟ་ལ་ཞོན་པ་རྣམས་འཁོད་ དོ། །དེ་ལྟར་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་ཀླུ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་གཡུལ་འགྱེད་པར་ཤིན་ཏུ་ཆས་པ། བརྒྱ་བྱིན་ལ་ལྟ་ཞིང་བཀའ་གུས་པར་ནོད་པ་དག་།བརྒྱ་བྱིན་གྱིས་བཀའ་ཅི་ཞིག་སྩོལ་བར་འགྱུར་སྙམ་ཞིང་འཁོད་དེ། དེ་ལྟར་སའི་འོག་མཐའ་དག་ཀུན་ལ་མངོན་པར་རྟོག་པར་འདོད་པ་རྣམས་ལ་ཇི་ལྟར་ལྷ་མ་ཡིན་གྱི་དབང་པོ་བཞི་ལྷ་མ་ཡིན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ། ལག་ན་མཚོན་ཆ་དང ། ལག་ཆ་སྣ་ཚོགས་བྱེ་བ་ཕྲག་དུ་མ་ཐོགས་པ་ལག་པར་ཤིན་ཏུ་བསྡུས་ 69-1-42b པ། ལག་པའི་སོར་མོས་འཛིན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་རྣམ་པ་དུ་མས་ཆ་བར་བྱེད་དོ། །དེ་དག་གི་ཕྱི་བཞིན་དུ་ཡང་འབུམ་ཕྲག་བྱེ་བ་དུ་མ་དག་གིས་ཡོངས་སུ་བསྐོར་ཅིང ། རི་རབ་ཐམས་ཅད་མཐུ་ཆེན་པོས་སྒུལ་བར་བྱེད་པ། ལྷ་མ་ཡིན་དེ་དག་ཐམས་ཅད་དང་བཅས་ པ། དཔུང་དང་བརྩོན་འགྲུས་ལྷག་པར་ཆེ་བ། མཚོན་ཆ་དཔག་ཏུ་མེད་པ་ལ་མཁས་པ།རི་རབ་གཉིས་ལྟ་བུར་ཆ་བ་ན། ཀླུའི་རྒྱལ་པོ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་རབ་འཇོམས་ལ་སོགས་པས་སའི་འོག་གི་བདག་པོ་ཐགས་བཟངས་རིས་དང ། རབ་དགོད་ ཡོངས་སུ་བསྐོར་ཏོ། །དེ་ནས་དེ་ལྟར་ལྷ་དང་ལྷ་མ་ཡིན་འཁོད་པ་དག་ལྷ་རྣམས་ཀྱིས་ནི་ནམ་མཁའ་བཀང་ནས་འཁོད། ལྷ་མ་ཡིན་རྣམས་ཀྱིས་ཀྱང་རྒྱ་མཚོ་ཁེབས་པར་འཁོད་དེ། ངོ་མཚར་གྱི་ཡིད་ཀྱིས་ཕན་ཚུན་འཐབ་པ་ལ་ཤིན་ཏུ་མོས་པ། ཕན་ཚུན་དུ་འཐབ་པར་འདོད་ པ་ན། དེ་ལྟར་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་དང་ལྷན་ཅིག་འཁོད་པ་རྣམས་འདི་ལྟར་ལྷའི་དབང་པོས་བདག་ཅག་གི་མདུན་ན་ལྷ་མ་ཡིན་དེ་ལྟར་འཁོད་པ་འདི་དག་ལ། ལྷ་མ་ཡིན་དང་བདག་ཅག་འཐབ་མོ་གྱིས་ ཤིག་ཅེས་ཇི་སྟེ་བཀའ་མི་སྩོལ་ཞེས་བརྗོད་དོ། །དེ་ནས་ལྷའི་དབང་པོས་དེ་དག་ལ་འདི་སྐད་སྨྲས་སོ། །འདི་ལྟར་འཇིག་རྟེན་སྐྱོང་བ་དག་འཛམ་བུའི་གླིང་དུ་རིངས་པར་མངག་པར་བྱ་སྟེ། ཀྱེ་འཛམ་བུའི་གླིང་ན་མར་འཛིན་པ། ཕར་འཛིན་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་ པའི་མི་དག་ཅི་ཡོད་དམ་མེད། དེ་ལྟར་བརྟགས་ནས་ལྷ་མ་ཡིན་རྣམས་ཕམ་པར་བྱའོ། །ལྷ་དག་ནི་ཆོས་སྐྱོབ་པ་ཡིན། ཆོས་ཀྱི་གནས་ཡིན་ཏེ། ཆོས་འཕེལ་བ་ན་ལྷ་རྣམས་འཕེལ་བར་འགྱུར་ལ། ཆོས་འགྲིབ་པ་ན་ལྷ་རྣམས་འགྲིབ་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་སྐྱོང་བ་དག་མི་ཡུལ་ འཛམ་བུའི་གླིང་དུ་བདག་གིས་མངག་པར་བྱའོ། །དེ་སྐད་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་འཇིག་རྟེན་སྐྱོང་བ་རྣམས་ལ་བསྒོ་བ། ཁྱེད་འཛམ་བུའི་གླིང་དུ་མྱུར་དུ་དེང་ལ། འདི་ལྟར་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། མར་འཛིན་པ། ཕར་འཛིན་པ། 69-1-43a རིགས་ཀྱི་གཙོ་བོའི་རྗེས་སུ་འཇུག་པ། གསོ་སྦྱོང་ལ་ཉེ་བར་གནས་པ། སྦྱིན་པ་གཏོང་བ། ཚུལ་ཁྲིམས་སྲུང་བ། བག་ཡོད་པ་རྣམས་བག་ཡོད་པར་གནས་པ། རང་གི་ཆོས་ཀྱི་རྗེས་སུ་འཇུག་པ་དག་ལ་སོ་སོར་རྟོགས་ཤིག་།དེ་སྐད་བསྒོ་བ་དང ། འཇིག་རྟེན་ སྐྱོང་བ་བཞི་མདའ་འཕངས་པ་ལྟར་ཤིན་ཏུ་མགྱོགས་པར་འཛམ་བུའི་གླིང་དུ་དོང་ངོ ། །དོང་ནས་གནས་ནས་གནས། གྲོང་ནས་གྲོང ། གྲོང་ཁྱེར་ནས་གྲོང་ཁྱེར། གྲོང་རྡལ་ནས་གྲོང་རྡལ། བཞི་མདོ་ནས་བཞི་མདོ། ཡུལ་ནས་ཡུལ། ལྗོངས་ནས་ལྗོངས། ཐམས་ཅད་དུ་སོ་སོར་ རྟོག་པར་བྱེད་དེ། ཀྱེ་འདི་དག་ན་མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ་དག་སུ་ཡོད། རིགས་ཀྱི་རྒན་རབས་རྗེས་སུ་སྐྱོང་བ་དག་སུ་ཡོད་ཅེས་དེ་ལྟར་འཛམ་བུའི་གླིང་འདི་མ་ལུས་པར་སོ་སོར་རྟོག་པར་བྱེད་དོ། །དེ་དག་གིས་འཛམ་བུའི་གླིང་ ན་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི། མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་རྗེས་སུ་སྐྱོང་སྟེ། འཛམ་བུའི་གླིང་གི་མི་རྣམས་ཆོས་ཐམས་ཅད་དང་ལྡན་པར་མཐོང་ངོ ། །དེ་དག་གིས་དེ་ལྟར་རིག་ ནས་ཡིད་དགའ་སྟེ། མདའ་འཕངས་པ་ལྟར་ཤིན་ཏུ་མགྱོགས་པར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་འོངས་ནས་ཡིད་ཤིན་ཏུ་དགའ་བ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དགྱེས་པར་མཛད་དུ་གསོལ། འཛམ་ བུའི་གླིང་ན་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་མི་མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་རྗེས་སུ་སྐྱོང་བ། སྦྱིན་པ་གཏོང་བ། བསོད་ནམས་བགྱིད་པ་དག་མཆིས་ཏེ། ལྷའི་ཕྱོགས་ནི་རབ་ཏུ་འཕེལ་བར་ བགྱིད་ལ། ལྷ་མ་ཡིན་གྱི་ཕྱོགས་ནི་ཡོངས་སུ་འགྲིབ་པར་བགྱིད་ལགས་སོ། །དེ་སྐད་སྨྲས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ཡིད་རབ་ཏུ་དགའ་ནས། འཇིག་རྟེན་སྐྱོང་བ་དག་ལ་སྨྲས་པ། འདི་ལྟར་འཛམ་བུའི་གླིང་ན་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་དག་ཡོད་ 69-1-43b པས་ན། བདག་ཅག་གིས་ལྷ་མ་ཡིན་གྱི་ཕྱོགས་ཕམ་པར་བྱ་ཡིས་ལྷ་ཁྱོད་ཀུན་ཡིད་དགའ་བར་གྱིས་ཤིག་།དེ་སྐད་ཐོས་ནས་ལྷ་རྣམས་ཡིད་རབ་ཏུ་དགའ་བ་སྐྱེས་ཏེ། ཡིད་དགའ་བ་བཅུ་འགྱུར་དུ་སྐྱེས་པའི་སྟོབས་ཀྱིས་བརྒྱ་བྱིན་ལ་སྨྲས་པ། ལྷའི་དབང་པོ་ཅི་ལ་གཞེས་ཅི་ལ་གཞེས་དགྲ་ལས་རྒྱལ་བར་སྤྱོན་ཅིག་།ཁྱོད་ཀྱི་བཀའ་དྲིན་ལ་བདག་ཅག་གིས་ལྷ་མ་ཡིན་རྣམས་ཕམ་པར་བགྱིའོ། །དེ་སྐད་སྨྲས་པ་དང ། ལྷའི་དབང་པོས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། འཇོག་པོ་ལ་སོགས་པ་ལ་འདི་སྐད་སྨྲས་སོ། །ཆོས་དང་མི་ལྡན་པ་ཀླུ་རབ་ འཇོམས་ལ་སོགས་པ་དང ། ལྷ་མ་ཡིན་ཐགས་བཟངས་རིས་དང ། རབ་དགོད་ལ་སོགས་པ་ཐམས་ཅད་གཞོམ་པའི་ཕྱིར་ཁྱེད་རྒྱུགས་ཤིག་རྒྱུགས་ཤིག་།དེ་སྐད་སྨྲས་པ་དང ། ཀླུའི་བདག་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུའི་བདག་པོ་ཆོས་དང་མི་ ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་ལྷ་མ་ཡིན་གྱི་ཕྱོགས་སུ་གནས་པ་རབ་འཇོམས་ལ་སོགས་པ་ག་ལ་བ་དེ་དག་གི་དྲུང་དུ་ཁྲོས་པའི་ཤུགས་ཀྱིས་མེ་ཆར་ལྟར་འབེབས་ཤིང་རྒྱུག་གོ། །དེ་ནས་རབ་འཇོམས་ཡང་ཐགས་བཟངས་རིས་དང་རབ་དགོད་ཀྱིས་བསྒོ་བ་དང ། དེ་དག་འོང་བ་ མངོན་པར་མཐོང་ནས་གློག་ཆར་ལྟར་མངོན་པར་འབེབས་སོ། །དེ་རབ་ཏུ་འབར་བ་དེ་དག་ཐམས་ཅད་ཚ་བའི་སྡུག་བསྔལ་མངོན་པར་མྱོང་ཞིང་དེ་ནས་ཡང་ཕམ་པ་དག་ལྷ་མ་ཡིན་གྱི་དཔུང་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དཔུང་དང་མཐུ་ཉམས་པ་དེ་ལྷ་མ་ཡིན་གྱི་ནང་དུ་སོང་ནས་འདི་ སྐད་སྨྲས་སོ། །ཉམས་པ་བདག་ཅག་གིས་རྒྱལ་བར་དཀའ་སྟེ། བདག་ཅག་འདུས་ན་ནི་བསྒྲིམ་མི་དགོས་པར་ལྷ་རྣམས་ལས་རྒྱལ་བར་ནུས་སོ། །དེ་སྐད་སྨྲས་ནས། དེ་ནས་ཡང་ཀླུའི་རྒྱལ་པོ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ག་ལ་བ་དེར་དོང་བ་དང ། དེ་དག་ འོང་བ་འཇོག་པོ་དང ། ནོར་རྒྱས་ཀྱི་བུ་དེས་མཐོང་ནས་སྨྲས་པ། འདི་ལྟར་རབ་འཇོམས་བདག་ཅག་གི་དྲུང་དུ་འོང་བ་ཆད་པ་དྲག་པོས་གཅད་པར་བྱའོ། །གཞན་དུ་ན་དེ་ཡང་དང་ཡང་དུ་བདག་ཅག་ལ་འཚེ་བར་བྱེད་དོ། །དེ་སྐད་སྨྲས་ནས། ཀླུའི་རྒྱལ་པོ་རབ་འཇོམས་ལ་སོགས་ 69-1-44a པ་ག་ལ་བ་དེར་བརྒྱུགས་ནས། འཇོག་པོ་དེས་རབ་འཇོམས་དེ་བཟུང་ནས་སྟེང་དུ་མེའི་ཆར་ཕབ་བོ། །དེ་མེའི་ཆར་དེས་རི་དང་བཅས་པ་རབ་ཏུ་སྲེག་པ་ན། སྲོག་འདོད་པ་ལྷ་མ་ཡིན་གྱི་ཕྱོགས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ལྟར་དེ་འོངས་པ་མངོན་པར་ མཐོང་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་ལ་སྨྲས་པ། འདི་ལྟར་ཀླུ་ཕམ་པ་དེ་དག་ལ་ཁྱེད་ཀྱི་ཡིད་དྲང་པོར་ལྟོས་ཤིག་།དེ་སྐད་སྨྲས་ནས། བདག་དང་བཅས་པའི་དཔུང་དེས་བརྒྱུགས་སོ། །དེ་འོང་བ་མཐོང་ནས་ལྷ་ལག་ན་ཡོལ་ གོ་ཐོགས་པ་རྣམས་ཀྱིས་ཀྱང་བརྒྱུགས་ཏེ། དེ་ལྟར་དེ་དག་ཕན་ཚུན་འོང་བ་ན། རྒྱ་མཚོའི་དབུས་སུ་ལྷ་དང་ལྷ་མ་ཡིན་རིའི་རྩེ་མོ་མི་བཟད་པ་འཕེན་པ། ཤིན་ཏུ་འཇིགས་སུ་རུང་བ། ཤིན་ཏུ་བཟོད་པར་དཀའ་བའི་གཡུལ་བཀྱེའོ། །ལྷ་དང་ལྷ་མ་ཡིན་རྣམ་པར་འཁྲུགས་ པ་དེས་ལྷ་མ་ཡིན་རྒྱ་མཚོ་ན་རྒྱུ་བ་འབུམ་ཕྲག་དུ་མ་དག་ལས་ཁ་ཅིག་ནི་འོན་པར་གྱུར། ཁ་ཅིག་ནི་སྲོག་དང་བྲལ་ལོ། །ལྷ་དང་ལྷ་མ་ཡིན་དེ་དག་རྣམ་པར་འཁྲུགས་པས། མཚོན་ཆ་འབུམ་ཕྲག་ཉམ་ང་བ་ཆར་ལྟར་བབ་པའི་གཡུལ་བཀྱེའོ། །དེ་ནས་ཁྱད་པར་ ནི་འདི་ཡོད་དེ། ལྷ་གང་གི་རྐང་པ་བཅད་ན་སླར་ནད་མེད་པར་སྐྱེ་བར་འགྱུར། ལག་པ་བཅད་ན་ཡང་ནད་མེད་པར་སྐྱེ་བར་འགྱུར། དེ་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཅིང་གཏུབས་ཀྱང་སྐྱེ་བར་འགྱུར་ཏེ། ནད་མེད་པ་དང ། གནོད་པ་མེད་པ་དང ། མདོག་ ཉམས་པར་མི་འགྱུར་ལ། དེའི་ཚེ་སྐྱེ་ཞིང་འབྱུང་བར་འགྱུར་རོ། །མགོ་བཅད་པ་ནི་མ་གཏོགས་ཏེ། ལྷ་རྣམས་ཀྱི་དགྲ་ཡང་ཞི་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱང་ཇི་ལྟར་མི་རྣམས་ལ་མཚོན་ཆས་བཏབ་ན་གནོད་པ་དེ་ལྟར་ལྷ་མ་ཡིན་རྣམས་ལ་ཡང་དེ་བཞིན་དུ་འབྱུང་སྟེ། ལྷ་དང་ལྷ་མ་ཡིན་དག་ནང་གི་ཁྱད་པར་ནི་དེ་ལྟ་བུ་ཡིན་ཏེ། དེ་ལྟར་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་དང ། ལྷ་མ་ཡིན་སྒྲ་གཅན་གྱི་སར་གཏོགས་པ་རྣམས་ཀྱི་ཁྱད་པར་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱིས་རི་རྩེ་མོ་ཅན་དུ་མ་བླངས་ནས་ 69-1-44b ལྷ་མ་ཡིན་ག་ལ་བ་དེར་བརྒྱུགས་ཏེ། རི་ཆར་ལྟར་འབེབས་པ་དེས་ལྷ་མ་ཡིན་དེ་དག་གི་དཔུང་བརྒྱའམ། སྟོང་དུ་བཅོམ་མོ། །དེ་བཅོམ་པ་མངོན་པར་མཐོང་ནས། སྒྲ་གཅན་གྱིས་རི་དཔག་ཚད་གསུམ་པ་བླངས་ནས་བརྒྱུགས་སོ། །ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ ཀྱིས་དེ་ལྟར་འོང་བ་མངོན་པར་མཐོང་ནས། མཚོན་ཆ་དང་ལག་ཆ་ཐོགས་ཏེ། ལྷ་མ་ཡིན་ག་ལ་བ་དེར་བརྒྱུགས་སོ། །རི་དེ་མཚོན་ཆ་ཆར་ལྟར་ཕབ་པ་དེས་ཇི་ལྟར་བྱེ་མ་བཞིན་དེ་ལྟར་ཞིབ་མོར་བརླགས་ནས་རྒྱ་མཚོའི་ནང་དུ་གཏོར་ཏོ། །དེ་འོང་བ་མངོན་པར་མཐོང་ནས་དུད་ འགྲོའི་ངོ་བོ་སེམས་ཅན་གྱི་ཐ་མ་སྒྲ་གཅན་དེ་ཡོངས་སུ་ཡི་ཆད་དོ། །མཚོན་ཆ་ཆར་ལྟར་འབབ་པ་ན་ལྷ་མ་ཡིན་གྱི་དཔུང་ག་ལ་བ་དེར་བརྒྱུགས་སོ། །ལྷ་མ་ཡིན་གྱི་དབང་པོ་བརྟན་པས་དེ་འོང་བ་མངོན་པར་མཐོང་ནས། རང་གི་འཁོར་རྣམས་ལ་སྨྲས་པ། རི་རབ་གཉིས་ཀྱི་ ཚད་ལྟར་འདུག་པ་ཆས་པ་འདི་གཅིག་པུས་ལྷ་འདི་དག་ཐམས་ཅད་ཆད་པས་གཅད་པར་ནུས་སུ་གཤའ་གཤའ་ལྟ་ཞིག་ན། འདི་ལྟར་བོང་ཚོད་འབའ་ཞིག་ཆེར་ཟད་དེ་མཐུ་ཆུང་ནས་ལྷ་རྣམས་ཀྱིས་བསྔགས་པ་དང ། མགོན་འདོད་པ། སྐྱབས་འདོད་པ། དཔུང་གཉེན་ འདོད་པ། ལྷ་མ་ཡིན་ག་ལ་བ་དེར་རྒྱུག་པར་བྱེད་པ། ལྷ་མ་ཡིན་ཕལ་པ་དང་མཚུངས་པ་འདི་ནི་མཐུ་དམན་པ་ཡིན་ལ་སྨད་པ་ཉིད་ཡིན་ནོ། །འདིའི་མདུན་ན་འཐབ་པར་གནས་པ་ལྷ་ལག་ན་ཡོལ་གོ་ཐོགས་པ་གང་ཡིན་པ་འདི་དག་ནི་སྙིང་སྟོབས་ཆེ་བ་ཡིན་ནོ། །དེ་ སྐད་སྨྲས་ནས། ལྷ་མ་ཡིན་གྱི་དབང་པོ་བརྟན་པ་རང་གི་འཁོར་དང་ཡང་ལྷན་ཅིག་ལྷ་མ་ཡིན་མཆོག་ཏུ་རྒྱ་ཆེ་བ་མགུལ་ཕྲེང་དང་ཡང་ལྷན་ཅིག་ཏུ་གཡུལ་འགྱེད་པའི་ཕྱིར་ལྷ་ལག་ན་ཡོལ་གོ་ཐོགས་པ་ག་ལ་བ་དེར་རྒྱུག་པར་བྱེད་དོ། །ལྷ་རྣམས་ཀྱིས་བརྟན་པ་དང་དེ་དག་ལྷན་ ཅིག་འོང་བ་མཐོང་ནས་ལྷ་ཕྲེང་ཐོགས་རྣམས་ལ་སྨྲས་སོ། །འདི་ལྟར་བརྟན་པ་བདག་ཉིད་ཐམས་ཅད་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་དྲུང་དུ་རྒྱུག་གིས་ལྷ་རྣམས་ཀྱང་རྒྱུགས་ཤིག་རྒྱུགས་ཤིག་།དེ་སྐད་སྨྲས་ནས་དེ་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། 69-1-45a བརྟན་པ་ག་ལ་བ་དེར་དོང་ངོ ། །དེ་ནས་ཡང་སྒྲ་གཅན་དེ་བརྟན་པས་ཕྱིར་བཟློག་སྟེ། ཁོང་བརྟ་བརྟ་ནས་དེ་ནས་ཡང་ཕན་ཚུན་འདུས་ཏེ། ལུས་ཀྱི་མཐུ་དང་དཔུང་ཚོལ་བར་འདོད་པ་འདུས་པ་དག་ལྷ་ག་ལ་བ་དེར་ཕྱིར་ལོག་པ་དང ། ལྷ་ལག་ན་ཡོལ་གོ་ ཐོགས་པ་དང ། ལྷ་མ་ཡིན་སྒྲ་གཅན་གྱི་སར་གཏོགས་པ་མགུལ་ཕྲེང་དེ་དག་དང་ཕན་ཚུན་དགྲར་གྱུར་པ། ཕན་ཚུན་མི་བཟོད་པ། སོ་སོའི་དཔུང་ཆེན་པོའི་གཡུལ་འགྱེད་དེ། རིའི་རྩེ་མོ་རྣམས་དང ། བྲག་གི་རྩེ་མོ་རྣམས་དང ། མདའ་ཆར་ལྟར་འབབ་པ་རྣམས་དང ། མཚོན་ཆར་ལྟར་ འབབ་པ་རྣམས་དང ། ཤིང་ལྗོན་པ་ཆར་ལྟར་འབབ་པ་རྣམས་ཀྱིས་རྟག་ཏུ་ནམ་མཁའ་ཕན་ཚུན་མུན་པ་ཐིབས་པོ་ལྟར་གསལ་བར་མི་མངོན་ཏེ་བར་ཆད་བྱེད་པ་བྱེ་བ་འབུམ་ཕྲག་དུ་མའི་གཡུལ་དཔེ་མེད་པ་འགྱེད་དོ། །དེ་ལྟར་ལྷ་རྣམས་ཀྱི་ཡན་ལག་དང་ཉིང་ལག་བཅད་ཅིང་ གཏུབས་པ་དག་ནི་དེ་ནས་ཡང་སྔ་མ་བཞིན་སླར་སྐྱེའོ། །ལྷ་མ་ཡིན་རྣམས་ཀྱི་ཡན་ལག་དང་ཉིང་ལག་དུ་མ་བཅད་པ་དག་ནི་ནད་དང་བཅས་པར་འགྱུར་ལ། སྐྱེ་བར་ཡང་མི་འགྱུར་རོ། །མགོ་བཅད་པ་རྣམས་ཀྱང་མི་དང་འདྲ་བར་མི་སྐྱེའོ། །ལྷ་རྣམས་ཀྱང་མགོ་བཅད་ པ་དང ། རྐེད་པ་བཅད་པ་ཡང་འཆི་བར་འགྱུར་རོ། །དེ་ལྟར་ལྷ་མ་ཡིན་ཇི་ལྟ་བ་དེ་ལྟར་ལྷ་རྣམས་ཟད་པར་མི་འགྱུར་རོ། །དེ་ནས་ལྷ་དང་ལྷ་མ་ཡིན་རྣམ་པར་ཉམས་པ་ན་ལྷ་མ་ཡིན་རྣམས་ཤིན་ཏུ་ཟད་པ་དེ་ལྟར་ལྷ་རྣམས་ནི་མ་ཡིན་ནོ། །དེ་ནས་ལྷག་མ་ཕྱེད་ཙམ་ལུས་ པ་ལྷ་རྣམས་ཀྱིས་བཅོམ་པ། སྐྱབས་འདོད་པ། དཔུང་གཉེན་འདོད་པ་དག་སའི་འོག་གི་སྒོ་ག་ལ་བ་དེར་རྒྱུག་པར་བྱེད་དེ། སྒྲ་ཧ་ཧ་འབྱིན་པའི་ལྷ་རྣམས་ཀྱིས་ཉེ་བར་བཅོམ་པ། བརྩོན་འགྲུས་ཆུང་བ། སྐྱབས་ཞན་པ། སྲོག་དམན་པ་དག་ལྷ་མ་ཡིན་གྱི་དབང་ པོ་བརྟན་པ་དང་ཡང་ལྷན་ཅིག་སྒྲ་གཅན་དང་ཡང་ལྷན་ཅིག་ཏུ་བྲོས་སོ། །ལྷ་མ་ཡིན་གྱི་དབང་པོ་དེ་གཉིས་མཐུ་ཉམས་ཤིང་གནས་ཉམས་པ་དག་མེ་ཏོག་ཕྲེང་གིས་མཐོང་ནས་ལྷ་མ་ཡིན་གྱི་དབང་པོ་གསུམ་པ་ལ་སྨྲས་པ། འདི་ལྟར་བདག་ཅག་གི་ལྷ་མ་ཡིན་ག་ 69-1-45b ལ་བ་དེར་འདོང་གིས་རྒྱུགས་ཤིག་།བརྩོན་འགྲུས་ཆུང་བའི་ལྷ་རྣམས་བདག་ཅག་གི་དཔུང་དང ། བརྩོན་འགྲུས་དང་འཐུན་པས་ཕམ་པར་བྱའོ། །དེས་དེ་སྐད་སྨྲས་པ་དང ། དེ་ནས་མེ་ཏོག་ཕྲེང་ལྷ་རྣམས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་དེ་དག་འོང་བ་མཐོང་ ནས་དཔུང་ཆེན་པོས་དེ་ནས་ཡང་བཅོམ་པའི་ལྷག་མ་ཕན་ཚུན་གྱི་བརྩོན་འགྲུས་དང ། ཕན་ཚུན་གྱི་དཔུང་གིས་འདུས་པ་བདག་ཉིད་དང་འཁོར་མང་པོ་དང་བཅས་པ་ཕྱིར་ལོག་སྟེ་ཕན་ཚུན་འདི་སྐད་སྨྲའོ། །འདི་ལྟར་ལྷ་མ་ཡིན་ཞེས་མིང་དུ་བཏགས་པ་འདི་ཅི་འབྲོས་པ་ཁོ་ ནར་གྱུར་ཏམ། བརྩོན་པ་ལ་མི་གནས་སམ། མཚོན་ཆ་ལ་མི་རྟེན་པ་ལྟ་ཞིག་སྟེ། རང་གི་གནས་སུ་ཡོངས་སུ་ཉམས་པར་འགྱུར་ལ། ཆུང་མ་དེ་དག་གི་ནང་དུ་ཡོངས་སུ་ཉམས་པར་འགྱུར་རོ། །དེ་སྐད་སྨྲས་ནས། དེ་ནས་ཡང་དཔུང་དང་མཐུ་རྒྱས་པ་མཚོན་ཆ་སྣ་ ཚོགས་ཐོགས་པ་དག་ལྷ་ག་ལ་བ་དེར་རྒྱུག་པར་བྱེད་དེ། རིའི་རྩེ་མོ་འཚེར་བ་ལྟ་བུ་དང་རླུང་གི་ཤུགས་ལྟར་མངོན་པར་མགྱོགས་པ་དེ་དག་གཡུལ་འགྱེད་པའི་ཕྱིར་ཡང་ལོག་གོ། །དེ་ནས་ལྷ་ཀུན་དུ་རྒྱུ་བ་དང ། ལྷ་ཕྲེང་ཐོགས་དང ། ལྷ་རྟག་ཏུ་མྱོས་གནས་དང ། ལྷ་ ལག་ན་ཡོལ་གོ་ཐོགས་པ་ཐམས་ཅད་ཕན་ཚུན་དུ་འདི་ལྟར་ཀྱེ་མ་ལྷ་མ་ཡིན་འདུས་པ་འདི་དག་ཐམས་ཅད་ནི་བློ་གྲོས་མི་བརྟན་པ་ཡིན་ཏེ། ཀྱེ་མ་ལྷ་མ་ཡིན་རྣམས་གང་གིས་བདག་ཉིད་དང ། བདག་ཅག་གི་དཔུང་གི་ཁྱད་པར་ཁོང་དུ་ཆུད་ཀྱང་དེ་དག་རྒྱུག་པར་བྱེད་དོ་ཞེས་བརྗོད་དོ། ། དེ་དག་གིས་དེ་སྐད་སྨྲས་ནས། ལྷ་རྣམས་ཀྱང་ལྷ་མ་ཡིན་དག་ག་ལ་བ་དེར་རྒྱུག་པར་བྱེད་དོ། །ཕན་ཚུན་རྒྱལ་བ་བརྟོད་པ་ན་ལྷ་དང་ལྷ་མ་ཡིན་དེ་དག་གཞན་དང་མི་འདྲ་བའི་གཡུལ་བཀྱེ་སྟེ། ཕན་ཚུན་རི་བོ་ཆར་ལྟར་འབེབས་པ་དང ། མེ་ཆར་ལྟར་འབེབས་པ་དང ། རྡོ་ཆར་ ལྟར་འབེབས་པ་དང ། མཚོན་ཆ་ཆར་ལྟར་འབེབས་པ་དང ། དཔུང་གི་ཚོགས་རྣམ་པར་འཇོམས་པས་མངོན་པར་བཅོམ་མོ། །དེ་དག་མཚོན་ཆ་དུ་མ་དང ། རྣམ་པར་འཇོམས་པ་དུ་མ་དང ། ཉམ་ང་བ་དུ་མ་དང ། དེ་ལྟར་སྲོག་གཅོད་པ་དུ་མ་དག་གིས་གཡུལ་དཔེ་ 69-1-46a མེད་པ་བཀྱེ་སྟེ། དེ་དག་རྒྱ་མཚོ་ཀུན་ནས་བར་མེད་པར་འཁོད་ནས་གཡུལ་བཀྱེའོ། །འདི་ལྟར་དེ་གཞན་དང་མི་འདྲ་བའི་ཕྱིར་དེ་ནི་དཔེ་བྱ་བར་ཡང་མི་ནུས་ཏེ། དེ་དག་གཡུལ་རྣམ་པ་དུ་མ་བཀྱེའོ། །ཀླུ་རྣམས་ཀྱང་ཀླུ་རྣམས་དང་ལྷན་ཅིག་གཡུལ་དཔེ་ མེད་པ་བཀྱེའོ། །དེ་ལྟར་གཡུལ་རྣམ་པ་དུ་མ་དེ་དག་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། འདི་ལྟར་རབ་དགོད་ནི་ད་དུང་འདུག་སྟེ། མ་གཏོགས་པར་ལྷ་མ་ཡིན་དེ་དག་ཐམས་ཅད་རྒྱུག་པར་བྱེད་ཀྱིས་ཁྱེད་ཆོས་ཤིག་ ཆོས་ཤིག་།དེ་དག་ཆས་པའི་ཕྱིར་བདག་ཀྱང་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ཏེ་ཆའོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་རྣམས་ལ་དེ་སྐད་སྨྲས་ནས་ཡིད་རྩེ་གཅིག་གིས་གླང་པོ་ཆེ་ས་སྲུང་གི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གླང་པོ་ཆེའི་རྒྱབ་ཏུ་ཞོན་ཏེ། ངས་ལྷ་མ་ཡིན་གྱི་ ལྷག་མ་ལུས་པ་ཐགས་བཟངས་རིས་དང ། རབ་དགོད་ཁོ་ན་དང ། ལྷ་མ་ཡིན་དེ་དག་གི་ལྷག་མ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱའོ། །དེ་སྐད་སྨྲས་ནས། དེ་རྡོ་རྗེ་གསོར་ཏེ་ལྷ་མ་ཡིན་གྱི་དཔུང་ལ་ཀུན་དུ་ལྟ་ཞིང་འདུག་གོ། །དེ་ནས་ལྷ་དང་ལྷ་མ་ཡིན་གཡུལ་ཤིན་ཏུ་མི་བཟད་ པར་འཇུག་པ་ན། ལྷ་མ་ཡིན་རྣམས་ནི་ཡོངས་སུ་ཉམས། ལྷ་རྣམས་ནི་རྒྱལ་ཏེ་ཤིན་ཏུ་དགའ་ནས། ལྷ་མ་ཡིན་རྣམས་ཀྱི་དྲུང་དུ་རྒྱུག་པར་བྱེད་དོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་འཛུམ་རངས་ཏེ། ལྷ་མ་ཡིན་ཐམས་ཅད་ཀྱི་དཔུང་འཇོམས་སུ་ཆས་པ་ན་རབ་དགོད་ འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ལྟར་ལྷ་མ་ཡིན་གྱི་དབང་པོ་གསུམ་པོ་དང ། གནས་གསུམ་ན་འཁོད་པའི་ལྷ་མ་ཡིན་བྱེ་བ་ཕྲག་དུ་མ་མཐུ་ཉམས་པར་བྱས་པ་འདི་དག་ནི་ཇི་ལྟར་སྔར་མཚོ་ཀུན་མཐོང་དུ་མཐོང་བ་དེ་ལྟར་འདི་དག་གྱུར་ཏེ། ཀྱེ་མ་མཚོ་དེར་མཐོང་བ་ནི་མ་ནོར་བ་ཡིན་ ནོ། །འདི་ལྟར་བརྒྱ་བྱིན་ཕམ་པར་བྱ་བ་དང ། ལྷ་ཐམས་ཅད་ཀྱང་གཞོམ་པར་བྱ་བའི་ཕྱིར་བདག་ཆ་སྟེ། ཀྱེ་མ་ལྷ་དེ་དག་དང་བདག་ཁྱད་པར་ཅང་མེད་དོ་སྙམ་མོ། །བློ་དེ་ལྟ་བུ་བསྐྱེད་ནས་གཡུལ་དུ་རིངས་པར་འཇུག་པར་བྱ་བའི་ཕྱིར་སའི་འོག་གི་སྒོར་འཁོད་དོ། །རབ་དགོད་ 69-1-46b དང་ཐགས་བཟངས་རིས་ཁྲོས་པས་གཟིར་བ་དེ་ཉིད་དུ་འཁོད་པ་དང་རི་ཀུན་ནི་གཡོས། རྒྱ་མཚོ་ཡང་རླབས་རྣམས་ཀྱིས་ཀུན་ཏུ་འཁྲུགས་པར་བྱེད། ཉི་མའི་འོད་ཟེར་དམར་པོ་ཐམས་ཅད་ཀྱང་རི་ལ་ཤར་ཏེ། འཁོར་དང་བཅས་པ་སའི་འོག་གི་སྒོ་དེ་ཉིད་དུ་འཁོད་པ་དང ། དེ་ནས་ལྷ་ རྣམས་ཀྱིས་ལྷ་མ་ཡིན་སྒྲ་གཅན་ལ་སོགས་པ་ཕམ་པར་བྱས་ཤིང་ཉམས་པར་བྱས་པ་རྣམས་སའི་འོག་གི་སྒོ་ག་ལ་བ་དེར་རྒྱུག་ཅིང་སྤྲོ་བ་མེད་པ། མགོན་མེད་པ། ཀུན་ནས་གནོད་པ། ཧ་ཧའི་སྒྲ་རྣམས་ཀྱིས་སེམས་དཀྲུགས་པ། ཀུན་ནས་ཞུམ་པ། མགོན་མེད་པར་གྱུར་པ་ རྣམས་དེ་སྐད་ཕན་ཚུན་རྗོད་པ་ན་ལྷ་མ་ཡིན་གཞན་ཁ་ཅིག་གིས་སྨྲས་པ། ལྷ་མ་ཡིན་དག་མ་འབྲོས་མ་འབྲོས། ཅི་སྟེ་བྱོལ། ཅི་སྟེ་བྲོས། སླར་ལོག་སླར་ལོག་།དེ་སྐད་སྨྲ་ཞིང་ཕན་ཚུན་དེ་སྐད་བརྗོད་པའི་ལྷ་མ་ཡིན་རྣམས་རི་རྩེ་མོ་ཅན་ཆར་ལྟར་ཕབ་པས་ཀུན་དུ་བཏགས་ པ་ན། ལྷ་ཡིད་རབ་ཏུ་དགའ་བ་རྣམས་ལྷ་མ་ཡིན་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་དག་ཟུང་ཤིག་གཏོགས་ཤིག་།བདག་ཅག་ལ་དུད་འགྲོ་འདི་དག་གློ་བུར་དུ་ཁྲོ་བར་བྱེད་ཀྱང་གཡུལ་ལ་འཇིགས་པ་མེད་དེ། ལྷ་ངན་པ་འདི་དག་གི་གཡུལ་ལ་འཇིགས་པ་མེད་དོ། ། མཚོན་ཆ་དང ། ལག་ཆ་ལ་མཁས་པ་ཡང་མ་ཡིན་ཏེ། འདི་དག་ནི་ཇི་ལྟར་སླར་ལྡོག་པར་མི་འགྱུར་བ་དེ་ལྟར་རྒྱལ་བར་བྱ་སྟེ། ཀྱེ་མ་དུས་མ་ཡིན་པའི་གཡུལ་འགྱེད་པར་རྟག་ཏུ་འདོད་པ་འདི་དག་ནི་ཇི་ལྟར་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟར་རྒྱལ་བར་བྱའོ། །དེ་ལྟར་ཕན་ཚུན་སྤྲོ་བ་བསྐྱེད་ནས། ལྷ་ མ་ཡིན་རྣམས་ཤིན་ཏུ་གཞོམ་པར་ཡིད་ཞུགས་པ་ཁྲོས་པ་མིག་ཤིན་ཏུ་དམར་བ་དག་ལྷ་མ་ཡིན་ག་ལ་བ་དེར་དོང་ནས་རལ་གྲི་དང ། མཚོན་ཆ་ཀུན་ནས་ཆར་ལྟར་འབེབས་ཏེ། ཇི་ལྟར་ཆར་གྱི་རྒྱུན་འབབ་པ་ལྟར་འབེབས་ཤིང ། དེ་ལྟར་མེ་ཡང་ཆར་ལྟར་འབེབས་སོ། །དེ་ནས་དེ་ལྟར་ལྷ་མ་ ཡིན་བློང་བློང་པོར་འཁོད་པ་ཤིང་རྟ་འབུམ་སྙེད་ལ་ཞོན་པ། ལྷ་མ་ཡིན་དུ་མས་ཡོངས་སུ་བསྐོར་བ་དག་སའི་འོག་གི་སྒོར་འཁོད་དེ། ལྷ་རྣམས་ག་ལ་བ་དེར་མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབས་ལ། རི་དཔག་ཚད་གསུམ་དང ། བཞི་དང ། ལྔའི་ཚད་ཙམ་འཕེན་པར་བྱེད་དོ། །དེ་ལྟ་བུ་ཆར་ 69-1-47a ལྟར་མངོན་པར་འབེབས་པ་དང ། རྣམ་པ་དེ་ལྟ་བུར་ཆས་པ་དེ་དག་ལྷ་མ་ཡིན་རྣམས་ཀྱིས་ཀྱང་མངོན་པར་མཐོང་ནས། དེ་ནས་ཡང་དབུགས་ཕྱིན་ཏེ། གཡུལ་འགྱེད་པར་ཕྱིར་ལོག་ནས། རབ་དགོད་དང་ལྷ་མ་ཡིན་དེ་དག་ཉིད་ལ་སྤྲོ་བ་སྐྱེད་པར་བྱེད་དེ། འདི་ལྟར་བདག་ནི་ ལྷ་ཐམས་ཅད་གཞོམ་པའི་ཕྱིར་ཆས་པ་ཡིན་གྱིས་ལྷ་མ་ཡིན་དག་སླར་ལོག་སླར་ལོག་།ལྷ་མ་ཡིན་གྱི་དབང་པོ་དག་ཅི་སྟེ་འབྲོས་ཅི་སྟེ་འབྲོས། མ་ལ་ཁྱིམ་དུ་བུད་མེད་དག་གི་ངོར་ཡང་ཇི་སྐད་སྨྲ། འདི་ལྟར་སྐྱེས་པ་ནི་བདག་ཅག་ཡིན་ན་སྐྱེས་པའི་མིང་ཡང་མེད་དེ། སྐྱེས་པ་ཞེས་བྱ་ བ་དོན་མེད་པར་འགྱུར་རོ། །དེ་སྐད་སྨྲས་པ་དང ། རབ་དགོད་ལྷ་རྣམས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་རྒྱུག་པ་མངོན་པར་མཐོང་ནས་ལྷ་རྣམས་ཀྱང་དེ་དང་གཡུལ་འགྱེད་པར་རབ་དགོད་ག་ལ་བ་དེར་བརྒྱུགས་སོ། །ལྷ་དང་ལྷ་མ་ཡིན་དེ་དག་ཕན་ཚུན་གཡུལ་འདྲེས་པར་བཀྱེ་ སྟེ། སྒྲ་བྱུང་བ་གང་ཡིན་པ་དེས་རིའི་ལྕོང་དང་རི་རབ་ཐམས་ཅད་ཀྱང་ཀུན་དུ་གང་ངོ ། །སྒྲ་གཅན་འབའ་ཞིག་ལམ་དུ་ཞུགས་ནས་ལྷ་ལག་ན་ཡོལ་གོ་ཐོགས་པ་དག་ག་ལ་བ་དེར་བརྒྱུགས་སོ། །ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ལག་ན་དབྱུག་ཏོ་ཐོགས་པ་ཡང་ལྷ་ཕྲེང་ཐོགས་ དག་ག་ལ་བ་དེར་བརྒྱུགས་སོ། །ལྷ་མ་ཡིན་གྱི་དབང་པོ་མེ་ཏོག་ཕྲེང་ཡང་རི་དཔག་ཚད་གསུམ་པ་ཙམ་ཅིག་བླངས་ནས། ལྷ་པི་བང་ཅན་གསུམ་པ་དང ། ལྷ་ཀུན་དུ་རྒྱུ་བ་དག་ག་ལ་བ་དེར་བརྒྱུགས་ཏེ། ཕན་ཚུན་གཡུལ་ཆེན་པོ་བཀྱེ་བ་ན་གཏམ་དུ་བརྗོད་ན་སེམས་ ཅན་ཐམས་ཅད་ཀྱི་སྤུ་ཟིང་ཞེས་བྱེད་ན། གང་མངོན་དུ་མཐོང་བའམ། ཐོས་པ་ལྟ་སྨོས་ཀྱང་ཅི་དགོས། ལྷ་མ་ཡིན་གྱི་དབང་པོ་རབ་དགོད་ཀྱང་རླུང་གིས་ནམ་མཁའི་སྤྲིན་ལྟར་ལྷ་རྣམས་མངོན་པར་འཇོམས་ཏེ། ཤིན་ཏུ་བརྩོན་འགྲུས་དང་ལྡན་པ་དེ་ལ་ལྷ་གང་གིས་ཀྱང་ཕྱིར་ བརྒལ་བར་མི་ནུས་སོ། །དེ་ནས་དེ་ལྟར་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་འཚེ་བ་ན་སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་འདི་སྐད་སྨྲས་སོ། །ལྷ་མ་ཡིན་འབའ་ཞིག་གིས་ལྷ་འདི་དག་ལ་མངོན་པར་འཚེ་ཞིང་འདུག་ན། དཔུང་ཕྱི་ 69-1-47b མ་པའི་ལྷ་དེ་དག་ཅི་སྟེ་མི་རྒྱུག་།ལྷ་མ་ཡིན་གྱི་དཔུང་གིས་ལྷ་རྣམས་ཡོངས་སུ་ཉམས་ཤིང་བཅོམ་པ་དག་ཅི་ཁྱེད་ཕམ་པར་དགའ་འམ། གང་ལྷའི་འདུན་ས་ཆོས་བཟང་ན་འཁོད་པ་དག་མ་གཏོགས་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རྒྱུགས་ཤིག་།མ་ལུས་པར་རྒྱུགས་ ཤིག་།དེ་སྐད་བསྒོ་ནས་རབ་དགོད་དང་ཐགས་བཟངས་རིས་ག་ལ་བ་དེར་བརྒྱུགས་སོ། །རབ་དགོད་ཀྱི་སྟེང་དུ་སུམ་ཅུ་རྩ་གསུམ་པའི་མདའི་ཚོགས་རྣམས་དང ། རི་བོ་ཆར་ལྟར་བར་མཚམས་མེད་པས་ནམ་མཁའ་བཀང་ནས་མངོན་པར་འབེབས་ལ། རབ་དགོད་ཀྱང་རི་བོ་ཆར་ལྟར་ མངོན་པར་འབེབས་ཤིང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ག་ལ་བ་དེར་འདོང་བར་བྱེད་དོ། །ནམ་མཁའ་ཐམས་ཅད་སྒྲས་ཀུན་དུ་འགེངས་ཤིང་ལྷ་དང་ལྷ་མ་ཡིན་ཕན་ཚུན་རྒྱལ་བ་ལ་རྟོད་པ་དེ་དག་དཔུང་གི་ཚོགས་མ་ལུས་པ་ཐམས་ཅད་ཀྱིས་གཡུལ་འགྱེད་དོ། །དེ་ལྟར་གཡུལ་ འགྱེད་པ་ན། གསེར་གྱི་རི་བོ་འབུམ་སྙེད་ཕན་ཚུན་འདྲུད་པའི་བུར་མ་ལྷུང་བའི་རྡུལ་གྱིས་ནམ་མཁའ་ཁེབས་ཏེ། ནམ་མཁའ་ཀུན་ནས་བར་མཚམས་མེད་པར་དཔག་ཚད་སྟོང་ཙམ་གསེར་གྱི་རྡུལ་གྱིས་ཁེབས་སོ། །རྡུལ་གྱི་བར་དེ་དག་ན་ཡང་ཇི་ལྟར་ཆར་གྱི་རྒྱུན་རྒྱུན་མི་ འཆད་པར་འབབ་པ་ལྟར་རྣམ་པ་དེ་ལྟ་བུའི་མདའི་ཚོགས་ཕན་ཚུན་ཆར་ལྟར་འབེབས་སོ། །དེ་བཞིན་དུ་ཕན་ཚུན་རི་བོ་ཆར་ལྟར་མངོན་པར་འབེབས་ཤིང་ལྷ་མ་ཡིན་བྱེ་བ་དུ་མ་དེ་དག་འཇོམས་པར་བྱེད་པའི་གཡུལ་བཀྱེའོ། །ལྷ་སྟོང་ཕྲག་དུ་མ་རྣམས་ཀྱང་གཞོམ་པར་བྱ་བའི་ ཕྱིར་གཡུལ་ཤིན་ཏུ་མི་བཟད་པ་བཀྱེའོ། །བཀྱེ་ནས་ལྷ་མ་ཡིན་སྙིང་སྟོབས་ཆུང་བ་ཕམ་པར་གྱུར་པ་ཤིར་དོགས་པ་གང་ཡིན་པ་དེ་དག་སའི་འོག་ཏུ་ཞུགས་སོ། །མ་ལུས་པར་བཅོམ་པ་ཞུགས་པ་དེ་དག་ལ་ལྷ་མ་ཡིན་གྱི་བུ་མོ་དག་གིས་སྨྲས་པ། ཀྱེ་མ་ལྷག་མར་གྱུར་པ་བདག་ ཅག་གི་ཁྱིམ་ཐབ་དེ་དག་ག་རེ། དེ་སྐད་འདྲི་བ་དེ་དག་ལ་ལྷ་མ་ཡིན་རྣམས་ཀྱིས་སྨྲས་པ། དེ་དག་ནི་འདི་ལྟར་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བ་ཐོབ་སྟེ། འདིར་འོང་ངོ ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་དག་མཚོ་ཀུན་མཐོང་བ་ག་ལ་བ་དེར་དོང་བ་དང ། དེ་དག་ཐམས་ཅད་མཐོང་ 69-1-48a སྟེ། ཇི་ལྟར་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་བཏགས་ཤིང་བཅོམ་སྟེ། དེ་ལྟར་ལན་བརྒྱའམ་སྟོང་དུ་ཕམ་པར་བྱས་པ་དེ་དག་དེ་བཞིན་མཐོང་ནས། ཁྱིམ་ཐབ་བསད་པའི་ཕྱིར་ཉོན་མོངས་ཤིན་ཏུ་ཡི་ཆད་དེ་སའི་སྟེང་དུ་འདུག་ནས་ངུ་བར་བྱེད། སྨྲེ་སྔགས་ འདོན། རབ་ཏུ་སྡུག་བསྔལ་བ་ཀུན་མཚོ་དེ་ཡོངས་སུ་བསྐོར་ནས་འཁོད་ལ་བྲང་རྡུང་བར་བྱེད། སྐྲ་འབལ་བར་བྱེད། ལུས་ལ་འབྲད་པར་བྱེད། མཆི་མས་གདོང་གཤེར་བར་བྱེད་དོ། །དེ་ལྟར་མཚོའི་ནང་ན་ཁྱིམ་ཐབ་དག་ཕམ་སྟེ། བསད་པར་མཐོང་ནས། སྨྲེ་སྔགས་འདོན་ ཏོ། །དེ་ནས་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཤིན་ཏུ་མི་བཟད་པར་འཇུག་པ་ན་ལྷ་མ་ཡིན་གྱི་དབང་པོ་རབ་དགོད་ལྷ་མ་ཡིན་བྱེ་བ་སྙེད་ཀྱིས་ཡོངས་སུ་བསྐོར་ནས། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་དག་ཉིད་འོང་བ་མངོན་པར་མཐོང་ནས་ལྷ་རྣམས་ལ་བསྒོ་ བ། འདི་ལྟར་ལྷ་མ་ཡིན་འདི་དག་ནི་གཡུལ་འགྱེད་དུ་བདག་ཅག་ག་ལ་བ་དེར་འོང་སྟེ། དཔུང་ཆུང་ངུ་གདུལ་བར་དཀའ་བ་དེ་དག་ནི་ཇི་ལྟར་འོད་ཀྱིས་མུན་པ་བསལ་བ་དེ་ལྟར་གྲོགས་ཆོས་ཀྱིས་རྒྱལ་བར་བྱའོ། །དེས་ལྷ་རྣམས་ལ་དེ་སྐད་བསྒོ་ནས། གླང་པོ་ཆེའི་རྒྱལ་པོ་ས་ སྲུང་གི་བུ་ལ་ཞོན་ཏེ། ལྕགས་ཀྱི་མདའ་འཕངས་པ་བཞིན་དུ་རབ་དགོད་ག་ལ་བ་དེར་བརྒྱུགས་སོ། །དེ་རྒྱུག་པ་ན་ལྷའི་དབང་པོ་བརྒྱ་བྱིན་འདུན་ས་ཆོས་བཟང་ན་གནས་པའི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། རྡོ་དང་ཤིང་གིས་འགྱེད་པ་དག་ལྷ་མ་ཡིན་གྱི་དཔུང་ ག་ལ་བ་དེར་བརྒྱུགས་སོ། །ཁ་ཅིག་ནི་མདའ་ཆར་ལྟར་མངོན་པར་འབེབས་ཤིང་རབ་དགོད་ག་ལ་བ་དེར་རྒྱུག་པར་བྱེད་དོ། །རབ་དགོད་ཀྱང་བརྒྱ་བྱིན་ག་ལ་བ་དེར་ཤིང་རྟ་སྒྱུར་བར་བྱེད་ཅིང་འདི་ལྟར་བརྒྱ་བྱིན་པས་བདག་རྒྱལ་བར་བྱའོ་ཞེས་ཟེར་རོ། །དེ་ནས་བརྒྱ་བྱིན་གྱིས་རབ་ དགོད་དེ་ལ་འདི་སྐད་སྨྲས་སོ། །ཆོས་མ་ཡིན་པའི་ལམ་ལ་གནས་པའི་དུད་འགྲོ་ད་གར་འགྲོ། །འདི་ལྟར་ང་ནི་ཁྱོད་ཕམ་པར་བྱ་བའི་ཕྱིར་འོངས་ཏེ། འདི་ལྟར་ངས་ཁྱོད་རྒྱགས་པ་དང་ཕྲལ་ནས། དེ་ནས་ཡང་སའི་འོག་ཏུ་གཏང་བར་བྱའོ། །དེ་ནས་ཐགས་བཟངས་རིས་དང་། 69-1-48b རབ་དགོད་ཀྱིས་བརྒྱ་བྱིན་ལ་སྨྲས་པ། འདི་ལྟར་ང་ཡང་བརྒྱ་བྱིན་ཁྱོད་དང་ལྷ་ཐམས་ཅད་ཆད་པས་གཅད་པར་བྱ་བའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་ཐགས་བཟངས་རིས་དང་རབ་དགོད་ཀྱིས་གསེར་གྱི་རི་དཔག་ཚད་ལྔ་པ་གཅིག་འཕངས་སོ། །འཕངས་པ་དེ་མངོན་པར་ མཐོང་ནས་གླང་པོ་ཆེ་ས་སྲུང་གི་བུའི་ཁ་ནས་དབུགས་ཕྱུང་བས་རི་དེ་བྱེ་མ་ཆང་པ་ནས་གཏོར་བ་བཞིན་ཕྱིར་བཟློག་ནས་རྒྱ་མཚོར་ལྷུང་ངོ ། །རི་ཕྱེ་མར་བརླགས་ཤིང་གཏོར་བ་དེ་མངོན་པར་མཐོང་ནས། དེ་ནས་ཡང་ལྷ་མ་ཡིན་དག་གིས་རི་བོ་རྡོ་རྗེའི་ལྟེ་བ་ཅན་དཔག་ཚད་ལྔ་པ་གཅིག་ བླངས་ནས་བརྒྱ་བྱིན་ག་ལ་བ་དེར་འཕངས་སོ། །འཕངས་པ་དེ་མངོན་པར་མཐོང་ནས་ས་སྲུང་གི་བུའི་སྣའི་ཐོར་ཏོས་བཟུང་སྟེ། སླར་ལྷ་མ་ཡིན་གྱི་དབང་པོ་ལ་འཕངས་ཏེ། གླང་པོ་ཆེ་འདི་ནི་ཅང་ཤེས་པ་ཡིན་ནོ། །རང་གི་རི་འཕངས་པ་དེས་དེའི་བྲང་དུ་བརྒྱབ་པ་དང ། རབ་ དགོད་དེ་བརྒྱབ་པ་དེས་ཉམས་ནས་སྟན་དེ་ལས་ལྷུང་ཞིང ། སླར་འཁོད་དེ་བརྒྱབ་པ་དེས་རབ་ཏུ་ཉམས་སོ། །དེ་མཐོང་ནས་སུམ་ཅུ་རྩ་གསུམ་པ་དག་སྒྲ་ཆེན་པོས་ནམ་མཁའ་བཀང་ནས། འདི་ལྟར་ལྷའི་དབང་པོས་དུད་འགྲོ་དེ་ཕམ་པར་བྱས་ཏེ། འདིར་རེ་ཞིག་གླང་པོ་ཆེའི་ མཆོག་འདིས་འཕངས་པའི་ཤུགས་ཀྱིས་མངོན་པར་ཉམས་ཤིང་གཡོས་ན་གལ་ཏེ་རྡོ་རྗེས་བརྒྱབ་པར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས། དེ་སྐད་སྨྲས་ནས། ལྷ་མ་ཡིན་ག་ལ་བ་དེར་བརྒྱུགས་ཏེ། ལ་ལ་ནི་རྡོ་དང་ཤིང་གིས་འགྱེད། ལ་ལ་ནི་རི་བོས་འགྱེད། ལ་ལ་ནི་རྩེ་གསུམ་ཁ་ གདེང་གིས་འགྱེད། ལ་ལ་ནི་སྟེའུ་ཁས་འགྱེད། ལ་ལ་ནི་གློག་འབྱུང་བས་འགྱེད། ལ་ལ་ནི་ཐོང་གཤོལ་གྱིས་འགྱེད། ལ་ལ་ནི་སྟོབས་ཀྱིས་འགྱེད། ལ་ལ་ནི་འཁོར་ལོས་འགྱེད། ལ་ལ་ནི་རལ་གྲིས་འགྱེད། ལ་ལ་ནི་ནམ་མཁའ་ལ་འགྲོ་བས་འགྱེད། ལ་ལ་ནི་སྣ་ཚོགས་པས་འགྱེད། ལ་ལ་ནི་ཐོ་བས་འགྱེད། ལ་ལ་ནི་མཚོན་ཆ་མཆོག་ཏུ་གདམས་པས་འགྱེད། ལ་ལ་ནི་མཚོན་ཆ་དྲི་མ་མེད་པས་འགྱེད། ལ་ལ་ནི་མཚོན་ཆ་རབ་བྱེད་ཀྱིས་འགྱེད། ལ་ལ་ནི་མཚོན་ཆ་བྱི་བདར་བྱེད་ཀྱིས་འགྱེད། ལ་ལ་ནི་མཚོན་ཆ་བརྩེགས་པས་འགྱེད། ལ་ལ་ནི་མེས་འགྱེད། 69-1-49a ལ་ལ་ནི་ཆུས་འགྱེད། ལ་ལ་ནི་ཆུ་འབེབས་པས་འགྱེད། ལ་ལ་ནི་ཐམས་ཅད་ཀྱིས་འགྱེད། ལ་ལ་ནི་མཚོན་ཆ་ནག་པོས་འགྱེད། ལ་ལ་ནི་སྒྱུ་མས་འགྱེད། ལ་ལ་ནི་འདུད་པས་འགྱེད། ལ་ལ་ནི་སེན་མོས་འགྱེད། ལ་ལ་ནི་སྒྲས་འགྱེད་དེ། སྒྲའི་ཤུགས་གང་ མཉན་པར་ཡང་མི་ནུས་སོ། །ལ་ལ་ནི་རྡོག་པ་རྡེག་པས་འགྱེད་དེ། རྣམ་པ་དེ་ལྟ་བུའི་གོ་མཚོན་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་བསྲུངས་པ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཕམ་པར་བྱ་བའི་ཕྱིར་བརྒྱ་བྱིན་ལྷ་ཐམས་ཅད་ཀྱི་མདུན་དུ་བཞག་གོ། །དེ་ནས་མོག་མོག་པོར་གྱུར་པ་དེ་ མངོན་པར་མཐོང་ནས། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་ལ་སོགས་པ་ལག་ན་མཚོན་ཆ་སྣ་ཚོགས་པ་རྣམས་རབ་དགོད་ཀྱི་དཔུང་བྱ་བ་དང ། བརྒྱ་བྱིན་གཏག་པའི་ཕྱིར་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་བཞི་པོ་དག་བརྒྱ་བྱིན་ཁོ་ ན་ལ་འགྱེད་དུ་འོང་བ་མངོན་པར་མཐོང་ནས། ལྷ་རྣམས་བརྒྱ་བྱིན་གྱི་དཔུང་གི་རིམ་གྲོ་བྱ་བ་དང ། རང་གི་རྩལ་སྟོན་ཅིང་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་འོང་བ་དེ་དག་མངོན་པར་མཐོང་ནས་ཤིན་ཏུ་ཁྲོས་ཏེ་ཆས་ནས་སྨྲས་པ་དུད་འགྲོ་ཁྱེད་ཅི་སྟེ་ ཤིན་ཏུ་རྨོངས། གང་ཁྱེད་ཀྱི་དཔུང་རྣམ་པ་འདི་ལྟ་བུ་ནི་རེ་ཞིག་ལྷ་མ་ཡིན་ཐམས་ཅད་ལ་བདོག་པར་གྱུར་ཀྱང་དེ་དག་ང་འབའ་ཞིག་གིས་ཕམ་པར་བྱ་བར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་གི་དཔུང་ནི་ཆོས་ཡིན་ཏེ། ལྷ་རྣམས་ཀྱི་དཔུང་ནི་ཆོས་ཡིན་ནོ། །ལྷ་མ་ཡིན་རྣམས་ ཀྱི་དཔུང་ནི་ཆོས་མ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་ནི་ཆེ་སྟེ། གང་ཁྱད་པར་ནི་མུན་པ་དང་ཉི་མ་ལྟར་ཆེའོ། །གང་ཁྱད་པར་ནི་བདེན་པ་དང་བརྫུན་པ་ལྟར་ཆེའོ། །གང་ཁྱད་པར་ནི་རི་རབ་དང་ཡུངས་འབྲུ་ལྟར་ཆེའོ། །གང་ཁྱད་པར་ནི་ཐར་པ་དང་བཅིངས་ པ་ལྟར་ཆེའོ། །གང་ཁྱད་པར་ནི་བཟར་རུང་བ་དང་བཟར་མི་རུང་བ་ལྟར་ཆེའོ། །གང་ཁྱད་པར་ནི་བདུད་རྩི་དང་དུག་ལྟར་ཆེའོ། །གང་ཁྱད་པར་ནི་མཚན་མོ་དང་ཉིན་པར་ལྟར་ཆེའོ། །གང་ཁྱད་པར་ནི་ནོར་བུ་མཆིང་བུ་དང ། རིན་པོ་ཆེ་ལྟར་ཆེའོ། །གང་ཁྱད་པར་ 69-1-49b ནི་དབུལ་བ་དང་ཕྱུག་པ་ལྟར་ཆེའོ། །གང་ཁྱད་པར་ནི་བྱ་བ་དང་མི་བྱ་བ་ལྟར་ཆེའོ། །གང་ཁྱད་པར་ནི་ཉི་མ་དང་སྲིན་བུ་མེ་ཁྱེར་ལྟར་ཆེའོ། །གང་ཁྱད་པར་ནི་ཁྲོ་བ་ལ་རླུང་དང་སྲིན་བུ་མང་ཀུ་ལྟར་ཆེའོ། །གང་ཁྱད་པར་ནི་མཐོང་བ་དང ། མི་མཐོང་བ་ལྟར་ཆེའོ། །གང་ཁྱད་ པར་ནི་ཡང་དག་པའི་ལམ་དང ། ཡང་དག་པ་མ་ཡིན་པའི་ལམ་ལྟར་ཆེའོ། །གང་ཁྱད་པར་ནི་སངས་རྒྱས་དང་གཞན་མུ་སྟེགས་པ་ལྟར་ཆེའོ། །གང་ཁྱད་པར་ནི་གནམ་དང་ས་ལྟར་ཆེའོ། །གང་ཁྱད་པར་ནི་བསྐལ་པ་དང་སྐད་ཅིག་མ་ལྟར་ཆེ་སྟེ། ང་དང་ཁྱེད་ནི་ཁྱད་པར་དེ་ ལྟར་ཆེའོ། །ཁྱེད་ནི་ཆོས་མ་ཡིན་པ་ལ་གཙོ་བོར་བྱེད་ལ། ངེད་ནི་ཆོས་གཙོ་བོར་བྱེད་དོ། །ཁྱོད་ནི་ཤེས་རབ་དམན་པ་ཡིན་ལ། ལྷ་རྣམས་ནི་ཤེས་རབ་དང་བཅས་པ་ཡིན་ནོ། །ཁྱེད་ནི་བརྩོན་པ་མེད་པ་ཡིན་ལ། ལྷ་རྣམས་ནི་བརྩོན་པ་དང་བཅས་པ་ཡིན་ནོ། །ཁྱེད་ནི་ དུད་འགྲོ་ཡིན་ལ་ལྷ་རྣམས་ནི་ལྷ་ཡིན་ཏེ། ལྷ་དེ་དག་ནི་དེ་ལྟ་བུ་ཡིན་པར་ཁོང་དུ་ཆུད་ནས་ཁྱེད་ངེད་ཀྱི་དྲུང་དུ་མངོན་པར་རྒྱུག་པ་ནི་མི་རིགས་སོ། །དེ་སྐད་སྨྲས་ནས། གླང་པོ་ཆེ་ས་སྲུང་གི་བུ་ཁ་ལོ་བསྒྱུར་ཏེ། འདི་ལྟར་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་ནས། ལྷ་མ་ཡིན་གྱི་ དབང་པོ་ག་ལ་བ་དེར་རྒྱུག་པར་བྱེད་དོ། །ཆོས་ཀྱིས་ཆོས་མིན་ཕམ་པར་བྱས། བདེན་པས་བརྫུན་པ་ཕམ་པར་བྱས། །ཤེས་པས་གཏི་མུག་ཕམ་པར་བྱས། །ལྷ་ཡིས་ལྷ་མིན་ཕམ་པར་བྱས། །དེས་དེ་སྐད་སྨྲས་ནས། གླང་པོ་ཆེ་ས་སྲུང་གི་བུ་ཁ་ལོ་བསྒྱུར་ཏེ། སྤྲུལ་ པ་ཡང་སྔ་མ་བཞིན་བྱས་ནས་ལྷ་མ་ཡིན་གྱི་དབང་པོ་བཞི་པོ་དེ་དག་ཐམས་ཅད་ག་ལ་བ་དེར་ལྷའི་དབང་པོ་བརྒྱ་བྱིན་རྡོ་རྗེ་རྩེ་མོ་སྟོང་ཡོད་པ་ནི་ཐོགས། བསྡིགས་པའི་མཚན་མ་ཙམ་སེམས་ཀྱིས་གསད་ཅིང་བཅིང་བར་ལྷག་པར་མོས་པའི་སེམས་ནི་མེད་པས། རླུང་གི་ཤུགས་པས་ ཆེས་མགྱོགས་པར་རབ་ཏུ་རྒྱུག་པར་བྱེད་དོ། །ལྷ་མ་ཡིན་དེ་དག་མངོན་པར་རྒྱུག་པ་དང ། དེ་དག་འོང་བ་མངོན་པར་མཐོང་ནས། རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་རྒྱུག་པར་བྱེད་དོ། །ལྷ་དང་ལྷ་མ་ཡིན་དེ་དག་ཕན་ཚུན་རྣམ་པར་འཇོམས་པ་ན་སོ་ 69-1-50a སོར་རྒྱལ་བར་འདོད་པ། གཅིག་ལ་གཅིག་མངོན་པར་འདེབས་པ། མོག་མོག་པོར་གྱུར་པ། ལྷ་མ་ཡིན་ཁ་ཅིག་ནི་སྲོག་དང་བྲལ་བར་གྱུར། དེ་བཞིན་དུ་ལྷ་མ་ཡིན་ཁ་ཅིག་ནི་སྡུག་བསྔལ་གྱིས་ཉམ་ཐག་སྟེ། ཕྱིར་ལོག་།ཁ་ཅིག་ནི་ཡི་ཆད་ནས་ ཕྱིར་ལོག་།ཁ་ཅིག་ནི་མིག་ཚུགས་སུ་ལྟ་ཞིང་འཁོད། ཁ་ཅིག་ནི་རང་གི་གནས་སུ་འགྲོ་བར་སེམས་ཤིང་འཁོད། ཁ་ཅིག་ནི་ཞེ་སྡང་གིས་ཉམ་ཐག་།ཁ་ཅིག་ནི་གཏི་མུག་གིས་སེམས་བསྒྲིབས། ཁ་ཅིག་ནི་ཡོངས་སུ་ཉམས་ཤིང་ཡིད་དམན་པར་གནས་ཏེ་དེ་ལྟར་གནས་ པ་རྣམས་ལ་ས་སྲུང་གི་བུའི་སྟེང་ན་འདུག་པ་ལྷའི་དབང་པོ་སྤྲུལ་པ་བྱེད་དོ། །དེ་ནས་གླང་པོ་ཆེ་ས་སྲུང་གི་བུ་ཁ་རེ་རེ་ལ་པད་མ་རེ་རེ། པད་མ་རེ་རེ་ལ་དབང་པོ་ལག་ན་རྡོ་རྗེ་ཐོགས་པ་མཚོན་ཆ་དང་གོ་མཚོན་བགོས་པ་རྣམས་སྔར་བསྟན་པ་བཞིན་ལྷ་མ་ཡིན་གྱི་དབང་པོས་ མཐོང་སྟེ། དེ་དག་ཀྱང་དབང་པོའི་གླང་པོ་ཆེ་ས་སྲུང་གི་བུ་ཁ་སྟོང་ཡོད་པ། ཁ་རེ་རེ་ལ་པད་མའི་རྫིང་བུ་སྟོང་ཡོད་དོ། །པད་མའི་རྫིང་རེ་རེ་ལ་པད་མ་སྟོང་ཡོད་དོ། །པད་མ་རེ་རེ་ལ་འདབ་མ་སྟོང་ཡོད་དོ། །པད་མ་རེ་རེ་ལ་སྙིང་པོ་བརྒྱ་ཡོད་དོ། །དེ་དག་ཀྱང་ས་སྲུང་གི་ བུའི་ཁ་ནས་བྱུང་སྟེ། འདབ་མ་དེ་དག་དང་སྙིང་པོ་དེ་དག་ཐམས་ཅད་ལ་དབང་པོ་རྟག་ཏུ་ལག་ན་རྡོ་རྗེ་དང ། མཚོན་ཆ་དང ། ལག་ཆ་ཐོགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཁོད་པར་མཐོང་ངོ ། །དེ་ནས་སྤྲུལ་པ་དེ་ལྟ་བུ་མངོན་པར་མཐོང་ནས། ལྷ་མ་ཡིན་རྣམས་ སྐྲག་འཁྲུགས་ཏེ། དབང་པོ་གོ་མཚོན་དང་ཆ་བྱད་སྣ་ཚོགས་ཐོགས་པ་རྣམས་ཀྱིས་དེ་རྟག་ཏུ་གང་ཞིང་དཔུང་དང་མཐུ་དཔེ་མེད་པ་རྣམས་ཀྱིས་ནམ་མཁའ་འདི་བར་མཚམས་མེད་པར་བྱས་སོ། །མཚོན་ཆའི་ཚོགས་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་བར་ མཚམས་མེད་པར་གང་བར་བྱས་སོ། །དབང་པོ་རྣམས་ཀྱིས་སའི་འོག་གང་ཡིན་པ་དེ་དང ། དེ་ཡང་བར་མཚམས་མེད་པར་བྱས་པར་དོགས་སོ་ཞེས་དེ་སྐད་ལྷ་མ་ཡིན་ཤིན་ཏུ་སྐྲག་པ་དེ་རྣམས་ཕན་ཚུན་སྨྲའོ། །དེ་སྐད་སྨྲ་བ་དེ་རྣམས་ལ་རབ་དགོད་ཀྱིས་སྨྲ་བ། ལྷ་ 69-1-50b མ་ཡིན་དག་ངས་དབང་པོ་ས་སྲུང་གི་བུ་དང་བཅས་ཏེ་ཕྱིར་བཟློག་པར་བྱས། མ་འཇིགས་ཤིག་མ་འཇིགས་ཤིག་།དེ་སྐད་སྨྲས་ནས་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ག་ལ་བ་དེར་བརྒྱུགས་སོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ ཉེར་ལྔ་པ། དེ་འོང་བ་མངོན་པར་མཐོང་ནས། ས་སྲུང་གི་བུའི་སྣའི་ཐོར་ཏོས་བཟུང་སྟེ། ནམ་མཁའ་ལ་གསོབ་བཞིན་སྐོར་བར་བྱེད་དོ། །དེ་བསྐོར་བ་ན་སྲོག་གི་ལྷག་མ་ཆུང་ཟད་ཅིག་ལུས་ནས་བཏང་ངོ ། །དེ་བཏང་བ་དང་དེ་ནས་ཡང་འདུ་ཤེས་རྙེད་ནས་ལྷ་མ་ཡིན་དེ་དག་ལ་འདི་ སྐད་སྨྲའོ། །ཅི་དཔུང་འདི་གཅིག་པུ་དཔའ་བ་ཡིན་ནམ། ལྷ་མ་ཡིན་གྱི་དབང་པོ་ཁྱེད་ཀུན་ལྷའི་དབང་པོ་ལ་རྒོལ་མི་ནུས་སམ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་བསྡུས་པ་དེ་དག་ཐམས་ཅད་དེ་ནས་ཡང་ས་སྲུང་གི་བུ་ག་ལ་བ་དེར་བརྒྱུགས་སོ། །དེ་དག་འོང་བ་མངོན་པར་མཐོང་ནས། དབང་པོས་དེ་དག་གི་སྲོག་གཅད་པར་བྱ་བའི་ཕྱིར་ནི་མ་ཡིན་གྱི། ཕ་རོལ་ཕམ་པ་ཁོ་ནར་བྱ་བའི་ཕྱིར་སྒྱུ་མའི་སེར་བ་རྡོ་རྗེ་ལྟ་བུ་རྣམ་པ་དུ་མ་ཕབ་བོ། །དེ་ནས་ཡང་དབང་པོ་ག་ལ་བ་དེར་རི་ཆར་ལྟར་འབེབས་ཤིང་ལྷའི་དབང་པོ་དེའི་སྟེང་དུ་མཚོན་ཆ་རྣམ་པ་སྣ་ཚོགས་འཕེན་ཏོ། ། དེ་ལ་རི་བོ་དེ་ཆར་ལྟར་འབེབས་པ་ན། ཆར་གྱི་རྒྱུན་དུས་སུ་འབབ་པ་ལྟར་རི་བོ་ཆར་ལྟར་འབབ་པ་རྣམས་ཀྱང་མཛེས་པ་ཡིན་ཏེ། དེ་ལྟར་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དཔེ་མེད་པ་རྣམ་པ་སྣ་ཚོགས་བཀྱེའོ། །དེ་ནས་ལྷ་རྣམས་ཀྱིས་ལྷ་མ་ཡིན་དེ་དག་མངོན་པར་མཐོང་ནས། དེ་ནས་ཡང་ལྷ་རྣམས་ལྷ་མ་ཡིན་གྱི་དཔུང་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་ལྷ་མ་ཡིན་ཡང་གཡུལ་འགྱེད་པའི་ཕྱིར། ལྷ་རྣམས་ག་ལ་བ་དེར་བརྒྱུགས་སོ། །དེ་ནས་རྣམ་པ་དུ་མར་འཁྲུགས་ཤིང་སྐྲག་པར་བྱེད་པ་རྣམ་པ་དུ་མ་བྱུང་སྟེ། དེ་ལྟར་ལྷ་དང་ལྷ་མ་ ཡིན་རྣམས་ཀྱང་གཡུལ་གསལ་བར་བཀྱེའོ། །དེ་ལྟར་དབང་པོ་དང་ལྷ་མ་ཡིན་རྣམས་མཚོན་ཆ་དང་རྡོ་རྗེས་འཇོམས་པ་ལྟ་བུའི་གཡུལ་ཆེན་པོ་གཞན་དང་མི་འདྲ་བ་མང་པོ་བཀྱེའོ། །ལྷ་མ་ཡིན་རྣམ་པ་དུ་མ་དག་མངོན་པར་མཐོང་ནས་བརྒྱ་བྱིན་གྱིས་ལྷ་མ་ཡིན་ 69-1-51a གྱི་དབང་པོ་དག་སྲོག་དང་བྲལ་བར་ནི་མི་བྱེད་ལ། ཕམ་པ་ཁོ་ནར་བྱ་བའི་ཕྱིར་ཆེད་དུ་གནས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་དེ་དག་ཐམས་ཅད་ཀྱང་ལྷ་མ་ཡིན་གྱི་དབང་པོ་རབ་དགོད་དང་ཐགས་བཟངས་རིས་དེ་དག་དང་བཅས་པ་མ་ལུས་པར་ཕམ་པ་ཉིད་དུ་ གྱུར་ཏེ། མགོན་འདོད་པ། སྐྱབས་འདོད་པ། གནས་འདོད་པ། སྤྲོ་བ་མེད་པ་དག་སའི་འོག་གི་སྒོ་ག་ལ་བ་དེ་དང་དེར་འབྲོས་པར་བྱེད་དོ། །རབ་དགོད་དེ་ཤིན་ཏུ་འབྲོས་པ་ནི། ལྷ་མ་ཡིན་གྱི་དབང་པོ་གཞན་གསུམ་པོ་འཁོར་འབུམ་སྙེད་དང་ལྡན་པ་རྣམས་ཀྱིས་མདུན་ན་སྐད་ངན་ ཐོན་ཅིང་ཀུན་ནས་མངོན་པར་གནོད་པ་རྣམས་ཀྱིས་འབྲོས་པ་ན་བརྒྱ་བྱིན་གྱིས་ས་སྲུང་གི་བུ་ལ་སྨྲས་པ། གླང་པོ་ཆེའི་དབང་པོ་རབ་དགོད་དང་ཐགས་བཟངས་རིས་ཀྱི་བརྩོན་འགྲུས་ནི་ཤོར། ཤིང་རྟ་ནི་ཆག་ཀྱང་ངས་དེ་དག་གསད་པར་མི་ནུས་ཏེ། དྲང་སྲོང་ཆེན་པོས་མྱ་ ངན་ལས་འདས་པར་འགྲོ་བའི་གཞི་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ་ཞེས་གསུངས་ཏེ། འདི་ནི་སེམས་ཅན་ཐམས་ཅད་ལ་སླུ་བ་མེད་པའི་གཞི་ཡིན་ནོ། །དེ་རང་གི་སྲོག་དང་ལྷན་ཅིག་སོང་ཡང་བླས། དེའི་ཤིང་རྟ་བརྒྱའམ་སྟོང་དུ་གཞོམ་པར་བྱ་བ་ལ་ཁྱོད་རིངས་ པར་ཆོས་ཤིག་།དེས་དེ་སྐད་བསྒོ་ནས་བརྒྱ་བྱིན་དེས་སྤྲུལ་པ་བྱས་པ་དང ། གླང་པོ་ཆེའི་དབང་པོ་དང་ལྷན་ཅིག་སའི་འོག་གི་སྒོ་ག་ལ་བ་དེར་རླུང་གི་ཤུགས་ལྟར་བརྒྱུགས་སོ། །དེ་འོང་བ་མངོན་པར་མཐོང་ནས། རབ་དགོད་དང་ཐགས་བཟངས་རིས་ཤིན་ཏུ་སྐྲག་ སྟེ། མཐུ་མེད་པ་དག་སའི་འོག་གི་སྒོ་ག་ལ་བ་དེར་རིངས་པར་རྒྱུག་གོ། །དེ་ནས་མགྱོགས་པར་སོང་ནས། ས་སྲུང་གི་བུའི་སྟོབས་ཀྱིས་ཤིང་རྟ་དེ་ལས་རབ་དགོད་དེ་ཕབ་ནས་ཤིང་རྟ་དང་ཕྲལ་ལོ། །དེ་ནས་ཤིང་རྟ་དེ་སྣའི་ཐོར་ཏོས་དེའི་མིག་སྔར་རྩཝ་བཞིན་དུ་བརྒྱ་ འམ་སྟོང་དུ་བཅོམ་མོ། །མེ་ཏོག་ཕྲེང་ཡང་དཔུང་དང་མཐུ་ཉམས་ནས། སའི་འོག་གི་སྒོ་ག་ལ་བ་དེར་འབྲོས་པར་བྱེད་དེ། སྲོག་ལ་བསམ་པ་བསྡུས་པ། བརྩོན་འགྲུས་ཉམས་པ། སྤྲོ་བ་མེད་པ། རང་གི་བུ་དང་ཆུང་མ་སྙིང་ལ་བསམས་ནས། སའི་ 69-1-51b འོག་གི་སྒོ་ག་ལ་བ་དེར་རྒྱུག་གོ། །ལྷ་མ་ཡིན་གྱི་དབང་པོ་བརྟན་པ་ཡང་གསོན་པར་འདོད་དེ། རང་གི་ཁྱིམ་དུ་ཕྱོགས་ནས་སའི་འོག་གི་སྒོ་ག་ལ་བ་དེར་རྒྱུག་གོ་།ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གསོན་པར་འདོད་པ་ལུས་བོང་ཆེ་བ་འབའ་ཞིག་ཏུ་འདུག་པ་ཡང་སའི་འོག་ གི་སྒོ་ག་ལ་བ་དེར་རྒྱུག་གོ། །དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ཉམས་པ་དང ། ལྷ་རྣམས་ཤིན་ཏུ་དགའ་ནས། འདི་སྐད་སྨྲས་སོ། །ལྷ་མ་ཡིན་རྣམས་ཀྱིས་མི་འཐུན་པའི་མཐའ་ལས་འབྲས་བུ་ཉམས་པའི་ལྷག་མ་ཐོབ་སྟེ། འབྲོས་ཁུང་ ཚོལ་བར་གྱུར་པ་རྣམས་ངེད་ཆོས་ལ་ལྟ་ཞིང་སའི་འོག་གི་སྒོ་གཟུང་བར་བྱའོ་ཞེས་སྨྲས་ནས། ལྷ་ཤིན་ཏུ་དགའ་བ་དེ་དག་རླུང་གིས་སྤྲིན་ཀུན་དུ་གཏོར་བ་ལྟར་ལྷ་མ་ཡིན་རྣམས་ལ་རླུང་གི་ཤུགས་ལྟ་བུས་ཀུན་དུ་འཚེ་བར་བྱེད་དོ། །དེ་ནས་དབང་པོས་ལྷ་དེ་དག་ལ་སྨྲས་ པ། གང་རང་གི་ལུས་མེད་པར་བྱ་བའི་ཕྱིར་དང་ལྷ་མ་ཡིན་མང་པོ་འདི་རྣམས་སྲོག་དང་བྲལ་བར་བྱ་བའི་ཕྱིར་དོན་མེད་པ། འཁོན་ཞུགས་པ། ཉེས་པའི་གནས་འདི་དག་ཅིའི་ཕྱིར་བྱས། ལྷ་རྣམས་ཀྱི་རྒྱལ་བ་དང་ཕམ་པ་ནི་མི་ལ་རག་ལས་པ་ཡིན་ལ། ད་དུང་དུ་མིའི་འཇིག་རྟེན་ ན་སྐྱེས་བུ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཐམས་ཅད་བརྟན་པ་དག་ཡོད་ན། ཁྱེད་ཀྱིས་ཡུལ་དང་དུས་དེ་དག་ཤེས་བཞིན་དུ་བདག་ཉིད་གསོད་པའི་དགྲ་དོན་མེད་པ་འདི་དག་བྱས་སོ། །དེ་ནས་ཡང་ལྷ་མ་ཡིན་ཉམས་པ་སྲོག་གི་སྐྱབས་ཚོལ་བ་རྣམས་སའི་ འོག་གི་སྒོ་ག་ལ་བ་དེ་ཉིད་དུ་རྒྱུག་གོ། །དེ་ནས་དབང་པོས་ལྷ་རྣམས་ལ་བསྒོ་བ། ལྷ་དག་སླར་ལོག་སླར་ལོག་།ཕྱིས་ཕམ་པར་འགྱུར་བའི་སྲོག་དང་ལྡན་པ་རྣམས་རང་གི་གནས་སུ་ཐོང་ཤིག་།དེ་ནས་དབང་པོ་ལ་ལྷ་རྣམས་ཀྱིས་སྨྲས་པ། འདི་ལྟར་ལྷ་མ་ཡིན་ཁེངས་ པ་འདི་དག་ནི་བདག་ཉིད་དང་གཞན་གྱི་དཔུང་ཁོང་དུ་མ་ཆུད་པ་ལགས་ཏེ། འདི་དག་ནི་བདག་ཅག་གིས་ངེས་པར་ཇི་ལྟར་སླར་ལྡོག་པར་མི་འགྱུར་བ་དེ་ལྟར་དགྲ་བསལ་བར་བགྱིའོ། །བདག་ཅག་ནི་འདི་དག་ལ་གནོད་པ་མི་བགྱིད་དེ། འདི་ལྟར་བདག་ཅག་མཐོ་རིས་ན་རང་ 69-1-52a གི་ལས་ཀྱི་འབྲས་བུ་ལ་སྤྱོད་ཅིང་མཆིས་ན། འདི་དག་གིས་མིའི་འཇིག་རྟེན་ན་བདག་ཅག་གི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་རྣམས་ལ་ཅི་སྟེ་བར་ཆད་བགྱི་བར་འབད། དགྲ་འདི་དག་མ་བསལ་བར་བདག་ཅག་སླར་མི་མཆིའོ། །དེ་དག་ གིས་དེ་སྐད་སྨྲས་ནས། དེ་ནས་ཡང་ལག་ཆ་དང ། མཚོན་ཆ་དང ། གོ་མཚོན་སྣ་ཚོགས་བགོས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་ངེས་པར་ཤིན་ཏུ་ཚར་གཅད་པར་བྱའོ་སྙམ་པའི་བློ་དེས་ལྷ་མ་ཡིན་རྣམས་གཞོམ་པའི་ཕྱིར་ཤུགས་དང་ལྡན་པས་བརྒྱུགས་སོ། །དེ་ ལྟར་ཡིད་ལ་བྱེད་པ་དེ་ལྟ་བུ་དང་འབད་པ་དེ་ལྟ་བུ་དག་ལ། དེ་ནས་ཡང་ལྷའི་དབང་པོའི་ཡིད་སྙིང་རྗེས་བརླན་པས་སྨྲས་པ། ལྷ་མ་ཡིན་རབ་དགོད་ལ་སོགས་པ་བཏག་པ་ཁྱེད་ཀྱི་སྙིང་ལ་བརྩེ་བ་མེད་དམ། དེ་སྐད་སྨྲས་ནས། ལྷའི་འདུན་ས་ཆོས་བཟང་ན་ལྷ་འཁོད་ པ་གང་ཡིན་པ་དེ་དག་བསྡུས་ནས་སླར་ལོག་གོ། །དེ་ནས་ལྷའི་དབང་པོ་སླར་ལོག་པ་མཐོང་ནས། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་སྨྲས་པ། འདི་ལྟར་ལྷའི་དབང་པོ་དེ་སླར་གཤེགས་སོ། །ལྷའི་དབང་པོ་དེ་སླར་གཤེགས་ཀྱིས་ ཁྱེད་ཀྱང་མ་ལུས་པར་སླར་གཤེགས་ཤིག་ཅེས་སྨྲས་ནས། རྒྱལ་བ་ཐོབ་པའི་ལྷ་རྣམས་སླར་ལོག་སྟེ། དེ་ནས་ཡང་ཕན་ཚུན་དགའ་བའི་ཡིད་ཀྱིས་རང་གི་གནས་སུ་དོང་ངོ ། །ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་མངོན་པར་བསྟོད་ཅིང་ ས་སྲུང་གི་བུ་ལ་ཞོན་ཏེ། ཡིད་དགའ་བས་སུམ་ཅུ་རྩ་གསུམ་པའི་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འཛེགས་ཏེ་དོང་ངོ ། །ལྷ་རྣམས་ཀྱང་རང་རང་གནས་སུ་དོང་ནས། དེ་ནས་ཡང་གོ་མཚོན་དང ། ལག་ཆ་རྣམས་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དུ་བཞག་གོ། ། གླང་པོ་ཆེ་ས་སྲུང་གི་བུ་ཡང་སྤྲུལ་པ་དེ་དག་བསྡུས་ནས་ཐ་མལ་པར་གནས་ཏེ། རང་གི་རྫིང་བུ་པད་མ་དང ། ུད་པ་ལས་ཁེབས་པར་ཞུགས་སོ། །དེ་ལྟར་ལྷ་རྣམས་ལྷའི་འཇིག་རྟེན་དུ་དོང་ནས། གཟུགས་དང ། སྒྲ་དང ། དྲི་དང ། རོ་ཡིད་དུ་འོང་བ་ལ་ཉེ་ 69-1-52b བར་སྤྱོད་དེ། ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱི་གནས་སོ། །ཀླུའི་རྒྱལ་པོ། འཇོག་པོ་དང ། ནོར་རྒྱས་ཀྱི་བུ་ལ་སོགས་པ་རྒྱལ་བ་ཐོབ་པ་རྣམས་ཀྱང་སྙིང་རབ་ཏུ་དགའ་སྟེ། རང་གི་གནས་ལོངས་སྤྱོད་ལྡན་ག་ལ་བ་དེར་དོང་ངོ ། ། ལྷ་མ་ཡིན་བཏག་བཏག་སྟེ་ཉམས་པའི་ལྷག་མ་ལུས་ཤིག་ཤིག་པོར་གྱུར་པ་ཉམས་རབ་ཏུ་ཉམས་པའི་སེམས་ཅན་ངོ་ཚ་ནས་མགོ་སྨད་པ་རྣམས་ཀྱང ། བུད་མེད་རབ་ཏུ་ངུ་ཞིང་ཡིད་དམན་པ་རྣམས་ཀྱིས་མདུན་ནས་བསུ་བ་ན། སྒྲ་གཅན་གྱིས་ལྷ་མ་ཡིན་གྱི་དབང་པོ་སྙིང་ སྟོབས་ཉམས་པ་དེ་དག་ལ་སྨྲས་པ། ད་ལྟར་འཐབ་པའི་དུས་ལ་མ་བབ་བོ་ཞེས་ངས་སྔར་མ་བྱས་སམ། ད་དུང་དུ་མིའི་འཇིག་རྟེན་ན་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། རིགས་ཀྱི་ རྒན་རབས་ཀྱི་རྗེས་སུ་འཇུག་པ་དག་ཡོད་པས་ལྷའི་ཕྱོགས་ནི་རབ་ཏུ་འཕེལ་ལ། བདག་ཅག་གི་ཕྱོགས་ནི་འགྲིབ་པོ་ཞེས་བདག་གིས་སྔར་བསྒོ་ན། དེ་ཡང་ཁྱེད་ཀྱིས་མ་མཉན་ཏེ། བདག་གི་ཚིག་དེ་ལྟར་མ་བྱས་པས་འདི་ནི་དེའི་འབྲས་བུ་ཡིན་ནོ། །ལྷ་རྣམས་ཀྱིས་ལྷ་མ་ཡིན་ ཉམས་པར་བྱས་པ་འབུམ་ཕྲག་དུ་མ་གང་ཡིན་པ་དག་ལ་སྒྲ་གཅན་གྱིས་དེ་སྐད་སྨྲས་པ་དང ། ལྷ་མ་ཡིན་གཞན་ཞིག་གིས་ཀྱང་སྨྲས་པ། འདི་ལྟར་གཡུལ་འགྱེད་པའི་དུས་ལ་མ་བབ་བོ་ཞེས་སྨྲས་པ། མ་མཉན་པའི་འབྲས་བུ་ནི་འདི་ཡིན་ནོ། །ལྷ་མ་ཡིན་མགུལ་ཕྲེང་ གིས་ཀྱང་སྨྲས་པ། འདི་ལྟར་གང་གིས་མི་བྱ་བར་བྱ་བ་དེ་དག་གི་ངོ་བོ་མེད་པ་ལ་བློ་གྲོས་ངན་པ་འདི་སྐྱེས་པ་ཉེ་བར་གནས་སོ། །དེ་དག་ཐམས་ཅད་ཕན་ཚུན་དེ་སྐད་སྨྲེ་ཞིང་རང་རང་གི་གནས་ག་ལ་བ་དེར་དོང་ངོ ། །ཐགས་བཟངས་རིས་ཀྱང་གནས་གཞན་བཞི་པར་ ངོ་ཚ་ནས་མགོ་སྨད་དེ་ཞུགས་པ་དང ། ལྷ་མ་ཡིན་གྱི་བུ་མོ་ཉམས་པ་རབ་ཏུ་ངུ་ཞིང་ངོམ་ཟུམ་གནག་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རང་གི་གནས་སུ་དོང་ངོ ། །ཀླུ་རབ་འཇོམས་ལ་སོགས་པ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ། སྙིང་སྟོབས་རབ་ 69-1-53a ཏུ་ཉམས་པ་རྣམས་ཀྱང་ཀླུའི་གནས་ལོངས་སྤྱོད་ལྡན་ག་ལ་བ་དེར་དོང་ངོ ། །དེ་ལྟར་སྲེད་པའི་དུག་གིས་ཉམས་པའི་སེམས་ཅན་ཕན་ཚུན་རབ་ཏུ་ཉམས་པ་དག་འཁོར་བ་ན་འཁོར་ཞིང་འཁྱམ་ཡང་བདེ་བ་མི་མཐོང་ངོ ། །དེ་དག་རྗེས་སུ་མཐོང་ནས་འཕགས་ པ་ཉན་ཐོས་འདོད་པ་དག་གི་འདོད་ཆགས་དང་བྲལ་ལོ། །དེ་ནས་གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ལ་འདི་ལྟར་དགེ་སློང་འདི་ནི་ས་གཞན་བཅུ་བདུན་པ་ལ་ཞུགས་ཏེ། དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་ཞེན་ཏོ། །དེ་ཐོས་ནས་ གནོད་སྦྱིན་ཤིན་ཏུ་དགའ་ནས་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་རྣམས་ལ་སྦྲན་ཏོ། །དེ་དག་གིས་ཀྱང་འཇིག་རྟེན་སྐྱོང་བ་རྣམས་ལ་སྔ་མ་བཞིན་སྦྱར་ཏེ། ཆུང་དགེའི་བར་དུ་ཡང་དེ་བཞིན་དུ་སྦྲན་ཏེ། འདི་ལྟར་འཛམ་བུའི་གླིང་ན་རིགས་ཀྱི་བུ་ཆེ་གེ་མོ་ཞིག་གྲང་མང་ གེ་མོ་ཞིག་།གྲང་རྡལ་ག་གེ་མོ་ཞིག་ཏུ་མིང་ཆེ་གེ་མོ་ཞེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་བདུད་ཀྱི་ཡུལ་གྱི་དངོས་པོ་ནི་མི་འདོད། ཉོན་མོངས་པའི་དངོས་པོ་རྣམས་དང་ཡང་ལྷན་ཅིག་གནས་ པར་མི་བྱེད་ལ། འཁོར་བ་ལས་ཤིན་ཏུ་འདོད་ཆགས་དང་བྲལ་ཏེ། དེ་ལྟར་འབད་པས་ཀུན་དུ་ཁྱབ་ནས། ས་གཞན་བཅུ་བདུན་པ་ལ་ཞུགས་སོ། །དེ་ཐོས་ནས་ལྷ་རྣམས་ཤིན་ཏུ་དགའ་ནས་བསྟོད་དེ། འདི་ལྟར་གང་བདུད་ཀྱི་ཕྱོགས་ནི་འགྲིབ་ལ། དམ་པའི་ཆོས་ཀྱི་ཕྱོགས་ འཕེལ་བ་ནི་བདག་ཅག་དགའོ། །དུད་འགྲོའི་ལེའུ་རྫོགས་སོ།། །།དེ་ནས་གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སེམས་ཅན་དམྱལ་བ་དང་།དུད་འགྲོ་དང ། ཡི་དགས་ཉེས་པར་བྱས་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་ རྣམ་པར་སྨིན་པ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་བརྟགས་ཤིང་ཤེས་ཏེ། ཡིད་ལ་བཟུང་ནས་ལེགས་པར་བྱས་པའི་ལས་རྣམས་ལ་ཡང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ 69-1-53b དང་མི་འཐུན་པ་བདེ་བ་འདོད་པ་ཡིན་ལ། ལྷ་རྣམས་ནི་བདེ་བ་བསགས་པ་ལ་དགའ་བ་ཡིན་ཏེ། དེ་རྣམས་ཀྱི་ལས་ཀྱི་ཆོས་དང ། རྣམ་པར་སྨིན་པ་དང ། སྐྱེ་བ་དང ། འཆི་བ་ཤིན་ཏུ་ཕྲ་བ་དག་ལ་ཡང་རྟོག་པར་བྱེད་དོ། །ལས་དགེ་བ་བྱས་ཤིང་བསགས་པ་སོ་ སོར་ཡང་དག་པར་མྱོང་བར་འགྱུར་བ་ནི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདོད་པ་སྡུག་པ་ཡིད་དུ་འོང་བ་སོ་སོར་ཡང་དག་པར་མྱོང་བར་འགྱུར་བར་སོ་སོར་རིག་པར་བྱའོ། །དེ་ལ་ཚུལ་ཁྲིམས་རྣམ་པ་བདུན་གྱིས་མཐོ་རིས་སུ་སྐྱེ་བར་འགྱུར་ཏེ། ལུས་ཀྱི་གསུམ་ དང ། ངག་གི་བཞི་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་འདོད་པ་ན་སྤྱོད་པའི་ལྷ་དྲུག་གི་ནང་དུ་སྐྱེ་བར་འགྱུར་རོ། །ཆུང་ངུ་དང ། འབྲིང་དང ། ཆེན་པོས་འདོད་པ་ན་སྤྱོད་པའི་ལྷ་དྲུག་དག་།ཆུང་ངུ་དང ། འབྲིང་དང ། ཆེན་པོའི་འགྲོ་བ་འཐོབ་ སྟེ། ཚེ་ཐུང་ངུ་དང ། འབྲིང་དང ། རིང་པོ་དང ། ཁ་ཟས་ངན་པ་དང ། འབྲིང་དང ། བཟང་པོ་དང ། གཟུགས་ངན་པ་དང ། འབྲིང་དང ། བཟང་པོ་དང ། བརྩོན་འགྲུས་ཆུང་ངུ་དང ། འབྲིང་དང ། ཆེན་པོ་དང ། བདེ་བ་ཆུང་ངུ་དང ། འབྲིང་དང ། ཆེན་ པོར་འགྱུར་རོ། །དེ་ལ་ལྷའི་རིས་གཉིས་ནི་རི་རབ་ལ་གནས་སོ། །བཞི་ནི་སྤྲིན་གྱི་ཕུང་པོ་ལྟར་ནམ་མཁའ་ལ་གནས་སོ། །དེ་ལ་ལྷའི་རིས་དང་པོ་ནི་མདོར་བསྡུ་ན་རྒྱལ་ཆེན་བཞིའི་རིས་རྣམས་སོ། །དེ་དག་གི་གནས་དང་པོ་ནི་ཕྲེང་ཐོགས་རྣམས་ཏེ། དེ་དག་ ཀུན་ནས་རི་རབ་ཀྱི་ཕྱོགས་བཞི་ལ་རྟེན་ཅིང་གནས་སོ། །དེ་ལ་ཕྲེང་ཐོགས་དེ་རྣམས་ཀྱི་བྱེ་བྲག་དང་པོ་ཉིད་དུ་འབྱུང་བ་ནི་འདི་ལྟ་བུ་ཡིན་ལ།ཕྱོགས་ཕྱོགས་དེ་རྣམས་ཀྱི་བྱེ་བྲག་ཀྱང་མིང་དང་ལས་ཀྱིས་འགྱུར་ཏེ། དེ་ལྟར་ལས་དུ་མས་བསྐྱེད་པའི་ཚེ་དེ་ལ་གནས་པ་བདེ་བ་ ཉམས་སུ་མྱོང་བར་འགྱུར་ལ། གཟུགས་དང་ལང་ཚོ་དང་གཡོ་བ་རྣམ་པ་དུ་མར་འགྱུར་རོ། ལས་ཀྱི་དྲ་བ་ཀུན་ནི་རྒྱའི་འབུར་ལྟར་འབྱུང་སྟེ། རྒྱུ་མེད་པ་མ་ཡིན། འདོད་རྒྱལ་ལས་མ་བྱུང ། ལས་གཞན་གྱིས་བསྐྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྐྱེས་བུ་གང་བདག་སྐྱིད་པར་ 69-1-54a འདོད་ན་དགེ་བའི་ཆོས་རྣམས་ལ་འབད་པར་བྱའོ། །སེམས་ཅན་རྣམས་ཀྱི་ལས་དགེ་བ་དང་མི་དགེ་བ་དང ། ལུང་དུ་མ་བསྟན་པའི་ལས་ཀྱི་དྲ་བ་ནི་ཐོག་མ་མེད་པའི་དུས་ནས་ཞུགས་པ་ཡིན་ཏེ། ལས་ཀྱི་དྲ་བ་གང་གིས་སྦྲེལ་བའི་སེམས་ཅན་རྣམས་ནི་ཟོ་ཆུན་རྒྱུད་ མོ་ལྟར་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། མིའི་འཇིག་རྟེན་གྱི་འཁོར་བར་ཡོངས་སུ་འཁྱམ་མོ། །སྲོག་ཆགས་རྣམས་ནི་ཀུན་ནས་གར་གྱི་ལྟད་མོ་པ་ལྟ་བུ་ཡིན་ཏེ། དགེ་བའི་ལས་ཀྱི་མཐའ་སྤྱད་པ་ནི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ལ་ལྷ་རྣམས་གནས་པ་རིའི་ རྒྱལ་པོ་རི་རབ་ནི་རི་བོ་ཁྲི་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་བ་ཡིན་ལ། རིན་པོ་ཆེ་སྣ་ཚོགས་འབར་བའི་ཕྲེང་བའི་འོད་ཀྱིས་གསལ་བར་བྱས་པ། སྟེང་ན་འབབ་ཆུ་དང ། ལྟེང་ཀ་དང ། པད་མོའི་རྫིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། འཕང་དུ་དཔག་ཚད་བརྒྱད་ཁྲི་ བཞི་སྟོང་ཡོད་པ། ངོས་བཞི་རིན་པོ་ཆེ་ལས་བྱས་པ། ལས་ལེགས་པར་བྱས་པའི་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་བ། ས་བདེ་བ་འབར་བ་དུ་མས་གསལ་ཞིང་དགའ་བ་ཡིན་ཏེ། དེ་ལ་འདི་ལྟར་དགེ་སློང་དེ་ཐོག་མ་ཁོ་ནར་སའི་ཆ་རྣམ་པར་འབྱེད་དོ། །དེ་ལ་གནས་དང་པོ་ནི་ལྷ་ ཕྲེང་ཐོགས་རྣམས་ཀྱི་ཡིན་ལ། དེ་དག་གི་གནས་བཅུ་ཡོད་དེ། འདི་ལྟ་སྟེ། ཟུར་ལ་གནས་པ་དང ། མཐའ་ལ་གནས་པ་དང ། འབྲས་བུས་ཉེ་བར་འཚོ་བ་དང ། ཡོན་ཏན་དཀར་པོ་སྤྱོད་པ་དང ། ཐམས་ཅད་རབ་ཏུ་དགའ་བར་གནས་པ་དང ། འགྲོ་མགྱོགས་པ་དང ། ཡུལ་ལ་ཆགས་པ་དང ། འདོད་པ་ལ་ཆགས་པ་དང ། ཡིད་གཡོ་བ་དང ། ཚལ་དང་ཉེ་བའི་ཚལ་ན་གནས་པ་ཡིན་ཏེ། དེ་ལྟར་གནས་རབ་ཏུ་དབྱེ་བ་ནི་བཅུ་ཡོད་དོ། །རི་རབ་ཀྱི་ངོས་འཛམ་བུའི་གླིང་ལོགས་སུ་ལྟ་བ་གང་ཡིན་པ་དེ་ན་ནི། ཟུར་ན་གནས་པ་ཞེས་བྱ་བར་མིང་ བཏགས་སོ། །དེའི་འོག་ཏུ་གནས་པ་དེ་དང་དེ་གང་ཉེ་བ་ན་མཐའ་ལ་གནས་པ་ཞེས་བྱ་བར་མིང་བཏགས་སོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ཕྱོགས་གང་ཡིན་པ་དེ་ན་འབྲས་བུས་ཉེ་བར་འཚོ་བ་ཞེས་བྱ་བར་མིང་བཏགས་སོ། །དེ་དང་ཉེ་བ་ན་ཡོན་ཏན་དཀར་པོ་སྤྱོད་པ་གནས་ 69-1-54b སོ། །ཤར་གྱི་ལུས་འཕགས་ཀྱི་ཕྱོགས་གང་ཡིན་པ་དེ་ན་ཐམས་ཅད་རབ་ཏུ་དགའ་བར་གནས་པ་ཞེས་བྱ་བ་གནས་སོ། །དེ་དང་ཉེ་བ་ན་འགྲོ་མགྱོགས་གནས་སོ། །བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཕྱོགས་གང་ཡིན་པ་དེ་ན་ཡུལ་ལ་ཆགས་པ་གནས་སོ། །དེ་དང་ཉེ་ བ་ན་འདོད་པ་ལ་ཆགས་པ་དང ། དེ་དང་ཉེ་བ་ན་ཡིད་གཡོ་བ་དང ། དེ་དང་ཉེ་བ་ན་ཚལ་དང་ཉེ་བའི་ཚལ་ན་གནས་པ་ཞེས་བྱ་བ་གནས་ཏེ། དེ་དག་གི་གནས་སོ་སོ་ཀུན་ལ་དཔག་ཚད་སྟོང་སྟོང་ཡོད་དོ། །དེ་དག་གི་དང་པོ་ནི་རྒྱ་མཚོའི་ནང་གི་སྟེང་ཡིན་ཏེ། དེ་དག་གི་ཚེ་ནི་མི་ རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེའི་ཉིན་ཞག་གཅིག་ཡིན་ནོ། །དེ་ལྟར་བསྒྱུར་བའི་ལོ་ལྔ་བརྒྱ་ཐུབ་སྟེ། དུས་སུ་འཆི་བ་ཡང་ཡོད། དུས་མ་ཡིན་པར་འཆི་བ་ཡང་ཡོད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། གནས་དེ་དག་གི་ དགའ་བ་ལ་རྟོག་པར་བྱེད་དེ། ལས་གང་གིས་གནས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ལེགས་པར་བྱས་པའི་ལས་འདི་བྱས་ན་སྐྱེ་བར་འགྱུར་ཏེ། དེ་ནི་འདི་ལྟར་ཤིན་ཏུ་དང་བའི་སེམས་དེ་ལ་ཡིད་ཞུགས་པ་ གཞན་དུ་མ་གཡེངས་པའི་ཡིད་གསལ་བས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ལ་སྐྱབས་སུ་སོང་ན། དེ་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཟུར་ན་གནས་པ་ཞེས་བྱ་བ་དེར་ཤིན་ཏུ་དང་བའི་སེམས་དེ་སྐྱབས་སུ་སོང་བའི་རྒྱུས་སྐྱེ་བར་འགྱུར་རོ། །དེར་ སྐྱེས་ནས་ཀྱང་དེའི་ལུས་གཟི་བརྗིད་དང་ལྡན་ཞིང་ལུས་རང་གི་འོད་ཀྱིས་བརྒྱན་ལ་བདེ་བར་གནས་པར་འགྱུར་རོ། །འདི་ལྟ་སྟེ། ཆུང་ཟད་ཅིག་དཔེ་བྱ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་གང་ཡིན་པ་དེ་ནི་ལྷ་གནས་པ་གཅིག་གི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །གནས་ དེ་དག་ནི་ཆུའི་ནང་ན་མུ་ཏིག་གི་བྱེ་མ་ཡོད་ལ། དེའི་མིང་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདོད་པ་འབྱུང་ཞེས་བྱའོ། །དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། མཐའ་ལ་གནས་པ་དང ། ཟུར་ལ་གནས་པའི་ལྷའི་ཡིད་ལ་བསམས་པ་གང་ཡིན་པ་དེ་དག་ཆུའི་རྣམ་པ་ 69-1-55a ཆུ་བོ་དེ་ལས་འཐོབ་བོ། །གཞན་ཡང་ཆུ་བོ་མུ་ཏིག་དང ། བྱི་རུ་འབབ་པ་ཞེས་བྱ་བ་ཡོད་དེ། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ནོ། །དེ་ན་ཡང་རིན་པོ་ཆེ་རྣམ་པ་སྣ་ཚོགས་འབབ་སྟེ། འདི་ལྟ་སྟེ། བཻ་ཌཱུརྱའི་ཐུར་མ་དང ། རྡོ་རྗེའི་དུམ་བུ་ དང ། ནོར་བུ་མཐོན་ཀ་དང ། མཐོན་ཀ་ཆེན་པོ་དང ། སྤུག་མེ་མདོག་རྣམ་པ་དུ་མ་སྟེ། གཞན་ཡང་ཟུར་ན་གནས་པའི་ལྷ་དེ་དག་བརྒྱན་པར་བྱ་བའི་ཕྱིར་རྣམ་པ་དེ་ལྟ་བུ་དག་འབྱུང་ངོ ། །དེ་དག་གི་སེམས་ལ་བརྒྱན་པར་འདོད་པའི་རྒྱན་གང་ཡིན་པ་དག་དེ་ལ་འཐོབ་ པར་འགྱུར་རོ། །གཞན་ཡང་ཆུ་བོ་སྤོས་ཆུ་ཞེས་བྱ་བ་འབབ་སྟེ། དེ་ན་ཡང་བྱ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པས་བརྒྱན་ལ། འགྲམ་གཉི་ག་ཤིང་ལྗོན་པ་དང ། གསེར་གྱི་ཤིང་ལྗོན་པ་དབྱིབས་དང་ཁ་དོག་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ ཅིང་བྱ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བ་ཡིན་ནོ། །འདི་ལྟར་ལྷ་རྣམས་ཀྱིས་དྲི་བསྣམས་ན་ཡིད་རབ་ཏུ་དགའ་ལ། དེ་ལྟར་ཡང་དང་ཡང་རྟག་ཏུ་དེ་ལ་སྣས་བསྣམས་ནས་དྲི་ཚོར་བ་དང ། སྣོམ་པ་པོ་བརྒྱ་འགྱུར་དུ་ཡིད་དགའ་བར་འགྱུར་ཏེ། དེ་དག་གཞན་ཡང་ འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད་དོ། །ཤིང་རྣམས་ཀྱི་རྣམ་པ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། ཡལ་ག་དམར་ལ་ལོ་མ་ལྗང་ཁུར་འདུག་པ་དང ། ཡལ་ག་ལྗང་ཁུ་ལ་ལོ་མ་དམར་པོར་འདུག་པ་དག་གོ། །ལོ་མའི་ཁ་དོག་ ལྔ་ལ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། ལྗང་ཁུ་དང ། ནག་པོ་དང ། དཀར་པོ་དང ། བུང་བ་ཁ་དོག་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་མཛེས་པར་བྱས་པ་སྒྲ་འབྱིན་པ་རྣམས་ཀྱིས་རྟག་ཏུ་ཡིད་དགའ་བ་ཡིན་ཏེ། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་ འབྲས་བུ་དག་ལ་རྩེ་བར་བྱེད། དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །རི་རབ་དག་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་རྩེ་མོ་དང ། གད་ཁ་དང ། བུ་ག་དག་ཀྱང་ཡོད་དེ། དེ་ལ་རི་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ་མཐོ་ཞིང་བཀྲ་བ། འབབ་ཆུ་སྣ་ཚོགས་བསིལ་ 69-1-55b བ། བྱ་སྐད་སྙན་པ་འབྱིན་པ། སྤོས་ཀྱིས་བསྒོས་པ། དུས་ཚིགས་དང་རྟག་ཏུ་ལྡན་པ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་རི་རྣམ་པ་དེ་ལྟ་བུ་ལ་ཟུར་ན་གནས་པའི་ལྷ་རྣམས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ཅིང་བདེ་བ་སྣ་ཚོགས་ཀྱིས་ནི་མྱོས། ལྷ་ མོ་རྣམ་པ་སྣ་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། དགོད་པ་དང ། འགྱིང་བ་དང ། རྩེད་མོ་ནི་བྱེད་དེ། ཇི་སྲིད་དུ་གསུམ་ལ་སྐྱབས་སུ་སོང་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་འདོད་པ་སྡུག་པ་ཡིད་དུ་འོང་བ་ཟད་པར་མ་གྱུར་པ་དེ་སྲིད་དུ་འདོད་པའི་ཡོན་ ཏན་ལྔ་རྣམས་ཀྱིས་དགའ་བར་བྱེད་ལ། ཕྱིས་ཀྱང་མྱ་ངན་ལས་འདས་པའི་མཐའ་འཐོབ་པར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་དགའ་ལ་མཆོག་ཏུ་བདེ་བ་དང་ལྡན་པར་སྤྱོད་པ་དང ། ནོར་རྫས་ དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་གཞན་མཐའ་ལ་གནས་པ་ཞེས་བྱ་བ་མཐོང་ངོ ། །ལྷའི་ འཇིག་རྟེན་དེར་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པ་གང་གིས་ཚུལ་ཁྲིམས་དང་ལྡན་པ་དག་ལ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་སྙམ་ཡིད་ལ་བྱས་ནས། ཆུ་བོ་ལས་བསྒྲལ་བའི་ཕྱིར་སྟེགས་ བཙུགས་སམ་གྲུ་བྱིན་ཏེ། ཆུ་བོ་ཆེན་པོ་སྐྱེ་བོ་མི་བདེ་བ་ལས་སྒྲོལ་བར་བྱེད་ཅིང་སྡིག་པ་ལ་ཡང་མི་འཇུག་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་མཐའ་ལ་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་ པའི་ལས་ཀྱི་མཐའ་སྤྱད་པ་དེ། ལྷའི་རིས་དེར་བདེ་བ་སྣ་ཚོགས་ལ་གནས་ཤིང་ལྷའི་འཇིག་རྟེན་དེ་པད་མའི་རྫིང་གིས་ཡོངས་སུ་བསྐོར་བ་ཡིན་ནོ། །དེ་ནས་པད་མའི་རྫིང་བསིལ་ལ་ཤིན་ཏུ་དང་བ་རོ་དང ། དྲི་དང་མདོག་སྐྱོན་མེད་པས་གང་བ་ཡིན་ལ། ལྷ་མོའི་ཚོགས་ 69-1-56a རྟག་ཏུ་དགོད་པ་དང ། ལྡེམ་པ་དང ། རྩེ་བ་དང ། ཡོངས་སུ་སྤྱོད་པ་རྣམས་ཀྱིས་གང་བ་ཡིན་ནོ། །དེ་ན་དེ་ལྷ་མོའི་ཚོགས་མང་པོ་དག་གིས་ཤིན་ཏུ་མཆོད་ལ། ལུས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཏོ། །རྣ་བར་སིལ་སྙན་རྣམ་པ་ལྔ་དང་ལྡན་ལ། ལྷ་ མོ་དེ་རྣམས་ཀྱིས་ཉེ་བར་རྩེན་ཏེ། བདེ་བར་གནས་པ། ཚལ་དང ། ཉེ་བའི་ཚལ་དང ། ལྟེང་ཀ་དང ། ཀུན་དགའ་ར་བ་རྣམས་སུ་བདེ་བ་མྱོང་བར་བྱེད་དོ། །དེ་ན་ལྟེང་ཀ་ཡོད་པ་དག་ནི་འདི་ལྟ་སྟེ། འབབ་བདེ་དང ། བུད་མེད་སྡུག་དང ། མཐོང་དགའ་དང ། ཀུན་དགའ་ དང ། སྤྲིན་ཕྲེང་དང ། ལྟེང་ཀ་ཕྲེང་དང ། ཡིད་བཞིན་སྣ་ཚོགས་དང ། དུས་མི་མཐོང་ངོ ། །ཚལ་དག་ཀྱང་ཡོད་དེ། མཐོང་ན་ཉམས་དགའ་དང ། མཐོང་ན་ཡིད་འཐུན་དང ། རླུང་ལེགས་པར་མངོན་ལྡང་དག་གོ་།མེ་ཏོག་གི་རྣམ་པས་མཛེས་པ་བཞི་ཡོད་དེ། འདི་ལྟ་སྟེ། སྤོས་འབྱུང་དང ། སྣ་ཚོགས་དང ། བུང་བ་མངོན་དགའ་དང ། རྟག་ཏུ་ཉམས་དགའ་སྟེ། ཚལ་དེ་རྣམས་སུ་ལྷ་དེ་ལྷ་མོ་རྣམ་པ་སྣ་ཚོགས་དག་གིས་ཡོངས་སུ་བསྐོར་ཅིང་འདོད་པའི་ཡོན་ཏན་ལྔ་ལ་སེམས་ཆགས་པ་བདེ་བ་མྱོང་བར་བྱེད་དོ། །རིན་པོ་ཆེ་སྣ་ ཚོགས་ཀྱིས་ལུས་བརྒྱན་པ་དེ་ཐོགས་པ་མེད་པའི་འགྲོས་དང ། ཉམས་པ་མེད་པའི་འགྲོས་ཀྱིས་གང་དགའ་བར་འགྲོ་ཞིང་གར་དགའ་བར་བྱེད་དོ། །ཡུལ་ལྔ་ལ་ཆགས་པ་དེ་རི་ལས་ཆུ་བོ་འབབ་པ་ལྟར་ཉིན་གཅིག་བཞིན་བདེ་བ་འཕེལ་ཏེ། དབང་པོ་ལྔ་པོ་ཆུ་ལྟ་བུ་འདོད་ པ་རླབས་ལྟ་བུ་དག་ལ་རྩེ་ཞིང་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ། ནགས་ཚལ་ནས་ནགས་ཚལ། ལྟེང་ཀ་ནས་ལྟེངཀ་།གསེར་གྱི་རིའི་རྩེ་མོ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ནས། རིའི་རྩེ་མོ་གཞན་དག་ལ་འགྲོ་བར་བྱེད་དོ། །རྩེ་བར་བྱེད་པ་ལྷ་མོ་ཡིད་དུ་འོང་ཞིང་ དགའ་བ་མེ་ཏོག་ཕྲེང་བཟང་པོ་དཔེ་མེད་པ་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་བཟའ་བ་དང ། བཏུང་བ་རྣམ་པ་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་ཚིམ་པ་ཡིན་ཏེ། དེ་ལྟར་དེ་ཇི་སྲིད་དུ་དེའི་འདོད་པ་སྡུག་པ། ཡིད་དུ་འོང་བ་ལེགས་པར་བྱས་པའི་ལས་ཀྱི་སྤྲུལ་པ་ 69-1-56b དཔེ་མེད་པ་ལེགས་པར་བྱས་པའི་རྒྱུ་ལས་བྱུང་བ་ཟད་པར་མ་གྱུར་པ་དེ་སྲིད་དུ་བདེ་བ་དེ་མྱོང་བར་བྱེད་དོ། །དེ་ལས་དེ་ཟད་ནས་དེ་ནས་ཤི་སྟེ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ནས། ལས་དེ་དང་རྒྱུ་འཐུན་པར་དེ་དྲང་དཀན་ཆེ་ལ་འབྱོར་པ་དང་ལྡན་ཞིང་རྒྱལ་ པོའི་མཛོད་ཀྱི་སྤྱན་དུ་ཡང་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་གསུམ་ པ་འབྲས་བུས་ཉེ་བར་འཚོ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ལེགས་པར་བྱས་པའི་ལས་གང་གིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པ་ལུས་དང ། ངག་དང ། ཡིད་རབ་ཏུ་ཞི་བ། བྱམས་པ་བསྒོམས་པའི་སེམས་གང་གིས་ལོ་ཉེས་མི་བཟད་པ་ཕལ་ཆེར་བྱུང་བའི་ཡུལ་རྣམས་སུ། འདི་ལྟར་ལམ་དུ་ཞུགས་པ་བཀྲེས་པར་གྱུར་པ་གང་ཡིན་པ་དེ་དག་འབྲས་བུ་དེ་རྣམས་ཀྱིས་ཤིན་ཏུ་ཚིམ་ཞིང་བདེ་བར་གནས་པར་བྱའོ་སྙམ་ནས། སེམས་ཅན་རྣམས་ལ་ཕན་པ་དང་ བདེ་བར་བྱ་བའི་ཕྱིར་འབྲས་བུའི་ཤིང་ངམ། ཀུན་དགའ་ར་བ་དག་བསྐྱེད་ཅིང་བྱས་ལ། དེ་དག་ཀྱང་དེ་ལྟར་ཤིན་ཏུ་བདེ་བར་གྱུར་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན་འབྲས་བུ་ཉེ་བར་འཚོ་བ་ཞེས་བྱ་བའི་ལྷ་དེ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ ནས་ཀྱང་དེ་ལྷ་མོ་གཟུགས་དང་ལང་ཚོ་དཔེ་མེད་པ་དང་ལྡན་པ། བདེ་བར་གནས་པ་མཚུངས་པ་མེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བར་འགྱུར་རོ། །ཚལ་དང་ཉེ་བའི་ཚལ་དང ། ལྷའི་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དང ། གསེར་གྱི་བྱི་རུའི་དྲ་བ་འཕྱང་བ་དང ། དྲིལ་བུ་གཡེར་ཀའི་སྒྲ་བསྒྲགས་པ་དེ་དག་ཤིན་ཏུ་དགའ་བར་བྱེད་དེ། བདེ་བ་ལ་ཆགས་པའི་དབང་པོ་ལྔ་ཤིན་ཏུ་བདེ་བ་དང་ལྡན་ནོ། །དེ་ན་ཚལ་དང་དགའ་བར་འགྱུར་བ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འབྲས་བུ་ཀུན་ཕྱེད་ཅེས་བྱ་བའི་ཚལ་དང ། ཀུན་དགའ་ 69-1-57a གཞི་ཞེས་བྱ་བའི་ཚལ་དང ། དམའ་བ་དང་མཐོ་བ་ཞེས་བྱ་བའི་ཚལ་དང ། ཀུན་ནས་བདེ་བ་ཞེས་བྱ་བའི་ཚལ་དང ། རྟག་ཏུ་དགའ་བ་ཞེས་བྱ་བའི་ཚལ་དང ། བུང་བ་རྟག་མྱོས་ཞེས་བྱ་བའི་ཚལ་དང ། གསེར་གྱི་གྲིབ་མ་ཞེས་བྱ་བའི་ཚལ་ཏེ། ཚལ་ དེ་རྣམས་སུ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་ལ། པད་མའི་ཚལ་དང ། ལྟེང་ཀ་དང ། འབབ་ཆུ་སྒྲ་ལྷུང་ལྷུང་འབབ་པའི་ཚལ་རབ་ཏུ་མང་པོ་དག་ན་ཡང་དགའ་བར་བྱེད་དོ། །རང་གི་འོད་དང་ཤིང་ལྗོན་པ་རབ་ཏུ་འབར་ཞིང་གསལ་བ་དང ། བྱ་རྟག་ཏུ་མྱོས་ཤིང་སྒྲ་འབྱིན་པ་དང ། ཁ་ཟས་མང་པོ་བཟས་མི་ལང་བ་དང ། རིན་པོ་ཆེ་སྣ་བདུན་གྱིས་མཛེས་པར་བྱས་པ་རི་བོའི་རྩེ་མོ་རྣམ་པ་སྣ་ཚོགས་དག་ན་ཡང་མངོན་པར་དགའ་བར་བྱེད་དོ། །དེ་ན་རི་རབ་ཀྱི་རྩེ་མོའི་མིང་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ། རིའི་འོད་ ཀྱི་ཕྲེང་བ་ཞེས་བྱ་བ་དང ། འཛམ་བུའི་ཚལ་དང ། ཆུ་དཀར་དང ། དགོད་ཕྲེང་དང ། རྟག་དགའ་སྟེ། རི་བོའི་རྩེ་མོ་དེ་དག་ན་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དག་མངོན་པར་དགའ་བར་བྱེད་དོ། །རང་གིས་ལེགས་པར་བྱས་པའི་ལས་ཀྱིས་བསྒྱུར་ཏེ། གནས་ པ་རྟག་ཏུ་ཡུལ་ལ་དགའ་སྟེ། ཇི་སྐད་བསྟན་པའི་གནས་དེ་དག་ན། ལྷ་མོ་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །འདིར་ཚིགས་སུ་བཅད་པ། མཐོ་རིས་ཐམས་ཅད་འདོད་པ་ནི། །རྒྱུ་ཆུང་བ་ཡིས་ཐོབ་པར་ འགྱུར། །དེ་བས་ཉེས་པར་སྤྱད་སྤངས་ཏེ། །རྟག་ཏུ་ལེགས་པར་སྤྱད་ལ་སྤྱོད། །སྦྱིན་པ་སེམས་ལ་གོམས་པ་དང ། །ཚུལ་ཁྲིམས་ཡོངས་སུ་བསྲུངས་པ་ནི། །འདོད་པའི་ཡོན་ཏན་ལྔ་འབྱོར་པ། །ལྷ་ཡི་གནས་སུ་འགྲོ་བར་བྱེད། །ཇི་ལྟར་ཚུལ་ཁྲིམས་ལེགས་ བསྲུངས་པ། །ཕ་མ་དོན་དང་བཤེས་གྲོགས་དང ། །གཉེན་འདུན་དག་གི་བདེ་བ་ཡང ། །དེ་ལྟ་བུར་ནི་མྱོང་མི་འགྱུར། །ཚུལ་ཁྲིམས་འདི་དང་ཕ་རོལ་སྐྱོབ། །ཚུལ་ཁྲིམས་འདི་ཡི་རྟེན་གྱི་མཆོག་།ཚུལ་ཁྲིམས་རྟག་ཏུ་ལྡན་པའི་མི། །བདེ་ལས་བདེ་བ་འཐོབ་ 69-1-57b པར་འགྱུར། །རང་གི་ལས་ཀྱིས་བསྒྱུར་བ་དག་།སྦྱིན་དང་ཚུལ་ཁྲིམས་ཡང་དག་སྤྱོད། །མི་གང་གཙང་མར་སྤྱོད་པ་རྣམས། །དེ་དག་ལྷ་ཡི་གནས་སུ་འགྲོ། །ཚུལ་ཁྲིམས་གཏེར་ནི་ཟད་མི་ཤེས། །ཚུལ་ཁྲིམས་བདེ་བ་མཐའ་ཡས་ཏེ། །ཚུལ་ཁྲིམས་ལྷག་ པར་སྲུང་བའི་མི། །རྟག་ཏུ་བདེ་བར་གནས་པ་ཡིན། །བསྔགས་པ་དང་ནི་ནོར་འདོད་དང ། །ཕ་རོལ་མཐོ་རིས་དག་ལ་དགའ། །བདེ་གསུམ་ཚོལ་བར་འདོད་པ་ཡི། །བློ་དང་ལྡན་པས་ཚུལ་ཁྲིམས་སྲུངས། །མི་གང་ཚུལ་ཁྲིམས་ལྡན་པ་ནི། །ཚུལ་ཁྲིམས་ཉིད་ ལ་རྟེན་པར་བྱེད། །གང་ལ་འཆི་བ་མེད་པ་ཡི། །བདེ་ལས་དེ་ནི་མྱ་ངན་འདའ། །ཐོག་མ་མེད་པའི་འཁོར་བ་ནས། །འདོད་ཆགས་གཏི་མུག་ལ་སོགས་བསྒྲིབས། །སྣང་བྱེད་མཆོག་ནི་ཚུལ་ཁྲིམས་ཏེ། །དེ་བས་ཚུལ་ཁྲིམས་ཡང་དག་སྤྱོད། །ཚུལ་ཁྲིམས་ མཚོ་ལྟར་རྙོག་མེད་པ། །ཚུལ་ཁྲིམས་དེ་ནི་བསྔགས་པ་ཡིན། །རྒྱལ་པོ་ཆོམ་རྐུན་མེ་དང་ཆུས། །ཚུལ་ཁྲིམས་ནོར་ལ་འཕྲོགས་མི་ནུས། །དེ་བས་ཚུལ་ཁྲིམས་རྟག་ཏུ་བརྟེན། །ཚུལ་ཁྲིམས་འཆལ་པ་རྣམ་པར་སྨད། །ཚུལ་ལ་མངོན་པར་དགའ་བའི་ མི། །དེ་ནི་མྱ་ངན་འདས་དང་ཉེ། །སྐྱེས་བུ་ཚུལ་ཁྲིམས་ལྡན་པ་བསྔགས། །ཚུལ་ཁྲིམས་ལྡན་པའང་སྟེན་པར་བྱེད། །ཚུལ་ཁྲིམས་ཉི་མ་ལྟ་བུར་མཛེས། །ཚུལ་ཁྲིམས་འཆལ་པ་རྣམ་པར་སྨད། །དྲི་མ་མེད་ཅིང་གནོད་པ་མེད། །རིམས་ནད་མེད་ཅིང་མྱ་ངན་ མེད། །རྫོགས་སངས་རྒྱས་ཀྱིས་ཚུལ་ཁྲིམས་བསྔགས། །མྱ་ངན་འདས་པའི་གྲོང་ཁྱེར་ཉེ། །རྟག་ཏུ་ཚུལ་ཁྲིམས་ལྡན་པ་ཡི། །མི་དག་ངེས་པར་ཀུན་ཏུ་འགེངས། །ཚུལ་ཁྲིམས་ཡོངས་སུ་བསྲུངས་པ་ནི། །འཆི་བའི་ཚེ་ན་མི་འཇིགས་སོ། །ཚུལ་ཁྲིམས་ཐོག་ མ་ཐ་མར་དགེ་།བདེ་བ་ཐམས་ཅད་རབ་ཏུ་འཇུག་།སྐྱེས་བུ་ཚུལ་ཁྲིམས་ལྡན་པ་བསྔགས། །ཚུལ་འཆལ་དགའ་བ་བ་ལང་ཡིན། །ཚུལ་ཁྲིམས་འཆལ་པའི་མི་དག་ནི། །དུད་འགྲོ་རྣམས་དང་མཚུངས་པ་ཡིན། །བྱ་དང་མི་བྱ་མི་ཤེས་ཏེ། །དེ་བས་ཚུལ་ཁྲིམས་ 69-1-58a ཡང་དག་སྤྱོད། །ཚུལ་ཁྲིམས་གོས་ཀྱིས་གང་གཡོགས་པ། །སྐྱེས་བུ་དེ་ནི་གཡོགས་པ་ཡིན། །ཚུལ་ཁྲིམས་སྤངས་པ་གང་ཡིན་པ། །གཅེར་བུ་དེ་ནི་ཕྱུགས་དང་མཚུངས། །སྐྱེས་བུ་ཚུལ་ཁྲིམས་ལྡན་པ་ནི། །རང་གི་སྐྱེད་ཚལ་འགྲོ་བ་བཞིན། ། ཚུལ་ཁྲིམས་ལྡན་པ་འདིར་འོངས་པ། །དེར་ནི་གཉེན་ལྟར་སེམས་པར་བྱེད། །ཚུལ་ཁྲིམས་གཙང་མ་ཡང་དག་སྤྱོད། །དགེ་བའི་ལས་དང་ལྡན་པ་ཡི། །སྐྱེ་བོ་བྱ་བ་ལེགས་བྱས་པ། །དེ་ནི་ལྷ་ཡི་འཇིག་རྟེན་འགྲོ། །སྐྱེས་བུ་ཚུལ་ཁྲིམས་རྟག་ལྡན་པ། །འདོད་པ་ གང་དང་གང་ཚོལ་བ། །དེ་དག་དེ་ཡི་སོ་སོར་འགྲུབ། །ཚུལ་ཁྲིམས་ཀྱིས་ནི་ཡོངས་སུ་འཕེལ། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཚུལ་ཁྲིམས་གྲོགས་ཀྱི་མཆོག་ཡིན་ནོ། །དེ་བས་གྲོགས་པོ་ཡོན་ཏན་མཆོག་།ཚུལ་ཁྲིམས་ཉིད་ལ་རྟག་ཏུ་སྤྱོད། །བཀྲེས་སྐོམ་ འཇིགས་པ་མི་བཟད་པ། །ཉམ་ངར་སྐྱོབ་པ་མཆོག་ཡིན་ཏེ། །ཚུལ་ཁྲིམས་གནས་ཤིང་བསྒོམས་པ་བསྟོད། །འཇིག་རྟེན་ཕ་རོལ་ཉེ་བར་འགྲོ། །གང་ཞིག་ཚུལ་འབྲས་འདི་ལྟ་བུར། །གལ་ཏེ་ཚུལ་ལྡན་རབ་ཤེས་ན། །དེ་ནི་མཚོན་རྣོན་ཐོགས་ནས་འདིར། ། བདག་ཉིད་མགུལ་གཅོད་ལ་སོགས་བྱེད། །དཔེ་མེད་བཤད་དུ་མེད་པ་སྟེ། །ཤིན་ཏུ་དགེ་དང་ཡང་དག་ལྡན། །ཚུལ་ཁྲིམས་འབྲས་བུ་དྲི་མ་མེད། །བདེ་བར་གཤེགས་པས་རབ་ཏུ་བསྟན། །དང་པོ་དེ་བཞིན་བར་དུ་དགེ། །དེ་བཞིན་ཐ་མར་དགེ་བ་ཡིན། །ཚུལ་ཁྲིམས་ འབྲས་བུ་དྲི་མ་མེད། །དེ་ནི་དགེ་ལས་བདེ་ཆེན་ཐོབ། །དེ་བས་དེ་ཡིས་དེའི་ཡོན་ཏན། །རིག་ནས་ཚུལ་ཉིད་རྟག་ཏུ་སྤྱོད། །འདི་དང་གཞན་དུ་སྐྱོབ་བྱེད་པ། །ཚུལ་ཁྲིམས་ལྟ་བུ་གང་ཡང་མེད། །དེ་ལྟར་དགེ་སློང་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་དེ་ཁོ་ན་ཉིད་ལ་སེམས་པ་ དེ། ཚུལ་ཁྲིམས་ལ་ནི་སྟོད་པར་བྱེད་ལ། ཚུལ་ཁྲིམས་འཆལ་པ་ལ་ནི་རྟག་ཏུ་སྨོད་པར་བྱེད་དོ། །དེ་ལྟར་དེ་ལྷའི་གནས་ན་འདོད་པའི་ཡོན་ཏན་ལྔ་འབྱོར་པས་བདེ་སྟེ། དེར་ཇི་སྲིད་དུ་དགེ་བའི་ཚུལ་ཁྲིམས་དེ་སོ་སོ་ཡང་དག་པར་ལྡན་པར་འགྱུར་བ་དེ་སྲིད་དུ་དགའ་བར་ 69-1-58b བྱེད་དོ། །དེ་དག་ཟད་ནས་ཤི་སྟེ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་རྫུ་འཕྲུལ་དང་ལྡན་ཞིང་གཟུགས་ཤིན་ཏུ་བལྟ་ན་སྡུག་པ་དང ། གནས་དང་ཉེ་བའི་ཚལ་གྱི་བར་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་ བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་བཞི་པ་གང་ན་ལྷ་དག་དགའ་བར་བྱེད་པ། ཡོན་ཏན་དཀར་པོ་སྤྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་ དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་མེ་ཏོག་ཕྲེང་བས་འཚོ་བ་བློ་ཞན་པ་ཡིད་དང་བས་སེམས་ཆུང་ཟད་བསྐྱེད་པ། ཞིང་དང་དངོས་པོ་ཁོ་ན་ཡོན་ཏན་དང་ལྡན་ལ་སེམས་ཡོན་ཏན་དང་ལྡན་པ་མ་ཡིན་པ་ལམ་དུ་ ཞུགས་པ་གང་གིས་སངས་རྒྱས་སམ། མཆོད་རྟེན་དག་ལ་མེ་ཏོག་སྙིམ་པ་གང་ཞིག་ཕུལ་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡོན་ཏན་དཀར་པོ་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལུས་ཡོན་ཏན་དཀར་ པོའི་ཕྲེང་བ་བཏགས་སོ། །གནས་དེ་ཡང་ཀུན་ནས་བཻ་ཌཱུརྱ་བས་ལྷག་པའི་རིན་པོ་ཆེ་སྣ་བདུན་གྱི་རྡོ་རྣམས་ཀྱིས་མཛེས་པ་ཡིན་ནོ། །གནས་དེ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པའི་བྱ་སྐད་སྙན་པ་འབྱིན་པ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བ་ཀུན་ནས་གསལ་བ་ཡིན་ ཏེ། དེ་ནས་ཡང་བརྒྱ་འགྱུར་དུ་ཤིན་ཏུ་གསལ་བས་མཛེས་པ་ཡིན་ནོ། །དེ་ལྟར་གནས་དེ་རྣམ་པ་དུ་མས་བརྒྱན་ཅིང་ཤིང་ལྗོན་པ་རྣམས་ཀྱིས་ཀྱང་མཛེས་པ་ཡིན་ཏེ། འདི་ལྟ་སྟེ་འགྲམ་ན་པད་མ་སྐྱེ་བ་དང ། རྒྱན་དུ་བྱ་བར་བློ་ཡོད་པ་ལྟ་བུའི་ཤིང་ལྗོན་པ་དག་ལ་གོས་ སྤོས་ཀྱིས་བསྒོས་པའི་དྲི་རྣམས་ཀྱིས་དཔག་ཚད་དུ་ཁྱབ་ལ། མེ་ཏོག་རྟག་ཏུ་འབྱུང་བ་དང ། འབྲས་བུ་རྟག་ཏུ་འབྱུང་བ་ཡིན་ཏེ། གནས་དེ་རྣམ་པ་དེ་དག་དང ། གཞན་དེ་དག་གིས་མཛེས་པ་ཡིན་ནོ། །དེ་ན་བདེ་བ་ལ་གནས་པ་དེ་དག་ཀུན་དགའ་ར་བ་དང ། ཆུ་བོ་དང་ 69-1-59a ལྷ་མོའི་ཚོགས་སྣ་ཚོགས་གླུ་ལེན་ཅིང་ཡུལ་ནས་ཡུལ་དང ། གནས་ནས་གནས་དང ། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་ཡོངས་སུ་རྒྱུ་བ་ན་བདེ་བ་དག་མྱོང་བར་བྱེད་ལ། བགད་པ་དང་རྩེས་པ་དང ། དགའ་བ་དང ། དགའ་དགུར་སྤྱད་དེ་བདེ་བར་གནས་ པ་དགའ་དགུར་སྤྱོད་པ་སྤྱད་ཅིང་བདེ་བ་དཔེ་མེད་པ་དག་མྱོང་བར་བྱེད་དོ། །གནས་དེ་དམའ་བ་དང ། མཐོ་བར་ཡང་འགྱུར་ཏེ། མར་སར་ལྟར་འཇམ་པ་རྐང་པ་བཞག་ན་ནེམས་ཞེས་བྱེད་ལ། རྐང་པ་བཏེག་ན་པར་ཅེས་བྱེད་དོ། །གནས་དེ་ཕྱོགས་གཞན་དག་ཏུ་ཤིང་བལ་ ལྟར་ཡང་འཇམ་པར་འགྱུར་ཏེ། ནེམས་ཞེས་བྱེད་པ་དང ། པར་ཅེས་བྱེད་པ་ནི་སྔ་མ་བཞིན་ནོ། །ཤིང་ཐམས་ཅད་ཀྱང་རང་ལས་འོད་འབྱུང་སྟེ། ཉི་མའི་འོད་ལྟར་བདེ་བ་ཡིན་ལ།གསེར་གྱི་ཤིང་ལྗོན་པ་དེ་རྣམས་ནི་གནས་ཀྱང་ལོ་མ་རྙིས་པར་མི་འགྱུར། མེ་ཏོག་རྙིས་ པར་མི་འགྱུར་ཏེ། དེ་ལྟར་ལས་ལས་སྐྱེས་པའི་ཚུལ་ཁྲིམས་ཀྱི་དབང་གིས་ཡོངས་སུ་སྦྲེལ་ལ། ལེགས་པར་བྱས་པའི་ལས་ཀྱིས་མངོན་སུམ་དུ་གྱུར་པ་རྒྱའི་འབུར་ལྟ་བུར་ལྷའི་བདེ་བ་དཔེ་མེད་པ་དག་མྱོང་ངོ ། །རྣམ་པ་དེ་ལྟ་བུར་ཉམས་དགའ་བ་སྐྱེད་མོས་ཚལ་དང ། ནགས་ ཚལ་དང ། ལྟེང་ཀ་དེ་དག་ཏུ་རང་གི་ལས་ངན་པ་དང ། འབྲིང་དང ། བཟང་པོ་རྣམས་ཀྱིས་ལྷ་དག་རྩེ་བར་བྱེད་ཅིང་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱིས་ལུས་བརྒྱན་པ་རྣམས་རང་ལས་འོད་འབྱུང་ལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དག་མྱོང་ཞིང་དེ་ དག་གི་ལུས་ནམས་ཀྱང་ཉམས་པར་མི་འགྱུར་ལ། བཀྲེས་པ་དང ། སྐོམ་པ་ཡང་མེད་དོ། །སྒྲ་དང་རོ་དང་གཟུགས་དང་དྲི་ཞིམ་པ་རྣམས་ཀྱིས་ཚིམ་པ་མེད་པའི་ལྷ་སྲེད་པ་ལ་སེམས་ཆགས་པ་དག་གང་དང་གང་འདོད་པ་དེ་དང་དེ་ཉིད་ལྷ་རྣམས་ལ་འགྲུབ་ལ། གང་དང་གང་ འགྲུབ་པ་དེ་དང་དེ་དག་གཞན་གྱིས་ཉམས་པར་མི་བྱེད་དོ། །ལྷ་རང་དགར་སྤྱོད་ཅིང་རྟག་ཏུ་མགུ་བ། རྟག་ཏུ་ཡིད་རབ་ཏུ་དགའ་བ། གར་དགའ་དགུར་རབ་ཏུ་འགྲོ་བའི་ལྷ་སྤྲུལ་པ་དག་རང་དགར་རྣམ་པར་རྒྱུ་ལ། ལུས་སྦོམ་པའི་ལྷ་དག་ནི་ལུས་ཡང་བར་འགྱུར་རོ། །མིག་ 69-1-59b འཛུམས་པ་དང་ཕྱེ་སྟེ་འགྲོ་བའི་ལྷ་དག་ནི་མིག་འཛུམས་པ་དང་ཕྱེ་བས་དཔག་ཚད་བྱེ་བ་བྱེ་བར་འགྲོ་ཡང་ངལ་བ་མེད་ལ་ཡང་བར་འགྱུར་རོ། །དཔེར་ན་ནམ་མཁའ་ལ་རླུང་ངལ་བར་མི་འགྱུར་ལ། དེ་བཞིན་དུ་ལྷ་རྣམས་ལ་ཡང་ངལ་བའི་སྐྱོན་མེད་པར་འགྱུར་རོ། །ཡིད་ གསལ་བའི་ལྷ་རྣམས་ཀྱི་ལུས་ནི་ཡང་ལ་དྲི་མ་དང་བྲལ་བ་ཡིན་ནོ། །ཐམས་ཅད་དུ་འགྲོ་བར་ནུས་པ་དག་ནི་གཟུགས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་ལ། ལྷ་དང་ལྷ་མོ་རབ་ཏུ་དགའ་བས་ཀུན་ཏུ་གང་བ། ལྷའི་ན་ཆུང་ཐམས་ཅད་ཚལ་དང་ཉེ་བའི་ཚལ་དག་ན་འཁོད་པ། ལྷ་དང་ ལྷ་མོ་རྣམས་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་འདོད་པ་མྱོང་བར་བྱ་བ། སྡུག་པ་མྱོང་བར་བྱ་བ། ཡིད་དུ་འོང་བ་མྱོང་བར་བྱ་བ་དང ། བདེ་བར་གནས་པ་མྱོང་བར་བྱ་བ་རྣམས་ཀྱིས་དགའ་བར་བྱེད་དོ། །དེ་ལྟར་ཕན་ཚུན་གནས་པ་མཐོ་རིས་ཀྱི་གནས་རི་བྲགས་དང ། ཚལ་ དང་ཉེ་བའི་ཚལ་གྱི་བར་སྣ་ཚོགས་དག་ན་འབྲལ་བའི་སྡུག་བསྔལ་རྩིས་ལ་མ་ཆགས་པར་ཡུལ་མི་བརྟན་པ་རྣམས་ཀྱིས་ཉིན་གཅིག་བཞིན་མྱོས་པ་ན་བག་མེད་པར་གནས་པ་དགའ་བའི་འདོད་ཆགས་ཀྱི་མོད་ལས་བྱུང་བའི་སྲེད་པས་བསླུས་པ་རྣམས། ཇི་སྲིད་དུ་དེའི་ འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་མཐོ་རིས་སུ་སྐྱེ་བའི་རྒྱུ་ལས་བྱུང་བ། བྱས་ཤིང་བསགས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་རང་གི་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་ལེགས་པར་བྱས་པའི་ལས་ཀྱིས་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་གྲོང་ཁྱེར་གྱི་དཔོན་པོའམ་ཡུལ་གྱི་དཔོན་པོར་འགྱུར་ཏེ། སྐྱེ་བོ་ རྟག་ཏུ་དགའ་བ་རྣམས་ཀྱིས་གང་བའི་ཡུལ་དུ་སྐྱེ་བར་འགྱུར་ལ། ནད་མེད་པ་དང ། གཟུགས་བཟང་པོ་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་ 69-1-60a པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་ཐམས་ཅད་དགའ་བར་གནས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ ཁྲིམས་དང་ལྡན་པའི་སེམས་པ་གང་གིས་གཞན་ལ་མི་གནོད་པར་མེ་ཏོག་བསྐྱེད་ནས་སམ། ཚོང་ཟོང་གིས་ཉོས་ནས་བཏོགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཐམས་ཅད་དགའ་བར་གནས་ པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་བདེ་བ་རྣམ་པ་བཞི་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། འགྲན་ཟླ་མེད་པ་དང ། གར་དགའ་དགུར་འགྲོ་བ་དང ། ལྷ་གཞན་གྱི་ཟིལ་གྱིས་མི་ནོན་པ་དང ། ལྷ་མོ་ཡང་ལྷ་གཞན་ལ་མི་རྟེན་པ་དང ། སིལ་ སྙན་ཡན་ལག་ལྔ་དང་ལྡན་པས་སྐྱིད་པར་བྱེད། ཡོངས་སུ་སྤྱོད་པར་བྱེད། རྩེ་བར་བྱེད། དགའ་བར་བྱེད། ཡང་དག་པར་དགའ་བར་བྱེད་ཅིང་གནས་སོ། །རྩེ་བ་རྣམ་པ་སྣ་ཚོགས་ཀྱིས་རྩེ་བར་བྱེད་དེ། འདི་ལྟ་སྟེ། ཆུ་ན་རྩེ་བ་དང ། པད་མའི་རྫིང་ལ་རྩེ་བ་དང ། མེ་ ཏོག་ལ་རྩེ་བ་དང ། འབྲས་བུ་ལ་རྩེ་བ་དང ། སྤོས་ལ་རྩེ་བ་དང ། བྱ་ལ་རྩེ་བ་དང ། ཚལ་གྱི་ནང་ན་རྒྱུ་ཞིང་རྩེ་བ་དང ། བུང་བ་སྒྲ་འབྱིན་པས་རྩེ་ལ་ཕན་ཚུན་ལྟ་བས་མི་ངོམས་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དག་དགའ་བར་བྱེད་དོ། །ལྷ་དང་ལྷ་མོ་ཕན་ཚུན་དུ་ ཕྲག་དོག་བྱེད་པའི་སྡུག་བསྔལ་སྤངས་པ་དག་དྲི་ཤིན་ཏུ་ཞིམ་པོས་ལེགས་པར་བདེ་བ་དང་ལྡན་ནོ། །གནས་དེ་ན་པད་མའི་རྫིང་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བ་ཡིན་ཏེ། །འདི་ལྟ་སྟེ། པད་མའི་རྫིང་ཤིན་ཏུ་དྲི་ཞིམ་པ་དང ། པད་མ་མ་རྙིས་པའི་པད་མའི་རྫིང་དང ། པད་མ་དང ། ུད་པ་ལར་འདྲེས་པ་དང་ལྡན་པའི་པད་མའི་རྫིང་དང་དེ་དང་གཞན་དག་གིས་ཀྱང་རྟག་ཏུ་གང་བའི་པད་མའི་རྫིང་དག་ཡོད་དེ། རྣམ་པ་དེ་ལྟ་བུའི་པད་མ་རྣམ་པ་དུ་མ་དག་གིས་པད་མའི་རྫིང་དེ་ཀུན་ནས་ཁེབས་པ་ཡིན་ནོ། །དེ་རྣམས་སུ་ལྷ་དགའ་བ་ལ་གནས་ 69-1-60b པ་དག་ཤིན་ཏུ་ཉམས་དགའ་བ་དང ། མཆོག་ཏུ་བདེ་བར་བྱེད་པ་རྣམ་པ་སྣ་ཚོགས་ཀྱི་བདེ་བ་མྱོང་ངོ ། །ཚལ་གསེར་གྱི་ལོ་མ་ཅན་བུང་བས་འཁྲིགས་པའི་ཚལ་གྱི་བར་བར་དག་ན་ཡང་དགའ་བར་བྱེད་དོ། །སྤོས་སྣ་ཚོགས་དང་ལྡན་པ་དག་ན་བྱ་སྒྲ་སྙན་པ་འབྱིན་ པ་དག་ཀྱང་ཐོས་ཏེ། དེའི་ཁྱད་པར་ནི་མིའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་གིས་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ལྟར་དེ་དག་གི་མིག་ཀྱང་གཟུགས་རྣམས་ཀྱིས་ཡང་དག་པར་ཚིམ་པར་བྱེད། རྣ་བ་ཡང་རོལ་མོ་སྣ་ཚོགས་དང་གླུ་རྣམ་པ་སྣ་ཚོགས་ཀྱིས་སྙན་ པར་བྱེད། པགས་པ་ཡང་གོས་ཐགས་སུ་མ་བཏགས་པ་རྣམས་ཀྱིས་འཇམ་པར་བྱེད། སྣ་ཡང་ལྷའི་དྲི་རྣམ་པ་དུ་མས་ཞིམ་པར་བྱེད་དེ། དེ་ལྟར་ཡུལ་ལྔ་ལ་ཆགས་པ་དེ་དགའ་བ་རྣམ་པ་དུ་མ་དང ། གཟུགས་རྒྱུན་མི་འཆད་པ་གཞན་གྱིས་མི་འཕྲོགས་པ་ གཞན་གྱིས་བསྐྲུན་དུ་མེད་པའི་བདེ་བ་དུ་མ་དང ། ལྷའི་བཟའ་བ་དང་བཏུང་བ་མདོག་བཟང་བ་དྲི་དང་རོ་ཞིམ་པ་དུ་མ་དག་ཀྱང་མྱོང་ངོ ། །དེ་གར་དགའ་བར་ཡང་འགྲོ་སྟེ། རང་གི་ལས་དང་འཐུན་པར་གར་དགའ་བར་འགྲོའོ། །དེ་ལྟར་དེ་ཚལ་ནས་ཚལ་དང ། པད་མའི་རྫིང་ནས་པད་མའི་རྫིང་དང ། ཉེ་བའི་ཚལ་ནས་ཉེ་བའི་ཚལ་དག་ཏུ་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་ཏེ་ཡོངས་སུ་རྒྱུ་བར་བྱེད་ཅིང་བདེ་བ་སྣ་ཚོགས་དག་ལ་གནས་སོ། །དེ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་ན། ཤིང་ལྗོན་པ་རང་གི་འོད་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། གསེར་གྱི་བྱའི་ཚོགས་ཀྱི་སྒྲ་ཐོས་ན་ཡིད་དགའ་བར་བྱེད་པ་རྣམས་ཀྱིས་རྣ་བར་སྙན་པར་བྱེད་དེ། དེ་ལྟར་དེ་ལྷའི་གཟུགས་ཀྱི་བདེ་བ་དཔེ་མེད་པ་དུ་མས་གཞན་གྱིས་མི་འཕྲོགས་པ་དེ་ཇི་སྲིད་ དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བ། ཞིང་དམ་པས་བསྐྱེད་པ། མཐར་མྱ་ངན་ལས་འདའ་བར་འགྱུར་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་མྱོང་བར་བྱེད་དོ། །གང་གི་ཚེ་ཟད་པར་གྱུར་ཏེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་རང་གི་ 69-1-61a ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་གྲོང་ཁྱེར་རམ་གྲོང་ཁྱེར་ཆུང་ངུར་དབང་བྱེད་པར་འགྱུར། འབྱོར་པ་མང་བ་དང ། བློ་རྒྱ་ཆེ་བ་དང ། བྲན་ཁོལ་དུ་མ་དང་ལྡན་པ་དང ། ཤིན་ཏུ་བདེ་བ་དང་ལྡན་པ་དང ། ཞིང་བཟང་པོ་ལ་ལེགས་པར་བྱས་པའི་ལས་དེས་མཐར་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷའི་འཇིག་རྟེན་གྱི་གནས་དག་ན་ལྷའི་གནས་འགྲོ་མགྱོགས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་ པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་གང་གིས་ཚལ་མེས་བསྲེགས་པའི་གསབ་གསེབ་ཏུ་སྲོག་ཆགས་དག་སྲེག་པ་ན། ཆུས་གཏོར་ཏེ་ཐར་བར་བྱས་པ་དང ། སྐད་ཅིག་དེ་ལ་ཤི་བ་ལ་ཐུག་པ་རྣམས་ཀྱི་འཇིགས་པ་བསྐྱབས་ན། དེ་ ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་ཕྲེང་ཐོགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་མི་འཇིགས་པ་སྦྱིན་པར་བྱེད་པ། མི་འཇིགས་པ་སྦྱིན་པའི་ཚུལ་ཁྲིམས་ཀྱི་རྒྱུ་ལས་བྱུང་བ་དེ་ལྷའི་བདེ་བ་དཔེ་མེད་པ་དེ་མྱོང་བར་འགྱུར་རོ། །དེའི་གཟུགས་ དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་བདེ་བ་དག་འཐོབ་ལ། ལྷ་མོའི་ཚོགས་བརྒྱ་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་ཅིང་སིལ་སྙན་དང ། བྲོ་གར་དང ། དགའ་དགུར་སྤྱོད་པའི་ཚོགས་མང་པོ་བརྒྱ་སྙེད་ཀྱིས་ཡོངས་སུ་བསྐོར་ཏོ། །གཞལ་མེད་ཁང་ཆེན་པོ་ གསེར་གྱི་ལན་ཀན་ནི་བྲེས། དྲིལ་བུ་གཡེར་ཀའི་སྒྲ་ནི་དྲག་ཏུ་འཁྲོལ། མུ་ཏིག་གི་དྲ་བས་ནི་སྐར་ཁུང་གཡོགས། ནོར་བུ་སྔོན་པོ་བརྒྱ་སྙེད་ཀྱིས་བརྒྱན་པ་དག་ན། ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་དགའ་བར་བྱེད་དོ། །ལྷ་མོ་གང་དང་གང་མཐོང་བ་དེ་ 69-1-61b དང་དེ་དག་གི་རྗེས་སུ་ཡིད་ཆགས་ཤིང ། དེ་དག་ལ་དགའ་བ་བསྐྱེད། དེ་དག་ལ་མིག་ཆགས་དེ་དག་ལ་རྗེས་སུ་ཆགས་ལ། དེ་བདེ་བ་ལ་མངོན་པར་རྟོག་པ་ན། རྒྱན་དང་ཆ་བྱད་སྣ་ཚོགས་འབུམ་སྙེད་ཀྱིས་བརྒྱན་པ། ལུས་རྟག་ཏུ་སྤོས་ཀྱིས་བྱུགས་པ། རྟག་ པར་རབ་ཏུ་དགའ་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། དེ་ལྟར་ཚུལ་དང་འཐུན་པ་རྣམས་མཐོང་ནས། ཤིན་ཏུ་དགའ་བར་བྱེད་དོ། །རྣ་བས་སྒྲ་མཉན་པར་བྱ་བ་ཡང་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་ཐོས་ཏེ། འདི་ལྟ་སྟེ། གསེར་གྱི་བྱ་རྐང་ པ་དང་མཆུ་བྱི་རུ་ལྟར་དམར་བ། རི་དང་འབབ་ཆུ་དང ། གསབ་གསེབ་ན་འཁོད་པ་སྣ་ཚོགས་དག་གི་སྒྲ་རྣམས་ཐོས་སོ། །གང་དག་དཔེ་བྱ་བར་ཡང་མི་ནུས་པ་དེ་དག་ཁ་ཅིག་ནི་རིལ་དོང་སྟེ། མངོན་པར་དགའ་བར་བྱེད་དོ། །ཁ་ཅིག་ནི་རིའི་གསེབ་ཏུ་དོང ། ཁ་ ཅིག་ནི་མེ་ཏོག་གི་གསེབ་ཏུ་དོང ། ཁ་ཅིག་ནི་ཆུའི་ནང་ན་རྒྱུ། ཁ་ཅིག་ནི་ནམ་མཁའ་ལ་དོང ། ཁ་ཅིག་ནི་གད་ཁ་དང་སྨན་ལྗོངས་སུ་དོང ། །ཁ་ཅིག་ནི་གསེར་གྱི་རིའི་ཕུག་ཏུ་དོང་ནས་སྒྲ་སྙན་པ་འབྱིན་ཏེ། དེ་ལྟར་རྣ་བས་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་ཐོས་སོ། ། སྣས་ཀྱང་ཤིན་ཏུ་དྲི་ཞིམ་པ་མྱོང་སྟེ། འདི་ལྟ་སྟེ། མེ་ཏོག་དྲིའི་ངད་དང་ལྡན་པ་དཔེ་མེད་པ་དུ་མ་བསྣམས་ན་བདེ་བ་དང ། ལྷ་མོ་དྲི་བསུང་དང་ལྡན་པ་དང ། གཞན་ཡང་དྲི་ཞིམ་པོ་རྣམ་པ་སྣ་ཚོགས་དག་ལ་སྣོམ་པར་བྱེད་དེ། དེ་ལྟར་སྣས་ཀྱང་དྲི་འདོད་པ་སྡུག་པ་ ཡིད་དུ་འོང་བ་དག་ལ་སྣོམ་པར་བྱེད་དོ། །ལྕེས་ཀྱང་རོ་མྱོང་བར་བྱེད་དེ། འདི་ལྟ་སྟེ། བདུད་རྩི་རྣམ་པ་དུ་མ་དག་གི་ཁྱད་པར་གང་ཡིན་པ་དག་ནི་མིའི་སྦྲང་ཆང་དང་སྦྱར་བའི་ཆང་གིས་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ནི་ཆུང་ཟད་ཅིག་དཔེར་བྱ་བ་ཡིན་ནོ། །ལུས་ ཀྱིས་ཀྱང་གང་དང་གང་ལ་རེག་པ་ཐགས་སུ་མ་བཏགས་པའི་གོས་ཉིད་ལ་རེག་པར་བྱེད་དེ། དེ་དག་ཀྱང་འཇམ་ཞིང་ནེམ་ལ་སྲབ་པ། རེག་ན་བདེ་ཞིང་དགའ་བ་རྣམ་པ་དུ་མ་དག་གྱོན་ནོ། །ཡིད་ཀྱིས་གང་དང་གང་བསམས་པ་དེ་དང་དེ་ཉིད་ལ་འགྲུབ་པར་འགྱུར་ཏེ། 69-1-62a འགྲུབ་པ་གང་ཡིན་པ་དེ་ནི་འདོད་པ་སྡུག་པ་ཡིད་དུ་འོང་བ་གཞན་དང་ཐུན་མོང་མ་ཡིན་པ་འགྲུབ་པར་འགྱུར་རོ། །དེ་ལྟར་སྲེད་པ་དྲུག་པོ་རྣམ་པ་དུ་མ་དག་ལ་བློ་རྣམ་པར་ཆགས་པ་དེ་བདེ་བ་དུ་མ་འབྱོར་ཅིང་ལྡན་པར་གྱུར་ནས་པད་མའི་ཚལ་དུ་མའི་ནང་ན་ མངོན་པར་དགའ་བར་བྱེད་དོ། །དེ་བཞིན་དུ་བྱི་རུ་དང་གསེར་བཙོ་མའི་ཚལ་དུ་མ་དང ། བྱ་སྒྲ་སྙན་པ་འབྱིན་པ་རྣམ་པ་སྣ་ཚོགས་ཀྱི་ནང་ན་མངོན་པར་དགའ་བར་བྱེད་དོ། །དེ་བཞིན་དུ་ལྷ་མོའི་ནང་དུ་སོང་ནས་དགའ་བར་བྱེད་དོ། །དེ་བཞིན་དུ་ནོར་བུའི་གཞལ་མེད་ཁང་ གི་ནང་ན་དགའ་བར་བྱེད་དོ། །དེ་བཞིན་དུ་ལྷའི་པད་མའི་རྫིང་གིས་ཡོངས་སུ་བསྐོར་བ། ཆུ་བོ་དང ། འབབ་ཆུའི་ཕྱོགས་བཀྲ་ཤིས་པ་རྣམས་སུ་དགའ་བར་བྱེད་དོ། །དེ་ལྟར་རྣམ་པར་སྨིན་པ་སྲེད་པ་སྣ་ཚོགས་དེ་དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པས་མངོན་པར་ བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དབང་པོ་དྲུག་ལས་བྱུང་བ་ཡི། །ཡུལ་གྱི་བུད་ཤིང་སྲེག་བྱེད་པ། །སྲེད་པའི་མེ་ཡིས་ལྷ་རྣམས་སྲེག་།ཤིང་མེས་དེ་ལྟར་ག་ལ་སྲེག་།བདེ་བས་ཡོངས་སུ་བསླུས་པ་རྣམས། །བདེ་ལ་དགའ་ཞིང་བདེ་བས་བསྒྲིབས། ། སྲེད་པས་ཡོངས་སུ་བསླུས་པ་རྣམས། །ལྟུང་བར་འགྱུར་བ་མི་ཤེས་སོ། །བདེ་ཀུན་ཟད་པའི་མཐར་འགྱུར་ཏེ། །བདེ་བ་ལ་ནི་རྟག་པ་མེད། །ལྷ་དག་ལྷ་ཡི་འཇིག་རྟེན་ནས། །འཆི་བའི་སྡུག་བསྔལ་གང་ཡིན་དང ། །དམྱལ་བར་སྡུག་བསྔལ་གང་འབྱུང་དང ། །བྲལ་ བ་སྔོན་དུ་འདྲེན་བྱེད་པས། །གལ་ཏེ་བདག་ཉིད་བདེ་འདོད་ན། །དེ་ཕྱིར་དེ་ལ་ཆགས་མི་བྱ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་དྲུག་པ། དགེ་སློང་དེས་དེ་ལྟར་རྗེས་སུ་བསམས་ནས་འཇིག་རྟེན་དུ་གཏོགས་ པའི་བདེ་བ་རང་དབང་མེད་ཅིང་མི་བརྟན་པ་མཐར་ལྟུང་བར་འགྱུར་བ་དེ་དག་ལ་ཡང་མངོན་པར་བརྟགས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་སྲེད་པས་ཡོངས་སུ་བསླུས་ནས་ལྟུང་བར་འགྱུར་བ་ཁོང་དུ་མ་ཆུད་དོ་སྙམ་ནས། དེ་མཐོ་རིས་ལ་ཡང་སེམས་འདོད་ཆགས་དང་བྲལ་ 69-1-62b ལོ། །དེ་ལྟར་ལྷ་དེ་ལྷའི་འཇིག་རྟེན་དེ་ན་ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་མོ་དེ་དག་དང་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་ འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ཤིན་ཏུ་བདེ་བ་དང་ལྡན་ཞིང་རྟག་ཏུ་འཇིགས་པ་མེད་པ་དང ། སྐྱེ་བོ་ ཐམས་ཅད་དགའ་བ་དང ། རྒྱལ་པོས་བཀུར་བ་དང ། ཇི་སྲིད་འཚོའི་བར་དུ་གནོད་པ་མེད་ལ་མི་འཇིགས་པ་བྱིན་པ་དེ་ཕྱིས་མཐར་མྱ་ངན་ལས་འདའ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་ གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་ཡུལ་ལ་ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། ཕན་པར་འདོད་པའི་སེམས་དང་ལྡན་པ་གང་གིས་མཛའ་བཤེས་དང ། གཉེན་འདབ་དང ། རྩ་ལག་དག་སོ་སོར་ཕྱེ་སྟེ། གཅིག་ལ་གཅིག་གནོད་པར་བྱེད་པའི་བློ་ཅན་དག་བསྡུམ་བྱས་ན། དེ་ལུས་དང་བྲལ་ནས་བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡུལ་ལ་ཆགས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། གནས་དེར་བསམ་པ་དགའ་དགུར་འགྲུབ་སྟེ། གང་དང་གང་བསམས་པ་དེ་དང་དེ་དག་དེ་ནས་འཐོབ་པར་ འགྱུར་རོ། །འདི་ལྟ་སྟེ། རྒྱན་དང་བགོ་བ་སྣ་ཚོགས་དང ། དེ་བཞིན་དུ་རྣ་ཆ་གདུབ་ཀོར་དང ། དཔུང་རྒྱན་དེ་དག་མཐོ་རིས་དང་འཐུན་པར་འཐོབ་བོ། །ཆུ་བོ་དང་འབབ་ཆུ་དང་སལ་སུལ་དང ། གླུ་དང་རོལ་མོའི་སྒྲ་དབྱངས་སྣ་ཚོགས་འབྱུང་བ་དང ། འདི་ལྟ་སྟེ། བྱ་ཏན་ 69-1-63a ད་པའི་སྒྲ་རྣམས་ཀྱི་ནང་ན་དགའ་བར་བྱེད། ལྷ་མོའི་གླུ་དབྱངས་སྙན་པ་བྲག་ཅ་འབྱིན་པས་ཀྱང་དགའ་བར་བྱེད་དེ། དེ་རྟག་ཏུ་ཡིད་དགའ་བ་ཡིན་ནོ། །ངང་པའི་ཤིང་རྟ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ་རྣམས་ ཀྱིས། ཚལ་དང་ཉེ་བའི་ཚལ་དང ། འབབ་ཆུ་དང ། པད་མའི་ཚལ་རྣམས་སུ་རྒྱུ་བར་བྱེད་དོ། །ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཚལ་དང་ཉེ་བའི་ཚལ་བཟང་པོས་འཚོ་ལ། གསེར་གྱི་པད་མ་རྣམས་ཀྱི་ནང་ན་མངོན་པར་དགའ་བར་བྱེད་དོ། །དེ་ན་ཚལ་འདི་ལྟ་བུ་ དག་ཡོད་དེ། འདི་ལྟ་སྟེ། བྱི་རུའི་ཚལ་དང ། བཻ་ཌཱུརྱའི་ཚལ་དང ། ཤིང་ཏ་ལ་བ་ཏིན་ཏུ་ཀའི་ཚལ་དང ། བྱ་མྱོས་པའི་ཚལ་དང ། པད་མ་དང་ལྡན་པའི་ཚལ་དང ། བྱ་ཏན་ད་པའི་ཚལ་དང ། ཁུ་བྱུག་གི་ཚལ་ཏེ། ཚལ་དེ་རྣམས་སུ་ལེགས་པར་བྱས་པའི་ལས་ཀྱི་ ས་བོན་གྲོགས་སུ་གྱུར་པ་དགའ་བར་བྱེད་དོ། །ཆུ་བོ་ཡང་ལྷའི་ཆུ་བོ་དང་བ་དག་ཡོད་དེ། འདི་ལྟ་སྟེ། འབབ་ཆུ་དང ། པད་མ་དང ། ཉེ་བའི་ཚལ་དང ། ལྟེང་ཀ་ནོར་བུས་བརྒྱན་པ་དང ། ཡིད་ལ་ཇི་ལྟར་འདོད་པའི་ཆུ་སྒྲ་ཡིད་དུ་འོང་བ་དང ། བྱའི་སྒྲ་མྱུར་བར་འབྱུང་སྟེ། ཆུ་བོ་དེ་དག་གིས་གནས་གང་ཡིན་པ་རྟག་ཏུ་བརྒྱན་པ་ཡིན་ནོ། །འདི་ལྟ་སྟེ། གང་ན་ཆུ་བོ་འབབ་པ་མེད་པ་ན། གཟུགས་དང ། སྒྲ་དང ། དྲི་དང ། རོ་རྣམ་པ་སྣ་ཚོགས་དང ། བུད་མེད་གཟུགས་སྣ་ཚོགས་དང་ལྡན་ཡང ། གང་ཡོན་ཏན་དང་མི་ལྡན་པའམ། སྦྲུམ་ མ་ལྟ་བུར་མི་མཛེས་ལ། དེ་བཞིན་དུ་མཐོ་རིས་ཀྱི་གནས་དེར་དགའ་བར་མི་འགྱུར་རོ། །དེ་ལྟ་བས་ན་ལྷའི་འཇིག་རྟེན་ན་ཆུ་གཙོ་བོ་ཡིན་ཏེ། ཆུ་ལས་སྐྱེ་བ་འབྱུང ། ཆུས་མངོན་པར་དགའ་བར་བྱེད་ལ། ཀུན་ནས་ཉོན་མོངས་པ་རྣམས་ཀྱི་རོ་དང ། ཉེ་བའི་ཚལ་དུ་ བགྲོད་པ་དེའི་ནང་ན། འདི་ལྟ་སྟེ། ཆུ་འདི་ནི་རོའི་མཆོག་ཡིན་ནོ། །དེ་ལྟ་བས་ན་ལྷ་དང ། མི་རྣམས་ཀྱི་རྒྱན་དུ་གྱུར་པ་དང ། ཡོ་བྱད་དུ་གྱུར་པ་ནི་ཆུ་ཡིན་ལ། ལྷ་དང་མི་ཀུན་གྱི་བྱ་བ་འམ། དོན་ནི་དེ་ལ་རག་ལས་པ་ཡིན་ནོ། །ཆུ་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་རིག་ནས། 69-1-63b ཆུ་ལ་མངོན་པར་དགའ་བའི་ལྷ་དེ་དག་མངོན་པར་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ལ། ཆུ་སྒྲ་ལྷུང་ལྷུང་པོར་འབབ་པ་དེ་དག་ཏུ་དགའ་བར་བྱེད་དོ། །དེ་ཆུ་བོའི་འགྲམ་དེ་དག་ཏུ་མངོན་པར་རྩེས་ནས། ཆུ་མེ་ལོང་ལྟར་གསལ་བ་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་ལྷའི་ཚལ་ ལྷའི་བདེ་བ་ཕུན་སུམ་ཚོགས་པ་དེ་ན་ཤིང་ལྗོན་པ་མེ་ལོང་ལྟར་གསལ་བ་མཐོང་ངོ ། །ཤིང་ལྗོན་པ་དེ་དག་གི་སྡོང་པོ་མེ་ལོང་ལྟར་གསལ་ལ། དེ་དག་གི་ནང་དུ་གང་གིས་ལེགས་པར་བྱས་པའི་ལས་ངེས་པར་མྱོང་བར་འགྱུར་བ་བྱས་པ་དག་ཐམས་ཅད་ནས་ཐམས་ཅད་དུ་སྣང་ ངོ ། །ལེགས་པར་བྱས་པའི་ལས་དེ་དག་གི་མཐུས་ཤིང་དེ་དག་གམ། ཚལ་གྱི་བར་གྱི་ས་གཞི་གསལ་བ་དེ་དག་ཏུའམ། གསེར་གྱི་ས་གཞི་མེ་ལོང་ལྟ་བུར་གསལ་བའམ། ཚལ་གྱི་བར་གྱི་ས་གཞི་བསིལ་བ་རྣམས་སུ་གང་དང་གང་ལེགས་པར་བྱས་པ་དང ། ཉེས་པར་ བྱས་པ་དེ་དང་དེའི་ལེགས་པར་བྱས་པའི་ལས་ཀྱི་མཐུས་གནས་དེ་རྣམས་སུ་མཐོང་བར་འགྱུར་རོ། །ཤིང་ལྗོན་པ་དེ་དག་ལའམ། ཚལ་གྱི་བར་གྱི་ས་གཞི་དེ་དག་ཏུའམ། ས་གཞི་བསིལ་བ་དེ་དག་ཏུ་ལས་ལེགས་པར་བྱས་པའི་བདེ་བ་དང ། ཚེ་རབས་བརྒྱ་སྙེད་ནས་བསགས་ པའི་ཉེས་པར་བྱས་པ་དེ་དག་ཀྱང་མཐོང་ངོ ། །དེ་ལེགས་པར་བྱས་པའི་ལས་ཀྱིས་བསྒྲུབས་པ་མཐོང་བ་དང ། ས་དེ་རྣམས་དང་གཞན་དག་ལ་ཡང་སྔ་མ་བཞིན་དུ་དགའ་བར་བྱེད་དོ། །དེས་ཇི་ལྟར་སྔོན་སྐྱེ་བ་དང ། འཆི་བའི་ལས་ཀྱི་འབྲས་བུ་བྱས་ཤིང ། འགྲོ་བ་ལྔར་ གཏོགས་པའི་བདེ་བ་དང ། སྡུག་བསྔལ་བསྒྲུབས་པའི་ལས་དེ་དག་ཇི་ལྟ་བ་བཞིན་མཐོང་སྟེ། དེས་གལ་ཏེ་སེམས་ཅན་དམྱལ་བའི་ལས་མི་གཙང་བར་བྱས་ན་དེས་དེ་བཞིན་དུ་མཐོང་ངོ ། །སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་གཞོམ་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་ལ་སོགས་པར་སེམས་ཅན་དམྱལ་བའི་གནོད་པ་གང་འབྱུང་བ་དེ་དག་ཐམས་ཅད་སྔ་མ་བཞིན་དུ་མཐོང་སྟེ། སེམས་ཅན་དམྱལ་བ་རྣམས་སུ་འབྱུང་བ་ཡན་ཆད་སྔ་མ་བཞིན་དུ་མཐོང་ངོ ། །ཇི་ལྟར་ལྷ་རྣམས་ཀྱི་བདེ་བ་དཔེ་མེད་པ་དེ་ 69-1-64a ལྟར་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་རྣམ་པ་དུ་མ་ཡང་མཐོང་སྟེ། དེ་སེམས་ཅན་དམྱལ་[\[]བ་[\]]དེར་གཏོགས་པའི་སྡུག་བསྔལ་ལས་ཆེས་སྡུག་བསྔལ་བ་མངོན་པར་མཐོང་ངོ ། །བདག་གཅིག་པུས་མཐོང་བ་དང ། གང་ལྷའི་འཇིག་རྟེན་དུ་གཏོགས་ པ་དང ། ལྷའི་བདེ་བ་ཡུལ་གྱི་རྣམ་པ་དེ་ལྟར་བྱུང་བ་དེ་དག་ཀྱང་ཇི་ལྟར་ཚེ་རབས་གཞན་དུ་ཉེ་བར་སྤྱད་པ་དེ་ལྟར་མ་བརྗེད་དེ་དེས་མཐོང་ངོ ། །ཤིན་ཏུ་མི་འཐུན་པར་གྱུར་པ་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམ་པ་མང་པོ་དེ་དག་དེས་མཐོང་ནས། བདེ་བ་དེ་ཐམས་ཅད་བདེ་བར་ཚོར་ བ་མེད་དེ། འདི་ལྟ་སྟེ། ཆུ་བོ་གང་གཱའི་ནང་དུ་ལན་ཚཝ་སྲང་གཅིག་བཏབ་པ་མི་ཚོར་བ་དེ་བཞིན་དུ། དེའི་ཡིད་ལས་བྱུང་བ་ངེས་པར་མྱོང་བར་འགྱུར་བའི་ལྷའི་བདེ་བ་དེ་དག་ཚོར་བ་མེད་དོ། །གླུ་དབྱངས་དང ། སིལ་སྙན་གྱི་དབྱངས་ལ་དགའ་བ་དང ། བྱའི་སྒྲ་དི་རི་རི་འདོན་པ་ ཡང་བདག་ཉིད་ཀྱི་གནས་སྐབས་དེ་དག་དྲན་ནས། ཚལ་གྱི་བར་གྱི་ས་གཞི་དག་ལ་བདེ་བ་སོ་སོར་མྱོང་བ་མེད་དོ། །དེ་གལ་ཏེ་ལྷའི་བདེ་བ་དེས་སེམས་གཡེངས་ནས་བརྗེད་པ་དང ། ཡང་དེ་ཕྱོགས་གཞན་ཞིག་གི་ཤིང་ལྗོན་པའི་སྡོང་པོ་དག་ལ་བདག་ཉིད་ཡི་དགས་སུ་གྱུར་ནས་ སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཟིར་ཅིང་ལུས་བཀྲེས་པ་དང་སྐོམ་པས་གདུངས་པར་མཐོང་ངོ ། །ངེས་པར་མྱོང་བར་འགྱུར་བའི་ལས་དེས་བསྐུལ་བ་དེ། བདག་ཉིད་དེ་ལྟར་མཐོང་ནས་དེ་ནས་ཡང་འཇིགས་པ་སྐྱེས་ཏེ། དེས་ལྷ་གཞན་དག་ལ་འདི་སྐད་སྨྲས་སོ། ། གྲོགས་པོ་དག་ཤིང་ལྗོན་པ་རྣམས་ལ་མི་སྡུག་པ་འདི་དག་མཐོང་ངམ། ཇི་ལྟར་བདག་གིས་མཐོང་བ་ལྟར་ཅི་ཁྱེད་ཀྱིས་མཐོང་ངམ། དེ་དག་གིས་འདི་སྐད་སྨྲས་སོ། །བདག་ཅག་གིས་མ་མཐོང་སྟེ། གང་གིས་ངེས་པར་མྱོང་བར་འགྱུར་བའི་ལས་མ་བྱས་པ་དེ་དག་གིས་ནི་དེ་ཉིད་མི་ མཐོང་ལ། གང་གིས་བྱས་པ་དེས་ནི་མཐོང་ངོ ། །བདག་ཉིད་ཡི་དགས་ཀྱི་འཇིག་རྟེན་དུ་འགྲོ་བ་དེས་ལྷ་དེ་དག་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཀྱིས་མཐོང་ངམ། དེས་སྨྲས་པ། མཐོང་ངོ ། །དེ་གཉིས་ཡི་དགས་ཀྱི་འགྲོ་བ་དེར་སྡུག་བསྔལ་ཆེན་པོ་མཐོང་ནས་ཇི་ལྟར་ཚེ་ 69-1-64b རབས་སྟོང་དུ་གྱུར་པ་དེ་ལྟར་ལྷའི་བདེ་བ་དེ་དག་བརྗེད་དེ། དེ་ཤིན་ཏུ་ཡི་ཆད་ནས་དེ་ནས་ཡང་ཡུལ་དེ་ནས་འཕོ་བར་བྱེད་དོ། །དེ་ནས་ཡང་ལྷའི་བདེ་བའི་དབང་དུ་གྱུར་ནས། དེ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཡིད་དུ་འོང་བ་ལ་ནི་ཆགས། ཚལ་དང ། ཉེ་བའི་ ཚལ་དང ། པད་མའི་རྫིང་གི་འགྲམ་རྣམ་པ་སྣ་ཚོགས་དང ། བྱ་སྒྲ་སྣ་ཚོགས་འབྱིན་པ་དང ། ཚལ་གྱི་བར་བར་དག་ན་དགའ་བར་བྱེད་ལ། ལྷ་མོ་ཆ་བྱད་སྣ་ཚོགས་ཐོགས་པ་དང་ཡང་ལྷན་ཅིག་དགའ་བར་བྱེད་དོ། །དེ་ནས་ཡང་སྲེད་པས་བདས་པ་ན། ཡང་སྐབས་ཤིག་ཏུ། མེ་ལོང་ལྟ་བུའི་ཚལ་དུ་སོང་བ་དང ། དེ་ནས་ཡང་ངེས་པར་མྱོང་བའི་ལས་ཀྱི་སྐུལ་བས་བསྐུལ་བ་བདག་ཉིད་དུད་འགྲོར་སོང་ནས་གཅིག་ལ་གཅིག་ཟ་བ་དེ་མཐོང་སྟེ། གཞན་གྱིས་ཀྱང་དེ་ལ་ཟ་ལ་དེས་ཀྱང་གཞན་ལ་ཟ་བ་དུད་འགྲོ་ཕན་ཚུན་ཟ་བའི་སྡུག་བསྔལ་ཆེན་པོ་ཇི་ལྟར་སྔོན་ དེས་བྱས་པ་བདག་ཉིད་ཀྱིས་མཐོང་ངོ ། །དེས་བདག་ཉིད་དེ་ལྟ་བུར་གྱུར་པ་མཐོང་ནས་དེ་ནས་ཡང་མི་དགའ་བ་ཆེན་པོ་སྐྱེས་ཏེ། བདག་ཉིད་ཀྱི་གཟུགས་ཆེ་ལ་མི་སྡུག་པ་སྡུག་བསྔལ་གྱི་རྣམ་པ་མང་པོ་དུ་མ་ཅི་སྟེ་མཐོང་ཞིག་གུ་སྙམ་ནས་དེས་ཡང་གཞན་དག་ལ་ཡང་སྔ་མ་བཞིན་ དུ་སྨྲས་སོ། །དེ་ནས་ཡང་ཡུལ་ལ་སེམས་རྣམ་པར་ཆགས་པ། ཡུལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་སྡུག་པ་རྣམས་ཀྱི་དབང་དུ་གྱུར་པ་དག་དེ་ལྟར་འཁོར་བའི་སྡུག་བསྔལ་གྱི་ཕྱང་མོ་ལ་ཉུག་གོ། །དེ་ནས་ཡང་མེ་ལོང་ལྟ་བུའི་ཚལ་དེ་ཉིད་དུ་མིར་སྐྱེས་པ་ མཐོང་སྟེ། ཇི་ལྟར་མཛའ་བཤེས་དང ། གཉེན་འདུན་དང ། རྩ་ལག་ཕན་ཚུན་ཁོ་ན་བྱུང་སྟེ། བྱེ་བ་དག་སྡུད་ཅིང་བསྡུམ་བྱས་པའི་ཚུལ་ཁྲིམས་ཀྱི་ལས་དང་ལྡན་པ་ཐམས་ཅད་དེས་མཐོང་བ་དང ། བདག་ནི་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེས་ལུས་དང་བྲལ་ནས་བདེ་ འགྲོ་ལྷའི་ནང་འདིར་སྐྱེས་པ་ལྟ་སྙམ་ནས། དེ་ལས་བདག་གིར་བྱ་བ་དང ། ལས་ཀྱི་བགོ་སྐལ་ལ་སྤྱོད་པར་བདག་ཉིད་ཀྱིས་མཐོང་ངོ ། །དེས་དེ་དག་མཐོང་ནས་དེ་ནས་ཡང་མི་དགའ་བ་སྐྱེས་སོ། །དེ་ནས་ཡང་སེམས་མི་བརྟན་པ་ལྷའི་བདེ་བའི་དབང་དུ་གྱུར་པ་དེ། 69-1-65a གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་བདེ་བ་དག་ལ་སྤྱོད་པར་བྱེད་དོ། །དེ་ལྟར་སེམས་རབ་ཏུ་མྱོས་པ་དེ། དེ་ནས་ཡང་བདེ་བའི་མྱོས་པས་སེམས་གཡེངས་པ་རབ་ཏུ་མྱོས་ཤིང་བག་མེད་པ་ལ་གནས་པ་དག་དགེ་བའི་ལས་ཀྱི་འབྲས་བུ་དེ་ཉིད་ལ་སྤྱོད་ པར་བྱེད་དོ། །དེས་བདག་ཉིད་ལྷའི་འཇིག་རྟེན་དེ་ནས་ཤི་སྟེ། གཞན་དུ་སྐྱེ་ལ། དེ་ནས་ཡང་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་མཐོང་ངོ ། །དེ་ནས་བདག་ཉིད་དེ་ལྟ་བུར་འགྱུར་བ་མཐོང་བ་དང ། ཤིན་ཏུ་མི་དགའ་བ་སྐྱེས་ནས། གནས་འདི་ ནི་མི་རྟག་པ། མི་བརྟན་པ། འགྱུར་བའི་ཆོས་ཅན་ཡིན་ཏེ། དེ་ལྟ་བས་ན་འདི་ནས་བདག་ཉིད་འཆི་བར་འགྱུར་ཞིང ། ལྷ་མོ་འདི་དག་ལ་ཡང་བདག་དབང་བར་མི་འགྱུར་ཏེ། ཀྱེ་མ་ཆོས་ཐམས་ཅད་ནི་འབྲལ་བ་དང ། འདུས་བྱས་ཀྱི་ཆོས་རྣམས་ནི་མི་བརྟན་ལ་གནོད་པ་དང་ བཅས་པས་རྟབ་རྟབ་པོར་འདུག་པ་ཡིན་ཏེ། བདག་ཅག་ནི་ཕན་ཚུན་འབྲལ་བ་ཡིན་ནོ་སྙམ་མོ། །དེ་དེ་ལྟར་སེམས་པ་དང ། འཇིག་རྟེན་སྐྱོང་བ་དག་གིས་ལྷའི་འཇིག་རྟེན་ལ་སྨྲས་པ། ད་ཁྱེད་ཅག་ཐུགས་དགྱེས་པར་མཛོད་ཅིག་།འཛམ་བུའི་གླིང་ན་ད་དུང་དུ་ཆོས་དང་ལྡན་ ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ་དག་ཡོད་པས་ལྷའི་ཕྱོགས་ནི་འཕེལ་ལོ། །བདུད་ཀྱི་ཕྱོགས་ནི་འགྲིབ་པོ། །འཇིག་རྟེན་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བྱུང་སྟེ། དེ་ཆོས་འཆད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་བདེ་བ་ཐམས་ཅད་དང་ལྡན་པ། ཞི་བའི་ཆོས་འདི་ལྟ་སྟེ། འདི་ནི་གཟུགས། གཟུགས་འདི་ནི་ཀུན་འབྱུང་བ། གཟུགས་འདི་ནི་འགོག་པ། གཟུགས་འདི་ནི་འགོག་པར་འགྱུར་བའི་ལམ་ཡིན་ནོ་ཞེས་འཆད་དོ། །དེ་ཐོས་ནས་མེ་ལོང་ལྟ་བུའི་ཚལ་དེ་ན་འཁོད་པ་ 69-1-65b གང་ཡིན་པ་བདག་ཉིད་ཀྱི་ལས་ཀྱི་འབྲས་བུའི་རྣམ་པ་མཐོང་བ་དེས། འཇིག་རྟེན་སྐྱོང་བ་དེ་དག་ལ་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་ རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། དེ་སུ་ཞིག་ཡིན། དེ་ནས་འཇིག་རྟེན་སྐྱོང་བ་དེ་དག་གིས་སླར་སྨྲས་པ། འཛམ་བུའི་གླིང་དུ་བྱུང་བ་འདི་ནི་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པ་ཡིན་ནོ། །དེ་ནས་ལྷ་དེ་འཇིག་རྟེན་སྐྱོང་བ་དག་ལས་དེ་སྐད་ཐོས་ནས་ འཛམ་བུའི་གླིང་ག་ལ་བ་དེར་འགྲོ་བར་བྱེད་དེ། ལྷ་དེ་ལྷའི་འཇིག་རྟེན་ནས་འཆི་བའི་སྡུག་བསྔལ་གྱིས་འཇིགས་སྐྲག་།མིའི་འཇིག་རྟེན་ནས་འཆི་བས་འཇིགས་སྐྲག་།དུད་འགྲོའི་འཇིག་རྟེན་ན། གཅིག་ལ་གཅིག་ཟ་བས་འཇིགས་སྐྲག་།ཡི་དགས་ཀྱི་འཇིག་རྟེན་ན་བཀྲེས་ པ་དང ། སྐོམ་པའི་སྡུག་བསྔལ་གྱིས་འཇིགས་སྐྲག་།སེམས་ཅན་དམྱལ་བ་དག་ན་གནོད་པས་འཇིགས་སྐྲག་སྟེ། དེ་ལྟར་འགྲོ་བ་ལྔ་རྣམས་ན་འཇིགས་པ་ལྔ་ཡོད་པར་མཐོང་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང ། བཅོམ་ལྡན་འདས་མཛེས་པ། གསལ་བ། དབང་ པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། དུལ་བ་དང་ཞི་གནས་དམ་པ་བརྙེས་པ། སྐྱེས་བུ་གླང་པོ། སྐྱེས་བུ་ཅང་མཁྱེན་པ། གསེར་གྱི་ཕུང་པོ་ལྟར་གཟི་བརྗིད་འབར་བ། ཉི་མ་གཉིས་པ་ལྟར་འོད་གསལ་བ། རི་རབ་ལྟར་བརྟན་པ། མཚོ་ལྟར་ཟབ་པ། གསེར་ གྱི་རི་བོ་ལྟ་བུ་ཤིང་ལྗོན་པའི་དྲུང་ན་བཞུགས་པ་དེས་རྒྱང་རིང་པོ་ནས་མཐོང་ངོ ། །ལྷའི་ཡང་ལྷ་རྣམས་དེ་ལྟ་བུ་དེ་མཐོང་ནས་དད་པ་སྐྱེས་པའི་ལྷ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ལྷས་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་རྟག་པ་བརྟན་པ་ཐེར་ཟུག་འགྱུར་བ་མ་མཆིས་པའི་ཆོས་དང་ལྡན་པའི་གནས་ལྟ་མཆིས་ལགས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དག་ལ་འཕགས་པའི་བདེན་པ་བཞིའི་གཏམ་དེ་དག་བསྟན་ཏོ། །དེ་ 69-1-66a ནས་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལས་གཏམ་དེ་དག་ཐོས་ནས་ཇི་ལྟ་བ་བཞིན་སེམས་ལ་བཟུང་སྟེ། དེ་ནས་ཡང་ལྷའི་འཇིག་རྟེན་ག་ལ་བ་དེར་དོང་ངོ ། །དེར་དོང་ནས་ཀྱང་དེ་ནས་ཡང་ལྷའི་བདེ་བ་རྣམ་པ་ལྔ་དང་ལྡན་པ་རྣམས་ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་ བ་བྱས་ཤིང་བསགས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་ རྣམས་དང་སྐལ་བ་མཉམ་པར་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ཁོ་ན་ཉིད་མཐོང་བར་མི་འགྱུར་ལ། དེ་རྟག་ཏུ་མཛའ་བཤེས་དང ། གཉེན་འདབ་དང ། རྩ་ལག་ཤིན་ཏུ་མི་ཕྱེད་པ་དང་ལྡན་ཞིང་ནོར་བཟང་པོ་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་ སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷའི་འཇིག་རྟེན་ན་འདོད་པ་ལ་ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་གང་དག་ལས་གང་གིས་སྐྱེ་བར་འགྱུར་ སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ཆོས་མཉན་པར་བྱས་ན་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡུལ་ལ་ཆགས་པ་ཞེས་བྱ་བའི་གནས་ཀྱི་ཕ་རོལ་ན་འདོད་པ་ལ་ཆགས་པ་ཞེས་བྱ་བ་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། ། དེར་སྐྱེས་ནས་ཀྱང་དེས་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་འབྱུང་བ་ནི་འདི་ལྟ་སྟེ། དངུལ་གྱི་ཁང་པ་ན་འདུག་པ་ལྟར་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ཡངས་པ་གསེར་གྱི་སྟེགས་བུ་ཅན་ལྷའི་བྱ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་འབྱུང་སྟེ། འདི་ལྟ་སྟེ། བྱ་ཡིད་དུ་ འཐད་པ་དང ། སྒྲ་ཀུན་འབྱིན་པ་དང ། ཆུ་ན་རྒྱུ་བ་དང ། གསེར་ལྟ་བུ་དག་སྟེ། བྱ་དེ་ལྟ་བུ་དག་གིས་ཀུན་ཏུ་གང་བ་ཡིན་ནོ། །ས་ཕྱོགས་དེ་ན་ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཉེ་བའི་ཚལ་དང་ཡང་ལྡན་པ་ཡིན་ནོ། །ཕྱོགས་དེ་ན་བྱའི་རྣམ་པ་འབུམ་སྙེད་ཀྱིས་ཀྱང་ 69-1-66b ཀུན་ཏུ་གང་བ་ཡིན་ཏེ། དེ་ན་ལྷ་རྣམས་འདོད་པའི་ཡོན་ཏན་བཞི་དང ། ཁ་ཅིག་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད་དོ། །ལྷའི་མིག་གིས་གཟུགས་གང་དང་གང་མཐོང་བ་དེ་དང་དེ་དག་འདོད་པ་སྡུག་པ་ཡིད་དུ་འོང་བ་མཐོང་ངོ ། །རྣ་བས་སྒྲ་ གང་དང་གང་ཐོས་པ་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་ཐོས་སོ། །སྣས་དྲི་གང་དང་གང་བསྣམས་པ་དེ་དང་དེ་དག་ཀུན་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་ལ་སྣོམ་མོ། །ལྕེས་རོ་གང་དང་གང་མྱོང་བར་བྱེད་པ་དེ་དང་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་མྱོང་ངོ ། །ལུས་ ཀྱིས་གང་དང་གང་ལ་རེག་པ་དེ་དང་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་ལ་རེག་པར་བྱེད་དོ། །ཡིད་ཀྱིས་གང་དང་གང་ལ་སེམས་པ་དེ་དང་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་ལ་སེམས་ཤིང་འགྲུབ་པར་གྱུར་ཏེ། འདོད་པའི་ཡོན་ཏན་ལྔ་ལ་སེམས་ཆགས་པ་དེ་ཤིན་ཏུ་བདེ་ བ་དང་ལྡན་པར་གནས་སོ། །འདོད་པ་ལ་ཆགས་པའི་ལྷ་རྣམས་ཀྱི་གནས་ནི་གཞན་དང་མི་འདྲ་བར་ལྷའི་གནས་དང་ལྡན་ཏེ། བདེ་བ་དག་མྱོང་བ་ན་ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བ། བདེ་བར་བྱས་པ་ཤིན་ཏུ་ཉམས་དགའ་བ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལ་ ཕན་པ། ཚུལ་ཁྲིམས་ཀྱི་ལས་བྱས་པ་མ་ཟད་ཀྱི་བར་དུ་དེ་དེ་ན་བདེ་བ་མྱོང་ངོ ། །དེ་ཕྱིས་འདོད་པ་སྡུག་པ་ཡིད་དུ་འོང་བའི་གནས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་ བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་དེ་ལས་དེ་དང་རྒྱུ་འཐུན་པར་ཡུལ་ཆེན་པོ་ཤིན་ཏུ་འབྱོར་པ་དང་ལྡན་པ་དག་ཏུ་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། ཀ་ཤི་ཀ་དང ། ཀོ་ས་ལ་དག་ཏུ་རྒྱལ་ རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷའི་འཇིག་རྟེན་ལ་རྟོག་པར་བྱེད་དེ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་གང་གིས་ཕྲེང་ 69-1-67a ཐོགས་ཀྱི་གནས་ཡིད་གཡོ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་སེམས་པ་ཡོད་པ་ཡིད་གསལ་བས་ཞིང་བཟང་པོ་མངོན་པར་ཤེས་པ་གུས་ཤིང་སེམས་དང་བ་གང་ གིས་སངས་རྒྱས་སམ། མཆོད་རྟེན་ནམ། དགེ་འདུན་གྱི་གནས་ཕྱག་དར་ལེགས་པར་བྱས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡིད་གཡོ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལུས་ཤ་དང ། རུས་པ་དང ། ཆུ་སེར་དང་བྲལ་བ་ ལས་དྲི་བསུང་དཔག་ཚད་བརྒྱར་འབྱུང་ལ། ཇི་ལྟར་མེ་ལོང་ཤིན་ཏུ་གཡའ་མེད་པའི་ནང་དུ་ཐམས་ཅད་སྣང་བ་དེ་ལྟར་ལྷའི་ལུས་དེ་ལ་ལྷའི་རིས་དེ་ན་ཉེ་བར་གནས་པ་གང་ཡིན་པ་ཐམས་ཅད་སྣང་སྟེ། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་དོ། །གནས་དེ་ དག་ན་ལྷའི་ཚལ་བཞི་ཡོད་དེ། འདི་ལྟ་སྟེ། སྐྱོན་མེད་པའི་ཚལ་དང ། གསལ་བའི་ཚལ་དང ། དྲི་ཞིམ་པའི་ཚལ་དང ། མེ་ཏོག་མན་དཱ་ར་བའི་ཚལ་ཏེ། མང་པོ་དེ་དག་ན་སྡོང་བུ་ནི་བཻ་ཌཱུརྱ། ཟེ་བ་ནི་དངུལ་ལས་བྱས་པའི་པད་མའི་རྫིང་ཡོད་ལ། བྱ་ངང་པ་དང ། ཀཱ་རཎྜ་པ་དང ། ངུར་པ་སྒྲ་འབྱིན་པས་གང་བ། མེ་ཏོག་མདོག་དང་དྲི་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་ཁེབས་པ་འདམ་རྫབ་ཀྱི་སྐྱོན་དང་བྲལ་བ། ཆུ་རྙོག་པ་དང་བྲལ་བ། ཉ་ལྕིབས་དང་བྲལ་བ། ཆུ་རྟག་ཏུ་དྲི་ཞིམ་པས་གང་བ་ཡིན་ནོ། །ཚལ་དེ་དག་ན་དུས་ཚིགས་རབ་ཏུ་དགའ་བར་བྱེད་པ་དྲུག་ ཡོད་ལ། བྱ་དག་བྱ་མོ་དང་ལྷན་ཅིག་འཁོད་པ་ཡང་སྣང་སྟེ། རྫིང་དུ་དོང་ནས་དགའ་བར་བྱེད་ཅིང་རང་གིས་བྱས་པའི་ལས་ལ་སྤྱོད་དོ། །ཤིང་ལྗོན་པ་དེ་དག་ཀྱང་དུས་ཚིགས་ཐམས་ཅད་དུ་རྟག་ཏུ་མེ་ཏོག་གིས་རྒྱས་ལ་རྙིས་པའི་སྐྱོན་དང་བྲལ་བ་ཕན་ཚུན་འགྲན་པ་ལྟར་དུས་ཐམས་ ཅད་དུ་མེ་ཏོག་རྒྱས་སོ། །དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། ཚལ་དང་ཉེ་བའི་ཚལ་དེ་རྣམས་སུ་ལྷ་མོ་ཡིད་དུ་འོང་བ་རྒྱན་དང་ཆ་བྱད་དང ། སྤུད་པ་སྣ་ཚོགས་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་འདོད་པ་སྡུག་པ་ཡིད་དུ་འོང་བའི་བདེ་བ་དག་མྱོང་བར་ 69-1-67b བྱེད་དོ། །སྲེད་པའི་ཡུལ་ལ་རྣམ་པར་ཆགས་ཤིང་དགའ་བ། ཡུལ་དྲུག་ལ་བློ་ཤིན་ཏུ་ཆགས་པ་དེ། ཆུའི་ནང་ན་ཉ་རྒྱའི་གསེབ་ཏུ་ཉ་ཆུད་དེ་ཉ་རྒྱས་བསྡུས་པ་ལྟར་བདེ་བས་ནམ་ཆུང་ཟད་ཀྱང་སྐྱོ་བར་མི་བྱེད་དེ། དེ་ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་མ་ཟད་ པ་དེ་སྲིད་དུ་དེ་ན་ལྷའི་བདེ་བ་རྣམ་པ་དུ་མ་ལ་སྤྱོད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་ མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་རང་གི་ལས་དང་རྒྱུ་འཐུན་པར་དེད་དཔོན་ཆེན་པོར་གྱུར་ཏེ། ཤིན་ཏུ་འབྱོར་པ་དང་ལྡན་པ་དང་རྒྱལ་པོས་ཀྱང་བཀུར་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་གང་ན་ལྷ་འཁོད་པ་ཚལ་དང་ཉེ་བའི་ཚལ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེ་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་པ། སེམས་དང་བ། དགེ་འདུན་ལ་ཞིང་དུ་ཤེས་པ་གང་གིས་ཆོས་གོས་བྱ་བའི་ཕྱིར་སེ་འབྲུ་གཅིག་ཕུལ་ལ། ཕུལ་ནས་ཀྱང་ཡང་དང་ཡང་དུ་སེམས་ཀྱིས་ཡོངས་སུ་སྤེལ་བར་བྱེད། རྗེས་སུ་ དགའ་བར་བྱེད། བདག་ཉིད་ལ་བདག་ཉིད་རབ་ཏུ་དགའ་བར་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཚལ་དང་ཉེ་བའི་ཚལ་གྱི་ནང་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་དེ་ལྷའི་ཚལ་དང་ཉེ་བའི་ཚལ་ན་ནི་གནས། བདག་ཉིད་ གར་དགའ་དགུར་ནི་འཆག་ཅིང་འགྲོ། ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། འདི་ལྟ་སྟེ། ཐང་ལ་འགྲོ་བ་བཞིན་དུ་འགྲོ་ལ། དེ་བཞིན་དུ་བར་སྣང་ལ་ཡང་ཐོགས་པ་མེད་པར་འགྲོའོ། །དེ་ཇི་སྐད་བསྟན་པའི་གནས་རྣམས་སུ་ལྷའི་ཕྲེང་བ་དང ། གོས་ནི་གྱོན། ཤིན་ཏུ་བདེ་བ་དང་ནི་ 69-1-68a ལྡན། རང་དགའ་ཉམས་བག་ཏུ་གནས་ཤིང་དགའ་བར་ནི་བྱེད། ཚལ་དང་ཉེ་བའི་ཚལ་དང ། འབབ་ཆུ་དང ། ལྟེང་ཀ་ཉམས་དགའ་ཞིང་ཤིན་ཏུ་དྲི་ཞིམ་པ་སྣ་ཚོགས་ཀྱི་ནང་ན་ལྷ་མོའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། ཉི་མ་གཉིས་པ་ལྟར་རང་གི་གཟི་བརྗིད་ ཀྱིས་འབར་ཞིང་ལྷའི་བདེ་བ་རང་གིས་བྱས་པའི་རྒྱུ་ལས་བྱུང་བ། རྒྱུའི་སྟོབས་དང་འབྲེལ་པ་ལ་ཉེ་བར་སྤྱོད་པར་བྱེད་དེ། གཞན་གྱིས་བྱས་ལ་གཞན་སྤྱོད་པ་ནི་མེད་དོ། །རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ། ལས་ཀྱིས་ངེས་པར་འབྱུང་བའི་སྲོག་ཆགས་རྣམས་ལེགས་ པར་བྱས་པས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ་ཉེས་པར་བྱས་པས་ནི། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལེགས་པར་བྱས་པའི་ལས་ཀྱིས་དེར་སྐྱེས་པ་དེ་ཇི་སྲིད་དུ་ལེགས་པར་བྱས་པའི་ལས་ཟད་པར་མ་ གྱུར་པ་དེ་སྲིད་དུ་དེ་ན་བདེ་བ་ལ་སྤྱོད་པར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་སྐྱེ་བོ་ཚལ་ན་གནས་པ་རྣམས་ཀྱི་ནང་ན་འབྱོར་པ་དང་ལྡན་ཞིང་གཞན་གྱིས་གནོད་པ་མེད་ལ་རང་དགར་ལོངས་སྤྱོད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་ སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་བཅུ་མ་ལུས་པར་བརྟགས་ནས། ལྷ་གཞན་ལག་ན་ཡོལ་གོ་ཐོགས་ཞེས་བྱ་བ་དག་ལ་རྟོག་པར་བྱེད་དོ། །ལྷ་དེ་རྣམས་ཀྱི་གནས་གང་ན་གནས་པ་རང་དགའ་ཞིང་རང་གི་ཡིད་དང་འཐུན་པར་འདོད་པ་ཇི་ཙམ་ཡོད་སྙམ་ནས། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ཀྱང་བཅུ་ཡོད་དེ། འདི་ལྟ་སྟེ། པད་མའི་ནང་ན་རྒྱུ་བ་དང ། བུང་བའི་སྒྲ་སྙན་པ་དང ། སྒྲ་ལ་ཆགས་པ་དང ། དྲིས་དྲེགས་དགའ་དང ། རླུང་ལ་སྤྱོད་པ་དང ། མེ་ཏོག་ 69-1-68b ཕྲེང་དགའ་དང ། ཀུན་ཏུ་ལྟ་བ་དང ། རྟག་ཏུ་དགའ་བ་དང ། དྲི་ལ་ཆགས་པ་དང ། སྤྱི་གཙུག་ཐར་ཏེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ནི་བཅུ་པོ་འདི་དག་ཡིན་ནོ། །ས་དེ་རྣམས་ན་ལྷ་དག་ལས་སོ་སོར་བྱས་པ་གང་གིས་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་སྙམ་ནས་ དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་སེམས་བསྒོམས་པའི་ཡིད་དང་ལྡན་པ་གང་གིས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ལན་གསུམ་བརྗོད་ན། དེ་དེར་མཐར་ ཤིན་ཏུ་མྱ་ངན་ལས་འདའ་བར་འགྱུར་བའི་ལས་སྐྱེད་པ་ཡིན་ཏེ། མིའི་གནས་སྐབས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནམ་འཆི་བའི་དུས་བྱས་ནས་ལུས་དང་བྲལ་ན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་པད་མའི་ནང་ན་རྒྱུ་བ་ཞེས་བྱ་བ་དེར་སྐྱེ་ བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་གནས་དེ་ནི་ཡོན་ཏན་ལྔ་དང་ལྡན་པའི་རོ་ཤིན་ཏུ་ཞིམ་པ་ལ་ཆགས་པའི་མིག་མི་འཛུམས་པ། ལུས་ཉི་མ་ལྟར་གསལ་བ། ལྷའི་འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བ་ལ་མངོན་པར་དགའ་བ། བྱ་ཆུ་སྐྱར་གྱི་མདོག་ལྟ་བུའི་པད་མ་ཀུན་གྱིས་ མཛེས་པར་བྱས་ལ། པད་མ་དེ་དག་[\[]ནམས་[\]]ཀྱང་ཞུམ་པར་མི་འགྱུར་བ་དང ། པད་མ་རེ་རེ་ལས་ཀྱང་ལྷའི་དྲི་དཔག་ཚད་ཙམ་དུ་འབྱུང་སྟེ། དེས་ལྷའི་དྲི་དེ་དག་ཐམས་ཅད་དང ། གཞན་ཡང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་དྲི་རྣམས་ཟིལ་གྱིས་གནོན་པར་བྱེད་པ་དང ། བུང་བ་ཁ་དོག་སྣ་ཚོགས་ ཅན་ཁ་ཅིག་གསེར་གྱི་བྱ་ལྟ་བུར་འདུག་ལ། ཁ་ཅིག་མ་ཧེའི་མིག་གི་མདོག་ལྟ་བུ་དང ། ཁ་ཅིག་བཻ་ཌཱུརྱའི་མདོག་ལྟ་བུར་འདུག་པ་དག་སྒྲ་རྣམ་པ་སྣ་ཚོགས་འབྱིན་ཏེ། དེའི་ཁྱད་པར་ནི་མི་རྣམས་ཀྱིས་ལེགས་པར་བསླབས་པའི་པི་བང་གི་སྒྲ་འབྱིན་པ་ན། ཤིན་ཏུ་སྙན་ཅིང་ལྷག་པར་ དགའ་བར་བྱེད་པའི་སྒྲ་ཀུན་དུ་གང་བར་འབྱུང་བ་དག་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་འདོད་པ་ལ་མི་ཡིས་དཔེར་བྱར་མེད་པའི་ཕྱིར་ཏེ། མི་གང་གིས་ཀྱང་ལྷའི་སྒྲ་མཉན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བ་དང ། འདོད་ཆགས་དང་ 69-1-69a བྲལ་བ་མ་གཏོགས་པར་དེ་ལ་མིའི་འཇུག་པའི་ཡུལ་མ་ཡིན་ནོ། །འདི་ལྟར་འཁོར་ལོས་སྒྱུར་བ་ནི་སྟོབས་དང་ལྡན་ལ་དབང་པོ་རྣམས་ཀྱང་སྟོབས་དང་ལྡན་པས་ལྷ་དང་མིའི་འདོད་པ་ལ་སྤྱོད་པར་ནུས་སོ། །འདི་ལྟར་འདོད་ཆགས་དང་བྲལ་བ་ནི་དེའི་དབང་པོ་དགའ་བར་ འགྱུར་བ་ཡང་མེད་ལ་གཡོ་བ་ཡང་མེད་དེ། དེ་ལྟར་དེ་ན་བུང་བའི་སྒྲ་འབྱུང་བ་དག་དེས་མཉན་པར་ནུས་སོ། །དུད་འགྲོར་གྱུར་པ་སེམས་རྨོངས་པར་གྱུར་པ་རྣམས་ཀྱི་སྒྲ་ཡང་དེ་ལྟ་བུ་ཡིན་ན། འདོད་པ་ལ་སེམས་ཆགས་པའི་ལྷའི་ཚོགས་རྣམས་ཀྱི་གླུ་དབྱངས་དང་སྒྲ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དཔེ་མེད་པ་ཡིན་ལ། འདི་ལྟར་སྒྲ་ལ་ཆགས་པར་བྱེད་པ་ལ་ཡང་སྐྱོ་བར་མི་འགྱུར་ཞིང ། གཟུགས་དང ། དྲི་དང ། རོ་དང ། རེག་བྱ་རྣམས་ཀྱིས་ཀྱང་དེ་དང་མི་འཐུན་པར་སྐྱོ་བར་མི་བྱེད་དོ། །དེ་ལྟར་དེ་སྒོ་དུ་མ་དེ་དང ། སྲེད་པའི་སྒོའི་ཐབས་དུ་མའི་བདེ་བ་དེ་དག་ལ་ཇི་སྲིད་དུ་དེའི་འདོད་་ པ་སྡུག་པ་ཡིད་དུ་འོང་བའི་ལས་མཐོ་རིས་སུ་སྐྱེས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་སྤྱོད་པར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་ དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་གྲོང་ཁྱེར་དུ་གྲོང་གི་བདག་པོ་ཤིན་ཏུ་འབྱོར་པ་དང་ལྡན་པའམ་ཚོང་དཔོན་དུ་འགྱུར་ལ་གཞན་དུ་ཡང་རྒྱུ་དང་རྐྱེན་དེ་དང་གཞི་དེས་མཐར་མྱ་ངན་ལས་འདས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་བུང་བ་སྒྲ་སྙན་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ཚུལ་ཁྲིམས་དང་ལྡན་ཞིང་ཤེས་རབ་དང་ལྡན་པ་སེམས་པས་བསྒོམས་པའི་སྙིང་དང ། སྙིང་རྗེས་བརླན་པའི་ཡིད་སེམས་ཅན་ལ་ཕན་པར་ཞུགས་པས་མཆོད་རྟེན་ལ་རོལ་མོའི་སྒྲ་དང་དྲིས་མཆོད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ 69-1-69b ཀྱི་འཇིག་རྟེན་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་བུང་བའི་སྒྲ་སྙན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་རང་གི་ལས་ཀྱི་འབྲས་བུ་ལ་གནས་པ་དེ་སིལ་སྙན་དང ། གླུ་དབྱངས་དང ། བྲོ་གར་དང ། དགོད་པ་དང ། འཇོ་བ་དང ། ཉམས་དགའ་བ་རྣམ་པ་སྣ་ཚོགས་ཀྱི་བདེ་ བ་ལ་སྤྱོད་པ་པད་མའི་དྲིས་མྱོས་པའི་ལྷ་མོ་གླུ་དབྱངས་ཐོས་ན་ཡིད་འཕྲོག་པར་བྱེད་པའི་དབྱངས་ལ་ནི་ཉན། བདེ་བར་གནས་པའི་ཀུན་དགའ་ར་བ་ན་ཉེ་བར་སྤྱོད་པའི་ལྷ་མོའི་ཚོགས་དུ་མ་དག་ནི་དབྱངས་ཀྱི་སྒྲ་འབྱིན། མེ་ཏོག་རྣམ་པ་སྣ་ཚོགས་འདྲེས་པའི་དྲིའི་ངད་ཀྱིས་ནི་ལུས་ལ་རེག་ཅིང་ རིན་པོ་ཆེ་དུ་མས་མཛེས་པར་བྱས་པའི་རི་རབ་ཀྱི་རྩེ་མོ་རྣམས་ལ་སྡུག་པ་ཐོས་ན་ཤིན་ཏུ་དགའ་བར་བྱེད་པ་རྣམས་དང་ལྷན་ཅིག་རྣམ་པར་རྒྱུ་ཞིང་གནས་ལ་དགའ་བར་བྱེད་དོ། །དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་མངོན་པར་མཐོང་ནས། དགེ་སློང་དགེ་ བའི་ལས་ལ་སྟོད་ཅིང་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ལས་འདི་དག་ནི་ལྷ་ཡི་ཡུལ། །གསུམ་གྱི་ཐེམ་པའི་སྐས་སུ་གྱུར། །དེ་ལ་འཛེག་པའི་མི་རྣམས་ནི། །ལྷ་ཡུལ་བདེ་བ་འབྱུང་བར་འགྲོ། །ངག་ལ་རྣམ་པ་བཞི་བསྡམས་ཏེ། །ལུས་ལས་བྱུང་བ་རྣམ་གསུམ་མོ། ། ཐེམ་སྐས་བདུན་ལ་འཛེགས་ནས་སུ། །ལྷ་ཡུལ་གསུམ་དུ་འགྲོ་བར་བྱེད། །ཚུལ་ཁྲིམས་སྤྱོད་པ་ཤིན་ཏུ་བདེ། །ནོར་སྤྱོད་དེ་ལྟར་བདེ་བ་མིན། །ནོར་གྱིས་མི་ནི་འགྲིབ་བྱེད་ལ། །ཚུལ་ཁྲིམས་ཀྱིས་ནི་འགྲིབ་མི་བྱེད། །དེས་ནི་མི་དག་ལེགས་པར་བྱེད། །སོ་སོ་དག་ཏུའང་དེ་མཛེས་ སོ། །དེ་བས་མཐོ་རིས་འགྲོ་བ་ལ། །ཐུབ་མཆོག་རྣམས་ཀྱིས་དགེ་བར་བསྔགས། །སྐྱེས་བུ་དགེ་བ་སྤྱོད་པ་རྣམས། །སྐྱེད་མོས་ཚལ་དུ་འགྲོ་བ་བཞིན། །ལྷ་ཡི་འཇིག་རྟེན་དུ་མར་དེ། །བདེ་བ་རྣམས་ཀྱི་འབྱུང་ཁུང་མཆོག་།རང་གི་ལུས་ལས་བྱུང་བ་ཡི། །འོད་ཀྱིས་དེ་ དག་འབར་བ་ན། །རང་གི་ལས་ཀྱིས་བསྐུལ་བ་རྣམས། །མཐོ་རིས་གནས་ན་དགའ་བར་བྱེད། །རྟག་ཏུ་དགའ་བར་གནས་པ་དང ། །རྟག་ཏུ་བདེ་བར་གནས་པ་ཡི། །ལྷ་གང་ཡིན་པ་ལྷ་ཡི་གནས། །དེ་ན་ཚུལ་ཁྲིམས་བྱེད་རྒྱུ་ཡིན། །ཚུལ་ལྡན་དེ་ཡི་ཚུལ་ཁྲིམས་ནི། །དུ་མའང་ 69-1-70a ལེགས་པར་བསྲུངས་པ་ཡི། །འབྲས་བུ་མཐོ་རིས་སྨིན་པར་འགྱུར། །དེ་བས་ཚུལ་ཁྲིམས་རྟག་ཏུ་སྤྱོད། །ཚུལ་ཁྲིམས་མཐོ་རིས་སྐས་ཡིན་ལ། །བདེ་རྒྱུ་འབྱུང་བའི་གནས་ཡིན་ནོ། །ཚུལ་ཁྲིམས་སྤངས་པའི་མི་དག་ནི། །གང་དུའང་བདེ་བ་མི་ འཐོབ་བོ། །ཚུལ་ཁྲིམས་ཆུ་ནི་དང་བ་དང ། །ཀུན་དུ་རྣམ་པར་གང་བ་ཡིས། །ཁྲུས་བྱས་མི་དག་ལྷ་ཡི་གནས། །ལྷ་ཡི་འཇིག་རྟེན་འགྲོ་བར་འགྱུར། །ལྷ་ཡི་ཕྲེང་བ་རྒྱན་རྣམས་དང ། །ལྷ་ཡི་བདེ་བ་ལྡན་པ་གང ། །དེ་ཀུན་དགེ་བའི་རྒྱུ་ལས་བྱུང ། །ལྷ་ཡི་གནས་ན་དགའ་བར་ བྱེད། །གང་ཞིག་ལྷ་མོས་ཡོངས་བསྐོར་དང ། །གང་ཞིག་ཉི་ཟླ་འདྲ་བ་རྣམས། །དེ་ཀུན་དགེ་བའི་རྒྱུ་ལས་བྱུང ། །ལྷ་དག་ལྷ་ཡི་ནང་ན་དགའ། །གང་ཞིག་བསམས་ན་འབྱུང་བྱེད་པ། །བྱུང་ནས་ཀྱང་ནི་འགྲིབ་མེད་ཅིང ། །དགེ་བ་རྟག་ཏུ་འཕེལ་འགྱུར་བ། །དེ་ཀུན་དགེ་ བའི་རྒྱུ་ལས་བྱུང ། །གང་ཞིག་ཚུལ་ཁྲིམས་རྗེས་སུ་འཇུག་།བདེ་བ་དག་ནི་གྲངས་མེད་ལ། །ཐམས་ཅད་དུ་ནི་འཕེལ་བྱེད་ལ། །མི་ཡིས་ཐམས་ཅད་འཐོབ་པར་འགྱུར། །རྟག་ཏུ་དགེ་བ་སྤྱོད་པའི་མི། །རྒྱལ་པོས་ཀྱང་ནི་རྟག་ཏུ་བཀུར། །དགེ་བས་མི་ནི་དགེ་བར་འགྱུར། ། དེ་བས་ཚུལ་ཁྲིམས་རྟག་ཏུ་སྤྱོད། །དགེ་བ་སྤྱོད་པ་རྟག་ཏུ་དུལ། །འབྱུང་པོ་ཀུན་ལ་སྙིང་བརྩེ་མཆོག་།རྟག་ཏུ་སྦྱིན་དང་བྱམས་ལྡན་པ། །ལྷ་དག་འདུ་བའི་གནས་སུ་འགྲོ། །སྲོག་གཅོད་པ་ལས་ལྡོག་པ་དང ། །སེམས་ཅན་ཀུན་ལ་སྙིང་བརྩེ་མཆོག་།ཡང་དག་ལས་ཀྱི་ མཐའ་ལྡན་པ། །ལྷ་དག་འདུ་བའི་གནས་སུ་འགྲོ། །མ་བྱིན་ཆུང་ཟད་ལེན་མི་བྱེད། །སྦྱིན་ལའང་དེ་ནི་རྟག་ཏུ་དགའ། །བློ་ལྡན་བློ་གྲོས་དབང་པོ་ཞི། །ལྷ་དག་འདུ་བའི་གནས་སུ་འགྲོ། །གང་ཞིག་ལོག་པར་གཡེམ་དང་བྲལ། །ཡང་དག་ལམ་ལ་རྟག་ཏུ་དགའ། །མྱ་ ངན་འདས་ལ་སོམ་ཉི་མེད། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །གང་ཞིག་འཐུངས་ན་སྐྱེས་བུ་དག་།ཡིད་ལ་མི་དགའ་མང་བྱེད་པ། །ཆང་སྤངས་ཤིན་ཏུ་བརྟན་པ་དག་།ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །བདེ་བ་དུ་མ་སྐྱེད་བྱེད་ཅིང ། །ཐམས་ཅད་དབུགས་ནི་འབྱིན་བྱེད་པ། །ཚུལ་ 69-1-70b ཁྲིམས་ལེགས་པར་སྤྱད་བྱ་ཞིང ། །ཉེས་པ་བྱས་པའང་རྣམ་པར་སྤོངས། །དེ་ལྟར་དགེ་སློང་དེས་བདེ་བ་འབྱུང་བ་རྣམ་པ་དུ་མ་དག་མངོན་པར་མཐོང་ནས་བུང་བ་སྒྲ་སྙན་གྱི་ལྷ་རྣམས་ལ་མངོན་པར་བསྟོད་དོ། །དེ་ལྟར་ལྷ་དེ་དག་ལྷའི་འཇིག་རྟེན་དུ་གཏོགས་པའི་བུང་བ་མང་པོ་རྣམས་ཀྱིས་ སྒྲ་སྙན་པ་འབྱིན་པ་ན། ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཁྱད་པར་དུ་སྡུག་པ་དག་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མེ་ཏོག་གི་ཕྲེང་བ་བཟང་པོ་ཐོགས་ཤིང་རྟག་ཏུ་བདེ་བ་དང་ ལྡན་པ་དང ། གནོད་པ་མེད་པར་གནས་པ་དང ། ཡུན་རིང་དུ་འཚོ་བ་དང ། ལོངས་སྤྱོད་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་ བའི་ཤེས་པས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་སྒྲ་ལ་ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ ཅིང་སེམས་ཤིན་ཏུ་བསྒོམས་པ་གང་གིས་སངས་རྒྱས་གཟི་བྱིན་དཔག་ཏུ་མེད་པ་དང་ལྡན་པ་ལ་གདུགས་ཕུལ་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྒྲ་ལ་ཆགས་པ་ཞེས་བྱ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལྷའི་བདེ་བ་དང་ལྡན་པ་ དེ་གསེར་དང ། དངུལ་དང ། བཻ་ཌཱུརྱའི་རི་རྣམ་པ་སྣ་ཚོགས་ལ་རྒྱུ་བ་དག་ལ་བདེ་བ་རྣམ་པ་སྣ་ཚོགས་འབྱུང་སྟེ། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཁོར་དང་བཅས་པ་དག་རིན་པོ་ཆེ་སྣ་བདུན་གྱི་རིའི་རྩེ་མོ་རྣམས་སུ་རྒྱུ་ཞིང་རོལ་མོའི་ཚལ་ཞེས་བྱ་བའི་ཚལ་དེར་འཇུག་ 69-1-71a པར་བྱེད་དོ། །ལྷའི་ཕྲེང་བ་དང ། གོས་གྱོན་པ་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང ། བྱུག་པ་དང་ལྷན་ཅིག་སྐྱེས་པའི་དྲིས་རྣམ་པར་བརྒྱན་པ་དེ་རེས་འགའ་སྤོས་ཀྱི་ཚལ་ཞེས་བྱ་བ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཚལ་དུ་ཡང་འཇུག་པར་བྱེད་དོ། །ཚལ་ དེ་ན་ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། པད་མའི་རྫིང་དང ། ཤིང་ལྗོན་པས་མཛེས་པར་བྱས་པ་ཡིན་ཏེ། རྣམ་པ་ཇི་ཙམ་དུ་བྱ་འདབ་ཆགས་ཀྱིས་མཛེས་པར་བྱས་པའི་རྣམ་པ་དེ་ཙམ་དུ་འོད་གང་གིས་སྡུག་པ་ལྟ་བུར་ལྷའི་འོད་སྟོང་དང ། འོད་ཀྱི་རྣམ་པ་གཞན་ཡང་སྔོན་ པོ་དང ། སེར་པོ་དང ། བཙོད་ཀའི་མདོག་ཏུ་འབྱུང་སྟེ། ཚལ་དེ་ཁ་དོག་བཟང་པོ་ཡིན་ནོ། །ལས་ཀྱི་མཐའ་སྤྱད་པ་ལ་ཞུགས་པའི་ཚལ་དེ་ན་མེ་ཏོག་དུ་མས་བསྒོས་པ་དྲི་ཤིན་ཏུ་ཞིམ་པའི་དྲི་ངད་དང་པོའི་རྫི་འབྱུང་སྟེ། གང་གི་ཚེ་རྫི་དེས་ལོ་མ་དེ་དག་ལ་ཕོག་པར་གྱུར་པ་དེའི་ཚེ་རྫིས་ ཕོག་པའི་ལོ་མ་ཕན་ཚུན་རེག་པ་ལས་རོལ་མོའི་སྒྲ་འབྱུང་སྟེ། དེའི་ཁྱད་པར་ནི་ལྷ་མ་ཡིན་གྱི་གནས་ན་སྤྱོད་པའི་རོལ་མོ་དག་གིས་བཅུ་དྲུག་གི་ཆར་ཡང་མི་ཕོད་པའི་རྣམ་པ་དེ་ལྟ་བུ་དག་འབྱུང་ངོ ། །གང་གི་ཚེ་ལོ་མ་རེ་རེ་ལ་ཕོག་པ་དེའི་ཚེ་ཡང་རོལ་མོའི་སྒྲ་ཤིན་ཏུ་ཆགས་སུ་རུང་བ་དག་ འབྱུང་སྟེ། དེ་སིལ་སྙན་ཡན་ལག་ལྔ་འབྱོར་ཅིང་ལྡན་པར་གྱུར་ལ། ཡུལ་ཤིན་ཏུ་ཉམས་དགའ་ཞིང་ཡིད་དུ་འོང་བ་རྣམས་ཀྱིས་མྱོས་སོ། །དེ་ནས་ཡང་ལོ་མའི་རོལ་མོའི་སྒྲ་དེས་སྲེད་པ་ལ་ཆགས་ཤིང་དགའ་བ་བག་མེད་པ་བརྒྱ་སྙེད་ལ་གནས་པར་བྱེད་དོ། །སྒྲ་ལ་ཆགས་པ། སྒྲ་ལ་ཞེན་པ། སྒྲས་བསླུས་པ་དེ། ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཁྱད་པར་དུ་སྡུག་པ་དག་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རོལ་མོ་ལ་མངོན་པར་དགའ་བར་འགྱུར་ 69-1-71b ཞིང་ནོར་དང ། འབྲུ་དང ། ཁྱིམ་དང་ཆུང་མ་ཤིན་ཏུ་འབྱོར་བ་དང ། ཡུན་རིང་དུ་འཚོ་བ་དང ། རྒྱལ་པོའི་ཕོ་བྲང་དུ་ཡང་བཀུར་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་ པར་བྱེད་དེ། དེར་ལྷ་དག་ལས་གང་གིས་སྐྱེ་བར་འགྱུར་མིང་ནི་ཅི་ཞེས་བྱ་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ལྷའི་འཇིག་རྟེན་ན་ལྷ་རྣམས་ཀྱི་གནས་དྲིས་དྲེགས་དགའ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་ འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཤིན་ཏུ་ཚུལ་ཁྲིམས་དང་ལྡན་པ། སེམས་ཡོངས་སུ་བསྒོམས་པ་གང་གིས་མཆོད་རྟེན་གྱི་བུམ་པའམ་གདུགས་ལ་དྲི་ཆབ་ཕུལ་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དྲིས་ དྲེགས་དགའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལྷའི་བདེ་བ་དང་ནི་ལྡན། བདེ་བ་དཔེ་མེད་པའི་ཁ་ཟས་ལ་ནི་རྟེན། ལྷའི་བདུད་རྩིའི་ཟས་ཀྱིས་ནི་ཚིམ། ལུས་དང་ཡིད་ཀྱི་གདུང་བ་དང་ནི་བྲལ། ལྷའི་ཕྲེང་བ་དང ། གོས་གྱོན་པ་རྟག་ཏུ་སིལ་སྙན་ ཡན་ལག་ལྔས་རྩེན་ཅིང ། དགོད་པ་དང ། དགའ་བ་དང ། རྩེ་བའི་གྲོགས་དང་ལྡན་པ་ལྷ་མོའི་ཚོགས་རྣམས་ནི་གླུ་དབྱངས་ལེན། ཉིན་གཅིག་གཅིག་བཞིན་རྒྱུན་མི་ཆད་པར་རི་སུལ་ལས་ཆུའི་ཤུགས་འབབ་པ་ལྟར་བདེ་བ་རྣམས་ནི་འཕེལ། ནོར་བུ་མཐོན་ཀ་དང ། སྤུག་ དང ། དངུལ་གྱི་རིའི་རྩེ་མོ་རྣམས་སུ་དགའ་བར་བྱེད་ཅིང ། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་རྣམ་པ་སྣ་ཚོགས་ནི་མཐོང ། ཚལ་གྱི་ནང་ན་གནས་པ་བྱ་དང་ཁུ་བྱུག་རྣམས་ཀྱང་མཐོང་སྟེ། ལྟ་བ་དུ་མའི་ཟི་ལང་བར་ལྟ་བ། ཚལ་དང་ནགས་ཚལ་ཡིད་དུ་འོང་བ་ རྣམས་སུ་ལྟ་བར་བྱེད་ཀྱང ། སེམས་ཚིམ་པ་མེད་པ་དག་ལྷའི་འཇིག་རྟེན་དེ་ན་གནས་སོ། །ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཚལ་དང་ཉེ་བའི་ཚལ་རྣམས་ན་མཐོ་རིས་ཀྱི་ཆུའི་རོ་གང་དང་གང་འབྱུང་བ་དག་ནི་འདི་ལྟར་འཛམ་བུའི་གླིང་ན་ལེགས་པར་བྱས་པའི་ 69-1-72a ལས་ཀྱིས་དགུན་ཆང་དང་སྦྱར་བའི་ཆང་དང ། ཤ་ཁ་རའི་ཆང་གི་རོ་འབྱུང་བ་རྣམ་པ་དེ་ལྟ་བུར་འབྱུང་ངོ ། །དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། ལྷའི་འཇིག་རྟེན་དེ་ན་ཇི་སྲིད་དུ་དེའི་ལེགས་པར་བྱས་པའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་མོའི་ ཚོགས་དུ་མས་ཡོངས་སུ་བསྐོར་བ་དག་དང་དགའ་བར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ་ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ་མི་རྣམས་དང་སྐལ་བ་མཉམ་ པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བྲན་ཁྱིམ་བདོག་ཅིང་ནོར་དང་འབྲུ་མང་པོ་ཀུན་ནས་གང་བར་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་རླུང་གི་རྒྱུ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་ པར་གྱུར་ཅིང ། སེམས་ཡོངས་སུ་བསྒོམས་པའི་སྙིང་དང་ལྡན་པ་གང་གིས་ཚ་བས་གདུངས་པའི་དགེ་སློང་རྣམས་ལ་རླུང་ཡབ་ཀྱིས་རླུང་གཡབས་ཏེ། གང་གིས་རླུང་འབྱུང་བ་རེག་ན་བདེ་བ་ཀུ་ཤི་རའི་དྲི་དང་འདྲེས་པས་དགེ་སློང་ཤིན་ཏུ་ཚ་བས་གདུངས་པ་དེ་རྣམས་རླུང་དེས་ བསམ་གཏན་དང ། ཁ་ཏོན་འདོན་པ་དང་འཇུག་པར་བྱ་བ་དག་བྱེད་པར་ནུས་ན། སྦྱིན་བདག་དེ་ལས་བྱས་པའི་རྐྱེན་དེས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རླུང་ལ་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ ལས་ཀྱི་མཐའ་སྤྱད་པ་དེ་ལ་རླུང་དྲི་ཞིམ་པ་དཔེ་མེད་པ་ལྡང་ངོ ། །གང་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་རླུང་དཔེ་མེད་པ་ལྡང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ལྷའི་རིས་གཞན་ནས་རླུང་ལངས་པའི་དྲི་འབུམ་འགྱུར་དུ་ཞིམ་ལ། ཤིན་ཏུ་བསིལ་བར་ཡང་ལྡང་སྟེ། རྣམ་པར་སྨིན་པ་ 69-1-72b བཟང་པོ་གཅིག་དང ། གཉིས་དང ། གསུམ་དང ། བཞི་དང ། ལྔ་འགྱུར་དུ་འབྱུང་ངོ ། །དེར་རྒྱལ་ཆེན་བཞི་པ་རྣམས་ཀྱི་རླུང་ནི་ཉིས་འགྱུར་དུ་འབྱུང་ངོ ། །རྒྱལ་ཆེན་བཞི་པ་རྣམས་ལས་ལྷག་པར་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སུམ་འགྱུར་དུ་འབྱུང་ངོ ། །སུམ་ཅུ་ རྩ་གསུམ་པ་རྣམས་ལས་ལྷག་པར་འཐབ་བྲལ་བ་རྣམས་ཀྱི་བཞི་འགྱུར་དུ་འབྱུང་ངོ ། །འཐབ་བྲལ་བ་རྣམས་ལས་ལྷག་པར་དགའ་ལྡན་པ་རྣམས་ཀྱི་ལྔ་འགྱུར་དུ་འབྱུང་ངོ ། །དགའ་ལྡན་པ་རྣམས་ལས་ལྷག་པར་འཕྲུལ་དགའ་བ་རྣམས་ཀྱི་དྲུག་འགྱུར་དུ་འབྱུང་ ངོ ། །དེ་དག་པས་ཀྱང་ལྷག་པར་གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ཡང་འབྱུང་སྟེ། དེ་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་བྱེ་བྲག་ལས་འགྲོ་བའི་རིས་ཀྱི་བྱེ་བྲག་ཏུ་འགྱུར་རོ། །ལས་བྱས་པ་དེ་དག་མངོན་པར་མཐོང་ནས། ལེགས་པར་བྱས་པའི་ལས་དེས་རླུང་ ལ་སྤྱོད་པའི་ལྷ་དེ་རྣམས་ལ། ལྷའི་རིས་དྲུག་ན་རླུང་ལངས་པ་དཔེ་མེད་པ་དྲི་ཞིམ་པ་བདེ་བ་གང་ཡིན་པ་དེ་དག་ལྡང་ངོ ། །རླུང་དེ་དག་གི་མཐུ་གཅིག་ཅིག་བཤད་པར་བྱ་སྟེ། འདི་ལྟར་དེའི་མཐུ་ཐམས་ཅད་ནི་བཤད་པར་མི་ནུས་སོ། །ལྷ་དེ་རྣམས་ཀྱི་རླུང་དགའ་དགུར་བྱེད་ པ་ལྡང་སྟེ། དེ་ནི་གང་གི་ཚེ་རོལ་མོའི་སྒྲ་འབྱུང་བར་འདོད་ན་དེའི་ཚེ་རླུང་དེ་རི་དང་ནགས་ཚལ་གྱི་གསེབ་ཏུ་སོང་ནས་ཇི་ལྟར་དེ་ལྷ་མོས་རོལ་མོ་བྱས་པ་ཆུང་ཟད་ཀྱང་སྙན་པར་མི་འགྱུར་བ་དེ་ལྟ་བུར་ལྡང་ངོ ། །གལ་ཏེ་ཤིན་ཏུ་དྲི་ཞིམ་པར་འདོད་ན་དེ་གཞན་འཕྲུལ་དབང་བྱེད་ཀྱི་ ལྷའི་རིས་མན་ཆད་ཀྱི་མདོག་དཔེ་མེད་པ་དང་ལྡན་པ་དག་ལས་ལངས་ནས་ལྷ་དེ་རྣམས་ཀྱི་དྲུང་དུ་ལྡང་བར་བྱེད་དོ། །གལ་ཏེ་བསིལ་བ་འདོད་ན་དེ་ཇི་ལྟར་དེ་དག་གི་ལུས་ལ་བཟོད་པ་རྣམ་པ་དེ་ལྟ་བུའི་བསིལ་བ་ལྡང་ངོ ། །གལ་ཏེ་ཡུལ་གཞན་དུ་འགྲོ་བར་འདོད་དམ། དེ་བཞིན་ དུ་བཻ་ཌཱུརྱའི་རི་རབ་ཀྱི་རྩེ་མོ་ལྟ་བར་འདོད་དམ། དེ་བཞིན་དུ་དངུལ་གྱིའམ། དེ་བཞིན་དུ་འཛམ་བུའི་ཆུ་བོའི་གསེར་གྱིའམ། དེ་བཞིན་དུ་ཤེལ་གྱིའམ། དེ་བཞིན་དུ་མེ་ཏོག་དང ། འབྲས་བུ་དང ། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཚལ་དང ། ཉེ་བའི་ཚལ་བྱ་ 69-1-73a དང་མེ་ཏོག་ཉམས་དགའ་བའི་ཡུལ་སྣ་ཚོགས་ལྟ་བར་འདོད་པ་དང ། ལྷ་མོ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འགྲོ་བར་འདོད་པའི་ལྷ་རྣམས་ལ་རླུང་སྒྲ་དང ། དྲི་དང ། བདེ་བ་རྣམ་པ་དུ་མ་དང་ལྡན་པ་དེ་དག་ལྡང་བར་བྱེད་དོ། །ཚལ་དང་ཉེ་བའི་ཚལ་དང ། དཀའ་ ཐུབ་ཀྱི་ཚལ་དང ། རི་ཁྲོད་རྣམ་པ་སྣ་ཚོགས་སུ་སྔ་མ་བཞིན་ཁྱེར་བར་ཡང་བྱེད་དེ། དེ་ལྟར་རླུང་འོང་བ་དང་འགྲོ་བ་དག་འདོད་པ་ལྔ་ལ་དགའ་བའི་ལྷ་རྣམས་དང་ལྷན་ཅིག་དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ཕྲག་དོག་དང་འཐབ་མོ་དག་གིས་སྐྱོ་ བ་མེད་པ། ཕན་ཚུན་གྲོགས་སུ་གྱུར་པ། ཕན་ཚུན་གནོད་པ་མེད་པ་རྣམས་ཡིད་གཅུགས་ཤིང་གནས་དེ་དག་ལ་ཡིད་ཞུགས་པ། རང་གི་ལས་ཀྱིས་བསྒྱུར་བ་རྣམས་དགའ་བར་བྱེད་དོ། །ལྷའི་འཇིག་རྟེན་ན་ལྷ་རང་གི་ལས་ཐ་མ་དང་འབྲིང་དང་བཟང་པོ་རྣམས་ཀྱིས་རྒྱའི་ འབུར་ལྟ་བུར་ལས་ཀྱི་འབྲས་བུ་འབྱུང་བ་ནི། ཇི་ལྟར་རླུང་ཕྲག་དོག་དང་སེར་སྣ་དང་བྲལ་བའི་ཤུགས་འབྱུང་ལ། ཤུགས་ཟད་ནས་ས་ལ་འབབ་པ་དེ་ལྟར་ཇི་སྲིད་དུ་ལས་ཀྱི་རྣམ་པ་ཐ་མ་དང ། འབྲིང་དང ། བཟང་པོ་ལེགས་པར་བྱས་པའི་རྣམ་པ་དེ་སྲིད་དུ་འབྱུང་བའི་ཤུགས་ སྤྱད་ལ། དེ་ནས་ཡང་ལེགས་པར་བྱས་པའི་ལས་ཟད་ནས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་རོ། །སེམས་ཅན་རྣམས་ནི་ལས་ཀྱི་སྐྱེ་གནས་ལས་སྐྱེ་ཞིང་ལས་ལ་རྟོན་པ་ཡིན་ལ། ཇི་ལྟར་ལས་བྱས་པ་དེ་ལྟར་འགྲོ་བར་འགྱུར་ཏེ། སེམས་ཅན་རྣམས་ཀྱི་སྐྱེ་བ་ནི་རྒྱུ་མེད་ པ་ལས་བྱུང་བ་མ་ཡིན་ནོ། །དགེ་སློང་དེས་ལས་དེ་དག་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་ཉི་མའི་རྗེས་སུ་དུས་འགྱུར་ཞིང ། །ཇི་ལྟར་དུས་ཀྱི་རྗེས་སུ་ཞིང་རྣམས་སྐྱེ། །དེ་ལྟར་ལས་ཀྱི་རྗེས་སུ་སྐྱེ་བ་འབྱུང ། །རྒྱུ་མེད་པ་ལས་སྐྱེ་བ་འབྱུང་མི་འགྱུར། ། གང་གིས་ལུས་ཅན་བཅིངས་པ་རྣམས། །ཚེ་རབས་གཞན་ནི་སྟོང་དག་ཏུ། །རྣམ་པར་ཆགས་པ་མང་པོའི་ལས། །རྣམ་གསུམ་ལུ་གུ་རྒྱུད་ཀྱིས་བཅིངས། །ཇི་ལྟར་སྦྲང་རྩི་དུག་དང་ཟས། །འདྲེས་པ་ཡོངས་སུ་སྤོང་བར་བྱེད། །དེ་ལྟར་ལྷ་ཡི་བདེར་གཏོགས་པ། ། 69-1-73b མཐར་ནི་ལྟུང་བ་རྣམ་པར་སྤོངས། །གང་ཞིག་སྡུག་བསྔལ་འཆི་བ་ན། །བསོད་ནམས་ཟད་དེ་དམན་པ་ནི། །རང་གི་ཆུང་མ་རྣམས་ཀྱིས་སྤངས། །དེ་འདྲ་བ་ནི་དཔེ་མེད་དོ། །ལེགས་བྱས་ཟད་དེ་དམན་པ་ནི། །སྒྲོན་མ་འབར་བ་ཟད་པ་ལྟར། །ལྷ་ཁྱོད་གང་དུ་འགྲོ་ འགྱུར་ཞེས། །སྡུག་བསྔལ་ཆེན་པོ་རབ་ཏུ་སྐྱེད། །སྲེད་པའི་དུག་གིས་རྣམ་བསྲེགས་ཤིང ། །མྱ་ངན་གྱིས་ནི་སེམས་ཉམས་ཏེ། ལུས་དང་ངག་གི་སྤྱོད་དམན་པ། །ལྷ་ནི་ལྟུང་བ་དག་གིས་འཇིགས། །འདོད་རྣམས་ཤིན་ཏུ་སླུ་བྱེད་དེ། །ཇི་ལྟ་ཇི་ལྟར་བདེ་མྱངས་ པ། །དེ་ལྟ་དེ་ལྟར་ཡོངས་སུ་གཏོང ། །དེ་དག་སྡུག་བསྔལ་རབ་ཏུ་ཆེ། །ལྷ་ཡི་ཡུལ་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང ། །དེ་ཡི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྲེད་པས་འཁོར་བ་ཀུན་བྱས་པ། །འབར་ བའི་ཕྲེང་བ་རྣམས་ཀྱིས་དཀྲུགས། །སྲིད་པའི་སྒྲོག་གིས་བཅིངས་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོར་འགྲོ། །ལྷ་ཡི་འཇིག་རྟེན་འཆི་བའི་མཐའ། །དེ་བཞིན་ས་སྟེང་འཆི་བའི་མཐའ། །འཁོར་བ་ལས་ནི་མི་འབྱུང་བས། །སྡུག་བསྔལ་མཐོང་ནས་རྣམ་ པར་སྤོངས། །སྐྱེ་བོ་བག་མེད་དགའ་བ་གང ། །དེ་ནི་ཐར་པ་མི་འཐོབ་སྟེ། །བག་མེད་དུག་གིས་རྨོངས་པ་ནི། །དེ་ལ་མྱ་ངན་འདས་པ་རིང ། །བག་མེད་དགྲ་ཡི་མཆོག་ཡིན་པས། །བག་མེད་རྣམས་ལ་ཆགས་མ་བྱེད། །ཤིན་ཏུ་བག་མེད་ལྷ་རྣམས་ནི། །ཡང་ དང་ཡང་དུ་དམྱལ་བར་ལྟུང ། །གནས་གསུམ་འཁྲུལ་འཁོར་འཁོར་བ་ལྟར། །འཁྲུལ་འཁོར་ལས་ཀྱིས་འཁྱམ་པར་བྱེད། །དེ་བས་སྲེད་པའི་ཆགས་པ་སྤོངས། །འདོད་ཆགས་བྲལ་བ་ཞི་བའི་གནས། །དེ་ལྟར་དགེ་སློང་དེས་ལྷའི་འཇིག་རྟེན་གྱི་མཐའ་ལྟུང་བར་ མཐོང་ནས་འདོད་པ་ལ་འདོད་ཆགས་དང་བྲལ་ལོ། །རླུང་ལ་སྤྱོད་པའི་ལྷ་དེ་རྣམས་ཀྱི་མི་རྟག་པ་དང ། བདེ་བ་དེ་དག་ལ་ལས་ཀྱི་རྒྱུས་བསྐྱེད་ཅིང་མི་རྟག་པ་ཉིད་དང་འབྲེལ་བ་ཡིན་པ་ལྟ་ཞེས་རྣམ་པར་དཔྱོད་པར་བྱེད་དོ། །ལྷ་དེ་རྣམས་ཀྱང་ཇི་སྲིད་དུ་དེའི་ལེགས་པར་བྱས་ 69-1-74a པའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ཕྱིས་དེ་ནས་འཆི་བར་འགྱུར་ཏེ། ཇི་ལྟར་དུས་ཇི་སྲིད་དུ་ལེགས་པར་བྱས་པའི་ལས་ཡོད་པ་དང་འོད་གསལ་བ་འབྱུང་བའི་དུས་དེ་སྲིད་དུ་ལྷ་རྣམས་ལྷའི་འཇིག་རྟེན་ན་སྤྱོད་དོ། །དེ་ཟད་ནས་ལྷུང་ བར་འགྱུར་ལ། །ལྷུང་ནས་ཀྱང་ཡང་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རླུང་གིས་བདས་ནས། འགྲོ་བ་རྒྱ་མཚོར་སྤྱོད་ཅིང་འཚོ་ བའི་དེད་དཔོན་དུ་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་བདུན་པ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་ པ་ལས་བྱུང་བའི་ཤེས་པས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་མེ་ཏོག་ཕྲེང་དགའ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་ གྱུར་ཅིང་ལུས་དང་ངག་གི་ལས་ཀྱི་མཐའ་ཡང་དག་པ་སེམས་པས་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ་གང་གིས་ཚ་བའི་དུས་སུ་དགེ་འདུན་ལ་ཆུ་རིལ་བ་གང་ཕུལ་བའམ། ལམ་དུ་ཞུགས་པའམ། འབྲོག་དགོན་པར་ཞུགས་པ་དག་ལ་ཡང་ཆུ་རིལ་བ་གང་བྱིན་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་མེ་ཏོག་ཕྲེང་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལུས་བདེ་བ་དང་སྒེག་པ་སྣ་ཚོགས་སུ་ནི་སྤྱོད། ལྷ་མོའི་སིལ་སྙན་གྱི་སྒྲ་འབྱིན་ཅིང་དགོན་པ་སྣ་ཚོགས་ཀྱི་ནང་དུ་ནི་ཞུགས། བཻ་ཌཱུརྱ་ དང ། གསེར་དང ། དངུལ་གྱི་རི་རབ་ཀྱི་གཤོང་ན་རྩེན་པ་དག་དང་ལྷན་ཅིག་ནི་གནས། རི་ཁྲོད་རྣམ་པ་སྣ་ཚོགས་ན་ལྷ་མོ་དང་ནི་ལྷན་ཅིག་འཁོད། རླུང་དྲི་ཞིམ་པོས་རེག་པའི་ལུས་མེ་ཏོག་ཕྲེང་བ་ཐོགས་པ། འབབ་ཆུ་དང ། ལྟེང་ཀས་བརྒྱན་པའི་ཡུལ་རྣམས་ན་དགའ་ 69-1-74b བར་བྱེད་ཅིང་ལྷ་མོ་མང་པོའི་ནང་ན་སྤྱོད་པ་ན་ལོ་འབུམ་ཕྲག་དུ་མ་སོང་ངོ ། །དེ་ལྟར་གནས་པ་དེ་རེས་འགའ་ཚལ་འབབ་ཆུ་ཞེས་བྱ་བ་ན་གནས་ཏེ་ཚལ་དེ་ན་དགའ་བར་བྱེད་དོ། །ཚལ་དེ་ནི་བཻ་ཌཱུརྱའི་ཤིང་ལྗོན་པ་ལ་གསེར་གྱི་འདབ་མ་ཡོད་པ་དང ། གསེར་གྱི་ཤིང་ལ་ བཻ་ཌཱུརྱའི་འདབ་མ་ཡོད་པ་དང ། དངུལ་གྱི་ཤིང་ལ་གསེར་གྱི་འདབ་མ་དག་ཡོད་དེ། ཚལ་དེའི་ནང་དུ་ཞུགས་པ་དེ་རྟག་པར་ཡིད་རབ་ཏུ་དགའ་ལ། ལུས་རང་གི་འོད་དང་ལྡན་པ་ཡིན་ནོ། །དེའི་ལེགས་པར་བྱས་པའི་ལས་དེས་ཤིང་དེ་དག་བརྟོལ་བ་ལས་མཐོ་རིས་དང་འཐུན་ པའི་སྐོམ་འབྱུང་སྟེ། སྐོམ་དེའི་ཁྱད་པར་ནི་མིའི་རྒུན་ཆང་དང་སྦྱར་བའི་ཆང་དང ། ཤ་ཁ་རའི་ཆང་དག་འབྲས་བུ་པི་ཙུ་མན་དའི་རོ་དང་མཚུངས་ཏེ། སྐོམ་དེ་ནི་ལྷའི་རོ་དང་མདོག་དང་སྟོབས་དང་ལྡན་པ་ཡིན་ནོ། །དེའི་དྲི་དཔག་ཚད་དུ་ཡང་འབྱུང་སྟེ་བྱའི་ཚོགས་ལུས་ གསེར་དང་དངུལ་གྱི་མདོག་ལྟ་བུ་ཡིད་རབ་ཏུ་དགའ་བ་ཀུན་གྱིས་སྐོམ་དེ་འཐུངས་ནས་ཚལ་དེ་ན་སྒྲ་ཡིད་དུ་འོང་བ་འབྱིན་ཅིང་ཀུན་དུ་འགེངས་སོ། །ཤིང་དེ་དག་གི་སྡོང་པོ་བརྟོལ་ནས་སྐོམ་འབྱུང་བ་དེ་ལ་བུང་བའི་ཚོགས་འུབ་འུབ་འདུ་སྟེ། སྐོམ་ཁ་ཅིག་གི་མདོག་ནི་གསེར་ལྟ་བུ་ ཡིན། ཁ་ཅིག་གི་མདོག་ནི་བཻ་ཌཱུརྱ་ལྟ་བུ་ཡིན། ཁ་ཅིག་གི་མདོག་ནི་སྤུག་ལྟ་བུ་ཡིན། ཁ་ཅིག་གི་མདོག་ནི་པད་མ་རཱ་ག་ལྟ་བུ་ཡིན། ཁ་ཅིག་གི་མདོག་ནི་མ་རྒད་ལྟ་བུ་ཡིན་ཏེ། སྐོམ་དེ་དག་ཀུན་ནས་བྱུང་ནས་བྲུག་པ་ཆུ་བོ་ལྟར་འབབ་བོ། །སྐོམ་གྱི་ཆུ་བོ་དེའི་མིང་ ཡང་མཐའ་མེད་འབབ་ཅེས་བྱ་སྟེ། ཆུ་བོའི་རྒྱར་དཔག་ཚད་གཉིས་ཡོད་པའི་འགྲམ་གཉི་ག་ཉམས་དགའ་ལ། འགྲམ་གཉི་ག་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་གླུ་ལེན་ལ་གསེར་གྱི་པད་མས་ཁེབས་པ་འབབ་བོ། །དེ་ནས་ལྷ་མོའི་ཚོགས་ཀྱིས་ འཐུངས་པ་དང་ཡིད་རབ་ཏུ་དགའ་སྟེ། དགོད་པར་བྱེད། རྩེ་བར་བྱེད། ཕན་ཚུན་གསེར་གྱི་པད་མའི་སྡོང་བུ་བཻ་ཌཱུརྱ་རྣམས་ཀྱིས་སྒེག་པར་བྱེད། རྩེ་བར་བྱེད། དགོད་པར་བྱེད་དོ། །ཤིང་རྟ་སྣ་ཚོགས་ལ་ཞོན་པ་རྣམས་རྒྱུག་པར་བྱེད་ཅིང་དགོད་པར་བྱེད་ལ། ལྷའི་ཆུ་ཡན་ 69-1-75a ལག་བརྒྱད་དང་ལྡན་པས་ཕན་ཚུན་འཐོར་བར་བྱེད་དོ། །ལྷ་དེ་རྣམས་ཀྱི་པད་མའི་རྫིང་ཡོད་པ་དེ་ནི་ཀུན་ནས་བསྟེན་པ་ཞེས་བྱ་ལ་གཞན་དང་མི་འདྲ་བ་དཔེ་མེད་པ་ཡིན་ཏེ། ལེགས་པར་བྱས་པའི་ལས་ཀྱིས་བསྒྱུར་བའི་ལྷ་དེ་རྣམས་ཇི་སྲིད་དུ་དེའི་འདོད་པ་སྡུག་ པ་ཡིད་དུ་འོང་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་གནས་སོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བཀྲེས་པ་དང་སྐོམ་པ་ཡོང་ཡེ་མེད་ཅིང་འབྱོར་པ་དང་ལྡན་པའི་ཡུལ་དུ་སྐྱེ་ལ། ནོར་དང་ཤིན་ཏུ་ལྡན་པ་དང་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ཀུན་ཏུ་ལྟ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པར་གྱུར་པ། སེམས་པས་ཡོངས་སུ་བསྒོམས་པའི་སྙིང་གིས་བརླན་པ། སྐྱོ་བ་མེད་ཅིང་ཤིན་ཏུ་དགའ་བའི་སེམས་པ་གང་བདག་ལ་ཕན་པ་མེད་ཀྱང ། ཚུལ་ཁྲིམས་འཆལ་པའི་ནད་པའི་རིམ་གྲོ་བྱེད་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཀུན་ཏུ་ལྟ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལྷའི་ཕྲེང་བ་ དང ། གོས་གྱོན་པ་རབ་ཏུ་དགའ་སྟེ་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་པའི་བདེ་བ་དང་ནི་ལྡན། ཡིད་རྟག་ཏུ་དགའ་བ་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་དང་ལྡན་པ་དག་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་ནི་རྒྱུ། དགའ་དགུར་གནས་པ་གྲོགས་སྡུག་གུ་ལྷ་མོའི་ཚོགས་ 69-1-75b དུ་མས་བསྐོར་ཅིང་ཡོངས་སུ་སྤྱོད་པར་ནི་བྱེད། ཉི་མའི་འོད་ལྟར་ནི་གསལ། དགེ་བ་ནི་རྒྱ་ཆེར་འཕེལ། ལྷའི་ཚོགས་ཐམས་ཅད་ཀྱིས་ནི་མཆོད། རི་རབ་རིན་པོ་ཆེ་དུ་མའི་འོད་ཀྱིས་གསལ་བར་བྱས་ཤིང་རབ་ཏུ་འབར་བ་དག་ལ་ནི་གནས། གོས་ཚོན་ཅན་རྣམ་པ་སྣ་ ཚོགས་ནི་བགོས། མཐོ་རིས་དང་འཐུན་པའི་རིན་པོ་ཆེ་དུ་མ་དག་གི་རྒྱན་གདགས་པར་བྱ་བ་ནི་བཏགས། ཚལ་ན་རྣམ་པར་རྒྱུ་བའི་ལྷས་བསམས་པའི་ཚལ་དཀྲིགས་པ་སྣ་ཚོགས་དག་ན་ནི་གནས། པད་མའི་རྫིང་དང ། ལྟེང་ཀ་དང ། ཆུའི་དངོ་དང ། འབབ་ཆུ་དང ། ཆུ་བོ་དང ། འབབ་ཆུའི་རྒྱུན་དང ། སྟེགས་སྣ་ཚོགས་དག་ལ་རྣམ་པར་རྒྱུ་བ་ན། རང་གི་ལས་རྣམས་ལས་ཀྱི་བྱ་བ་བྱེད་དོ། །དེ་ལྟར་དེ་ཡོངས་སུ་རྒྱུ་བ་ན། ཕྱོགས་གཞན་ཞིག་ན་ཚལ་དྲིལ་བུ་གཡེར་ཀའི་དྲ་བས་གཏིབས་ཤིང་གསེར་གྱི་ལན་ཀན་བྲེས་པ་ཞིག་དེས་ མཐོང་སྟེ། བྱ་རྣམ་པ་སྣ་ཚོགས་གནས་པ། བྱའི་ཚོགས་སྐད་སྙན་ཅིང་འཇེབས་པ་འབྱིན་པ་རྣམས་ཀྱིས་ནི་ཀུན་ཏུ་གང ། རླུང་གིས་ཕོག་ནས་རབ་ཏུ་གཡོས་པའི་དྲིལ་བུ་གཡེར་ཀའི་སྒྲ་ནི་དྲག་ཏུ་འཁྲོལ། ཉི་མ་འབུམ་སྙེད་ཀྱི་འོད་དང་ནི་ལྡན། རི་རབ་ལས་བྱུང་བ་གསེར་ གྱི་རི་བདུན་ལ་འདི་ལྟ་སྟེ། ཤིན་ཏུ་མཐོ་དང ། རབ་སྦྱོར་དང ། ཆར་དགའ་དང ། ཀླུས་བརྟོལ་དང ། རབ་ཆགས་གསལ་དང ། རིན་ཆེན་ཆར་འབེབས་དང ། རྒྱུ་སྐར་ཕྲེང་གིས་ཡོངས་སུ་བསྐོར་བ། དྲིལ་བུ་གཡེར་ཀའི་དྲ་བས་གཏིབས་པའི་ཚལ་དེར་འཇུག་པར་ བྱེད་དོ། །རྣམ་པ་དེ་ལྟ་བུའི་ཚལ་ལྷའི་ཕྲེང་བ་ལ་སོགས་པས་རྣམ་པར་བརྒྱན་པ་དེ་ན། ལྷ་མོ་ཚལ་གྱི་གསབ་གསེབ་ན་རྒྱུ་ཞིང་རྩེ་བ་གང་ཡིན་པ་དེ་དག་འོད་ཟེར་འབུམ་སྙེད་འབྱུང་བ་ལྟར་ཚལ་དེ་ན་སྣང་ངོ ། །ཤིང་ལྗོན་པའི་བར་བར་ན་འཁོད་པའི་ལྷ་དེ་དག་གིས་དེ་ རྣམས་མཐོང་ནས། དེ་ནས་ཡང་འདོད་པའི་ཡོན་ཏན་ལྔ་ལ་བློ་རྣམ་པར་ཆགས་པ་དག་བལྟ་བའི་ཕྱིར་དེའི་དྲུང་དུ་འདོང་ཞིང་ཤིན་ཏུ་རྒྱུག་པར་བྱེད་དེ། གསེར་གྱི་པད་མ་རྣམས་ཀྱིས་དེ་དག་དང་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། དགོད་པར་བྱེད། སྒེག་པར་བྱེད་ལ། 69-1-76a རོལ་མོའི་སྒྲ་རྣམས་ཀྱིས་ཀྱང་ཤིན་ཏུ་དགའ་བར་བྱེད་དོ། །དེ་ལྟར་འདོད་པ་ལ་བློ་རྣམ་པར་ཆགས་པ་དེ་མིག་ལྷའི་གཟུགས་ཡིད་དུ་འོང་བ་རྣམས་ཀྱིས་ཆོག་མི་ཤེས་སོ། །རྣ་བ་སྒྲ་སྙན་པ་གསལ་བ་ཡིད་དུ་འོང་བ་རྣམས་ཀྱིས་ཆོག་མི་ཤེས་སོ། ། སྣ་དྲི་ཞིམ་པ་བསུང་ཆེ་བ་ཡིད་དུ་འོང་བ་རྣམས་ཀྱིས་ཆོག་མི་ཤེས་སོ། །ལྕེ་རོ་ཞིམ་པ་བྲོ་བ་མང་ལ་ཡིད་དུ་འོང་བ་རྣམས་ཀྱིས་ཆོག་མི་ཤེས་སོ། །པགས་པ་རེག་བྱ་བདེ་བ་འཇམ་པ་ཡང་བ་ཡིད་དུ་འོང་བ་རྣམས་ཀྱིས་ཆོག་མི་ཤེས་ཏེ། སྲེད་པ་དྲུག་གི་མེས་ཡོངས་སུ་ བསྐོར་བ་དེ་ཀུན་ནས་སྲེག་པར་བྱེད་དོ། །དེ་ལྟར་ཆོག་མི་ཤེས་པ་དེ་དགེ་སློང་དེས་མངོན་པར་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ལྷ་ཡི་འཇིག་རྟེན་ཀུན་ནས་སུ། །སྲེད་པའི་མེ་ཡིས་ཡོངས་སུ་བསྐོར། །རྨོངས་པ་འདོད་པའི་དབང་སོང་བ། །ཆགས་ པ་དབང་མེད་སྲེད་པར་བྱེད། །ཇི་ལྟ་ཇི་ལྟར་ཤིང་རྙེད་ན། །དེ་ལྟ་དེ་ལྟར་སྲེག་པ་འཕེལ། །ཇི་ལྟ་ཇི་ལྟར་བདེ་ཐོབ་ན། །དེ་ལྟ་དེ་ལྟར་སྲེད་མེ་འཕེལ། །ཤིང་མེས་སྲེག་པའི་ཉེས་པ་རྣམས། །མི་ཡིས་ཡོངས་སུ་སྤང་ནུས་ཀྱི། །འཇིག་རྟེན་སྲེད་མེས་ སྲེག་པ་ནི། །ཡོངས་སུ་སྤང་བར་མི་ནུས་སོ། །ཆུ་བོ་ཆེན་པོ་རྒལ་འདོད་ལ། །ཆུ་སྲིན་གྱིས་ནི་འཇིགས་པ་གང ། །དེ་དག་བདེ་བའི་མཐར་ཕྱིན་ན། །སྲེད་པས་དེ་ལ་གནོད་མི་འགྱུར། །སྲེད་པའི་ཞགས་ལས་རྣམ་གྲོལ་ཞིང ། །འདོད་ཆགས་ཞེ་སྡང་སྤོང་ བ་པོ། །ཉེས་སྡིག་ལས་ནི་གྲོལ་བ་གང ། །མཁས་པ་དེ་ནི་མྱ་ངན་བྲལ། །གང་ཞིག་ཚུལ་ཁྲིམས་སྲུང་བ་ཉིད། །མཐོ་རིས་དེ་ལ་ཡིད་ཞུགས་ན། །དེ་དག་ཚུལ་ཁྲིམས་སྡིག་དང་བཅས། །ཟས་དང་དུག་ནི་འདྲེས་པ་བཞིན། །བསྐལ་པ་བྱེ་བ་སྟོང་རྣམས་ སུ། །སྲེད་པས་བསླུས་པའི་མི་རྣམས་ནི། །ཤིན་ཏུ་རྨོངས་པས་དེ་མི་གཏོང ། །ཡིད་ནི་གཏི་མུག་དབང་དུ་སོང ། །སྐོམ་གྱིས་གདུངས་པའི་ཁུར་ཙ་བ། །ལན་ཚཝའི་ཆུ་ནི་འཐུངས་པ་ལྟར། །སྲེད་པས་བསླུས་པའི་སེམས་ཅན་རྣམས། །སྲེད་པ་ཉིད་ཀྱི་རྗེས་ 69-1-76b སུ་འབྲང ། །སྐྱེ་བོ་སྐད་ཅིག་ཚིམ་བྱེད་ལ། །སྐད་ཅིག་གིས་ནི་སྐོམ་བྱེད་པ། །སྐྱེས་བུ་ཐ་མ་སྲེད་པ་ཡིས། །གདུངས་པ་ལམ་གོལ་ཚོལ་བ་བཞིན། །དེ་བས་སྲེད་པ་བསྟེན་མི་བྱ། །སྲེད་པ་དེ་ནི་བསྟེན་པར་དཀའ། །སྲེད་པའི་དབང་དུ་སོང་བའི་མི། །འཁོར་ བ་ལས་ནི་འགྲོལ་མི་འགྱུར། །གང་ཞིག་བདེ་བ་བླ་ན་མེད། །བསམ་གཏན་སྐྱེད་མོས་ཚལ་ལ་དགའ། །མྱ་ངན་འདས་པའི་གྲོང་སྟོན་པ། །དེ་དག་བདེ་བ་དེ་བཞིན་འགྱུར། །བདེ་བ་བླ་ན་མེད་པ་རྣམས། །ལྷ་ཡུལ་སྤྱོད་པའི་སྐྱེ་བོ་དག་།སྲེད་པའི་ཞགས་ པས་དྲངས་ནས་སུ། །ཡང་དང་ཡང་དུ་དམྱལ་བར་ལྟུང ། །འཆི་མཐའ་དང་པོར་དགེ་བ་སྨིན། །ཡང་དག་ལམ་ནི་སྟོན་མཛད་པས། །སྲེད་ལ་རྟག་ཏུ་སྟེན་བྱེད་པ། །འདི་ཡིས་སྡུག་བསྔལ་ཚ་ཞེས་གསུངས། །དེ་ལྟར་དགེ་སློང་དེས་ལྷའི་འཇིག་རྟེན་འདོད་པའི་ དབའ་རླབས་ཀྱིས་བདས་ཤིང་འཆི་བའི་སྡུག་བསྔལ་མངོན་པར་མཐོང་ནས་འཁོར་བ་ལ་ཡིད་བྱུང་ངོ ། །དེ་ལྟར་ལྷའི་དེ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་གནས་ཀུན་ཏུ་ལྟ་བ་དག་ལ་དགའ་བར་བྱེད་ དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ ན། ལས་དེ་དང་རྒྱུ་འཐུན་པར་བུ་དང ། ཆུང་མ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་དང ། རྟག་ཏུ་ལྡན་ཞིང་ཤིན་ཏུ་འབྱོར་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ལྷ་ལག་ ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་རྟག་ཏུ་དགའ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་ 69-1-77a སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང་སེམས་པ་གསལ་བའི་སྙིང་དང་ལྡན་པ་གང་གིས་རྒྱལ་པོས་གསད་པར་བྱ་བ་བཙོན་རའི་ནང་དུ་བཅུག་པ་ལས་ནོར་རྫས་ཐམས་ཅད་ཕུལ་ནས། དེ་ཐར་བར་བྱས་སམ། དེ་བཞིན་དུ་རྒྱལ་པོའི་བུའམ། དེ་དང་འཐུན་པ་དག་ལ་ཕུལ་ནས་དེ་ཐར་བར་བྱས་ལ། དེ་ལས་ནོར་རྫས་སྣ་འགའ་ཡང་ལེན་པར་མི་བྱེད་དེ། སྙིང་རྗེས་བརླན་པའི་སྙིང་གིས་སེམས་ཅན་རྣམས་ལ་ཕན་པ་ཁོ་ན་བྱེད་ཅིང་ལེགས་པར་བྱས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་རྟག་ཏུ་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལྷ་དེ་རྣམས་ངོ་བོ་ཉིད་ཀྱིས་ཡིད་རབ་ཏུ་དགའ་བ་ཡིན་ལ། དེ་དག་པས་ཀྱང་དེ་བརྒྱ་འགྱུར་དུ་ཡིད་རབ་ཏུ་དགའ་བར་འགྱུར་ཏེ། ལས་ དེ་དང་རྒྱུ་འཐུན་པར་འབྲས་བུ་འབྲེལ་པས་རྒྱུ་དང་འཐུན་པར་འབྲས་བུ་འབྱུང་ངོ ། །ལྷའི་འཇིག་རྟེན་དེར་སྐྱེས་པ་དེ་ལྷ་མོའི་ཚོགས་མང་པོས་ནི་ཡོངས་སུ་བསྐོར། གླུ་དབྱངས་དང ། བྲོ་གར་དང ། བཞད་གད་དང ། རྩེད་མོ་དང ། དགའ་དགུར་སྤྱོད་པའི་ལྷ་མོ་རྣམས་ཀྱིས་ ནི་མཐའ་འཁོར་ཏེ། ཉེ་བར་སྤྱོད་ཅིང་རི་རབ་དང ། རི་དང ། རི་ཕུག་དང ། རི་ཁྲོད་རྣམས་སུ་ནི་རྒྱུ། དེ་བཻ་ཌཱུརྱའི་རྡོ་ལེབ་བཟང་པོ་རེག་ན་ཤིན་ཏུ་བདེ་བ་རྣམས་ཀྱི་སྟེང་ན་རང་དགར་ནི་སྤྱོད། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཚལ་དང ། ཉེ་བའི་ཚལ་རྣམས་ སུ་ཤིན་ཏུ་བདེ་བ་དང་ལྡན་པ་དག་དགའ་བར་བྱེད།བདེ་བ་དེའི་ཁྱད་པར་ནི་འཁོར་ལོས་སྒྱུར་བའི་བདེ་བས་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིས་འཐུན་པ་དེ་དང ། ཤ་དང ། རུས་པ་དང ། ཆུ་སེར་དང་བྲལ་བ་དེའི་ཕྱིར་བདེའོ། །ལྷའི་རིན་པོ་ ཆེའི་ཕྲེང་བ་དང ། གོས་དུ་མ་གྱོན་པ་མེ་ཏོག་བརྒྱུས་པ་དང ། བགོ་བ་སྣ་ཚོགས་ཀྱིས་ལུས་བརྒྱན་པ་དེ། རི་རབ་ཀྱི་དྲུང་དག་ན་རྒྱུ་བར་བྱེད་དེ། གལ་ཏེ་གསེར་གྱི་རི་ཟོམ་ལ་འཛེགས་ན་གསེར་དེའི་མཐུས་དེ་གསེར་ལྟ་བུར་འགྱུར་རོ། །གལ་ཏེ་བཻ་ཌཱུརྱའི་རི་ཟོམ་ 69-1-77b ལ་འཛེགས་ན་བཻ་ཌཱུརྱ་དེའི་མཐུས་བཻ་ཌཱུརྱའི་མདོག་ལྟ་བུར་འགྱུར་ཏེ། བདག་ཉིད་མཚོའི་ནང་དུ་ཞུགས་པ་ལྟར་གྱུར་ཀྱང་འདམ་རྫབ་ཀྱིས་གོས་པ་ལྟ་བུར་ནི་མི་འགྱུར་རོ། །གལ་ཏེ་ཤེལ་གྱི་རི་ཟོམ་ལ་འཛེགས་ན་ཤེལ་གྱི་འོད་དེས་དེ་ཟླ་བ་གཉིས་པ་ལྟ་བུར་འགྱུར་རོ། །གལ་ ཏེ་དངུལ་གྱི་རི་ཟོམ་ལ་འཛེགས་ན་དངུལ་དེའི་མཐུས་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཁ་བ་དང་མེ་ཏོག་ཀུ་མུ་ད་ལྟར་འགྱུར་ཏེ། དེ་ལྟར་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་ཚལ་དང ། ཉེ་བའི་ཚལ་རྣམས་སུ་དགའ་ བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ཅིང ། ལྷའི་བདེ་བ་དཔེ་མེད་པ་དག་མྱོང་བར་བྱེད་དོ། །དེ་ལྟར་དེ་རྣམ་པར་སྤྱོད་པ་ན་ཤིང་ལྗོན་པ་དུ་མས་མཛེས་པར་བྱས་པ། ལྷའི་ཉམས་དགའ་བར་བྱེད་པའི་ཚལ་ཞེས་བྱ་བ་ཞིག་རྒྱང་རིང་པོ་ནས་མཐོང་བ་དང ། དེར་ལྷ་དེ་དག་ འཛམ་བུའི་ཆུ་བོའི་གསེར་གྱི་ཤིང་རྟ་ལ་ཞོན་ནས་འགྲོ་བར་བྱེད་དོ། །ཚལ་དེ་ཡང་བྱ་རྣམ་པ་སྣ་ཚོགས་སྒྲ་འབྱིན་ཅིང་ཚལ་གྱི་ལྕུག་མ་གཞོན་ནུ་འཕྱང་བ་དག་ཏུ་ཤིང་རྟས་ཕྱིན་པ་དང ། བྱ་ལྷའི་སྐད་དུ་རྩེ་བ་ཞེས་བྱ་བ་ལྷ་རྣམས་དང་སྨྲ་བ་འཐུན་པ་དག་ལྷ་དེའི་དགེ་བའི་ལས་ ཀྱི་མཐུས་བསྐུལ་བ་དང ། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དགའ་བར་བྱེད་པའི་ལས་རྣམས་དག་།སྐྱེས་བུ་གང་ཞིག་འདིར་བྱེད་པ། །དེ་ཡི་ལས་ཀྱི་རྣམ་སྨིན་ནི། །ལེགས་པར་ཡོངས་སུ་སྨིན་པར་འགྱུར། །བདེ་བ་ཐོབ་པའི་ལྷ་དེ་དག་།བག་མེད་པ་ལ་མ་བསྟེན་ ན། །དེ་ནི་བདེ་ལས་བདེ་ཐོབ་ཅིང ། །མྱ་ངན་འདས་པའི་རྗེས་སུ་འགྲོ། །བདེ་བའི་མཐའ་དེ་ཟད་འགྱུར་ཞིང ། །འདི་ལ་རྟག་དང་ཐེར་ཟུག་མེད། །དེ་ཐོབ་གཞལ་མེད་ཁང་རྣམས་ལ། །སྐྱེས་བུ་མཆོག་རྣམས་ཆགས་མ་བྱེད། །བདེ་མཐའ་རྟག་ཏུ་ལྷུང་འགྱུར་ཞིང ། ། བདེ་ལ་རྟག་པ་ཉིད་མེད་དེ། །རྒྱུ་དེ་ཐམས་ཅད་རིག་ནས་སུ། །ཡིད་ལ་ངེས་པར་ལེགས་པར་བྱོས། །བསགས་པ་ཐམས་ཅད་ཐ་མར་ཟད། །མཐོ་བའི་མཐའ་ནི་ཐ་མར་རྙིལ། །འདུ་བའི་མཐའ་ནི་ཐ་མར་འབྲལ། །འཚོ་བའི་མཐའ་ནི་ཐ་མར་འཆི། །སྐྱེས་པ་རྟག་ཏུ་ 69-1-78a འཆི་འགྱུར་ཞིང ། །དེ་ལ་རྟག་པ་ཉིད་མེད་དེ། །ཁམས་གསུམ་དག་ཏུ་སྔོན་བྱུང་ཞེའམ། །ཕྱི་ནས་འབྱུང་བ་ཉིད་མེད་དོ། །ཇི་ལྟར་ཉི་མ་འཆར་བ་དང ། །ནུབ་པར་འགྱུར་བ་རབ་ཏུ་མངོན། །དེ་ལྟར་སྐྱེས་པ་ཐམས་ཅད་ཀྱི། །ཐ་མར་འཆི་བ་ གནས་པ་ཡིན། །ཆོས་རྣམས་ཀྱི་ནི་ངོ་བོ་ཉིད། །སྐྱེ་དང་འཇིག་པ་འདི་ཤེས་ནས། །བག་མེད་ཡིད་ལ་མ་བྱེད་ཅིག་།བག་མེད་དུག་གི་མཆོག་ཡིན་ནོ། །བག་ཡོད་འཆི་མེད་གནས་ཡིན་ལ། །བག་མེད་འཆི་བའི་གནས་ཡིན་ནོ། །བག་ཡོད་འཆི་བར་མི་ འགྱུར་ལ། །བག་མེད་རྣམས་ནི་རྟག་ཏུ་འཆི། །ཇི་ལྟར་དུག་དང་ཇི་ལྟར་མེ། །སྲོག་ཆགས་བག་མེད་དེ་བཞིན་ཏེ། །བག་མེད་མྱོས་པའི་སེམས་ཅན་རྣམས། །སྡུག་ལས་སྡུག་བསྔལ་དེ་འགྲོའོ། །རྟག་ཏུ་བག་ཡོད་མི་རྣམས་ནི། །འཇིག་རྟེན་ཀུན་གྱིས་ཕྱག་ བྱས་ཤིང ། །གང་ན་བག་མེད་མི་གནས་པ། །ཞི་བ་མཆོག་ཏུ་འགྲོ་བར་བྱེད། །དེ་ཀུན་མཐའ་ནི་ཟད་འགྱུར་ཏེ། །རྨོངས་པ་གང་ཞིག་མི་རིག་པ། །དེ་ནི་ཕྱི་ནས་འཆི་འགྱུར་ཏེ། །མ་བྱས་དོན་མེད་གདུང་བར་བྱེད། །རྟག་ཏུ་བདག་ཉིད་དགའ་འདོད་ན། །འཆི་བའི་ བར་དུ་དགེ་བ་བྱོས། །ཆོས་སྤྱོད་བདེ་བ་ཡིན་ནོ་ཞེས། །མཁས་པ་རྣམས་ཀྱིས་གདམས་པ་ཡིན། །རྒྱུ་ཡི་དེ་ཉིད་རྣམ་སྟོན་པ། །སངས་རྒྱས་རྣམས་ཀྱིས་འཁོར་བ་ཀུན། །རྟག་ཏུ་མི་རྟག་མི་བརྟན་ལ། །འགྱུར་ཞིང་ཚ་བར་རྟག་ཏུ་གསུངས། །དེ་ནས་ལྷ་དེས་བྱ་དེ་ རྣམས་ཀྱི་ཚིག་ཐོས་ནས། ཡང་དག་པར་བསམས་ཏེ་ཡིད་ལ་ཡང་དགའ་བ་བསྐྱེད་པ་དང ། །སྔོན་གྱི་ཚེའི་འབྲས་བུ་དྲན་ནས་ཡུད་ཙམ་ཞིག་བག་མེད་པ་ལ་མ་ཞུགས་སོ། །མོས་པའི་སྲབ་སྐྱོགས་ཀྱིས་ཡིད་དེ་འཛིན་པར་བྱེད་དེ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཡིད་དུ་འོང་བ་རྣམས་ལ་བག་མེད་པ་མ་སྐྱེས་སོ། །དེ་ནས་ཡང་ཡིད་མི་བརྟན་པ་དེ་ལྷའི་བདེ་བའི་དབང་དུ་གྱུར་ཏེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་དེ་མ་ཟད་ཀྱི་བར་དུ། དེ་ཡུལ་སྡུག་པ་དེ་རྣམས་ལ་སྤྱོད་པར་བྱེད་དེ། དེ་ཕྱིས་ལྷ་ཡུལ་དེ་ 69-1-78b ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ ནམས་ཀྱང་བཅིངས་པར་མི་འགྱུར་ཞིང ། རྟག་ཏུ་བདེ་བ་དང་ལྡན་ལ་ཉམ་ང་བ་རྣམས་ལས་ཐར་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་དྲི་ལ་ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ ན། སྐྱེས་བུ་ཚུལ་ཁྲིམས་དང་ལྡན་པ་སེམས་པས་ཡོངས་སུ་བསྒོམས་པའི་སྙིང་དང་ཡིད་ཤིན་ཏུ་དང་བ། སེམས་རྙོག་པ་མེད་པར་གྱུར་པ། གཞན་ལ་གནོད་པ་མེད་པ་གང་གིས་སངས་རྒྱས་སམ། ཆོས་སམ་དགེ་འདུན་ལ་ཞིང་ཆེན་པོར་ཤེས་ནས། གོས་ཤིན་ཏུ་དྲི་ཞིམ་པ་རྣམས་ཀྱིས་མཆོད་པ་བྱས་ལ་ལེགས་པར་བྱས་སོ་སྙམ་དུ་ཡང་སེམས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དྲི་ལ་ཆགས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཤིན་ཏུ་བདེ་བ་དང ། རང་གི་འོད་དང་ ལྡན་པ་དང ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཡིད་རབ་ཏུ་དགའ་ཞིང་དགའ་དགུར་སྤྱོད་པ་དེ་དུས་རིང་མོ་ཞིག་འདས་སོ། །དུས་རིང་པོ་འདས་པ་དེ་ཡང་ཡུལ་གྱི་བདེ་བ་དེས་ལྷ་དེ་དག་གིས་མི་རིག་སྟེ། གང་བདག་གི་དུས་འདི་འདས་སོ་ཞེས་དབང་པོ་དང་བདེ་བ་ མི་བརྟན་པ་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ཡུལ་རྣམས་ལ་ཆོག་མི་ཤེས་པ་རྣམས་ཀྱིས་མི་རིག་གོ། །དེ་ལྟར་སྙིང་ལ་ཆགས་པའི་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང ། བྱུག་པས་ལུས་བསྐུས་པ་དེ། ཚལ་གྱི་བར་བར་དག་ན་རྒྱུ་བར་བྱེད་ལ། ཤིང་ལྗོན་པ་མང་ 69-1-79a པོའི་འོད་ཀྱིས་བརྒྱན་པ། ཆུ་བོ་དང ། སྟེགས་དང ། ཚལ་དང ། སྐྱེད་མོས་ཚལ་དག་གིས་བརྒྱན་པའི་ཡུལ་ཉམས་དགའ་བའི་ཚལ་རྣམས་ལ་སྟེན་པར་བྱེད་པ། འདོད་པ་མང་པོ་ལ་སྙིང་ཆགས་པ་དག་ཡུལ་གྱི་བདེ་བ་དེས་ལྷའི་འཇིག་རྟེན་གྱི་མཐའ་ འདི་ལྟུང་བར་ཁོང་དུ་མི་ཆུད་དོ། །དེ་ལྟར་ཡུལ་གྱི་སྲེད་པས་ཡོངས་སུ་བསླུས་པ་དེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷའི་འཇིག་རྟེན་དེ་དག་ན་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་ འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་ པར་ཡུལ་རྟག་ཏུ་བསིལ་བར་སྐྱེ་བར་འགྱུར་ཏེ། ཡུལ་གནོད་པ་མེད་པ་དང ། མཚོན་ཆ་དང ། དགོན་པ་དང ། ལོ་ཉེས་འབྱུང་བ་དང་བྲལ་བའི་ཡུལ་རྣམས་སུ་སྐྱེ་ལ། སྐྱེ་བོ་ཀུན་གྱིས་མཆོད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་ པ་ཤེས་པ་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་སྤྱི་གཙུག་ཐར་ཅེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་ གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། རྒྱལ་པོ་ལ་གནོད་པ་བྱེད་པའི་མི་སྤྱི་གཙུག་ནས་བཟུང་སྟེ་སྤྱངས་པ་དང ། སྡུག་བསྔལ་བ་ལས་གང་གིས་དེ་ཐར་བར་བྱས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྤྱི་གཙུག་ ཐར་ཞེས་བྱ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །རྒྱལ་ཆེན་བཞིའི་གནས་གསུམ་གྱི་ནང་ན་དེའི་ཉམས་དགའ་བ། ཤིན་ཏུ་ཡིད་དུ་འོང་བ། འདོད་པ་ལ་རྟེན་པ། དེའི་ངོ་བོ་འདོད་པ། འདོད་པ་ཉེ་བར་མཆོད་པ། འདོད་པ་རྒྱུན་ཆད་པ་མེད་པ་གང་ཡིན་པ་བསྡུས་པ་དེ་དག་ 69-1-79b ཐམས་ཅད་འབྱུང་ལ། བདེ་བའི་གནས་དེ་ན་བདེ་བ་དེས་མངོན་པར་འདོད་པ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་སིལ་སྙན་ཡན་ལག་ལྔ་དང་ལྡན་ཞིང་ཡུལ་ གྱི་བདེ་བ་དང ། ཉམས་བདེ་བ་དེས་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་ རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མྱ་ངན་དང ། འཇིགས་པ་དང ། གནོད་པ་དང་བྲལ་བར་འགྱུར་ལ། སྐྱོན་མེད་པ་དང ། གཟུགས་བཟང་བ་དང ། སྐྱེ་བོ་ཐམས་ཅད་དགའ་བ་དང ། ཤིན་ཏུ་འབྱོར་པ་དང་ལྡན་པ་དང ། དུས་དང་ འཐུན་པའི་གཟུགས་བཟང་བ་དང ། ཚེའི་བར་ཆད་མེད་པར་འཆི་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་གནས་བཅུ་མཐར་ཆགས་སུ་རྟོག་པར་བྱེད་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་དེ་ཙམ་དུ་ཟད་དམ་ཞེས་རྟོག་པར་བྱེད་དོ། །དེས་གནས་བཅུ་ ལས་གནས་གཞན་བཅུ་གཅིག་པ་མེད་དེ། ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་བཅུ་ནི་དེ་དག་ཉིད་ཡིན་པར་མཐོང་ངོ ། །དེས་ལྷ་ལག་ན་ཡོལ་གོ་ཐོགས་པ་རྣམས་ཀྱི་གནས་བཅུ་མ་ལུས་པར་བརྟགས་ནས། རྒྱལ་ཆེན་བཞིའི་ནང་ན་ཆེ་བ་གནས་གསུམ་པ་རྟག་ ཏུ་མྱོས་གནས་ཞེས་བྱ་བ་ཐམས་ཅད་ལ་རྟོག་པར་བྱེད་དེ། ལྷ་རྟག་ཏུ་མྱོས་གནས་དེ་དག་གི་གནས་ཇི་ཙམ་ཞིག་ཡོད་ཞིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། རྟག་ཏུ་མྱོས་གནས་དེ་དག་གི་གནས་ཀྱང་བཅུ་ཡོད་དེ། འདི་ལྟ་སྟེ། ལྷག་པར་ དགའ་བ་དང ། ུད་པ་ལའི་མདོག་དང ། པད་མ་དཀར་སྤྱོད་དང ། གྲོང་ཁྱེར་དམར་གནས་དང ། སྣ་ཚོགས་དང ། མཐོ་བར་གནས་དང ། རྒུན་ཆང་མྱོས་གནས་དང ། ཡུལ་ལ་འདོད་པ་དང ། ཆུ་བསིལ་གནས་དང ། བརྟན་དགའ་སྟེ། ལྷ་རྟག་ཏུ་མྱོས་གནས་ 69-1-80a རྣམས་ཀྱི་གནས་ནི་བཅུ་པོ་འདི་དག་ཡིན་ནོ། །ས་གཞན་གང་ཞིག་ཏུ་ལས་གང་གིས་གང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཤིན་ཏུ་དང་ཞིང་རྙིང་ལ་རྙོག་པ་མེད་པ་དང ། སེམས་བཟང་པོ་ཡང་དག་པའི་ལྟ་བ་དང་ ལྡན་པ་གང་གིས་ཤིང་ལྗོན་པ་ཆེན་པོ་གང་ལ་ཡི་དགས་དང ། གནོད་སྦྱིན་དང ། སྲིན་པོ་དག་གནས་པའི་ཤིང་ལྗོན་པ་དེ། གཅོད་པ་ན་ཡོངས་སུ་སྐྱོབ་པར་བྱེད་ལ། ཡི་དགས་དང ། གནོད་སྦྱིན་དང ། སྲིན་པོ་དེ་དག་གནས་དང་བྲལ་བས་འཚེ་བར་མི་བྱེད། དེའི་མཐུས་བདེ་ བར་གནས་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་གནས། ལྷག་པར་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་གནས་གཞན་དེ་ན་ཆུ་བསིལ་བ་ཞེས་བྱ་བའི་རྫིང་བུ་ཡངས་པ་གསེར་གྱི་མདོག་དང་ལྡན་པ། བྱ་ངང་པ་དང ། ཀཱ་རཎྜ་ བ་དང ། ངུར་པ་ལུས་གསེར་གྱི་ཁ་དོག་ཅན་སྒྲ་འབྱིན་པ་རྣམས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་པད་མ་རབ་ཏུ་མང་པོ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །པད་མའི་རྫིང་ཆུ་བསིལ་བ་དེ་དག་ན་ཡང་ཀུན་ནས་གསེར་གྱི་ཚལ་ཞེས་བྱ་བ་ཡོད་དེ། པད་མའི་རྫིང་དེ་གསེར་དང་དངུལ་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཀུན་ནས་དཀྲིགས་ཤིང་བསྐོར་ནས་སྐྱེའོ། །ཤིང་དེ་རྣམས་ཀྱང་པད་མའི་རྫིང་གི་ཆུ་དེའི་ནང་ན། དེ་རྣམས་ཀྱི་གྲིབ་མ་འབབ་པའི་གཟུགས་དུ་མ་གཟུགས་བརྙན་ལྟ་བུར་སྣང་ལ། པད་ མའི་རྫིང་དེ་ཡང་ཆུའི་ནང་དུ་ཤིང་ལྗོན་པའི་གྲིབ་མ་དེ་རྣམས་ཀྱི་གཟུགས་བརྙན་ལྟ་བུར་སྣང་ངོ ། །དེ་ཡང་པད་མ་དང ། མེ་ཏོག་ཨུད་པལ་དང ། ཀུ་མུ་དས་མཛེས་པར་བྱས་པ་དག་ནི། ཇི་ལྟར་བརྒྱ་བྱིན་ཡང་དེར་རྩེ་བའི་བློ་སྐྱེ་བ་དེ་ལྟར་མཛེས་པ་ ཡིན་ནོ། །གང་གི་ཚེ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་འབབས་པ་ན་ཉི་མ་ཤར་བའི་མདོག་ལྟ་བུའི་པད་མ་འབུམ་ཕྲག་དུ་མས་མཛེས་པར་བྱས་པ་དེ་རྣམས་མཐོང་སྟེ། བརྟགས་ནས་ལྷ་རྣམས་ལ་སྨྲས་པ། ཀྱེ་མ་འདི་ལྟར་ཆུ་བསིལ་བའི་རྫིང་བུ་སྐྱོན་མེད་ 69-1-80b པ་འདི་ཉིད་ཤིན་ཏུ་ཉམས་དགའ་བ་ཡིན་ནོ། །དེ་ནས་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རྫིང་བུ་དེ་རྣམས་སུ་ཡིད་རྟག་ཏུ་དགའ་ཞིང་རྫིང་བུའི་འགྲམ་དུ་ཡིད་རབ་ཏུ་མགུ་བའི་ལྷ་དང ། ལྷ་མོའི་ཚོགས་དང་བཅས་པས་སིལ་སྙན་ཡན་ལག་ལྔ་དང་ལྡན་ཞིང་བདེ་བ་དཔེ་མེད་པ་དང་ ལྡན་པ་ཅི་དགའ་དགུར་བྱེད་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཤིན་ཏུ་བདེ་བ་དང་ལྡན་པ། ཁ་ཟས་དང ། གནས་དང ། རང་དགར་ཟ་ཞིང་འཁོད་པ་རྣམས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ནས་ཡང་བྱུང་ནས་གལ་ཏེ་གནས་གཞན་དུ་འགྲོ་བར་ འདོད་ན། ལུས་དང་སེམས་གདུང་བ་རྣམས་དང་བྲལ་བ། སེམས་ཤིན་ཏུ་དགའ་བ་བདེ་བ་ཤིན་ཏུ་རྒྱ་ཆེ་ཞིང་འདོད་པ་དང་ལྡན་པ་རྣམས་ལྷ་དང་ལྷ་མོའི་ཚོགས་དགོད་ཅིང་གླུ་དབྱངས་ལེན་ལ། བྲོ་གར་བྱེད་པ་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་རྟག་ཏུ་རྩེ་བ་ན། ལྷའི་ ལུས་དང་ཡིད་ལ་བདེ་བ་གང་དང་གང་དག་འདོད་པ་དེ་དང་དེ་དག་ཉོན་མོངས་པ་མེད་ཅིང་ཤིན་ཏུ་རྒྱས་པ་དང ། ཚེགས་ཆུང་ངུས་འབྱུང་བར་འགྱུར་རོ། །དབང་པོ་ལྔ་ཡུལ་ལྔ་དག་ལ་སྤྱོད་པ་ཡང་བདེ་བ་ལ་གནས་པ་དེས་ཚིམ་མི་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྲེད་པ་མེ་ལྟ་ བུ་དག་ལ་སྤྱོད་པ་དེ་ཡུལ་གང་གིས་ཀྱང་ཚིམ་པར་མི་འགྱུར་རོ། །དེ་ལྟར་རི་དང་སྐྱེད་མོས་ཚལ་དང ། ཆུ་བོ་དང ། གཞལ་མེད་ཁང་དང ། ལྟེང་ཀ་དང ། ཆུ་དངོ་རྣམ་པ་སྣ་ཚོགས་དང ། རིན་པོ་ཆེ་སྣ་ཚོགས་དང ། རིན་པོ་ཆེ་སྣ་བདུན་གྱིས་མཛེས་པར་བྱས་པ། བྱ་རྣམ་པ་སྣ་ ཚོགས་སྒྲ་སྙན་པ་འབྱིན་ཅིང་འདོན་པ་རྣམས་སུ་ལྷ་དེ་གྲོགས་དང་ལྷན་ཅིག་བདེ་བ་དུ་མ་ལ་གནས་ཤིང་བཻ་ཌཱུརྱའི་ཚལ་གྱི་གྲིབ་མས་མཛེས་པར་བྱས་པ་དག་ན་བྱ་རྣམ་པ་སྣ་ཚོགས་སྒྲ་འབྱིན་ཅིང་འདོན་པའི་ཚལ་དང་ཉེ་བའི་ཚལ་རྣམས་ན་དགའ་བར་བྱེད། རྩེ་བར་བྱེད། མགུ་ བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །བཻ་ཌཱུརྱ་དང ། གསེར་དང ། དངུལ་དང ། བྱི་རུའི་རི་རབ་ཀྱི་ཟོམ་ལ་རང་དགར་འཁོད་པ། ཁ་ཅིག་ནི་ཉི་མ་ལྟར་གཟི་ཆེ། ཁ་ཅིག་ནི་ཟླ་བ་ལྟར་མདངས་གསལ། ཁ་ཅིག་ནི་གཟུགས་དཔེ་མེད་པ་དང་ལྡན་ཏེ། 69-1-81a ཇི་ལྟར་ལེགས་པར་བྱས་པའི་ལས་དེ་རྣམས་ཀྱིས་ལུས་མངོན་པར་བསྒྲུབས་པ་དེ་ལྟར་ལྷ་ཡུལ་དུ་ཡང་རྣམ་པར་མཛེས་པ་ཡིན་ནོ། །རྒྱུ་རྐྱེན་དང་འཐུན་པར་སྤྱོད་པ་དེ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་ གྱུར་པ་དེ་སྲིད་དུ་ལྷའི་འཇིག་རྟེན་དེ་ན་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ཤིན་ཏུ་ཉམས་དགའ་བའི་ཡུལ་ལོ་ལེགས་ཤིང་བདེ་བར་སྐྱེ་ལ། ཤིན་ཏུ་འབྱོར་པ་དང་ལྡན་ཞིང ། མཆོག་ཏུ་ བདེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ཨུད་པ་ལ་མདོག་ཅེས་བྱ་བ་ཇི་ལྟར་ གནས་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། ཚུལ་ཁྲིམས་དང་ལྡན་པ་གང་གིས་འདི་ལྟར་མེ་ཏོག་ཨུད་པ་ལ་བསྐྱེད་པ་འདིས་ སངས་རྒྱས་དང ། ཆོས་དང་དགེ་འདུན་རྣམས་ཀྱི་ལོངས་སྤྱོད་བྱའོ་སྙམ་དུ་བསམས་ནས་བསྐྱེད་ལ། དེ་ཡང་འབུལ་བར་བྱེད་ཅིང་དེ་སེམས་ལ་དགའ་བར་ཡང་འཛིན་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཨུད་པ་ལ་མདོག་གི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལྷ་ཡུལ་དུ་རྩེ་བའི་སྐྱེ་བོ་དང ། དགའ་དགུར་སྤྱད་པ་དེ་དགའ་ཡ་ཡར་རྩེ་བ་དང ། དགའ་བ་དང ། སྟེག་པ་དང ། འཇོ་བ་དང ། རོལ་མོའི་སྒྲ་དང ། གླུ་དབྱངས་དང ། བྲོ་གར་བྱེད་པ་དང་ནི་ལྡན། བདེ་བ་དུ་མ་ལ་ནི་གནས། 69-1-81b ཚལ་ནས་ཚལ་དང ། བཻ་ཌཱུརྱའི་ཚལ་གྱི་གྲིབ་མ་མཛེས་པ་དང ། གསེར་བཙོ་མ་དང ། བྱི་རུ་ལྟ་བུའི་ས་གཞི་བདེ་བ་མཐོན་དམན་རན་པ་རྣམས་སུ་ནི་རྒྱུ། ལྷ་མོའི་ཚོགས་དུ་མས་ནི་ཡོངས་སུ་བསྐོར། ཁ་ཟས་ཞིམ་པོ་ནི་ཟ། ཅི་དགའ་དགུར་འདོད་པ་ཐམས་ཅད་བསམ་ པ་ཙམ་གྱིས་ནི་འགྲུབ། ངོ་བོ་ཉིད་ཀྱི་རི་དུ་མ་ལ་ནི་གནས། བདེ་བ་ལས་མཆོག་ཏུ་བདེ་བ་ནི་ཐོབ། དབང་པོ་ལྔ་ཡུལ་ལྔ་ལ་ཆགས་ཤིང་དགའ་བ་ནི་ཉིན་གཅིག་བཞིན་ཉམས་དགའ་བར་བྱེད། ཨུད་པ་ལ་སྔོན་པོ་དང ། བཻ་ཌཱུརྱའི་མདོག་ལྟ་བུའི་ལུས་ནི་ཨུད་པ་ལའི་ཚལ་ནས་ཨུད་ པ་ལའི་ཚལ་དུ་རྒྱུ། ཨུད་པ་ལའི་དྲི་གང་ཡིན་པ་དེ་དཔག་ཚད་བརྒྱར་ནི་ལྡང ། ུད་པ་ལའི་དྲི་ཞིམ་པོ་དེས་ལྷའི་མེ་ཏོག་གི་དྲི་ཞིམ་པོ་གཞན་ཐམས་ཅད་ཟིལ་གྱིས་མནན་ནས་རྒྱལ་པོ་བཞིན་དུ་ནི་མཛེས། རྒྱུ་དང་འཐུན་པར་འབྲེལ་པའི་རིམ་གྱིས་རྒྱུ་དང་འཐུན་པར་འབྲས་ བུ་འབྱུང་བར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཏེ། དེ་མཐོ་རིས་སུ་ཕྱིན་ནས་ཀྱང་མེ་ཏོག་ཨུད་པ་ལ་དེ་རྣམས་ལས་དགའ་བ་རྣམ་པ་མང་པོ་དུ་མ་འཐོབ་བོ། །དེ་ནས་དེ་ལྟར་སྤྱོད་ཅིང་བདེ་བ་ལ་གནས་པའི་དབང་པོ་དྲུག་ངེས་པར་འབྱུང་བ་ལ་ དགའ་བ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང ། སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མེ་ཏོག་མང་པོ་བསྐྱེད་ཅིང་འབྱོར་པའི་ཡུལ་རྣམས་སུ་སྐྱེ་བར་འགྱུར་ལ། ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པ་ དང ། མཆོག་ཏུ་བདེ་བ་དང་ལྡན་པ་དང ། གནོད་པ་མེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་ 69-1-82a ཡུལ་ན་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས། པད་མ་དཀར་སྤྱོད་ཅེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ ཅིང ། ལུས་ངག་གི་དྲི་མ་དང་བྲལ་བ་སེམས་པས་ཡོངས་སུ་བསྒོམས་པའི་སྙིང་དང་ལྡན་པ་གང་གིས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ལ་མེ་ཏོག་དབུལ་བའི་དོན་དུ་པད་མའི་ཚལ་བསྐྱེད་ཅིང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཡང་སེམས་དད་ པ་དང་ལྡན་པར་གྱུར་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་གནས་པད་མ་དཀར་སྤྱོད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་དེ། འདི་ལྟ་སྟེ། རྒྱན་དང ། རིན་པོ་ཆེ་དང ། འོད་སྣ་ཚོགས་ ཀྱིས་ནི་ལུས་བརྒྱན། ལྷའི་ཚོགས་ཐམས་ཅད་ཀྱིས་ནི་མཆོད། ལྷ་མོའི་ཚོགས་མེ་ཏོག་ཕྲེང་བ་ཐོགས་པ་རྣམས་ཀྱིས་ནི་ཡོངས་སུ་བསྐོར། རྡོ་རྗེ་དང ། མཐོན་ཀ་དང ། མ་རྒད་དང ། སྤུག་དང ། འཕྱང་འཕྲུལ་གྱི་འོད་ཀྱིས་ནི་ལུས་བརྒྱན། དགའ་ཡ་ཡར་རབ་ཏུ་ དགའ་ཞིང་རྩེ་བར་ནི་གནས། མཐོ་རིས་དང་འཐུན་པའི་ཀུན་དགའི་ར་བར་གནས་ཤིང་བདེ་བ་རྟག་ཏུ་མྱོང་སྟེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་བདེ་བ་དཔེ་མེད་པ་རྣམ་པ་དུ་མ་ཡོན་ཏན་ཤིན་ཏུ་ཆེ་ བ་དང་ལྡན་པ། སྐྱེ་བོ་ཐམས་ཅད་དང་ལྷན་ཅིག་གཞན་ལ་གནོད་པ་མེད་ཅིང་ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པ་སྣ་ཚོགས་དེ་དང་དེ་དག་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་ འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ནོར་གྱི་བདག་པོ་ཤིན་ཏུ་བདེ་བ་དང་ལྡན་ཞིང་བུ་དང་དབང་ཕྱུག་དང་ 69-1-82b ལྡན་པ་དང ། རྒྱལ་པོས་ཀྱང་བཀུར་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྟག་ཏུ་མྱོས་ གནས་རྣམས་ཀྱི་གནས་གྲོང་ཁྱེར་དམར་གནས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །གནས་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་པ་དང་ལྡན་པ་ཕན་པར་འདོད་པ་གུས་པའི་སྙིང་ དང་ལྡན་པ་གང་ཡིན་པ་དེས། དགེ་སློང་ཡང་དག་པར་རབ་ཏུ་བྱུང་བའི་ཆོས་གོས་ཤིང་བྱིས་པ་ལའི་ཤུན་པས་ཁ་དོག་དམར་པོར་བསྒྱུར་ཏམ། གུར་གུམ་མམ། བཙོད་དམ། མཚལ་ལམ། སྐྱུ་རུ་རའམ། བཙག་གམ། བབ་ལའམ། ལྡོང་རོས་སམ། མེ་ ཏོག་བན་དུ་ས་ཚུར་དང་བཅས་པས་ཁ་དོག་དམར་པོར་བསྒྱུར་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྲོང་ཁྱེར་དམར་གནས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཕྲེང་བ་དང་གོས་དམར་པོ་གྱོན་པ་དེའི་གནས་དེ་ནི་འོད་ཀྱིས་བརྒྱན་ པའི་ལུས་ཀྱིས་རྟག་ཏུ་གསལ་བར་བྱས་པ་ཡིན་ལ། ལྷ་དེ་དག་ཐམས་ཅད་ཀྱང་ཅི་དགའ་དགུར་སྤྱོད་པ་ཡིན་ཏེ། དེ་རྣམས་ཀྱི་མཐུས་གནས་དེ་དག་ཐམས་ཅད་རྣམ་པ་དེ་ལྟ་བུར་དམར་བར་འགྱུར་རོ། །ཇི་ལྟར་པད་མ་རཱ་གའི་འོད་དེ་གོས་པ་མེད་པ་ལྟར་ལྷ་དེ་རྣམས་ཀྱང་དེ་ ལྟར་དམར་པོར་སྣང་བར་འགྱུར་རོ། །རྒྱན་གྱི་ཁ་དོག་སྔོན་པོ་དང ། སེར་པོར་འདྲེས་ཤིང་རིན་པོ་ཆེས་བཀླུབས་པ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམར་པོར་འགྱུར་ཏེ། ལེགས་པར་བྱས་པའི་ལས་དེས་དེའི་གོས་གསལ་བ་རྣམས་ཀྱིས་དམར་པོར་འགྱུར་རོ། །གང་གི་ ཚེ་དེ་རྩེ་ཞིང་གཞལ་མེད་ཁང་དང་པད་མའི་ཚལ་དང ། ལྟེང་ཀ་དང ། ཚལ་དང ། ཉེ་བའི་ཚལ་སྣ་ཚོགས་དང ། ལྷ་མོ་ཆ་བྱད་དང་རྒྱན་དམར་པོ་སྣ་ཚོགས་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་ཡུལ་དུ་མར་འགྲོ་བ་ན། དེའི་ཚེ་དེ་དག་གི་རྒྱན་རྣམས་ཀྱི་ཚོན་རྩི་གསལ་ 69-1-83a བ་དང ། ཁ་དོག་ཐམས་ཅད་ཀྱང་གསལ་བར་སྣང་ངོ ། །རིན་པོ་ཆེའི་འོད་སྣ་ཚོགས་ཀྱིས་བརྒྱན་པ། ལྷའི་བུ་དེ་ཚལ་ནས་ཚལ་དང ། རིའི་ཟོམ་ནས་རིའི་ཟོམ་དང ། པད་མའི་ཚལ་ནས་པད་མའི་ཚལ་དང ། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཉེ་བའི་ ཚལ་ནས་ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ཉེ་བའི་ཚལ་དུ་འགྲོ་བར་བྱེད་དོ། །སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་གླུ་དབྱངས་ཉེ་བར་ལེན་ཅིང་ཕན་ཚུན་གྲོགས་སུ་གྱུར་པ། སོ་སོར་ཆགས་པའི་སྙིང་གིས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་ པར་བྱེད་དོ། །སྲེད་པའི་ཚོགས་དྲུག་གིས་ཡིད་རབ་ཏུ་དགའ་བ་དག་བདུད་རྩིའི་ཟས་བཟང་པོ་ལ་ནི་ཟ། མྱོས་པའི་སྐྱོན་དང་བྲལ་བའི་བཏུང་བ་ཞིམ་པོ་ནི་ཚིམ་པར་འཐུང་སྟེ། ཇི་སྲིད་དུ་ཚོགས་ཆེན་པོས་ཡོངས་སུ་བསྐོར་ནས་དགའ་བ་སྣ་ཚོགས་བྱེད་དོ། །དེ་ལྟར་དེ་དག་ རྩེ་བ་སྣ་ཚོགས་དགེ་སློང་དེས་མངོན་པར་མཐོང་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། མཐོ་བས་མཐོ་བའི་རི་རབ་ན། །དེ་བས་མཐོ་བ་རྟག་ཏུ་དགེ། ལྷ་མཆོག་རྣམས་ཀྱི་འོག་མིན་དུ། །དགེ་བས་སྐྱེ་བོ་ཁྲིད་པར་བྱེད། །རྣམ་པ་སྣ་ཚོགས་དུ་མ་ཡི། །ཚུལ་ཁྲིམས་ དག་ཀྱང་བསྲུངས་ན་ནི། །དགེ་བའི་ལས་ཀྱི་རྣམ་སྨིན་འདི། །ལྷ་རྣམས་ནང་དུ་སྨིན་པར་འགྱུར། །ཚུལ་ཁྲིམས་ཆུ་ནི་ཤིན་ཏུ་དང ། །རབ་ཏུ་གང་བར་ཀུན་ནས་སུ། །ཁྲུས་བྱས་མི་ནི་ལྷ་རྣམས་ཀྱི། །བདེ་བའི་དྲུང་དུ་འགྲོ་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་རྟག་ ཏུ་དུལ། །འབྱུང་པོ་ཀུན་ལ་ཕན་པར་དགའ། །ཡེ་ཤེས་བརྩོན་ལ་བྱམས་སེམས་ལྡན། །ལྷ་ཡི་འདུན་སར་འགྲོ་བར་འགྱུར། །ཉེས་བཅོམ་བྱེད་དང་ལྡན་པ་དང ། །ཚུལ་ཁྲིམས་རིན་པོ་ཆེ་ཡིས་བརྒྱན། །སེམས་ཅན་ཀུན་ལ་བརྩེ་ལྡན་པ། །ལྷ་ཡུལ་ རྣམས་ན་དེ་དག་མཁས། །དྲང་པོ་རྣམས་ནི་གསེར་འདྲ་སྟེ། །དྲི་མ་དང་ནི་སྡིག་རྣམས་སྦྱངས། །ཡང་དག་ལས་ཀྱི་མཐའ་བརྩོན་པ། །ལྷ་ཡུལ་རྣམས་ན་དེ་དག་མཁས། །སེམས་ཅན་ཀུན་ལ་བརྩེ་ལྡན་ཞིང ། །སེམས་ཅན་ཀུན་ལ་ཕན་འདོད་ལ། །སྡིག་ཀུན་རྣམ་ 69-1-83b པར་སྤངས་པ་གང ། །དེ་དག་ལྷ་ཡི་གནས་ན་གནས། །ལེགས་པར་རྟོག་པ་ཉིན་གཅིག་བཞིན། །ཚུལ་ཁྲིམས་སྲུང་བར་བྱེད་པ་གང ། །ཉིན་གཅིག་བཞིན་དུ་དེ་རྣམས་ཀྱི། །བདེ་བ་དུ་མ་དེ་དག་མྱོང ། །སྐྱེས་བུ་དེ་ཉིད་སེམས་པ་པོ། །ཚུལ་ཁྲིམས་རྟ་ལ་ཞོན་ནས་སུ། ། རྩེན་པ་དུ་མ་ལྡན་པ་དག་།ལྷ་ཡི་གནས་སུ་འགྲོ་བར་བྱེད། །གང་ཞིག་ལྷ་ཡི་གནས་ན་རྩེ། །གང་ཞིག་བདེ་བ་བླ་ན་མེད། །དེ་དག་འཐུན་པར་ཚུལ་ཁྲིམས་ཀྱི། །འབྲས་བུར་དེ་བཞིན་གཤེགས་པས་གསུངས། །གང་ཞིག་ལྷ་ཡི་ཕྲེང་རྒྱན་དང ། །ལྷ་ཡི་ཕྲེང་བས་བཀླུབས་པ་ དང ། །ལྷ་རྣམས་མཐོ་རིས་རྩེ་བ་ནི། །དེ་ཀུན་དགེ་བའི་རྒྱུ་ལས་བྱུང ། །པད་མ་ཨུད་པལ་ཉམས་དགའི་ཚལ། །ཚལ་དང་ནགས་ཚལ་བརྒྱན་པ་དང ། །མཐོ་རིས་ལྷ་རྣམས་དགའ་བ་གང ། །དེ་ཀུན་དགེ་ལས་སྐྱེས་པའི་འབྲས། །ནམ་མཁའ་གཞལ་མེད་ཁང་ གནས་དང ། །ལྷ་ཡི་རིན་ཆེན་བརྒྱན་པ་དང ། །ལྷ་རྣམས་དྲི་མེད་གསལ་བ་གང ། །དེ་དག་ཚུལ་ཁྲིམས་འབྲས་བུ་ཡིན། །གསེར་དང་མེ་ཏོག་སྣ་ཚོགས་དང ། །ཀུན་ནས་རི་བོའི་སྟེང་རྣམས་སུ། །ལྷ་རྣམས་དགའ་བྱེད་གང་ཡིན་དེ། །ཚུལ་ཁྲིམས་ལས་བྱུང་འབྲས་ བུ་ཡིན། །ཇི་ལྟར་མི་དག་རང་ཁྱིམ་དུ། །ཞུགས་ནས་འཇིགས་པ་མེད་པར་འགྱུར། །དེ་བཞིན་ཚུལ་ཁྲིམས་ཡང་དག་སྤྱོད། །མི་རྣམས་ལྷ་ཡི་གནས་སུ་འགྲོ། །འདི་ལྟར་ལྷ་ཡི་ནང་དུ་འགྲོ་བའི་དྲི། །བླ་མེད་ཚུལ་ཁྲིམས་ལྡན་པ་དྲི་ཞིམ་པ། །མེ་ཏོག་ཀེ་ཏ་ཀ་དང་མ་ ལུ་ཀ། །ཙམ་པ་ཀ་ཡི་དྲི་དང་མཚུངས་པ་མིན། །ཚུལ་ཁྲིམས་ཡོངས་སུ་སྲུང་བ་གང ། །དེ་དག་འཚོ་བའི་ཕུལ་ཡིན་ནོ། །གང་ཞིག་ཚུལ་ཁྲིམས་ཡོངས་སྤོང་བ། །འཆི་བའི་ནང་ན་མི་བཟད་འཆི། །བདག་ལ་རྟག་ཏུ་བྱམས་འདོད་པའང ། །ཡོན་ཏན་འདི་དག་རིག་ནས་ སུ། །ཚུལ་ཁྲིམས་ལེགས་པར་བསྲུང་བྱ་ཞིང ། །ཚུལ་ཁྲིམས་འཆལ་པ་རྣམ་པར་སྤོང ། །ཚུལ་ཁྲིམས་སྲུང་བ་རྟག་ཏུ་དུལ། །བཟོད་པ་ལྡན་ཞིང་བལྟ་ན་སྡུག་།ཐེམ་སྐས་ལྟ་བུར་འཛེགས་ནས་སུ། །ལྷ་ཡི་འདུན་སར་འགྲོ་བར་བྱེད། །དེ་ལྟར་དགེ་སློང་དེས་ 69-1-84a རང་གི་ལས་ལ་སྤྱོད་པའི་ལྷ་རྣམས་ཀྱང་མཐོང ། ལས་ཀྱི་འབྲས་བུ་སྣ་ཚོགས་ཀྱང་མཐོང་ནས་འཁོར་བ་ལས་འདོད་ཆགས་དང་བྲལ་ལོ། །གྲོང་ཁྱེར་དམར་པོ་ན་གནས་པའི་ལྷ་དེ་དག་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལེགས་པར་བྱས་ཤིང་བསགས་ པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད། །རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་ དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་འཇིག་རྟེན་པ་ཐམས་ཅད་དགའ་ཞིང་ནོར་མང་པོ་དང་ལྡན་པ་དང ། ལྷོ་ཕྱོགས་སུ་གནོད་པ་མེད་པར་སྐྱེ་བར་འགྱུར་བར་མཐོང་ངོ ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་སྣ་ཚོགས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་འདི་ལྟར་སེམས་པ་དང་ལྡན་པར་གྱུར་ཅིང་སེམས་པས་བརླན་པའི་སྙིང་དང་ལྡན་པ་གང་གིས་སེམས་ཅན་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བཟའ་བ་དང ། བཏུང་བ་དང ། བཟའ་བཅའ་དང ། ཚོད་མ་སྣ་ཚོགས་དག་བྱིན་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྣ་ཚོགས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལས་སྣ་ཚོགས་ཀྱིས་བསྐྱེད་པ། བདེ་བ་སྣ་ཚོགས་ལ་ནི་སྤྱོད། གཡོག་པ་དང་མལ་ སྟན་སྣ་ཚོགས་ཀྱི་ནང་ན་ནི་འགྲེ། བདེ་བར་གནས་པའི་ཀུན་དགའ་ར་བ་དང ། རྩེ་བ་དང ། འགྲོས་སྣ་ཚོགས་ནི་བྱེད། ཚལ་དང་སྐྱེད་མོས་ཚལ་སྣ་ཚོགས་སུ་ནི་འགྲོ། ལྷ་མོའི་ཚོགས་ཆ་བྱད་སྣ་ཚོགས་ཐོགས་པ་ནི་ཕྱི་བཞིན་འབྲང ། ཚལ་དང ། ནགས་ཚལ་ 69-1-84b དང ། རི་བོ་སྣ་ཚོགས་དང ། ཆུ་བོ་དང ། པད་མའི་ཚལ་དང ། ུད་པལ་དང ། མེ་ཏོག་དང ། འབྲས་བུའི་སྐྱེད་མོས་ཚལ་སྣ་ཚོགས་དག་ན་ནི་གནས། བགོ་བ་དང ། མལ་ཆ་དང ། སྒེག་པའི་ཚལ་སྣ་ཚོགས་ན་ནི་སྤྱོད། ག་ཞའི་གཏམ་བརྗོད་ཅིང་འདུ་འཛི་ ལ་དགའ་ལ། ཤིན་ཏུ་ཆགས་པའི་སེམས་སྣ་ཚོགས་ཀྱིས་ནི་འཚོ། རྟོག་པས་བསྐྱེད་པ་ལ་དགའ་ཞིང ། བློ་རྣམ་པར་ཆགས་པ་རབ་ཏུ་མྱོས་པ་ཡིན་ཏེ། དེ་ལྟར་ལས་སྣ་ཚོགས་བྱས་ནས་རྒྱུ་སྣ་ཚོགས་བྱེད་པ་དེ་ཚལ་སྣ་ཚོགས་རྣམས་སུ་བདེ་བ་སྣ་ཚོགས་དག་མྱོང་བར་བྱེད་དོ། ། དེ་ནས་དགེ་སློང་དེ་ཤིན་ཏུ་དགའ་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རི་མོ་མཁན་གྱི་རི་མོ་རྣམས། །དེ་ནི་སྣ་ཚོགས་འདྲི་མ་ཡིན། །གང་ཞིག་ལས་ཀྱི་རི་མོ་མཁན། །མཐོ་རིས་སུ་ནི་མང་དུ་འདྲི། །ཚོན་རྩིས་བྲིས་པ་བྲིས་མི་འགྱུར། །དེ་ནི་བགྲང་བར་གྲངས་ཡོད་ཀྱི། ། ལས་ཀྱིས་བྲིས་པ་གྲངས་མེད་དེ། །དེ་ནི་སེམས་ཀྱིས་འདྲི་བར་བྱེད། །རྩིག་པ་ཞིག་ན་ངེས་པར་ཡང ། །རི་མོ་མ་ལུས་འཇིག་པར་འགྱུར། །ལས་ཀྱིས་བྲིས་པ་ལུས་ཞིག་ཀྱང ། །འཇིག་པ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་རི་མོ་མཁན་གཅིག་ཅིག་།རི་མོ་སྣ་ཚོགས་ འདྲི་བ་དག་།དེ་བཞིན་སེམས་ནི་གཅིག་པུ་ཡིས། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །ཇི་ལྟར་ཚོན་རྩི་གསལ་བ་ལྔས། །བྲིས་པ་སྣང་ལ་སྟོད་པར་བྱེད། །དེ་ལྟར་དབང་པོ་ལྔ་རྣམས་ཀྱི། །ལས་ཀྱིས་འཁོར་བར་འཁོར་བར་འདྲི། །རི་མོ་མཁན་གྱི་མི་དག་ནི། ། དུ་མ་དག་ཏུ་སྣང་འགྱུར་གྱི། །རི་མོ་མཁན་དེ་སེམས་ཕྲ་བས། །ཐམས་ཅད་དུ་ནི་མི་མཐོང་ངོ ། །རི་མོ་ལེགས་ཤིང་ལེགས་པ་དག་།ཇི་ལྟར་རྩིག་ངོས་རྣམས་ལ་འདྲི། །ལས་རྣམས་ལེགས་ཤིང་ལེགས་པ་དག་།དེ་ལྟར་སེམས་ལ་འདྲི་བར་བྱེད། །ཇི་ལྟར་ཉིན་དང་ མཚན་རྣམས་སུ། །སེམས་རྒྱུན་འབྱུང་ལ་སེམས་གནས་འགྱུར། །དེ་ལྟར་ཉིན་དང་མཚན་རྣམས་སུ། །དེ་བཞིན་ལས་ཀྱི་རྗེས་སུ་འཇུག་།ཇི་ལྟར་རླུང་དང་དུད་པ་རྡུལ། །གདུང་བ་རྣམས་ཀྱིས་རི་མོ་འཇིག་།དེ་ལྟར་དགེ་དང་མི་དགེ་བ། །སྤངས་ན་ལས་ཀྱི་རི་ 69-1-85a མོ་འཇིག་།དེ་ལྟར་དགེ་སློང་དེས་སེམས་རི་མོ་མཁན་ལྟ་བུ་ལ་རག་ལས་པ་མངོན་པར་མཐོང་ནས། ལས་ཀྱི་དེ་ཉིད་རྣམ་པར་མཐོང་བ་འཁོར་བ་ལས་ཡིད་བྱུང་ངོ ། །ལྷ་སྣ་ཚོགས་དེ་དག་གི་ལས་སྣ་ཚོགས་དེ་དག་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་ དུ་འོང་བའི་ལས་བྱས་ཤིང་བསགས་པ་བདེ་འགྲོ་ངེས་པར་མྱོང་བར་འགྱུར་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་ དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་རྒྱུ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་དང ། ནོར་དང་ལྡན་པ་དང ། དཔོན་སྣ་བྱེད་པས་འཚོ་བར་འགྱུར་བར་མཐོང་ ངོ ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་མཐོ་བར་གནས་ཞེས་བྱ་བ་ཇི་ ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་སྤྱད་པའི་ལས་མངོན་པར་ཤེས་པས། སེམས་པས་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ་གང་གིས་སེམས་ཅན་ རྣམས་ཀྱི་གྲང་བ་དང་ཚ་བ་ཡོངས་སུ་བསྐྱབ་པའི་ཕྱིར་བསོད་ནམས་ཀྱི་གནས་མལ་བྱས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་མཐོ་བར་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་རེག་པ་ལས་བདེ་བར་གནས་པ་དེ་དབང་པོ་ ལྔའི་ཡུལ་གྱི་བདེ་བ་རྣམ་པ་དུ་མ་རྣམ་པ་མང་པོ་དག་མྱོང་བར་འགྱུར་རོ། །ལྷའི་རིས་དེ་ན་ཚལ་དང་ཉེ་བའི་ཚལ་དག་ཡོད་དེ། འདི་ལྟ་སྟེ། མེ་ཏོག་མན་དཱ་ར་བ་ལ་རྩེ་བ་དང ། སྟུག་པོ་སྦྱོར་གནས་དང ། ངལ་བསོ་བདེ་དང ། རྩེ་དང་སྒྲ་འབྱིན་ལྡན་དང ། སྒྱུ་མ་ཀུན་དགའ་ 69-1-85b དང་འཇིགས་མེད་དེ། ཚལ་དང་ཉེ་བའི་ཚལ་དེ་དག་ཏུ་ལྷ་དེ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་དག་དགའ་བར་བྱེད། དགོད་པར་བྱེད། རྩེ་བར་བྱེད། སྒེག་པར་བྱེད་དོ། །སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་ཅིང་བློ་རང་དགར་གནས་ པ་བདག་ཉིད་ཆེན་པོ་ཅི་དགར་སྒྲོགས་པ། བདེ་བ་མཆོག་དང་ལྡན་པ་སྐྱིད་པར་གནས་པ་རྣམས་པད་མའི་ཚལ་ནས་པད་མའི་ཚལ་དུ་འདོང་བར་བྱེད་དེ། མཐོ་རིས་དང་འཐུན་པའི་རིན་པོ་ཆེའི་སྙིང་པོ་རབ་ཏུ་མང་པོས་རྣམ་པར་བརྒྱན་པ། རྟག་ཏུ་བག་ཚ་བ་མེད་པར་སྤྱོད་པ་ རྣམས་ཡུལ་མཐོ་བ་ནས་ཡུལ་མཐོ་བ་དང ། གསེར་གྱི་རི་རབ་འབར་བའི་ཕྲེང་བའི་འོད་རྣམས་ཀྱིས་གསལ་བར་བྱས་པ་དེ་དག་ལ་ལུས་ནད་མེད་པ་རྣམས་ཡོངས་སུ་རྒྱུ་བར་བྱེད་ཅིང་རྟག་ཏུ་བདེ་བས་མྱོས་པར་གནས་པ། ལེགས་པར་བྱས་པ་མང་པོ་འདོད་པར་བྱས་པའི་ ལས་ཀྱིས་དེར་སྐྱེས་པ་རྣམས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀས་བརྒྱན་པའི་མཐོ་རིས་ཀྱི་ཡུལ་རྣམས་ན། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་ བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྒྱལ་པོ་ཆོས་སེམས་པ་ཆེན་པོར་འགྱུར་ཞིང་འཇིག་རྟེན་ཐམས་ཅད་དགའ་བར་འགྱུར་བ་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་བརྒྱད་པ། དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་རྒུན་ཆང་མྱོས་གནས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ 69-1-86a ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ། ཕན་པར་འདོད་པ། འཇམ་པའི་སྙིང་རྗེ་དང ། རང་བཞིན་ གྱིས་ངང་འཇམ་པ། དྲང་བ། གཡོ་མེད་པ། གཞན་ལ་གནོད་པ་མེད་པ་གང་གིས་ཕྱོགས་བཞིའི་དགེ་སྦྱོང་དང་བྲམ་ཟེ་ཉོན་མོངས་པ་མགོན་མེད་པ་རྣམས་ལ་ཉིན་གཅིག་གམ། གཉིས་སམ། གསུམ་མམ། བཞི་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་རིམ་གྱིས་རྒྱ་ཆེར་ རྟག་རེས་འཁོར་བྱིན་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་རྒུན་ཆང་མྱོས་གནས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །དེར་སྐྱེས་ནས་ཀྱང་མཐོ་རིས་ཀྱི་སྐྱེད་མོས་ཚལ་ན་བདེ་བར་གནས་པ་དེ་གསེར་གྱི་དྲིལ་བུ་གཡེར་ཀའི་ དྲ་བས་བྲེས་པ། སྒྲ་མང་པོ་འབྱིན་པ་དང་ལྡན་པའི་ཚལ་རྣམས་ཀྱི་ནང་ན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང ། འདོད་པ་སྡུག་པ་ཡིད་དུ་འོང་བའི་ཡུལ་ལ་ཆགས་པ་དག་དགའ་དགུར་སྤྱོད་པར་བྱེད་དོ། །ལྷ་གཞོན་ནུ་གཞན་རབ་ཏུ་མང་པོ་རྣམས་ཀྱིས་མངོན་པར་མཆོད་ཅིང་ ལྷའི་བདུད་རྩིའི་སྐོམ་མང་པོས་ནི་མྱོས། མེ་ཏོག་མན་དཱ་ར་བའི་ཕྲེང་བས་ནི་མགོ་བརྒྱན། པད་མའི་ཚལ་གྱི་གསབ་གསེབ་ན་ནི་གནས།གསེར་དང ། བཻ་ཌཱུརྱ་དང ། ཤེལ་དང ། དངུལ་གྱི་རི་དག་ལ་ནི་འཛེག་།བུང་[\[]བ་སྒྲ་[\]]སྐད་སྙན་པ་འབྱིན་པའི་པད་མའི་ཚལ་རྣམས་ཀྱི་ནང་ན་ རྣམ་པར་རྒྱུ་བར་ནི་བྱེད། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཉི་མ་འབུམ་སོ་སོ་ན་འགྲན་པ་ལྟ་བུའི་མེ་ཏོག་མན་དཱ་ར་བ་དང ། པད་མའི་ཚལ་རྣམས་ཀྱི་ནང་ན། གསེར་གྱི་བྱ་སྒྲ་འབྱིན་པ་ཐོས་ན་རྣར་སྙན་པ་དང ། རོལ་མོ་ཡན་ལག་ལྔ་དང་ལྡན་པ་ཐོས་ན་སྙན་ཅིང་བདེ་བ་ རྣམས་ཀྱི་ནང་ན་མངོན་པར་དགའ་བར་བྱེད་དོ། །གསེར་དང ། བཻ་ཌཱུརྱའི་རྡོ་ལེབ་ཀྱིས་ས་གཞི་ལེགས་པར་བསྙམས་པ་དང ། མུ་ཏིག་གི་བྱེ་མས་གཞི་བསྙམས་པའི་མཚོ་ལྷའི་ཆུ་ཡོན་ཏན་ཡན་ལག་བརྒྱད་དང་ལྡན་པ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །རང་གིས་བྱས་ 69-1-86b པའི་བསོད་ནམས་ཀྱིས་སྤྲུལ་པའི་ལྷུན་པོ་དག་ལ། གསེར་དང ། བཻ་ཌཱུརྱ་དང ། དངུལ་དང ། ཤེལ་གྱི་རྡོ་ཡིས་མཛེས་པར་བྱས་པའི་རི་བཟང་པོའི་རྩེ་མོ་དག་ན་མངོན་པར་དགའ་བར་བྱེད་དེ། དགའ་བ་དང་སྐྱིད་པ་སྣ་ཚོགས་ལ་གནས་པ། ལྷ་དང་ལྷ་མོས་དཀྲིགས་ པའི་ནང་ན་དགོད་ཅིང་རྩེ་ལ་གཡེར་བ། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་རང་གིས་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་རང་གིས་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པར་ བྱེད་དོ། །གང་གི་ཚེ་ལས་ཟད་པར་གྱུར་པ་དང ། དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་ བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་རི་འབིགས་བྱེད་ཀྱི་སྨན་ལྗོངས་དག་ཏུ་གནས་པ་དང ། རྒྱལ་པོའི་ཡིད་ཆེས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་ མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ཡུལ་ལ་འདོད་པ་ཞེས་བྱ་བ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ ཤེས་པས་བརྟགས་ན། སེམས་དང་ལྡན་པར་གྱུར་པ་གང་གིས་ཚུལ་ཁྲིམས་དང་ལྡན་ཡང་རུང ། མི་ལྡན་ཡང་རུང ། ལྟ་བ་ལོག་ཀྱང་རུང ། མ་ལོག་ཀྱང་རུང་བ་ཞིག་ནད་ཀྱིས་ཐེབས་པ་ལ། ནད་རྐྱེན་དང་སྨན་དང་ནད་གཡོག་དག་བྱིན་ལ། དེ་ཡང་ནད་ སོས་པར་གྱུར་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡུལ་ལ་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་འཇིགས་པ་ཐམས་ཅད་དང་བྲལ་བར་ཤེས་པ་དེ། ལྷའི་གནས་གཞན་དག་ཏུ་མཆོད་ཅིང་ལས་འཕེལ་ 69-1-87a བ་ལས་བདེ་བ་འཕེལ་བར་འགྱུར་ཏེ། ཇི་ལྟར་མར་མེ་འབར་བ་ལས་འོད་འབྱུང་བ་དེ་ལྟར་ལས་འཕེལ་བ་ལས་བདེ་བ་འཕེལ་བར་འགྱུར་རོ། །དེ་ལྟར་ལྷ་རྣམས་ལྷའི་འཇིག་རྟེན་ན་ལས་ཀྱི་འབྲས་བུ་དེ་ལ་སྤྱོད་པ་རྣམ་པར་སྨིན་པ་ཤིན་ཏུ་ཉམས་དགའ་ བ། དཔེ་མེད་པ་ཐུན་མོང་མ་ཡིན་པ་དག་འབྱུང་ངོ ། །ལེགས་པར་བྱས་པའི་ལས་དེས་དེར་སྐྱེས་པ་དེ་བཻ་ཌཱུརྱ་དང ། ནོར་བུ་དང ། དངུལ་གྱི་ལྷུན་པོ་གསལ་བའི་རྩེ་མོ་མཐོན་པོ་རྣམས་ན་ཤིན་ཏུ་བདེ་བར་གནས་པའི་ཀུན་དགའི་ར་བ་དག་ཡོད་དེ། སྐྱེད་མོས་ཚལ་དང ། སྟེགས་ དུ་མས་བརྒྱན་པའི་ས་དག་ལ་གནས་ཤིང་ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། འོད་སྣ་ཚོགས་ཀྱིས་ཡུན་རིང་དུ་ཉམས་དགའ་བར་བྱེད་པ་རྣམས་ཀྱི་ནང་ན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། དེ་དག་གིས་རྩེད་མོ་བྱེད་པ་ན། དེ་ལྟར་དབང་ པོ་ལྔ་དང ། བློ་ཡུལ་ལ་ཆགས་པ་དེ་ཅི་དགའ་དགུར་བདེ་བ་ལ་གནས་ཏེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་ཡུལ་ལྷའི་གནས་དེ་ན་འདོད་པ་ཐམས་ཅད་ལ་བློ་རྣམ་པར་ཆགས་པ་དེ། དགའ་བར་ བྱེད། གནས་པར་བྱེད། དགའ་དགུར་སྤྱོད་པར་བྱེད་དེ། ལས་དེ་ཟད་ནས་དེ་ནས་ཡང་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བྱེད་གཟུགས་བཟང་པོ་དང་ལྡན་ཞིང་གར་ཡང་འཇིགས་པ་མེད་པ་དང ། ནོར་བཟང་པོ་དང་ལྡན་པ་དང ། རྒྱལ་པོའི་འཁོར་གྱིས་མཆོད་པ་དང ། ཚེ་རིང་བ་དང ། ཡུལ་བཟང་པོར་སྐྱེ་སྟེ། དུས་ཀྱང་ཆོས་བཟང་པོ་ལ་དགའ་ བའི་དུས་སུ་སྐྱེ་བར་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ཆུ་བསིལ་ 69-1-87b གནས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྙིང་རྗེ་ཅན་སེམས་པས་ཡོངས་སུ་བསྒོམས་པའི་སྙིང་དང་ལྡན་པ་གང་གིས་སེམས་ཅན་གཞན་ འཆི་བའི་དུས་ཀྱི་ཚེ། སྐོམ་གྱིས་གདུངས་པའི་སྐོམ་པ་བསལ་བར་བྱ་བའི་ཕྱིར་རམ། གཤིན་རྗེའི་མི་ཡིས་འཇིགས་པ་བསྟན་ནས་འཁྲུགས་པར་གྱུར་པ་ལ་བུ་རམ་ཆུའམ། ཆུ་གྲང་མོ་བླུད་ན་དེ་ལེགས་པར་བྱས་པའི་ལས་ཀྱི་མཐུ་དེས་གང་གི་ཚེ་འཆི་བར་ འགྱུར་བ་དེའི་ཚེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ཆུ་བསིལ་བར་གནས་ཞེས་བྱ་བའི་ལྷ་དེ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཆུ་བསིལ་བའི་ཚོགས་འབབ་ཆུ་དང ། ཆུ་བོ་ཕུན་སུམ་ཚོགས་པའི་ས་ཕྱོགས་དག་ན་དེ་དགའ་བར་བྱེད་ དོ། །དེ་ལྷའི་བཏུང་བའི་རྣམ་པ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ་མཐོང་ན་མྱོས་པ་སྐྱེད་པ་དང ། དྲིས་མྱོས་པ་སྐྱེད་པ་དང་།རེག་པས་མྱོས་པ་སྐྱེད་པ་དང ། སྒྲ་ཐོས་ན་མྱོས་པ་སྐྱེད་པར་བྱེད་པ། མྱོས་པའི་སྐྱོན་དང་བྲལ་ཞིང་སྙིང་དགའ་ བར་བྱེད་པ་ཡིན་ནོ། །ཡོན་ཏན་ལྔ་དང་ལྡན་པའི་བཏུང་བ་དག་ཀྱང་འབྱུང་སྟེ། འདི་ལྟ་སྟེ། བཏུང་བ་དེ་དག་འཐུངས་ནས་ལྷ་རྣམས་ལྷའི་སྟོབས་བཅུ་འགྱུར་དུ་འབྱུང་བར་འགྱུར་རོ། །ཇི་ལྟར་ནམ་མཁའ་ལ་འགྲོ་བ་ཉམས་པར་ཡང་མི་འགྱུར་ཞིང་ལྟུང་བར་ཡང་ མི་འགྱུར་ལ། དེ་བཞིན་དུ་ས་ལ་ཡང་འབྱིང་བར་མི་འགྱུར་རོ། །དེའི་བརྩོན་འགྲུས་ཡོངས་སུ་ཉམས་པ་ཡང་མེད་ལ་ཅ་ཅོ་དང ། ག་ཞའི་སྒྲ་ལ་མངོན་པར་དགའ་ཞིང་ཡིད་ཤིན་ཏུ་དགའ་བ་དེ་རབ་ཏུ་དགའ་བ་བརྒྱ་འགྱུར་དུ་འབྱུང་བར་འགྱུར་རོ། །དེའི་རྣ་བ་ཡང་མཉན་པར་ བྱ་བ་ལ་ཐོགས་པ་མེད་དེ། ཤིན་ཏུ་བདེ་བ་ཡང་དག་པར་འབྱུང་བར་འགྱུར་བ། མཐོ་རིས་དང་འཐུན་པར་གནས་པ། ཡུལ་གྱི་བདེ་བ་ཉམས་དགའ་བ་དག་མྱོང་བར་འབྱུང་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པའི་ཚལ་འདི་ལྟ་བུ་དག་ཀྱང་ཡོད་དེ། འདི་ 69-1-88a ལྟ་སྟེ། ཚལ་གཡེར་བྱེད་དང ། ཚལ་ཀུན་དགའ་དང ། ཚལ་དགའ་བདེར་གནས་དང ། ཚལ་ཡིད་ཚིམ་དང ། ཚལ་རླུང་བདེ་དང ། ཚལ་སྒྲ་ལྔ་འབྱིན་དང ། ཚལ་འབབ་ཟེར་སྒྲ་རོལ་མོ་དང ། ཚལ་ཡིད་འཐུན་དང ། ཚལ་བདེ་བར་གནས་ པ་དེ་རྣམས་ཀྱི་ནང་ན་མངོན་པར་དགའ་བར་བྱེད་དོ། །མིག་གིས་ཀྱང་གཟུགས་འདོད་པ་སྡུག་པ་ཡིད་དུ་འོང་བ་དག་མཐོང་ངོ ། །རྣ་བས་ཀྱང་སྒྲ་སྙན་པ་རྣར་འཐད་པ་ཡིད་དུ་འོང་བ་དག་ཐོས་སོ། །སྣས་ཀྱང་དྲི་ཞིམ་པ་བསུང་ཆེ་བ་ཡིད་དུ་འོང་བ་དག་སྣོམ་མོ། །དེ་ལྟར་ ལྕེས་ཀྱང་རོ་ཞིམ་པ་བྲོ་ཆེ་བ་ཡིད་དུ་འོང་བ་དག་མྱོང་སྟེ། དེ་ལྟར་རྣམ་པ་དེ་ལྟ་བུས་ཡིད་ཚིམ་པར་བྱས་པའི་སྙིང་དང་དབང་པོ་ལྔ་ཡུལ་ལ་ཆགས་པའི་དགའ་བ་དང་བདེ་བ་དག་མྱོང་བར་བྱེད་དོ། །དེ་ལྟར་དེ་སྲེདཔའི་ཚོགས་དྲུག་གི་མེས་ཉིན་གཅིག་བཞིན་སྲེག་པར་བྱེད་ལ། འདོད་ཆགས་ཀྱི་མེས་ཀྱང་ཉིན་གཅིག་བཞིན་ཡོངས་སུ་སྲེག་སྟེ། འདོད་ཆགས་ཀྱི་མེ་དང ། བག་མེད་པའི་མེ་ལྕེ་དྲུག་ཤིན་ཏུ་སྟོབས་ཆེ་བར་གྱུར་ཀྱང་དེ་དག་དེས་མི་རིག་གོ། །བག་མེད་པ་དེས་ཡིད་ཕྲོགས་ཤིང་བག་མེད་པའི་གནས་སུ་སྐྱེས་པ། བག་མེད་པ་དེས་ ཉམས་པ། ལེགས་པར་བྱས་པའི་ལས་དེས་ཡུལ་གྱི་བདེ་བ་ལ་ལྷག་པར་དགའ་བ་ཟད་པ་མེད་པ་དེ་ནི་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ནས་བདེ་བ་མྱོང་བར་བྱེད་དོ། །གང་གི་ཚེ་ལས་ཟད་པར་ གྱུར་པ་དང ། དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བཀྲེས་པ་དང ། སྐོམ་པ་དང ། ངལ་བ་དང ། ལོ་ཉེས་འབྱུང་བའི་འཇིགས་པ་ཡང་མི་འབྱུང་ལ། རྟག་པར་ཤིན་ཏུ་བདེ་བར་གནས་པ་དང ། ཡུལ་མ་མཐོང་བ་རྣམས་སུ་འོངས་ན་ཡང་དགའ་བ་དང་མགུ་བར་འགྱུར་བ་ 69-1-88b དང ། དེ་ལ་བྱ་བ་མེད་བཞིན་དུ་ཡང་མལ་སྟན་དང ། ན་བའི་གསོས་སྨན་གྱི་རྐྱེན་གྱིས་ཡོ་བྱད་མང་པོ་དག་སྦྱིན་པ་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྟག་ཏུ་མྱོས་གནས་རྣམས་ཀྱི་གནས་བརྟན་དགའ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ སྤོང་བའི་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ཡིད་སྐྱོ་བར་བྱ་བའི་ཕྱིར་མི་རོའམ་མི་རོ་ལྟ་བུར་བྲིས་པ་ཞིག་བཞག་ན། དེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་བརྟན་དགའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་རྟག་ཏུ་བརྟན་དགའ་དེ་བཻ་ཌཱུརྱ་ དང ། གསེར་དང ། བྱི་རུ་དང ། ན་ད་རྙིལ་དང ། མ་རྒད་ལྟ་བུའི་མཐོ་རིས་ཀྱི་གནས་དག་ན་ཡང་དང་ཡང་དུ་དགའ་བར་བྱེད་ཅིང་ཉིན་གཅིག་བཞིན་དུ་བདེ་བ་བར་ཆད་མེད་པ་འབུམ་སྙེད་དག་མྱོང་བར་བྱེད་དོ། །རོལ་མོ་མང་པོ་དུ་མ་འབུམ་སྙེད་དག་མང་དུ་ཐོས་ན་བར་ ཆད་མེད་པར་དགའ་བ་ལྷག་པར་ཆགས་ཏེ། ཀུན་ནས་ཉོན་མོངས་པ་འབྱུང་བ་གང་ཡིན་པ་དེ་ནི་དཔེར་བྱར་ཡང་མེད་ལ། མཐོ་རིས་སུ་ཟས་དང ། སྐོམ་དང ། གོས་དང ། མེ་ཏོག་དང ། དྲིས་མྱོས་ཤིང་དགའ་བ་མང་པོ་དུ་མ་འབྱུང་ངོ ། །དེར་དགའ་བ་འདི་ལྟ་བུ་དག་འབྱུང་སྟེ། འདི་ལྟ་སྟེ། ཚལ་མཐོང་ན་དགའ་བ་དང ། བྱ་སྣ་ཚོགས་སྒྲ་འབྱིན་ན་དགའ་བ་དང ། རོལ་མོས་དགའ་བ་དང ། ལྷ་མོ་མཐོང་ན་དགའ་བ་དང ། རྒྱགས་པར་གནས་ན་དགའ་བ་དང ། དྲི་ཞིམ་པོས་དགའ་བ་དང ། ཐགས་སུ་མ་བཏགས་པའི་གོས་གྱོན་ན་དགའ་བ་དང ། སྤོས་སྣ་ཚོགས་ཀྱིས་ཕོག་ན་དགའ་བ་དང ། བཟའ་བ་དང ། བཏུང་བ་ཚོགས་ན་དགའ་བ་དང ། རྩེན་པས་དགའ་བ་དང ། ནམ་མཁའ་ལ་འགྲོ་བས་དགའ་བ་དང ། སྙིང་དུ་སྡུག་པའི་ལྷ་མཐོང་ན་དགའ་བ་དང ། རིན་པོ་ཆེའི་རིའི་རྩེ་མོ་ནས་རིའི་རྩེ་མོ་བལྟ་ན་དགའ་ 69-1-89a སྟེ། དེ་དག་ལ་སོགས་པས་མངོན་པར་དགའ་ལ། དགའ་བ་དུ་མ་གཞན་རྣམས་ལ་ཡང་ཤིན་ཏུ་ཆགས་ཏེ། བདེ་བ་ཤིན་ཏུ་ཡིད་དུ་འོང་བའི་ཀུན་དགའ་ར་བ་དང ། སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་གླུ་དབྱངས་ལེན་པ་དང ། རང་གིས་བྱས་ པའི་བདེ་བ་ལ་གནས་པ་ལྷའི་བདེ་བ་རྣམ་པ་དུ་མ་དེ་དག་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལེགས་པར་བྱས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་མྱོང་བར་བྱེད་དོ། །ལས་དེ་ཟད་ནས་དེ་ནས་ཡང་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ།མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་སྐྱེད་མོས་ཚལ་སྣ་ཚོགས་ཀྱི་ནང་ན་གནས་ཤིང་ཤིན་ཏུ་ བདེ་བ་དང་ལྡན་པ་དང ། བགོ་བའི་གོས་སྣ་ཚོགས་དང ། དགའ་གཏམ་སྣ་ཚོགས་དང ། སྤྱོད་པ་སྣ་ཚོགས་དང ། བལྟ་བར་བྱ་བ་སྣ་ཚོགས་མཐོང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གནས་གསུམ་དང ། ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་དང་བཅས་པ་རྣམ་པར་ཕྱེ་ནས་གནས་བཞི་པ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་པི་བང་ཅན་གསུམ་པ་ཞེས་བྱ་བའི་ལྷ་རྣམས་མཐོང་ངོ ། །དེ་རྣམས་ཀྱི་གནས་བཅུ་པོ་ཡང་འདི་ལྟ་སྟེ། དྲི་དགའ་དང ། སྒྲ་སྙན་པ་ དང ། དེ་ལ་ཆགས་དང ། སྐྱོར་ཆུ་སྐྱེས་དང ། ལུས་དཀར་དང ། ཕན་ཚུན་དགའ་དང ། ཡང་དག་ཆགས་སྤྱོད་དང ། འཁོར་དང ། རྣམ་སྤྱོད་དང ། སྐྱིལ་མོ་ཀྲུང་གི་སྟེང་དུ་སྐྱེ་བ་དང་ལྡན་པར་གནས་པ་དག་སྟེ། ལྷ་པི་བང་ཅན་གསུམ་པ་རྣམས་ ཀྱི་གནས་ནི་བཅུ་པོ་དེ་དག་ཡིན་ནོ། །དགེ་སློང་དེ་དེ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་འབྱེད་པར་བྱེད་དེ། གནས་དེ་རྣམས་སུ་ལྷ་དག་ལས་གང་གིས་སྐྱེ་བར་འགྱུར་ཞིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ལས་ 69-1-89b དེ་དག་བྱེད་ན་དེ་ལྟར་དེ་དང་འཐུན་པར་སྐྱེ་བར་འགྱུར་ལ། ལས་དེ་དང་འཐུན་པར་རྣམ་པར་སྨིན་པ་འབྱུང་ངོ ། །དེ་ལ་རྒྱལ་ཆེན་བཞིའི་གནས་དང་པོ་དྲི་དགའ་ཞེས་བྱ་བ་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་ པས་བརྟགས་ན། སེམས་པ་དང་ལྡན་པར་གྱུར་ཅིང ། དེས་སེམས་བསྒོམས་པ་དེས་ལུས་བསྒོམས་པ་གང་གིས་བསོད་ནམས་བསགས་པར་བྱ་བའི་ཕྱིར། དགེ་འདུན་དག་ལ་ཀུན་དགའ་ར་བའི་སའམ། བུ་རམ་ཤིང་གི་ར་བའམ། འབྲ་གོའི་ར་བའམ། ཤིང་ ་མྲའི་ར་བ་ཕུལ་ལ། དེ་ཡང་ཡོངས་སུ་སྤྱོད་པར་བྱེད་ན།དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དྲི་དགའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བདེ་བ་དུ་མ་ཐོབ་ཅིང་སྤྱོད་པ་དེ། ལྷའི་ཙན་དན་དང ། ཙན་དན་ས་མཆོག་གི་བྱུག་པས་ལུས་ བྱུགས་པ། ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། གཟུགས་དང་ཆ་བྱད་སྣ་ཚོགས་དང་ལྡན་པ་དགོད་པ་དང ། རྩེ་བ་དང ། སྒེག་ཆོས་ལ་མཁས་པ་རྣམས་དང ། ལྷན་ཅིག་པད་མའི་ཚལ་དང ། ལྟེང་ཀ་དང ། ནགས་ཚལ་གྱི་བར་དག་ན་མེ་ཏོག་གི་ཕྲེང་བ་ དང ། གོས་གྱོན་པ། ཡིད་རབ་ཏུ་དགའ་བ་རྣམས་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེའི་ལྷའི་དྲི་རྣམ་པ་དུ་མ་དག་པད་མའི་ཚལ་དེ་དག་དང ། ལྷའི་མེ་ཏོག་དེ་དག་བརྟོལ་ནས་དཔག་ཚད་བརྒྱར་བསུང་སྟོབས་ཆེར་འབྱུང་ངོ ། །དྲི་སྣོམས་པའི་ལྷ་མོ་ གང་ཡིན་པ་དེ་དག་ཐམས་ཅད་དྲི་ཤིན་ཏུ་ཉམས་དགའ་ཞིང་མཆོག་ཏུ་ཡིད་དུ་འོང་བ་རྣམ་པ་དུ་མས་མྱོས་པ་རྣམས། ཡང་ལྷའི་དྲི་དེས་བརྒྱ་འགྱུར་དུ་མྱོས་པར་འགྱུར་རོ། །ཤིན་ཏུ་མྱོས་པའི་ལྷའི་རིས་དེ་དག་ཉིད་ལ་སེམས་ཆགས་པ་རྣམས་ལྷ་དེ་དག་ཉིད་དང ། རྣམ་པ་དུ་མ་བརྒྱ་ འགྱུར་དུ་དགའ་དགུར་སྤྱོད་པར་བྱེད་ལ། དེ་རྣམས་ལྷན་ཅིག་ཆུ་བོའི་དྲུང་དུ་འགྲོ་བར་བྱེད་དོ། །ཆུ་བོ་དེ་དག་གི་མིང་ནི་འདི་ལྟ་སྟེ། རིན་ཆེན་འབབ་ཅེས་བྱ་བ་དང ། རིན་པོ་ཆེའི་དུམ་བུ་འབབ་དང ། གསེར་འབབ་དང ། ཆང་འབབ་ཆུ་བོ་དང ། སྦྲང་རྩི་འབབ་པའི་ཆུ་བོ་དང་། 69-1-90a དབུ་བ་རོག་རོག་འབབ་པ་དག་སྟེ། ཆུ་བོ་དེ་དག་ཐམས་ཅད་ཀྱི་འགྲམ་ན། བྱ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པའི་ཚོགས་ཀྱིས་བརྒྱན་པ་བྱ་སྒྲ་འབྱིན་པ་རྣམས་དང ། ཤིང་ལྗོན་པས་མཐའ་ཁེབས་པ་ཡིན་ལ། ཤིང་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་བྱ་ རྣམས་ཀྱིས་ཀུན་ནས་དཀྲིགས་ཤིང་སྒྲ་ཡིད་དུ་འོང་བ་འབྱིན་པ་དག་ཡིན་ཏེ། ལྷ་མོའི་ཚོགས་གླུ་སྙན་པ་ལེན་པ་ལ་མཁས་པ་གང་ཡིན་པ་དེ་དག་ཀྱང་བྱའི་སྒྲ་དབྱངས་འབྱིན་པ་ཐོས་ནས། ཚལ་གྱི་ནང་ན་རྒྱུ་བའི་བྱ་གཞན་སྒྲ་འབྱིན་པ་ལྷའི་རྣར་སྙན་པ་དེ་དག་ལ་ཤིན་ཏུ་ ཉན་པར་བྱེད་དོ། །ཡུལ་གྱི་འདོད་པ་ལ་སེམས་རྣམ་པར་ཆགས་ཤིང་བྱའི་སྒྲ་འབྱིན་པ་དེ་ལ་སྙིང་ཤིན་ཏུ་ཆགས་པ་དེ་དག་གིས་བདེ་བ་དེ་ཐམས་ཅད་བོར་ནས་བྱའི་སྒྲ་དེ་ལ་ཉན་པར་བྱེད་དེ། བྱའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་དག་ཐོས་ན་བདེ་བ་རྣམ་པ་དུ་མ་སྣ་ཚོགས་དང ། སྒྲ་དབྱངས་བདུན་དང་ལྡན་ཞིང་རྒྱུན་མི་དྲག་པ་འབྱིན་པ་ལ་ཉན་པར་བྱེད་དོ། །ཆུ་བོ་གཞན་དག་ཏུ་སྒྲ་འབྱིན་པར་ལྷ་མོ་རྣམས་དགའ་བར་བྱེད། གླུ་དབྱངས་ལེན། དགོད་པར་བྱེད་ལ། ལྷའི་ཆང་མྱོས་པའི་སྐྱོན་དང་བྲལ་བ་དག་ལ་འཐུང་བར་བྱེད་དོ། །དེ་དག་དེ་རྣམས་ཀྱིས་ མཐོང་ནས་ཀྱང་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད་ལ། བཻ་ཌཱུརྱ་དང ། དངུལ་དང ། ཤེལ་དང ། གསེར་གྱི་རི་བོ་གཞན་དག་གི་རྩེ་མོ་དང ། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀ་དང ། ནགས་ཚལ་མཛེས་པ་དང ། པད་མའི་ཚལ་བྱའི་ཚོགས་སྣ་ཚོགས་ཀྱིས་ བརྒྱན་པ་རྣམས་སུ་ལྷ་མོ་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ། །གཞན་ཡང་ཕྱོགས་གཞན་དག་ན་བཻ་ཌཱུརྱ་སྔོན་པོའི་དུམ་བུ་ལྟ་བུ་དང ། མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པའི་ས་ཕྱོགས་དག་ན་དགའ་བར་བྱེད་དེ། དེ་ལྟར་དེ་ལེགས་པར་བྱས་པའི་ལས་དེ་དང་རྒྱུ་འཐུན་ པར་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་མཐོ་རིས་ཀྱི་བདེ་བ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་མྱོང་ངོ ། །ལྷའི་བདེ་བ་དེ་ཡང་དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་པས་རྟོགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རྣམ་པར་ཆགས་པའི་དབང་པོ་ལྔ། །དེ་ལྟར་ཡུལ་ 69-1-90b རྣམས་ལྔ་ལ་ཆགས། །འདོད་ཆགས་སྐད་ཅིག་མི་འབྱུང་བའང ། །ཡུལ་གྱིས་ཚིམ་པར་མི་བྱེད་དོ། །ཡུལ་རྣམས་ཀུན་གྱི་ནང་ན་གཅིག་།འདིར་ནི་བུད་མེད་ཁོ་ན་ལྟ། །ཡུལ་ཀུན་ཟིལ་གྱིས་མནན་ནས་སུ། །འདོད་ཆགས་མེ་ནི་ཆེན་པོར་འབར། །ཚོགས་པ་དང་ ནི་མ་ཚོགས་དང ། །འཆི་བ་དང་ནི་གཏམ་བརྗོད་པའང ། །བུད་མེད་རྒྱུ་ལས་ཀུན་འབྱུང་སྟེ། །མེ་ཡིས་མི་འདི་སྲེག་པར་བྱེད། །མེ་ནི་ཚོགས་དང་འབར་འགྱུར་གྱི། །མ་ཚོགས་འབར་བར་མི་འགྱུར་ལ། །ཚོགས་ནའང་འབར་ལ་མ་ཚོགས་ཀྱང ། །ལྷ་རྣམས་འདོད་ ཆགས་མེ་འབར་རོ། །མེ་དེའི་ཡུལ་དེ་མེད་པ་དང ། །རྒྱང་རིང་ན་གོ་སྲེག་མི་བྱེད། །འདོད་ཆགས་མེ་ནི་ཉེ་རིང་འདྲ། །མི་བཟད་དགའ་བས་སྲེག་པར་བྱེད། །ཀུན་དུ་རྟོག་པའི་ཤིང་སྐམ་འབྱུང ། །དགའ་བ་ཡ་ཡོའི་ཤུགས་དང་ལྡན། །སྲེག་པའི་མར་ལ་སྨྱུགས་ པ་འདི། །འདོད་ཆགས་མེ་ཡིས་དགའ་བས་སྲེག་།འདི་ལྟར་མེ་ཡིས་ལུས་གཅིག་ནི། །བསྲེགས་ནས་རབ་ཏུ་ཞི་བར་འགྱུར། །མིང་དང་གཟུགས་དང་མ་བྲལ་བའི། །འདོད་ཆགས་མེ་ནི་ཞི་མི་འགྱུར། །སྲེག་བྱེད་མི་བཟད་མེ་ལ་ནི། །འབྱུང་པོ་དགའ་བར་མི་བྱེད་ ལ། །འདོད་ཆགས་མེ་ནི་རབ་རྣོ་ཡང ། །མི་རྣམས་ཡིད་ནི་འབྱུང་མི་བྱེད། །དབང་པོ་ལྔ་ལས་བྱུང་བ་ཡི། །འདི་ནི་ཡུལ་རྣམས་ལྔ་ཡིས་བསྒྲིབས། །སྲེད་པ་རླུང་གི་སྟོབས་དང་མཚུངས། །འདོད་ཆགས་མེ་ཡིས་སྐྱེ་དགུ་སྲེག་།རྟོག་པའི་གཙུབ་ཤིང་ལས་བྱུང་བའི། ། ཡུལ་རྣམས་ཀྱིས་ནི་ཡོངས་སུ་སྤེལ། །ལུས་ནི་ཤིང་ལྟར་སྲེག་བྱེད་ཀྱང ། །དེ་ནི་སྐྱེ་བོས་མི་མཐོང་ངོ ། །ཇི་ལྟ་ཇི་ལྟར་འདོད་ཆགས་མེ། །རབ་ཏུ་འབར་བས་སྲེག་བྱེད་པ། །དེ་ལྟ་དེ་ལྟར་འདོད་ཆགས་དྲི། །བདེ་བ་བཞིན་དུ་ཡོངས་སུ་བསྟེན། །མེ་ནི་རབ་ཏུ་གསལ་འགྱུར་ ལ། །འདོད་ཆགས་མེ་ནི་མུན་པས་བསྒྲིབས། །དེ་བས་དུག་དང་དགྲ་ལྟ་བུ། །བརྟན་པོས་འདོད་ཆགས་མེ་སྤོངས་ཤིག་།དེ་ལྟར་དགེ་སློང་དེས་དེ་དག་མཐོང་ནས་འདོད་ཆགས་ཀྱི་མེས་སྲེག་པའི་ལྷ་ལ་སྙིང་བརྩེ་བར་བྱེད་ལ། ལྷའི་སྲིད་པར་གཏོགས་པ་དག་ལ་ཡང་སྐྱོན་དེ་ 69-1-91a དག་རྟོགས་ནས། སྲེད་པར་མི་བྱེད་དོ། །དེ་ལྟར་དྲི་དགའི་ས་ཕྱོགས་ན་བདེ་བ་རྣམ་པ་དུ་མ་དག་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལེགས་པར་བྱས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་ བར་འགྱུར་ཏེ། ཤི་ནས་ཀྱང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་མ་སྐྱེས་ལ། མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་ས་ ཕྱོགས་བདེ་བ་ཐོབ་ཅིང་ཤིན་ཏུ་འབྱོར་པ་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྣམས་ཀྱི་ གནས་སྒྲ་སྙན་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་སྤྱད་ཅིང ། སེམས་པ་དང ། ཡང་དག་པའི་ལྟ་བ་དང་ལྡན་པར་གྱུར་པ་ གང་གིས་ལྟ་བ་ལོག་པར་ཞུགས་པ་དག་ལ་ཚིགས་བཅད་གཅིག་བསྟན་ལ། དེ་དག་ཀྱང་སེམས་ཡུད་ཙམ་ཞིག་སངས་རྒྱས་ལ་དད་པ་སྐྱེས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྒྲ་སྙན་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ དབང་པོ་ཡུལ་ལ་དགའ་ཞིང་བདེ་བ་དེ་ལྷའི་མཚོ་འགྲམ་ན་རྩེ་བ་ལ་ནི་དགའ། པད་མའི་ཚལ་གྱི་ཕྲེང་བ་དང ། གསེར་གྱི་རི་ལ་གནས་ཤིང་ལྷའི་རོལ་མོ་བྱེད་པ་ལ་ནི་དགའ། ལྷ་མོ་གཟུགས་དང ། རྣམ་པ་སྣ་ཚོགས་ཐོགས་པ། འཛུམ་ཞིང་འཇོ་སྒེག་ལ་མངོན་པར་དགའ་ བ། བྱད་བཞིན་གྱི་མདངས་སྡུག་ཅིང་དབང་ཕྱུག་མཚུངས་པ་མེད་པ་ལ་དགའ་བ་རྣམས་ཀྱིས་ནི་ཡོངས་སུ་བསྐོར། རྟག་ཏུ་ཉིན་གཅིག་བཞིན་བདེ་བ་ལ་གནས་པ་རབ་ཏུ་འཕེལ་ཞིང་བཻ་ཌཱུརྱའི་རིའི་རྩེ་མོ་དག་ན་གནས་ལ། བདེ་བ་སྣ་ཚོགས་སྤྱོད་པ་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང་། 69-1-91b བྱུག་པས་ལུས་བརྒྱན་པ་དག་དེ་ན་དགའ་བར་བྱེད་དོ། །ཡུལ་གྱི་རྣམ་པ་མང་པོ་ལ་དགའ་བ། རི་རབ་དང་རི་ཁྲོད་ཡངས་པ་ན་གནས་པ་དག་གསེར་གྱི་རི་དང་ཚལ་རྣམས་ཀྱི་ནང་ན་དགའ་བར་བྱེད་དེ། དེ་ན་གསེར་གྱི་རི་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ། རི་མཁའ་ཐུག་ ཅེས་བྱ་བ་དང ། རི་གྲིབ་མེད་ཅེས་བྱ་བ་དང ། རི་ཐམས་ཅད་དགའ་ཞེས་བྱ་བ་དང ། རི་ཡིད་བཞིན་སྤྲུལ་ཅེས་བྱ་བ་དག་སྟེ། རི་དེ་དག་ནི་རིན་པོ་ཆེས་རྣམ་པར་ཕྱེ་ཞིང་མཛེས་ལ། གསེར་གྱི་ཚལ་གྱིས་མཛེས་པར་བྱས་པ། རིའི་རྩེ་མོ་རྣམས་ན་ལྷའི་ཚོགས་སྙིང་རབ་ཏུ་ དགའ་བ་རྣམས་རྟག་ཏུ་གླུ་དབྱངས་ཀྱི་སྒྲ་ནི་འབྱིན། ཆུ་དང་ཞིང་བསིལ་ལ་གཙང་བའི་རྒྱུན་དག་དང ། པད་མའི་རྫིང་རྣམས་ཀྱིས་ནི་རྟག་ཏུ་མཛེས་པར་བྱས། བྱ་རྟག་ཏུ་མྱོས་ཤིང་རྣར་སྙན་པ། སྒྲ་འབྱིན་པ་རྣམས་ནི་ཉེ་བ་ན་འཁོད། མིག་ཏུ་ཤིན་ཏུ་སྡུག་པའི་རིའི་ ས་ཕྱོགས་ཀྱི་སྨན་ལྗོངས་དེ་རྣམས་ན་རང་གི་ལས་ལ་སྤྱོད་པའི་ལྷ་དེ་དག་དགའ་བར་བྱེད། རྒྱུ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །ལྷ་མོ་བཟང་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང ། བྱ་མྱོས་པ་སྒྲ་འབྱིན་པ་དང ། གསེར་གྱི་བུང་བ་མྱོས་ པ་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་དེ་དག་ཐམས་ཅད་རེག་ན་བདེ་བའི་ལྷའི་ལྕུག་མའི་ཁྱིམ་རྣམས་སུ་འཁོར་དང་ལྷན་ཅིག་དགའ་བར་བྱེད་དོ། །དེ་ལྟར་དེ་ན་གནས་པ་དེ་ནི། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལྷ་ལས་ལྡོག་པར་མི་འགྱུར་བའི་ལས་དེ་ཟད་པར་ མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །གང་གི་ཚེ་ཟད་པར་གྱུར་པ་དང ། དེ་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་འཁོར་བར་ཡོངས་སུ་འཁྱམ་པར་འགྱུར་རོ། ། གལ་ཏེ་མི་རྣམས་ཀྱི་ནང་དུ་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་རིགས་ཤིན་ཏུ་ཆེ་བའི་ནང་དུ་སྐྱེ་ཞིང་ཤིན་ཏུ་འབྱོར་པ་དང་ལྡན་པ་དང ། སྐྱེ་བོ་ཀུན་གྱིས་མཆོད་པ་དང ། རིས་འཐུན་པའི་གཟུགས་བཟང་པོ་དང་ལྡན་པ་དང ། རིས་འཐུན་པའི་ 69-1-92a སྐལ་བ་དང་ལྡན་པ་དང ། སྐྱོན་མེད་པ་དང ། བྲན་ཕོ་དང ། བྲན་མོ་དང ། སྐྱེ་བོ་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་ལྷའི་གནས་དེ་ལ་ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་ སྤྱད་པར་གྱུར་པ། དེ་ལ་རབ་ཏུ་ཆགས་པའི་ཡིད་སེམས་པ་དང་ལྡན་པར་གྱུར་པ་གང་གིས་གྲོགས་པོ་ལ་སྐོམ་ཕོར་གང་ཙམ་བླུད་པའམ། འགྲོན་པོ་རྣམས་ལ་སྲོག་ཆགས་ལུ་ཏ་དང ། ཀི་ཏ་དང ། སྦྲང་བུ་མཆུ་རིངས་དག་གིས་འཇིགས་པ་ལས་བདེ་བར་བྱ་བའི་ཕྱིར་ ཁྲོན་པ་དག་འགེབས་པར་བྱེད་དེ། འདི་ལྟར་སྲོག་ཆགས་དུག་དང་འདྲེས་པ་འདི་དག་གི་དུག་ཆུའི་ནང་དུ་སོང་ན། དེ་ལས་འགྲོན་པོ་ལམ་དུ་ཞུགས་པ་རྣམས་ཀྱི་སྲོག་གི་བར་ཆད་དུ་འགྱུར་རོ་སྙམ་ནས་བྱ་བ་ཅི་ཡང་མེད་ཀྱིས་ཀྱང ། བྱམས་སེམས་ཀྱིས་ཁྲོན་པ་ལ་འཐུང་ བའི་སྐྱེ་བོ་གཞན་ལ་ཕན་པར་བྱ་བའི་ཕྱིར་གཞི་དེ་ལས་དེ་གཡོག་པར་བྱེད་ན། སྐྱེས་བུ་དགེ་བ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་པི་བང་ཐོགས་པ་རྣམས་ཀྱི་གནས་དེ་ལ་ཆགས་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལུས་ནི་ཉི་མ་ གཉིས་པ་ལྟ་བུར་གཟི་ཆེ་སྟེ། ལེགས་པར་བྱས་པའི་ལས་རྣམས་ཀྱིས་ལུས་ཐམས་ཅད་ནི་བརྒྱན། རི་དང ། རི་བོ་དང ། རི་སུལ་དང ། འབབ་ཆུ་ན་གནས་པ་རྣམས་དེ་དང་སྤྱོད་པའི་ངང་ཚུལ་འཐུན་པའི་ལྷ་མོའི་ཚོགས་གཟུགས་དང ། ལང་ཚོ་དང ། རྒྱན་རྣམ་པ་སྣ་ ཚོགས་ཐོགས་པ་རྣམས་ཀྱིས་ནི་ཡོངས་སུ་བསྐོར། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་སྡུག་པ་དུ་མ་ལ་རབ་ཏུ་ཆགས་ཤིང་མཆོག་ཏུ་བདེ་བ་དང་ལྡན་པ་ཡིན་ནོ། །གནས་དེ་དག་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་རི་དང་ 69-1-92b ཚལ་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ། རྙིས་པ་མེད་པའི་ཚལ་དེ་ན་མེ་ཏོག་རྣམས་ཀྱང་རྙིས་པ་མེད་ཅིང ། དྲི་དང་ཡང་བྲལ་བ་མེད་པ་དང ། གསེར་གྱི་གྲིབ་མའི་ཚལ་ཞེས་བྱ་བ་གསེར་གྱི་ལྕུག་མས་དྲ་བར་བྲིས་ཤིང ། བཻ་ཌཱུརྱའི་བུང་བ་རྣམས་ཀྱིས་མཛེས་པར་བྱས་ལ། རྨ་བྱ་དང་ཁུ་བྱུག་སྒྲ་འབྱིན་ཏོ། །བྱ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་སྒྲོ་གཤོག་དང་ལྡན་ལ། སྒྲ་སྙན་ཅིང་འཇེབས་པར་འབྱིན་པ་ཡིན་ཏེ། ཚལ་དེ་ན་ཤིན་ཏུ་ཉམས་དགའ་བར་ཡང་བདག་ཉིད་ཀྱིས་མཐོང་ནས་ཤིན་ཏུ་བདེ་བར་གྱུར་ཏོ། །དེ་ན་བྱ་འདི་ལྟ་བུ་དག་ཡོད་དེ་བཀྲ་བ་དང་ སྒྲོ་གཤོག་བཀྲ་བ་དང ། ལྷ་རྣམས་ཀྱི་སྙིང་ལ་འདོད་པ་སྐྱེད་པ་གང་ཡིན་པ་དེ་དག་དེས་སྒྲ་འབྱིན་པར་བྱེད་དེ། དེ་ཐོས་ནས་ལྷ་རྣམས་ཀྱང་ངོ་མཚར་ཆེར་སྐྱེས་ལ། འདི་ལྟར་བྱ་འདི་དག་ནི་ལྷ་དང་འཐུན་པར་མཐོང་སྟེ། གང་བདག་ཅག་གི་ཡིད་ལ་འདོད་པ་དེ་དག་བྱ་དེ་རྣམས་སྒྲ་ འབྱིན་པར་བྱེད་དོ་སྙམ་མོ། །བྱ་ཆུ་ཞིམ་གནས་ཞེས་བྱ་བ་དེ་དག་གི་ཁ་ནས་ཆང་རོ་དང་དྲིའི་ངོ་བོ་གཙང་བ་ཕུན་སུམ་ཚོགས་པ་འབྱུང་ངོ ། །ཁ་ནས་བྱུང་བའི་ཆང་དེ་ལ་ཡང་བྱ་གཞན་རྣམས་འཐུང་བར་བྱེད་དེ། དེ་འཐུངས་ནས་བྱ་དེ་དག་བཅུ་འགྱུར་དུ་མྱོས་ཤིང་ཡིད་རབ་ཏུ་དགའ་ ནས་བརྒྱ་འགྱུར་དུ་སྒྲ་འབྱིན་པར་བྱེད་དོ། །ལྷ་དེ་དག་གི་ནང་ན་གླུ་དབྱངས་ཕན་ཚུན་འདྲེས་པ་བརྒྱ་འགྱུར་དུ་སྙན་པ་ཡིན་ཏེ། བྱ་དེ་དག་གི་སྒྲ་དང ། ལྷ་མོ་དེ་དག་གི་གླུ་དབྱངས་ཐོས་ནས་འདོད་པ་ལ་ཆགས་པའི་ལྷ་ཡིད་ཤིན་ཏུ་བདེ་བ་རྣམས་བརྒྱ་འགྱུར་དུ་དགའ་བ་སྐྱེ་ཞིང་ དེ་དག་གི་གླུ་དབྱངས་དང་སྒྲ་ལ་ཆགས་པར་བྱེད་དོ། །བྱ་མཆུ་སྒྱུར་འགྲོ་ཞེས་བྱ་བ་གང་དྲིལ་བུ་གཡེར་ཀའི་དྲ་བ་སྒྲ་འཁྲོལ་བའི་གསབ་གསེབ་ན་དགའ་བར་བྱེད་པ་ལ་འདི་ལྟར་ཅི་འདི་ན་བྱའི་སྒྲ་འབྱིན་ནམ། ཅི་དྲིལ་བུ་གཡེར་ཀའི་སྒྲ་འབྱིན་ཅེས་གསལ་བར་མི་མངོན་ པ་དེ་ལྟར་དེ་དག་དང་ལྷན་ཅིག་སྒྲ་འབྱིན་ཏེ། ཕན་ཚུན་འདྲེས་པ་ཉིས་འགྱུར་དུ་ཡང་སྙན་པ་ཡིན་ནོ། །བྱ་འགྲམ་གྱི་མཐའ་ན་སྤྱོད་པ་ཞེས་བྱ་བ་གང་ཆང་རྟག་ཏུ་ཆུ་བོ་ལྟར་འབབ་པའི་འགྲམ་དང་གསེར་གྱི་པད་མའི་བར་བར་དག་ན་གནས་སོ། །བྱ་གྲིབ་མའི་ནང་ན་རྒྱུ་བ་ 69-1-93a ཞེས་བྱ་བ་གང་ཇི་ཙམ་དུ་སྲེད་པའི་རྣམ་པ་དང་འདྲེས་ན་གཟུགས་ཀྱི་རྣམ་པ་དེ་ཙམ་འགྱུར་ཏེ། རྣམ་པ་དེ་སྲིད་དུ་གནས་སོ། །བྱ་ཆགས་པ་ཞེས་བྱ་བ་གང་གལ་ཏེ་ལྷ་ཤིན་ཏུ་ཉམས་དགའ་བ་རྣམས་དང་ཉེ་བར་ལྷ་མོ་དེ་དག་གནས་ན་བརྒྱ་འགྱུར་དུ་མཛེས་ཏེ་ཚལ་ དང ། ནགས་ཚལ་དུ་མ་རྣམས་ཀྱི་ནང་ན་ཡང་རྟག་ཏུ་བདེ་བར་གནས་པ་དག་དགའ་བར་བྱེད་དོ། །ཡིད་ལ་བསམས་པ་གང་ཡིན་པ་དེ་དང་དེ་དག་ཉིད་འགྲུབ་པར་འགྱུར་ཏེ། ཤིན་ཏུ་རྒྱ་ཆེ་བར་གྱུར་ཅིང ། དགའ་བ་དང ། སྡུག་པ་དང ། ཡིད་དུ་འོང་བ་སྐྱེའོ། །ལྷ་མོའི་ ཚོགས་དུ་མས་ཡོངས་སུ་བསྐོར་བའི་ལྷ་དེ་ཚལ་དང ། ཉེ་བའི་ཚལ་དེ་རྣམས་ཀྱི་ནང་ན་དགའ་བར་བྱེད་དེ། གསེར་དང ། དངུལ་དང ། བཻ་ཌཱུརྱའི་རིའི་རྩེ་མོ་གཞན་དང ། གཞན་དག་ལ་བཻ་ཌཱུརྱའི་པད་མའི་རྫིང་གིས་ཡོངས་སུ་བསྐོར་ཅིང ། བྱ་ངང་པ་དང ། ཀཱ་རཎྜ་བས་ ཀྱང་བསྐོར་བ། བཻ་ཌཱུརྱ་སྔོན་པོ་ལྟ་བུའི་ཆུ་ཤིན་ཏུ་དྲི་ཞིམ་པས་གང་བ། ཆང་དུ་མ་འབྱུང་བ། བཻ་ཌཱུརྱ་དང ། གསེར་དང ། དངུལ་གྱི་ཤིང་ལྗོན་པ་ཤིན་ཏུ་དྲི་ཞིམ་པ་རྣམ་པ་དུ་མས་གཏིབས་པ། ཀུན་ནས་རི་འདི་ལྟ་བུ་ཀུན་ཡོད་དེ། བསམས་ན་སྣ་ཚོགས་འབྱུང་དང ། ས་ སྟེངས་ཡངས་དང ། ས་ཕྱོགས་མཐོ་དམའ་དང ། གཞི་མཉམ་སྟེངས་དགའ་སྟེ། དེ་རྣམས་སུ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་ཐམས་ཅད་ནམ་མཁའ་ལས་འགྲོ་ཞིང་འབབ་ལ། ཀུན་ནས་དགའ་བར་བྱེད་ཅིང་དགའ་དགུར་སྤྱོད་པར་བྱེད་དོ། །གཟུགས་ སྡུག་པ་འབུམ་ཕྲག་དུ་མ་དག་ལ་ལྟ་བར་བྱེད་དེ། སྒྲ་སྙན་པ་འཇེབས་པ་ཡིད་དུ་འོང་བ་འབུམ་ཕྲག་དུ་མ་ལ་ཉན་པར་བྱེད་དོ། །དྲི་ཞིམ་པ་བྲོ་ཆེ་བ་ཡིད་དུ་འོང་བ་འབུམ་ཕྲག་དུ་མ་དག་ལ་སྣོམ་པར་བྱེད་དོ། །དེ་བཞིན་དུ་རེག་པས་རེག་པར་བྱ་བ་དག་ལ་རེག་པར་བྱེད་དོ། ། དེ་ལྟར་དབང་པོ་ཐམས་ཅད་ཡུལ་ལ་མྱོང་བར་བྱེད་དེ། རང་གིས་བྱས་པ་དེ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་གནས་དེ་དག་ན་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་ 69-1-93b འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་འཁོར་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་པར་ རྒྱུན་དུ་བདེ་བ་དང་ལྡན་ཞིང་ཀུན་དགའི་ར་བར་བདེ་བར་གནས་པ་དང ། རྒྱལ་པོ་བྱམས་པ་དང་སྐྱེ་བོ་ཐམས་ཅད་ལ་སྡུག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པའི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་ པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་སྐྱོར་ཆུས་སྐྱེས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། སེམས་ པས་ཡོངས་སུ་བསྒོམས་པའི་སྙིང་དང ། སྙིང་རྗེས་བརླན་པའི་སེམས་དང་ལྡན་པ་གང་གིས་སེམས་ཅན་འཆི་བར་འགྱུར་བ་སྐོམ་གྱིས་གདུངས་ཏེ། མགུལ་སྒྲ་ངར་ངར་པོར་བགགས་ཤིང་སྲོག་ཆུང་ཟད་ཡོད་པ་ལ་སྐོམ་བླུད་དམ། དེ་བཞིན་དུ་གང་གིས་དེའི་སྲོག་བདེ་བར་འགྱུར་ བར་བྱ་བའི་ཕྱིར་སྨན་དག་བྱིན་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་པི་བང་ཅན་གསུམ་པའི་ལྷ་རྣམས་ཀྱི་ནང་སྐྱོར་ཆུས་སྐྱེས་པའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ལྷའི་དབང་པོའི་ལུས་དང་མཚུངས་ཤིང་ལྷ་མོའི་ཚོགས་ཀྱིས་ཀུན་ནས་ བསྐོར་ཏེ། བདེ་བ་རྒྱུན་མི་འཆད་ལ་རྟག་ཏུ་གནས་པ་ཡིན་ནོ། །དེ་ལྟར་རང་གི་ལས་ལ་སྤྱོད་པ་དེ་ཚལ་དུ་མ་དང ། ཆུ་བོ་དང ། འབབ་ཆུ་དུ་མ་དག་ཀྱང་རབ་ཏུ་མཐོང་སྟེ།དེ་རེས་འགའ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། ཚལ་ཕྲེང་ཞེས་བྱ་བ་དེར་འདོང་བར་བྱེད་དོ། ། ཚལ་དེ་ཡང་ཆུ་བོ་དང ། ལྟེང་ཀ་དང ། པད་མའི་ཚལ་དུ་མ་དག་གིས་བརྒྱན་ཅིང་ལྷའི་རོལ་མོའི་སྒྲ་དག་གིས་མཛེས་པར་བྱས་ལ་ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་བ་རྣམས་ཀྱིས་གང་བ་ཡིན་ནོ། །ཚལ་དེ་ན་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུ་དུ་མས་བརྒྱན་པ། ལྷའི་རོལ་མོའི་ 69-1-94a སྒྲ་འབྱིན་པ། བྱའི་སྒྲ་ཅ་ཅོ་སྙན་པ་འབྱིན་པ་ཡིན་ནོ། །ཚལ་དེ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། འདི་ལྟ་སྟེ། རྟག་ཏུ་དགའ་བ་དང ། ཡང་དག་པར་དགའ་བར་བྱེད་པའི་མེ་ཏོག་མན་དཱ་ར་བ་དང ། པད་ མ་དང ། དྲི་ཇི་ལྟར་དགའ་བ་རྣམས་ཀྱིས་བསྐོར་བ་ཡིན་ནོ། །མེ་ཏོག་དེ་དག་གི་དྲིའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། ལྷ་རྣམས་དྲི་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་མེ་ཏོག་དེ་དག་ལས་འབྱུང་ལ། མེ་ཏོག་གཅིག་གིས་མེ་ཏོག་དེ་ཐམས་ཅད་ཀྱི་དྲིའི་བྱ་བ་བྱེད་དོ། །ཚལ་ཕྲེང་བ་ དེ་ཉིད་ན་ལྷ་རབ་ཏུ་དགའ་ཞིང་བྲོ་གར་བྱེད་པ་ཕན་ཚུན་གྲོགས་སུ་གྱུར་པ་རྣམས་ཚལ་མེ་ཏོག་ལྔ་པ་ཞེས་བྱ་བར་འདོང་བར་བྱེད་དོ། །དེ་ན་ཡང་བྱ་དུས་སུ་དྲན་པར་བྱེད་པ་ཞེས་བྱ་བ་ཡོད་དེ། དེས་ལྷ་དེ་དག་མཐོང་ནས་འདི་ལྟར་ཚིག་འབྲེལ་བའི་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་ དག་ནི་ཉམས་དགའ་ལ། །དེ་དག་འབྲས་བུ་མཆོག་ཏུ་དགེ། །བསོད་ནམས་ལྟ་བུར་སྒྲོལ་བ་མེད། །དེ་ལྟ་བས་ན་བསོད་ནམས་བྱོས། །བསོད་ནམས་གཉེན་གྱི་མཆོག་ཡིན་ཏེ། །བསོད་ནམས་གཏེར་ནི་ཟད་མི་ཤེས། །བསོད་ནམས་མར་མེ་ལྟ་བུ་ཡིན། །དེ་བཞིན་ཕ་དང་ མ་དང་མཚུངས། །བསོད་ནམས་བྱས་ན་འགྲོ་བའི་ལྷ། །བསོད་ནམས་ཀྱིས་ནི་བཟང་འགྲོར་འཁྲིད། །མི་ཡུལ་བསོད་ནམས་བྱས་པ་ནི། །དེ་དག་ལྷ་ཡུལ་དགའ་བར་བྱེད། །འདི་ལྟར་བསོད་ནམས་ཆེ་བའི་མི། །རྟག་ཏུ་བདེ་དང་ལྡན་པར་འགྱུར། །བསོད་ནམས་ལྟ་བུའི་ བདེ་བ་མེད། །དེ་ལྟ་བས་ན་བསོད་ནམས་ཀྱིས། །འཇིག་རྟེན་གཉིས་ལ་ཕན་བྱེད་ཅིང ། །དགའ་དང་ནོར་གྱི་རྒྱུར་གྱུར་པ། །བསོད་ནམས་ཡིན་པར་རྟག་ཏུ་མཐོང ། །དེ་ལྟར་བསོད་ནམས་བདེ་མཆོག་ལྡན། །རྟག་ཏུ་བསོད་ནམས་རྗེས་འབྲང་སྟེ། །དེ་ནི་གྲིབ་མ་བཞིན་དུ་འབྲང ། ། དེ་བས་བསོད་ནམས་བདེ་མཆོག་སྟེ། །བསོད་ནམས་ལྟ་བུའི་བདེ་བ་མེད། །བསོད་ནམས་ཟད་པའི་ལྷ་རྣམས་ནི། །རང་གིས་བྱས་པའི་རྗེས་སུ་ལྟུང ། །འཇིག་རྟེན་དགེ་དང་མི་དགེའི་འབྲས། །དེ་བས་བསོད་ནམས་ཡང་དག་སྤྱོད། །ལྷ་ཡི་ཡུལ་དུ་བདག་ཅག་གང ། །དུད་འགྲོའི་ 69-1-94b སྐྱེ་གནས་འཐུན་པར་གནས། །བསོད་ནམས་མ་ཡིན་རྒྱུར་གྱུར་པ། །རང་གིས་བྱས་པས་སེམས་རྨོངས་སོ། །གང་ཞིག་བསོད་ནམས་དམན་པ་ནི། །གདུལ་དཀའ་རྟག་ཏུ་ངན་འགྲོར་འགྲོ། །བྱེ་མ་ལ་ནི་མར་མེད་ལྟར། །དེ་ལ་བདེ་བ་ག་ལ་ཡོད། །སེམས་ཀྱིས་བསླུས་ པའི་རྨོངས་པ་རྣམས། །བསོད་ནམས་ཀྱིས་ནི་ཡོངས་སུ་སྤངས། །དེ་དག་ལ་ནི་བདེ་མེད་ཅིང ། །དེ་དག་སྡུག་བསྔལ་མཐའ་མེད་དོ། །ཡང་དང་ཡང་དུ་སྐྱེ་འགྱུར་ཞིང ། །ཡང་དང་ཡང་དུ་འཆི་འགྱུར་བ། །ལྷ་དག་བདེ་བས་མྱོས་པ་གང ། །དེ་དག་ལ་ནི་བདེ་རྟག་མེད། །ལས་ ཀྱིས་རྒྱར་ནི་བཅུག་གྱུར་ཅིང ། །གཏི་མུག་གིས་ནི་བསླུས་པ་རྣམས། །འཁོར་བ་ཐོག་མ་མེད་པ་ནས། །འཁྲུལ་འཁོར་བཞིན་དུ་འཁྱམ་པར་བྱེད། །ལྷ་དག་ལྷ་ཡི་འཇིག་རྟེན་ནས། །འཆི་བར་འགྱུར་བའི་སྡུག་བསྔལ་གང ། །དེ་ནི་དམྱལ་ལས་དམྱལ་བ་རུ། །དེ་ཡི་ དཔེ་བྱར་ཡོད་མེད་དོ། །བདེ་མཐའ་རྟག་ཏུ་ལྟུང་བར་གོ། །འདི་དག་ཅི་ཞིག་མི་ཤེས་སམ། །ལྷ་རྣམས་འཆི་མེད་ཡུལ་ལྟ་བུར། །བདེ་བས་རྨོངས་རྣམས་ལྟ་བར་བྱེད། །སྐྱེ་དང་འཆི་བའི་འཇིག་རྟེན་ནི། །གྲངས་སུ་བགྲང་དུ་ཡོད་མེད་ཀྱང ། །སྲེད་པས་ཡོངས་སུ་ བསླུས་པ་ཡི། །མི་རྣམས་ཡིད་ནི་འབྱུང་མི་བྱེད། །དེ་ནས་ལྷ་དེ་རྣམས་ལྷའི་བྱ་དེའི་སྒྲ་དེ་ཐོས་ནས། ཆུང་ཟད་ཅིག་ཡིད་ལ་བྱེད་པ་དང ། ཡང་བག་མེད་པ་དེ་ཉིད་ཀྱི་དབང་དུ་གྱུར་ཏེ། སྲེད་པས་སྲིད་པར་སྤྱོད་པ་དེ་དག་ཐམས་ཅད་ནི་སེམས་ལ་རྟག་ཏུ་རག་ལས་པ་ཡིན་ནོ། ། ཕྲེང་བའི་ཚལ་དེ་ན་བདེ་བ་ལས་བདེ་བར་གནས་པ་དེ་དག་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་བྲོ་གར་བྱེད། དགོད་པར་བྱེད་དོ། །ཡུལ་བུད་ཤིང་ལྟ་བུར་གྱུར་པ་ལ། བག་མེད་པ་མེ་ལྟ་བུས་རྒྱུན་མི་འཆད་པར་སྲེག་པ་ན་ཡུལ་ནས་ཡུལ་དང ། ཉེ་བའི་ཚལ་ནས་ཉེ་བའི་ཚལ་ དང ། རིའི་སྟེང་ནས་རིའི་སྟེང་དང ། གཞལ་མེད་ཁང་ནས་གཞལ་མེད་ཁང་དང ། པད་མའི་ཚལ་ནས་པད་མའི་ཚལ་དང ། རིན་པོ་ཆེའི་རིའི་རྩེ་མོ་ནས་རིན་པོ་ཆེའི་རིའི་རྩེ་མོར་རྒྱུ་སྟེ། དེ་ལྟར་ལྷ་མོ་དང་ལྷན་ཅིག་ཡུལ་གྱི་སྲེད་པས་བདས་པས་ན། ལྷ་དེ་རྣམས་ཇི་སྲིད་ 69-1-95a དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷའི་འཇིག་རྟེན་དེ་ན་དགའ་བར་བྱེད་དོ། །དེ་ཟད་ནས་དེ་ནས་ཡང་ལྟུང་བར་འགྱུར་ཏེ། ལྷུང་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་འཁོར་བར་ཡོངས་སུ་འཁྱམ་མོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་དེ་ལས་དེ་དང་རྒྱུ་འཐུན་པར་ཚེ་རབས་ཚེ་རབས་སུ་ནད་མེད་པར་འགྱུར་ཞིང་ཉོན་མོངས་པ་མེད་པ་དང ། སྐྱེ་བོ་དམ་པ་ཀུན་གྱི་ཡིད་དུ་འོང་བ་དང ། བཀྲེས་པ་དང ། སྐོམ་པ་དང་བྲལ་བའི་ཡུལ་བཟང་པོར་སྐྱེ་བ་དང ། མེ་ཏོག་གིས་བརྒྱན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ལུས་དཀར་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཞིང་དང་ཞིང་མ་ཡིན་པའི་རྣམ་པ་ཤེས་ཤིང་ཡིད་ཤིན་ཏུ་ དད་པ་དང ། སེམས་པས་ཡོངས་སུ་བསྒོམས་པའི་སྙིང་དང་ལྡན་པ་དང ། དེར་ཡིད་ཞུགས་ཤིང་སེམས་གཡེང་བ་མེད་པ་ལས་ཀྱི་འབྲས་བུ་མངོན་པར་ཤེས་པ་གང་གིས་མཆོད་རྟེན་ནམ། དགེ་འདུན་གྱི་གཙུག་ལག་ཁང་གི་སྐྱོང་ནུལ་རླུང་ངམ། ཉི་མའམ། ཆར་པས་ཟད་པ་སླར་སྐྱོང་ ནུལ་བྱུགས་ལ། དེ་ལྟར་བྱས་ནས་དེ་རྗེས་སུ་དགའ་ཞིང་གཞན་དག་ཀྱང་དེ་ཉིད་ལ་དགའ་བར་བྱེད་དུ་འཇུག་ལ། ལུགས་བཞིན་དུ་བྱེད་དུ་འཇུག་སྟེ་དེ་ལྟར་བྱེད་ན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལུས་དཀར་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་དག་ཐམས་ཅད་དཀར་པོ་ཁོ་ ནར་སྣང་སྟེ། དེའི་ཁྱད་པར་ནི་དུང་དང ། ཁ་བ་དང ། མེ་ཏོག་ཀུ་མུ་ད་དང ། འོ་མ་དང་བཅས་པ་དག་གིས་ནི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ལྟར་རྣམ་པ་དེ་ལྟ་བུའི་གཞལ་མེད་ཁང་དང ། ཤིང་རྟ་དང་གནས་དག་དང་གཞན་དག་ཀྱང་ཀུན་ནས་དཀར་ཞིང་མཆོག་ཏུ་དཀར་པོར་ 69-1-95b སྣང་བར་འགྱུར་ཏེ། འདི་ལྟར་ལུས་ཀྱང་མཆོག་ཏུ་དཀར་བ་ཉིད་དུ་འགྱུར་རོ། །དགའ་བར་བྱེད་པའི་ངང་ཚུལ་ཅན་དེ་དག་སྐྱེད་མོས་ཚལ་དུ་དགའ་སྟོན་བྱེད་དུ་འདོང་སྟེ། འདི་ལྟར་བྱི་རུའི་ཚལ་ཞེས་བྱ་བ་གནས་དེ་དག་ཏུ་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་ཀྱི་སྒྲ་འབྱིན་ཅིང་དགོད་ པ་དང ། ཤིན་ཏུ་ཡིད་དགའ་བའི་གྲོགས་པོ་རྣམས་དང་ལྷན་ཅིག་ཚལ་དེར་འདོང་བར་བྱེད་དོ། །དེ་ལྟར་དེ་དག་བྱི་རུའི་ཚལ་གྱི་ནང་དུ་འདོང་སྟེ། གང་གི་ཚེ་ཞུགས་པ་དང་བྱ་སྣ་ཚོགས་སྒྲ་འབྱིན་ཅིང་གསེར་བཙོ་མའི་ཤིང་ལྗོན་པས་མཛེས་པ་ཡིན་ནོ། །ཤིང་ལྗོན་པའི་ཉེ་བའི་ཚལ་ གྱིས་མཛེས་པར་བྱས་པའི་བྱི་རུའི་ཚལ་དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། ཇི་ལྟར་ཁ་དོག་དམར་པོ་གཞན་དང་མི་འཐུན་པར་འབྱུང་བ་དེ་ལྟར་ཤིང་ལྗོན་པའི་འོད་དམར་པོ་རྣམ་པ་དེ་ལྟ་བུ་འབྱུང་ངོ ། །ལྷ་དེ་དག་ཐམས་ཅད་ཚལ་དེའི་མཐུས་དཀར་པོ་དེ་རྣམས་དང་བྲལ་ནས་ཁ་དོག་ ཤིན་ཏུ་དམར་པོར་གྱུར་པ་དང ། ཕན་ཚུན་གཏམ་དུ་བདག་ཅག་གི་ལུས་ལྷན་ཅིག་སྐྱེས་པའི་མཛེས་པ་གང་ཡིན་པ་དེ་དག་ཚལ་གྱི་ཁ་དོག་གི་མཐུས་མི་སྣང་བར་གྱུར་ཏོ། །ཤིང་ལྗོན་པ་དེ་དག་ཀུན་ནས་ཁ་དོག་དམར་པོ་ཁོ་ན་ཡིན་ཏེ། བདག་ཅག་ནི་ཚལ་གཞན་དུ་འདོང་བར་ བྱའོ་ཞེས་བརྗོད་དོ། །དེ་ནས་ལྷ་དེ་རྣམས་ལྷ་མོ་དེ་དག་དང་ལྷན་ཅིག་བཻ་ཌཱུརྱའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེ་ཡང་བཻ་ཌཱུརྱའི་མདོག་དེས་ཇི་ལྟར་འཛམ་བུའི་གླིང་གི་གནམ་ལྟར་ཀུན་ནས་སྔོ་བ་ཡིན་ནོ། །དེ་ནས་ལྷ་རྣམས་ཚལ་དེར་ཡང་ཁ་དོག་དཀར་པོ་གང་ཡིན་པ་དེ་དག་ བཻ་ཌཱུརྱའི་ཤིང་ལྗོན་པའི་དབྱིབས་དེ་རྣམས་ཀྱིས་ཀྱང་ཟིལ་གྱིས་མནན་ཏེ། ཤིང་དེ་རྣམས་ལ་བྱ་གནས་པ་གང་ཡིན་པ་དེ་དག་ཀྱང་ཁ་དོག་སྔོན་པོར་གྱུར་ལ། པད་མ་གང་ཡིན་པ་དེ་དག་ཀྱང་སྔོན་པོར་གྱུར་ཏེ། དེ་ལྟར་བཻ་ཌཱུརྱའི་ཚལ་དེ་དག་ཐམས་ཅད་སྔོན་པོ་ཉིད་ཡིན་ནོ། །དེ་ནས་ ལུས་དཀར་བ་ལྷ་མོའི་ཚོགས་མང་པོས་ཡོངས་སུ་བསྐོར་བ་ལྷའི་རོལ་མོའི་སྒྲ་དང ། དྲི་དང་གླུ་དབྱངས་དང་བཅས་པ་རྣམས་ཚལ་དེ་ན་ཡུན་རིང་དུ་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང ། ལྷའི་བདེ་བ་འདོད་པའི་ཡོན་ཏན་ལྔ་མྱོང་བར་བྱེད་དོ། །དེ་ནས་ 69-1-96a ཡུན་རིང་ཞིག་ལོན་ནས་ལྷ་ལུས་དཀར་པོ་རྣམས་རྩེ་བའི་དོན་དུ་དངུལ་གྱི་ཤིང་ལྗོན་པའི་ཚལ་དུ་འདོང་བར་བྱེད་དོ། །དངུལ་གྱི་ཚལ་དེ་ནི་ཀུན་ནས་ཁ་དོག་དཀར་པོར་སྣང་ཞིང་ཚལ་དེ་ན་གང་ཅི་ཡོད་པ་དེ་ཐམས་ཅད་དཀར་བ་ཡིན་ལ། ཚལ་དེ་ན་པད་མ་ཡང་ དངུལ་གྱི་པད་མ་ཤིན་ཏུ་ཉམས་དགའ་བ་ཡིན་ནོ། །བྱ་རྣམས་ཀྱང་དངུལ་གྱི་བྱ་ཡིན་ཏེ། དེ་ལྟར་ལྷ་ལུས་དཀར་པོ་དང་ལྡན་པ་དེ་དག་ཐམས་ཅད་ཚལ་དེའི་ནང་དུ་ཞུགས་པ་ཇི་ལྟར་འོ་མའི་ནང་ན་ཟླ་བའི་གཟུགས་བརྙན་སྣང་བ་དེ་ལྟར་མཛེས་པ་ཡིན་ནོ། །ཚལ་དེ་ན་ལྷ་རྣམས་ ཡུན་རིང་དུ་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང་ལྷའི་དཔེ་མེད་པ་འདོད་པའི་བདེ་བ་ཡན་ལག་ལྔ་དང་ལྡན་པས་བདེ་བ་མྱོང་བར་བྱེད་དོ། །དེ་དག་དེར་ཡང་དགའ་བར་བྱས་ནས་ཚལ་སྣ་ཚོགས་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེ་ཡང་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ མཛེས་པར་བྱས་ཤིང་གསེར་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཀྱང་མཛེས་པར་བྱས་པ་ཡིན་ཏེ། །དེ་བཞིན་དུ་དངུལ་གྱི་ཤིང་ལྗོན་པ་རྣམས་དང ། དེ་བཞིན་དུ་བཻ་ཌཱུརྱའི་ཤིང་ལྗོན་པ་རྣམས་དང ། དེ་བཞིན་དུ་ལོ་མ་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །ཤིང་དེ་ རྣམས་ཀྱང་ཁ་དོག་སྣ་ཚོགས་ཀྱི་ལོ་མ་དང ། མདོག་སྣ་ཚོགས་ཀྱིས་མཛེས་པ་ཡིན་ལ། ཚལ་དེའི་ནང་ན་ལྷ་དེ་རྣམས་དེ་དག་ཉིད་ཀྱིས་ལུས་རྣམས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་གྱུར་ཏོ། །ཚལ་དེ་ན་ཡང་ལྷ་དེ་རྣམས་ཡུན་རིང་དུ་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དེ། ལྷ་མོའི་ཚོགས་ཀྱི་ནང་ན་འཁོད་པ་རྣམས་དེ་དག་གིས་གླུ་དབྱངས་ཉེ་བར་ལེན་ཅིང་དེ་ན་ཡང་དེ་རྣམས་ཡུན་རིང་དུ་རྩེས་ནས་ཀུན་དུ་མཐོང་བའི་གསེར་གྱི་རིག་ལ་བ་དེར་འདོང་བར་བྱེད་དོ། །དེ་ཡང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ཡིན་ཏེ། ལྷ་དེ་དག་གིས་རི་ཀུན་ཏུ་མཐོང ། ཆུ་བོ་ དང ། འབབ་ཆུ་དང ། ལྟེང་ཀ་མང་པོས་བརྒྱན་པ། ཚལ་དང ། ནགས་ཚལ་དང་ལྡན་པ། པད་མའི་རྫིང་བུ་དུ་མས་འཁོར་བ། བྱའི་ཚོགས་མང་པོའི་སྒྲ་འབྱིན་པའི་རི་བོ་དེ་ལ་འཛེགས་ནས་རིའི་རྒྱལ་པོ་རི་རབ་དྲུག་ཁྲིས་བསྐོར་བ་དེ་རྣམས་ཀྱི་དབུས་ན་རིའི་རྒྱལ་པོ་རི་རབ་ 69-1-96b འདུག་པ་དེ་དག་ཐམས་ཅད་མཐོང་ངོ ། །དེ་ནས་ལྷ་ལུས་དཀར་པོ་རྣམས་ཀུན་ནས་མཐོང་བའི་རི་བོ་དེ་ལ་ལྷ་མོ་དང་ལྷན་ཅིག་ཡུན་རིང་དུ་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་ཡང་དེ་རྣམས་དེ་ལས་བབས་ནས་རི་བོ་ཕྱོགས་གཙང་མ་ཞེས་བྱ་བ་ག་ལ་བ་དེར་འཛེག་པར་ བྱེད་དེ། རི་བོ་དེ་ལ་ཡང་གནས་གཞན་དག་ནས་སྐྱེས་པའི་ལྷ་རྣམས་དགའ་བའི་མཐུས་རི་བོ་དེ་ལ་འོངས་ནས་དགའ་བར་བྱེད་དོ། །ལྷ་གཞན་དེ་རྣམས་དང་ལྷ་ལུས་དཀར་པོ་དེ་རྣམས་དང་ཡང་ཕན་ཚུན་ལྷན་ཅིག་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་ཅིང་དགའ་དགུར་ སྤྱོད་པར་བྱེད་དོ། །དེ་ནས་ལྷ་ཡུལ་གྱི་ཕྱོགས་ཆ་དགའ་བ་དེ་རྣམས་སུ་ལྷ་དེ་དག་ཡུན་རིང་དུ་དགའ་བར་བྱས་ནས། མར་ཟད་ནས་མར་མེ་འཆི་བར་འགྱུར་ཞིང་ཉིན་པར་གྱི་མཐའ་ཟད་ན་ཉི་མ་ནུབ་པར་འགྱུར་བ་དེ་ལྟར་ལྷ་དེ་རྣམས་ལེགས་པར་བྱས་པའི་ལས་ཟད་ནས་མར་མེ་ལྟར་ལྷའི་ འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་པད་མའི་ རྩ་ལག་ལྟ་བུར་མདོག་དཀར་ཤམ་བཟང་པོར་འགྱུར་ཞིང་སྟོད་ཕྱོགས་སམ་རྒྱ་ཡུལ་ལ་སོགས་པར་སྐྱེ་བར་འགྱུར་ལ། རྟག་ཏུ་བདེ་བ་དང་ལྡན་པ་དང ། མིའི་གཙོ་བོ་ཆེན་པོའི་ཡིད་གཅུགས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་སུ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷའི་འཇིག་རྟེན་ན་ལྷ་ཕན་ཚུན་དགའ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །གནས་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་ པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་དགེ་བ་ཕན་ཚུན་གྲོགས་སུ་གྱུར་པ། སེམས་པ་དང་ཚུལ་ཁྲིམས་དང་ལྡན་པ། གྲོལ་བའི་དགེ་འདུན་གྱི་གཙོ་བོར་གྱུར་པ་གང་དག་གིས་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས་ན་དེ་དག་ཐམས་ཅད་རྒྱུ་དེ་དང་རྐྱེན་དེ་ལས་ 69-1-97a ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཕན་ཚུན་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཕན་ཚུན་བདེ་བ་སྐྱེད་ཅིང་སེམས་འཐུན་པར་བསྐྱེད་པ་དེ་རྣམས་བསོད་ནམས་ཀྱི་ཚོགས་དེ་སྨིན་པར་འགྱུར་རོ། །དེ་ན་ལྷའི་ པད་མའི་རྫིང་ན་གནས་ཤིང་ཁ་ཟས་ལ་དགའ་བ་དེ་ཡུལ་ཉམས་དགའ་ཞིང་བདེ་བ་དག་མྱོང་བར་བྱེད་དེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཡིད་རབ་ཏུ་དགའ་བ་དག་དགོད་པར་བྱེད། དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ལ། ལྷ་མོའི་ཚོགས་ གཟུགས་དང་ཆ་བྱད་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གསེར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་གཞི་དང ། རི་དེ་རྣམས་ལ་དགའ་བར་བྱེད་དོ། །དེ་ལྟར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་ཅིང་དགའ་བ་དེ་རྣམས་སུ་ཆུ་བོའི་འགྲམ་བཻ་ཌཱུརྱ་དང ། ནོར་ བུའི་ལན་ཀན་བྲེས་པ་དང ། གསེར་གྱི་རྣམ་པའི་བྱ་ངང་པ་དང ། ངུར་པ་རྣམས་ཀྱིས་མཛེས་པར་བྱས་པ། འགྲམ་ན་ཤིང་ལྗོན་པ་སྐྱེས་པ་རྣམས་ཀྱི་སྡུག་གུར་བརྒྱན་པའི་སྨན་ལྗོངས་དག་ན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་དགའ་བར་བྱེད་དོ། །དེར་དེ་དག་ དགའ་བར་བྱས་ནས་མུ་ཏིག་འབབ་པར་བྱེད་པ་ཞེས་བྱ་བའི་ཆུ་བོ་ག་ལ་བ་དེར་འདོང་བར་བྱེད་དོ། །ཆུ་བོ་དེ་དག་ན་ཆུ་གང་ཡིན་པ་དེ་དག་ནི་ཆང་རོ་རྣམ་པ་དུ་མ་དང་ལྡན་པ་རྙོག་པ་མེད་པ་འབབ་བོ། །བྱེ་མ་གང་ཡིན་པ་དེ་དག་ནི་མུ་ཏིག་ཡིན་ལ། འདམ་རྫབ་གང་ཡིན་པ་དེ་དག་ ནི་གསེར་ཡིན་ཏེ། ཆུ་བོ་དེ་ནོར་བུ་ཁ་དོག་བཟང་པོ་དུ་མས་བརྒྱན་པ་ཉ་རྣམས་ཀྱིས་ཤིན་ཏུ་མཛེས་པ་ཡིན་ནོ། །དེའི་ངོས་གཉི་ག་ན་གསེར་གྱི་ཤིང་ལྗོན་པ་རྣམས་ལ་འདབ་མ་ནི་བཻ་ཌཱུརྱ། བཻ་ཌཱུརྱའི་ཤིང་ལྗོན་པ་རྣམས་ལ་གསེར་གྱི་འདབ་མ་ཡོད་དེ། འདབ་མ་ཡོད་པ་དེ་དག་ ཐམས་ཅད་ལ་དུས་ཚིགས་ཐམས་ཅད་ཀྱི་འབྲས་བུ་དང་མེ་ཏོག་བཟང་དགུས་ཁེབས་པ་ཡིན་ནོ། །བྱའི་ཚོགས་རྟག་པར་རབ་ཏུ་དགའ་བ་རྣམས་ཀྱིས་ཀུན་དུ་གང་ལ་ཐོས་ན་ཡིད་འཕྲོག་པའི་སྒྲ་འབྱིན་པ་ཡིན་ཏེ། བྱའི་ཚོགས་མཐོང་ན་དགའ་བ་རྣམ་པ་དེ་ལྟ་བུ་དག་དང ། རྟག་ཏུ་ཀུན་ 69-1-97b ནས་དགའ་བའི་ལྷ་དེ་རྣམས་དང ། ལྷན་ཅིག་བྱེད་པ་ལྟ་བུར་དུས་ཐམས་ཅད་དུ་དགའ་བར་བྱེད་དོ། །དེར་དེ་རྣམས་ཀྱིས་ཡང་དག་པར་དགའ་བར་བྱས་ནས་ཕྱོགས་གཞན་སྙན་པ་སྤྱོད་པ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ཕྱོགས་དེ་ན་ལྕུག་མས་གཡོགས་པའི་ཁྱིམ་ཡོད་དེ། རིན་པོ་ ཆེ་མ་རྒད་ཀྱི་དུམ་བུ་རིང་པོ་སྐྱོན་མེད་པས་ཕྱེ་བ། ས་ཕྱོགས་ཀྱི་རིམ་པ་མཐོ་དམའ་དང་ལྡན་ཞིང་པད་མའི་ཚལ་གྱིས་བརྒྱན་པ། ས་ཕྱོགས་ཤིན་ཏུ་རྣམ་པར་ཕྱེ་བ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱ་རྣམས་ཀྱིས་མཛེས་པར་བྱས་པ། ལ་ལ་དག་ན་ཡང་གསེར་གྱི་ས་གཞིའི་ཕྱོགས་ཉམས་དགའ་ བར་བཻ་ཌཱུརྱའི་ལྕུག་མའི་དྲ་བས་གཏིབས་པ། བུང་བ་དང་མེ་ཏོག་གིས་ཀུན་ཏུ་གང་བ། ལྷ་དང་ལྷ་མོའི་ཚོགས་རྟག་ཏུ་དགའ་ཡ་ཡ་སྟེ། རབ་ཏུ་དགའ་བ་རྣམས་ཀྱིས་ཀུན་དུ་གང་བ། ལེགས་པར་བྱས་པའི་ལས་ལ་སྤྱོད་པའི་ལྷ་དེ་རྣམས་ཀུན་དུ་དགའ་བར་བྱེད་དོ། །དེ་ནས་ ཀྱང་ཕྱོགས་གཞན་ཞིག་ན། ཆུ་དང ། ལྟེང་ཀ་དང ། ཚལ་དང ། འབབ་སྟེགས་མང་པོ་ཡོད་པར་འདོང་བར་བྱེད་དོ། །འབབ་སྟེགས་དང ། ཚལ་དེ་དག་ན་ཆུ་ན་རྒྱུ་བའི་བྱ་མདོག་བཟང་པོ་གང་ཡིན་པ་དེ་རྣམས་ཀྱིས་ནམ་མཁའི་ཕྱོགས་དེ་དག་ཐམས་ཅད་བར་མཚམས་མེད་ པར་ཀུན་དུ་བཀང་ནས་སྒྲ་འབྱིན་ཏོ། །ཆང་ཆུ་བོ་ལྟར་འབབ་པ་རྙོག་པ་མེད་པ་རྣམ་པ་དུ་མ་དག་འབབ་སྟེ། གསེར་གྱི་རྡོ་ལས་དབའ་རླབས་ཀྱི་སྒྲ་འབྱུང་ཞིང་དབུ་བ་འཁྲུགས་པའི་སྒྲ་ཁྲོ་ལོ་ལོ་འབྱུང་ལ། བྱ་རབ་ཏུ་དགའ་བའི་སྒྲ་འབྱིན་པ་ལོང་ལོང་པོ་རྣམས་དང་ཆུ་བོ་དེ་རྣམས་ཀྱི་ ངོས་གཉི་ག་ན་འཁོད་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་དང་དགའ་བར་བྱེད་རྩེ་བར་བྱེད་དོ། །ལག་ན་གསེར་གྱི་པད་མ་ཐོགས་པ་རྣམས་ཕན་ཚུན་རྡེག་པ་ན་དེ་ལྟར་ཕན་ཚུན་ཡིད་གཅུགས་པ་ལྷན་ཅིག་རྩེ་བ་དེ་རྣམས་ཀྱིས་དུས་རིང་དུ་འདས་སོ།། །། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་ཉེར་དགུ་པ། ཕྱོགས་དེ་ནས་ཀྱང་མྱོས་བྱེད་ཚལ་ཞེས་བྱ་བ་དེར་ལྷ་ཐམས་ཅད་རྩེ་བའི་གྲོགས་དང་ལྷན་ཅིག་འདོང་བར་བྱེད་དོ། །ཚལ་དེ་ན་སེམས་ཀྱི་རྣམ་པ་ཐམས་ཅད་མྱོས་བྱེད་ཀྱིས་མུན་པར་གྱུར་ཏེ། བྱ་དེ་དག་ནི་ 69-1-98a འབྲས་བུའི་རོ་རྣམས་ཀྱིས་མྱོས། བཻ་ཌཱུརྱའི་བུང་བ་དག་ནི་མེ་ཏོག་གི་རོ་རྣམས་ཀྱིས་མྱོས། ཁུ་བྱུག་དག་ནི་དཔྱིད་མཐོང་ནས་མྱོས། འགྲམ་ན་རྒྱུ་བའི་བྱ་དག་ནི་ཆང་གི་རོ་རྣམས་ཀྱིས་མྱོས། དེ་བཞིན་དུ་ལྷ་རྣམས་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་མྱོས། དེ་བཞིན་དུ་ ལྷ་མོ་རྣམས་ཀྱང་ལྷའི་ཚོགས་དང་ལྷན་ཅིག་འདོད་པའི་རོས་མྱོས་ཏེ། དེ་ལྟར་འདོད་པའི་རོས་མྱོས་པའི་བུད་མེད་རྣམས་ནི་གཞན་གྱིས་མྱོས་པར་མི་འགྱུར་གྱི། འདི་ལྟར་བུད་མེད་ཐམས་ཅད་ནི་འདོད་པ་ལྷུར་ལེན་པ་ཡིན་ལ། དེ་ལ་སེམས་ཞུགས། དེ་ལ་གཞོལ། དེ་ལ་གནས། དེའི་རང་བཞིན་ ཡིན་ནོ། །ལྷ་དེ་དག་ཀྱང་མྱོས་བྱེད་མཐོང་ནས་བརྒྱ་འགྱུར་དུ་མྱོས་པ་རྣམས་དེ་ན་དགའ་བར་བྱེད་དོ། །དེ་ལྟར་ལྷ་དེ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ལས་དེ་ཟད་ནས་ལྷའི་རིས་དེ་ནས་ཀྱང་འཆི་བར་འགྱུར་ཏེ། ་ ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་འཁོར་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། བསོད་ནམས་གཅིག་པ་དེ་དག་ཐམས་ཅད་ཡུལ་དང་ལྗོངས་དང་གྲོང་ཁྱེར་གཅིག་ཏུ་སྐྱེ་ བར་འགྱུར་ཞིང་ཐམས་ཅད་འབྱོར་པ་ཕུན་སུམ་ཚོགས་པ་དང ། ཐམས་ཅད་རིགས་ཆེ་ཞིང་བཙུན་པར་སྐྱེ་བ་དང ། ཐམས་ཅད་ཕན་ཚུན་དགའ་ཞིང་བྱ་བ་གཅིག་པ་དང ། དགེ་བའི་ནང་དུ་སྐྱེ་བར་འགྱུར་བ་མཐོང་སྟེ་དེ་དག་ལས་དེ་དང་རྒྱུ་འཐུན་པར་དགེ་བའམ་མི་དགེ་བ་གང་ཡིན་པ་དེ་དག་ ཐམས་ཅད་ཀུན་ལ་འབྱུང་གི་སོ་སོ་ལ་ནི་མ་ཡིན་ནོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པའི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ཡང་དག་ཆགས་ སྤྱོད་ཅེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་ཀ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཞལ་ཏ་པ་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་གང་གིས་ཁྱིམ་པ་གཞན་དག་དགའ་བར་བྱས། གཟེངས་བསྟོད་མགུ་བར་བྱས། 69-1-98b དད་པར་བྱས་ནས་སེམས་ཡོངས་སུ་བསྒོམས་པ་དེ། ཞིང་ཡོན་ཏན་དང་ལྡན་པ་ལ་སྦྱིན་པ་སྦྱིན་དུ་བཅུག་ཅིང་ཚུལ་ཁྲིམས་ཀྱང་སྲུང་དུ་བཅུག་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཡང་དག་ཆགས་སྤྱོད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ རང་གི་མཐུ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། ལས་གང་གིས་བདག་ཅག་འདིར་སྐྱེས་ཞིག་གུ་སྙམ་ནས། དེ་དག་མིར་སྐྱེས་པ་ཡང་དག་པར་དྲན་ནོ། །འདི་ནི་མིའི་འཇིག་རྟེན་ན་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ཏེ། འདིའི་སྦྱིན་བདག་ནི་བདག་ཡིན་ནོ། །རྒྱུ་དེ་དང་ རྐྱེན་དེ་དང་གཞི་དེས་དེ་དང་བདག་བསོད་ནམས་འཐུན་པར་གྱུར་ནས། འདིར་འོངས་པ་ལྟ་ཞིག་གུ་སྙམ་མོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་ཉན་ཐོས་དེ་ཡང་སྐྱེ་བ་དྲན་ཏེ། འདི་ལྟར་འདི་ནི་བདག་གི་སེམས་དང་བས་སྦྱིན་པ་སྦྱིན་དུ་བཅུག་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་ དེས་དེ་ནས་བདག་ལྷའི་འཇིག་རྟེན་འདིར་སེམས་དང་ལྡན་པར་སྐྱེས་པ་ལྟ་སྙམ་ནས། དེ་ལྟར་ཡང་དག་ཆགས་སྤྱོད་ཀྱི་ལྷ་རྣམས་ཀྱི་གནས་སུ་སྐྱེས་སོ། །དེ་ནས་གཞན་དུ་གྱུར་ཏེ། པད་མའི་ཚོགས་ལྟ་བུའི་ལྷ་མོ་མང་པོ་བྱད་གཟུགས་དང་མདོག་དང་ལང་ཚོ་དང་སྡུག་པ་སོ་སོ་དུ་ མས་བརྒྱན་པ་མཐོང་ངོ ། །ལྷ་མོ་དེ་དག་མཐོང་ནས་ལྷ་དེ་རྣམས་ཀྱིས་མཐོང་མ་ཐག་ཏུ་ཇི་ལྟར་ཚེ་རབས་སྔ་མ་ལ་བྱས་པ་ཤིན་ཏུ་ཕྲ་མོ་ཡང་མི་དྲན་ཞིང་ཡུལ་ལ་སེམས་རྣམ་པར་ཆགས་པ། བག་མེད་པའི་གནས་སུ་སྐྱེས་པ། ཡུལ་གྱི་བདེ་བས་སེམས་ཕྲོགས་པ་དེ་ལྟར་འདོད་ པ་རྣམས་ཀྱིས་འཕངས་པའི་ཡིད་སྐྱེ་བར་བྱེད་དོ། །དེ་ནས་ཡང་དག་ཆགས་སྤྱོད་ཀྱི་ལྷ་རྣམས་ཀྱིས། ལྷ་མོའི་ཚོགས་འབུམ་ཕྲག་དུ་མ་བྱད་གཟུགས་དཔེ་མེད་པ་དང་ལྡན་པ་དེ་དག་མཐོང་ནས། ཐོག་མ་མེད་པའི་དུས་ནས་ཞུགས་པའི་འདོད་ཆགས་ཀྱི་མེས་ཡིད་རབ་ཏུ་བསྲེགས་ པ་ནི། ཇི་ལྟར་མེས་བུད་ཤིང་སྐམ་པོ་ཡུན་རིང་དུ་སྲེག་པར་བྱེད་པ་དེ་ལྟར་ལྷ་དེ་རྣམས་ཀྱི་ཡིད་དེ་དག་རབ་ཏུ་སྲེག་པར་བྱེད་དོ། །ལྷ་མོ་དེ་དག་ག་ལ་བ་དེར་འགྲོ་བར་བྱེད་ལ་ལྷ་མོ་རྟག་ཏུ་འདོད་པ་ལ་དོན་གཅིག་ཏུ་བྱེད་པ་ཡང་ཁ་རླངས་དྲི་ཞིམ་པོས་ནམ་མཁའ་འགེངས་ཤིང་ལྷའི་ཆ་བྱད་ 69-1-99a དུ་མ་ཐོགས་ལ་ལག་ན་པད་མ་ཁྱེར་ཏེ། ལྷ་ག་ལ་བ་དེར་འདོང་བར་བྱེད་དོ། ། དེ་ནས་ལྷ་དེ་རྣམས་དང་ལྷ་མོ་དེ་རྣམས་ལྷའི་འདོད་པ་བདེ་བ་རྣམ་པ་དུ་མ་དེ་དག་མྱོང་བར་བྱེད་དོ། །དེ་ནས་བག་མེད་པ་དེ་ལྟ་བུར་རིག་ནས་དགེ་སློང་དེ་འཁོར་བའི་སྡུག་བསྔལ་ཉམ་ང་བ་དུ་མ་ལས་ཡིད་ བྱུང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཉིན་མོ་གསར་དུ་བྱུང་བ་ཡིས། །རྙིང་པ་མེད་པར་བྱེད་པ་ལྟར། །བདེ་དང་སྡུག་བསྔལ་སར་པ་ཡིས། །རྙིང་པ་ཉེ་བར་རྗེད་པར་བྱེད། །དེ་ལྟར་ལྷ་ཡི་འཇིག་རྟེན་དུ། །བདེ་བ་འཛིན་པའི་སྐྱེ་བོ་དག་།འཚོ་བའི་མཐའ་ནི་འཆི་བ་དང ། །ཇི་སྟེ་ འབྲལ་བའི་མཐའ་མི་རིག་།ཇི་ལྟར་ཤིང་དང་སྦྲང་རྩིར་བསྲེས། །ཇི་ལྟར་དུག་དང་ཟས་བསྲེས་པ། །དེ་ལྟར་བདེ་བ་འདི་ཀུན་གྱི། །མཐའ་མི་བདེ་བ་མ་རིག་གོ། །ལྷ་ཡུལ་དུ་ནི་ལྷག་པར་ཡང ། །ཡུལ་རྣམས་ལྟ་ལ་ག་ལ་ངོམས། །སྲེད་པས་ངོམས་པ་མེད་པ་དེ། །ཁྱད་པར་ དུ་ཡང་ག་ལ་བདེ། །ཤིན་ཏུ་བདེ་བའི་སྟོབས་ལས་ནི། །ལྷ་ཡུལ་རྣམས་སུ་ཡེ་ནས་སྲེད། །སྲེད་མེས་ཡོངས་སུ་གདུང་རྣམས་ཀྱི། །བདེ་བ་ཉེ་བར་མ་དམིགས་སོ། །གཅིག་ཏུ་བདེ་སྤྱོད་སྲེད་བྲལ་ཞིང ། །ང་མེད་རེ་བ་མེད་པ་དང ། །མྱ་ངན་འདས་གྲོང་འགྲོ་བ་ནི། །བདེ་གང་ ཡིན་པ་དེ་འཐོབ་བོ། །གང་དག་སྲེད་པའི་བག་ལ་ཉལ། །ཡང་ཡེ་སེམས་ལ་མི་འཇོག་པ། །དེ་དག་ཐོག་མཐའི་དྲི་མ་བྲལ། །བདེ་བའི་ནང་ནའང་དེ་བདེའོ། །སེམས་ནི་ཤིན་ཏུ་བསྡུས་པ་དང ། །ཐམས་ཅད་དུ་ནི་རེ་མེད་དང ། །བྱ་དང་མི་བྱ་མ་རྨོངས་པ། བདེ་བ་རྟག་ཏུ་ཉེ་བར་ གནས། །གང་གིས་འཁོར་བའི་རྒྱུར་གྱུར་པ། །དགའ་བཅས་འབྱུང་བ་བཅོམ་པ་དག་།བརྟན་པོ་གཙོ་དེ་ཕ་རོལ་འགྲོ། །བདེ་ལྡན་མྱ་ངན་འདས་ལ་གནས། །གང་ཞིག་འདོད་ཆགས་ཞེ་སྡང་ལྡན། །སྲེད་བཅས་དེ་ལ་བདེ་བ་མེད། །གང་ཞིག་འདོད་ཆགས་མེ་ལས་གྲོལ། ། དེ་ནི་དྲི་མེད་བདེ་བར་འདོད། །དེ་ལྟར་དགེ་སློང་དེས་བག་མེད་པ་ལ་གནས་པའི་ལྷ་དེ་རྣམས་ཉིན་གཅིག་བཞིན་དུ་སྲེད་པའི་མེ་རབ་ཏུ་འཕེལ་བར་བྱེད་པའི་བག་མེད་པ་རྣམས་མཐོང་ནས་སྙིང་རྗེ་བར་བྱེད་དོ། །དེ་ནས་ལྷ་དེ་རྣམས་ཀྱང་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་ཚལ་དུ་བས་འཁྲིགས་ 69-1-99b པ་ཞེས་བྱ་བ་ག་ལ་བ་དེར་ལྷ་མོའི་ཚོགས་གཡེར་བ་རོལ་མོ་དང ། གླུ་དབྱངས་དང ། གད་མོ་སྣ་ཚོགས་འདོན་པས་ཡོངས་སུ་བསྐོར་བ་བདེ་བར་གནས་པ་རྣམས་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་དོང་སྟེ། ཁ་ཅིག་ནི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ནམ་མཁའ་ལ་བྱ་བཞིན་ དུ་འགྲོ། ཁ་ཅིག་ནི་གཞལ་མེད་ཁང་བྱ་ངང་པས་བཏེག་པ་རྣམས་ཀྱིས་འགྲོ། ཁ་ཅིག་ནི་གྲོགས་དང་ལྡན་པའི་གཞལ་མེད་ཁང་རྣམས་ཀྱིས་འགྲོ། ཁ་ཅིག་ནི་ལྷ་མོའི་ཚོགས་དེ་དག་ཉིད་ཀྱིས་བསྐོར་ནས་རྐང་པས་འགྲོ་སྟེ། བདེ་བར་གནས་པ་དེ་རྣམས་གླུ་དབྱངས་ལེན་ཞིང་ལུས་ངལ་བ་མེད་ པ་དེ་ཐམས་ཅད་ཚལ་དུ་བས་འཁྲིགས་པ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཚལ་དེ་ན་ལྷ་གཞན་སྔར་འོངས་པ་གང་ཡིན་པ་དེ་རྣམས་ཀྱིས་ལྷ་གཞན་དེ་དག་མཐོང་ནས་དེ་ནས་ཡང་རབ་ཏུ་དགའ་སྟེ། ཡིད་ཤིན་ཏུ་མགུ་བར་གྱུར་ཏོ། །དེ་ནས་ལྷ་གསར་དུ་འོངས་པ་རྣམས་དང ། ལྷ་རྙིང་པ་རྣམས་ཕན་ཚུན་འདྲེས་ནས་ཅ་ཅོ་དང་རོལ་མོའི་སྒྲ་སྐྱེས་ཏེ། རབ་ཏུ་དགའ་ཞིང་ཉམས་དགའ་བ་སྐྱེས་སོ། །དུ་བས་འཁྲིགས་པའི་ཚལ་དེ་ཀུན་སྒྲ་རྣམ་པ་དུ་མས་ཀུན་དུ་གང་སྟེ། འདི་ལྟ་སྟེ། གླིང་བུའི་སྒྲ་དང ། པི་བང་གི་སྒྲ་དང ། རྫ་རྔའི་སྒྲ་དང ། ཁར་རྔའི་སྒྲ་དང ། ལྷ་མོ་རྒྱན་ གྱིས་བརྒྱན་པའི་སྒྲ་དང ། དེ་བཞིན་དུ་དེ་ན་གླུ་དབྱངས་དང་དགོད་པའི་སྒྲ་དང ། ཆུ་བོ་དང ། མཚོ་དང ། ཆུ་མང་པོ་རྣམ་པ་སྣ་ཚོགས་འབབ་པའི་སྒྲ་དང ། རིན་པོ་ཆེའི་བྱ་ཁ་དོག་དང ། དབྱིབས་རྣམ་པ་སྣ་ཚོགས་སུ་འདུག་པའི་སྒྲ་དང ། ལྷ་རྣམས་ཀྱི་གླུ་དབྱངས་ཀྱི་སྒྲ་ཐོས་ན་སྙན་པ་དག་སྟེ། དེ་ལྟར་ཚལ་དེ་སྒྲ་སྙན་པ་ཀུན་གྱིས་གང་བ་ཡིན་ནོ། །ཚལ་དེ་ན་ལྷའི་སྨན་དང ། བྱ་དང ། ཀླུང་དང ། ལྟེང་ཀ་དང ། མེ་ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་དང ། ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་པ་དག་གིས་ལྷ་རྣམས་སྐྱེད་མོས་ཚལ་གྱི་དགའ་སྤྱོད་བྱས་ནས་བདེ་བ་ཉམས་སུ་ མྱོང་ངོ ། །དེ་རྣམས་ཚལ་དེ་ནས་བྱུང་ནས་ཡང་ལྷུན་པོ་སོ་སོར་སྣང་བ་ཞེས་བྱ་བའི་རིའི་རྩེ་མོ་ག་ལ་བ་དེར་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་འདོང་བར་བྱེད་དེ། ལྷ་དེ་རྣམས་དེར་འདོང་བ་ན་སོ་སོར་སྣང་བའི་རིའི་རྩེ་མོ་དེར་ལྷགས་སོ། །ལྷའི་པད་མའི་རྫིང་དང་ལྟེང་ཀ་དང་ཉེ་བའི་ཚལ་ 69-1-100a ཕུན་སུམ་ཚོགས་པ་དང་ལྡན་པའི་ལྷུན་པོ་སོ་སོར་སྣང་བའི་རིའི་རྩེ་མོ་དེ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་གནས་ཏེ། འཇིག་རྟེན་ཐམས་ཅད་ཀྱི་དོན་སྒྲུབ་ཅིང་མིའི་འཇིག་རྟེན་ན་ཆོས་དང་ཆོས་ཀྱིས་བསྐྱེད་པའི་མི་ཆོས་དང་ལྡན་པ་ ནི་ཇི་ཙམ་ཞིག་ཡོད། ཆོས་དང་མི་ལྡན་པ་ནི་ཇི་ཙམ་ཞིག་ཡོད། འཇིག་རྟེན་ལ་ཕན་པར་སྒྲུབ་པ་ནི་ཇི་ཙམ་ཞིག་ཡོད། ཕན་པར་མི་སྒྲུབ་པ་ནི་ཇི་ཙམ་ཞིག་ཡོད། དམ་པའི་ཆོས་ཀྱི་མཐུ་ཆེའམ་ཆོས་མ་ཡིན་པ་མཐུ་ཆེ། བདུད་ཀྱི་ཕྱོགས་ལྷ་མ་ཡིན་བརྟན་པ་དང ། ཀླུ་རབ་འཇོམས་ལ་ སོགས་པ་མཐུ་ཆེའམ་མི་ཆེ་ཞེས་རྟོག་པར་བྱེད་དེ། དེ་ལྟར་སྐྱེ་དགུ་རྣམས་སྐྱོང་བ་དེ་རི་ཀུན་སྣང་དེ་ལ་གནས་སོ། །རིའི་རྩེ་མོ་དེ་དང་ཧ་ཅང་མི་ཉེ་བ་རི་རབ་ཀྱི་ངོས་ལ་ཉི་མ་འཁོར་བར་བྱེད་དེ། དེའི་འོད་ལ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དེ་ཆོས་དང་ལྡན་པའི་ཆོས་ཀྱི་བྱེ་བྲག་གིས་་ མིའི་འཇིག་རྟེན་དུ་ཉི་མའི་འོད་ཇི་ལྟར་གཏོང་ཞིག་གུ་ཞེས་དཔྱོད་པར་བྱེད་དོ། །ཉི་མ་འཁོར་བའི་གཞི་ལ་མཁས་པ་དེ་ཉི་མ་ལ་རྟོག་པར་བྱེད་དེ། གལ་ཏེ་ཆོས་དང་ལྡན་པའི་མི་ཆོས་རྗེས་སུ་སྐྱོང་བ་བྱུང་བ་དེའི་ཚེ། དེ་བཞིན་དུ་ཉི་མ་ཆོས་ཀྱིས་ཡོངས་སུ་རྒྱས་པ་ཡིན་ཏེ། དེ་ལྟར་མདོག་ གསལ་བ་ཉིད་དང ། དུས་དང་འཐུན་པར་ལྷན་ནེར་འཆར་ལ། དེ་ལས་མི་རྣམས་ཀྱི་ལུས་ལ་ནི་ནད་མི་འབྱུང་ཞིང་འབྲུ་རྣམས་ལ་ཡང་ནད་མི་འབྱུང་ངོ ། །གལ་ཏེ་ཆོས་དང་མི་ལྡན་པའི་ཆོས་ཀྱི་རྗེས་སུ་འཇུག་པ་བྱུང་ན། དེའི་ཚེ་ཉི་མའི་འོད་ཆོས་མ་ཡིན་པ་དང་འཐུན་པར་ལྷན་ནེར་མི་ འཆར་ཏེ། དེ་ལས་ཆོས་མ་ཡིན་པའི་མཐུ་དེས་འབྲུ་རྣམས་མི་སྐྱེ་ཞིང་ཉམས་པར་འགྱུར་རོ། །དེ་ལྟར་འདི་དག་ཐམས་ཅད་ནི་ཆོས་དང་ཆོས་མ་ཡིན་པ་བྱས་པའི་དབང་གི་འབྲས་བུ་ཡིན་ཏེ། རྒྱུ་མེད་པ་ལས་ནི་མ་བྱུང་ངོ ། །རི་དེ་ཡང་ཉི་མའི་འོད་དང་འཐུན་པས་སོ་སོར་སྣང་བ་ཞེས་མིང་ དུ་བཏགས་ཏེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དེ་ལ་གནས་ནས་འཇིག་རྟེན་ལ་རྟོག་པར་བྱེད་དོ། །ཡང་དག་ཆགས་སྤྱོད་ཀྱི་ལྷ་དེ་རྣམས་སོ་སོར་སྣང་བའི་རིའི་རྩེ་མོར་དོང་ནས་ཡིད་རབ་ཏུ་དགའ་ལ་གསལ་བ་དེ་མཐོང་ནས་ཀྱང་བརྒྱ་འགྱུར་དུ་ཡིད་རབ་ཏུ་དགའ་བ་སྐྱེས་སོ། ། 69-1-100b འཕགས་སྐྱེས་པོས་འཇིག་རྟེན་དེ་དག་མངོན་པར་བརྟགས་ཤིང་རང་གིས་བྱས་པའི་ལས་དེས་ལྷ་དང་ལྷ་མོ་དེ་དག་ཐམས་ཅད་ཀུན་ནས་བརྒྱ་འགྱུར་དུ་གཟི་བརྗིད་འབར་བར་མཐོང་བ་དང ། འཇིག་རྟེན་སྐྱོང་བ་འཕགས་སྐྱེས་པོ་དེ་ཡིད་རབ་ཏུ་དགའ་ནས་འདི་ལྟར་ཚིགས་སུ་བཅད་དེ་ སྨྲས་པ། རྒྱུ་གསུམ་རྣམ་གསུམ་ལས་བྱུང་བ། །ལེགས་བྱས་རྣམ་གསུམ་བྱས་པས་ན། །འབྲས་བུ་ཆེ་གསུམ་ཡོན་ཏན་གསུམ། །གསུམ་གནས་ས་ནི་གསུམ་དུ་གནས། །ཁྱེད་རྣམས་ཆོས་ལ་མཆོག་ཏུ་གཞོལ། །འཚེ་བ་མེད་པའི་སྦྱིན་མཆོག་དང ། །བདེན་དང་བཟོད་དང་ དུལ་དང་ལྡན། །ཐམས་ཅད་མཐོ་རིས་གནས་སུ་ལྷགས། །ལྷ་ཡི་གནས་ན་ལྷ་གང་དག་།ལྷ་ཡི་རྒྱན་དང་ལྷ་ཡི་ཕྲེང ། །ཕུན་སུམ་ཚོགས་པས་བརྒྱན་པ་རྣམས། །དགའ་བར་བྱེད་པ་འདི་དག་དགེ། བག་མེད་དགའ་བའི་སྐྱེ་བོ་གང ། །དགེ་བ་སྤྱོད་པར་མི་བྱེད་པ། །ཆོས་ ལ་རྣམ་པར་རྨོངས་པ་དེ། །མཐོ་རིས་དག་ཏུ་ག་ལ་སྐྱེ། །ལེགས་པར་བྱས་པས་མི་དག་འདིར། །ལུས་ཅན་རྣམས་ནི་སྐྱེས་གྱུར་ཏེ། །ལས་ཀྱི་རྣམ་སྨིན་དེ་ཡིས་ན། །ལྷ་ཡི་ཡུལ་དུ་དེ་དག་སྐྱེས། །གང་ཞིག་བདག་ཉིད་དགའ་འགྱུར་ཞིང ། །གང་ཞིག་བློ་གྲོས་བདེར་གནས་པ། །ལྷ་ཡི་ཡུལ་དུ་སྐྱེ་འགྱུར་བ། །དེ་ནི་བསོད་ནམས་ཆེན་པོ་བྱེད། །ཆུང་དང་འབྲིང་དང་བདེར་གནས་པ། །ལྷ་རྣམས་ཀྱི་ནི་བདེ་ཆེན་གང ། །འདི་ནི་ཆུང་དང་འབྲིང་དང་ཆེའི། །བསོད་ནམས་ཀྱི་ནི་འབྲས་བུར་མངོན། །ལུས་ཅན་གང་གིས་ཇི་ཙམ་དུ། །བསོད་ ནམས་ཀྱི་ནི་རྣམ་པ་བྱས། །རྣམ་པ་དེ་ཙམ་དེའི་བདེ་བ། །ལྷ་ཡི་འཇིག་རྟེན་རྣམས་སུ་སྨིན། །ཁ་དེ་ལྟར་འཕགས་སྐྱེས་པོ་དེས་ལྷ་དེ་དག་མཐོང་སྟེ། ཚིགས་སུ་བཅད་པ་སྨྲས་ནས་དེ་དག་ཉིད་དང་ལྷན་ཅིག་འཐུན་པར་དགའ་བར་བྱེད་དེ། རི་དང ། ནགས་ཚལ་དང ། ལྟེང་ཀ་དང ། ཚལ་དང ། ལྷའི་མེ་ཏོག་དང ། འབྲས་བུར་ལྡན་པའི་ས་ཕྱོགས་དང ། བྱ་སྣ་ཚོགས་སྒྲ་འབྱིན་པ་དང ། ཀུན་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་དང ། རི་མཐོང་ན་ཉམས་དགའ་བ་དང ། དབང་པོ་དྲུག་བདེ་བར་བྱེད་པ་རྣམས་སུ། དབང་པོ་དྲུག་དོན་ལ་ 69-1-101a ཆགས་པ་བག་མེད་པར་གནས་པའི་ལྷ་དེ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཁ་མངོན་པར་དགའ་བར་བྱེད་ཅིང ། པད་མའི་ཚལ་དང ། སྐྱེད་མོས་ཚལ་དང ། ཆང་ཆུ་ལྟར་འབབ་པ་དང ། བཻ་ཌཱུརྱའི་ཚལ་དང ། ལྟེང་ཀ་དང ། ཆུ་མིག་གིས་བརྒྱན་པ་ ཕན་ཚུན་གྲོགས་སུ་གྱུར་པ་རྣམས། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལེགས་པར་བྱས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཟད་ནས་དེ་ནས་ཡང་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་ དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མང་དུ་སྨྲ་བ་ནོར་མང་བ་དེད་དཔོན་ཆེན་པོར་འགྱུར་བ་ མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། དེ་དག་གི་གནས་འཁོར་དང་སྤྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང ། སེམས་ཀྱི་རྒྱུད་སེམས་པས་བསྒོམས་པ་གང་གིས་སྦྱིན་པ་སྦྱིན། ཚུལ་ཁྲིམས་བསྲུངས། ཆོས་མཉན་པར་བྱས་པའི་ སྦྱིན་བདག་དེ་ལ་ལ་གནས་སྦྱིན་པ་པོ་གྲོགས་སུ་གྱུར་པ་གཞན་ཞིག་།དེས་སྙིང་བརླན་ཅིང་དགེ་བའི་སེམས་དང་ལྡན་པ། དད་པས་སེམས་བརླན་པ། འདི་ལྟར་ཡང་སེམས་ལ་རྟོག་པར་བྱེད་དེ། སྦྱིན་བདག་འདི་ནི་བསོད་ནམས་དང་ལྡན་པ་ཞིག་གོ། །ད་བདག་ལ་ཡང་རྫས་ཀྱི་ རྣམ་པ་དེ་སྙེད་ཡོད་ན། དེ་ལྟར་བདག་གིས་ཀྱང་གཞན་དག་ལ་སྦྱིན་པར་བྱའོ་སྙམ་སེམས་ན་སྦྱིན་པ་ལ་སེམས་དང་བ་དེས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་འཁོར་དང་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཡུལ་དུ་མས་སྙིང་ 69-1-101b རབ་ཏུ་མྱོས་པ་རྣམས་རྟག་ཏུ་ལྡན་པར་གྱུར་ཏེ། སིལ་སྙན་སྣ་ཚོགས་སྒྲ་འབྱིན་པའི་ཉེ་བའི་ཚལ་དང ། བཻ་ཌཱུརྱ་དང ། ནོར་བུའི་ལན་ཀན་བྲེས་པའི་རྫིང་རྣམས་ན་གསེར་གྱི་པད་མ་ས་ཁེབས་པ་དང ། བྱའི་ཚོགས་ཀྱི་རྣམ་པ་སྒྲ་འབྱིན་པའི་ཚལ་དང ། ཉེ་བའི་ཚལ་དེ་རྣམས་ན། བྱ་མྱོས་པ་སྒྲ་འབྱིན་པ་ཉམས་དགའ་བར་བྱེད་པ་དག་ན་དགའ་བར་བྱེད་ལ། ཁ་ཅིག་ནི་ཤིང་ལྗོན་པ་ཚང་ཚིང་དག་གི་ནང་ན་ཁུ་བྱུག་དང ། རྨ་བྱ་སྒྲ་སྙན་པ་ཆགས་སུ་རུང་བ་འབྱིན་པ་རྣམས་ན་ལྷ་མོ་དག་དང་ལྷན་ཅིག་དགའ་བར་བྱེད་དོ། །ཁ་ཅིག་ནི་པད་མའི་ཚལ་སྡོང་བུ་ནི་བཻ་ཌཱུརྱ་ འདབ་མ་ནི་གསེར། ཟེ་བ་རྡོ་རྗེར་འདུག་པ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །ཁ་ཅིག་ནི་རྒུན་ཆང་གི་ཚལ་རྣམས་ན་འབྲས་བུ་ཉེ་ཕན་གྱིས་མྱོས་པའི་ལྷ་མོ་ཡུལ་ལ་རྣམ་པར་ཆགས་པ་རྣམས་དང་ལྷན་ཅིག་རྒུན་ཆང་འཐུང་བར་བྱེད་དོ། །ཁ་ཅིག་ནི་རིའི་ཟོམ་བཻ་ཌཱུརྱའི་རྡོས་ གཅལ་བཀྲམ་པས་རྣམ་པར་ཕྱེ་བའི་ས་ཕྱོགས་རྣམས་ན་དགའ་བར་བྱེད་དོ། །ཁ་ཅིག་ནི་རིའི་ཟོམ་མུ་མེན་གྱིས་གཏམས་པའི་ཆུ་གཙང་མ་དྲི་མ་མེད་པ་འབབ་པའི་ཆུ་བོ་རྣམས་ཀྱི་ནང་ན་སྡུག་པ་དག་དང་ལྷན་ཅིག་དགའ་བར་བྱེད་དོ། །ཁ་ཅིག་ནི་འབབ་སྟེགས་དང་ས་གཞི་མུ་ཏིག་གི་ བྱེ་མ་བདལ་བ་དག་ན་ཆུ་བསིལ་ལ་དང་ཞིང་གཙང་སྟེ་དྲི་མ་མེད་པ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །ཁ་ཅིག་ནི་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་ཡང་ཐོག་ནམ་མཁའ་ལ་ཐུག་པ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །ཁ་ཅིག་ནི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་དོ། །ཁ་ཅིག་ནི་དཔག་བསམ་གྱི་ཤིང་ལྗོན་པ་ལ་དྲིལ་བུ་གཡེར་ཀའི་སྒྲ་དྲག་ཏུ་འཁྲོལ་བས་མཛེས་པ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །ཁ་ཅིག་ནི་དུས་ཚིགས་དྲུག་གི་ཚལ་ཤིང་ལྗོན་པ་དག་དང་ཉེ་བ། རྟག་ཏུ་དགའ་ཡ་ ཡར་གྱུར་པ་རྣམས་ཀྱི་ནང་ན་སྙིང་དུ་སྡུག་ཅིང་འདོད་པ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ། །ཁ་ཅིག་ནི་ས་ཕྱོགས་གསེར་བཙོ་མས་བརྒྱན་པ་དང ། རི་བོའི་ཟོམ་གྱི་སྟེང་དུ་འཛེགས་ནས་ས་ཕྱོགས་ཀྱི་ཆུ་བོ་རྣམས་ལ་ཡང་ལྟ་བར་བྱེད་དེ། དེ་ལྟར་རང་གི་ལས་ཀྱིས་སྤྲུལ་སྤྲུལ་པའི་ 69-1-102a ལྷའི་བདེ་བ་དཔེ་མེད་པ་རྣམ་པ་སྣ་ཚོགས་མྱོང་ངོ ། །དེ་ལྟར་སྲེད་པ་ལ་རྣམ་པར་ཆགས་པའི་ལྷ་རྣམས་ཀྱི་མིག་གཟུགས་དང་ཁ་དོག་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་སོ། །རྣ་བ་ཡང་ཡུལ་བདེ་བ་སྒྲ་སྙན་པ་གསལ་བ་ཡིད་ དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་སོ། །སྣ་ཡང་ཡུལ་བདེ་བ་དྲི་ཞིམ་པ་བསུང་ཆེ་བ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་སོ། །ལྕེ་ཡང་ཡུལ་བདེ་བ་རོ་ཞིམ་པ་བྲོ་ཆེ་བ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་སོ། །ལུས་ཀྱང་ཡུལ་བདེ་བ་རེག་བྱ་ འདོད་པ་འཇམ་པ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་སོ། །ཡིད་ཀྱང་ཡུལ་རྙོག་པ་མེད་པ་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམ་པ་དུ་མ་དག་གིས་ཆོག་མི་ཤེས་ཏེ། དེ་ལྟར་དབང་པོ་དྲུག་ཡུལ་ལ་ཆགས་པའི་ལྷ་རྣམས་ཆོག་མི་ཤེས་པ་ཡིན་ནོ། །ཇི་ལྟར་ཡུལ་ རྣམས་ཀྱིས་སྲེད་པ་སྤེལ་བ་དེ་ལྟར་འཕེལ་བར་འགྱུར་ཏེ། མེ་འབར་བ་བཞིན་ལ་དེ་ཡང་ཡུལ་གྱི་བདེ་བ་ཇི་ལྟར་དམིགས་པ་དེ་ལྟར་རྣམ་པ་དུ་མར་འཕེལ་བར་འགྱུར་རོ། །སྲེད་པ་དེས་བསྒྲིབས་པའི་ལྷ་ཆོག་མི་ཤེས་པར་གྱུར་པ་རྣམས་ཤིན་ཏུ་བདེ་བའི་མཐའ་དམིགས་སུ་ མེད་དེ། དེ་ལྟར་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ལེགས་པར་བྱས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། ལྷའི་བདེ་བ་དཔེ་མེད་པ་རྣམ་པ་དུ་མ་མྱོང་ངོ ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་རང་གིས་བྱས་པའི་ལས་ཀྱིས་སེམས་ཅན་དམྱལ་ བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ཚོགས་གཅིག་ཏུ་སྤྱོད་པ་རྒྱ་མཚོའི་ཚོང་པའམ། ཚོང་རྡལ་དུ་གནས་པའམ། རི་བོའི་བར་ན་གནས་པར་ འགྱུར་ལ་གཉེན་ཆེ་བ་དང་འབྲེལ་པ་དང་རང་དགར་གནས་པ་དང ། རྒྱལ་པོ་ལ་རག་ལས་པར་མི་འགྱུར་བ་དང ། ཤིན་ཏུ་འབྱོར་པ་དང ། རང་དབང་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་ 69-1-102b པའི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་དེ་རྣམས་ཀྱི་གནས་སྐྱིལ་མོ་ཀྲུང་གི་སྟེང་དུ་སྐྱེས་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྙིང་རྗེ་དམ་པ་དང་ལྡན་པ་གང་གིས་སེམས་ཅན་ཆུས་ཁྱེར་བའམ། ལོ་ཉེས་བྱུང་ནས་ལྟོགས་ཏེ་སྲོག་ཆད་ལ་ཐུག་པ་ལ་བྱམས་པས་བརླན་པའི་ཡིད་ཀྱིས་བུ་བཞིན་སྐྱོང་བར་བྱེད་ཅིང་དགོས་པ་མེད་ཀྱང་སེམས་པས་བསྒོམས་པའི་སྙིང་ཁོ་ནས་ཡང་དག་པར་བསྐྱབས་ན། དེ་ལུས་དང་བྲལ་ ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྐྱིལ་མོ་ཀྲུང་དུ་གནས་པའི་ལྷ་རྣམས་ཀྱི་ནང་དུ་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་ན་ལྷ་དང་ལྷ་མོ་གནས་ལ། ལྷ་གཞན་ཡང་ཕྱོགས་གཞན་ན་ལྷན་ཅིག་ཉེ་བར་གནས་ཏེ། ལྷའི་བུ་དེ་ལྷའི་སྐྱིལ་མོ་ཀྲུང་བཅས་པའི་སྟེང་དུ་སྐྱེས་སོ། །དེ་ལ་ལྷ་ དེ་བུའི་བློ་སྐྱེ་ལ་ལྷ་མོ་དེ་ཡང་དེ་བཞིན་དུ་བུའི་བློ་སྐྱེའོ། །དེ་ནས་ལྷའི་བུ་དེ་ཡང་དེ་གཉིས་ལ་ཕ་མའི་བློ་སྐྱེའོ། །དེ་དག་དང་ལྷའི་བུ་དེ་ཉིད་དང་རྩེ་བར་བྱེད་དེ། ཇི་ལྟར་འཛམ་བུའི་གླིང་ན་མི་ཤིན་ཏུ་དགའ་བ་རྩེ་བ་དེ་ལྟར་དེ་དག་ཀྱང་ལྷའི་འཇིག་རྟེན་ན་ལྷ་དང་སྐྱིལ་མོ་ཀྲུང་གི་སྟེང་ན་ གནས་པ་དེ་དང་རྩེ་བར་བྱེད་དོ། །འདི་ལྟར་བུ་ཁྱོད་བདག་ཅག་གི་བུར་གྱུར་པ་ནི་འབྲས་བུ་དང་བཅས་པ་ཡིན་ཏེ། ཁྱོད་བདག་ཅག་གིས་ལྷའི་ཚལ་དང་ཉེ་བའི་ཚལ་དང ། ལྟེང་ཀ་ཐམས་ཅད་དུ་བདེ་བ་བསྐྱེད་པར་བྱའོ། །རིའི་ཟོམ་དང་གསེར་གྱི་ལྕུག་མའི་དྲ་བས་བྲེས་པ་དང ། མཚེའུ་དང་འབབ་ཆུ་ཕུན་སུམ་ཚོགས་པ་དང ། ལྕུག་མའི་ཁྱིམ་ཕུན་སུམ་ཚོགས་པ་དང ། པད་མའི་རྫིང་རྣམས་ན་གསེར་གྱི་པད་མས་ཁེབས་ཤིང་བུང་བས་མཛེས་པ་དང ། ཆུ་དང་བ་ལྡན་པ་དང ། ཆང་ཆུ་བོ་ལྟར་འབབ་པ་དང ། རྒུན་ཆང་རོ་ཞིམ་པོ་སྣ་ཚོགས་ཀྱི་རྒྱགས་ པ་སྐྱེད་པར་བྱེད་པའི་མཐོ་རིས་ཐམས་ཅད་དུ་ཁྱོད་དང་ལྷན་ཅིག་དགའ་བར་བྱ་སྟེ། དེར་ཁྱོད་དང་བདག་ཅག་ལྷན་ཅིག་དགའ་བར་བྱའོ། །དེ་ནས་ལྷའི་བུ་དེས་ཕ་མ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བདག་ལ་ཡབ་ཡུམ་གྱིས་རྣམ་པ་འདི་ལྟ་བུ་སྩལ་བ་གང་ལགས་པ་དེ་ 69-1-103a ནི་བདག་བདེ་འགྲོར་སྐྱེས་པ་འབྲས་བུ་མཆིས་སོ། །བདག་ཀྱང་ཡབ་ཡུམ་ལ་གུས་པར་བགྱིད་པ་དང་གུས་པར་མཉན་པར་བགྱིའོ། །དེ་ནས་ལྷ་དེ་ཡིད་རབ་ཏུ་དགའ་ནས་ལྷའི་བུ་དེ་བླངས་ཏེ། ལྷ་མོ་དང་ལྷན་ཅིག་འཛམ་བུ་ནད་ཆར་འབེབས་ཞེས་བྱ་བའི་ཚལ་དེར་ འདོང་བར་བྱེད་དོ། །ལྷ་དེ་ཡང་ལྷ་མོས་བསྐོར་ཅིང ། ལྷའི་བུ་དེ་ཡང་དེ་དག་ཐམས་ཅད་དང་འཛམ་བུ་ནད་ཆར་འབེབས་ཀྱི་ཚལ་དེར་དོང་བ་དང ། ཚལ་དེ་འཛམ་བུ་ན་དའི་ཤིང་ལྗོན་པ་ཐམས་ཅད་དང ། མེ་ཏོག་གི་ཚོགས་འཕྱང་བ་དང ། ཁ་ཅིག་འབྲས་བུའི་ཚོགས་འཕྱང་བ་ རྣམས་ཀྱིས་ཁེབས་པ་ཡིན་ནོ། །མེ་ཏོག་གི་ཤིང་ལྗོན་པ་གང་ཡིན་པ་དེ་དག་ནི་ཤིན་ཏུ་དྲི་ཞིམ་པ་དཔག་ཚད་ལྔར་འབྱུང་བའི་མེ་ཏོག་ཁ་དོག་དང་དབྱིབས་སྣ་ཚོགས་དག་འཐོར་བར་བྱེད་དེ། འདི་ལྟ་སྟེ་སྔོན་པོ་དང ། སེར་པོ་དང ། ལྗང་གུ་དང ། དམར་པོ་དང་།བཙོད་ཀ་དག་གོ། ། དབྱིབས་སྣ་ཚོགས་པ་དག་ནི་འཇོག་པོ་ལྟར་ཟླུམ་པ་དང ། རིང་པོ་དང ། གྲུ་བཞི་དང ། ལྷའི་དགའ་བ་དང་འཐུན་པའི་རྣ་བའི་གོང་རྒྱན་དང ། གདུབ་ཀོར་འགྲན་པ་ལྟ་བུར་གྱུར་པ་མཐོང་ངོ ། །དེ་ནས་ལྷ་དེས་ལྷའི་བུ་དེ་ལ་འདི་སྐད་སྨྲས་སོ། །བུ་འདི་ནི་འཛམ་བུ་ཆུ་བོ་ཆར་འབེབས་ ཞེས་བྱ་བའི་ཚལ་ཡིན་ལ། ཚལ་འདི་ནི་དགའ་དགའ་ལྟར་མེ་ཏོག་རྒྱས་པ་ཡིན་ཏེ། ཤིང་ལྗོན་པ་ཕན་ཚུན་རླུང་གི་ཤུགས་ཀྱིས་བསྐྱོད་པ་དང ། ལྷའི་ཚོགས་ཐམས་ཅད་ལ་འཐོར་བར་བྱེད་དོ། །བུ་དེར་ཁྱོད་དང་བདག་ཅག་ལྷན་ཅིག་དགའ་བར་བྱོས་ཤིག་།རྩེས་ཤིག་།དགའ་དགུར་ སྤྱད་པར་གྱིས་ཤིག་།བུ་ཁྱོད་ཀྱང་ལྷ་མོའི་ཚོགས་སྙིང་དུ་སྡུག་ཅིང་མཛེས་པ་དང་ལྡན་པ་རྟག་ཏུ་ཡིད་དུ་འཐད་པ་རྣམས་དང་དགའ་དགུར་སྤྱོད་པར་འགྱུར་རོ། །དེ་སྐད་སྨྲས་ནས་ཚལ་དེར་ཡང་ཐམས་ཅད་རྩེ་བའི་དོན་དུ་འཇུག་པར་བྱེད་དེ། ཚལ་དེ་ན་ལྷའི་བྱ་འབོད་པ་ཞེས་བྱ་བས་ལྷའི་ བུ་གང་ཡིན་པ་དེ་དག་ལ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བཟང་པོ་ཁྱོད་ནི་ལེགས་པར་བྱོན། །ཁྱོད་ཀྱིས་ལེགས་བྱས་བྱས་དང་ལྡན། །ཚུལ་ཁྲིམས་རྣམ་པ་བདུན་བསྲུངས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །ཚུལ་ཁྲིམས་འབྲས་བུ་བདེ་བ་ནི། །ལྷ་ཡི་ 69-1-103b འཇིག་རྟེན་རྣམས་སུ་སྨིན། །སྒྲོལ་བར་བྱེད་པའི་ཚུལ་ཁྲིམས་ཀྱིས། །འཁོར་བ་འདི་ལས་སྒྲོལ་བར་བྱེད། །ཚུལ་ཁྲིམས་ཆུ་ནི་རྣམ་དག་པས། །སེམས་བརྟན་གང་ཞིག་འཁྲུ་བྱེད་པ། །འཛམ་བུ་གསེར་གྱི་མེ་ཏོག་གིས། །ལྷ་ཡི་ཡུལ་དུ་དེ་འཁྲུའོ། །ཚུལ་ཁྲིམས་ས་བོན་ བསྐྱེད་ནས་སུ། །ཚུལ་ཁྲིམས་སྣ་ཚོགས་རྣམས་ལ་ནི། །འདི་ལྟར་ལྷ་ཡི་ཡུལ་རྣམས་ཀྱིས། །ཁྱོད་ནི་རྩེ་ཞིང་སྤྱོད་པར་བྱེད། །མི་གང་རྟག་ཏུ་ཡིད་དུལ་ཞིང ། །ཚུལ་ཁྲིམས་ཀྱིས་ནི་བརྒྱན་པ་རྣམས། །གང་ན་བདེ་བ་མཐའ་ཡས་པ། །ལྷ་ཡི་གནས་སུ་དེ་འགྲོའོ། ། ལེགས་པར་བྱ་བ་བྱས་པའི་མི། །བདེ་ལས་བདེ་བ་མཆོག་ཏུ་འགྲོ། །ཚུལ་ཁྲིམས་ཀྱིས་ནི་ཡོངས་སྤེལ་རྣམས། །ལྷ་ཡི་གནས་ན་རྩེ་བར་བྱེད། །ཚུལ་ཁྲིམས་སྐས་ལ་འཛེགས་པ་ཡི། །མི་རྣམས་བདེ་འགྲོར་རབ་ཏུ་འགྲོ། །ཤེས་པས་ཡོངས་སུ་སྤེལ་བ་རྣམས། །ཡེ་ ཤེས་ཀྱིས་ནི་མཁའ་ལ་གཞོལ། །དེ་བས་ཚུལ་ཁྲིམས་རྟག་སྲུང་ཞིང ། །སྦྱིན་ཤེས་དཀའ་ཐུབ་ནོར་རྣམས་ཀྱིས། །དུག་དང་མཚོན་དང་མེ་ལྟ་བུའི། །ཚུལ་ཁྲིམས་འཆལ་པ་རྟག་ཏུ་སྤོངས། །དེ་ལྟར་ཚུལ་ཁྲིམས་ལེགས་བསྲུངས་པ། །མི་ནི་བཟང་འགྲོར་ཁྲིད་ པར་བྱེད། །བདེ་གནས་ཐོབ་པར་བྱ་བ་ལ། །ཚུལ་ཁྲིམས་ལྟ་བུ་གང་ཡང་མེད། །དེ་ལྟར་བྱ་འབོད་པ་པོ་དེ་རྣམས་ཀྱིས་ལྷའི་བུ་དེའི་སེམས་ལ་གཟུང་དུ་རུང་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཤིང་རྗེས་སུ་དགའ་བར་བྱས་པ་དང ། ལྷའི་བུ་དེས་བྱའི་ སྒྲ་དབྱངས་དེ་དག་ཡིད་ལ་བཟུང་ནས་རྗེས་སུ་དགའ་བར་བྱེད་དོ། །དེ་རྗེས་སུ་དགའ་བར་བྱས་ནས། དེ་ནས་ཡང་ཕ་དེ་དང་ལྷན་ཅིག་ཚལ་དེར་འཇུག་པར་བྱེད་དོ། །དེ་ནས་དཔག་བསམ་གྱི་ཤིང་ལྗོན་པ་རྣམས་ཀྱིས་མཛེས་པར་བྱས་པའི་ཚལ་དེ་ཉི་མ་ལྟར་གསལ་ཞིང་རྣམ་ པར་མཛེས་པ་འབུམ་ཕྲག་དུ་མའི་ཚོགས་དང་ལྡན་པ་དེ་ན་འབབ་ཆུ་དང་ལྟེང་ཀས་བརྒྱན་པ། བཻ་ཌཱུརྱ་དང་དངུལ་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཀྱང་ཉེ་བར་མཛེས་པར་བྱས་པ་ཉམས་དགའ་བ་རྣམ་པ་དུ་མ་དེ་དག་མཐོང་ནས་ལྷའི་བུ་སྐྱེས་ནས་ཡུན་རིང་དུ་མ་ལོན་པ་དེ་ཤིན་ཏུ་དགའ་ 69-1-104a བ་དཔེ་མེད་པ་ཐོབ་བོ། །དེ་ནས་དེའི་བར་སྐབས་སུ་ཚལ་དེ་ན་རྣམ་པར་རྒྱུ་བ་ན་ལྷ་མོ་ཁྱིམ་ཐབ་ཤི་སྟེ་ཡུན་རིང་དུ་མ་ལོན་པ་གཞན་དག་གིས་མཐོང་ངོ ། །དེ་ནས་ལྷ་མོའི་ཚོགས་དེ་དག་གིས་ལྷའི་བུ་གསར་དུ་བྱུང་བ་འདི་ལ་ཆུང་མ་མེད་པར་ཡང་རིག་།དེ་བྱད་གཟུགས་ དང་ལྡན་པར་མཐོང་ནས། དགོད་པར་བྱེད། རྩེ་བར་བྱེད། སྒེག་པར་བྱེད། བྲོ་གར་བྱེད་ཅིང་རོལ་མོའི་སྒྲ་དང ། སིལ་སྙན་དང་བཅས་པ་ཐམས་ཅད་ལྷའི་བུ་དེའི་དྲུང་དུ་རྒྱུག་པར་བྱེད་དོ། །ལྷའི་བུ་ཡང་ཕ་མ་དག་བོར་འདོད་པས་བསྒྲིབས་པའི་ཡིད་ཀྱིས་ལྷ་མོ་དེ་དག་ག་ལ་འཁོད་པ་ དེར་རྒྱུག་པར་བྱེད་དོ། །དེ་ནས་དེ་དག་ཕན་ཚུན་མཐོང་ནས། ལྷ་དེ་དག་ལྷ་མོ་དེ་དག་དགའ་བ་སྐྱེས་ཤིང་བདེ་བ་དཔེ་མེད་པ་ཉེ་བར་སྐྱེས་སོ། །ཕན་ཚུན་དགའ་བ་སྐྱེས་པ་དེ་རྣམས་ཀྱང་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཇི་ལྟར་བདེ་བ་སྣ་ཚོགས་ལ་གནས་པའི་ལྷ་གཞན་དག་དགའ་ བར་བྱེད་པ་དེ་ལྟར་དགའ་བར་བྱེད་དེ། རི་དང ། ནགས་ཚལ་དང ། ལྟེང་ཀ་དང ། གསེར་དང ། དངུལ་དང ། སྤུག་དང ། གསེར་བཙོ་མའི་རིའི་ཟོམ་དང ། མུ་ཏིག་གི་བྱེ་མ་བད་ལ་བ་དང ། དངུལ་གྱི་རྡོ་དང ། ལྷའི་པད་མས་རྫིང་ཁེབས་པ་དང ། བྱ་སྣ་ཚོགས་སྒྲ་སྙན་ པ་འབྱིན་པ་དང ། ཆུ་བོ་དང ། འབབ་ཆུ་དང ། ལྟེང་ཀས་བརྒྱན་པ་རྣམས་སུ་ལྷ་མོ་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དོ། །ལྷའི་བདེ་བ་དང་ལྡན་པ་དེ་རི་ནས་རི་དང་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་འགྲོ་བར་བྱེད་དོ། །དེ་ལྟར་ངོ་མཚར་གྱི་སེམས་བསྒྲིབས་པ་དེ་ ལྷའི་འཇིག་རྟེན་རྨད་དུ་བྱུང་བ་མཐོང་ནས། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་དག་དང་ལྷན་ཅིག་དགའ་བར་བྱེད་དོ། །དེ་ནས་དེའི་ཚེ་ཟད་པ་དང ། ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་ བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་ལ། སྐྱེ་བོ་ཐམས་ཅད་དགའ་བ་ 69-1-104b དང ། བྱད་གཟུགས་བཟང་པོ་དང་ལྡན་པ་དང ། ཡོན་ཏན་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པའི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལྷ་པི་བང་ཅན་གསུམ་པའི་གནས་སྤྱོད་པ་དང་ལྡན་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཇི་ལྟར་ཡོད་པ་བཞིན་སྤྱོད་པ། སེམས་ཅན་དག་འཛིངས་ཏེ་འཐབ་པའམ་ཚལ་ཁུང་སྟུག་པོའི་ནང་དུ་སོང་ནས། སྲོག་ལ་ཐེ་ཚོམ་ཟ་བ་འཆི་བ་ལ་ཐུག་པ་དག་ཐར་པར་བྱས་ཤིང ། སེམས་ཅན་ལ་ཕན་པའི་སེམས་དང་ལྡན་པ་དང ། ཤིན་ཏུ་བསྡམས་པ་དང ། ལུས་དང ། ངག་དང ། ཡིད་ཀྱི་ཚུལ་ ཁྲིམས་སྤྱོད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སྤྱོད་པ་དང་ལྡན་པར་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཟླ་བའི་འོད་དང་མཚུངས་པ་དེ་ཀུན་ནས་གཟི་བརྗིད་ནི་འབར། དབང་པོ་དུལ་བའི་བདེ་བ་དང་ནི་ལྡན། འདོད་པའི་ཡོན་ ཏན་ལྔ་རྣམས་ཀྱིས་ཉིན་གཅིག་བཞིན་དུ་ནི་རྩེ། ལྷ་མོའི་ཚོགས་དུ་མ་དང་ནི་ཉེ་བར་སྤྱོད། ལྷའི་ཕྲེང་བ་དང་གོས་ནི་གྱོན། ཡང་དང་ཡང་དུ་འཇོ་སྒེག་ནི་བྱེད། ཚལ་དང་ཉེ་བའི་ཚལ་དང་འབབ་ཆུའི་དངོ་མང་པོ་རྣམས་སུ་ནི་རྩེ་སྟེ། དེ་ལྟར་དེ་རྩེ་བ་ན་ཤེལ་གྱི་ཚལ་ཞེས་བྱ་བ་དེར་འགྲོ་བར་ བྱེད་དོ། །ཚལ་དེ་ན་ཤེལ་གྱི་ཤིང་ལྗོན་པ་ཐམས་ཅད་ཀྱིས་ཀུན་ནས་གསལ་བ་ཡིན་ལ་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུས་ཁེབས་པ་དེ་དག་གི་མེ་ཏོག་དང་ལོ་མ་ཕུན་སུམ་ཚོགས་པ་རྣམས་ཀྱང་ཇི་ལྟར་ལྷང་ཚེར་ལྟར་གསལ་བའམ་མེ་ལོང་ལྟར་གསལ་བ་ཡིན་ནོ། །འབྲས་བུ་ རྣམས་ཀྱང་གྲུ་བཞི་དང་ཟླུམ་པོར་སྐྱེས་ཏེ། མེ་ལོང་བཞིན་དུ་གསལ་བ་ཡིན་ནོ། །དེ་ནས་ལྷ་དེ་གང་གི་ཚེ་ཚལ་དེའི་ནང་དུ་ཞུགས་པ་དང ། དེའི་ཚེ་རང་གི་ལུས་ཀྱི་གཟུགས་བརྙན་འབུམ་སྙེད་འབྱུང་བ་མཐོང་ངོ ། །དེས་གཟུགས་བརྙན་ཤིན་ཏུ་རྒྱ་ཆེ་བ་མེ་ཏོག་ཕྲེང་བ་དང ། བྱུག་ 69-1-105a པས་རྣམ་པར་བརྒྱན་པ་ཕུན་སུམ་ཚོགས་པ་དེ་དག་མཐོང་ནས་དེ་བརྒྱ་འགྱུར་དུ་དྲེགས་པ་སྐྱེ་སྟེ། ཀྱེ་ཨེ་མ་བདག་གི་གཟུགས་བརྙན་གྱི་རྣམ་པ་ཇི་སྙེད་འབྱུང་བ་འདི་དག་ལྷ་གཞན་རྣམས་ལ་རྣམ་པ་དེ་ལྟ་བུ་མི་འབྱུང་ངོ་སྙམ་མོ། །འཇིག་རྟེན་སྐྱོང་བ་མིག་མི་བཟང་དེ་ཚལ་དེའི་ ནང་དུ་ཞུགས་ནས། འཇིག་རྟེན་གྱི་བྱ་བ་དག་ལ་རྟོག་པར་བྱེད་དོ། །ཚལ་དེའི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། གལ་ཏེ་ས་དང་བར་སྣང་ལ་རྒྱུ་བའི་གནོད་སྦྱིན་དག་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་དབང་གི་འབྲས་བུས་ཆོས་དང་ཆོས་མ་ཡིན་པ་བྱས་པ་དེ་དག་རིངས་པར་མ་སྦྲན་ ན་ཇི་ལྟར་མི་ཆོས་དང་ལྡན་པའམ། མི་ཆོས་དང་མི་ལྡན་པ་བྱུང་བ་དེ་ལྟར་ཤེལ་གྱི་ཤིང་ལྗོན་པ་རྣམས་ཀྱི་ཚལ་དེའི་ནང་དུ་མཐོང་ལ། ཕྱིས་གནོད་སྦྱིན་དག་རྒྱལ་པོ་ཆེན་པོ་ལ་མིའི་བྱ་བའི་རྣམ་པ་སྦྲོན་པར་བྱེད་དོ། །དེ་ནས་མིག་མི་བཟང་དེ་མིར་གཏོགས་པའི་མི་ཆོས་དང་ཆོས་མ་ཡིན་པ་བྱས་ པ་ཐམས་ཅད་མཐོང་ནས་ཚལ་དེ་ལ་མགུའོ། །གལ་ཏེ་མི་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་དག་བྱུང་ན། དགེ་བ་དང་མི་དགེ་བ་དག་དེ་བཞིན་དུ་བརྒྱ་བྱིན་ལ་སྦྲོན་པར་བྱེད་དོ། །དེ་ལྟར་ཚལ་དེའི་མཐུ་མཐོང་ནས། དེ་ནས་ལྷ་དེ་ཚལ་དེ་ན་གཟུགས་དང ། སྒྲ་དང ། དྲི་ དང ། རོ་དང ། རེག་བྱ་འདོད་པ་སྣ་ཚོགས་ཀྱིས་མྱོས་ཏེ། ཅི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་འཁོར་ བ་ན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་ཡང་དག་པའི་ལྟ་བ་དང་ལྡན་ལ། ཆོས་ཀྱི་གནས་ལ་འབྱོར་ཅིང་འགྲུབ་པ་ཆེན་པོར་འགྱུར་བ་མཐོང་ངོ ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་པི་བང་ཅན་གསུམ་པའི་གནས་ལ་རྟོག་པར་བྱེད་དེ། དེས་དེ་དག་གི་གནས་གཞན་བཅུ་གཅིག་པ་ནི་མ་མཐོང་ངོ ། །རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གནས་རྣམ་པ་བཞི་པོ་ཀུན་ཏུ་རྒྱུ་ཞེས་བྱ་བ་ཁོ་ནར་ཟད་དེ། གང་དེ་དག་ནི་རིའི་ 69-1-105b རྒྱལ་པོ་རི་རབ་ཀྱི་ངོས་ལ་འཁོར་རོ། །གཞལ་མེད་ཁང་དང་ལྡན་པའི་ལྷ་གང་ཡིན་པ་དེ་དག་ལ་མུ་སྟེགས་པ་གཞན་དག་གཟའ་དང ། སྐར་མ་དང ། རྒྱུ་སྐར་དག་ཡིན་པར་འདུ་ཤེས་ཏེ། དེ་རྣམས་ཀྱི་རགས་པ་བགྲངས་ན་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཡོད་དོ། །དེ་ནས་ལས་གང་གིས་ དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། དེར་ཡང་ལུས་དང་ངག་གི་ཚུལ་ཁྲིམས་བདུན་པོ་རྣམ་པ་སྣ་ཚོགས་ཀྱིས་དེར་སྐྱེའོ། །དེ་ལ་ལུས་ཀྱི་རྣམ་པ་གསུམ་དང ། ངག་གི་རྣམ་པ་བཞི་སྟེ། མདོར་བསྡུ་ན། སེམས་ཅན་རྣམས་ལས་ཀྱི་ དབང་གི་འབྲས་བུ་རྣམ་པ་དུ་མས་དེར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་དགེ་བ་དང ། མི་དགེ་བ་བྱས་པའི་རྐྱེན་གྱི་བྱེ་བྲག་གིས་ཤེས་པར་བྱེད་དོ། །ཉི་མ་དང་ཟླ་བ་དེ་ཡང་ལྷ་ཀུན་དུ་རྒྱུ་བ་དེ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་ངོས་ལ་འཁོར་བའི་སར་འཁོར་བར་བྱེད་ དེ། རླུང་འཁོར་ལོས་བསྐོར་བ་ཞེས་བྱ་བ་གང་གིས་བྱས་པ་དེས། ལྷ་དེ་དག་ཐམས་ཅད་རིའི་རྒྱལ་པོ་རི་རབ་དེ་ལ་འཁོར་བར་བྱེད་དོ། །དེ་དག་གི་བར་ཡངས་པ་ན་འཇིག་རྟེན་སྐྱོང་བ་ཡུལ་འཁོར་སྐྱོང་དང་ཀུ་བེ་ར་གཉིས་གནས་ཏེ། ལྷ་དེ་རྣམས་རྒྱལ་པོ་ཆེན་པོ་དེ་དག་དང་ལྷན་ ཅིག་གླིང་བཞི་རྣམས་སུ་ཀུན་དུ་རྒྱུའོ། །ནོར་བུ་སྔོན་པོ་དང ། སེར་པོ་དང ། ལྗང་གུ་སྣ་ཚོགས་ཀྱི་གཞལ་མེད་ཁང་རྣམས་ཀྱི་ནང་ན་སྔ་མ་བཞིན་དུ་སྦྱར་ཏེ། དེ་དག་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། ཀུན་ཏུ་རྒྱུ་བ་དེ་ དག་ན་འདོད་པའི་ཡོན་ཏན་ལྔ་ཇི་ལྟར་འདོད་པ་རྣམས་ཀྱིས་དགའ་བར་བྱེད་དོ། །དེའི་ལས་ཟད་ནས་དེ་ནས་ཡང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་ཡུལ་ནས་ཡུལ་དུ་འགྲོ་བའི་ངང་དུ་འགྱུར་ཏེ། འདི་ལྟར་ཚུལ་ཁྲིམས་ཀྱི་རྒྱུ་དེས་བདེ་ཡང་རུང ། མི་བདེ་ཡང་རུང་གློ་བུར་དུ་ཡུལ་གཞན་ཀུན་ཏུ་འགྲོ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། རྒྱལ་ཆེན་ 69-1-106a བཞིའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གནས་སྐབས་གཞན་གཅིག་ཀྱང་ཤེས་པར་མ་ནུས་ལ། གནས་སྐབས་གཞན་གཅིག་ཀྱང་མཐོང་བར་མ་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། རྒྱལ་ཆེན་བཞིའི་ ལྷ་རྣམས་ནི་མཐའ་ཡས་ཏེ། དེ་ལྟར་མཐའ་མེད་དོ་སྙམ་མོ། །རང་གི་ལས་ཀྱིས་རི་རབ་ལ་ཚལ་དང ། ཉེ་བའི་ཚལ་བཞི་དག་ཏུ་དགའ་བར་བྱེད་ཅིང་སྐོར་བར་བྱེད་དོ། །རི་རབ་ཀྱི་ངོས་གང་ལ་ཉི་མ་འཁོར་བའི་ངོས་དེ་དང་དེས་མིའི་གནས་གང་དུ་རི་རབ་ཀྱི་གྲིབ་མ་དེ་འབབ་སྟེ། དེ་ལྟར་ དེ་འཛམ་བུའི་གླིང་དུ་མཚན་མོར་འགྱུར་རོ། །བྱང་ཕྱོགས་ན་རླུང་འཁོར་ལོའི་གཟུགས་ཞེས་བྱ་བ་ཡོངས་སུ་འཁོར་ཞིང ། དེས་བྱང་ཕྱོགས་ཀྱི་སྐར་མ་གང་ཡིན་པ་དེ་དག་ཐམས་ཅད་འཆར་དུ་མི་སྟེར་ལ། ནུབ་ཏུ་ཡང་མི་སྟེར་ཏེ། དེ་ལྟར་རླུང་གི་དབང་གིས་ཕྱོགས་སུ་འཁོར་ཞིང་འདུག་ གོ། །མུ་སྟེགས་པ་གཞན་དེ་ཉིད་མ་མཐོང་ཞིང་སྐར་མའི་དཔྱད་མངོན་པར་མི་ཤེས་ལ་ཕྱོགས་གཅིག་ཏུ་ལྟ་བའི་མུ་སྟེགས་པ་དེ་དག་གིས་མཐོང་ནས། འདི་ལྟར་དེ་ནི་ཆུ་སྲིན་བྱིས་པ་གསོད་ཡིན་ཏེ། ནུབ་ཏུ་མི་སྟེར་ལ། དྲང་སྲོང་བདུན་དག་གིས་འཇིག་རྟེན་འཛིན་ཏོ་སྙམ་མོ། ། དེ་ལྟར་དེས་རྒྱལ་ཆེན་བཞིའི་ལྷ་རྣམས་མ་ལུས་པར་མཐོང་ཞིང་ས་དང་བཅས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་འཁོར་བ་ལ་ཡིད་བྱུང་ངོ ། །དེ་ལྟར་དེ་དག་མཐོང་ནས་ལྷ་རྣམས་ཀྱི་ལྟུང་བའི་སྡུག་བསྔལ་མངོན་པར་བརྟགས་ནས་ཡིད་བྱུང་སྟེ། འཁོར་བ་ན་གནས་སུ་རུང་བ་རྟག་ པའམ། བརྟན་པའམ། ཐེར་ཟུག་པའམ། མི་འགྱུར་བའི་ཆོས་ཅན་གང་ཡང་མེད་ལ། འདུ་བ་དང་འབྲལ་བའི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་རྟོན་པར་མི་བྱེད་པ་མེད་དེ། དེ་ལྟར་དགེ་སློང་དེས་ཐོས་པ་ལས་བྱུང་བའི་ཤེས་ པས་བརྟགས་སོ། །དེ་ནས་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལྟར་དགེ་སློང་དེ་བྱིས་པ་སོ་སོའི་སྐྱེ་བོ་ཀུན་གང་ལ་དགའ་བ་དེ་ལ་རག་ལས་པར་འགྱུར་ཏེ། སྲེད་པའི་རྒྱུ་བསྐྱེད་པ་དེ་དག་འདི་ལྟར་བདག་ཅག་མཐོ་རིས་སུ་སྐྱེ་བར་འགྱུར་ཞིང་དེར་ 69-1-106b བདག་ཅག་བདེ་བར་གྱུར་ཅིག་སྙམ་ནས་ཚངས་པར་སྤྱད་པ་སྤྱོད་དོ། །དེ་ལྟར་སྤྱོད་པ་དེ་ལ་ཡང་དགེ་སློང་དེ་ལྷའི་བདེ་བ་རྣམ་པ་གཞན་དག་ལ་ཡང་དམིགས་ཤིང་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་ནས་དགའ་བར་མི་བྱེད། ཆགས་པར་མི་བྱེད། རོ་མྱོང་བར་མི་བྱེད་ལ། བདུད་དང་ལྷན་ ཅིག་འགྱེད་པར་ནུས་ཤིང་འཁོར་བའི་རྒྱ་མཚོ་ལས་རྒལ་བའི་བསམ་པ་ཅན་ཡིན་ཏེ། དེ་ལྟར་དགེ་སློང་དེ་ས་གཞན་བཅུ་བདུན་པ་ལ་ཞུགས་སོ། །ས་བླའི་གནོད་སྦྱིན་དག་གིས་དེ་ཐོས་ནས་དགའ་སྟེ། བར་སྣང་ལ་སྤྱོད་པའི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །དེ་དག་གིས་ཀྱང་རྒྱལ་ ཆེན་བཞི་པ་རྣམས་ལ་བསྙད་ལ། སྔ་མ་བཞིན་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་བར་ལ་གཅིག་ནས་གཅིག་ཏུ་བསྙད་དོ། །འདི་ལྟར་ལྷ་དག་འཛམ་བུའི་གླིང་ན་རིགས་ཀྱི་བུ་གྲོང་ཆེ་གེ་མོ་ཞིག་དང ། གྲོང་རྡལ་མང་གེ་མོ་ཞིག་དང ། རིགས་ག་གེ་མོ་ཞིག་དང ། ཡུལ་ཆེ་གེ་མོ་ཞིག་ནས་མི་ མང་གེ་མོ་ཞེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དགེ་སློང་དེ་བདུད་དང་ལྷན་ཅིག་འགྱེད་པར་འབད་ཅིང་བརྩོན་ལ་སྲིད་པ་ཉམ་ང་བ་ལས་རྒལ་བའི་བསམ་པ་ཡོད་དོ། །དེ་ལྟར་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས་ ཡིད་མཆོག་ཏུ་དགའ་ཞིང་དེ་དག་ལ་ལྷ་བདག་ཅག་ནི་དགའ་སྟེ། གང་མིའི་འཇིག་རྟེན་དུ་མི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དག་ངེས་པར་འབྱུང་ལ། ཡེ་ཤེས་རྩོམ་པ་གོམས་པར་བྱེད། ཡོངས་སུ་སྤྱོད་པར་བྱེད། བདུད་དང་ལྷན་ཅིག་འགྱེད་པར་བྱེད་དེ། བདུད་ཀྱི་ཕྱོགས་ ནི་དམའོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་མཐོའོ། །སངས་རྒྱས་རྣམས་ཀྱིས་བཤད་པའི་དམ་པའི་ཆོས་ནི་འཕེལ་ལོ་ཞེས་ལྷ་དེ་དག་ལ་བསྙད་དོ། །དེ་ནས་ཡང་དགེ་སློང་དེ་ཚུལ་ཁྲིམས་ལ་རབ་ཏུ་རྣམ་པར་དཔྱོད་པར་བྱེད་དེ། ཚུལ་ཁྲིམས་མེད་པའམ་ཤེས་པ་མེད་པ་ནི་མཐོ་རིས་ཀྱི་འཇིག་ རྟེན་དུ་ལྷར་སྐྱེ་བ་མེད་དོ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་ཙམ་གྱིས་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །སྦྱིན་པས་ནི་དེར་སྐྱེ་བར་མི་འགྱུར་ཞིང་ལོངས་སྤྱོད་ཤིན་ཏུ་ཆེ་བར་འགྱུར་ལ། ཤེས་པས་ནི་དེ་ནས་ཤི་ནས་ངན་སོང་དུ་འགྲོ་བར་མི་འགྱུར་རོ། ། 69-1-107a དེ་ལ་ཚུལ་ཁྲིམས་གང་དང་རྣམ་པ་དུས་ལྷའི་འཇིག་རྟེན་གང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་བརྟགས་ན་ཚུལ་ཁྲིམས་རྣམ་པ་བདུན་གྱིས་ལྷའི་རིས་དྲུག་རྣམས་ཀྱི་ནང་དུ་ཐ་མ་དང་འབྲིང་དང་མཆོག་ཏུ་སྐྱེ་བར་འགྱུར་ཏེ། སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་ཀྱིས་རྒྱལ་ཆེན་ བཞི་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་སྤངས་པས་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་སྤངས་པས་འཐབ་བྲལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ རོ། །སྡོམ་པ་བླངས་ཏེ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་སྤངས་ཤིང་བརྫུན་དང་ཕྲ་མ་དང ། ཚིག་རྩུབ་པོ་དང ། ངག་ཀྱལ་པ་སྤངས་པས་དགའ་ལྡན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འཇིག་རྟེན་པའི་སྡོམ་པ་བླངས་ཏེ། སངས་རྒྱས་ འབའ་ཞིག་ལ་དད་ལ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་དང ། ཕྲ་མ་དང ། ཚིག་རྩུབ་པོ་སྤངས་པས་འཕྲུལ་དགའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ ལོག་པར་གཡེམ་པ་དང ། བརྫུན་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ངག་ཀྱལ་པ་སྤངས་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་དགེ་སློང་དེ་ལས་དང་ཚུལ་ཁྲིམས་སུ་འབྲེལ་པ་རྣམས་ལྷའི་འཇིག་རྟེན་དུ་སྐྱེ་བ་ལ་རྗེས་སུ་སེམས་ཏེ། སྡོམ་པ་བླངས་པའི་ གང་ཟག་གང་དུ་ཇི་ལྟར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ནས། སྲོག་གཅོད་པ་སྤངས་པའི་སྡོམ་པ་བླངས་པ་ནི་དེ་རྒྱལ་ཆེན་བཞི་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྲོག་གཅོད་པ་སྤངས་པ་སྔ་མ་བས། བོང་ཚོད་དང ། བརྩོན་འགྲུས་དང ། ཁ་དོག་ དང ། དབང་ཕྱུག་དང ། ཚེ་དག་ཆེས་རིང་བར་འགྱུར་རོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དག་སྤངས་པའི་སྡོམ་པ་བླངས་པ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྤངས་པ་དེ་དག་པས་བོང་ཚོད་དང ། བརྩོན་འགྲུས་དང ། སྤྲོ་བ་དང ། གཟུགས་དང ། སྟོབས་ 69-1-107b དང ། དབང་ཕྱུག་དང ། ཚེ་དག་མཆོག་ཏུ་རིང་བར་འགྱུར་རོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་སྤང་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་འཐབ་བྲལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྤངས་པ་དེ་དག་པས་དེ་བོང་ཚོད་ དང ། ཁ་དོག་དང ། དབང་ཕྱུག་དང ། ཚེ་དང ། གཟུགས་ལ་སོགས་པ་ཆེས་བཟང་བར་འགྱུར་རོ། །དགའ་ལྡན་པ་རྣམས་ཀྱི་ནང་དུ་སེམས་དང་ཤེས་པ་གཉིས་ཀྱི་ཁྱད་པར་གྱིས་བོང་ཚོད་དང ། ཁ་དོག་དང ། དབང་ཕྱུག་དང ། དད་པ་དང ། བདེ་བ་ཁྱད་པར་ཅན་དུ་འགྱུར་རོ། ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་དང ། ཕྲ་མ་སྤངས་པའི་སྡོམ་པ་ལ་གནས་པ་ནི་འཕྲུལ་དགའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྤངས་པ་དེ་དག་པས་དེ་བོང་ཚོད་དང ། དབང་ཕྱུག་དང ། བདེ་བ་དང་ཚེ་རིང་བ་དག་ཆེས་ མཆོག་ཏུ་འགྱུར་རོ། །སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་དང ། ཕྲ་མ་དང ། ཚིག་ཀྱལ་པ་སྤངས་པའི་སྡོམ་པ་ལ་གནས་པ་ནི་གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྤངས་པ་དེ་དག་པས་དེ་བོང་ཚོད་ དང ། དབང་ཕྱུག་དང ། བདེ་བ་དང ། མཐུ་དང ། གཟུགས་དང ། ཚེ་དག་ཆེས་ལྷག་པར་འགྱུར་ཞིང་བདུད་སྡིག་ཅན་གྱི་ཚིག་ཉན་པར་མི་འགྱུར་ལ། དེ་དེས་ཐུབ་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཚུལ་ ཁྲིམས་མཐོ་རིས་སུ་སྐྱེ་བའི་ས་བོན་དུ་ཇི་ལྟར་འགྱུར་སྙམ་ནས་ཤིན་ཏུ་ཞིབ་མོར་དཔྱོད་དེ། དེས་བརྟགས་ན་སེམས་དང་སེམས་ལས་བྱུང་བ་ཆེན་པོས་ཚུལ་ཁྲིམས་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར། འདོད་པ་ན་སྤྱོད་པའི་ལྷ་དྲུག་རྣམས་ཀྱི་ནང་དུ་སེམས་ཀྱི་ཁྱད་པར་གྱིས་སེམས་ལས་ བྱུང་བ་ཁྱད་པར་དུ་འགྱུར་ལ། སེམས་ལས་བྱུང་བའི་ཚུལ་ཁྲིམས་ཀྱི་ཁྱད་པར་གྱིས་སྐྱེ་བ་ཁྱད་པར་དུ་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་ཚུལ་ཁྲིམས་ལ་དཔྱོད་པར་བྱེད་དེ་ཚུལ་ཁྲིམས་རྣམ་པ་དུ་ཡོད་སྙམ་ནས། དེས་བརྟགས་ན་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། འཇིག་ 69-1-108a རྟེན་པ་ལྷན་ཅིག་སྐྱེས་པ་དང ། འདུ་བ་བྱས་པའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་བཅོས་མ་མ་བྱས་པའོ། །འདུ་བ་ནི་བཅོས་མ་བྱས་པའོ། །ཡང་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། ཁྱིམ་ན་གནས་པའི་སྤྱོད་པ་དང ། ཁྱིམ་ན་མི་གནས་པའི་སྤྱོད་པའོ། །དེ་ལ་ཁྱིམ་ན་ གནས་པའི་སྤྱོད་པ་ནི་བསླབ་པའི་གཞི་ལྔའོ། །ཁྱིམ་ན་མི་གནས་པའི་སྤྱོད་པ་ནི་བསླབ་པའི་གཞི་སོ་སོ་ཐར་པས་རབ་ཏུ་བྱུང་བ་རྣམས་ཀྱིའོ། ། འོ། །འཕགས་པ་དམ་པའི་ཚོས་དྲན་པ་ཅེ་བར་གཞག་པ། ཡང་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། སྣ་གཅིག་སྤྱོད་པ་དང ། དུ་མ་སྤྱོད་པའོ། །དེ་ལ་སྣ་གཅིག་སྤྱོད་པ་ནི་བསླབ་པའི་གཞི་གཅིག་འཛིན་ པའོ། །དུ་མ་སྤྱོད་པ་ནི་གཉིས་སམ། གསུམ་འཛིན་པའོ། །ཡང་རྣམ་པ་གཉིས་ཏེ། སྐྱེ་མཆེད་དང ། སྐྱེ་མཆེད་མ་ཡིན་པའོ། །དེ་ལ་སྐྱེ་མཆེད་ནི་ཚེ་རབས་ཐམས་ཅད་དུ་བསླབ་པའི་གཞི་འཛིན་པའོ། །སྐྱེ་མཆེད་མ་ཡིན་པ་ནི་འདི་ལྟར་སེམས་ཀྱི་ཁྱད་པར་གྱིས་སམ། སྤྲོ་བའི་ ཁྱད་པར་གྱིས་བསླབ་པའི་གཞི་འཛིན་པའོ། །ཡང་རྣམ་པ་གཉིས་ཏེ། རྙོག་པ་དང་བཅས་པ་དང ། རྙོག་པ་མེད་པའོ། །དེ་ལ་རྙོག་པ་དང་བཅས་པ་ནི་མཐོ་རིས་སུ་སྐྱེ་བར་འདོད་པའི་སེམས་སོ། །རྙོག་པ་མེད་པ་ནི་མྱ་ངན་ལས་འདའ་བར་འགྲོ་བར་འདོད་པའོ། །ཡང་རྣམ་པ་གཉིས་ ཏེ། འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་ནི་ཟག་པ་དང་བཅས་པའོ། །འཇིག་རྟེན་ལས་འདས་པ་ནི་ཟག་པ་མེད་པའོ། །ཡང་རྣམ་པ་གཉིས་ཏེ། བདག་འཛིན་པ་དང ། གཞན་འཛིན་པའོ། །དེ་ལ་བདག་འཛིན་པ་ནི་བདག་ཉིད་ཀྱིས་ཚུལ་ཁྲིམས་འཛིན་ པའོ། །གཞན་འཛིན་པ་ནི་གཞན་ཡང་རིགས་པའི་ཚུལ་ཁྲིམས་ལ་འཇོག་པར་བྱེད་པའོ། །ཡང་རྣམ་པ་གཉིས་ཏེ། འཇུག་པ་དང ། ལྡོག་པའོ། །དེ་ལ་འཇུག་པ་ནི་འཁོར་བར་འཇུག་པར་བྱེད་པའོ། །ལྡོག་པ་ནི་ཡེ་ཤེས་ཀྱི་རྒྱུ་སྟེ་མི་སློབ་པའི་ཡེ་ཤེས་ལ་དམིགས་པའོ། །ཡང་རྣམ་ པ་གཉིས་ཏེ། ཡེ་ཤེས་དང་ལྡན་པ་དང ། སྦྱིན་པ་དང་ལྡན་པའོ། །དེ་ལ་སྦྱིན་པ་དང་ལྡན་པ་ནི་ལོངས་སྤྱོད་ཆེན་པོ་ཐོབ་པའོ། །ཡེ་ཤེས་དང་ལྡན་པ་ནི་མྱ་ངན་ལས་འདས་པ་ཐོབ་པའོ། །ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་དུ་སྤྱོད་པ་འཇུག་པ་དང ། ནང་དུ་སྤྱོད་པ་འཇུག་པའོ། །དེ་ལ་ཕྱི་ 69-1-108b རོལ་དུ་སྤྱོད་པ་འཇུག་པ་ནི་ལུས་ལ་རྟེན་པའོ། །ནང་དུ་སྤྱོད་པ་འཇུག་པ་ནི་སེམས་རབ་ཏུ་དད་པས་བྱས་པའི་སེམས་དང་ངག་གོ། །ཡང་རྣམ་པ་གཉིས་ཏེ། གོམས་པ་དང ། མ་གོམས་པའོ། །དེ་ལ་གོམས་པ་ནི་ཚེ་རབས་དུ་མ་དག་ཏུ་གོམས་པའོ། །མ་གོམས་པ་ནི་ཚེ་གཅིག་ཏུ་གོམས་པ་ སྟེ། དེ་ལྟར་དགེ་སློང་དེ་རྣམ་པ་དུ་མས་ཚུལ་ཁྲིམས་རྣམ་པ་གཉིས་གཉིས་ལ་དཔྱོད་པར་བྱེད་དོ། །དེ་ནས་ཡང་དགེ་སློང་དེ་ཤིན་ཏུ་ཞི་བ་པོར་ཚུལ་ཁྲིམས་རབ་ཏུ་རྣམ་པར་འབྱེད་པར་བྱེད་དེ། ཚུལ་ཁྲིམས་སྣ་ཚོགས་དུ་ཡོད། རྣམ་པ་དུ་ཡོད་སྙམ་ནས་དེས་བརྟགས་ན། ཚུལ་ཁྲིམས་རྣམ་པ་གསུམ་ སྟེ། ཕྱོགས་གཅིག་པ་དང ། ཕྱོགས་གཅིག་པ་མ་ཡིན་པ་དང ། མཐོ་རིས་སུ་འགྲོ་བའོ། །དེ་ལ་ཕྱོགས་གཅིག་པ་ནི་བསླབ་པའི་གཞི་གཅིག་འཛིན་པའོ། །ཕྱོགས་གཅིག་པ་མ་ཡིན་པ་ནི་བསླབ་པའི་གཞི་གཉིས་སམ་གསུམ་འཛིན་པའོ། །མཐོ་རིས་སུ་འགྲོ་བ་ནི་བསླབ་པའི་ གཞི་ཚོགས་པར་འཛིན་པའོ། །ཡང་རྣམ་པ་གསུམ་སྟེ། ནོར་ལ་སྲེད་པར་བྱས་པ་དང ། ནོར་ལ་སྲེད་པར་མ་བྱས་པ་དང ། ལྷན་ཅིག་སྐྱེས་པའོ། །དེ་ལ་ནོར་ལ་སྲེད་པར་བྱས་པ་ནི་སྟོབས་འགྱེད་པས་འཚོ་བའོ། །ནོར་ལ་སྲེད་པར་མ་བྱས་པ་ནི་ན་དབུ་ཅན་རྣམས་ཀྱིའོ། །ལྷན་ཅིག་སྐྱེས་པ་ ནི་མྱ་ངན་ཆེན་པོས་ཐེབས་པ་ཡིན་ཏེ་འདི་ནི་ཆུང་ངོ ། །ཡང་རྣམ་པ་གསུམ་སྟེ། བསམ་གཏན་དང་ལྷན་ཅིག་སྤྱོད་པ་དང ། བསམ་གཏན་མ་ཡིན་པ་དང་ལྷན་ཅིག་སྤྱོད་པ་དང ། ལངས་ནས་ལྷན་ཅིག་སྤྱོད་པའོ། །དེ་ལ་བསམ་གཏན་དང་ལྷན་ཅིག་སྤྱོད་པ་ནི་འཇིག་རྟེན་པ་རྣམས་ཀྱི་རྐྱེན་ མེད་པའི་བར་གྱིས་འདོད་ཆགས་ལ་སོགས་པ་སྐྱེད་པར་མི་བྱེད་པའོ། །བསམ་གཏན་མ་ཡིན་པ་དང་ལྷན་ཅིག་སྤྱོད་པ་ནི་ཕྱི་རོལ་པ་རྣམས་ཀྱི་བསམ་གཏན་མེད་ཀྱང་དེ་ལྟར་ཚུལ་ཁྲིམས་སུ་འགྱུར་བ་ཡིན་ནོ། །ཡང་ལངས་ནས་ལྷན་ཅིག་སྤྱོད་པ་ནི་སྐྱོན་གང་དམིགས་ནས་དེ་དག་དེས་ཡོངས་སུ་སྤོང་ བར་བྱེད་པ་ཡིན་ཏེ། ཇི་ལྟར་ཆང་གིས་མྱོས་ནས་མི་གཙང་བ་ཀུན་ཏུ་སྤྱོད་དོ། །དེས་ཆང་དེ་སོ་སོར་གཅོད་པར་བྱེད་པ་བཞིན་ནོ། །ཡང་རྣམ་པ་གསུམ་སྟེ། ངན་གཡོ་བྱེད་པས་སྲུང་བ་དང ། ངན་གཡོ་བྱེད་པ་མ་ཡིན་པས་སྲུང་བ་དང ། ལྷན་ཅིག་སྐྱེས་པའོ། །དེ་ལ་ངན་གཡོ་བྱེད་པས་སྲུང་ 69-1-109a བ་ནི་ཉོན་མོངས་ཤིང་འབྲས་བུ་ཆུང་བའོ། །ངན་གཡོ་བྱེད་པ་མ་ཡིན་པས་སྲུང་བ་ནི་འབྲས་བུ་ཆེ་བའོ། །ལྷན་ཅིག་སྐྱེས་པ་ནི་སེམས་ལས་བྱུང་བའི་བྱེ་བྲག་གིས་འབྲས་བུ་ཆེ་བའམ། །འབྲས་བུ་ཆུང་བར་འགྱུར་བའོ། །ཡང་རྣམ་པ་གསུམ་སྟེ། རྐྱེན་གྱིས་འཛིན་པ་དང ། རྐྱེན་ མེད་པས་འཛིན་པ་དང ། བྱ་བ་མ་ཡིན་པའོ། །དེ་ལ་རྐྱེན་གྱིས་འཛིན་པ་ནི་བསླབ་པའི་གཞི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་རྐྱེན་རྙེད་ནས་སྲུང་བ་ཡིན་ཏེ། བསླབ་པའི་གཞི་བསྡུས་ནས་འཛིན་པའོ། །རྐྱེན་མེད་པས་འཛིན་པ་ནི་གང་རྐྱེན་མེད་པ་དེས་སྲུང་བའོ། །བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་རིགས་ཆེན་ པོར་སྐྱེས་པ་རྣམས་ཀྱི་བྱ་བ་མ་ཡིན་པ་སྡིག་པ་མི་བྱེད་པའོ། །དེ་ལ་རྐྱེན་གྱིས་འཛིན་པ་ནི་སེམས་ལས་བྱུང་བའི་བྱེ་བྲག་གིས་འཛིན་ཏེ་འབྲས་བུ་ཆེ་བ་ཡིན་ནོ། །རྐྱེན་མེད་པས་འཛིན་པ་ནི་དེ་རྣམ་པར་མི་ཤེས་ཏེ་འབྲས་བུ་ཆུང་བ་ཡིན་ནོ། །བྱ་བ་མ་ཡིན་པས་བྱས་པ་ནི་འཇིག་རྟེན་འདིར་ལེགས་པར་བྱེད་པ་ཡིན་ ཏེ། འབྲས་བུ་ཆེ་བའམ། སླར་ཆུང་བར་འགྱུར་རོ། །ཡང་རྣམ་པ་གསུམ་སྟེ། བླ་མས་འཇིགས་པ་དང ། བླ་མ་མ་ཡིན་པས་འཇིགས་པ་དང ། ངན་སོང་དུ་འགྲོ་བས་འཇིགས་པའོ། །དེ་ལ་གང་བླ་མས་འཇིགས་ནས་ཚུལ་ཁྲིམས་ལེན་པ་དེ་ནི་ཆུང་བ་ཡིན་ནོ། །གང་བླ་མ་མ་ཡིན་པས་ འཇིགས་ནས་ལེན་པ་དེ་ནི་འབྲིང་ཡིན་ནོ། །གང་ངན་སོང་དུ་འགྲོ་བས་འཇིགས་ནས་ལེན་པ་དེ་ནི་ཆེན་པོ་ཡིན་ནོ། །ཡང་རྣམ་པ་གསུམ་སྟེ། བདག་ཉིད་ཚུལ་ཁྲིམས་དང་ལྡན་པར་བྱེད་པ་དང ། གཞན་ཚུལ་ཁྲིམས་ལ་འཇོག་པར་བྱེད་པ་དང ། གཞན་ལ་བཏང་སྙོམས་སུ་གནས་པའོ། །ཡང་ཚུལ་ ཁྲིམས་རྣམ་པ་གསུམ་སྟེ། གགས་དང་བཅས་པ་དང ། གགས་མེད་པ་དང ། གགས་ཐམས་ཅད་པའོ། །དེ་ལ་གགས་དང་བཅས་པ་ནི་གང་སྔོན་ཚུལ་ཁྲིམས་དང་ལྡན་ལ། ཕྱིས་ཚུལ་ཁྲིམས་འཆལ་པ་ཡིན་ཏེ། གགས་དང་བཅས་པའི་ཚུལ་ཁྲིམས་ནི་དེ་ཡིན་ནོ། །གགས་མེད་པ་ནི་རྟག་པར་ཚེ་ རབས་སུ་ཐོག་མ་དང་བར་དང་ཐ་མའི་མཐར་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་ནོ། །གགས་ཐམས་ཅད་པ་ཞེས་བྱ་བ་ནི་ལྟ་བ་ལོག་པས་སྲོག་གཅོད་པ་ལ་སོགས་པའི་མཆོད་སྦྱིན་བྱེད་པའི་ཚུལ་ཁྲིམས་ཡིན་ནོ། །དེ་ནས་ཡང་དགེ་སློང་དེ་ཚུལ་ཁྲིམས་རྣམ་པ་བཞི་རྣམ་པར་འབྱེད་ཅིང་རྟོག་པར་བྱེད་དེ། ངག་ 69-1-109b གི་བརྫུན་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ཚིག་ཀྱལ་པ་སྟེ། དེ་དག་དང་འབྲལ་བར་བྱེད་དོ། །ཡང་ཚུལ་ཁྲིམས་རྣམ་པ་ལྔ་སྟེ། ཡུལ་ལྔ་སྤངས་པ་བསྐྱེད་པའོ། །ཡང་ཚུལ་ཁྲིམས་རྣམ་པ་དྲུག་སྟེ། བར་ཆད་བྱེད་པ་དང་བར་ཆད་བྱེད་པ་མེད་པ་དང ། རྒྱལ་པོའི་ཆད་པས་འཇིགས་ནས་བླངས་པ་དང ། འབྲེལ་པས་བླངས་པ་དང་རྟོག་པ་མེད་པ་དང་ལྷན་ཅིག་སྐྱེས་པའོ། །ཡང་ཚུལ་ཁྲིམས་རྣམ་པ་བདུན་ཏེ། ལུས་དང་ངག་གིའོ། །དེ་ལྟར་དགེ་སློང་དེ་ཚུལ་ཁྲིམས་རྣམ་པ་དུ་མ་ལ་རབ་ཏུ་སྤྱོད་པར་བྱེད་དེ། གང་གིས་སེམས་ཅན་རྣམས་ངན་འགྲོའི་འཇིགས་པ་ལས་གྲོལ་བར་བྱེད་པ་དེ་ནི་མདོར་ན་རྣམ་པ་ གཉིས་ཏེ། འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པ་ཡིན་ནོ་སྙམ་མོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་པ། དེ་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་མཐོང་ནས། སུམ་ཅུ་རྩ་གསུམ་པའི་གནས་དང ། ལས་རྣམས་ལ་རྟོག་པར་བྱེད་དེ། ལེགས་པར་བྱས་པའི་ལས་དང ། ལེགས་པར་མ་བྱས་པའི་ལས་ཀྱི་རྗེས་སུ་སྤྱད་པ་གང་གིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཇི་ལྟར་འདུག་པ་ནི་འདི་ལྟ་སྟེ། ཆོས་ བཟང་ན་གནས་པ་དང ། མཐོ་བ་ན་གནས་པ་དང ། རི་རྩེ་ན་གནས་པ་དང ། ལེགས་མཐོང་ན་གནས་པ་དང ། ཕྱོགས་གཅིག་ན་གནས་པ་དང ། ཤིང་གསེབ་ན་གནས་པ་དང ། ཤིང་རྟ་སྣ་ཚོགས་ན་གནས་པ་དང ། དགའ་བྱེད་ན་གནས་པ་དང ། རྣམ་མཛེས་ན་གནས་པ་དང ། ཡོངས་ འདུ་ན་གནས་པ་དང ། འདྲེས་པའི་འགྲམ་ན་གནས་པ་དང ། ཚང་ཚིང་གི་འགྲམ་ན་གནས་པ་དང ། ནོར་བུའི་སྙིང་པོ་ན་གནས་པ་དང ། ཀུན་དུ་གསལ་བར་སྤྱོད་པ་དང ། གསེར་ཕུག་གི་ཁང་པ་དང ། ཕྲེང་བའི་གྲིབ་མ་དང ། དམའ་བ་དང་མཐོ་བ་ན་རྒྱུ་བ་དང ། བཀྲ་བ་སྣ་ཚོགས་ཀྱིས་ཕྱེ་བ། སྦྱོར་བ་ལ་འཇུག་པ་དང ། ཞིབ་ཏུ་སྤྱོད་པ་དང ། གླུའི་སྒྲ་ལ་ཤིན་ཏུ་དགའ་ཞིང་མངོན་པར་ཆགས་པ་དང ། གཟི་བརྗིད་འབར་བ་དང ། ཟླ་བའི་གནས་ལྟར་ཉ་བ་དང ། ཤིང་སཱ་ལ་ཟུང་དང ། མིག་ཕྱེ་ཞིང་འགྲོ་བ་དང ། བཙུམས་ནས་འགྲོ་བ་དང ། ལུས་ཀྱི་མདོག་བཟང་ཞིང་ཆེ་བ་དང ། ནོར་བུ་འཕྱང་ 69-1-110a བ་དང ། རིས་འཐུན་པ་དང ། འཁོར་ན་གནས་པ་དང ། མཐོ་བར་སྤྱོད་པ་དང ། གཟི་བརྗིད་མཆོག་དང ། གཟི་བརྗིད་ཕྲེང་དང ། མ་འདྲེས་པ་དག་སྟེ། དེ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་དེ་རྣམས་ནི་གནས་སུམ་ཅུ་རྩ་གསུམ་ན་འཁོད་དོ། །དེ་ལ་དགེ་སློང་ལས་ཀྱི་ཆོས་ཀྱི་འབྲས་བུ་ རྣམ་པར་སྨིན་པ་དང ། ཚུལ་ཁྲིམས་ཞིབ་ཏུ་ཁོང་དུ་ཆུད་པ་དེ། དེ་ལྟར་ན་ལྷ་རྣམས་ཀྱི་ལེགས་པར་བྱས་པའི་ལས་དག་ལ་རྟོག་པར་བྱེད་དེ། ལས་བྱས་ཤིང་བསགས་པ་གང་གིས་བདེ་འགྲོ་སྐྱེད་པ་འདོད་པ་དང་སྡུག་པའི་རྣམ་པར་སྨིན་པ་བདེ་བས་རྣམ་པར་སྨིན་པ་བདེ་ཞིང་སྐྱེ་བོ་ཡོངས་སུ་སྨྲ་བ་བསྡུས་་ པ། སྒྲ་དང ། རེག་པ་དང ། རོ་དང ། རྣམ་པར་སྨིན་པ་བདེ་བསྐྱེད་པ་རྣམས་ཀྱིས་གང་དུ་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཡ་མཚན་ཅན་གྱི་མཐོང་བ་དང་ཐོས་པ་ཀུན་ནས་དགོས་པ་གཞན་མ་ཡིན་པ་སངས་རྒྱས་ཀྱི་བསྟན་པས་ལྷ་རྣམས་ཀྱི་སྐྱེ་བ་ དགའ་ཞིང་བདེ་བར་གནས་པ་དཔེ་མེད་པ་དག་མཐོང་སྟེ། ལྷའི་འདུན་ས་ཆོས་བཟང་གང་དུ་ལྷའི་རྒྱལ་པོ་ཀཽ་ཤི་ཀས་ཆོས་དང་འཐུན་པར་སྐྱོང་ངོ ། །ཕྱི་རོལ་གྱི་འདུ་ཤེས་རྙེད་པས་ལྷ་རྣམས་ཀྱི་གནས་པ་དང་པོར་བྱས་ནས། དེ་ལྟར་ས་ཀུན་གྱི་རིས་རྣམ་པར་འབྱེད་པར་བྱེད་དེ། དགེ་སློང་དེ་ཚུལ་ ཁྲིམས་ཤིན་ཏུ་བསྒོམས་པ་རྣམ་པ་གང་གིས་ལྷའི་འདུན་ས་ཆོས་བཟང་དུ་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་གང་ཚུལ་ཁྲིམས་རྣམ་པ་བདུན་བསྲུངས་ཏེ། དེ་མ་ཉམས་པ་དང ། མ་རལ་བ་དང ། མ་ཞིག་པ་དང ། དམ་ཞིང་གཞན་དང་མི་འདྲ་བར་རབ་ཏུ་ སྤྱོད་ལ། སེམས་ལས་བྱུང་བས་ཡོངས་སུ་བསྒོམས་པའི་སྦྱིན་པ་དུས་ལ་བབ་པ་ཡང་བྱིན་ཅིང་ཡོན་ཏན་དུ་གྱུར་པ་ཡང་འདི་ལྟ་སྟེ་དགྲ་བཅོམ་པའམ། ཕ་མ་ནད་པའམ། ཕྱིར་མི་འོང་བའམ། ལན་ཅིག་ཕྱིར་འོང་བའམ། རྒྱུན་དུ་ཞུགས་པའམ། འགོག་པ་ལས་ལངས་པའམ། ལམ་ལ་ ཞུགས་པའམ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་བསྒོམས་པའམ། འཆི་བས་འཇིགས་ཤིང་ཉེན་པ་ལ་སྲོག་བྱིན་ན། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་འདུན་ས་ཆོས་བཟང་དུ་ལྷའི་བདག་པོར་འགྱུར་ལ། བརྒྱ་བྱིན་ཀཽ་ཤི་ཀ་ལྷའི་འདུན་ས་ཆོས་ 69-1-110b བཟང་ན་གནས་ཏེ་ལྷ་མོ་སྡུག་པ་ཡིད་དུ་འོང་བ་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་ཡོངས་སུ་བསྐོར་བའི་ནང་ན་ཡོངས་སུ་དགའ་བར་བྱེད་ཅིང་ལྷ་མོ་དེ་དག་གིས་ཀྱང་དེ་ལ་རིམ་གྲོ་བྱེད་དེ། ཇི་ལྟར་སྐྱེས་པ་གཅིག་ལ་བུད་མེད་གཅིག་གིས་རིམ་གྲོ་བྱེད་པ་དེ་བཞིན་དུ་དེ་དག་ཐམས་ཅད་དེ་ལ་རིམ་གྲོ་བྱེད་དོ། །དེ་དག་ གི་ནང་ན་སྡུག་ཅིང་ཡིད་དུ་འོང་བ་སེམས་གཅིག་པའི་བཙུན་མོ་དམ་པ་ལ་ལྷ་མོ་དེ་དག་རིམ་གྲོ་བྱེད་དེ། དེ་ཡང་དེ་དག་ལ་གུས་པར་བྱེད་དོ། །ལྷའི་འདུན་ས་ཆོས་བཟང་དེ་ཡང་དཔག་ཚད་ལྔ་བརྒྱ་ཡོད་དེ། ཁ་ཁྱེར་ནི་ནོར་བུ་བཻ་ཌཱུརྱ། ཀ་བ་ནི་བྱི་རུས་ཤིན་ཏུ་མཛེས་པར་བྱས་པ་ལན་ཀན་ནི་ཤེལ་ལས་བྱས་ཤིང་ སྤུག་གིས་ནི་བརྒྱན། རྩིག་པ་ནི་གསེར་བཙོ་མ་ལས་བྱས་ཤིང་རྡོ་རྗེས་བརྒྱན་ཏེ། ནོར་བུས་དགའ་བར་བྱེད་པ་ཁྲི་ནི་པད་མ་རཱ་ག་དང ། ན་ད་རྙིལ་གྱིས་མཛེས་པར་སྤྲས་པ། ལ་ལ་ཁ་ཅིག་ཏུ་པད་མ་འདབ་མ་ནི་བཻ་ཌཱུརྱ། ཟེ་བ་ནི་རྡོ་རྗེའི་མྱུ་གུ། སྡོང་བུ་ནི་འདམ་རྫ་བ་མེད་པའི་ཐང་ལས་སྐྱེས་པ་གསེར་ ལྟ་བུས་མཛེས་པར་བརྒྱན་ཏོ། །རྫིང་བུའི་བར་ཁ་ཅིག་ན་བྱ་འཁོད་པ་ཡང་སྒྲོ་ནི་བཻ་ཌཱུརྱ། མཆུ་ནི་པད་མ་རཱ་ག་།ལུས་ནི་མཐོན་ཀ་ལྟ་བུ་རྣམས་ཀྱིས་པད་མའི་རྫིང་དེ་གང་ངོ ། །ཁ་ཅིག་ཏུ་ནོར་བུའི་བྱ་རྣམ་པ་གཞན་གྱིས་རྫིང་དེ་ཀུན་དུ་གང་སྟེ། འདི་ལྟ་སྟེ། རྐང་པ་ནི་བཻ་ཌཱུརྱ། སྒྲོ་ནི་མཐོན་ཀ། མཆུ་ནི་སྤུག་། མིག་ནི་བྱི་རུ་ལྟ་བུ་རྣམས་ཀྱིས་རྫིང་གི་བར་དག་ཀུན་དུ་གང་ངོ ། །ཁ་ཅིག་ཏུ་ཡང་རྫིང་དེ་རྣམ་པ་གཞན་གྱིས་མཛེས་པར་བྱས་པ་ཡིན་ཏེ། འདི་ལྟ་སྟེ། ལུས་ཐམས་ཅད་ནི་འཛམ་བུ་ཆུ་བོའི་གསེར། སྒྲོ་ནི་བྱི་རུ། མིག་ནི་ཤིན་ཏུ་འཇམ་པ། རྐང་པ་ནི་མུ་ཏིག་གི་ཁ་དོག་ལྟ་བུ་ཡིན་ནོ། །པད་མའི་རྫིང་ཁ་ ཅིག་དག་ཏུ་ཡང་བུང་བ་མྱོས་པ་བཻ་ཌཱུརྱའི་མདོག་ལྟ་བུ་རྣམས་ཀྱིས་པད་མའི་རྫིང་ཆེན་པོ་བཅུ་མཛེས་པར་བྱས་པས། ལྷའི་འདུན་ས་ཆོས་བཟང་མཛེས་པར་བྱས་པ་ཡིན་ཏེ། འདི་ལྟ་སྟེ། དགའ་འབྱུང་དང ། པད་མ་ཆེ་འབྱུང་དང ། རབ་ཏུ་དགའ་བ་དང ། རབ་དགའ་ཆེན་པོ་དང ། རྩེ་དགའ་དང ། བསམས་འགྲོ་ དང ། ཤིང་རྟ་ཀུན་འགྲོ་དང ། ཀུན་རྟོག་རྒྱུ་དང ། དཔག་བསམ་གྱི་ཤིང་ལ་སྤྱོད་པ་དང ། དབེན་འགྲོ་དབང་པོའི་འོད་དེ་མཚོ་དེ་རྣམས་ཀྱིས་ལྷའི་འདུན་ས་ཆོས་བཟང་དེ་བརྒྱན་ཏོ། །ཡང་པད་མའི་ཚལ་རྣམ་པ་གཞན་དག་ཡོད་དེ། པད་མའི་ཚལ་དེ་དག་གི་སྡོང་བུ་ནི་དངུལ། ཟེ་བ་ནི་གསེར། འདབ་མ་ནི་ 69-1-111a བཻ་ཌཱུརྱ། སྙིང་པོ་ནི་འདམ་རྫབ་མེད་པ་ནས་སྐྱེས་པ་རྡོ་རྗེའི་མདོག་ལྟ་བུ་ཡིན་ནོ། །ཡང་པད་མ་རྣམ་པ་གཞན་དག་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། སྡོང་བུ་ནི་རྡོ་རྗེའི་མདོག་ལྟ་བུ། འདབ་མ་ཕན་ཚུན་འདྲེས་པ་ནི་འདི་ལྟར་པད་མ་རཱ་ག་དང ། འདབ་མ་ཁ་ཅིག་ནི་བཻ་ཌཱུརྱ། འདབ་མ་ཁ་་ ཅིག་ནི་སྤུག་རྒྱན་གྱི་མདོག་།འདབ་མ་ཁ་ཅིག་ནི་གསེར་ལྟ་བུ་ཡིན་ཏེ། དེ་ལྟར་པད་མ་དེ་དག་གི་ཁ་དོག་འདྲེས་པ་ཡིན་ནོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་པད་མ་ནི་འདབ་མ་བརྒྱ་པ་དང ། ལ་ལ་ནི་འདབ་མ་ཉིས་བརྒྱ་པ། ལ་ལ་འདབ་མ་སུམ་བརྒྱ་པ། ལ་ལ་འདབ་མ་བཞི་བརྒྱ་པ། ལ་ལ་ འདབ་མ་ལྔ་བརྒྱ་པ། ལ་ལ་འདབ་མ་དྲུག་བརྒྱ་པ། ལ་ལ་འདབ་མ་བདུན་བརྒྱ་པ། ལ་ལ་འདབ་མ་བརྒྱད་བརྒྱ་པ། ལ་ལ་འདབ་མ་དགུ་བརྒྱ་པ། ལ་ལ་འདབ་མ་སྟོང་ཡོད་དེ། ཁ་དོག་སྣ་ཚོགས་དང ། ཁ་དོག་གཅིག་པ་དང ། རྒྱུ་བ་དང་མི་རྒྱུ་བ་དག་བརྒྱ་བྱིན་གྱི་གནས་ལྷའི་འདུན་ས་ཆོས་བཟང་དུ་ འབྱུང་ངོ ། །ཡང་པད་མའི་ནང་དེ་དག་ཉིད་དུ་ལྷའི་བྱ་འཇུག་པ་དང ། གསབ་གསེབ་ཀྱི་ནང་ན་གནས་པ་རྣམས་ཀྱིས་ཀུན་ཏུ་གང་བ་ནི་འདི་ལྟ་སྟེ། གང་དུས་ཚིགས་ཐམས་ཅད་དུ་རྒྱགས་པ། འགྲམ་པ་རྡུལ་ཅིང་རོལ་མོའི་སྒྲས་རྟག་ཏུ་གར་བྱེད་པ་དག་ཡིན་ཏེ། དེ་དག་གང་གི་ཚེ་བརྒྱ་བྱིན་རྫིང་དེ་དག་ཏུ་་ ལྷ་མོའི་ཚོགས་ཀྱིས་ལྷན་ཅིག་ཡོངས་སུ་བསྐོར་ནས་རྩེ་བ་དེའི་ཚེ་བྱ་དེ་དག་དེ་བཞིན་དགའ་བར་བྱེད་དེ། ཇི་ལྟར་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་གྱི་སྒྲ་དེ་བཞིན་དུ་བྱ་དེ་དག་ཀྱང་སྒྲ་འབྱིན་ལ། རྒྱགས་པས་མྱོས་པ་ཞེས་བྱ་བའི་བྱ་རབ་ཏུ་གར་བྱེད་པ་དག་བྱུང་ངོ ། །གང་གི་ཚེ་བརྒྱ་བྱིན་གང་རྫིང་དེ་དག་ཏུ་ དགའ་བར་བྱེད་པ་དེའི་ཚེ་དེ་དག་ཀྱང་དེ་བཞིན་དུ་གར་བྱེད་དེ། ཇི་ལྟར་ལྷ་མོ་དག་བྱེད་པ་དེ་བཞིན་ནོ། །བྱ་ཁོར་ཡུག་ཅེས་བྱ་བ་གསེར་གྱི་མདོག་ཅན་མེ་ཏོག་གི་ཕྲེང་བ་མཆུ་ལ་འཕྱང་བ་དག་འབྱུང་སྟེ། གང་རྫིང་དེ་དག་གི་འགྲམ་གྱི་ནང་ཕན་ཚུན་ཀུན་ནས་རྫིང་དེ་དག་ཏུ་གནས་ནས་གར་བྱེད་ཅིང་སྒྲ་འབྱིན་ པར་བྱེད་དེ། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་རྫིང་ནི་དེ་ལྟ་བུ་ཡིན་པར་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་བརྒྱ་བྱིན་གྱི་ལྷའི་འདུན་ས་ཆོས་བཟང་ལེགས་པར་བྱས་པའི་ལས་ཀྱིས་སྤྲུལ་པ་ལ་རྟོག་པར་བྱེད་དེ། དེས་བརྟགས་ན་རྫིང་གི་བར་ན་གནས་པའི་ཉ་རྣམས་ཁ་ཅིག་ནི་གསེར་གྱི་མདོག་ཅན། ཁ་ཅིག་ 69-1-111b ནི་དངུལ་གྱི་མདོག་ཅན། ཁ་ཅིག་ནི་བཻ་ཌཱུརྱའི་མདོག་ཅན་ལ། འདབ་མ་ནི་པད་མ་རཱ་གའི་མདོག་།མིག་ནི་སྤུག་ལྟ་བུ། ལྟོ་ནི་པད་མའི་མདོག་།ཁ་ཅིག་གི་རྒྱབ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་ཐིག་ལེ་བཀྲ་བ་དག་གིས་བརྒྱན། ཁ་ཅིག་གི་འདབ་མ་ནི་རིན་པོ་ཆེ་རྣམ་པ་སྣ་བདུན་གྱི་མདོག་ཏུ་འདུག་ སྟེ། པད་མའི་རྫིང་དེ་རྣམས་སུ་དགའ་བར་བྱེད་དོ། །དེ་ནས་ཡང་དགེ་སློང་དེ་བརྒྱ་བྱིན་གྱི་པད་མའི་རྫིང་རྣམ་པ་གཞན་དེ་དག་ཉིད་ལ་རྟོག་པར་བྱེད་དེ། གང་གིས་རྫིང་དེ་དག་གི་རིས་ཉིད་རྣམ་པ་དུ་ཡོད་ཅིག་གུ་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ས་དེ་དག་གི་རིས་ཁ་ཅིག་དག་བྱེ་ མ་བདལ་བ་ལྟ་བུར་མུ་ཏིག་བཀྲམ་པ། ཁ་ཅིག་དངུལ་གྱི་ཕྱེ་མ། ཁ་ཅིག་གསེར་གྱི་ཕྱེ་མ། ཁ་ཅིག་ནོར་བུ་བཻ་ཌཱུརྱ་བཀྲམ་སྟེ། དེ་ལྟར་བརྒྱ་བྱིན་གྱི་ལེགས་པར་བྱས་པའི་ལས་ཀྱི་སྤྲུལ་པས་དེ་དག་གི་རིས་བཀྲ་བ་དག་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་གནས་དེ་དག་གི་རིས་ཉིད་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་རྫིང་དེ་དག་ཉིད་ཀྱི་འགྲམ་དེ་ཀུན་ནས་ཁ་ཅིག་གི་ཁ་ཁྱེར་གསེར་ལས་བྱས་པ་དག་གིས་ཡོངས་སུ་བསྐོར། ཁ་ཅིག་གི་ཁ་ཁྱེར་ནོར་བུ་བཻ་ཌཱུརྱ། ཁ་ཅིག་ནི་དངུལ་ལས་བྱས། ཁ་ཅིག་གསེར་དག་ལས་བྱས་ལ། མུ་ཏིག་གི་དྲ་བས་ཀུན་ ནས་བྲེས་པ་ཡིན་ཏེ། དེ་ལྟར་བྱའི་ཚོགས་ཁ་དོག་སྣ་ཚོགས་དགའ་བའི་སྒྲ་དང་འགྲོ་བ་རྣམས་ཀྱིས་པད་མའི་རྫིང་གི་འགྲམ་དེ་དག་ཀུན་དུ་གང་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་ལྷའི་འདུན་ས་ཆོས་བཟང་ལ་རྟོག་པར་བྱེད་དེ། པད་མའི་རྫིང་གི་ པད་མ་དེ་དག་གི་ནང་ན་རྒྱུ་བ་བུང་བའི་ཚོགས་ཀྱི་མདོག་དང་ཁ་དོག་སྣ་ཚོགས་ལ་འདི་ལྟ་སྟེ། གསེར་གྱི་མདོག་ཅན་རྣམས་ཀྱི་ནང་དུ་བུང་བ་དངུལ་གྱི་མདོག་ཅན། འདབ་མ་རྡོ་རྗེའི་མྱུ་གུ་ལྟ་བུ་རེག་ན་བདེ་བ་དག་རྒྱུ་ལ་དངུལ་གྱི་པད་མ་རྣམས་ཀྱི་ནང་དུ་བུང་བ་གསེར་གྱི་མདོག་ཅན་དག་རྒྱུ་སྟེ། དེ་ལྟར་སྣ་ཚོགས་དག་ པད་མ་སྣ་ཚོགས་རྣམས་ཀྱི་ནང་ན་རྒྱུའོ། །དེ་ལྟར་ལས་དགེ་བས་འབྲས་བུ་སྣ་ཚོགས་དག་འབྱུང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་དེ་ལྷའི་འདུན་ས་ཆོས་བཟང་དེ་ཉིད་ལ་ཐོས་པ་ལས་བྱུང་བའི་ཤེས་པས་རྟོག་ཅིང་དེའི་ཚལ་དག་ལ་ཡང་རབ་ཏུ་དཔྱོད་པར་བྱེད་དེ། ལྷའི་དབང་པོ་བརྒྱ་བྱིན་གྱི་ཚལ་དག་ 69-1-112a རྣམ་པ་དུ་ཡོད་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ལྷའི་འདུན་ས་ཆོས་བཟང་དག་ན་ཚལ་ཡོད་ལ། དེ་ལྟར་ཚལ་དེ་རེ་རེ་ལ་རབ་ཏུ་དཔྱོད་པར་བྱེད་དེ། དེའི་ཚལ་བུད་མེད་དགའ་བ་ཞེས་བྱ་བ་དང ། ཀུན་དགའ་ཞེས་བྱ་བ་དང ། དཔེ་མེད་པ་ཞེས་བྱ་ བ་དང ། བཀྲ་བ་ཞེས་བྱ་བ་ཚལ་བཞི་པོ་དེ་དག་ནི་ལྷའི་འདུན་ས་ཆོས་བཟང་དག་ན་ཡོད་དོ། །དེ་ལྟར་དེ་ཚལ་རེ་རེ་དག་ལ་རབ་ཏུ་དཔྱོད་པར་བྱེད་དེ། ཚལ་གང་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང ། ལྷའི་འདོད་པའི་ཡོན་ཏན་ལྔ་ལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་པ་རྣམས་ཀྱིས་དགའ་ཞིང་མགུ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པའི་ཚལ་ནི་གང་ཡིན། དགའ་བར་སྤྱོད་པའི་རྣམ་པ་ནི་དུ་ཞིག་ཡོད་ཅིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བུད་མེད་དགའ་བ་ཞེས་བྱ་བའི་ཚལ་ཡོད་དེ། ཚལ་དེ་ནི་ལྷའི་ཤིང་ལྗོན་པ་དང ། མེ་ ཏོག་དང་འབྲས་བུས་ནི་བརྒྱན། བྱའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོར། ཤིང་དེ་དཔག་བསམ་གྱི་ཤིང་ཞེས་བྱ་ལ། དེ་ལྟར་དེ་དག་ནི་ཇི་ལྟར་འདོད་པ་ཞེས་བྱ་བར་འགྱུར་ཏེ། གང་སུམ་ཅུ་རྩ་གསུམ་དག་ཡིད་ལ་སེམས་པར་བྱེད་པ་དེ་ཚལ་དེ་དག་ལས་རྙེད་པར་འགྱུར་རོ། །དེ་དག་གང་གི་ཚེ་རྩེ་བའི་ ཕྱིར་ཚལ་དེར་ཉེ་བར་འགྲོ་བར་བྱེད་ན་དེའི་ཚེ་ཤིང་ལྗོན་པ་དེ་དག་གི་མེ་ཏོག་ཤིན་ཏུ་བཟང་པོ་རབ་ཏུ་རྒྱས་ཤིང་མེ་ཏོག་ཁ་ཕྱེ་བར་འགྱུར་རོ། །གང་གི་ཚེ་བུད་མེད་དག་ཚལ་དེ་དག་གི་ནང་དུ་ཞུགས་ལ་ཤིང་ལྗོན་པའི་དྲུང་དུ་ཉེ་བར་སོང་སྟེ། ཤིང་ལྗོན་པ་དག་ལས་མེ་ཏོག་རྣམས་ལེན་པར་འདོད་པ་དེའི་ཚེ་ཇི་ ལྟར་བུད་མེད་ཀྱིས་སླེབས་ཙམ་དུ་ཤིང་ལྗོན་པ་དེ་དག་འཕྱང་བར་འགྱུར་རོ། །ཡང་དེ་ལྟར་མེ་ཏོག་གི་རྣམ་པ་དེ་དག་བླངས་པ་དང་།མེ་ཏོག་གི་རྣམ་པ་གཞན་དང ། ཁ་དོག་གཞན་དང ། དྲི་གཞན་དང ། དབྱིབས་གཞན་དང ། རྣམ་པ་གཞན་དག་འབྱུང་བར་འགྱུར་ཏེ། ལྷ་མོ་དེ་དག་གིས་ཇི་ལྟ་ཇི་ ལྟར་བསམས་པ་བཞིན་དཔག་བསམ་གྱི་ཤིང་དེ་དག་གི་དོན་དུ་འབྱུང་བར་འགྱུར་རོ། །ཡང་དཔག་བསམ་གྱི་ཤིང་དེ་དག་རྣམ་པ་གཞན་དུ་སྟོན་ཏེ། རོལ་མོའི་སྒྲའི་རྣམ་པ་ཐོས་ན་ཉམས་དགའ་བ་རྣམ་པ་ལྔའི་བར་དག་འབྱུང་བ་ནི། རྒྱུད་ཅན་དང ། རྔ་དང ། སིལ་དཀྲོལ་དང ། གླིང་བུ་དང ། སྒྲ་ 69-1-112b སྙན་པ་དག་ལྷ་མོ་དེ་དག་གི་ཡིད་ཀྱིས་བསམས་ཤིང ། དེ་བཞིན་དུ་དབྱངས་ཀྱི་རྣམ་པ་མཉན་པར་བྱའོ་སྙམ་མོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་ཤིང་ལྗོན་པའི་ལོ་མ་རྣམས་ཀྱི་ནང་དུ་དགེ་བའི་ལས་ཀྱིས་བསྐྱེད་པའི་རླུང་དེ་དག་རབ་ཏུ་ལྡང་ངོ ། །རླུང་གང་གིས་ལོ་མ་དེ་དག་ལ་དེ་བཞིན་ཕོག་ པ་དང ། དེ་ལྟར་རྣམ་པ་ཇི་སྙེད་ཡོད་པའི་ལོ་མ་དེ་དག་རྣམ་པ་དེ་སྙེད་དུ་དེ་ལྟར་སྒྲ་འབྱིན་པར་བྱེད་དེ། ཇི་ལྟར་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་ཆགས་པར་འོས་པའི་རྒྱུད་ཅན་དང ། རྔ་དང ། སིལ་དཀྲོལ་དང ། གླིང་བུ་དང ། སྒྲ་སྙན་པའི་རྣམ་པ་དེ་དག་ལོ་མ་དེ་དག་ལས་འབྱུང་སྟེ། དེ་བས་ན་དཔག་བསམ་ གྱི་ཤིང་ཞེས་བྱའོ། །ཡང་དཔག་བསམ་གྱི་ཤིང་རྣམ་པ་གཞན་དུ་འགྱུར་ཏེ། ཇི་ལྟར་ལྷ་མོ་འདོད་འགྲོ་དག་སེམས་དང་འཐུན་པའི་རྒྱན་དང ། གོས་དང་འབྲས་བུའི་རྣམ་པ་ཇི་ལྟ་བ་བཞིན་ལྷ་མོའི་ཡིད་ལ་འདོད་ན། དེ་སེམས་བསྐྱེད་མ་ཐག་ཏུ་དཔག་བསམ་གྱི་ཤིང་དེ་དག་ལས་འབྱུང་ཞིང ། དེ་ནས་ཡང་ དེ་མཛེས་པར་འདུག་སྟེ། དེ་བས་ན་དཔག་བསམ་གྱི་ཤིང་ཞེས་བྱའོ། །དེ་དག་ཀྱང་ཁ་ཅིག་བཻ་ཌཱུརྱའི་མདོག་ལ་གསེར་གྱི་ལོ་མ་དང ། ཁ་ཅིག་སྡོང་པོ་གསེར་ལ་དངུལ་གྱི་ཡལ་ག་དང ། བཻ་ཌཱུརྱའི་འདབ་མ་དང ། ཀེ་ར་ཊ་ཀའི་ལོ་མ་དང ། ཁ་ཅིག་ལོ་མ་རིན་པོ་ཆེ་སྣ་བདུན་ལྟ་བུ་ལས་རྣམ་པ་དུ་མ་རོ་བྲོ་བ་ དང ། འབྲས་བུ་དུ་མ་དག་ཐོབ་པར་བྱེད་དོ། །ཡང་དཔག་བསམ་གྱི་ཤིང་རྣམ་པ་གཞན་དུ་བསྟན་པ་དེ་གང་ཞེ་ན། འདི་ལྟ་སྟེ། ལྷ་མོ་གང་དག་བརྒྱ་བྱིན་ལ་ལྟ་བར་སྤྲོ་ན། བརྒྱ་བྱིན་དེའི་དགེ་བའི་ལས་ཀྱིས་སྤྲུལ་པ་སྒྱུ་མ་བྱས་པའི་དབང་པོ་དེ་མཐོང་བར་འགྱུར་ཏེ། དེ་དག་དང་ལྷ་མོ་དག་ལྷན་ཅིག་དགའ་ བར་བྱེད་ཅིང་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ལྟར་དབང་པོ་དེ་དབང་པོ་བྱེ་བ་དེ་སྙེད་སྤྲུལ་པར་བྱེད་དེ། ཤིང་ལྗོན་པ་དེ་དག་གི་དྲུང་དུ་ལྷ་མོ་བྱེ་བ་དགུ་བཅུ་རྩ་དགུ་རེ་རེ་དང ། དབང་པོ་དེ་དག་དང ། ལྷན་ཅིག་རྩེ་ཞིང་ཡོངས་སུ་སྤྱོད་པ་ན། ལྷ་མོ་དེ་དག་གཅིག་ལ་གཅིག་ནི་མི་མཐོང་ངོ ། །གང་དང་གང་གི་ཚེ་ལྷ་ མོ་དག་ཇི་ཙམ་དུ་བརྒྱ་བྱིན་གྱི་ཆ་བྱད་དང ། རྒྱན་གྱི་རྣམ་པ་དག་ཡིད་ལ་སེམས་པ་དེ་སྲིད་དུ་ཆ་བྱད་དང་རྒྱན་གྱི་རྣམ་པ་ཉིད་མཐོང་ནས་གཉིས་སྤྲོད་པར་བྱེད་ལ། དེ་སྲིད་དུ་ཚལ་གྱི་ནང་དུ་རྣམ་པ་དུ་མར་དགའ་བར་བྱེད་ཅིང་ཡོངས་སུ་སྤྲོད་པར་བྱེད་དེ། དེ་བས་ན་དཔག་བསམ་གྱི་ཤིང་ཞེས་བྱའོ། དེ་དག་གལ་ 69-1-113a ཏེ་རབ་ཏུ་འབྱེད་པ་ན། ཚལ་དེའི་ནང་ན་རི་ཡོད་པ་རི་རྩེ་བ་ཞེས་བྱ་བ་མཐོང་སྟེ། རི་དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ཞིང ། རྡོ་རྗེ་མྱུ་གུའི་རྡོ་རྗེ་བཀྲམ་པ་གསེར་གྱི་ལྕུག་མ་ཚང་ཚིང་འདྲེས་པས་ཁྱིམ་བྱས་པ། གསེར་དང་དངུལ་མཐོན་ཀ་ལྟ་བུའི་རི་དགས་རྣམས་ཀྱིས་མཛེས་པར་བྱས་ པ་བྱ་སྣ་ཚོགས་སྐད་འབྱིན་པ། དགའ་བའི་རི་དེ་ལ་ཁང་བཟངས་རྒྱལ་བ་མཆོག་འགྲོ་ཞེས་བྱ་བ་ཀ་བ་སྟོང་ཡོད་དེ། གསེར་དང ། བཻ་ཌཱུརྱ་དང ། མཐོན་ཀའི་ཀ་བ་འདྲེས་པ་རྣམས་ཀྱིས་མཛེས་པར་བྱས་པ། ཀུན་ནས་རྡོ་རྗེ་དང ། མུ་ཏིག་རགས་པ་རྣམས་ཀྱིས་སྤྲས་པ། འཇའ་ལྟ་བུའི་རྣམ་པ་ཁྲི་སྙེད་ ཀྱིས་སྡུག་པར་བྱས་པ། བཻ་ཌཱུརྱའི་སེང་གེའི་ཁྲི་ལ་སྟན་ཁྲ་བོས་གཡོགས་ཤིང ། སྟེང་དུ་གདིང་བ་འཇམ་པོ་བཏིང་བ། ཁང་བཟངས་དེ་ན་བཻ་ཌཱུརྱའི་སྟན་སྟོང་གིས་མཛེས་པར་བྱས་པ། བརྒྱ་བྱིན་ལྷ་དང་ལྷ་མ་ཡིན་དུ་གཡུལ་བཀྱེ་བ་ལས་རྣམ་པར་རྒྱལ་ནས་མཛེས་པར་བྱས་པ་དེ་སུམ་ཅུ་རྩ་གསུམ་གྱི་སར་ སོང་ནས། ལྷ་ཐམས་ཅད་ཀྱི་རང་བཞིན་ལྷ་རྣམས་དང་ལྷན་ཅིག་རབ་ཏུ་དགའོ། །དེ་ནས་ལྷ་མོ་དེ་དག་ཁང་བཟངས་དེར་སོང་ནས་རྩེ་བར་བྱེད། གླུ་ལེན་པར་བྱེད། བྲོ་རྡུང་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། ཕན་ཚུན་རྩེད་མོ་དག་བྱེད་པ་ན། རང་གི་ལས་ངན་པ་དང་བཟང་པོ་དང་འབྲིང་པོ་རྣམས་ ཀྱིས་དགའ་བར་བྱེད་དོ། །དེ་དག་རེས་འགའ་ཁང་བཟངས་རྒྱལ་བ་མཆོག་འགྲོ་དེ་ནས་བབས་ནས། དེ་ནས་ཡང་རི་རྩེ་བ་དེ་ཉིད་ལ་གནས་པར་བྱེད་ཅིང་དེར་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་འདོད་ཆགས་གཅིག་པུ་དོན་དུ་བྱེད་པ་དག་ཕན་ཚུན་དགའ་བར་བྱེད་དོ། །འདི་ལྟར་བུད་མེད་ཐམས་ཅད་ནི་ འདོད་ཆགས་ཀྱི་ཚོགས་དང་ལྡན་པ་ཡིན་ལ། མཐོ་རིས་ན་ཁྱད་པར་དུ་ལྷའི་ཡུལ་དག་ན་ཆེ་བ་ཡིན་ནོ། །དེ་དག་གལ་ཏེ་ཡོངས་སུ་རྒྱུ་བ་ན་རི་དེ་ལ་བཟའ་བ་དང་བཏུང་བ་ཡོད་པའི་སར་ཉེ་བར་འགྲོ་བར་བྱེད་དེ། དེ་ཡང་གཟུགས་དང ། ཁ་དོག་དང ། དྲི་དང ། རོ་སྣ་ཚོགས་ཡོད་ལ་བཏུང་བ་མྱོས་པར་བྱེད་ པ། ལྷའི་གཟུགས་དང ། དྲི་དང ། རོ་ཕུན་སུམ་ཚོགས་པ་རྣམས་ཀྱིས་གང་བ་ཡིན་ནོ། །དེ་ལ་བཏུང་བའི་རྣམ་པ་དེ་དག་ནི་ར་རོ་བའི་སྐྱོན་དང་བྲལ་བ་ཡིན་ཏེ། འདི་ལྟ་སྟེ། དགའ་བར་བྱེད་པའི་བཏུང་བ་གང་འཐུངས་ན་ལྷ་མོ་དག་ཤིན་ཏུ་དགའ་བར་འགྱུར་བ་དང ། མཐོང་བར་བྱེད་པ་ཞེས་བྱ་བའི་བཏུང་བ་ 69-1-113b གང་འཐུངས་ན། མཐོ་རིས་ཀྱི་ཚལ་དང ། ཉེ་བའི་ཚལ་ཐམས་ཅད་རི་གཞན་དུ་མས་ཆོད་ཀྱང་མཐོང་བར་འགྱུར་བ་དང ། རོ་རབ་ཏུ་མང་པོ་ཞེས་བྱ་བའི་བཏུང་བ་རོ་མང་པོའི་འདོད་པ་གང་འཐུངས་ན་སྤྲོ་བ་དང ། ཁ་དོག་དང ། གཟུགས་དང ། སྟོབས་བརྒྱ་འགྱུར་དུ་འགྱུར་བའི་བཏུང་བ་དེ་དག་ལྷ་ མོས་འཐུངས་ནས། ཡང་ཟས་ཀྱི་དོན་དུ་ཟས་ཡོད་པ་དག་ཏུ་འགྲོ་བར་བྱེད་དོ། །དེའི་ཟས་དག་རང་གི་ལས་དང་རྗེས་སུ་འཐུན་པ་ཡིན་ཏེ། ངན་པ་དང ། འབྲིང་དང ། བཟང་པོ་ཡིན་ལ། རོ་དང ། ཁ་དོག་དང ། དྲི་དང ། རེག་པའི་རྣམ་པ་ལས་ཀྱིས་བསྒྲུབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ བཞིན་དུ་བཏུང་བ་དག་ཀྱང་རང་གི་ལས་ཀྱིས་བསྒྲུབས་པའི་ངོ་བོ་སོ་སོར་བསྟན་པ་ཡིན་ཏེ། དེ་དག་གིས་བཏུང་བ་དེ་འཐུངས་ཤིང་ཟས་བདུད་རྩི་དེ་ཡང་ཟོས་ནས། རྩེ་བའི་རི་དེ་ལ་རོལ་མོའི་ས་ག་ལ་བ་དེར་འདོང་ངོ ། །ས་དེ་དག་ན་པི་བང་ཁོག་པ་ནི་བཻ་ཌཱུརྱ་གསེར་གྱི་འདབ་མས་ནི་བརྒྱན། གསེར་སྐུད་རིང་པོས་ནི་རྒྱུད་བྱས་པ་དང ། གསེར་ལས་བྱས་པའི་རྔ་དག་ལས་སྒྲ་སྙན་པ་དག་འབྱུང་ངོ ། །དེ་བཞིན་དུ་སྨྱུག་མའི་ནང་འདྲེས་པའི་སྦུ་གུ་རྣམ་པ་དུ་མ་དག་ཀྱང་ལྷ་མོ་དེ་དག་གིས་མཐོང་སྟེ། དེ་ལྟར་སིལ་དཀྲོལ་དང ། གླིང་བུ་དང ། སྒྲ་སྙན་པ་ལ་སོགས་པ་རོལ་མོའི་རྒྱུ་དུ་མ་དག་ གིས་ཡང་དེ་དག་གི་ཡིད་རབ་ཏུ་དགའ་བར་བྱེད་དོ། །ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེ་རྣམས་རོལ་མོའི་རྒྱུ་དེ་དག་བླངས་ནས། ཕན་ཚུན་ཡང་དག་པར་དགའ་བར་བྱ་བ་དང་།འདོད་ཆགས་སྣ་ཚོགས་སྐྱེད་པ་དང ། ཆགས་པ་མཉམ་པ་དང ། ཚང་ཚིང་ན་གནས་པ་མྱོག་ཅེས་བྱེད་པ་དང ། ཤིན་ཏུ་འདོད་ཆགས་སྐྱེད་པ་ཕུན་སུམ་ཚོགས་པ་བྱ་བའི་ཕྱིར་རོལ་མོ་དག་བྱེད་དོ། །དེ་ནས་ཡང་དེ་དག་གིས་རོལ་མོ་དེ་བྱས་ནས་དྲིལ་བུ་གཡེར་ཀ་ཡོད་པའི་ས་ག་ལ་བ་དེར་འདོང་ངོ ། །ས་དེ་དག་ན་དྲིལ་བུ་གཡེར་ཀ་སྒྲ་མང་པོའི་ཚོགས་དག་འཁྲོལ་ཏེ། གང་དག་རླུང་གིས་བསྐྱོད་པའི་སྒྲ་རྣམ་པ་བརྒྱ་ ཕྲག་དུ་མ་དག་གྲག་གོ། །དེ་དག་གིས་སྒྲ་དེ་ཐོས་ནས་ཡང་ཆ་བྱད་དང ། གཟུགས་དང་རྒྱན་སྣ་ཚོགས་ཐོགས་པ་རྣམས་ཤིན་ཏུ་དགའ་སྟེ། བྲོ་གར་བྱེད། དགོད་པར་བྱེད། གླུ་ལེན་ནོ། །སྒྲ་དེས་ཚིམ་ནས་ཡང་དེ་ནས་བབས་ཏེ། ངང་པ་དང ། ངུར་པས་མཛེས་པར་བྱས་པའི་རྫིང་ག་ལ་བ་དེར་འདོང་བར་བྱེད་ 69-1-114a དེ། བྱ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པ་དང ། གསེར་དང ། དངུལ་གྱི་མདོག་ལྟ་བུའི་བྱའི་ཚོགས་གཞན་རྣམས་ཀྱིས་ཀྱང་རྫིང་མཛེས་པར་བྱས་པ་དེ་དང་དེ་དག་ཏུ་ཆུ་ལ་རྩེ་བའི་ཕྱིར་ཞུགས་སོ། །སེར་སྣ་དང་ཕྲག་དོག་དང་བྲལ་བ་དེ་དག་ཐམས་ཅད་དེར་བབས་ནས། པད་མའི་སྡོང་བུ་གསེར་ དང་དངུལ་དང་བཻ་ཌཱུརྱ་ལྟ་བུ་རྣམས་ཀྱིས་ཕན་ཚུན་རྡེག་པར་བྱེད་ལ། དེ་དག་ཡུན་རིང་དུ་ཅ་ཅོའི་སྒྲ་དང ། ཆུ་ཡན་ལག་བརྒྱད་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་ཡུན་རིང་དུ་རྩེས། བྱའི་ཚོགས་རྣམས་དང་ཡང་ལྷན་ཅིག་རྩེས་ནས། དེ་ནས་ཡང་རྒྱགས་པ་དུ་མ་བྱེད་པ་རྒྱགས་པ་ལ་དགའ་བ། རྒྱགས་པ་དོན་དུ་གཉེར་བ། རྒྱགས་པའི་ངོ་བོ་རྒྱགས་པས་ངོམས་མི་མྱོང་བ། ཡུལ་ལ་བརྐམ་པ་དག་ས་རིས་གཞན་དག་ཏུ་འདོང་བར་བྱེད་དེ། ཚལ་མེ་ལོང་ཚལ་ཞེས་བྱ་བ་དེར་དོང་ངོ ། །དེར་བདག་ཉིད་ཀྱི་གཟུགས་བརྙན་ཆ་བྱད་དང ། རྒྱན་བཟང་པོས་བརྒྱན་པར་གྱུར་པ་མཐོང་སྟེ། བདག་ཉིད་ ཀྱི་གཟུགས་བརྙན་ཡོན་ཏན་སྣ་ཚོགས་ཕུན་སུམ་ཚོགས་པ་དེ་ཉེ་བར་མཐོང་ཞིང་མེ་ལོང་གི་དཀྱིལ་འཁོར་སྣ་ཚོགས་སུ་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་དང ། ཆ་བྱད་དང ། རྒྱན་ཕུན་སུམ་ཚོགས་པ་མཐོང་ངོ ། །དེར་མཐོང་ནས་དེ་ནས་ཡང་གཟུགས་ཀྱིས་རྒྱགས་པ་བཅུ་འགྱུར་དུ་འཇུག་སྟེ།གང་གི་ཕྱིར་བུད་མེད་རྒྱགས་པས་མྱོས་པ་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། གཟུགས་ཀྱིས་རྒྱགས་པ་དང ། སྐྱེས་པས་རྒྱགས་པ་དང ། ང་རྒྱལ་གྱིས་རྒྱགས་པའོ། །དེ་དག་རང་གི་གཟུགས་རྒྱགས་པས་མྱོས་པ་མཐོང་ནས། གཞན་དག་ལ་བུད་མེད་ཀྱི་གྲངས་སུ་ཆུང་ཟད་ཀྱང་མི་རྩིའོ། །དེ་ནས་ ཡང་མེ་ལོང་གི་ས་དེ་ལས་གཞན་པ་དུས་ཚིགས་ཐམས་ཅད་ཅེས་བྱ་བའི་ཚལ་དུ་འདོང་བར་བྱེད་དེ། ཚལ་དེ་ན་དུས་ཚིགས་དྲུག་རྟག་ཏུ་ཡོད་ལ་འཁོར་ལོ་བཞིན་ཡོངས་སུ་འཁོར་བ་ཡིན་ཏེ། འདི་ལྟ་སྟེ། དགུན་དང ། དགུན་སྨད་དང ། དཔྱིད་དང ། སོས་ཀ་དང ། དབྱར་དང ། སྟོན་ཏོ། །ཚལ་དེ་ ཀུན་ནས་དུས་ཚིགས་དང་འཐུན་པར་ས་རིས་དང ། ཚལ་གྱི་བྱ་ཁ་དོག་བཟང་པོ་དུ་མ་རྣམས་དང་དུས་ཚིགས་དང་འཐུན་པར་འགྲོ་བ་རྣམས་ཀྱིས་སྡུག་པར་བྱས་པའི་ཚལ་དེར་བདེ་བར་གནས་པར་བྱ་བའི་ཕྱིར་དོང་ངོ ། །ཕན་ཚུན་གྲོགས་བྱེད་པ། ཕན་ཚུན་ཐབ་མོ་དང་ཕྲག་དོག་གིས་མི་དགའ་ 69-1-114b བ་མེད་པ། ཕན་ཚུན་འཛེམ་པ་མེད་པ་ཕན་ཚུན་སྡུག་ཅིང་བྱམས་པ། དེ་རྣམས་ཚལ་དེ་མཐོང་ནས་དུས་ཚིགས་གང་ཡིན་པ་དང་འདོད་པ་གང་ཡིན་པའི་ཚལ་དེར་དེ་རྣམས་དོང་སྟེ། ཚལ་དེ་ན་དུས་ཚིགས་དང་འཐུན་པར་རྩེ་དགའ་བར་བྱེད་དོ། །དུས་ཚིགས་ཀུན་སོ་སོར་བྱུང་བའི་ཚལ་ན་དུས་ཚིགས་ སྣ་ཚོགས་སུ་བྱུང་བ་རྣམས་ཀྱིས་ཡིད་ལ་རྩེ་བའི་རྣམ་པ་སྐྱེས་པ་ལྷ་མོ་དེ་དག་དང་བྱའི་ཚོགས་དང་ལྷན་ཅིག་ཇི་སྲིད་གཞན་དུ་སྤྲོ་བ་མ་སྐྱེས་པ་དེ་སྲིད་དུ་དགའ་བར་བྱེད་རྩེ་བར་བྱེད་དོ། །དེ་ནས་ཡང་རྩེ་ཞིང་གནས་པ་ཡིད་རབ་ཏུ་དགའ་བ་དེ་དག་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་དོང་སྟེ་ཁྱིམ་ཐབ་དེ་ མངོན་པར་མཐོང་ནས་ཆོ་ག་སྣ་ཚོགས་ལ་མཁས་པའི་ལྷ་མོ་དེ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཏེ། བྲོ་གར་བྱེད། དགོད་པར་བྱེད། གླུ་དབྱངས་ལེན་ཏོ། །དེ་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཚལ་གཅིག་ལ་ཡོན་ཏན་གྱི་རྣམ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ལྷའི་རྒྱལ་པོ་བརྒྱ་བྱིན་ གྱི་ཚལ་གཅིག་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་ཡང་དགེ་སློང་དེ་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཚལ་གཉིས་པ་ལ་རྟོག་པར་བྱེད་དེ།ཚལ་དེ་རྣམ་པ་ནི་དུ་ཡོད། མིང་ནི་ཇི་སྐད་བཏགས་ཞིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚལ་ཀུན་དགའ་ཞེས་བྱ་བ་ཡོད་དེ། ཚལ་དེ་ན་ཡོན་ཏན་དུ་ཡོད་ཅིག་གུ་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ཚལ་དེ་ནི་ངོ་བོ་ཉིད་ཀྱིས་ཀུན་དགའ་བ་ཡིན་ཏེ། ཚལ་དེ་ན་ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་བས་ནི་ཀུན་དུ་གང ། ཐམས་ཅད་ནས་རྟག་ཏུ་དོག་ཅིང་ཕན་ཚུན་གྱི་གདོང་ མཐོན་པོ་གཞན་དང་གཞན་འབྱེས་པ་སྐྱེད་པར་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷའི་བུ་མོ་འབུམ་གྱིས་ཡོངས་སུ་བསྐོར་ཏེ། དགའ་སྤྱོད་ལ་གནས་པར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་དེ་འགྲོ་བ་ན་སྐྱེད་མོས་ཚལ་དུ་འགྲོ་བའི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་གི་རྒྱུ་བཻ་ཌཱུརྱ་ལས་ བྱས་ཤིང་དྲིལ་བུ་གཡེར་ཀ་མང་པོ་འཕྱང་བ་ཁ་ཅིག་རྟ་མགོ་བོ་འཛམ་བུའི་ཆུ་བོའི་གསེར་གྱིས་བརྒྱན་ཅིང ། རྩིབ་ལོགས་དངུལ་གྱིས་གཏམས་ལ་རིན་པོ་ཆེ་སྣ་བདུན་གྱིས་མཛེས་པར་བྱས་པས་ཁྲིད། ཁ་ཅིག་ནི་ངང་པས་ཁྲིད། ཁ་ཅིག་ནི་ནམ་མཁའ་ལ་འགྲོ། ཁ་ཅིག་ནི་ས་ལ་འགྲོ་ལ། གླུ་ 69-1-115a དབྱངས་དང ། སིལ་སྙན་དང ། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་བའི་ལྷའི་གཙོ་བོ་དག་ཞུགས་ཏེ། བརྒྱ་བྱིན་གྱི་འཁོར་བྱས་ནས་དོང་ངོ ། །བལ་གླང་བརྒྱད་ཁྲི་བཞི་སྟོང་གི་ལུས་གསེར་གྱི་དྲ་བས་གཡོགས་ཤིང ། ལུས་ལ་དྲིལ་བུ་གཡེར་ཀ་ནི་འཕྱང ། ལུས་ལ་སྟན་ ཁྲ་བོ་དང་གདིང་བས་ནི་གཡོགས། འགྲམ་པ་ལ་དངུལ་གྱི་ཐིག་ལེ་གསལ་བ་ནི་འཛག་།ལྷའི་རོལ་མོའི་གླུ་དབྱངས་དག་ལེན་པ་ན། ལྷའི་གཙོ་བོ་དག་ཞོན་ཏེ། བརྒྱ་བྱིན་གྱི་ངོ་འབའ་ཞིག་ཏུ་ལྟ་བས་བརྒྱ་བྱིན་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་དུ་འདོང་ངོ ། །ལྷ་མོ་བརྒྱད་ཁྲི་བཞི་སྟོང་ཆ་ བྱད་དང་རྒྱན་སྣ་ཚོགས་ཐོགས་ཤིང་ཁ་དོག་དང ། གཟུགས་སྣ་ཚོགས་སུ་འདུག་པ་དག་བརྒྱ་བྱིན་འབའ་ཞིག་ལྟ་ལ། ཁ་ཅིག་ནི་བྲོ་གར་བྱེད། ཁ་ཅིག་ནི་གླུ་ལེན། དེ་དག་གི་ནང་ན་ཁ་ཅིག་ནི་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་བྱེད། ཁ་ཅིག་ནི་རྩེད་མོ་སྣ་ཚོགས་བྱེད་ཅིང་སྐྱེད་མོས་ཚལ་དུ་དགའ་ སྤྱོད་བྱེད་དུ་འདོང་ངོ ། །བྲོ་གར་མཁན་ཆ་བྱད་རྣམ་བཞི་དང ། གཟུགས་དང ། ཆ་བྱད་སྣ་ཚོགས་དང་ལྡན་པ་དག་ཀྱང་བྲོ་གར་བྱེད། རྩེད་མོ་བྱེད་ཡོངས་སུ་སྤྱོད་པར་བྱེད་པ་དག་བརྒྱ་བྱིན་གྱི་ངོ་འབའ་ཞིག་ཏུ་ལྟ་ཞིང་སྐྱེད་མོས་ཚལ་ག་ལ་བ་དེར་དགའ་སྤྱོད་བྱེད་དུ་འདོང་སྟེ། ལྷའི་དབང་པོ་བརྒྱ་ བྱིན་བདེ་སོགས་དང་ལྷན་ཅིག་དེ་དག་གི་ནང་དུ་ཞུགས་ནས། ཤིང་རྟ་རྩིབས་བརྒྱ་པ་བཻ་ཌཱུརྱ་དང ། གསེར་དང ། སྤུག་དང ། པད་མ་རཱ་ག་དང ། ན་ད་རྙིལ་དང ། མཐོན་ཀ་ཆེན་པོས་བརྒྱན་པའི་ཤིང་རྟ་གང་ཡིན་པ་དེ། ངང་པའི་ལུས་ནི་འཛམ་བུ་ཆུ་བོའི་གསེར་རྐང་པ་ནི་བྱི་རུ། མིག་ནི་རིན་ པོ་ཆེ་ཀེ་ཀེ་རུ། ལུས་ནི་པད་མ་རཱ་ག་།མཆུ་ནི་བྱི་རུ། སྒྲོ་ནི་མུ་ཏིག་གི་མདོག་ལྟ་བུ་སྟོང་ཕྲག་བརྒྱ་སྙེད་ཀྱིས་ཤིང་རྟ་དེ་འདྲེན་པར་བྱེད་དེ། བརྒྱ་བྱིན་གྱི་ཡིད་ལ་འདོད་པ་བཞིན་དུ་འགྲོ་བར་བྱེད་དོ། །ཤིང་རྟ་མཆོག་དེའི་ནང་ན་བརྒྱ་བྱིན་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང ། ཉི་མ་བརྒྱ་བས་ལྷག་པའི་ གཟི་དང་ལྡན་པ་བདེ་སོགས་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ ། །ལྷ་མོ་ཐམས་ཅད་ཀྱི་ནང་ན་བདེ་སོགས་གཟུགས་དང་ཆ་བྱད་དང ། རྒྱན་བརྒྱ་འགྱུར་གྱིས་ཕུན་སུམ་ཚོགས་ལ་དེ་རིན་པོ་ཆེས་བརྒྱན་ཏེ། བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་ནས། སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ ། །སུམ་ 69-1-115b ཅུ་རྩ་གསུམ་གྱི་ལྷ་དེ་དག་ཐམས་ཅད་དེ་ལྟར་ལྷའི་བདེ་བ་དང་ནི་ལྡན། ལྷའི་སྒྲ་དང ། རེག་པ་དང ། རོ་དང ། གཟུགས་དང ། དྲིའི་རེག་པས་མྱོས་ཤིང་ལྷའི་དབང་པོ་བརྒྱ་བྱིན་ལྷ་ཀུན་གྱིས་ཡོངས་སུ་བསྐོར་ཏེ། ཚལ་དང་ཉེ་བའི་ཚལ་དག་ཡང་དག་པར་ལྟ་བར་བྱེད་ལ་གསེར་གྱི་ཤིང་རྟའི་ནང་དུ་ཞུགས་ཏེ། བདེ་སོགས་དང་ལྷན་ཅིག་སྔ་མ་བཞིན་དུ་ཀུན་དགའི་ཚལ་ག་ལ་བ་དེར་འདོང་ངོ ། །ལྷའི་བདག་པོ་དེ་བདེ་བ་རྣམ་པ་བརྒྱ་སྟོང་ཕྲག་དུ་མ་དག་ཉེ་བར་སྤྱོད་པ་ན། ཤིང་རྟ་དང ། གླང་པོ་ཆེ་དང ། ལྷ་དང ། ལྷའི་བློན་པོ་གླུ་དང ། སིལ་སྙན་དང ། དབྱངས་དང ། རོལ་མོའི་སྒྲ་རྣམས་ཀྱིས་མངོན་པར་མཆོད་ཅིང་ ཀུན་དགའི་ཚལ་ག་ལ་བ་དེར་གནས་པར་བྱ་བའི་དོན་དུ་འདོང་ངོ ། བརྒྱ་བྱིན་དེ་ལྟར་འགྲོ་བ་ན་གང་དེའི་ཚལ་དེ་ན་ལྷ་མོ་སྒེག་མོ་འཁོད་པ་དེ་དག་གིས་གླུ་དང ། རོལ་མོའི་སྒྲ་དང ། སིལ་སྙན་སྣ་ཚོགས་ཐོས་པ་དེ་དག་ལྷ་གཞན་རྣམས་དང་ལྷན་ཅིག་ཏུ་དེ་ཐོས་ཏེ་ཡིད་རབ་ཏུ་དགའ་ནས་རྒྱུག་པར་བྱེད་དོ། །དེ་དག་ལག་ན་པད་མ་ཐོགས་ཤིང་སིལ་སྙན་སྣ་ཚོགས་དང ། གླུ་དབྱངས་ཉེ་བར་ལེན་ལ་ཚལ་དེ་ནས་འབྱུང་བར་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་དག་མཐོང་ནས་རང་གི་ལྷ་དག་ལ་སྨྲས་པ། ཀྱེ་ལྷ་རྣམས་ལྷ་མོ་འདི་དག་ནི་ཀུན་དགའི་ཚལ་ནས་ང་མཐོང་སྟེ་བསུར་འོངས་ལ། སིལ་སྙན་དང ། རོལ་མོའི་སྒྲ་བྱུང་བ་དང ། གཞན་ཡང་རིན་པོ་ཆེའི་ཆ་བྱད་དང ། གཟུགས་རྣམ་པ་དུ་མ་ཡོད་པ་དེ་དག་ལ་ལྷ་རྣམས་ལྟོས། གང་ལྷ་མོ་དེ་དག་དང་བདག་ཅག་ལྷན་ཅིག་ལྷའི་ཚལ་སྐྱེད་མོས་ཚལ་དུ་རྩེ་ཞིང་དགའ་སྤྱོད་བྱེད་དུ་འདོང་ངོ ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་དེ་ཐོས་ནས་ལྷ་རྣམས་ ཀྱིས་ཚིག་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་ལྷ་མོ་འདི་དག་ཐམས་ཅད་ནི་ཁྱོད་ཀྱི་ལགས་ཏེ། སྐྱབས་ཁྱོད་ལགས། རྟེན་ཁྱོད་ལགས། མགོན་ཁྱོད་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་འདི་སྐད་ཅེས་སྨྲས་སོ། །འདི་དག་གི་གཙོ་བོ་ནི་ང་མ་ཡིན་ཏེ། རྟེན་ང་མ་ཡིན། སྐྱབས་ ང་མ་ཡིན། འདི་དག་ནི་ངའི་མ་ཡིན་ནོ། །འདི་དག་ལས་ཀྱི་མཐུས་རབ་ཏུ་རྒྱུག་པ་ཡིན་ཏེ། བདག་པོ་ལས་ཡིན། རྟེན་ལས་ཡིན། རྟོན་པ་ལས་ཡིན་ཏེ། ལས་ངན་པ་དང ། འབྲིང་དང ། བཟང་པོ་གང་ཡིན་པ་དེ་དག་གིས་དེ་ལྟར་འགྱུར་ལ། ལས་ཀྱི་དབང་དེ་དག་གིས་ངན་པ་དང་། 69-1-116a འབྲིང་དང ། བཟང་པོར་བྱས་པ་ཡིན་གྱི་ངའི་མཐུ་ནི་མ་ཡིན་ནོ། །དེ་ནས་དེའི་ཚེ་འདི་ལྟར་ལྷ་རྣམས་ཀྱི་དབང་པོས་ཚིགས་སུ་བཅད་དེ་སྨྲས་པ། ལས་ངན་པས་ནི་ལུས་ཅན་རྣམས། །འགྲོ་བ་དག་ནི་ངན་པར་འགྱུར། །འབྲིང་དག་གིས་ནི་འབྲིང་དུ་མཐོང ། །དེ་བས་བཟང་བ་མི་ རྣམས་སོ། །གང་གིས་གང་དུ་གང་གི་ཚེ། །གང་བྱས་ལས་ནི་རྗེས་མྱོང་བ། །དེ་ཡིས་དེར་ནི་དེ་ཡི་ཚེ། །ལས་དེ་ལུས་ལ་རྣམ་སྨིན་འགྱུར། །ལྷ་ཁང་འོད་ཀྱི་ཕྲེང་བ་ཅན། །བདེ་བའི་རྣམ་པས་རྩེ་བྱེད་པ། །དེ་ནི་དགེ་བའི་འབྲས་བུར་མཐོང ། །ཁྱད་པར་དུ་ནི་དྲི་མ་མེད། །མི་ནི་ལས་ དག་གང་བྱེད་པ། །དགེ་འམ་ཡང་ན་མི་དགེ་བྱེད། །དེ་ཡི་འབྲས་བུ་དེ་ཚེ་མཐོང ། །བདེ་འམ་ཡང་ན་མི་བདེར་འགྱུར། །བདེ་བའི་རྣམ་པ་འདི་རྣམས་ཀྱིས། །ལྷ་དག་དུ་མར་རྩེ་བ་གང ། །དེ་རྒྱུ་ང་ཡི་མ་ཡིན་ཏེ། །རྒྱུ་དེ་སྔོན་ནི་བྱས་པ་ཡིན། །དེ་ནས་ལྷ་དེ་རྣམས་ཀྱིས་བརྒྱ་བྱིན་དེའི་ཁ་ ནས་ཚིགས་བཅད་དེ་དག་ཐོས་ཏེ་རྗེས་སུ་ཡི་རང་ལ་སྤྱི་བོས་བླངས་ནས། ཡང་སྐྱེད་མོས་ཚལ་དུ་གནས་པར་བྱ་བའི་ཕྱིར། སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ ། །དེ་ནས་ལྷ་མོ་སྟོང་ངམ། སྟོང་ཕྲག་བརྒྱ་དེ་དག་སོ་སོའི་ལག་པ་པད་མས་བྲེལ་ཅིང ། ཆ་བྱད་དང ། གཟུགས་དང ། རྒྱན་སྣ་ཚོགས་ ཐོགས་པ་ཡིན་ཏེ། འདི་ལྟར་ལྷ་མོ་དེ་དག་ཕན་ཚུན་སོ་སོ་ན་ཆ་བྱད་དང ། གཟུགས་དང ། འགྲོས་དང ། གླུ་དབྱངས་དང ། རོལ་མོ་བྱེད་པ་དག་མི་འདྲ་བ་ཡིན་ནོ། །དེ་ལྟར་དགེ་བའི་ལས་དུ་མས་སྤྲུལ་པའི་ལྷ་མོ་བརྒྱ་འམ་སྟོང་དེ་དག་ཤིན་ཏུ་མཁས་པས་སྤྲུལ་པ་ཡིན་ནོ། །དེ་ནས་དེ་དག་ཐམས་ ཅད་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེ་ལོགས་སུ་ཕྱོགས་ཤིང་བྲོ་གར་བྱེད་ལ། ཀུན་དགའི་ཚལ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེར་སྔར་འཇུག་པ་ན་དངུལ་གྱི་ཤིང་ལྗོན་པ་རྣམས་དང ། དངུལ་གྱི་འདབ་མ་དང ། དངུལ་གྱི་ས་གཞི་དང ། དངུལ་གྱི་མདོག་ལྟ་བུ་རྣམས་ཀྱིས་མཛེས་ པར་བྱས་པ། བྱ་ཐམས་ཅད་ཀྱང་དངུལ་གྱི་བྱ་སྟེ། བྱའི་ཚོགས་ཀྱི་རྣམ་པས་ཀུན་དུ་གང་ལ། སྒྲ་རྣམ་པ་སྣ་ཚོགས་འབྱིན་པས་མཛེས་པར་བྱས་པ་དང་པོ་ཉིད་དུ་ལྷའི་དབང་པོ་བརྒྱ་བྱིན་ཞབས་འབྲིང་བ་དང ། ལྷན་ཅིག་འཇུག་པར་བྱེད་དོ། །དེ་འཇུག་པ་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་ 69-1-116b བརྒྱན་པའི་འོད་དང། ཚལ་དངུལ་གྱིས་བརྒྱན་པའི་འོད་གང་ཡིན་པའི་འོད་གཉིས་པོ་དེ་དག་ཕན་ཚུན་འཁྲིལ་བ་ལྟ་བུར་འབྱུང་ཞིང་འོད་དག་གིས་ནམ་མཁའ་བརྒྱན་པ་ལྟ་བུར་ཡང་འབྱུང་ངོ ། །བརྒྱ་བྱིན་དེ་ཡང་ཡིད་རབ་ཏུ་དགའ་ལ། ལྷ་མོ་དེ་དག་སོ་སོའི་གླུ་ཤིན་ཏུ་སྙན་ཅིང་སྙོམས་པ་ལེན་ ཏེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཕྱད་པར་བྱེད་དོ། །ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང ། དེ་བཞིན་དུ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་སྔ་མ་བཞིན་ཏེ། ནོར་བུ་དང ། དྲིལ་བུ་གཡེར་ཀ་དང ། གླིང་བུའི་སྒྲ་རྣམས་ཐོས་ནས། ལྷ་མོ་སྟོང་ཕྲག་དུ་མ་རྣམས་ཀྱིས་བསྟོད་ཅིང་ ལྷ་མོ་འབུམ་ཕྲག་དགུ་བཅུ་རྩ་དགུས་ཡོངས་སུ་བསྐོར་བ་ཡིན་ཏེ། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་གི་ལུས་དང་སེམས་ཀྱི་བདེ་བ་གང་ཡིན་པ་དེ་ནི་དཔེ་བྱ་བར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་གི་ལྷའི་གནས་པ་དང ། ཁ་ཟས་ཀྱི་བདེ་བ་དེ་ནི་གཞན་ དང་མི་འདྲའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་པ་དངུལ་གྱི་ཚལ་དེའི་ནང་དུ་ཞུགས་ནས། ལྷའི་ཚོགས་དང་ལྷ་མོའི་ཚོགས་ཐམས་ཅད་དང་བཅས་པ་ཡུན་རིང་དུ་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། ཡུལ་གྱི་བདེ་བ་དེས་མཆོག་ཏུ་བདེའོ། ། དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་རྩེ་ཞིང་གནས་པའི་དོན་དུ་ཡང་ལྷ་མོའི་ཚོགས་ཐམས་ཅད་དང ། ཤིང་རྟ་དང ། གླང་པོ་ཆེ་རྣམས་དང་བཅས་པ་སྔ་མ་བཞིན་ཚལ་དེ་ག་ལ་བ་དེར་འདོང་ངོ ། །དེར་ཕྱིན་ནས་གསེར་གྱི་ཚལ་གཉིས་པ་གསེར་བཙོ་མའི་ཁ་དོག་ལྟ་བུ་དང་དེ་བཞིན་དུ་འབྲས་ བུ་རྣམས་ཀྱིས་མཛེས་པར་བྱས་པ་མཐོང་ངོ ། །མི་ལྔའི་ཞེང་གི་ཚད་ཙམ་གྱི་འབྲས་བུ་རོ་སྦྲང་རྩི་ལྟར་མངར་ལ་དྲིའི་རྣམ་པ་ཕུན་སུམ་ཚོགས་པའི་འབྲས་བུ་དེ་གང་ཟོས་ན། ཤིན་ཏུ་དྲེགས་པ་སྐྱེ་བར་འགྱུར་བ་མཐོང་ནས་ཡལ་ག་བཀུག་སྟེ་འབྲས་བུ་དེ་དག་གླང་པོ་ཆེ་རྣམས་ཀྱིས་ཟ་བར་ བྱེད་དོ། །དེ་ནས་འབྲས་བུ་ཟོས་པའི་གླང་པོ་ཆེ་དེ་དག་མྱོས་ཏེ་འགྱིང་ཞིང་འགྲོ་བ་རྣམས། ཇི་ལྟར་ལྷ་རྣམས་ཀྱང ། ཀྱེ་ཨེ་མ་གླང་པོ་ཆེ་མྱོས་ཤིང་འགྱིང་ལ་འགྲོ་བ་རྣམས་འབྲས་བུའི་རོ་ཐམས་ཅད་ཟོས་ནས་མྱོས་ཏེ། རབ་ཏུ་གར་བྱེད་པ་ངོ་མཚར་དུ་བྱེད་པ་དེ་ལྟར་སིལ་སྙན་གྱི་སྒྲ་དེས་ལྷན་ཅིག་ 69-1-117a གར་བྱེད་དོ། །དེ་བཞིན་དུ་གསེར་གྱི་ཚལ་དེ་ན་བྱའི་ཚོགས་དུ་མ་སྒྲ་འབྱིན་ལ། ཚལ་དེ་ན་བྱ་དངུལ་གྱི་ཁ་དོག་ཅན་དེ་དག་དེ་རྣམས་ལ་ཆགས་ཤིང་འདུག་པས་ཤིན་ཏུ་མཛེས་པར་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷ་མོ་དེ་དག་དང ། ལྷན་ཅིག་ལྷ་དེ་དག་དང་ཡང་ ལྷན་ཅིག་ལྷའི་བུ་མོ་བདེ་སོགས་དང་ཡང་བདག་ཉིད་ལྷན་ཅིག་ཏུ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་རྩེ་བར་བྱེད་ཚིམ་པར་བྱེད་དོ། །ལྷ་དེ་དག་ཀྱང་རང་གི་སླས་རྣམས་ཀྱི་ནང་ན་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། གླུ་དབྱངས་ལེན། བྲོ་གར་བྱེད། དགོད་པར་བྱེད་དེ། ལེགས་པ་བྱས་པའི་ལྷ་རྣམས་ཕན་ཚུན་ཕྲག་དོག་དང ། སེར་སྣ་དག་མེད་པར་རྩེད་མོ་བྱེད་དོ། །དེ་ནས་གསེར་གྱི་ཚལ་དེའི་ནང་ན་ཆུ་བསིལ་བ་ཞེས་བྱ་བའི་རྫིང་བུ་གཉིས་པ་ཡོད་དེ། དེ་ཡང་གསེར་དང་བཻ་ཌཱུརྱའི་པད་མ་རྣམས་ཀྱིས་བཀྲ་བར་བརྒྱན་པ་ཡིན་ལ། སུམ་ཅུ་རྩ་གསུམ་ན་གནས་ པའི་ལྷ་རྣམས་དང ། ལྷའི་འདུན་ས་ཆོས་བཟང་ན་གནས་པ་བརྒྱ་བྱིན་གྱི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་དག་གིས་ཡོངས་སུ་བསྐོར་ཏེ། རྫིང་དེ་དག་གི་འགྲམ་ན་ལྷ་མོའི་ཚོགས་རྣམས་དང་ལྷན་ཅིག་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་རྣམས་ཀྱིས་རྩེ་བར་བྱེད་དེ། ཡོངས་སུ་སྤྱོད་པར་ བྱེད་དོ། །དེ་ནས་ཡང་ཁང་པ་ཆོས་བཟང་གི་ནང་ན་ལྷ་འཁོད་པ་དེ་དག་ཚལ་ཀུན་དགའ་ག་ལ་བ་དེར་འདོང་ངོ ། །ཚལ་དེའི་ནང་ན་བཻ་ཌཱུརྱའི་ཤིང་ལྗོན་པས་མཛེས་པར་བྱས་ཤིང ། གསེར་གྱི་མདོག་གི་འབྲས་བུས་བརྒྱན་པ་ཡིན་ལ། ལྷའི་འབྲས་བུ་དེ་དག་གི་ནང་དུ་ཁུ་བ་ཞིམ་ པོས་ཇི་ལྟར་གང་བ་ནི་འཛམ་བུའི་གླིང་ན་ནཱ་ཌི་ཀེ་རྱ་དང ། པ་ནས་བཞིན་ནོ། །ཤུན་པ་སྲ་བའི་ནང་ན་འབྲས་བུ་མངར་བ་ཞེས་བྱ་བ་དྲི་ཞིམ་ལ། མདོག་བཟང་པོ་མང་བ་ཡོད་དེ། དེ་ནས་ལྷ་དེ་དག་གིས་འབྲས་བུ་དེ་བླངས་ནས་གཤགས་ཏེ་འཐུང་ངོ ། །སྦྲང་རྩི་བས་ལྷག་པའི་ རོ་ཡོད་པ་འཐུངས་ནས་ཀྱང་མྱོས་པའི་ཉེས་པ་དང ། འབྲེལ་བས་མྱོས་སོ། །དེ་ནས་ལྷ་དག་མྱོས་པ་རྣམ་པ་གསུམ་གྱིས་མྱོས་པར་འགྱུར་ཏེ། འདི་ལྟ་སྟེ། བུད་མེད་ཀྱིས་མྱོས་པ་དང ། འབྲས་བུའི་ཁུ་བས་མྱོས་པ་དང ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་ 69-1-117b མྱོས་པ་ཡིན་ཏེ། དེ་ལྟར་ལྷ་རྣམས་ལྷ་མོའི་ཚོགས་དག་དང་ལྷན་ཅིག་མྱོས་པ་རྣམ་པ་གསུམ་གྱིས་མྱོས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་བརྒྱ་བྱིན་གྱི་འདུན་སར་འགྲོ་བ་དང་ལྷན་ཅིག་བདུད་རྩི་ལ་ཟ་སྟེ། རང་གི་ལས་ཀྱི་འབྲས་བུ་ཚོང་པ་ལྟ་བུས་བསྒྲུབས་པའི་བདུད་རྩི་དེ་བླངས་ནས་ཟ་་ བར་བྱེད་དོ། །བརྒྱ་བྱིན་ལྷའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་ཡུལ་ནས་ཡུལ། གནས་ནས་གནས་སུ་སོང་སྟེ། དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །བཻ་ཌཱུརྱའི་ཚལ་དེ་དག་ཐམས་ཅད་བྱ་དང ། བུང་བ་དང ། དྲིལ་ བུ་གཡེར་ཀ་དང ། རོ་སྣ་ཚོགས་དག་གིས་ཉམས་དགའ་བ་ཡིན་ཏེ། ཚལ་དེར་ཡུན་རིང་དུ་དགའ་བར་བྱས་སོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་དེ་དག་ཉིད་དང ། ལྷའི་འདུན་ས་ཆོས་བཟང་དུ་འཇུག་པར་བྱེད་དོ། །དེ་ནས་ཡང་ལྷའི་འདུན་ས་ཆོས་བཟང་ན་ལྷའི་ ཚལ་གསུམ་པ་དཔེ་མེད་པ་ཞེས་བྱ་བ་ཡོད་དེ། ཚལ་ངོ་བོ་ཉིད་ཀྱིས་དཔེ་མེད་པ་གང་ཡིན་པ་དེར་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་བུ་ལྔ་བརྒྱ་རང་གི་སླས་ཀྱིས་ཡོངས་སུ་བསྐོར་ནས་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། འདི་དག་ནི་འབྱོར་པ་ཡིན་ནོ། །དེའི་འོག་ཏུ་རྒྱས་པ་ནི་འདི་ ལྟ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་དེ་དག་འདི་ལྟ་བུ་ཡིན་ཏེ། ཐམས་ཅད་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཐམས་ཅད་ཡང་དག་པའི་ལྟ་བ་དང་ལྡན་པ། ཡང་དག་པའི་ལྟ་བ་སྔར་བླངས་པའི་ལྷ་རྣམས་ལྷ་དང་ལྷ་མ་ཡིན་ལས་རྣམ་པར་རྒྱལ་བ་འཐོབ་པ་ཐམས་ཅད་ མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། ཕན་ཚུན་ཀུན་ཡིད་འཐུན་པར་གྱུར་པ་ཡིན་ལ་དེ་དག་རེས་འགའ་འདི་སྙམ་དུ་འདི་ལྟར་བདག་ཅག་ངེས་པར་སྐྱེད་མོས་ཚལ་དཔེ་མེད་པ་ཞེས་བྱ་བ་དེར་དགའ་སྤྱོད་བྱེད་དུ་བདག་ཅག་ལྷ་མོའི་ཚོགས་དང་བཅས་ པས་ཡོངས་སུ་བསྐོར་ཏེ་འདོང་བར་བྱའོ་སྙམ་མོ། །དེ་ལྟར་དེ་དག་ཐམས་ཅད་བསམས་ནས་སྐྱེད་མོས་ཚལ་དཔེ་མེད་པ་ག་ལ་བ་དེར་འདོང་ངོ ། །དེ་ལྟར་ལྷའི་བུ་རེ་རེ་དག་གི་ལྷ་མོ་བྱེ་བ་ཡོད་པ་དེ་དག་གཟུགས་དང ། ལང་ཚོ་ཕུན་སུམ་ཚོགས་པའི་ཕན་ཚུན་གྱི་བྱ་བ་གཅིག་པུ་ 69-1-118a ནི་རྒྱགས་པར་གནས་པ། རྒྱགས་པ་ལྷུར་བྱེད་པ་རྟག་ཏུ་འཐུན་པ་ཡིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་དོང་ནས་ལྷ་འདི་ལྟར་བདག་ཅག་སྐྱེད་མོས་ཚལ་དེར་གནས་པར་བགྱི་བའི་སླད་དུ་སྐྱེད་མོས་ཚལ་དཔེ་མ་མཆིས་པར་མཆི་བར་བགྱིའོ། །ལྷ་སྐྱེད་ མོས་ཚལ་དཔེ་མ་མཆིས་པ་དེར་བདག་ཅག་དང་ལྷན་ཅིག་གནས་པར་མཛད་པའི་སླད་དུ་གཤེགས་པ་ནི་འོས་པ་ལགས་ན་དགོངས་སུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། དེ་ལྟ་མ་ཡིན་ནོ། །སྐྱེད་མོས་ཚལ་གྱི་དགའ་སྤྱོད་ནི་ངས་བྱས་ཟིན་ཏེ། ཆོས་ཀྱི་རྗེས་སུ་ཆོས་བསྒྲུབས་ པ་དང ། འདུན་པ་སྔོན་དུ་བཏང་བའི་ཕྱིར་བདག་ཅག་གི་དོན་རྗེས་སུ་བསྒྲུབ་པར་བྱའོ། །ངས་ནི་ལྷ་རྣམས་ཀྱི་བག་ཡོད་པས་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱས་ནས་སླར་འོངས་པ་ཡིན་ནོ། །ལྷ་རྣམས་ནི་བག་མེད་པའི་ཉེས་པས་ཉོན་མོངས་པ་ཡིན་ཏེ། དེ་ལྟར་བག་ ཡོད་པར་བྱ་ཞིང་དེ་ལྟ་བས་ན་བག་མེད་པའི་ཉེས་པའི་དུག་མི་བཟད་པ་སྤོངས་ཤིག་ཅེས་སྨྲས་སོ། །འདིར་ཚིགས་སུ་བཅད་པ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་འཆི་བའི་གནས་ཡིན་ནོ། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་ འཆི། །བག་ཡོད་འཆི་མེད་གཞི་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གཞི། །བུ་དག་བདག་ནི་བག་ཡོད་པས། །ལྷ་རྣམས་ཀྱི་ནི་གཙོ་བོར་གྱུར། །དེ་ནི་བདག་སྟེ་བདེ་གཤེགས་བཀའ། །བུ་དག་བདག་གིས་བསྒྲུབ་པར་བྱ། །བདག་གིས་སྡོམ་བརྩོན་ཅན་གྱི་བཀའ། །ནམས་ ཀྱང་འདའ་བ་མི་བྱ་སྟེ། །ཐུབ་པའི་བཀའ་ལས་འདའ་བ་གང ། །འདོད་པ་ཡིས་ནི་རྨོངས་པ་ཡིན། །སྡུག་བསྔལ་དེ་ལས་ཐར་མེད་དེ། །རྟག་ཏུ་སྡུག་བསྔལ་རྗེས་སུ་འགྲོ། །དེ་ལྟར་ལྷའི་དབང་པོ་དེས་བུ་དེ་དག་ལ་བསྒོ་ནས། རང་གི་གནས་ལྷའི་འདུན་ས་ཆོས་བཟང་ དུ་ཞུགས་སོ། །དེ་ནས་བརྒྱ་བྱིན་གྱི་བུ་ཡིད་རབ་ཏུ་དགའ་ཞིང་ཕན་ཚུན་ནང་འཐུན་པ་རྣམས་རང་གི་གནས་ལྷའི་གསེར་བཟང་པོ་ལས་བྱས་ཤིང་རྒྱན་གྱིས་བརྒྱན་པ། གླུ་དབྱངས་དང ། རོལ་མོའི་སྒྲ་འབྱིན་པ། རྣམ་པ་སྣ་ཚོགས་ཕན་ཚུན་བརྒྱན་པའི་བརྒྱ་བྱིན་གྱི་གནས་ག་ 69-1-118b ལ་བ་དེར་འཇུག་གོ། །ཞུགས་ནས་ཀྱང་འདི་ལྟར་བདག་ཅག་ནི་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བའི་ཕྱིར། སྐྱེད་མོས་ཚལ་དཔེ་མེད་པར་དགའ་སྤྱོད་བྱེད་དུ་འདོང་ངོ་ཞེས་སྨྲས་སོ། །དེ་ནས་ལྷའི་བུ་གཞོན་ནུ་བདུན་ཁྲི་དག་ཁ་ཅིག་ནི་གསེར་གྱི་ཤིང་རྟ་ལ་ཞོན། ཁ་ཅིག་ནི་ལྷའི་བྱའི་སྟེང་་ དུ་ཞོན། ལྷ་མོ་དག་རྗེས་སུ་འགྲོ་ཞིང་ལྷ་མོ་ཁ་ཅིག་ནམ་མཁའ་ལ་འགྲོ་ཁ་ཅིག་ལྷ་མོ་དང་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། པད་མ་མཆོག་གི་ནང་ནས་འགྲོ་ལ། བདེ་བ་མཆོག་རྗེས་སུ་མྱོང་ཞིང ། རོལ་མོ་དང ། གླུ་དབྱངས་ལེན་པ་དག་དང་ལྷན་ཅིག་ཚལ་དཔེ་མེད་པ་ག་ལ་བ་དེར་འདོང་ བར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱི་བུ་དེ་རྣམས་ཀྱི་ལུས་ལྷའི་ཕྲེང་བས་བརྒྱན་ཅིང་ལྷའི་ཙན་དན་གྱིས་བསྐུས་ཏེ། རང་གི་འོད་ཁ་ཅིག་ནི་ཉི་མའི་འོད་དང་འདྲ། ཁ་ཅིག་ནི་ཟླ་བའི་འོད་དང་འདྲ། ཁ་ཅིག་གཟའ་དང་སྐར་མའི་འོད་དང་འདྲ་སྟེ། ཇི་ལྟར་ལས་དག་བྱས་པ་བཞིན་མཛེས་ཤིང ། སྐྱེད་ མོས་ཚལ་ཤིན་ཏུ་གང་བ་དཔེ་མེད་པ་ག་ལ་བ་དེར་འདོང་བར་བྱེད་དེ། གཅིག་ལ་གཅིག་ལེགས་པར་བྱ་བ་ལ་གཞོལ་ཞིང་སྡུག་པ་ལྷའི་ཡུལ་དག་ཉེ་བར་སྤྱོད་བཞིན་དུ་ཚལ་དེར་ཞུགས་སོ། །ཚལ་དེ་ཡང་ངོ་བོ་ཉིད་ཀྱིས་དཔེ་མེད་པ་ཡིན་ཏེ། དེའི་ཕྱོགས་འགའ་ཁོ་ན་ཞིག་དཔེར་གཟུང་ཞིང་བྱ་ན་ ཚལ་དེར་ཞུགས་ན་དེའི་ཚེ་དྲིའི་རྣམ་པ་དཔེ་མེད་པ་རབ་ཏུ་ལྡང་སྟེ། གང་ཙན་དན་ས་མཆོག་གི་དྲི་གཞན་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ལྟར་དྲི་དེ་ཡིད་དུ་འོང་སྟེ། སྣོམས་པ་གང་ཡིན་པ་དེ་ཡང་བདེ་བ་དང་ལྡན་པའི་རྣམ་པ་དེ་ལྟ་བུ་ཡིན་ནོ། །དེར་དེ་དག་ཕན་ཚུན་ངོ་མཚར་སྐྱེ་བར་འགྱུར་ཏེ། བདག་ཅག་གི་བདེ་བ་མ་ཡིན་ནོ་སྙམ་ནས། སྐོམ་འཐུངས་ཏེ་ཚལ་དེར་ཞུགས་སོ། །དེ་ནས་ཞུགས་པ་དང་ཚལ་དེ་དག་གི་དང་པོ་བསྟན་པ་ནི་དགེ་བའི་ལས་འབད་པ་དག་གིས་བསྐྱེད་པའི་ཤིང་ལྗོན་པའི་ཆ་སྡུག་པ་ཡིན་ཏེ། ཚལ་དེ་ན་ཤིང་ལྗོན་པའི་སྡོང་པོ་རྣམས་ཀྱི་ཆ་སྡུག་པར་བྱས་པ་ཡིན་ནོ། ། དེ་དག་བརྒྱ་ཙམ་ནི་བཻ་ཌཱུརྱ་ལས་བྱས། བརྒྱ་ཙམ་ནི་གསེར་ལས་བྱས། བརྒྱ་ཙམ་ནི་དངུལ་ལས་བྱས། བརྒྱ་ཙམ་ནི་ཤེལ་ལས་བྱས་པ་ཡིན་ཏེ། དེ་ལྟར་དེའི་ཚེ་ཤིང་ལྗོན་པ་རྣམས་ཀྱི་སྡོང་པོ་སྣ་ཚོགས་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་རི་མོ་བྲིས་པའི་ངོས་སྡུག་པ་དེ་བཞིན་དུ་ 69-1-119a ཤིང་ལྗོན་པ་སྣ་ཚོགས་དེ་དག་སྡུག་པ་ཡིན་ནོ། །ཤིང་ལྗོན་པ་སྡུག་པ་དེ་རྣམས་ཀྱི་རྣམ་པ་དུ་མ་དང ། ཁ་དོག་དུ་མ་དང ། གཟུགས་དུ་མ་དང ། དབྱིབས་དུ་མ་ཡོད་པ་དེ་དག་ལྷའི་བུ་མེ་ལོང་གི་ངོས་ལྟར་དྲི་མ་མེད་པ་དེ་དག་གིས་མཐོང་ནས། དེ་ནས་ཡང་ལྟ་བ་སྐྱེད་ཅིང་ཀུན་དུ་ རྒྱུ་བ་འབུམ་ཕྲག་དུ་མ་དག་ཀུན་ནས་རབ་ཏུ་དགའ་ཞིང་ལྷ་མོའི་ཚོགས་ཀྱིས་གང་བ། རོལ་མོ་དང ། སིལ་སྙན་གྱི་སྒྲ་འབྱིན་པའི་རྣམ་པ་རབ་ཏུ་དགའ་བའི་ཡིད་ཀྱིས་སྐྱེད་མོས་ཚལ་དུ་ཡུན་རིང་དུ་བདེ་བར་བྱ་བའི་ཕྱིར། ཚལ་དཔེ་མེད་པ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་དེར་ཞུགས་ པ་དང་ལྷའི་བྱའི་ཚོགས་དེ་དག་སྒྲོ་ནི་གསེར། ལྟོ་ནི་བཻ་ཌཱུརྱ། རྐང་པ་ནི་བྱི་རུ། རྒྱབ་ནི་དངུལ། མིག་ནི་རིན་པོ་ཆེ་ཀེ་ཀེ་རུ་སྟེ། ཤིན་ཏུ་རྣར་སྙན་པའི་རྣམ་པ་དེ་དག་གི་སྒྲ་འབྱིན་པར་བྱེད་དོ། །དེ་ནས་ལྷའི་བུ་རྣམས་ཀྱིས་བྱའི་ཚོགས་དེ་རྣམས་ཀྱང་མཐོང་ངོ ། །སྒྲ་མཆོག་ཏུ་སྙན་ཅིང་འཇེབས་ པ་འབྱིན་པ་ཡང་རྣར་ཐོས་ཤིང ། བྱ་དེ་དག་མཐོང་ནས། ལྷའི་བུ་དེ་རྣམས་རང་གི་བྱ་དག་ལ་ཕན་ཚུན་སྨོད་པར་བྱེད་དེ། འདི་ལྟར་ཁྱེད་ཀུན་གསོན་ཅིག་།བྱ་སྒྲ་འབྱིན་པ་རྣམ་པ་དུ་མ་དང ། ཁ་དོག་དང་ལྡན་པ་དུ་མ་དང ། སྒྲ་རྣམ་པ་དུ་མས་ལྷ་མོའི་ཚོགས་དེ་རྣམས་ཀྱི་གླུ་དབྱངས་ དེ་དག་ཐམས་ཅད་ཀུན་ནས་མི་མངོན་པ་དེ་ལྟར་ཟིལ་གྱིས་ནོན་ཏོ། །དེ་ནས་བྱ་དེ་དག་གི་སྒྲ་ཐོས་ནས་དེ་ནས་ཡང་དེའི་འོག་ཏུ་སྐྱེད་མོས་ཚལ་དུ་རྩེ་བར་བྱ་བའི་ཕྱིར་ཚལ་དུ་འདོང་བར་བྱེད་དོ། །དེ་ནས་པད་མའི་རྫིང་པད་མའི་ཉི་མའི་འོད་ལྟ་བུ་ཞེས་བྱ་བ་ཐམས་ཅད་མཐོང་སྟེ། པད་མའི་འདབ་མ་ཉི་མ་ ལྟ་བུ་སྟོང་གིས་ཡོངས་སུ་བསྐོར་བ་དེ་དག་ལ་མངོན་པར་བརྟགས་ནས། ལྷའི་བུ་ཆ་བྱད་དང ། གཟུགས་སྣ་ཚོགས་འཆང་བ་དེ་དག་སྔ་མ་བཞིན་པད་མའི་རྫིང་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷའི་བུ་དེ་དག་ལྷ་མོའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ཅིང་པད་མའི་རྫིང་དེ་བསྐོར་ ནས། བྲོ་རྡུང་བར་བྱེད། གླུ་དབྱངས་ལེན། དགོད་པར་བྱེད། རྩེད་མོ་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། ལྷའི་བུ་དེ་དག་བདེ་བ་སྣ་ཚོགས་ཀྱི་རྒྱགས་པས་མྱོས་སོ། །དེ་ནས་ཡང་པད་མའི་ཚལ་གྱི་ཕྱོགས་དེ་ནས་དེ་དག་ཕན་ཚུན་ལྷན་ཅིག་ཏུ་ལྷའི་རྒྱགས་པས་མྱོས་ཤིང ། ལྷ་ཡུལ་གྱི་གནས་ཆེན་ 69-1-119b པོ་ཚལ་དེའི་ནང་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་མོའི་ཚོགས་གར་བྱེད་ཅིང ། ལུས་ལ་ཆ་བྱད་དང ། རྒྱན་སྣ་ཚོགས་ཐོགས་པ་དེ་དག་ཐམས་ཅད་ཆུ་བོ་འབབ་པའི་ཚལ་དགའ་བ་ག་ལ་བ་དེར་འདོང་བར་བྱེད་དེ། ཚལ་དེ་ན་ཡང་ཆུ་བོ་འབབ་པའི་ཆུའི་རྣམ་པ་ནི་འདི་ལྟ་སྟེ། འོ་མའི་ཆུ་དང ། ་ ཆང་གི་རོའི་ཆུ་དང ། སྦྲང་རྩིའི་ཆུ་དང ། རྒུན་ཆང་གི་ཆུ་དང ། ལྷའི་བཏུང་བའི་ཆུ་དང ། བུང་བས་ཁེབས་པ་དང ། བྱའི་ཚོགས་བརྒྱས་ཡོངས་སུ་བསྐོར་བ་དང ། གསེར་གྱི་རྡོ་དང ། བྱི་རུའི་རྡོ་དང ། དངུལ་གྱི་རྡོ་དང ། རྡོ་སྣ་ཚོགས་འབབ་པ་དག་མཐོང་ངོ ། །དེ་ནས་ལྷའི་བུ་ལྷ་མོའི་ཚོགས་ཀྱིས་ཡོངས་ སུ་བསྐོར་བ་དེ་དག་དེར་རྩེས་ནས། ཚལ་ག་ལ་བ་དེར་ལྷ་མོ་རྣམས་དང་ལྷན་ཅིག་ཡུན་རིང་དུ་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ནས་ཆུ་བོ་འབབ་པའི་ཕྱོགས་དེ་ནས་ཀྱང་ལྷའི་མེ་ཏོག་གི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ན་ལྷའི་མེ་ཏོག་མ་རྙིས་པ་དཔག་ཚད་བཅུར་དྲི་རྒྱ་ཆེར་འབྱུང་བ་དག་ཡོད་ དེ། འདི་ལྟ་སྟེ། མེ་ཏོག་ཟླ་བའི་འོད་ཅེས་བྱ་བ་ཟླ་བའི་མདོག་ལྟ་བུ་དང ། མེ་ཏོག་ཉི་མའི་འོད་ཅེས་བྱ་བ་ཉི་མའི་མདོག་ལྟ་བུ་ཡིན་ཡང་འོད་ཚ་བ་མེད་པ་དང ། གཟའ་དང་སྐར་མ་ལྟ་བུའི་འབྲས་བུའི་ཚལ་ཐམས་ཅད་དུ་ལྷའི་བུ་དེ་དག་འདོང་བར་བྱེད་དོ། །ཚལ་དེར་འབྲས་བུ་འབྱུང་བ་དག་ནི་འདི་ལྟ་སྟེ། སྦྲང་རྩི་གོང་བུའི་འབྲས་བུ་དང ། འབྲས་བུ་རྣོ་བ་དང ། འཇམ་པ་ཞུ་བའི་འབྲས་བུ་དང ། དྲིའི་འབྲས་བུ་སྟེ། དྲི་གང་ཤིན་ཏུ་ཚིམ་པར་བྱེད་པ་ཉིད་དང ། རོ་དྲུག་པའི་འབྲས་བུ་དང ། ཇི་ལྟར་རོ་འདོད་པའི་འབྲས་བུ་དང ། རོ་མི་ངོམས་པའི་འབྲས་བུ་སྟེ། འབྲས་བུའི་རྣམ་པ་དེ་དག་ནི་ལྷ་རྣམས་ ཀྱིས་ལེགས་པར་བྱས་པའི་ལས་ཀྱི་སྤྲུལ་པའི་འབྲས་བུ་ཡིན་ཏེ། ཚལ་དཔེ་མེད་པ་དེར་འབྱུང་བར་འགྱུར་རོ། །ཚལ་དེར་ཡང་ལྷ་རྣམས་དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། ཟ་བར་བྱེད། འཆའ་བར་བྱེད། འཐོག་པར་བྱེད། འཐུང་བར་བྱེད། འཇིབ་པར་བྱེད། དེ་དག་ དེར་དགའ་བར་བྱས་ནས། ཚལ་བྱ་བྲོ་གར་བྱེད་པ་ཞེས་བྱ་བའི་ཕྱོགས་ག་ལ་བ་དེར་འདོང་བར་བྱེད་དེ། ཚལ་དེ་ན་བྱའི་ཚོགས་སྐད་འབྱིན་པ་དག་མཐོང་ཞིང་གླུ་དབྱངས་ཀྱི་སྒྲ་གཞན་འབྱིན་པ་དང ། གར་གཞན་བྱེད་པ་དང ། སྒྲ་སྙན་པ་གཞན་གྱིས་རྣ་ལམ་ཡོངས་སུ་གང་སྟེ། དེ་རྣམས་ཀྱིས་དེར་སྒྲ་སྙན་ 69-1-120a པ་ཡིད་དུ་འོང་བ་དེ་དག་ཐོས་ནས་ཀྱང་རྩེ་བར་བྱེད་དོ། །དེ་ནས་འདྲེས་པའི་ཚལ་གཞན་དུ་འདོང་བར་བྱེད་དེ། ཚལ་དེ་ཐམས་ཅད་འདྲེས་པ་འདི་ལྟ་བུ་ཡིན་ཏེ། ཇི་ལྟར་ཐམས་ཅད་སྔར་བསྟན་པ་བཞིན་དུ་ཚལ་འབྲས་བུ་དང ། མེ་ཏོག་དང ། ཆུ་བོ་དང ། ཤིང་ལྗོན་པ་དང ། བྱའི་ ཚོགས་ཕུན་སུམ་ཚོགས་པ་ཡོད་དེ། དེས་ན་འདྲེས་པའི་ཚལ་ཞེས་བྱའོ། །དེ་དག་ཀྱང་འདྲེས་པའི་ཚལ་དེར་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཅིང་ལྡན་པར་གྱུར་པས་རྩེ་ཞིང་འོང་བའི་སྒྲས་དགའ་བར་བྱེད་དེ། དེ་ནས་དེ་དག་དེ་ན་གནས་ཤིང་ཤིན་ཏུ་ཡུན་རིང་བར་རྩེ་བར་བྱེད་དོ། །དེ་ནས་ལྷའི་ རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ལྷའི་བུ་བག་མེད་པ་ལ་གནས་པ་དེ་དག་གང་ཡིན་བདེ་བ་འདི་ཐམས་ཅད་ཀྱི་མཐའ་ཟད་པར་འགྱུར་བ་ཁོང་དུ་མ་ཆུད་དོ་སྙམ་མོ། །དེ་ནས་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་བསམ་པ་ཤེས་ནས། ཇི་ལྟར་དོང་དོང་བའི་ལམ་དེ་ཉིད་ནས་དེ་ལྟར་ སླར་འགྲོ་སྟེ། འདི་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་མོ་དེ་དག་ཀྱང་འགྲོས་མྱུར་བར་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་རྩེ་བའི་དོན་དུ་འཇུག་པར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷའི་བུ་དེ་རྣམས་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་ པ། སྲེད་དང་བཅས་པའི་ཡུལ་རྣམས་ལ། །ངོམས་པ་དག་ཏུ་ག་ལ་འགྱུར། །ངོམས་པ་སྲེད་བྲལ་གང་ཡིན་པ། །ལུས་ཅན་དེ་ནི་མྱ་ངན་བྲལ། །སྐྱེ་བོ་ཡུལ་ལ་མངོན་དགའ་བ། །ནམས་ཀྱང་བདེ་བར་མི་འགྱུར་ཏེ། །ཡུལ་ནི་དུག་དང་འདྲ་བར་མཐོང ། །ཡོངས་སུ་གྱུར་པ་མི་བཟད་དོ། །འདིར་ནི་ཡུལ་ ལ་འཇུག་བྱེད་པ། །ཐོག་མ་བར་དང་ཐ་མ་མེད། །འཇིག་རྟེན་འདི་མིན་ཕ་རོལ་མིན། །བདེ་བ་བྱེད་པ་གལ་ཡོད། །སྐྱེ་བ་རྟག་པཤིན་ཏུ་ཟད། །ལང་ཚོ་དག་ནི་རིངས་པར་འགྲོ། །འདུ་བ་དང་ནི་འབྲལ་བ་དང ། །ལྷན་ཅིག་སྐྱེ་བར་ཡོངས་སུ་མཐོང ། །རབ་ཏུ་བསླུས་པ་དུ་མ་དག་།བདེ་དང་སྡུག་པས་ རྟག་བསྒྲིབས་ཀྱང ། །སྲོག་ཆགས་རྨོངས་པས་བསླུས་པ་དག་།ཡིད་ནི་འབྱུང་བར་མི་བྱེད་དོ། །འདི་ལྟར་བྱིས་པ་ཐམས་ཅད་ནི། །སྲེད་པ་དག་ལ་རྩེ་བར་བྱེད། །ཇི་ལྟར་ཤིང་ལ་མེ་འབར་བཞིན། །ཡུལ་རྣམས་ལ་ནི་ངོམས་པ་མེད། །སྐྱེ་བོ་ངོམས་མེད་འདི་དག་ཀུན། །ཡུལ་རྣམས་ཀྱིས་ 69-1-120b ནི་ཡོངས་སུ་བསླུས། །འཆི་དང་ཉེ་བར་འགྲོ་བྱེད་ཀྱང ། །གཟུགས་རྣམས་དང་ནི་འབྲལ་མི་བྱེད། །ལམ་རྒྱགས་དག་ནི་མ་བསགས་པ། །ཡུལ་རྣམས་ཀྱིས་ནི་ཡོངས་སུ་བསླུས། །སྲེད་པས་ཡོངས་སུ་རྨོངས་པ་ཡི། །ལྷ་དག་དབང་མེད་འཆི་བར་འགྱུར། །འདོད་པས་རྨོངས་པ་ཁྱེད་ཀུན་ལ། ། ང་ཡིས་རྗེས་སུ་བསྟན་པ་ཡིན། །འདི་ལྟར་ཆོས་གནས་དམ་པ་སྟེ། །བདག་ལ་ཕན་པ་རྟག་ཏུ་གྱིས། །ཆོས་ལ་སྤྱོད་པའི་མི་དག་ནི། །བདེ་ལས་བདེ་བ་འཐོབ་འགྱུར་ཏེ། །མྱ་ངན་འདས་དང་གཞན་ཞི་བ། །མྱུར་བ་ཉིད་དུ་ཤིན་ཏུ་འགྲོ། །དེ་ལྟ་བས་ན་ཕ་རོལ་གྱི། །བསོད་ནམས་དག་གི་ཕུང་པོ་གྱིས། ། རྟག་ཏུ་བསོད་ནམས་བྱེད་པ་ནི། །དུལ་ཞིང་ཟག་མེད་གནས་སུ་འགྲོ། །དེ་ནས་བརྒྱ་བྱིན་ཚིག་ཐོས་ནས། །སེམས་བྱུང་བཟང་བ་ཞི་དང་དུལ། །བརྒྱ་བྱིན་བུ་སྟེ་དེ་དག་ཀུན། །ཕ་ཡིས་རྗེས་སུ་བསྟན་པ་ཡིན། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ལེགས་པར་བྱ་བའི་ལས་བྱེད་པ་ངན་སོང་གི་སྒོ་བཅད་ པས་བུ་དེ་དག་ལ་མངོན་པར་གཏམ་དེས་ལམ་བཟང་པོ་ལ་ཡང་དག་པར་བཙུད་ནས་ཚལ་སྣ་ཚོགས་ག་ལ་བ་དེར་བདག་ཉིད་བདེ་བར་གནས་པ་དང ། དགེ་བ་བྱ་བའི་ཕྱིར་འགྲོ་བར་བྱེད་དེ། དེ་ནས་ལེགས་པར་བྱས་པའི་ལས་སྣ་ཚོགས་བྱས་པའི་ཚལ་སྣ་ཚོགས་ན་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཁང་པ་ བརྩེགས་པ་སྣ་ཚོགས་ལ་འདི་ལྟ་སྟེ། ཤེལ་ལས་བྱས་པ་དང ། བྱི་རུ་ལས་བྱས་པ་དང ། གསེར་ལས་བྱས་པ་དང ། དངུལ་ལས་བྱས་པ་དང ། མཐོན་ཀ་ལས་བྱས་པ་དང ། མཐོན་ཀ་ཆེན་པོ་ལས་བྱས་པ་དང ། གསེར་བཙོ་མ་ལས་བྱས་པ་ལྔ་བརྒྱ་སྙེད་ཡོད་དོ། །དེ་ནས་བརྒྱ་བྱིན་གྱི་ཚལ་སྣ་ ཚོགས་དེ་ཤིང་ལྗོན་པ་འབུམ་ཕྲག་དུ་མ་སྙེད་ཀྱིས་མཛེས་ཤིང ། །པད་མ་ཉི་མ་འཆར་བའི་མདོག་ལྟ་བུ་རྣམས་ཀྱིས་མཛེས་པར་བྱས་པ་དེ་ལ་མངོན་པར་བརྟགས་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་དག་གིས་དགའ་འགྱུར་ཏེ། །བརྒྱ་སྟོང་དག་ཏུ་བྱ་བ་ཡིན། །བསོད་ནམས་སྣ་ ཚོགས་བྱས་པ་ཡིས། །ཀུན་ནས་སྣ་ཚོགས་སྨིན་པར་འགྱུར། །ལེགས་བྱས་ལས་ནི་མ་བྱས་པ། །སེམས་ཀྱི་བྲན་དུ་སོང་བའི་མི། །སེམས་ཀྱི་དགྲ་ཡིས་ཡོངས་བསླུས་པ། །དབང་མེད་ངན་སོང་རྣམས་སུ་ལྟུང ། །ཁང་པ་བརྩེགས་པ་ཐམས་ཅད་དག་།ཀུན་ཏུ་སྣ་ཚོགས་ལས་ཡིན་ཏེ། །ལྷ་རྣམས་ 69-1-121a ནང་དུ་ལྷ་སྤྱོད་པ། །ལེགས་པར་བྱས་པས་མང་པོར་འཕེལ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་ཁང་པ་བརྩེགས་པ་གཞན་ག་ལ་བ་དེར་འགྲོ་བར་བྱེད་དོ། །ལེགས་པར་བྱས་པའི་ལས་ཀྱིས་སྤྲུལ་པའི་ཁང་པ་བརྩེགས་པ་དེར་སྟན་ཁྲ་བོ་འཇམ་ཞིང་འཕར་ལ་ལྷོད་ པ་དག་ནི་བཏིང ། རིན་པོ་ཆེ་ལས་བྱས་པའི་སྟན་དུ་མས་ནི་མཛེས་པར་བྱས། འོད་ཀྱི་ཕྲེང་བ་རྣམ་པ་དུ་མ་ཡོད་པ་དེ་དག་ལ་མངོན་པར་བརྟགས་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ནང་དུ་ཞུགས་སོ། །ཞུགས་ནས་དེ་ན་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ནང་དུ་ཞུགས་པའི་ཁང་པ་བརྩེགས་པ་དེ་རིན་པོ་ཆེ་ལས་ བྱས་པ་ཡིན་ཏེ། རིན་པོ་ཆེ་འབར་བ་དུ་མས་རྣམ་པར་བརྒྱན་པ། འོད་དུ་མ་འབྱུང་བ། མེ་ཏོག་རྣམ་པ་དུ་མས་མཛེས་པར་བྱས་པ། དེའི་ནང་དུ་ཞུགས་ནས་ཀྱང་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་ཏེ། དེ་ལྟར་དེ་རྣམས་གླུ་དབྱངས་ལེན་བཞིན་དུ་ཚལ་དེ་ན་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ཚལ་དེ་ན་ ཡང་མཐོ་ཞིང་དམའ་བའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཁེབས་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང ། གསེར་གྱི་བྱ་རྣམ་པ་སྣ་ཚོགས་སྐད་འབྱིན་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང ། ལ་ལ་དག་ཏུ་ཡང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་ རྣམས་ཀྱིས་མཛེས་པར་བྱས་པ་བྱ་དང་བུང་བ་སྣ་ཚོགས་སྒྲ་སྐད་སྙན་པ་འབྱིན་ཅིང ། ཁ་ཅིག་དག་ན་ཡང་དཔག་བསམ་གྱི་ཤིང་ལྗོན་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དག་ལ་ལྷའི་དབང་པོ་བརྒྱ་བྱིན་དེ་ཀུན་དུ་མིག་གིས་རྟོག་པར་བྱེད་ཅིང ། ལྷའི་ཚོགས་ཀྱིས་གང་བ་ཟླ་བ་དང་ཉི་མ་བས་ལྷག་ པའི་འོད་དག་གི་གཟི་བརྗིད་འབར་བས་དགའ་བར་བྱེད་དོ། །གསེར་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང ། བཻ་ཌཱུརྱའི་ཁང་བཟངས་ཀྱིས་དཀྲིགས་པ། ཀུན་ནས་གསེར་དང ། དངུལ་གྱི་ཀ་བ་ཟུང་རྣམས་ཀྱིས་མཛེས་པར་བྱས་ཤིང ། བཻ་ཌཱུརྱ་སྔོན་པོའི་པད་མའི་མཚོ་རྣམས་ཀྱིས་མཛེས་པར་བྱས་པ་ དེ་མཐོང་ངོ ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཁང་བཟངས་འདིར་བདག་གནས་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱང་འདི་སྙམ་དུ་སེམས་ཏེ། ད་ནི་ལྷའི་རྒྱལ་པོ་བརྒྱ་བྱིན་ཁང་པ་བརྩེགས་པ་འདིར་འཇུག་པར་འགྱུར་ཏེ། དེར་བདག་ཅག་རང་གི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་ 69-1-121b ལྷ་མོའི་ཚོགས་ཀྱིས་ཉེ་བར་གླུ་ལེན་པ་དང ། ཚལ་དང་ཉེ་བའི་ཚལ་དུ་འཆག་ཅིང་རྩེད་མོ་བྱ་ཞིང་གླུ་དག་བླངས་ཏེ་བདེ་བ་ཉམས་སུ་མྱོང་བར་བྱའོ་སྙམ་མོ། །དེ་ནས་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལྷ་དང་ལྷ་མོ་དག་གིས་སྐབས་ཕྱེ་ན། བདག་ཁང་བཟངས་འདིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷ་དག་གིས་འཕྲལ་ལ་འདི་ སྐད་ཅེས་སྨྲས་སོ། །ཁྱོད་རང་གི་སྐྱེད་མོས་ཚལ་དག་ཏུ་གཤེགས་ལ་དགྱེས་པ་མཛད་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་ལྷ་དེ་དག་རང་གི་ཚལ་དང ། ཉེ་བའི་ཚལ་དང་སྐྱེད་མོས་ཚལ་དང ། པད་མའི་རྫིང་དང ། མཚེའུ་དང ། རང་གི་སླས་ག་ལ་ཡོད་པ་དེར་རྩེ་བའི་ཕྱིར་འགྲོ་བར་བྱེད་དོ། །དེ་ནས་ལྷའི་རྒྱལ་པོ་དབང་ པོ་ཁང་པ་བརྩེགས་པ་ག་ལ་བ་དེར་འགྲོ་བར་བྱེད་དེ། བཻ་ཌཱུརྱའི་ཚལ་དྲི་མ་མེད་པ་དེར་ཞུགས་ནས་ཐགས་སུ་བཏགས་པ་མ་ཡིན་པའི་ལྷའི་སྟན་ཁྲ་བོ་བཏིང་བའི་སྟེང་དུ་འདུག་གོ། །འདུག་ནས་དེའི་ལེགས་པར་བྱས་པའི་ལས་དང ། དགེ་བའི་ལས་དེས་བསྐུལ་ནས། རྩིག་ངོས་ཤིན་ཏུ་གསལ་བ་ལ་རྟོག་པར་བྱེད་དེ། བརྒྱ་བྱིན་གང་ཚེ་ འཕོས་པ་རི་མོར་བྲིས་པ་ལྟ་བུ་དེ་དག་ས་དེར་མཐོང་ངོ ། །དེ་དག་གི་མིང་དེར་བྲིས་པ་རྣམས་ལ་ཡང་རྟོག་པར་བྱེད་དེ་དེར་དབང་པོ་ཚེ་འཕོས་པ་ནི་འདི་རྣམས་ཡིན་ནོ། །འདི་ལྟ་སྟེ། ལེགས་འབྱོར་ཞེས་བྱ་བ་དང ། འབྱོར་པ་ཞེས་བྱ་བ་དང ། ལེགས་སྤྱོད་ལྡན་ཞེས་བྱ་བ་དང ། དཀར་པོ་ཞེས་བྱ་བ་དང ། བློ་གྲོས་བཟང་ཞེས་བྱ་བ་དང ། ཀུན་ བདེ་ཞེས་བྱ་བ་དང ། བརྟན་པ་ཞེས་བྱ་བ་དང ། ཀུན་ཏུ་མིག་ཅེས་བྱ་བ་དང ། མིག་སྟོང་ཞེས་བྱ་བ་དང ། ཐམས་ཅད་དགའ་ཞེས་བྱ་བ་དང ། སྟོང་སྣང་ཞེས་བྱ་བ་དང ། གཟི་བརྗིད་ཕྲེང་ལྡན་ཞེས་བྱ་བ་དང ། དཔལ་འཛིན་ཅེས་བྱ་བ་དང ། མདོག་སྔོན་ཞེས་བྱ་བ་དང ། མི་འཆི་ཞེས་བྱ་བ་དང ། མི་འགྱུར་ཞེས་བྱ་བ་དང ། བདེ་བྱེད་ཅེས་བྱ་ བ་དང ། མཆོག་སྦྱིན་འཛིན་ཅེས་བྱ་བ་དང ། བཀྲ་ཤིས་འཛིན་ཅེས་བྱ་བ་དང ། ཀུན་དགའ་ཞེས་བྱ་བ་དང ། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་དབང་པོ་སུམ་ཅུ་ལྷའི་འཇིག་རྟེན་ནས་ཚེ་འཕོས་པ་དང ། དགེ་བའི་ལས་ཀྱིས་དེར་སྐྱེས་པ་དང ། དེའི་དགེ་བའི་ལས་ཟད་ནས་ལྷའི་དབང་པོའི་གནས་དེ་ནས་ཚེ་འཕོས་ཏེ། དེ་ནས་ཡང་ སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་མཐོང་ཞིང་ལུས་སྡུག་བསྔལ་དུ་མས་མངོན་པར་ཉམས་པ་དག་མཐོང་ངོ ། །ཚེ་རབས་དེ་དག་གི་ནང་དུ་སྐྱེས་པ་དེ་དག་ཤིན་ཏུ་སྡུག་བསྔལ་ཞིང་སྡུག་བསྔལ་གྱིས་གནོད་པ་དེ་རྣམས་གཟུགས་བརྙན་ལྟ་བུར་གྱུར་པ་མཐོང་ངོ་།། །། 69-1-122a འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་གཅིག་པ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་དག་།ལུས་བཀྲེས་པ་དང ། སྐོམ་པས་གདུངས་ཤིང་ལུས་པགས་པ་དང ། རུས་པ་དང ། རྒྱུས་པས་སྦྲེལ་བ་ལྟ་བུ་གང་ཡིན་པ་དེ་དག་དང ། དུད་ འགྲོ་རྣམས་ཀྱི་ནང་དུ་སྐྱེས་པ། ཕན་ཚུན་ལུས་ལ་ཟ་བའི་སྡུག་བསྔལ་གྱིས་གདུངས་ཤིང་ཟ་བ་གང་ཡིན་པ་དེ་དག་དང ། མི་རྣམས་ཀྱི་ནང་དུ་སྐྱེས་པ་ཚོལ་བའི་སྡུག་བསྔལ་གྱིས་མངོན་པར་གདུངས་པ་གང་ཡིན་པ་དེ་དག་ཀྱང་མཐོང་སྟེ། དེ་ལྟར་དེ་དག་མཐོང་ནས་འཁོར་བ་མི་བཟད་པར་ བྱས་པ་ལ་བདེ་བ་འབྱུང་བ་མེད་ཅིང ། ཀྱེ་མ་འཁོར་བ་འདི་ཀུན་ནི་གནོད་པ་ཕལ་ཆེ་ཞིང་མང་བ་ཡིན། ཀུན་ནས་སྙིང་པོ་མེད་པ་ཡིན། འཁོར་བ་འདི་ལ་གང་རྟག་པའམ། བརྟན་པའམ། ཐེར་ཟུག་གམ། མི་འགྱུར་བའི་ཆོས་ཅན་སྐྲའི་རྩེ་མོ་ཙམ་ཡང་མེད་དོ། །ཀྱེ་མ་དབང་པོ་འདི་དག་རང་ གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱད་ནས་འདི་ནས་ཚེ་འཕོས་ཏེ། སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་བདེ་བའི་རྣམ་པ་འདི་ལྟ་བུའི་མཐའ་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་སྟེན་པར་ག་ལ་ནུས། ཀྱེ་མ་འཁོར་བ་འདི་ནི་ཤིན་ཏུ་མི་བཟད་པ་ཡིན་ཞིང ། ཤིན་ཏུ་འཇིགས་པ་ཡིན་ལ། མཆོག་ཏུ་མི་དགའ་བར་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཅེས་བྱ་བ་ཤིན་ཏུ་བདེ་བའི་སྐལ་བ་ཅན་གང་ཡིན་པ་དེ་དག་ཀྱང་མཆོག་ཏུ་མི་བཟད་པའི་གནས་སྐབས་འདི་དག་ཏུ་སོང་བ་ལྟ་ཞིག་སྙམ་སེམས་སོ། །དེ་ལྟར་དེ་ཡིད་བྱུང་ནས་བདག་ཉིད་ལ་ རྟོག་པར་བྱེད་དེ། དེ་བདག་ཉིད་ཀྱི་ངན་སོང་གི་འགྲོ་བ་ནི་བཅད། ལྷ་དག་ལས་མི་རྣམས་ཀྱི་ནང་དུ་སྐྱེ་ཞིང ། མི་དག་ལས་ཚེ་འཕོས་ནས་དེ་ནས་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ ། །གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་ཚེ་ཡུལ་བཟང་པོ་ཤིན་ཏུ་རྒྱས་པའི་་ ལྗོངས་དང ། གྲོང་དང ། གྲོང་ཁྱེར་དང ། རིགས་བཟང་པོ་དང ། སྤྱོད་པ་བཟང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང ། ལྟ་བ་ལོག་པ་དང ། ཁེངས་པ་དང ། རྒྱགས་པ་དང ། ང་རྒྱལ་དང་བྲལ་བའི་རིགས་བཟང་པོར་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་བདག་ཉིད་མི་རྣམས་ཀྱི་ 69-1-122b ནང་དུ་སྐྱེས་ན་ཡང་དེ་རྒྱལ་པོའི་རིགས་སམ། གལ་ཏེ་བློན་པོ་རྟག་ཏུ་སྤྱོད་པ་གཙང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དབང་ཕྱུག་དམ་པ་མཐུ་ཆེན་པོར་འགྱུར་བ་མཐོང་ངོ ། །འདི་ལྟར་བདག་མི་ཡུལ་དེ་ནས་ཤི་ནས་ཡང་གར་སྐྱེ་བར་འགྱུར་ཞིག་གུ་སྙམ་མོ། །དེ་བདག་ཉིད་ལྷ་རྣམས་ཀྱི་ནང་ དུ་སྐྱེས་ཏེ། མཆོག་ཏུ་རྫུ་འཕྲུལ་ཆེ་ཞིང་ཤིན་ཏུ་མཐུ་ཆེ་བ་དང ། ངོ་ཚའི་ཁ་ན་ལས་པ་མེད་པར་འགྱུར་བ་མཐོང་ངོ ། །ལྷ་གཞན་རྣམས་ཁ་ཟས་ཟ་བའི་དུས་དེའི་ཚེ་ལྷ་རྣམས་བདག་ཉིད་ཀྱིས་སྡིག་པ་དང་འདྲེས་པའི་ཟས་ཀྱི་ལས་ངན་པ་བསྐྱེད་པ་དེས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །གང་གི་ཇི་ སྲིད་དུ་ལས་ཀྱི་རྣམ་པ་བྱས་པ་དེ་སྲིད་དུ་དེའི་ཟས་ཀྱི་རྣམ་པ་དེ་ལྟ་བུ་འབྱུང་བར་འགྱུར་ཏེ། ཟས་དེ་མངོན་པར་མཐོང་ནས་ལྷ་རྣམས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །དེ་ལྟར་བདག་གི་ཟས་ཤིན་ཏུ་ཆེ་བ་མཆོག་ཏུ་ཞིམ་པ། རབ་ཏུ་མང་བ་དེ་དག་བདག་ཉིད་ཀྱིས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ཚེ་རབས་ཇི་སྙེད་ཅིག་ཏུ་འདི་ལྟར་འགྱུར་སྙམ་ནས་དེས་ཁང་པ་བརྩེགས་པའི་རྩིག་པ་དེ་ཉིད་ལ་བརྟགས་ན། དགེ་བའི་ལས་དེས་བདག་ལྷ་རྣམས་ཀྱི་ནང་དུ་ལན་བདུན་མི་རྣམས་ཀྱི་ནང་དུ་ལན་བདུན་ཕན་ཚུན་ཚེ་འཕོ་བ་ལན་བདུན་མཐོང་ནས། བདག་གི་ཚེ་འཕོ་བ་བརྒྱད་པ་ལྷ་རྣམས་དང ། མི་རྣམས་དང ། སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོ་རྣམས་དང ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་དག་གང་དུ་ཡང་བདག་ཉིད་མ་མཐོང་སྟེ། བདག་གང་དུ་ཇི་ལྟར་སྐྱེ་བར་འགྱུར་ཞིག་གུ་སྙམ་མོ། །དེ་བདག་ཉིད་གང་དུ་ཡང་ མ་མཐོང་ནས། དེ་ཤིན་ཏུ་ངོ་མཚར་ཆེར་སྐྱེས་ཏེ། ཀྱེ་མ་བདག་གི་ཚེ་བརྒྱད་པ་མ་མཐོང་ངོ་སྙམ་ནས་དེ་སེམས་ཤིང་འདུག་འདུག་པ་ལས་ཡུན་རིང་ཞིག་ལོན་པ་དང་དྲན་པ་རྙེད་དེ། བདག་གིས་བཅོམ་ལྡན་འདས་ལས་བདག་ཚེ་རབས་བདུན་རྗེས་ནས་རྒྱུན་དུ་ཞུགས་པར་འགྱུར་ལ། ཕྱིས་ ཕུང་པོའི་ལྷག་མ་མེད་པའི་དབྱིངས་ལ་འཇུག་པར་འགྱུར་རོ་ཞེས་ཐོས་སོ། །ད་ནི་བདག་སྐལ་བ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ་སྙམ་སྟེ། དེ་ལྟར་བརྟགས་ནས། དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་དེ། ཡིད་ཤིན་ཏུ་དང་ཞིང་རྙོག་པ་མེད་པས་བཅོམ་ལྡན་འདས་ལ་ 69-1-123a ཕྱག་འཚལ་བར་བྱེད་དོ། །ཡིད་རབ་ཏུ་དགའ་བས་ཕྱག་བྱས་ནས། དེ་ནས་ཡང་གདིང་བ་ཤིན་ཏུ་འབྱོར་པ་བཏགས་པ་ལས་བྱས་པ་མ་ཡིན་པ་ཕུན་སུམ་ཚོགས་པ་དང ། འཛམ་བུ་ཆུ་བོའི་གསེར་བཟང་པོའི་སྟན་དེ་ཉིད་ལ་འདུག་པ་དང ། བརྒྱ་བྱིན་གྱི་གཟུགས་དེ་ཉིད་རྩིག་ པའི་ནང་ན་སྣང་བ་མཐོང་ངོ ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ཡང་ལྷའི་འདུན་ས་ཆོས་བཟང་དུ་ལྷ་རྣམས་ཡང་དག་པར་བལྟ་བར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་སྟན་དེ་ལས་ལངས་ནས་ཚལ་སྣ་ཚོགས་ཀྱི་ཕྱོགས་ ག་ལ་བ་དེར་འགྲོ་བར་བྱེད་དེ། དེར་ཡང་ལྷ་དང་ལྷ་མོའི་ནང་ན་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ལ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །བྱ་དང ། ཤིང་ལྗོན་པ་དང ། པད་མའི་རྫིང་དང ། ལྟེང་ ཀ་དང ། ཉེ་བའི་ཚལ་གྱི་རྣམ་པས་མཛེས་པར་བྱས་པའི་ཚལ་སྣ་ཚོགས་སུ་དེ་དག་གིས་ལྷའི་རྒྱལ་པོ་བརྒྱ་བྱིན་དེ་མངོན་པར་མཐོང་ནས། དེ་དག་ཐམས་ཅད་ཀྱིས་སིལ་སྙན་དང ། རོལ་མོ་རྣམ་པ་སྣ་ཚོགས་དག་བླངས་ཏེ། ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། ། དོང་ནས་ཀྱང་བརྒྱ་བྱིན་ལ་གསོང་པོར་སྨྲས་ཤིང་བརྒྱ་བྱིན་ཡོངས་སུ་བསྐོར་ནས། ལྷའི་ཚོགས་ཐམས་ཅད་བྲོ་རྡུང་བར་བྱེད། གླུ་དབྱངས་ལེན། དགོད་པར་བྱེད་དོ། །བརྒྱ་བྱིན་སྔར་འགྲོ་ལ། ལྷ་མོ་ཆ་བྱད་དང ། གཟུགས་སྣ་ཚོགས་དང་ལྡན་པ་དག་ཕྱི་བཞིན་འབྲང་ཞིང་རོལ་མོའི་སྒྲ་སྣ་ ཚོགས་ཀྱིས་ལྷའི་འདུན་ས་ཆོས་བཟང་དེར་འགྲོ་བར་བྱེད་དོ། །དེ་དག་ཐམས་ཅད་ཡིད་རབ་ཏུ་དགའ་བས་སིལ་སྙན་དང ། རོལ་མོ་སྣ་ཚོགས་དང ། གར་བྱས། གད་མོ་བགད། དགའ་བར་བྱས། རྩེད་མོ་རྩེས་ནས་ལྷན་ཅིག་ཏུ་འདོང་བར་བྱེད་དོ། །དེ་ནས་ཆོས་བཟང་ན་གནས་པའི་ ལྷ་བརྒྱ་བྱིན་ལ་རིམ་གྲོ་བྱེད་པར་འདོད་པ་རྣམས་ཀྱང་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་སིལ་སྙན་དང ། གླུ་དབྱངས་ཀྱི་སྒྲ་སྣ་ཚོགས་འབྱིན་པའི་ལྷ་དེ་རྣམས་ཀྱང་ཕྱིར་བྱུང་ནས་དེ་དག་ཕན་ཚུན་འདུས་སོ། །ལྷའི་ཚོགས་འདུས་ཤིང་ཡང་དག་པར་དགའ་ལ། 69-1-123b མངོན་པར་མཐོང་བ་དེ་རྣམས་ཀྱི་བྲོ་གར་དང ། གླུའི་སྒྲ་ཤིན་ཏུ་སྙན་པ་སྲེད་པ་ཀུན་དུ་སྟོན་པའི་སྒྲ་དེས་ལྷའི་འཇིག་རྟེན་དང་བཅས་པ་ཐམས་ཅད་ཀུན་དུ་གང་ངོ ། །སྒྲ་དེ་དག་ཐོས་ནས་ལྷ་གང་ཚལ་དང ། ཉེ་བའི་ཚལ་གཞན་རྣམས་ཀྱི་ནང་ན་འཁོད་པ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་ཀྱང་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དེ། དོང་ནས་ཀྱང་བརྒྱ་བྱིན་ལ་གསོང་པོར་སྨྲས་ཤིང་རྒྱལ་བར་སྤྱོན་ཅིག་ཅེས་བརྗོད་ནས། འབུམ་ཕྲག་དུ་མར་ཡོངས་སུ་བསྐོར་ ཏེ་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དོ། །དགེ་བའི་ལས་སྣ་ཚོགས་ཀྱིས་གླུ་ལེན། བྲོ་རྡུང་ཞིང་ཆ་བྱད་དང ། རྒྱན་རྣམ་པ་བཞི་ཐོགས་པ་དེར་སྐྱེས་པ་དག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལེགས་པར་བསྲུངས་ཤིང་བསྒོམས་པ་དེའི་འབྲས་བུའི་རྣམ་པ་ཡིན་ཏེ། དེ་ལ་ ཉེ་བར་སྤྱོད་པར་བྱེད་དོ། །ལྷའི་ཚོགས་ཐམས་ཅད་ཆོས་བཟང་དུ་ཞུགས་ཏེ། བརྒྱ་བྱིན་གྱི་གནས་དཔག་ཚད་ལྔ་བརྒྱར་རྒྱ་ཆེ་ཞིང་གསེར་བཙོ་མས་རྣམ་པར་བརྒྱན་པ། བཻ་ཌཱུརྱའི་ཤིང་ལྗོན་པས་ཉེ་བར་མཛེས་པར་བྱས་པ། ཤིང་ལྗོན་པ་གཞན་རྣམས་ཀྱིས་ཀྱང་མཛེས་པར་བྱས་པ། མེ་ ཏོག་འཇམ་པོས་རྒྱས་པ། ཤིན་ཏུ་དྲི་ཞིམ་ཞིང་དཔག་ཚད་ལྔའི་བར་དུ་དྲི་རབ་ཏུ་འབྱུང་བར་བྱེད་པ། ཡིད་དུ་འོང་བ་དགའ་བར་བྱེད་ལ། སྡུག་ཅིང་ཡིད་དུ་འཐད་པ་གཞན་གྱིས་མི་ཐུབ་པ་དག་ཡོད་དེ། དེ་དག་ཐམས་ཅད་ཀྱང་ལྷའི་འདུན་སར་བརྒྱ་བྱིན་གྱིས་ཡོངས་སུ་བསྐྱངས་པ་ཡིན་ ནོ། །དེ་དག་ལྷའི་དབང་པོ་བརྒྱ་བྱིན་དང་བཅས་ཤིང་ལྷ་མོའི་ཚོགས་བྱེ་བ་ཕྲག་དགུ་བཅུ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དེ་རྣམས་ཀྱིས་དགའ་བར་བྱེད། རྩེ་བར་བྱེད་དོ། །དེར་ཞུགས་ནས་ཁང་བཟངས་རབ་ཏུ་དགའ་བར་གནས་པ་ཞེས་བྱ་བ་དེའི་ནང་དུ་འདོང་བར་བྱེད་ དོ། །བཻ་ཌཱུརྱ་དང ། གསེར་དང ། དངུལ་དང ། སྤུག་ལས་བྱས་པའི་ཀ་བ་རྣམས་དང ། གསེར་ལས་བྱས་པའི་སྟན་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། ཐགས་སུ་བཏགས་པ་མ་ཡིན་པའི་སྟན་ཁྲ་བོ་འཇམ་ལ་ནེམས་ཞེས་བྱེད་ཅིང་འཕར་ལ་ལྷོད་པ་རྣམས་བཏིང་བ། སྟེང་དུ་གདིང་ 69-1-124a བ་ཡོན་ཏན་ཕུན་སུམ་ཚོགས་པའི་སྟན་རྣམས་ལ་ལྷའི་ཚོགས་ཐམས་ཅད་བརྒྱ་བྱིན་གྱིས་གནང་ནས་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་རྣམས་ལ་འདི་སྐད་སྨྲས་སོ། །བདག་ཅག་ལེགས་པར་བྱས་པའི་ལས་དེས་ལྷའི་འཇིག་རྟེན་འདིར་སྐྱེས་ལ། དེ་ཟད་ནས་ལྟུང་ བ་ནི་གདོན་མི་ཟའོ། །བདག་ཅག་ཐམས་ཅད་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་ཇི་ལྟར་སྤྱོད་པ་བཞིན་བདག་ཅག་ལྷ་རྣམས་ཀྱི་ནང་དུ་འོང་ལ། དེ་ནས་ཡང་བདག་ཅག་ལྟུང་བའི་མཐར་འགྱུར་ཏེ། དེ་ལྟ་བས་ན་ལྷ་དག་སྡུག་བསྔལ་དེ་དག་ཐམས་ཅད་མངོན་པར་ཤེས་པར་བྱོས་ལ་དགེ་བ་ ལ་འབད་པར་གྱིས་ཤིག་།དེ་ནས་བརྒྱ་བྱིན་གྱི་ཚིག་དེ་ཐོས་ནས། དེ་དག་ཀུན་གྱིས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །བརྒྱ་བྱིན་ཁྱོད་ཀྱིས་དེ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་ལགས་ཏེ། བདག་ཅག་ཀུན་དེ་ལྟར་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་ལྷའི་དགའ་བ་དང་བདེ་བ་དེ་ ལས་ལྟུང་བར་འགྱུར་ན། དེ་ལས་གཞན་པ་བདག་ཅག་རྒྱུ་གང་གིས་ལྟུང་བར་མི་འགྱུར་བ་བསྟན་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་ལ་འདི་སྐད་སྨྲས་སོ། །གང་འདུས་བྱས་ཀྱི་རྣམ་པ་འཇིག་པའི་མཐའ་ཅན་རྟག་པར་འགྱུར་བའམ། ཐེར་ཟུག་ཏུ་འགྱུར་བའམ། མི་འགྱུར་ བའི་ཆོས་ཅན་གྱི་གནས་དེ་ནི་འོག་གམ། ཐད་ཀའམ། དབུས་སམ། སྟེང་ན་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་ལ་རྟག་ཏུ་ཆགས་པའི་བློ་དེས་ནི་ཆོ་ག་འགྲངས་ཏེ། སྡུག་བསྔལ་ལ་མཐའ་མེད་ཅིང་ལེགས་པ་མེད། བདེ་བའི་རང་བཞིན་མ་ཡིན། རྒྱུ་དང་རྐྱེན་ཁོང་དུ་ཆུད་པ་ སྐྱེད་པ་མ་ཡིན། ཡང་དག་པར་སྐྱེད་པ་ཡིན། སྡུག་བསྔལ་གྱི་མཐའ་འདི་ལྟ་བུ་ལ་རྟོག་པར་མི་བྱེད་དེ། ཁྱེད་ཅག་ཕལ་ཆེར་མཐོ་རིས་ནས་ཚེ་འཕོས་ཏེ། སེམས་ཅན་དམྱལ་བ་དང ། ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་ནས་ཡང་ལེགས་པར་བྱས་པའི་ལས་ཀྱིས་ འདིར་སྐྱེས་པ་རྣམས་རང་གི་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པ་མཐོ་རིས་ན་ལྷའི་བདེ་བ་དག་མྱོང་བར་འགྱུར་རོ། །དེ་ནས་ཡང་ལས་ཀྱིས་གཟིངས་པ་རྣམས་ལྟུང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་ཉེ་བར་སྤྱོད་པར་འགྱུར་གྱིས་ལྷ་ 69-1-124b རྣམས་དེ་ལ་ཤིན་ཏུ་བག་ཡོད་པར་གྱིས་ཤིག་།འདི་ལྟར་བདག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་མདོར་བསྡུས་ཏེ་གསུངས་པའི་ཆོས་དེ་ཁོ་ན་དང ། གཞན་གང་གིས་འཁོར་བ་ལས་ཐར་བར་འགྱུར་བ་བཤད་པར་བྱའོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་ གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་ པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་ པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་ལ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་ འགག་སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་སྐྱེ་བ་འགགས་ པས་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །དེ་ལྟར་ལྷ་དག་འཁོར་བ་ འདིའི་འཇུག་པ་དང ། ལྡོག་པ་ཞེས་བྱ་བ་མཐོང་ཞིང་ཤེས་ན་ཉོན་མོངས་པ་ཟད་ནས་ཐར་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བ། འཇིག་པ་མེད་པ། རྟག་པ། རྒ་བ་མེད་པ། འཆི་བ་མེད་པ། ཟག་པ་མེད་པ་འཐོབ་སྟེ། དེ་ལྟར་ལྷ་དག་སྲོག་ཆགས་རྣམས་ 69-1-125a འཁོར་བ་འདི་ལས་ཐར་བར་འགྱུར་རོ། །གང་འདུས་བྱས་ཀྱི་རྣམ་པ་འཇིག་པ་མེད་པའི་མཐའ་འམ། ཟད་པ་མེད་པའི་མཐའ་འམ། ཆུད་ཟ་བ་མེད་པའི་མཐའ་འམ། ཚེ་རབས་སུ་འགག་པ་མེད་པའི་ཆོས་ཞེས་བྱ་བའི་གནས་གཞན་འཁོར་བ་ན་མེད་དོ། །གང་ན་ གཏན་དུ་བདེ་བར་འགྱུར་བ་དང ། ལྟུང་བའི་མཐའ་མེད་པ་དང ། ཟད་པ་དང་འཇིག་པའི་མཐའ་མེད་པ་དང ། འབྱུང་བ་དང་འཇིག་པར་འགྱུར་བའི་ཆོས་ཅན་མ་ཡིན་པ་མེད་དོ། །དེ་ནས་བརྒྱ་བྱིན་གྱི་ཁ་ནས་ཚིག་དེ་དག་ཐོས་ནས། ལྷ་གང་ཚེ་རབས་གཞན་དག་ཏུ་ སེམས་བསྒོམས་པ་དམ་པའི་ཆོས་ལ་མངོན་པར་དགའ་ཞིང ། བློ་ཤིན་ཏུ་ཞན་པ་དེ་དག་ནི་ཡིད་ལ་བག་ཡོད་པར་འགྱུར་ཞིང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་གཅིག་ཏུ་དད་ལ། མྱ་ངན་ལས་འདས་པའི་ས་བོན་བདེ་བའི་ལས་འཕེན་པར་བྱེད་དོ། ། ཡིད་མ་བསྒོམས་པ་གང་ཡིན་པ་དེ་དག་ནི། དེ་ནས་ཡང་བག་མེད་ཅིང་སེམས་འཁྲུགས་པར་འགྱུར་ལ། སྲེད་པས་བསླུས་པ་རྣམས་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད་དོ། །དེ་ནས་ཡང་དེས་བསླུས་པ་རྣམས་རྩེ་བ་དོན་དུ་བྱེད་ཅིང ། དགའ་བར་བྱེད་དེ། དེ་ལྟར་དེ་དག་གི་འཁོར་བའི་སྡུག་བསྔལ་མཐའ་མེད་པར་འགྱུར་རོ། །དེ་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་དེས་ཆོས་བཤད་པ་ན། འཇིག་རྟེན་སྐྱོང་བ་བཞི་རྣམས་ལྷའི་འདུན་ས་ཆོས་བཟང་དག་ཏུ་སོ་སོར་འཁོད་དེ། འདི་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་རྣམས་ དང་ལྷན་ཅིག་གང་ན་བཞུགས་ཞེས་དཔྱོད་པར་བྱེད་དོ། །དེ་ནས་དེ་ལྟར་བརྒྱ་བྱིན་ལྷའི་སྟན་ལ་འདུག་ཅིང ། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ལ་གཟི་བརྗིད་འབར་བ་ན། ལྷ་ཡུལ་གྱི་བདེ་བ་དཔེ་མེད་པ་དུ་མ་དང་ལྡན་པ་རྒྱང་རིང་པོ་ནས་མཐོང་ངོ ། །དེ་མཐོང་ནས་འཇིག་རྟེན་ སྐྱོང་བ་བཞི་རྣམས་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དོང་ནས་བརྒྱ་བྱིན་ལ་གསོང་པོར་སྨྲ་སྟེ། ལྷའི་སྟན་མཆོག་ཏུ་ཉམས་དགའ་བ་བཟང་པོ་ལ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཡང་སྟན་མཆོག་ཏུ་ཉམས་དགའ་བ་བཟང་པོ་དེ་དག་ལས་ལངས་ཏེ།བརྒྱ་བྱིན་ 69-1-125b ག་ལ་བ་དེ་ལོགས་སུ་ཕྱོགས་ནས་འདུག་སྟེ། བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་འདི་ལྟར་འཛམ་བུའི་གླིང་གི་མི་རྣམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་ཞིང་ཆོས་ལ་དགའ་བ། མར་འཛིན་པ་དང ། ཕར་འཛིན་པ་དང ། དགེ་སྦྱོང་དུ་འཛིན་པ་ དང ། བྲམ་ཟེར་འཛིན་པ་དང ། རིགས་ཀྱི་རྒན་རབས་ལ་གུས་པར་བགྱིད་ཀྱིས། ལྷའི་དབང་པོ་ཁྱོད་དགྱེས་པར་མཛད་དུ་གསོལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་དག་ཐོས་ནས་འདི་སྐད་སྨྲས་སོ། །ལྷ་དག་བདག་ནི་དགའོ། །རྒྱལ་པོ་ཆེན་པོ་ཁྱེད་ཅག་ ནི་འཇིག་རྟེན་སྐྱོང་ཞིང ། འཇིག་རྟེན་ལ་ཕན་པར་འདོད་པ་ཕན་གདགས་པར་རབ་ཏུ་ཞུགས་པ་ཡིན་ཏེ། བདག་གི་དགའ་བ་ཡང་ཐོས་ནས། ཁྱེད་བདེ་ལེགས་སུ་གྱུར་ཅིག་།དེ་ནས་འཛམ་བུའི་གླིང་དུ་ཆོས་དང་མི་ལྡན་ཞིང ། ཆོས་མ་ཡིན་པའི་རྗེས་སུ་ཞུགས་པའི་མི་དེ་དག་ དེ་བཞིན་དུ་འཇིག་རྟེན་སྐྱོང་བ་རྣམས་བརྒྱ་བྱིན་ལ་སྨྲ་བར་བྱེད་དེ། འཛམ་བུའི་གླིང་ན་མི་ཆོས་དང་མི་ལྡན་ཞིང ། ཆོས་མ་ཡིན་པའི་རྗེས་སུ་འཇུག་པ། མར་མི་འཛིན་པ་དང ། ཕར་མི་འཛིན་པ་དང ། དགེ་སྦྱོང་དུ་མི་འཛིན་པ་དང ། བྲམ་ཟེར་མི་འཛིན་པ་དང ། རིགས་ཀྱི་རྒན་ རབས་ཀྱི་རྗེས་སུ་མི་འཇུག་པ་དག་མཆིས་ཏེ། བདུད་ཀྱི་ཕྱོགས་ནི་འཕེལ་ལོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་འགྲིབ་པོ་ཞེས་བསྙད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་དང ། སུམ་ཅུ་རྩ་གསུམ་པ་ཇི་ལྟར་ཕྱོགས་པ་རྣམས་ལ་བོས་ནས་སྨྲས་པ། ལྷ་ མ་ཡིན་བརྟན་པ་དང ། རབ་སྤྲོ་ལ་སོགས་པ། ཀླུ་ཆོས་མ་ཡིན་པ་དང་ལྡན་པ་རབ་འཇོམས་ལ་སོགས་པ་སའི་འོག་ནས་ལངས་ཏེ། བདག་ཅག་ལ་གཡུལ་འགྱེད་དུ་འོང་གིས། ལྷ་ཁྱེད་རྣམས་ཆོས་ཤིག་།དེ་ནས་བརྒྱ་བྱིན་གྱི་བཀའ་དེ་མནོས་ནས། གང་རྒྱལ་ཆེན་བཞིའི་ ལྷ་རྣམས་བརྒྱ་བྱིན་གྱི་བཀས་ཤིན་ཏུ་རིངས་པར་ལག་ཆ་དང ། མཚོན་ཆ་སྣ་ཚོགས་སྔ་མ་བཞིན་ཐོགས་ཏེ། རི་བོ་ཟླ་བ་ཞེས་བྱ་བའི་རི་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་འཇིག་རྟེན་སྐྱོང་བ་དེ་རྣམས་དོང་བ་དང ། ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་ཚོགས་སྣ་ཚོགས་ 69-1-126a ཀྱིས་ནི་བསྐོར། ལྷའི་ཕྲེང་བ་དང་གོས་ནི་གྱོན། ལང་ཚོ་ལ་བབ་པའི་གཟུགས་རྒྱན་སྣ་ཚོགས་ཀྱིས་ནི་བརྒྱན། ལྷ་མོ་རྣམས་ནི་རྗེས་སུ་འབྲང་ཞིང ། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་ཐམས་ཅད་མངོན་པར་འབྱོར་ཅེས་བྱ་བ་ག་ལ་བ་དེར་ འདོང་བར་བྱེད་དེ། སྐྱེད་མོས་ཚལ་གང་ཡིན་པ་དེ་རི་རབ་དང་སྐྲ་ལྟ་བུར་ཆུང་ཟད་འདྲ་བའི་དཔེར་བྱ་ན། འདི་ལྟར། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ་དང ། ཉི་མ་གཟའི་ཚོགས་ཀྱིས་བསྐོར་བ་མི་འཐུན་པར་མཐོང་བ་ལྟ་བུ་དང ། རི་རབ་གསེར་གྱི་རི་སྟོང་ གིས་བསྐོར་བ་ལྟ་བུ་དང ། ཤིང་ལྗོན་པ་ལྷའི་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། མཐོན་ཀ་དང ། པད་མ་རཱ་གའི་མདོག་ལྟ་བུ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་སྐྱེད་མོས་ཚལ་དེ་ལྷའི་མེ་ཏོག་གིས་མཛེས་པར་བྱས་ཤིང ། བྱའི་ཚོགས་ཀྱིས་ཡོངས་སུ་ བསྐོར་ལ་སྒྲ་སྐད་སྙན་པ་འབྱིན་པ། ལྷའི་པད་མའི་རྫིང་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ཞེས་བྱ་བ་སྐྱེད་མོས་ཚལ་ཆེན་པོ་དེ་ན་རྫིང་དེ་དག་སྔ་མ་བཞིན་ཡོད་པའི་ནང་ན་བལ་གླང་མོ་དང་ལྷན་ཅིག་རྩེ་བར་བྱེད། གསེར་དང ། བཻ་ཌཱུརྱའི་པད་མའི་འདམ་བུའིནང་ན་བལ་གླང་མོ་དང་ལྷན་ཅིག་རྩེ་ཞིང་ཡུལ་དེར་འགྲོ་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ལྷའི་ཚོགས་དང ། ལྷ་མོའི་ཚོགས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟར། གླང་པོ་ཆེའི་རྒྱལ་པོ་དེ་ཡང་དེ་ལྟ་བུ་ཡིན་ལ། པད་མ་ གསེར་བཙོ་མ་ལྟ་བུ་དང ། ནམ་མཁའ་ལ་ཉི་མ་འབུམ་ཕྲག་འཆར་བ། དེ་ལྟ་བུའི་འོད་བཟང་པོ་འཆར་བ་དང་ལྡན་པ་རྣམས་ཀྱིས་མཛེས་པར་བྱས་པ་དེར་དེ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། རྩེད་མོ་བྱེད། དུད་འགྲོར་གྱུར་ཀྱང་ལྷའི་བདེ་བ་མྱོང་བ་ ཡིན་ནོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་དེར་སོང་ནས། ལག་པ་གཉིས་ཀྱིས་བྱུགས་ཤིང་ཕྱི་བདར་བྱེད་ལ། ཀྱེ་བདག་གི་གླང་པོ་ཆེའི་རྒྱལ་པོ་འདི་ནི་གཡུལ་འགྱེད་པ་ལ་དགོས་པ་ཡིན་ཏེ། ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ། འདིའི་སྟེང་ནས་བདག་རྒྱལ་བ་ཐོབ་ 69-1-126b བོ། །དེ་ནས་གླང་པོ་ཆེ་མཆོག་ཕྱི་བདར་བྱས་ནས། སྐྱེད་མོས་ཚལ་ཐམས་ཅད་འབྱོར་ལྡན་ན་ཁང་བཟངས་མྱ་ངན་བྲལ་ཞེས་བྱ་བ་ག་ལ་བ་དེར་འགྲོ་བར་བྱེད་དེ། ཆུའི་ཟམ་པ་ལྟ་བུའི་སྐས་དེ་ལས་འཛེགས་ནས། དེར་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ འཇུག་པར་བྱེད་དོ། །དེར་ཞུགས་ནས་ལྷའི་རྒྱལ་པོ་དེ་ལྷ་མོ་བྱེ་བ་ཕྲག་དགུའི་མདུན་ན་རྩེ་བར་བྱེད། དགའ་བར་བྱེད་དོ། །ལྷའི་རྒྱལ་པོ་དེ་རྣམས་དང་ལྷན་ཅིག་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་རྩེ་བར་བྱེད། དགའ་བར་བྱེད། ཡོངས་ སུ་སྤྱོད་པར་བྱེད་དོ། །ལྷའི་རྒྱལ་པོ་རང་གི་ལས་དང་འཐུན་པར་ལོངས་སྤྱོད་འབྱོར་ཏེ། ལྷ་དེ་དག་དང་ལྷའི་རྒྱལ་པོ་དེ་ཇི་སྲིད་དུ་འདོད་པ་སྡུག་པ། ཡིད་དུ་འོང་བ་བྱས་ཤིང་བསགས་པ་དང ། སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བདེ་བའི་རྣམ་པར་སྨིན་པ། བདེ་བ་སོ་ སོར་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་འདི་ལྟར། སྐྱེད་མོས་ཚལ་བརྒྱ་སྙེད་ཀྱིས་བརྒྱན་པའི་ལྷའི་འདུན་ས་ཆོས་བཟང་གི་སྐྱེད་མོས་ཚལ་དེ་ན་བདེ་བ་ཀུན་དང་ལྡན་ཞིང ། ལྷའི་ཚོགས་ཐམས་ཅད་དང་བཅས་པས་ཡན་ལག་ལྔ་དང་ལྡན་པའི་ རོལ་མོ་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད་དོ། །དེ་དག་ཕྱིས་ལྷའི་འདུན་ས་ཆོས་བཟང་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ཇི་ལྟར་ལས་དེ་དང་ཉེ་བར་འགྲོ་ཞིང ། མྱོང་བར་འགྱུར་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མཆོག་ཏུ་བདེ་བ་དང ། རིག་པའི་བློ་དྲི་མ་མེད་པ་དང ། ཕན་ཚུན་གྱི་གཙོ་བོའམ། གྲོང་གི་གཙོ་བོའམ། ཡུལ་གྱི་གཙོ་བོའམ། གྲོང་ཁྱེར་ གྱི་གཙོ་བོའམ། ཕན་ཚུན་གྱི་གཉེན་འདབ་དང ། རྩ་ལག་དང ། བདེ་བར་ལྷན་ཅིག་འཁོད་པར་འགྱུར་རོ། །ལྷའི་རྒྱལ་པོ་དེ་ནི་ངན་སོང་གི་སྒོ་བཅད་པ་ཡིན་ཏེ། ལྷ་དེ་དག་གི་འཆི་འཕོ་བ་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ས་གང་ 69-1-127a ཡིན་པ་དེ་དག་གི། །ཚལ་ནི་པད་མ་སྣ་ཚོགས་དང ། །རྩེ་མོ་མཆོག་སྟེ་ཉམས་དགའ་དང ། །རིན་པོ་ཆེ་དང་ལྡན་པ་དང ། །མཚོ་དང་འབབ་ཆུ་རིན་པོ་ཆེའི། །རྡོ་བ་སྣ་ཚོགས་རྣམས་ཀྱིས་བརྒྱན། །ལྗོན་ཤིང་མེ་ཏོག་སྣ་ཚོགས་དང ། །བྱ་ནི་སྣ་ཚོགས་དག་ གིས་ཁེབས། །གསེར་ལས་བྱས་པའི་དཔག་བསམ་ཤིང ། །ཁ་ཅིག་དྲི་མེད་བཻ་ཌཱུརྱ། །དངུལ་དང་གསེར་ནི་བཙོ་མ་ཡིན། །ཚལ་ནི་རྣམ་པར་འདྲེས་པ་བསྐྱེད། །བུང་བ་རྣམས་ནི་སྒྲ་འབྱིན་པས། །པད་མའི་རྫིང་ནི་རྣམ་པར་མཛེས། །ཁང་བཟངས་མཆོག་ནི་ཉམས་ དགའ་ཞིང ། །རིན་པོ་ཆེ་ནི་ཆེ་དང་ལྡན། །རྣམ་པར་བརྒྱན་པ་ཉམས་དགའ་སྟེ། །ལྷ་ལ་འོས་པ་ཐམས་ཅད་ཡོད། །དེ་དག་ཐམས་ཅད་དེ་བཞིན་འཇུག་།སྐྱེ་བོ་རྣམས་ནི་ཡོངས་སུ་འགྱུར། །ཀྱེ་མ་སྲེད་པས་བསླུས་པ་ཡི། །ལྷ་རྣམས་ཀུན་གྱི་བདེ་བ་ནི། །སྒྱུ་མ་ཆུ་བུར་ དབུ་བ་དང ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན། །སྲེད་པ་དུག་དང་མེ་འདྲ་བ། །འཇིག་རྟེན་འཇིག་པའི་ཕྱིར་གནས་ཏེ། །སྲེད་པའི་མཚོར་ནི་འཁྱམ་བྱེད་ཅིང ། །སྐྱེ་བོ་དེ་ཀུན་འཇིག་པར་བྱེད། །འདོད་པ་ལོངས་པས་ཆོག་མི་ཤེས། །བདེ་བ་འདོད་པས་ཆོག་མི་ཤེས། ། འཆི་བའི་མེ་ཡིས་རྣམ་བསྲེགས་པ། །ལྷ་ཚོགས་དེ་དག་ག་ལས་འོངས། །སྲེད་འདིས་འཇིག་རྟེན་གཟེངས་པ་རྣམས། །ཡེ་ནས་ངན་ཏེ་འཕགས་པ་མིན། །གང་གིས་རྣམ་པར་རྨོངས་པའི་ལྷ། །འཆི་བ་ཡི་ནི་དབང་དུ་སོང ། །ལྷ་དང་མི་དང་ལྷ་མ་ཡིན། །གནོད་སྦྱིན་སེམས་ཅན་ དམྱལ་བ་ཀླུ། །འཆི་བའི་ཞགས་པ་མི་བཟད་པས། །ཐམས་ཅད་དབང་མེད་འགྲོ་བར་འགྱུར། །ཁམས་གསུམ་པ་སྟེ་འདི་དག་ཀུན། །འཆི་བའི་ཞགས་པས་སྦྲེལ་གྱུར་ཀྱང ། །སྲེད་པའི་རྨོངས་པས་རྨོངས་པ་རྣམས། །དབང་མེད་མཐོང་བར་མི་འགྱུར་རོ། །དེ་ལྟར་བརྒྱ་བྱིན་ གྱིས་རྟག་ཏུ་ལྷ་དེ་རྣམས་ཀྱི་སྐྱེ་བ་དང ། གཞན་མི་རྟག་པ་འཆི་བ་དག་མཐོང་ནས། ལྷ་དག་ཤིན་ཏུ་གོ་བར་བྱ་བའི་ཚིགས་སུ་བཅད་དེ་སྨྲས་པ། འབྱུང་པོ་ཀུན་ལ་ཕན་བཞེད་པ། །བཅོམ་ལྡན་དེ་ལ་ཕྱག་འཚལ་ལོ། །གང་གིས་སྲེད་པ་དུག་འདྲ་འདི། །འཇིག་རྟེན་པ་ 69-1-127b ལ་མང་དུ་གསུངས། །མདོར་ན་ཤེས་དང་ཤེས་བྱ་དག་།དེ་ཡིས་འདི་ཀུན་ཐུགས་སུ་ཆུད། །ཤེས་དང་ཤེས་བྱ་མ་གཏོགས་པར། །གསུམ་པ་དམིགས་པར་མི་འགྱུར་རོ། །འདི་ནི་མི་རྟག་སྡུག་བསྔལ་སྟོང ། །བྱེད་པ་པོ་ཡང་སྤངས་པ་ཡིན། །དེ་ཉིད་ལམ་ནི་རྣམ་ སྟོན་པ། །སངས་རྒྱས་ཀྱིས་ནི་འཁོར་བར་གསུངས། །དེ་ལྟར་དབང་པོ་དེ་ཕྱག་རྒྱ་འདིས་བཏབ་པའི་ཡིད་དྲི་མ་མེད་པས་བཅོམ་ལྡན་འདས་ལ་བསྟོད་དོ། །བསྟོད་ནས་དེ་ནས་ཡང་ལྷའི་བདེ་བ་ཡང་ཉམས་སུ་མྱོང་བར་བྱེད་དེ། དེ་ལྟར་དེ་ལྷའི་བདེ་བ་ཐམས་ཅད་མྱོང་བ་ཡིན་ནོ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མཐོ་བ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །སེམས་ ཅན་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་འདི་ལྟར་གང་གཞན་གྱིས་གསོད་པ་པོ་དག་ཉི་མ་གཅིག་ཙམ་དུ་སྲོག་གཅོད་པ་སྤོང་བའི་ཚུལ་ཁྲིམས་སྲུང་དུ་བཅུག་ལ། འཁོར་བ་ལས་ཐར་པ་འདོད་པ་རྣམས་མ་བྱིན་ པར་ལེན་པ་དང ། རྒྱལ་པོའི་ཆད་པས་འཇིགས་ནས་འབྲས་བུ་ཆུང་ངུར་འགྱུར་བ་ཡང་སྤོང་དུ་འཇུག་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་མཐོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །གནས་མཐོ་བ་དེ་ཡང་རི་རབ་ཀྱི་སྟེང་ན་མཐོ་བ་ཡིན་ ལ། ཁྱེད་ཅག་གི་ལས་སྣ་ཚོགས་སྣང་བ་བཞིན་གསེར་དང་དངུལ་གྱི་བཀྲ་བས་ཕྱེ་བ་ཡིན་ནོ། །ལྷ་རྣམས་མཐོ་བའི་གནས་དེར་འཛེགས་ནས། རི་རབ་ཀྱི་དྲུང་ཐམས་ཅད་ལྟ་བར་བྱེད་དེ། གསེར་དང་དངུལ་ལས་བྱས་ཤིང ། བཻ་ཌཱུརྱ་བཀྲ་བས་རྣམ་པར་ཕྱེ་བ་རྣམ་པ་དུ་ མ་ལ་ལྟ་བར་བྱེད་དོ། །ལྷའི་ཕྲེང་བ་དང་གོས་གྱོན་པ་རྣམས་གསེར་གྱིས་བརྒྱན་པའི་ས་གཞི་རྣམས་ལ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ལ། ལྷ་མོའི་ཚོགས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་སྡུག་པ་དང ། ལྷན་ཅིག་བཻ་ཌཱུརྱའི་ཚལ་དང་ཉེ་བའི་ཚལ་རྣམས་སུ་ 69-1-128a དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེར་དེ་དག་གི་རྟག་ཏུ་བཟའ་བ་དང ། བཏུང་བ་ཆུ་བོ་ལྟར་འབབ་སྟེ། འདི་ལྟ་སྟེ། ཆུ་བོ་རོ་ཞིམ་ཞེས་བྱ་བ་དང ། ཆུ་བོ་ཤུགས་ཆེན་འབབ་ཅེས་བྱ་བ་དང ། ཆུ་བོ་དགའ་བཅས་ཞེས་བྱ་བ་དང ། ཆུ་བོ་ དགའ་བཅས་ཆེ་ཞེས་བྱ་བ་དང་།ཆུ་བོ་བརྩེགས་འབབ་ཅེས་བྱ་བ་དང ། ཆུ་བོ་ཤུགས་ཕྲེང་ཞེས་བྱ་བ་དང ། ཆུ་བོ་སྟོང་འབབ་ཅེས་བྱ་བ་དང ། ཆུ་བོ་གར་དགར་འབབ་ཅེས་བྱ་བ་སྟེ། ཆུ་བོ་དེ་དག་ནི་མྱོས་པའི་སྐྱོན་དང་བྲལ་ཞིང ། བཏུང་བ་རྣམ་པ་སྣ་ཚོགས་ཐམས་ཅད་རབ་ ཏུ་འབབ་པ་ཡིན་ནོ། །རོ་སྣ་ཚོགས་དང་མདོག་སྣ་ཚོགས་ཡོད་པ་ཡིན་ཏེ། འདི་ལྟ་སྟེ། འོ་མའི་མདོག་དང ། པད་མ་རཱ་གའི་མདོག་དང ། ན་ད་རྙིལ་གྱི་མདོག་དང་འཐུན་པ་དང ། བཻ་ཌཱུརྱའི་མདོག་དང ། གསེར་གྱི་མདོག་ལྟར་སེར་བ་དང ། ཁ་ཅིག་མདོག་ འདྲེས་པ་དང ། ཆུ་ཤིན་ཏུ་དྲི་ཞིམ་ཞིང་བརྟན་པ་དག་ཏུ་ཁྱད་པར་འཕགས་པ་ཡང་འབབ་བོ། །གཞན་ཡང་བཟའ་བ་རོ་དང ། དྲི་དང་མདོག་སྣ་ཚོགས་སུ་འབྱུང་སྟེ། འདི་ལྟ་སྟེ། རོ་ཤ་ཁ་ར་འདྲ་བ་དང ། ལྷའི་དྲི་དང ། མདོག་དང་མདོག་སྐྱ་བོ་དང ། རོ་ཇི་ལྟར་འདོད་ པ་དག་སྟེ། ལྷ་རྣམས་ཇི་ལྟར་འདོད་པ་དེ་བཞིན་དུ་བཟའ་བ་རྣམས་ཀྱི་རོ་དེ་དག་ཀྱང་དེ་ལྟར་འགྱུར་རོ། །ཚལ་དང་ནགས་ཚལ་སྣ་ཚོགས་དག་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ཤིང ། བྱ་ཁ་དོག་སྣ་ཚོགས་དང ། རྣམ་པ་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱས་ པ་ཡིན་ཏེ། དེ་དག་སའི་ཕྱོགས་ཉམས་དགའ་བ་དེར་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སིལ་སྙན་དང ། གླུ་དབྱངས་དང ། བྲོ་གར་སྣ་ཚོགས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེར་ཚལ་འདི་དག་འབྱུང་བར་འགྱུར་ཏེ། འདི་ ལྟ་སྟེ། ཤིང་སཱ་ལའི་ཚལ་དང ། ཤིང་སཱ་ལ་ཆེན་པོའི་ཚལ་དང ། ཇི་ལྟར་འདོད་པའི་ཤིང་ལྗོན་པའི་ཚལ་དང ། མེ་ཏོག་རྟག་ཏུ་ཡོད་པའི་ཚལ་དང ། རླུང་ཇི་ལྟར་འདོད་པ་བཞིན་བདེ་བར་འབབ་པའི་ཚལ་ཏེ། ཚལ་དགའ་བ་དེ་རྣམས་ན་གསེར་གྱི་ལྕུག་མ་འཕྱངས་པས་ 69-1-128b ནི་མཛེས། དྲིལ་བུ་གཡེར་ཀའི་དྲ་བས་ནི་དཀྲིགས། བྱ་འབུམ་སྙེད་སྒྲ་འབྱིན་པ་དགའ་བ་ལྷའི་དབང་པོ་འདོད་པའི་ཡོན་ཏན་ལྔའི་བདེ་བ་དག་གིས་ལྷ་རྣམས་ཉེ་བར་འཚོ་བར་བྱེད་དོ། །ཕན་ཚུན་གྲོགས་སུ་གྱུར་ཅིང་ཕན་ཚུན་ལོངས་སྤྱོད་པ་གཅིག་པུ་དོན་དུ་བྱེད་པ། ནད་དང་མྱ་ངན་ དང་བྲལ་བ། བཀྲེས་པ་དང་སྐོམ་པ་དང་བྲལ་བ། ལུས་ངལ་བ་དང་བྲལ་བ། ཚོལ་བའི་ཉོན་མོངས་པ་དང་བྲལ་བ། ཅི་དགར་སྤྱོད་པ་ལ་བརྩོན་པ།ཅི་དགར་རྒྱུ་བ། ཅི་དགར་གནས་པ་དག་ཚལ་གྱི་ནང་དང ། སྐྱེད་མོས་ཚལ་དང ། པད་མའི་ཚལ་དང ། མཐོང་ན་ཡིད་ འཕྲོག་རྣམས་སུ་དགའ་བར་བྱེད་དོ། །མཐོ་བ་ན་གནས་པ་འདོད་པའི་ཡོན་ཏན་ལྔས་ཚིམ་པའི་ལྷ་རྣམས་འོད་ནི་རང་གི་འོད་ལ་ལུས་ནི་ཇི་ལྟར་འདོད་པ་བཞིན། ཕྲ་བ་དང ། སྦོམ་པ་དང ། ཡང་བར་སྒྱུར་བ། ཅི་དགར་འགྲོ་བ། གར་དགར་འགྲོ་བ། རང་དགར་འགྲོ་བ། གང་ ཐོབ་པར་འདོད་པ་དེ་ཐོབ་པར་འགྱུར་ཞིང ། ཐོབ་ནས་སུས་ཀྱང་མི་འཕྲོགས་ལ་ཐོབ་ནས་དེའི་དབང་དུ་འགྱུར་རོ། །མཐོ་བའི་གནས་ན་གནས་པར་གྱུར་པའི་ལྷ་དེ་རྣམས་ལ་བདེ་བའི་རྣམ་པ་གཞན་ཡང་ཡོད་དེ། རང་གིས་ལེགས་པར་བྱས་པའི་ལས་རྒྱུ་དང་འབྲས་བུས་ཀུན་ནས་བསླང་ བས། ཇི་སྲིད་དུ་འདོད་ཅིང་སྡུག་ལ་ཡིད་དུ་འོང་བ་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་སྤངས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་མོའི་ཚོགས་རྣམས་དང་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ལས་ཟད་ནས་ལྷའི་རིས་ དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ལས་ཀྱིས་འགྲོ་བ་ཇི་ལྟ་བ་དང་ལས་ལ་རྟོན་པ་དང ། འགྲོ་བ་ཇི་ལྟ་བ་བཞིན་སྐྱེ་བར་འགྱུར་ཏེ། སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་ན་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་ དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རི་ལ་གནས་པ་རྟག་ཏུ་བདེ་བར་འགྱུར་ཞིང ། ནོར་དང་ཤིན་ཏུ་ལྡན་པ་དང ། རབ་ཏུ་བདེ་བ་དང ། མཆོག་ཏུ་གཟུགས་བཟང་བ་དང ། འཇིག་རྟེན་གྱི་བར་བཟང་པོར་དྲོ་བ་དང ། བསིལ་བའི་ཉེ་བའི་ཚལ་རྣམས་ཀྱི་ནང་དུ་སྐྱེ་བར་ 69-1-129a འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་རི་རྩེ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་ མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ལུས་ཀྱི་ཚུལ་ཁྲིམས་རྣམ་གཉིས་བསྲུངས་པ་ཡིན་ཏེ། སྲོག་ཆགས་གསད་པར་ཆད་པ་དང ། བཅིངས་པ་ཐར་བར་བྱས་ ཤིང ། མཐུ་རབ་ཏུ་ཆེ་བར་གྱུར་ལ་ནུས་པར་ལྡན་པ་ཞིག་ལམ་དུ་ཞུགས་ཏེ། བཀྲེས་ཤིང་སྐོམ་བཞིན་དུ་བུ་རམ་ཤིང་ངམ། ལྡུམ་ར་འམ། རྫིའུའི་གྲོང་དག་ཏུ་བའི་བཅུད་དམ། བུ་རམ་ཤིང་གི་བཅུད་མ་བྱིན་པར་མ་བླངས། སེམས་ཅན་གསད་པར་བྱ་བ་དང ། མ་ བྱིན་པར་བླངས་ནས་འཇིགས་ཏེ་འགྲོ་བ་ཐར་བར་བྱས་པའི་སྐྱེས་བུ་དམ་པ་དེ་ལུས་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་གནས། རི་རྩེར་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་བདེ་བའི་ལོངས་སྤྱོད་དུ་མ་དང་ ལྡན་ཞིང ། དེ་ཡུལ་ཆུ་བོ་ལྟ་བུ་དུ་མས་བདས་པ་ཡིན་ལ། དེ་ཡང་འདོད་ཆགས་ཆུ་བོ་ལྟ་བུ་ཡིན། འདི་ལྟ་སྟེ། འདོད་ཆགས་ཀྱི་ཆུ་བོ་དང ། རྒྱགས་པའི་གློང་དང ། མགུ་བའི་གླིང་དུ་ཆགས་པ་དང ། ཀུན་དགའི་ཆུ་མིག་དང ། ཀུན་དུ་རྟོག་པའི་རླབས་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་སྡུག་པའི་བྱ་དང ། ལྟ་བ་ཆུ་སྲིན་འཛིན་ཁྲི་ཀུན་དུ་འཁྲུགས་པ་དང ། རབ་ཏུ་ཐོགས་པ་དུ་མ་ཡ་ཡོར་འགྲོ་བ་དང ། ཚལ་དང ། ཉེ་བའི་ཚལ་ཆུ་ཡིས་བར་བུར་དེད་པ་དང ། ཕྲ་དོག་གི་ཉ་དང ། སྤྲོ་བ་ཆུ་ལས་ བརྒལ་བ་དང ། ཡུལ་དུ་མའི་རི་ཁྲོད་ནས་ཆུ་འབབ་སྟེ། སྲེད་པའི་ཆུ་བོ་འདམ་རྫབ་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་ལས་ལྷ་རྣམས་འབྱུང་བར་མི་ནུས་སོ། །གཞན་ཡང་ཆུ་བོ་གང་གཱའི་ཕ་རོལ་གྱི་འགྲམ་གྱི་རླབས་མི་མངོན་པ་ལྟར། ཐོག་མ་མེད་པའི་དུས་ནས་རྒྱུན་དུ་ཤིན་ཏུ་ 69-1-129b ཟབ་མོར་རབ་ཏུ་ཞུགས་པ། འདོད་པ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་ན་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རླབས་ལྟ་བུས་ཁྱབ་ཅིང ། མྱུར་དུ་འགྲོ་བའི་སྲེད་པ་ཆུ་ཀླུང་ལྟ་བུ་དེ་སེམས་ཅན་དམྱལ་བའི་རྒྱུ་ཡང་ཡིན་ལ། མི་རྣམས་ཀྱིས་ཀྱང་ཆོག་པར་འཛིན་མི་ནུས་ཏེ། དེ་ལྟར་སྲེད་པའི་རྣམ་པ་ཆུ་བོ་ལྟ་བུས་རི་རྩེ་ན་གནས་པའི་ལྷ་རྣམས་རབ་ཏུ་བདས་སོ། །དེར་ལྷ་དེ་དག་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ཚལ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཚལ་རྟག་ཏུ་རབ་དགའ་ཞེས་བྱ་བ་དང ། ཚལ་རྟག་ཏུ་མངོན་དགའ་ཞེས་བྱ་བ་ དང ། ཚལ་སྤྲིན་ལྟར་དཀར་བརྩེགས་ཞེས་བྱ་བ་དང ། ཚལ་ཀུན་ནས་མངོན་དགའ་ཞེས་བྱ་བ་དང ། ཚལ་ཟླ་བ་འདྲ་ཞེས་བྱ་བ་དང ། ཚལ་གང་གཱའི་སྟེང་དུ་རྒྱུ་ཞེས་བྱ་བ་སྟེ། ཚལ་འདི་དག་ནི་རི་རྩེ་ན་གནས་པའི་ལྷ་རྣམས་ཀྱི་ཡིན་ནོ། །ཚལ་དེ་རྣམས་ཀྱི་ནང་དུ་ལྷ་ དག་བདེ་བ་དུ་མ་དང་ལྡན་ཞིང ། བུད་མེད་ཀྱི་དགའ་བ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །བཏུང་བའི་ཆུ་བོ་རྣམས་ཀྱང་འདི་ལྟ་སྟེ། ཆུ་བོ་སྣ་ཚོགས་ཞེས་བྱ་བ་དང ། ཆུ་བོ་ལག་མཐིལ་གྱིས་བྱུག་ཅིང་རེག་པ་ཞེས་བྱ་བ་དང ། ཆུ་བོ་ ངོམས་མི་མྱོང་ཞེས་བྱ་བ་དང ། ཆུ་བོ་མེ་ཏོག་ཀུ་མུ་ད་དང ། ུད་པ་ལ་སྐྱེ་ཞེས་བྱ་བ་སྟེ། ཆུ་བོ་དེ་དག་གི་འགྲམ་གཉི་ག་རིལ་ཁེབས་པ་ཡིན་ནོ། །དངུལ་དང ། ཤེལ་དང ། གསེར་གྱི་ཤིང་ལྗོན་པ་འབྲས་བུ་དང་ལྡན་ཞིང ། མེ་ཏོག་དང་ལྡན་པ་རྣམས་ཀྱིས་ལྷའི་ས་ གཞི་དེ་དག་ཉམས་དགའ་བར་བརྒྱན་པའི་ས་གཞི་དེར་དགེ་བའི་ལས་སྣ་ཚོགས་དང ། ལས་བྱས་པ་སྣ་ཚོགས་ཀུན་ནས་བསླང་བ་རྣམས་ཀྱིས་ཚལ་དེ་དག་དང ། ཆུ་བོ་དེ་དག་དང ། ས་གཞི་དེ་དག་དང ། ཟས་དང་སྐོམ་ཆུ་བོ་ལྟར་འབབ་པ་དེ་དག་ཏུ། ལྷ་དེ་རྣམས་ 69-1-130a ལྷའི་རོལ་མོ་དང ། ལྷའི་གནས་ཆེན་པོ་དང ། ཐགས་སུ་བཏགས་པ་མ་ཡིན་པའི་ལྷའི་གོས་རྣམས་ཀྱིས་དགའ་བར་བྱེད་དོ། །ལྷ་དེ་རྣམས་རང་ལས་འོད་འབྱུང་ལ། ཤ་དང ། རུས་པ་དང ། རྣག་ཁྲག་དང་བྲལ་བ། ལུས་དང ། ངག་དང ། ཡིད་ངལ་བ་ དང་བྲལ་བ། ལུས་དང་ཡིད་རྟག་ཏུ་ཀུན་ནས་དགའ་བ་རྣམས་ཇི་སྲིད་དུ་ལུས་དང་ངག་གི་འདོད་པ་སྡུག་པ་ཡིད་དུ་འོང་བ་ཤིན་ཏུ་བསིལ་བ། རྣམ་པར་སྨིན་པ་མཆོག་ཏུ་བདེ་བ། མཐོ་རིས་སུ་སྐྱེ་བ་ངེས་པར་མྱོང་བར་འགྱུར་བའི་དགེ་བའི་ལས་མ་ཟད་པ་དེ་སྲིད་དུ་འགྲོས་འཆོས་ཤིང་ དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དག་ལས་ཟད་དེ་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ལ་ཤི་ནས་ཀྱང་ལས་ཇི་ལྟར་བྱས་པ་བཞིན་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་ གཞན་ལ་མྱོང་བར་འགྱུར་བ་མིར་འགྲུབ་པའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ལོངས་སྤྱོད་ཅན་དུ་འགྱུར་ཞིང་རྟག་ཏུ་ཤེས་པ་ལ་དགའ་བ། ཡིད་ལ་དགོད་པ་དང ། རྩེད་མོ་དང ། རྩེ་བ་དང ། ཡུལ་བཟང་པོར་སྐྱེ་བར་འགྱུར་བ་མཐོང་ངོ ། ། དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། སུམ་ཅུ་རྩ་གསུམ་ན་ལྷ་རྣམས་ཀྱི་གནས་གཞན་གང་ཞིག་ཡོད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བལྟ་ན་སྡུག་པ་ གནས་པ་ཞེས་བྱ་བའི་གནས་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་བརྟགས་ན་གང་ཚུལ་ཁྲིམས་དང་ལྡན་པའམ། སེམས་ཅན་གཞན་ཆུས་ཁྱེར་བའམ། མཚོན་གྱིས་གསད་པར་བྱ་བ་སྲོག་ཕྱུང་ཞིང ། ནོར་རྫས་ སམ། བདག་ཉིད་ལ་མི་ལྟ་བར་ཆུ་ནས་ཕྱུང་བ་དང ། བཀྲེས་བཞིན་དུ་ལམ་དུ་འགྲོ་བ་ན་གཞན་གྱིས་མ་བྱིན་པར་བླང་བ་ལ་རབ་ཏུ་སྤྲོ་བ་བསྐྱེད་ཀྱང་ལེན་པར་མི་བྱེད། གཞན་ཡང་ཕྱོགས་དབེན་པར་ཕྱིན་ལ་འཚོ་བ་ཉམ་ང་བར་གྱུར་ཀྱང་འབྲས་བུ་དང་རྩ་བ་དག་མ་བྱིན་པར་ལེན་པར་ 69-1-130b མི་བྱེད་ཅིང ། ཚུལ་ཁྲིམས་དང་ལྡན་པ་མ་གུས་པར་བསླབ་པའི་གཞི་རྡུལ་ཕྲ་མོ་ཙམ་རལ་བ་ལ་ཡང་འཇིགས་པར་ལྟ་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་ཏུ་སྐྱེ་བར་འགྱུར་རོ། །གྲོང་ཁྱེར་དེ་ཡང་དཔག་ཚད་ཁྲི་ཡོད་ལ། ཁྱམས་ཁྲིས་ལེགས་པར་རྣམ་པར་ ཕྱེ་བ་ཡིན་ནོ། །གྲོང་ཁྱེར་དེའི་ས་གཞི་འཛམ་བུ་ཆུ་བོའི་གསེར་ལས་བྱས་ལ། ཀུན་ནས་ཁང་པ་ཆེན་པོ་བཻ་ཌཱུརྱ་ལས་བྱས་པ་དང ། གཞན་ཡང་དངུལ་ལས་བྱས་པ་དང ། གཞན་ཡང་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་དང ། མཐོན་ཀ་སྣ་ཚོགས་ལས་བྱས་པ་དང ། གཞན་ཡང་ རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་དག་གིས་བཀྲ་བར་ཕྱེ་བ་ཡིན་ནོ། །དེ་དག་གི་སྲང་ཡང་ཀུན་ནས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན་ལ། བཞི་མདོ་དང ། བ་གམ་དང ། སྒོ་དང ། པུ་ཤུའི་རྩེ་མོ་དང་།ཁང་བཟངས་ཀྱི་རིས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན་ནོ། །ཁང་པ་དེ་དག་ཀྱང་ཉི་ མ་གང་མེད་ཀྱང་སྒྲོན་མ་ལྟ་བུར་འགྱུར་ཏེ། ཇི་ལྟར་ཉི་མ་མེད་ན་སྒྲོན་མ་གསལ་བར་བྱེད་པ་དེ་ལྟར་ཉི་མ་མེད་ཀྱང་ཁང་པའི་མཆོག་དེ་རྣམས་ལས་དེ་ལྟར་འོད་འབྱུང་ངོ ། །གྲོང་ཁྱེར་དེ་དག་ཀུན་ནས་ཚལ་དང ། ཉེ་བའི་ཚལ་དེ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ཏེ། ཚལ་དང་ཉེ་བའི་ཚལ་ ཁ་ཅིག་བཻ་ཌཱུརྱ་ལས་བྱས་པ་དག་ལ་མུ་ཏིག་གི་དྲ་བས་བྲེས། ཁ་ཅིག་གསེར་གྱི་ཤིང་ལྗོན་པ་དག་ལ་དངུལ་གྱི་དྲ་བས་བྲེས། ཁ་ཅིག་དངུལ་གྱི་ཤིང་ལྗོན་པ་དག་ལ་གསེར་གྱི་དྲིལ་བུ་གཡེར་ཀའི་སྒྲ་འབྱིན། ཁ་ཅིག་ནི་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པའི་སྐྱེད་མོས་ཚལ་བཀྲ་བ་ཡིན་ ལ། ཁ་ཅིག་དཔག་བསམ་གྱི་ཤིང་ཡིན་ཏེ། ལྷ་གང་དག་གི་ཡིད་ལ་བསམས་པ་དེ་ཚལ་དེ་དག་ལས་ཐོབ་པར་འགྱུར་རོ། །ཚལ་ཁ་ཅིག་ཨན་ད་རྙིལ་དང ། བཻ་ཌཱུརྱ་ལས་བྱས་པ་ཡིན་ཏེ། དེ་ན་གསེར་གྱི་བྱ་རྣམས་སྒྲ་སྙན་པ་སྣ་ཚོགས་འབྱིན་ལ། གསེར་གྱི་ཚལ་གང་ཡིན་ པ་དེ་ན་དངུལ་གྱི་བྱ་རྣམས་སྐད་སྙན་པ་འབྱིན་ཅིང་རྩེ། མཐོན་ཀའི་ཚལ་གང་ཡིན་པ་དེ་ན་བྱ་པད་མ་རཱ་གའི་མདོག་ཏུ་འདུག་པ་རྣམས་སྐད་སྙན་པ་འབྱིན་ཅིང་རྩེ། གསེར་གྱི་ཚལ་གང་ཡིན་པ་དེ་ན་བྱ་ལུས་སྣ་ཚོགས་འདྲེས་པ་རྣམས་སྐད་སྙན་པ་འབྱིན་ཅིང་རྩེ་སྟེ། དེ་ལྟར་གྲོང་ཁྱེར་ 69-1-131a ཆེན་པོ་ལེགས་པར་མཐོང་ན་ཉེ་བའི་ཚལ་དུ་གྱུར་པ་རྣམས་མཛེས་པ་ཡིན་ནོ། །སྲང་དང་གསེར་གྱི་ཁང་པ་མཛེས་པར་བྱས་པ་གང་ཡིན་པ་དེ་དག་ལ་དངུལ་གྱི་ཀ་བ་དང ། བཻ་ཌཱུརྱའི་ཤིང་ལྗོན་པ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན། གསེར་གྱི་སྲང་གང་ཡིན་པ་དེ་དག་ལ་ བཻ་ཌཱུརྱའི་ཀ་བ་བཙུགས་ཤིང་གསེར་གྱི་ཤིང་ལྗོན་པ་དང་ཁང་པས་བརྒྱན། སྲང་དང ། ཁྱིམ་འདྲེས་པས་མཛེས་པར་བྱས་པ་གང་ཡིན་པ་དེ་ན་བྱ་གསེར་གྱི་མདོག་ཅན་ཡོད་དེ། གྲོང་ཁྱེར་བལྟ་ན་སྡུག་གང་དང་གང་དུ་སྣང་བ། དེ་དང་དེ་དཔེ་མེད་པར་མཐོང་ངོ ། །གྲོང་ཁྱེར་དེ་ཡང་ ཀུན་ནས་ཚལ་ཆེན་པོ་བཞི་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ཏེ། འདི་ལྟ་སྟེ། དྲ་བའི་ཕྲེང་བ་དང ། ཤིང་ཆེན་པོ་དང ། འོད་གསལ་བ་དང ། མཐོང་ན་དགའ་བས་སོ། །ཚལ་ཐམས་ཅད་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་དེ།ཚལ་དེ་ཐམས་ཅད་ན་ཆུ་བོ་ཆེན་པོ་ཁྲི་ཡོད་པ་གསེར་ གྱི་པད་མས་ཁེབས་པ་ཡིན་ནོ། །ཆུ་བོ་དེ་དག་ཤིན་ཏུ་ཉམས་དགའ་བ་ཡིན་ཞིང་འགྲམ་གཉི་ག་ཞིག་པ་མེད་ལ། དེ་དག་གསེར་དང ། དངུལ་དང ། ཤེལ་དང ། ན་ད་རྙིལ་དང ། ཤིང་ལྗོན་པ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །ཚལ་ཆེན་པོ་དེ་དག་བུང་བ་འདབ་མ་བཻ་ཌཱུརྱ་ལ་ ལུས་དངུལ་དུ་འདུག་པའི་ཚོགས་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ཏེ། གང་བུང་བ་རྣམས་ཀྱི་སྒྲ་སྙན་པའི་དྲུང་ན་མིའི་གླིང་བུའི་སྒྲས་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །བཻ་ཌཱུརྱའི་ཤིང་ལྗོན་པ་རྣམས་ལ་འབྲས་བུ་གསེར་གྱི་མདོག་ཅན་ཤིན་ཏུ་དྲི་ཞིམ་ཞིང་ཁར་སྙི་བ་བས་ཆེས་ལྷག་པའི་རོ་ དག་ཡོད་ལ། འབྲས་བུ་རྣམས་ཀྱི་དྲི་གང་ཡིན་པ་དཔག་ཚད་དུ་འབྱུང་ངོ ། །བྱ་རྣམས་ངོ་བོ་ཉིད་ཀྱིས་རྒྱགས་པ་ཡིན་ལ། དེ་ནས་ཡང་དྲི་གང་ཡིན་པ་དེས་བརྒྱ་འགྱུར་དུ་ཤིན་ཏུ་རྒྱགས་པར་འགྱུར་རོ། །གསེར་གྱི་ཤིང་ལྗོན་པ་གང་ཡིན་པ་དེ་རྣམས་ལ་དངུལ་གྱི་འབྲས་བུ་ལྷའི་དྲི་དང ། མདོག་དང ། རོ་ལྔ་དང་ལྡན་པ་དག་འབྱུང ། ཤིང་ལྗོན་པ་བཻ་ཌཱུརྱའི་སྡོང་པོ་དང་གསེར་གྱི་འདབ་མ་ཡོད་པ་གང་ཡིན་པ་དེ་རྣམས་ལ་འབྲས་བུ་ཁ་དོག་སྣ་ཚོགས་ཡོད་པ་དག་འབྱུང་སྟེ། དེ་ལྟར་ཚལ་ཁ་དོག་རྣམ་པ་དུ་མ། རྣམ་པ་སྣ་ཚོགས་དཔེ་མེད་པ་གཞན་དང་མི་འདྲ་བས། གྲོང་ 69-1-131b ཁྱེར་ཆེན་པོ་བལྟ་ན་སྡུག་ཡོངས་སུ་བསྐོར་ནས་རྣམ་པར་གནས་སོ། །ཀུན་དུ་རྟོག་པའི་རི་མོ་བྲིས་པ་ལྟར་ལྷའི་ལས་རྣམ་པ་དུ་མ་བྱས་ཤིང་ལས་རྣམ་པ་དུ་མ་སྣ་ཚོགས་བྱས་པ་རྣམས་ཀྱིས་དེ་རྣམས་ཀྱང་སྣ་ཚོགས་སུ་བྱུང་བ་ཡིན་ཏེ། དེ་ལྟར་འབྲས་བུ་རྒྱུ་དང་འཐུན་པར་རྒྱུའི་འབྲས་བུ་ཡིན་ནོ། ། ཇི་ལྟར་ས་བོན་གྱི་རྣམ་པ་ཇི་སྲིད་ཡོད་པ་དེ་སྲིད་དུ་འབྲས་བུའི་རྣམ་པ་ཡང་འབྱུང་བར་འགྱུར་ཏེ། དེ་ལྟར་གྲོང་ཁྱེར་བལྟ་ན་སྡུག་ན་གནས་པའི་ལྷ་རྣམས་བདེ་བ་མང་པོ་དུ་མ་དག་གིས་ཕྲོགས་པ་ཡིན་ནོ། །གྲོང་ཁྱེར་དེ་ངོ་བོ་ཉིད་ཀྱིས་ལེགས་མཐོང་ཉིད་ཡིན་ཏེ། ཚལ་ཁང་བཟངས་གསེར་ དང ། བྱི་རུ་དང ། སྤུག་དག་གིས་བརྒྱན་ཅིང་མཛེས་པར་བྱས་པ། དྲིལ་བུ་གཡེར་ཀའི་དྲ་བ་སྣ་ཚོགས་ཀྱིས་དཀྲིགས་པ། གསེར་གྱི་དྲིལ་བུ་གཡེར་ཀ་སྒྲ་སྙན་པ་འབྱིན་པས་མཛེས་པར་བྱས་པ། ཚལ་དང་ཉེ་བའི་ཚལ་དང ། སྐྱེད་མོས་ཚལ་དེ་དག་ཏུ་བལྟ་ན་སྡུག་ན་གནས་པའི་ ལྷ་རྣམས་འཁོད་དོ། །ལྷའི་གྲོང་ཁྱེར་ན་གནས་རྒྱན་དང ། རོལ་མོ་དང ། སིལ་སྙན་རྟག་ཏུ་སྒྲ་འབྱིན་པ་རབ་ཏུ་འབྱིན་ཅིང ། ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ཀུན་དུ་གང་བ་དེ་ན་བཏུང་བ་དང་ཕྲེང་བ་དག་གིས་མཛེས་པར་བྱས་པ། རྒྱལ་མཚན་དང ། བ་དན་བྱེ་བ་འབུམ་ཕྲག་དུ་ མ་དག་རླུང་གིས་རབ་ཏུ་བསྐྱོད་དོ། །ཡང་རི་རབ་ཀྱི་སྟེང་གི་གྲོང་ཁྱེར་དུ་ལྷའི་ཚོགས་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་དག་གིས་ཀུན་དུ་གང་ཞིང་ལས་ཆེན་པོ་རྣམས་ཀྱིས་མཛེས་པར་བྱས་པ་དེ་ན། འདི་ལྟར་ལྷ་མཐུ་རབ་ཏུ་ཆེ་བ་མཆོད་པར་འོས་པ་ཆེན་པོ། རྫུ་འཕྲུལ་ཆེ་བ། སྐྱེད་མོས་ཚལ་གྱི་དགའ་་ སྤྱོད་ལ་རྟག་ཏུ་ཡིད་མི་དགའ་བ། ལྷ་དང་ལྷ་མོའི་ཚོགས་འབུམ་ཕྲག་དུ་མས་ཀུན་དུ་གང་བ་ས་ཡ་ཕྲག་འབུམ་འཁོད་པ་རྣམས་བརྒྱ་བྱིན་གྱིས་མ་ལུས་པར་ཡོངས་སུ་ཤེས་སོ། །གང་གི་ཚེ་ལྷ་དེ་རྣམས་གལ་ཏེ་ལྷའི་གྲོང་ཁྱེར་ཆེན་པོ་སྐྱེད་མོས་ཚལ་གྱི་དགའ་སྤྱོད་དེ་ནས་སྐྱེད་མོས་ཚལ་དུ་ དགའ་སྤྱོད་བྱེད་དུ་འགྲོ་བ་དེའི་ཚེ་ལྷ་རྣམས་ཤིང་རྟ་འབུམ་ཕྲག་དུ་མ་རྣམས་དང་འགྲོ་སྟེ། ལྷ་དེ་རྣམས་འགྲོ་བ་ན་རྒྱལ་མཚན་དང ། རུ་མཚོན་སྡུག་གུ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཤིང་རྟ་རྣམ་པ་སྣ་ཚོགས་དང ། ཁ་དོག་སྡུག་གུ་རྣམ་པ་སྣ་ཚོགས་དང ། དབྱིབས་སྣ་ 69-1-132a ཚོགས་སུ་འདུག་པ་བྱེ་བ་ཕྲག་སྟོང་དཀྲིགས་པ་དག་བྱུང་ངོ ། །འདི་ལྟ་སྟེ། ཨན་ད་རྙིལ་ལས་བྱས་པའི་གཞལ་མེད་ཁང་གང་ཡིན་པ་དེ་ལ་ཤིང་རྟའི་མདའ་པད་མ་རཱ་ག་ལས་བྱས་ཤིང ། དེ་ལ་ཤིང་རྟའི་སྟེང་གི་ཁང་པ་རིན་པོ་ཆེ་ལས་བྱས། ནང་ནི་སྤུག་ལས་བྱས། ཕྱི་རོལ་ནི་བཻ་ཌཱུརྱ་ལས་བྱས། ས་རིས་ནི་གསེར་ལས་བྱས་ལ། ཀུན་ནས་དྲིལ་བུ་གཡེར་ཀ་འཁྲིགས་པའི་སྒྲ་འབྱིན་པ་ཡིན་ནོ། །དེ་ནས་ཡང་ལྷ་རྣམས་གཞལ་མེད་ཁང་རྣམ་པ་སྣ་ཚོགས་གཞན་གྱིས་འགྲོ་བར་བྱེད་དེ། འདི་ལྟ་སྟེ། ཤིང་རྟའི་མདའ་ནི་གསེར་ལས་བྱས། ཤིང་རྟའི་ སྟེང་གི་ཁང་པ་ནི་བཻ་ཌཱུརྱ་ལས་བྱས། ས་རིས་ནི་སྤུག་ལས་བྱས། མུ་ཏིག་གི་དྲ་བས་ནི་གཡོགས། ཕྱི་རོལ་ནི་རིན་པོ་ཆེ་མ་རྒད་ལྟ་བུ་ལས་བྱས། ངོས་ནི་བྱི་རུ་ལས་བྱས། སྲོག་ཤིང་ནི་དངུལ་ལས་བྱས་པ་ཡིན་ནོ། །ཁ་ཅིག་ཤིང་རྟའི་མཆོག་རྣམ་པ་གཞན་གྱིས་འགྲོ་བར་བྱེད་ དེ། འདི་ལྟ་སྟེ། ཀུན་ནས་ཤིང་རྟའི་མདའ་ནི་གསེར་ལས་བྱས། ངོས་ནི་མུ་ཏིག་གིས་གཡོགས། ས་རིས་ནི་པད་མ་རཱ་གས་ཤིན་ཏུ་རྣམ་པར་ཕྱེ། སྲོག་ཤིང་ནི་དངུལ་ལས་བྱས། ཀུན་ནས་བྱི་རུས་ནི་མཛེས་པར་བྱས་པ་ཡིན་ཏེ། ཤིང་རྟ་འབུམ་ཕྲག་མང་པོ་གསལ་བ་ མཚན་ཉིད་དཔེ་མེད་པ་དེ་དག་ལྷའི་ཚོགས་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཏེ། འབུམ་ཕྲག་རྣམ་པ་དུ་མ་དེ་རྣམས་ལ་ལྷ་དག་ཉིད་ཞོན་ནས་ཚལ་ཆེན་པོ་དེ་རྣམས་ག་ལ་བ་དེར་འདོང་བར་བྱེད་དེ། རྒྱལ་མཚན་ལ་ལ་བཻ་ཌཱུརྱ་ལས་བྱས། རྒྱལ་མཚན་ལ་ལ་གསེར་ལས་བྱས། ཡུ་བ་ལ་ལ་དངུལ་ལས་བྱས། རྒྱལ་མཚན་ལ་ལའི་ཡུ་བ་པད་མ་རཱ་ག་ལས་བྱས། རྒྱལ་མཚན་དང་རུ་མཚོན་ལ་ལའི་མདོག་དུ་མ་ཡོད་པ་དག་གིས་ནམ་མཁའ་བར་མེད་པར་བྱས་ནས། སྐྱེད་མོས་ཚལ་དུ་གནས་པར་བྱ་བའི་ཕྱིར། ཡིད་རབ་ཏུ་དགའ་བས་ཚལ་ཆེན་པོ་བཞི་པོ་ ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་ལྷ་དེ་རྣམས་འདོང་བ་ན་སིལ་སྙན་བྱེ་བ་འབུམ་ཕྲག་དུ་མ་སྒྲ་འབྱིན་ཅིང ། རོལ་མོའི་སྒྲ་སྙན་པ་སྣ་ཚོགས་ཕན་ཚུན་རྡོབ་པར་ཞུགས་པ་དག་ཡོད་དེ། ཤིན་ཏུ་བཟང་ཞིང་ཉམས་དགའ་བའི་ཁྱད་པར་ཆེ་བ་ཡིན་ནོ། །ཇི་ལྟར་ལས་བྱས་པ་ངན་པ་དང་། 69-1-132b འབྲིང་དང ། ཆེན་པོ་བྱས་པ་བཞིན་ལས་བདེ་བ་རྣམས་ཀྱི་རྗེས་སུ་འཇུག་པ་ན་འདོང་བར་བྱེད་དེ། ལྷ་དེ་རྣམས་སོ་སོ་ལ་ལྷ་མོའི་ཚོགས་བརྒྱའམ། སྟོང་ངམ། འབུམ་རྣམས་གར་བྱེད། གླུ་ལེན། རབ་ཏུ་དགོད་ཅིང་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་སྙན་པ་དང་བཅས་པ་རྡོབ་པ་ཞེས་བྱ་བ་ ཀུན་དུ་གང་ཞིང་བྱེད་ལ་ཚལ་ཆེན་པོ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པའི་ལྷ་མོ་དེ་དག་ཐམས་ཅད་ལྷ་དེ་རྣམས་དང་སོ་སོར་ཕྲད་ནས་དེ་ལྟར་བྲོ་གར་བྱེད། དགོད་པར་བྱེད། རྩེད་མོ་བྱེད་དོ། །འདི་ལྟར་ལྷ་དེ་རྣམས་འདོད་ པ་ལ་རྣམ་པར་ཞེན་པ་ཞེས་བྱ་བས་དགའ་བར་བྱེད་དེ། ལྷའི་སྒྲ་སྙན་པ་ཚང་ཚིང་གི་ནང་ན་ལྷའི་སྒྲ་སྙན་པ་དེ་དང ། གར་དགའ་དགུར་འགྲོ་བའི་ལྷ་དེ་རྣམས་ལྷའི་འདོད་པའི་རྣམ་པ་གང་ཡིན་པ་དེ་ཉིད་ཀྱིས་དེར་སྐྱེད་མོས་ཚལ་དུ་འགྲོ་བར་བྱེད་དེ། ལ་ལ་ནམ་མཁའ་ལ་སྤྲིན་ནག་པོ་འགྲོ་བ་ ལྟ་བུ་བཻ་ཌཱུརྱའི་མདོག་ཅན་དེ་རྣམས་འགྲོ་བར་བྱེད། ལྷའི་མཆོག་དེ་དག་ཁ་ཅིག་ནི་འདི་ལྟར་རྒྱན་སྣ་ཚོགས་དང ། གོས་སྣ་ཚོགས་དང ། ཆ་བྱད་སྣ་ཚོགས་དང ། དགའ་བའི་གཏམ་སྣ་ཚོགས་ཀྱིས་དགའ་གཏམ་སྨྲ་ཞིང་ནམ་མཁའ་ཁྱབ་པར་བྱས་ནས་ཚལ་ཆེན་པོ་ག་ལ་བ་དེར་འདོང་ བར་བྱེད་དོ། །ལྷའི་མཆོག་གཞན་ཁ་ཅིག་ནི་གསེར་གྱི་ས་གཞིའི་ལམ་ནས་རབ་ཏུ་འགྲོ་ལ། འགྲོ་བ་དེ་རྣམས་ཀྱི་ཤིང་རྟ་འབུམ་ཕྲག་དུ་མའི་མུ་ཁྱུད་ཀྱིས་གསེར་གྱི་རྡུལ་བསླང་སྟེ་ནམ་མཁའ་ཁྱབ་པར་བྱས་ནས་འདུག་གོ། །གང་གིས་ནམ་མཁའ་དེ་སྐྱ་བོར་བྱེད་ཀྱང ། ལྷ་རྣམས་ལ་ འགོ་བར་མི་བྱེད་ལ། ལྷ་གང་འཆི་བ་དང་ཉེ་བར་འགྱུར་བ་དེ་རྣམས་ཀྱི་གདོང་ངམ། གོས་དེ་ལ་ནི་འགོ་བར་བྱེད་དོ། །ལྷ་གང་གཞན་དག་གིས་རྡུལ་དེ་མཐོང་ཞིང་འཆི་བའི་ལྟས་མཐོང་ལ། དེ་འཆི་བའི་སྡུག་བསྔལ་མཐའ་མེད་པར་འགྱུར་བ་མངོན་པར་མཐོང་ནས། དེ་སྙིང་རྗེ་རྗེ་ལྟ་བུར་ གྱུར་པའི་སེམས་ཀྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བུད་ཤིང་ལྟ་བུའི་ཡུལ་འབྱུང་དང ། །མེས་བསྲེགས་ལྟ་བུའི་འཆི་འགྱུར་བ། །ལམ་འདི་ནས་ནི་ལྷ་རྣམས་དག་།བརྒྱའམ་ཡང་ན་སྟོང་དུ་འདིར། །འཆི་བ་གཞན་གྱིས་མཐོང་འགྱུར་ལ། །བདག་ཉིད་ཀྱིས་ནི་མི་མཐོང་སྟེ། །ཕྱི་ 69-1-133a ནས་ཉོན་མོངས་ཕྲད་པ་དང ། །བདག་ཉིད་ཀྱིས་ནི་སྡུག་བསྔལ་རིག་།བག་མེད་པ་དང་འདྲེས་པའི་སེམས། །ཡུལ་ལ་རྟག་ཏུ་མངོན་པར་དགའ། །ལུས་ཅན་ལྷན་ཅིག་སྐྱེས་གནས་པ། །འཆི་བ་བརྟན་པ་མི་རིག་གོ། །བག་མེད་པ་ལ་མངོན་དགའ་ཞིང ། །བདེ་བ་ཉམས་ དགའ་བྱེད་པ་ན། །འཆི་བདག་སྡེ་ཡིས་འདི་དྲངས་པ། །རབ་ཏུ་འཇོམས་ཏེ་དུག་དང་འདྲ། །འཆི་བའི་ཞགས་པས་བཟུང་བ་ཡི། །ཁྱོད་ལ་སྐྱོབ་པ་བྱེད་མེད་དེ། །སྨན་དང་སྔགས་དང་ལས་མི་སྐྱོབ། །དེ་བཞིན་ལྷ་མིན་ལྷ་མི་སྐྱོབ། །རྡུལ་རྣམས་ཀྱིས་ནི་གདོང་གཡོགས་པ། །བདག་ཉིད་ ཀྱིས་ནི་མི་རིག་སྟེ། །འདི་ནི་འཆི་བའི་ཕོ་ཉ་ཡིན། །ཤི་བ་ཕྱི་ནས་ཐོབ་པར་འོང ། །གང་ཞིག་བདེ་བའི་དོན་མ་མཐོང ། །སྐྱེ་བ་རྟག་ཏུ་བརྐམ་ཆགས་ཤིང ། །སྲེད་པས་ངོམས་ནི་མི་མྱོང་བ། །གློ་བུར་དུ་ནི་འཆི་བར་འགྱུར། །འཆི་བས་བཏང་བ་ཆེན་པོ་འདི། །ཁྱོད་ཀྱི་ཕོ་ཉ་དང་པོ་སྟེ། །འདི་ ཡི་འོག་ཏུ་འཆི་བ་ཡང ། །ཤིན་ཏུ་མི་བཟད་འབྱུང་བར་འགྱུར། །ཚལ་དང་ཉེ་བའི་ཚལ་བརྒྱན་པ། །རང་གི་ལས་ཀྱི་འབྲས་བུ་སྤྱད། །སེམས་ཅན་རི་བོ་མཆོག་དེ་ནས། །དབང་མེད་བཅིངས་ཏེ་ཁྲིད་པར་འགྱུར། །མྱོས་པས་རྩེ་བར་གནས་པ་དག་།བདེ་བས་ངོམས་ནི་མི་མྱོང་ཞིང ། ། རྨོངས་པ་སྲེད་པས་མ་ངོམས་པ། །དབང་མེད་ས་སྟེང་ལྟུང་བར་འགྱུར། །ཇི་ལྟར་རྟག་ཏུ་མེ་དག་ལས། །དུ་བ་སྔར་ནི་འབྱུང་འགྱུར་བ། །དེ་ལྟར་འཆི་བའི་རྟགས་བྱུང་སྟེ། །ཕྱི་ནས་འཆི་བ་གནས་པར་འགྱུར། །དེ་ལྟར་ལྷ་དེ་དག་བག་མེད་པ་ཆུང་བ་ལ་གནས་ཤིང ། སེམས་སྔོན་ དགེ་བའི་རྩ་བ་སྤྱད་པ་ལ་གོམས་པ་ཡིན་ལ། ལྷ་དེའི་བར་ཆད་དེ་མཐོང་ནས་བདག་ཉིད་དང་ལྷ་དེ་རྗེས་སུ་སྟོན་པར་བྱེད་དོ། །དེ་ལྟར་ལྷ་དེའི་གཏམ་སྨྲ་བ་ན། ཤིང་རྟ་ལ་ཞོན་པ། ཤིང་རྟ་སྣ་ཚོགས་ལ་ཞོན་ཞིང ། ཤིང་རྟའི་དྲིལ་བུ་གཡེར་ཀའི་དྲ་བས་དཀྲིགས་པ། ལུས་ཆ་བྱད་དུ་ མས་འབར་བ། མིག་རྒྱས་པ་ལྟ་བུར་འདུག་པ། ལྷའི་ཕྲེང་བ་དང་གོས་གྱོན་པ། གསེར་བཙོ་མས་རྣམ་པར་བརྒྱན་པ། གང་རི་རབ་ཀྱི་རིའི་རྩེ་མོ་སྟོང་སྙེད་དུ་ཕྱེ་མར་རློག་ཅིང་འོང་ངོ ། །དེ་ནས་ལྷ་དེ་ལྷའི་ཚོགས་དེ་རྣམས་རྟོག་ཅིང་འོང་བ་ན། དེ་བཞིན་དུ་ལ་ལ་ནི་ནམ་མཁའ་ལ། 69-1-133b ལ་ལ་ནི་ས་ལ། ལ་ལ་ནི་བྱའི་ཤིང་རྟ་རྣམས་ཀྱིས། ལ་ལ་ནི་ལྷ་མོ་དང་ལྷན་ཅིག་གླུ་ལེན། བྲོ་རྡུང་ཞིང་འོང་སྟེ། ཚལ་དང་ཉེ་བའི་ཚལ་དེ་དག་ལྷའི་པད་མ་དང ། ཤིང་ལྗོན་པ་དང ། ཆུ་བོ་དང ། བྱ་དང ། འབྲས་བུ་དང ། མེ་ཏོག་དང ། རིན་པོ་ཆེ་སྣ་ཚོགས་དང ། ཀུན་ ནས་མཆོག་ཏུ་ཉམས་དགའ་བའི་ཚལ་དང ། ཉེ་བའི་ཚལ་གྱི་ཕྱོགས་ག་ལ་བ་དེར་འདོང་བར་བྱེད་དོ། །བལྟ་ན་སྡུག་ན་གནས་པའི་ལྷ་དེ་རྣམས་ཤིང་རྟའི་མཆོག་དེ་དག་ལ་ཞོན་ནས། གསེར་གྱི་ཤིང་ལྗོན་པ་ཉི་མ་ལྟ་བུ་ཡོད་པ་ག་ལ་བ་དེར་དོང་ངོ ། །གང་གཞན་བར་སྣང་ལ་རྒྱུ་བ་དེ་དག་ ཀྱང་བར་སྣང་དེ་ལས་བབས་ནས་སྐྱེད་མོས་ཚལ་ག་ལ་བ་དེར་དོང་ངོ ། །དེ་ལྟར་ལྷའི་ཚོགས་དེ་དག་ཐམས་ཅད་འདུས་ནས་སིལ་སྙན་གྱི་སྒྲ་དང ། གླུ་དབྱངས་ཀྱི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། ཕན་ཚུན་གྲོགས་སུ་གྱུར་ཅིང་ཕན་ཚུན་འགྱེད་པ་དང ། ཕྲག་དོག་ལ་སྐྱོ་བ་མེད་པ་རྣམས་བྲོ་གར་བྱེད། དགོད་པར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ལ་འདི་ལྟ་སྟེ། རྒྱུད་དང ། རྔ་དང ། སིལ་དཀྲོལ་དང ། གླིང་བུའི་སྒྲ་དང ། གླུ་སྟེ་རྣམ་པ་འདི་ལྔས་ཁ་ཟས་ཆུ་བོ་ལྟར་འབབ་པ་དང ། བཏུང་བ་ཆུ་ བོ་ལྟར་འབབ་པའི་ངོགས་སུ་ལྷ་དང་ལྷ་མོའི་ཚོགས་དེ་དག་ཕན་ཚུན་དགའ་ཞིང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དེར་རྩེས་ནས། གང་ན་བཻ་ཌཱུརྱ་དང་གསེར་གྱི་འབྲས་བུ་ཡོད་པ། འབྲས་བུ་མདོག་དང་དྲི་ཞིམ་པ་རོ་མངར་བ། སྦྲང་རྩི་ལྟ་བུ་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ཏེ། དེ་ཤིང་ ལྗོན་པའི་དྲུང་དེ་དག་ཏུ་ཡང་འདོད་པ་ཉམས་དགའ་བའི་ལྷ་མོ་གཟུགས་མི་མཛེས་པ་མེད་པའི་གཟུགས་རྣམས་དང་ལྷན་ཅིག་འབྲས་བུའི་རོས་མྱོས་ནས་ཡུན་རིང་དུ་དགའ་བར་བྱེད་དོ། །དེ་ནས་དེ་ལྟར་བདེ་བ་ལ་གནས་ཤིང་རྒྱགས་པས་མྱོས་པའི་ལྷ་དང་ལྷ་མོའི་ཚོགས་དེ་རྣམས་བྲོ་ གར་དང ། གླུ་དབྱངས་དང ། དགོད་པའི་སྒྲ་དེ་དག་ཐོས་ཤིང ། གང་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་རྗེས་སུ་འགྲོ་ལ་ཕྱི་བཞིན་དུ་འབྲང་བ་དེ་རྣམས་སྒྲ་དེ་དག་ཐོས་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་དེ་དག་ཐམས་ཅད་བརྒྱ་བྱིན་གྱི་དྲུང་དུ་དོང་ནས། བརྒྱ་ 69-1-134a བྱིན་ལ་གསོང་པོར་སྨྲས་ཤིང་ཐལ་མོ་སྦྱར་ནས་མགོ་བོ་གཏུགས་ཏེ། བརྒྱ་བྱིན་ལ་བསྙད་པ། ལྷའི་དབང་པོ་འདི་ལྟར་བལྟ་ན་སྡུག་ན་གནས་པའི་ལྷའི་ཚོགས་དེ་དག་ཐམས་ཅད་སྐྱེད་མོས་ཚལ་དུ་དགའ་སྤྱོད་བགྱིད་དུ་མཆི་ན། ལྷའི་དབང་པོ་དེ་དག་མཁྱེན་པར་མཛོད་ཅིག་།དེ་ ནས་བརྒྱ་བྱིན་དེ་དག་ལས་ཚིག་དེ་ཐོས་ནས། ལྷ་རྣམས་ལ་འདི་ལྟར་བལྟ་ན་སྡུག་ན་གནས་པའི་ལྷ་དག་གང་ནས་དོང་བའི་སྐྱེད་མོས་ཚལ་དུ་བདག་ཅག་ཀུན་འདོང་གིས་ཁྱེད་རྣམས་འདོང་བར་ཤོམས་ཤིག་ཅེས་བསྒོའོ། །དེ་ནས་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་ཆོས་བཟང་ན་གནས་པའི་ལྷ་ རྣམས་ཀྱང་ཤིང་རྟ་རྒྱལ་མཚན་སྣ་ཚོགས་ཅན་ལ་ཞོན། ལ་ལ་གསེར་གྱི་ཤིང་རྟ་སྲོག་ཤིང་བཻ་ཌཱུརྱ་ལས་བྱས་པ་བ་དན་བཏགས་པ་རྣམས་ལ་ཞོན། ལ་ལ་བཻ་ཌཱུརྱའི་ཤིང་རྟ་སྲོག་ཤིང་གསེར་ལས་བྱས་པ་རྣམས་ལ་ཞོན། ལ་ལ་ནི་རིན་པོ་ཆེ་སྣ་བདུན་བཀྲ་ཞིང་བ་དན་སྣ་ཚོགས་ཀྱིས་ མཛེས་པར་བྱས་པ་རྣམས་ལ་ཞོན། ལ་ལ་གསེར་གྱི་བྱ་སྒྲ་སྙན་ཅིང་ཤིན་ཏུ་མཛེས་པར་འབྱུང་བའི་བྱའི་ཤིང་རྟ་རྣམས་ལ་ཞོན། ལ་ལ་རྟ་ཁྲ་བོ་འགྲོས་འཆམ་ཞིང་བདེ་བ་དག་ལ་ཤིང་རྟས་བླངས་ནས། ཤིང་རྟ་དེ་རྣམས་རྟ་དེ་རྣམས་ལ་བཏགས་ཏེ། རྟའི་ཤིང་རྟས་འགྲོ་བར་བྱེད། དེ་ལྟར་ གཞན་ཡང་གསེར་གྱི་བྱ་ངང་པ་རྐང་པ་ནི་བཻ་ཌཱུརྱ། སྒྲོ་ནི་པད་མ་རཱ་གའི་མདོག་ལྟ་བུ་རྣམས་ཀྱི་སྟེང་དུ་ཞོན་ནས། ལྷའི་དབང་པོ་བརྒྱ་བྱིན་དང་ལྷན་ཅིག་ཏུ་བལྟ་ན་སྡུག་གི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང ། སྐྱེད་མོས་ཚལ་ག་ལ་བ་ཡོད་པ་དེར་འདོང་བར་བྱེད་དོ། །ཡང་ལྷ་གཞན་དག་རིན་ པོ་ཆེ་སྣ་བདུན་གྱི་རྨ་བྱའི་གཟུགས་དང་ལྡན་ཞིང ། མདོངས་ཀྱི་ཚོགས་ཀྱིས་ཁེབས་པ་གང་མིའི་འཇིག་རྟེན་ན་ཡང་གཟུགས་ཕུན་སུམ་ཚོགས་པ་ཡིན་ལ་ལྷའི་འཇིག་རྟེན་ན་ལྷ་གཞན་དང་མི་འདྲ་བ་ལེགས་པར་བྱས་པའི་ལས་རྣམས་ཀྱིས་མངོན་པར་བརྒྱན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ དག་གི་མདོག་སྡུག་ཅིང་དབྱིབས་ལེགས་པ་དཔེ་བྱ་བར་ཡང་མི་ནུས་པའི་སྟེང་དུ་ཞོན་ནོ། །རྣམ་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ལ་གཞན་དག་ཞོན་ནས་བལྟ་ན་སྡུག་གི་སྐྱེད་མོས་ཚལ་དང ། ཉེ་བའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དེ། ལྷའི་ཚོགས་དེ་རྣམས་རོལ་མོའི་སྒྲ་དང ། གླུ་དབྱངས་སྣ་ 69-1-134b ཚོགས་ཀྱིས་དགོད་ཅིང་རྩེ་ལ་ཡོངས་སུ་སྤྱོད་པ་དང ། ལྷ་གཞན་མྱོས་ཤིང་འཁོད་པ་རྣམས་སྐྱེད་མོས་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཤིང་རྟ་བཞི་ཡང་འཁོར་ལོ་རྩིབས་སྟོང་དང་ལེགས་པར་ལྡན་པ། ཤིང་རྟ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཡིན་ཏེ། འདི་ ལྟ་སྟེ། ཨན་ད་རྙིལ་དང ། པད་མ་རཱ་ག་དང ། སྤུག་ཤིན་ཏུ་གསལ་བ་དང ། བཻ་ཌཱུརྱ་དང ། བྱི་རུ་དང ། རྡོ་རྗེ་དང ། ཤེལ་ལ་གསེར་གྱི་ཁྱེའུ་རྣམས་ཀྱིས་མངོན་པར་བརྒྱན་པ། ཤིང་རྟའི་མཆོག་དེ་ལ་བརྒྱ་བྱིན་ཞོན་ནས། རིན་པོ་ཆེ་སྣ་བདུན་གྱི་བྱ་ངང་པ་གསེར་གྱི་པད་མ་ལྟར་རྒྱས་ ཤིང ། དབྱིབས་དང ། ཆ་བྱད་སྣ་ཚོགས་དང་ལྡན་པ་སྒྲ་ཆེ་ཞིང་གདངས་སྙན་པ་འབྱིན་པ་དེའི་དྲུང་ན་ལྷ་མོའི་དབྱངས་ཀྱང་སྙན་པར་མི་འགྱུར་བ་སྟོང་གིས་ཁྲིད་དེ། བརྒྱ་བྱིན་གྱི་ཤིང་རྟ་རྣམ་པ་དེ་ལྟ་བུ་དང་ལྡན་པ་ངང་པ་རྣམས་ཀྱིས་ཁྲིད་པར་བྱེད་དོ། །ཤིང་རྟ་དེ་ལ་ཡང་ཚོན་རྩི་སྣ་ ཚོགས་ཀྱིས་བསྒྱུར་བའི་འཕན་ལྔ་བརྒྱ། འཕན་ཤིང་བཻ་ཌཱུརྱ་དང ། གསེར་དང་དངུལ་ལས་བྱས་པ་ལ་བཏགས་སོ། །འཕན་གྱི་ཁ་དོག་ནི་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། བཙོད་ཀ་དང ། དམར་པོ་དང་།དཀར་པོས་མཛེས་པར་བྱས་པ་ཡིན་ལ། ཤིང་རྟ་དེ་ལ་ལྷའི་ རྒྱལ་པོ་དེ་ཞོན་ནས། ལྷ་མོའི་ཚོགས་དུ་མ་ནི་ཉེ་བ་ན་གླུ་དབྱངས་ལེན། ལྷ་འབུམ་ཕྲག་དུ་མ་ཡང་མདུན་དུ་སོང་ནས་གླུ་དབྱངས་ལེན་ཅིང་ནམ་མཁའ་ལ་ནི་ཡང་དང་ཡང་དུ་འགྲོ། ས་ལ་ནི་ཡང་དང་ཡང་དུ་འགྲོ་སྟེ། གར་དགའ་བར་འགྲོ་བ། ཅི་དགར་བྱེད་པ། ལྷའི་བདེ་བ་དེ་ལ་ཉེ་བར་ སྤྱོད་ཅིང་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཉམས་དགའ་བཞིན་དུ་གྲོང་ཁྱེར་བལྟ་ན་སྡུག་དང ། སྐྱེད་མོས་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེར་འདོང་བ་ན་ལྷའི་ཚོགས་གཞན་དག་གིས་མཐོང་ནས་བྲོ་གར་བྱེད། གད་མོ་དགོད། རྩེད་མོ་རྩེ། རོལ་མོ་བྱེད་ཅིང་པད་མ་སྣ་ ཚོགས་སྡོང་བུ་བཻ་ཌཱུརྱ་ལས་བྱས་པ་དག་ལག་ཏུ་ཁྱེར་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་རྣམས་དང་ལྷན་ཅིག་གང་ནས་མངོན་དུ་འོང་བ་དེར་བལྟ་ན་སྡུག་པ་ན་གནས་པའི་ལྷ་དེ་རྣམས་ཀྱིས་ཀྱང་སྐྱེད་མོས་ཚལ་ནས་བྱུང་ནས་འོང་ངོ ། །དེ་ནས་བརྒྱ་བྱིན་གྱིས་བདག་ཅག་གི་དྲུང་འདིར་འོང་གིས་ཁྱེད་ 69-1-135a ཀྱིས་འདི་དག་དང་རྩེ་བ་དེ་བྱ་བའི་རིགས་སོ་ཞེས་ཀྱང་བསྒོའོ། །དེ་ནས་བརྒྱ་བྱིན་གྱི་ཁ་ནས་ཚིག་ཐོས་པ་སྤྱི་བོས་བླངས་ནས། བལྟ་ན་སྡུག་ན་གནས་པའི་ལྷ་ག་ལ་བ་དེར་ཆུ་བླང་བའི་ཕྱིར་བརྒྱུགས་སོ། །ལྷ་མོའི་ནང་ནས་ལྷ་མོ་དེ་དག་ཀྱང་བལྟ་ན་སྡུག་པའི་གནས་པའི་ནང་དུ་ཆུ་ བླང་བའི་ཕྱིར་བརྒྱུགས་སོ། །བལྟ་ན་སྡུག་ན་གནས་པའི་ལྷ་མོ་དང ། ཆོས་བཟང་ན་གནས་པའི་ལྷ་མོ་དག་ཀྱང་གང་དེ་ནས་ཕན་ཚུན་རྒྱུག་གོ། །དེ་ལྟར་ལྷ་རྣམས་ཕན་ཚུན་དུ་གསེར་གྱི་པད་མའི་འདབ་མ་དག་བླངས་ནས་སྐྱེད་མོས་ཚལ་ག་ལ་བ་དེར་རྒྱུག་ལ། དེ་དག་ཕན་ཚུན་ལྷན་ཅིག་ཏུ་དགོད་ ཅིང་རྩེ་ལ་རྒྱུའོ། །ལྷའི་དབང་པོ་བརྒྱ་བྱིན་བར་སྣང་ལ་རྒྱུ་ཞིང་འདུག་པས་ཀྱང་ལྷ་དང་ལྷ་མོ་རྣམས་མེ་ཏོག་ཀུ་མུ་དས་རྩེ་བ་དེ་དག་མཐོང་ངོ ། །ལྷ་དེ་རྣམས་ཆུ་ལ་ཡུན་རིང་དུ་རྩེ་བ་དེ་བྱས་ནས། དེ་ནས་ཡང་མཆོག་སྟེ། པད་མ་ལ་རྩེ་བ་རྩོམ་པར་བྱེད་དོ། །ལྷ་དང་ལྷ་མོ་དེ་དག་ཕན་ཚུན་ པད་མ་ལ་རྩེ་བར་བྱེད་དེ། ལ་ལ་གསེར་གྱི་པད་མ་རྣམས་ཀྱིས། ལ་ལ་བཻ་ཌཱུརྱ་དང་གསེར་གྱི་སྡོང་བུ་རྣམས་ཀྱིས། ལ་ལ་སྡོང་བུ་སྣ་ཚོགས་རྣམས་ཀྱིས་རྩེ་སྟེ་དེ་ལྟར་ཕན་ཚུན་རྩེད་མོ་བྱེད་དོ། །དེ་ལྟར་ཕན་ཚུན་ཡུན་རིང་དུ་བསྟེགས་ཤིང་རྩེས་ནས། འབྲས་བུའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། ། དེ་དག་གིས་འབྲས་བུ་སྙི་བ་རྣམས་བླངས་ནས། ཕན་ཚུན་སྟེག་འདོད་པ་འཕེན་པར་བྱེད་དོ། །འབྲས་བུ་ལ་རྩེ་བ་དེ་ཡང་བྱས་ནས་ཆང་གི་ཚལ་ག་ལ་ཡོད་པ་དེར་འདོང་བར་བྱེད་དོ། །ཚལ་དེར་སོང་ནས་མྱོས་པའི་སྐྱོན་དང་བྲལ་ཞིང་འཁྲུག་པ་མེད་པ་ཇི་ལྟར་འདོད་པ་བཞིན་རོ་ཞིམ་པ་ལས་ཇི་ལྟར་ བྱས་པ་བཞིན་དུ་ཞིམ་པ་དག་ལ་འཐུང་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་ཤིང་རྟའི་མཆོག་དེ་ལས་བབས་ནས་ལྷའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ། དེ་དག་གི་ནང་དུ་འདུག་གོ། །ལྷའི་རྒྱལ་པོ་དེ་རྣམས་ཀྱིས་མཐོང་ནས་ཕན་ཚུན་ཀུན་ཡིད་དགའ་སྟེ་ལྷའི་རྒྱལ་པོ་ལ་མཆོད་པ་ བྱེད་དོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་གཉིས་པ། དེ་ལྟར་ཀུན་གྱིས་ཐལ་མོ་སྤྱི་བོར་སྦྱར་ཏེ་མཆོད་པ་བྱས་ནས། འདི་ལྟར་ལྷའི་དབང་པོ་བཞུགས་པ་བདག་ཅག་གི་སྲོག་གི་འབྲས་བུ་མཆིས་པ་ལགས་ཏེ། ལྷའི་རྒྱལ་པོ་བརྒྱ་ 69-1-135b བྱིན་ནི་གང་བདག་ཅག་གི་ཕ་མ་དག་པས་ལྷག་པར་སྲོག་སྩོལ་བ་ལགས་སོ་ཞེས་སྨྲས་ནས། དེ་ལྟར་བརྒྱ་བྱིན་དེ་ལ་དེ་རྣམས་ཀྱིས་ལེགས་པར་མཆོད་དོ། །དེ་ནས་ཡང་ལྷ་དེ་དག་ལ་འདི་སྐད་ཅེས་ཁྱེད་ནི་བདག་གི་བུ་དང་འདྲ། སྤུན་དང་འདྲ་ཞེས་སྨྲས་ནས་དེ་ལྟར་དེ་དག་ཕན་ཚུན་ལེགས་ པར་མཆོད་པ་བྱས་ཏེ། དེ་ནས་ཡང་བག་མེད་པའི་སར་ཞུགས་ནས། བག་མེད་པ་དེ་ཉིད་ལ་གནས་སོ། །དེ་ནས་ཡང་ཚལ་དང་ཉེ་བའི་ཚལ་དག་བྱའི་ཚོགས་རྣམས་ཀྱིས་སྒྲ་འབྱིན་པ། འབབ་ཆུ་དང ། ཀླུང་དང ། ཚང་ཚིང་སྣ་ཚོགས་ཀྱིས་བརྒྱན་པ། གསེར་གྱི་ཆུ་བོ་པད་མའི་ཚལ་དང་ཉེ་ བའི་ཚལ་མཛེས་པར་བྱས་པ། ས་གཞི་མཉམ་ཞིང་འཇམ་ལ་མི་རྩུབ་པ། མཐོ་དམན་གྱིས་བརྒྱན་པ། བཻ་ཌཱུརྱ་དང་གསེར་དང་དངུལ་དང་ཤེལ་གྱི་ཤིང་ལྗོན་པས་བརྒྱན་པ། བཟའ་བ་དང་བཏུང་བ་ཆུ་བོ་ལྟར་འབབ་ཅིང་འབྲས་བུ་སྣ་ཚོགས་དང་ལྡན་པ། མེ་ཏོག་མན་དཱ་ར་དང་པད་མ་ལ་སོགས་ པ་མེ་ཏོག་ཆེན་པོ་རྣམས་ཀྱིས་མཛེས་པར་བྱས་པ། ཚང་ཚིང་རྣམས་ཀྱི་ནང་ན་ལྷའི་མི་དང་བུད་མེད་དགོད་དགོད། རྩེ་རྩེ་རྒལ་རྒལ་ཡོངས་སུ་སྤྱད་པས་བསྟེན་པའི་ཚང་ཚིང་གི་ཚལ་དང་སྐྱེད་མོས་ཚལ་རྣམས་སུ་ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དང་ལྷའི་ཁ་ཟས་དང་།ལྷའི་ཡུལ་ལྔ་ འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་ཀྱང་དགའ་བར་བྱེད་དོ། །དེ་ནས་ཡང་བལྟ་ན་སྡུག་པ་ན་གནས་པ་དང་ཆོས་བཟང་ན་གནས་པ་དགའ་བར་བྱེད་པ། རང་གི་གནས་གནས་སུ་ཞུགས་སོ། །དེ་དག་དེར་ཞུགས་ནས་ཀྱང་ཇི་སྲིད་དུ་འདོད་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་དག་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ་ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ཤིན་ཏུ་བདེ་བར་འགྱུར་ཞིང ། རིག་པའི་བློ་དྲི་མ་མེད་པ་དང ། རོལ་མོ་ལ་དགའ་བ་སྟེ། བྲོ་གར་དང་གླུ་དབྱངས་དང་དགོད་པ་དང་རྩེ་བ་ལ་དགའ། རྟག་ཏུ་སྤྲོ་བ་ལ་དགའ་ཞིང་བཟའ་བ་དང་བཏུང་བ་དང་། 69-1-136a བཅའ་བ་དང་བཟའ་བར་བྱ་བ་མང་པོ་ལ་དགའ་བ་དང་ཡམས་ཀྱི་ནད་མེད་ཅིང ། རིམས་ནད་མེད་ལ་མྱ་ངན་དང་བྲལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་ དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་ཕྱོགས་གཅིག་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པ། འབྱོར་པ་ ཡང་ཤིན་ཏུ་ཆུང་ཞིང་དམན་པར་གྱུར་པ་གང་གིས་གཞན་དག་ལས་ནོར་རྫས་ཀྱི་རྣམ་པའམ། ཁ་ཟས་དག་བླངས་ཏེ། ཤིན་ཏུ་སྡུག་བསྔལ་ཡང་བུ་དང་ཆུང་མ་འབའ་ཞིག་ལ་མི་སྦྱོར་བར་སེམས་ཡོངས་སུ་བསྒོམས་པའི་ཡིད་ཀྱིས་ནོར་རྫས་སམ། ཁ་ཟས་དེ་དག་གཞན་སྡུག་བསྔལ་ཞིང་ ཕ་རོལ་གཞན་དག་ཉོན་མོངས་པ་དང་ལོང་བ་དང་དབུལ་བ་དང་མགོན་མེད་པ་རྣམས་ལ་བགོ་བཤའ་བྱས་ནས་སྦྱིན་པར་བྱེད་པ་དང་སྲོག་ཆགས་གཞན་གྱི་ཆུང་མ་ལ་འཁྲིག་པའི་དགའ་བས་རབ་ཏུ་ཆགས་པ་དག་།གཞི་དེས་མངོན་པར་བཟུང་སྟེ། སྲོག་ཆད་པའི་ཉོན་མོངས་པ་འཐོབ་ཅིང་ གཤེད་མའི་ལག་ཏུ་བསྐུར་བ། ལྷོ་ཕྱོགས་ཀྱི་སྒོ་ནས་ཁྲིད་དེ་སྲོག་གཅོད་པར་འགྱུར་བ། ཉོན་མོངས་པའི་རྣམ་པ་དེ་ལྟ་བུའི་ནང་དུ་ཆུད་པ་ལས་ཐར་བར་བྱས་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཕྱོགས་གཅིག་ན་གནས་པའི་ལྷ་རྣམས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། ། དེར་སྐྱེས་ནས་ཀྱང་ལེགས་པར་བྱ་བ་བྱས་པ། དགེ་བའི་ལས་ཤིན་ཏུ་རྒྱ་ཆེ་བ་བྱས་ཤིང་ཡང་དག་པར་སྤྱད་པ་དེ་རང་གི་ལུས་ལས་ཀུན་ནས་འོད་འབྱུང་སྟེ། དཔེར་ན་ཉི་མའི་འོད་འབྱུང་བ་བཞིན་ནོ། །ཡང་འོད་དེ་དག་གི་ཁ་དོག་སྔོན་པོ་དང ། སེར་པོ་དང ། བཙོད་ཀ་དང ། ལྗང་གུ་དང ། དཀར་པོར་འབྱུང་སྟེ། ལྷ་དེའི་འོད་དེས་ལྷའི་འཇིག་རྟེན་གྱི་འོད་གསལ་བ་དེ་དག་ཐམས་ཅད་དེ་ནས་ཡང་བཅུ་འགྱུར་བས་ལྷག་པར་གསལ་བར་བྱེད་དོ། །དཔེར་ན་གཟའ་དང་སྐར་མའི་འོད་ཀྱིས་འཛམ་བུའི་གླིང་གསལ་བར་བྱེད་ལ། དེ་ནས་ཡང་ཟླ་བའི་འོད་ཀྱིས་གསལ་བར་བྱེད་པ་དེ་ 69-1-136b བཞིན་དུ། ལྷ་དེའི་རང་གི་ལུས་ཀྱི་འོད་ཀྱིས་ལྷའི་གནས་དེ་དག་ཐམས་ཅད་བརྒྱན་པ་བཞིན་རྣམ་པར་གསལ་བར་བྱེད་དོ། །འོད་དེས་གཟུགས་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་དང་ལྡན་པའི་ལྷ་དེ་ལ། ལྷ་དེ་དག་གིས་མངོན་པར་བརྟགས་ཏེ། རྣམ་པ་དེ་ལྟ་བུའི་ཁྱད་པར་གང་གི་ དྲུང་ན་ལྷ་གཞན་དེ་དག་སྲིན་བུ་མེ་ཁྱེར་བཞིན་གསལ་བ་མེད་དོ། །ལྷའི་རིས་དེར་ལྷ་དེ་སྐྱེས་མ་ཐག་ཏུ་ལྷ་མོ་དེ་དག་ཐམས་ཅད་ལྷ་དེ་ག་ལ་བ་དེར་རྒྱུག་ཅིང་སྐྱེས་མ་ཐག་ཏུ་རྒྱན་ཐམས་ཅད་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ་གང་གི་གཙུག་གི་ནོར་བུ་མཐོན་ཀ་ཆེན་པོའི་འོད་ཀྱིས་དཔག་ཚད་ དག་ཏུ་འོད་སྣང་བར་བྱེད་པ་བཞིན་དུ། འོད་གང་གིས་གཞན་མཐོ་རིས་ན་གནས་པའི་འོད་དེ་དག་ཐམས་ཅད་དང་ཕྱི་རོལ་གྱི་ནོར་བུ་དེ་དག་ཐམས་ཅད་དེ་ལྟར་ཟིལ་གྱིས་གནོན་པར་བྱེད་དོ། །ཇི་ལྟར་ཉི་མ་ཤར་བས་སྲིན་བུ་མེ་ཁྱེར་རྣམས་ཀྱི་འོད་ཟིལ་གྱིས་གནོན་པར་བྱེད་པ་དེ་བཞིན་དུ་ལྷ་དེ་དག་ ཟིལ་གྱིས་གནོན་པར་བྱེད་དོ། །དེ་ནས་སྐྱེས་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཅོད་པན་དཔག་ཚད་བརྒྱར་འོད་འཕྲོ་བ་འབྱུང་བར་འགྱུར་ཏེ། འོད་ཀུན་གྱིས་བརྒྱན་ཅིང་འོད་ཟེར་འབྱུང་ལ་གང་གིས་འོད་སྔོན་པོ་དང ། སེར་པོ་དང ། བཙོད་ཀ་དང ། ལྗང་གུ་དང ། དཀར་པོ་དག་འབྱུང་བར་འགྱུར་རོ། ། དེའི་འོག་ཏུ་རིན་པོ་ཆེ་སྣ་བདུན་གྱི་མགུལ་རྒྱན་དཔག་ཚད་བརྒྱར་འོད་འཕྲོ་བ་འབྱུང་བར་འགྱུར་རོ། །དེ་ལྟར་དེའི་འོག་ཏུ་རིན་པོ་ཆེ་སྣ་བདུན་གྱི་རྒྱན་ཕྲེང་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་ཕྲེང་བ་འཕྱང་བ་རྡོ་རྗེས་བརྒྱན་པ་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་དེའི་རྐེད་པའི་ཕྲེང་རྒྱན་ཇི་ལྟར་འཇའི་ ཁ་དོག་ལྟ་བུར་སྐྱེ་ཞིང་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་དེའི་ལྷམ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ། འོད་སྣ་ཚོགས་དང་ལྡན་པ་འབྱུང་བར་འགྱུར་ཏེ། ཤུགས་གང་གིས་རིམ་པ་འདི་ལྟར་འགྲོ་བ་ནི། གང་གི་ཚེ་ལྷ་དེ་འདི་སྙམ་དུ་འདི་ལྟར་བདག་ཆེ་གེ་མོ་ཞིག་ཏུ་ནམ་མཁའ་ ལས་འགྲོའོ་སྙམ་དུ་བསམས་ན་སེམས་བསྐྱེད་མ་ཐག་ཏུ་ལྷ་ཡུལ་དུ་འབྱུང་བའི་ལྷམ་དེས་ལྷ་དེ་བཏེག་སྟེ་ནམ་མཁའ་ལ་ཁྱེར་ནས་གནས་དེར་འགྲོ་སྟེ། ལུས་ངལ་བ་མེད་ཅིང་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །གང་དེའི་འོག་ཏུ་དེའི་གོས་ཐགས་སུ་བཏགས་པ་མ་ཡིན་པ་རིན་ 69-1-137a པོ་ཆེ་སྣ་ཚོགས་ལས་བྱས་པ་འོད་གསལ་བ་འབྱུང་བར་འགྱུར་ཏེ། གང་གི་འོད་ཀྱིས་ལྷའི་རིས་ཉམས་དགའ་བ་དེ། དེ་ནས་ཡང་ཤིན་ཏུ་ཉམས་དགའ་བར་འགྱུར་རོ། །ལྷ་དེ་སྐྱེས་མ་ཐག་ཏུ་འདི་སྙམ་དུ་སེམས་ཏེ། ལས་བྱས་པ་གང་གིས་བདག་འདིར་སྐྱེས་ཤིག་ གུ་སྙམ་ནས། དེས་བརྟགས་ན་ལས་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་གཞི་འཛམ་བུ་གླིང་དེ་ནས་བདག་ཤི་སྟེ། དེར་གང་བྱ་བ་ལེགས་པར་བྱ་བའམ། ཉེས་པར་བྱས་པ་དེ་འདིར་ཉེ་བར་སྤྱོད་པར་འགྱུར་ཏེ། དེར་བདག་གིས་ལེགས་པར་བྱས་པའི་ལས་ཀྱི་རྒྱུ་དེས་བདག་འདིར་ སྐྱེས་ཏེ། རྒྱུ་མེད་པས་ནི་མ་ཡིན་ནོ་སྙམ་མོ། །དེ་དེ་ལྟར་བསམས་པ་དང་ཐང་ཅིག་ཏུ་ལྷ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ཇི་སྙེད་པ་ཐམས་ཅད་ཉེ་བར་འོང་བར་བྱེད་དེ། དེ་དག་གི་རྒྱན་གྱི་སྒྲ་ཇི་ལྟར་མི་ཡུལ་ན་སིལ་སྙན་ཡན་ལག་ལྔ་དང་ཤིན་ཏུ་ལྡན་པ་དེ་དག་གི་སྒྲ་འབྱུང་བ་དེ་ ལྟར་དེ་རྣམས་ཀྱི་སྒྲ་འབྱུང་བར་བྱེད་དོ། །དེ་དག་གི་དྲི་ཡང་དཔག་ཚད་གཉིས་སུ་གང་བར་འགྱུར་ཏེ། དྲི་གང་གིས་མེ་ཏོག་ཐམས་ཅད་ཀྱི་དྲི་ཟིལ་གྱིས་གནོན་པར་འགྱུར། དེ་དག་གི་གཟུགས་དང་ལང་ཚོ་སྔོན་མ་བྱུང་བ་འབྱུང་བར་འགྱུར་ཞིང་ཚིམ་པ་དང་དགའ་བ་འབྱུང་བར་འགྱུར་ལ། སྔོན་ གྱི་གོས་ཀྱི་ཡོན་ཏན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ལྷ་དེའི་ལེགས་པར་བྱས་པའི་ལས་དེས་འདི་ལྟ་སྟེ། ཉི་མ་ཤར་བའི་ཉི་མའི་འོད་ཀྱིས་མེ་ཏོག་ཐམས་ཅད་རབ་ཏུ་རྒྱས་པར་འགྱུར་བ་དེ་ལྟར་ལྷ་དེའི་འོད་བྱུང་བས་ལྷ་མོ་དེ་དག་ཐམས་ཅད་ཀྱི་གཟུགས་རབ་ཏུ་རྒྱས་པར་འགྱུར་ཏེ། དེ་ དག་དང་དེ་ཕྲད་ནས་འཛུམ་ཞིང་དགའ་བ་དག་གིས་རྩེད་མོ་བྱེད་དོ། །དེ་དག་གིས་དེ་པང་དུ་བླངས་ཏེ་ཚལ་དང་ཉེ་བའི་ཚལ་ག་ལ་བ་དེ་ཉིད་དུ་འགྲོས་སྡུག་གུས་ཁྱེར་ཞིང་ལྷ་དེའི་མདུན་དུ་སིལ་སྙན་སྣ་ཚོགས་དང་དགོད་པའི་སྒྲས་དགའ་བར་བྱེད་པ་དེ་དག་ལྷ་ལ་ལྟ་ཞིང་ཚལ་དང་ཉེ་བའི་ཚལ་ དེ་དག་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷ་དེའི་གནས་སུ་ཚལ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། པད་མ་རྨད་བྱུང་གི་ཚལ་ཡོད་དེ། ཚལ་དེ་ན་གང་གི་ཚེ། ལྷ་དེ་འཇུག་པ་དེའི་ཚེ། གོམ་པ་འདོར་བའི་ས་དག་ལ་པད་མ་སྡོང་བུ་ནི་བཻ་ཌཱུརྱ། མྱུ་གུ་ནི་རྡོ་རྗེ། སྙིང་པོ་ནི་ 69-1-137b གསེར། ལོ་མ་འཇམ་ཞིང་འདབ་མ་འཇམ་པ་དང་བུང་བའི་ཚོགས་ཀྱིས་མཛེས་པར་བྱེད་པ་དག་འབྱུང་བར་འགྱུར་ལ། དེ་དག་ལ་ལྷ་དེའི་རྐང་པ་གཉིས་འཇོག་པར་བྱེད་དོ། །དེ་ནས་རྐང་པ་བཏེག་པ་དང་པད་མ་གཞན་དག་འབྱུང་བར་འགྱུར་ཞིང་སྔ་མ་ཞུམ་པར་འགྱུར་རོ། །དེ་པད་ མའི་ཚལ་དེ་ནས་སྦྲང་རྩིའི་ཆུའི་ཚལ་ཞེས་བྱ་བ་སྦྲང་རྩིའི་ཆུའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དེ། ཚལ་དེ་ན་ལྷའི་ཤིང་ལྗོན་པ་གསེར་ལས་བྱས་པ་དེ་དག་ཐམས་ཅད་ལས་ལྷའི་རྒུན་ཆང་འཛག་སྟེ། ལྷའི་རོ་དང་དྲི་དང་ལྡན་པའི་རྒུན་ཆང་དེ་དག་ལ་ལྷའི་མཆོག་དེ་འཐུང་བར་བྱེད་དེ། མྱོས་ པའི་སྐྱོན་དང་བྲལ་བའི་སྦྲང་རྩི་དེ་དག་ལ་ལྷ་དེ་རྣམས་འཐུང་བར་བྱེད་དོ། །དྲི་དང་རོ་སྔོན་མ་བྱུང་བ་དེ་དག་ལ་འཐུངས་ནས་ཀྱང་ཚལ་གསུམ་མཛེས་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེར་གསུམ་མཛེས་དཔེ་མེད་པ་འབྱུང་སྟེ། འདི་ལྟ་སྟེ། བྱ་དང་བུང་བའི་ཚོགས་སྒྲ་འབྱིན་པ་དང ། གཞན་དང་མི་འདྲ་བའི་སྒྲ་དང་ལྷ་མོ་རོལ་མོ་བྱེད་པ་འབྱུང་ངོ ། །ལྷའི་མཆོག་དེ་ཚལ་གསུམ་མཛེས་དེ་ན་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང་ཉེ་བའི་ཚལ་ནས་ཉེ་བའི་ཚལ་དང ། པད་མའི་རྫིང་ནས་པད་མའི་རྫིང་དང ། ལྟེང་ཀ་ནས་ལྟེང་ཀར་དགའ་བར་བྱེད། རྩེ་བར་བྱེད། དགའ་ དགུར་སྤྱོད་པར་བྱེད་དོ། །བྱ་སྒྲ་སྣ་ཚོགས་འབྱིན་པ་ལ་ཉན་ཅིང་དབང་པོ་ལྔ་ཡུལ་ལྔ་ལ་ཚིམ་པ་མེད་པའི་ཡིད་སྲེད་པའི་མེས་སྲེག་པ་ན། ཇི་སྲིད་དུ་དེའི་ལེགས་པར་བྱས་པའི་ལས་མ་ཟད་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ལས་དེ་ཟད་ནས་དེ་ནས་ཡང་ལྷའི་རིས་དེ་ནས་འཆི་བར་འགྱུར་ ཏེ། ཤི་ནས་ཀྱང་ལས་ཀྱི་ཐག་པས་བཅིངས་པ་རང་གིས་བྱས་པའི་ལས་རྣམས་ཀྱིས་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མིའི་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་ རྒྱུ་འཐུན་པར་དེ་གཟུགས་དང་རིགས་དང་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཀུན་ནས་མཆོག་ཏུ་བདེ་བ་དང་ལྡན་པ་དང་རང་དང་འབྲེལ་བ་ལས་འཚོ་ཞིང་གཞན་ལ་རག་མ་ལུས་པ་དང་རང་འདོད་པ་བཞིན་སྤྱོད་ཅིང་ནད་མེད་པ་དང་གནོད་པ་མེད་པ་དང་ཚེར་མ་མེད་པ་དང་ཤིན་ཏུ་འབྱོར་པ་དང་དེ་ 69-1-138a བཞིན་དུ་གསུམ་ལྡན་གྱི་དུས་སུའམ་དེ་བཞིན་དུ་གཙོ་བོའི་ནང་དུའམ། དེ་བཞིན་དུ་རྒྱལ་སྲིད་ཕྱེད་ལ་དབང་བའམ། རྒྱལ་ཚབ་བམ། ཚོང་པ་འབྱོར་པའི་མཆོག་ནོར་དང་འབྲུ་དང་གསེར་དངུལ་ཐམས་ཅད་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཤིང་གསེབ་ན་གནས་པ་ཞེས་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་ འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་རྐུན་པོ་ཆད་པས་བཅད་པར་འོས་པ་བཟུང་བ། གང་འཇིག་རྟེན་ཕ་རོལ་ལ་འཇིགས་པའི་བསམ་པས། དེ་ལ་ཆད་པས་མི་གཅོད་ཅིང་གནོད་པར་མི་བྱེད་པ་དང་ཕ་རོལ་གཞན་གྱིས་རྐུན་པོ་བཟུང་བ་དེ་ཡང་ སེམས་ཅན་ལ་ཕན་པར་འདོད་པ། བྱམས་པར་གཞོལ་བའི་སེམས་དང་ལྡན་པའི་བསམ་པས་ཐར་བར་བྱེད་པ་དང ། མ་ལ་ཡང་མལ་ཆ་དང་ན་བའི་རྐྱེན་གྱི་གསོ་སྨན་དང ། ཡོ་བྱད་སྦྱིན་པར་བྱེད་ཅིང་གོང་མའི་རྫས་བསྒྲུབས་པ་དེ་དག་རྐུ་བའི་སེམས་ཀྱིས་མི་རྐུ་བ་དང ། ཚིག་འཇམ་ཞིང་ཚིག་ ཉུང་ལ་ཕན་པར་སྨྲ་བ་དང ། ཉིན་གཅིག་བཞིན་སངས་རྒྱས་ལ་གུས་པར་ཕྱག་འཚལ་ཞིང ། སངས་རྒྱས་ལ་སྤོས་སམ་མེ་ཏོག་གམ་བདུག་པ་དག་ཕུལ་ཏེ་ཕྱག་འཚལ་ལ། དེའི་ཡོན་ཏན་ཡང་རྗེས་སུ་དྲན་པ་དང ། བླ་མ་ལ་ལུས་ཀྱིས་ཀྱང་གུས་པར་བྱེད་ཅིང་མྱུར་དུ་ལྡང་བ་དང ། གུས་པར་ཕྱག་འཚལ་བ་དང ། རྟག་ཏུ་སྙན་པར་སྨྲ་བ་དང ། སྡིག་པའི་གྲོགས་པོ་མཐོང་ན་ཤིན་ཏུ་འདྲེ་བར་མི་བྱེད་ལ། དེ་དག་དང་ལྷན་ཅིག་དགའ་བ་དང་འགྲོ་བ་དང་ཕྲད་པ་དང་མངོན་པར་སྨྲ་བར་མི་བྱེད། མི་ཉོན་མོངས་པའི་སེམས་དང་ལྡན་པ། འཕགས་པ་མ་ཡིན་པ། འཇིག་ རྟེན་པས་སྤངས་པ་རྣམས་དང་ལྷན་ཅིག་དགའ་བར་མི་བྱེད་ལ། ཐད་ཀར་ལྟ་ཞིང་འདུག་པར་མི་བྱེད་པ་དང ། རྒན་པོ་ལ་ལེགས་པར་ལྟ་སྟེ་རྒན་པོ་ཤེས་པ་དང་ལྡན་པ། སེམས་ཅན་ལ་བྱམས་ཤིང་ཕ་རོལ་གདུང་བར་མི་བྱེད་པ། འཇིག་རྟེན་ཀུན་གྱིས་བཀུར་བ། སྙན་པར་སྨྲ་བ། འཇམ་ 69-1-138b པོར་སྨྲ་བ་དག་ལ་བསྙེན་བཀུར་བྱེད་ཅིང ། ཡང་དག་པར་རྣམ་པར་འབྱེད་པའི་ཚུལ་ཁྲིམས་ཀྱང་ཡོད་པ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པ་དང ། ཞོ་ཤས་འཚོ་བ་རྣམས་ལ་རྒྱུ་མེད་པར་འཚེ་བར་མི་བྱེད་པ་དང ། བཟའ་བ་མང་དུ་མི་ཟ་བ་དང ། འདོད་དགུར་འགྲོ་བའི་ཚུལ་དུ་མི་བྱེད་པ་དང ། གནོད་པའི་ཚུལ་མེད་པ་དང ། གློ་བུར་དུ་མི་འཁྲུག་པ་དང ། ཤན་པ་དང ། ཉོ་ཚོང་དང ། ཁྱི་ཡིས་འཚོ་བ་དང ། རྙིས་འཚོ་བ་དྲི་མ་དང་བཅས་པ་ལ་སོགས་པ་དང ། ཉོ་ཚོང་ལ་སོགས་པ་ཆོས་མ་ཡིན་པ་དང་ཡང་དག་པར་འབྲེལ་བར་མི་བྱེད་པ་དང ། ཆང་འཚོང་གི་ཁྱིམ་དུ་དགའ་བ་མེད་པ་དང ། བུད་མེད་ལ་རག་ལས་ཤིང་སྡིག་པ་བྱེད་པ་དང ། སྤྱོད་པ་ཉམས་པ་དང ། རྟབ་རྟབ་པོར་མི་འགྲོ་བ་དང ། སྨྲ་བ་ན་གཞན་གྱི་གསང་མི་ཤོར་བ་དང ། གྲོགས་པོ་རྣམས་ལ་གླགས་ལྟ་ཞིང་གསང་སྟེ་དགྲ་མི་བྱེད་པ་དང ། གནད་བཙལ་ཏེ་རྒྱལ་པོ་ལ་མི་སྨྲ་བ་དང ། གཞན་གྱི་ཞིང་རྣམས་ལ་སྐྱེ་ བའི་ལྡུམ་ར་མཐོང་ན་བདག་ཉིད་ཀྱིར་མི་བྱེད་པ་དང ། ཡུལ་མིའི་དཔྱ་ན་ར་མ་དྲུག་ཆ་གཅིག་འབུལ་བ་ལས་ལྷག་པར་མི་འབེབས་པ་དང ། གཞན་གྱི་ཞིང་དང ། ཆུ་དང ། སྐལ་བ་བྱིན་པ་མི་འཕྲོག་པ་དང ། མཚན་མོའམ་ཉིན་མོ་གཞན་གྱི་འབྲས་བུ་མི་འཕྲོག་པ་དང ། རྐུ་སེམས་ཐམས་ཅད་ དང་བྲལ་བའམ། རེ་རེ་དང་བྲལ་བའམ། ཉུང་ངུར་བྲལ་བ་ཡིན་ཏེ། ཇི་ལྟར་ན་ཉུང་ངུར་བྲལ་བ་ཡིན་ཞེ་ན། ལས་ཀྱི་ཉེར་བསྡོགས་མི་བྱེད་པ་དང ། ལས་བར་མ་དང་བྲལ་བ་ཡིན་ཏེ། གང་བྱས་པ་འཆགས་པར་བྱེད་ཅིང་སྐྱོན་དུ་རྩི་ལ་མི་བྱེད་པ་དང་ཆེན་པོ་དང་བྲལ་བ་ཡིན་ཏེ། ལས་ཀྱི་ཉེར་ བསྡོགས་མི་བྱེད་པ་དང་དེ་བཞིན་བྱེད་དུ་མི་འཇུག་ཅིང ། གཞན་གྱིས་བྱས་ནས་ཀྱང་འཆགས་སུ་འཇུག་པ་དང ། སོ་སོར་རྗེས་སུ་ཡི་རང་བར་མི་བྱེད་པ་དང་མི་ངན་པ་དེ་རྣམ་པར་སྤོང་བར་བྱེད་ལ། ཆུང་ངུ་དང་འབྲིང་དང་ཆེན་པོ་བྱེད་པ་དེ་ཆུང་ངུ་དང་འབྲིང་དང་ཆེན་པོའི་འབྲས་བུ་ལ་སྤྱོད་པ་ ཡིན་ཏེ། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱོད་པ། ཉེས་པར་བྱེད་པ་རྣམ་པར་སྤངས་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཤིང་གསེབ་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཀྱང་ལྷའི་ལུས་ཤ་དང་རུས་པ་དང་རྣག་ཁྲག་ 69-1-139a དང་བྲལ་བ་ཡིན་ཏེ། གང་བདེ་བ་མྱོང་བར་འགྱུར་བ་དེའི་དཔེ་བྱ་བར་ཡང་སླ་བ་མ་ཡིན་མོད་ཀྱི། ཅུང་ཟད་ཅིག་དཔེར་བྱ་ན་འདི་ལྟ་སྟེ། སེམས་ཅན་གང་སེམས་ཅན་དམྱལ་བ་ཡང་སོས་སུ་སྐྱེ་བ་དང་གང་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱད་པར་གང་ཡིན་པ་ དང་ལྷའི་བདེ་བ་མྱོང་བའི་མི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་པའི་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་ཁྱད་པར་གང་ཡིན་པའི་ཁྱད་པར་དེ་ནི་ཤིང་གསེབ་ན་གནས་པའི་ལྷ་དེའི་དཔེར་ཅུང་ཟད་བྱ་བ་ཡིན་ནོ། །ཤིང་གསེབ་ན་གནས་པའི་ལྷ་དེ་རི་རབ་ཀྱི་སྟེང་དཔག་ཚད་སུམ་སྟོང་ཡོད་ པར་དཔལ་དང་ལྡན་པ་རིན་པོ་ཆེ་སྣ་བདུན་གྱི་ལྷའི་ཤིང་ལྗོན་པ་དང་ཆུ་བོས་མཛེས་པར་བྱས་པ་ལྟ་བུར། ཕྱོགས་དེ་ན་ཚལ་ཀུན་སྤྱོད་ཅེས་བྱ་བ་གསེར་གྱི་ཤིང་ལྗོན་པ་ཡོད་པ་དེར་འདི་ལྟར་ལྷ་རྣམས་ཀྱི་སེམས་ལ་གང་དུ་བདག་ཅག་འགྲོ་བར་བྱ་བ་དེར་ཤིང་ལྗོན་པ་དག་བདག་ཅག་གི་ཕྱི་བཞིན་ དུ་དེ་ལྟར་འོང་བར་ཤོག་ཤིག་སྙམ་མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་ཤིང་གསེབ་ན་གནས་པའི་ལྷ་རྣམས་གར་འགྲོ་བ་དེ་དག་གི་ཕྱི་བཞིན་དུ་དེ་ལྟར་འོང་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་སེམས་བསྐྱེད་མ་ཐག་ཉིད་དུ་འཁོར་ལོ་ནམ་མཁའ་ལ་འགྲོ་བ་དེ་ལྟར་ལྷ་ རྣམས་ཀྱི་སེམས་བསྐྱེད་མ་ཐག་ཉིད་དུ་ཤིང་ལྗོན་པ་དག་ནམ་མཁའ་ལས་འོང་ངོ ། །ལྷ་རྣམས་གར་འདོད་པ་དེར་ཡང་སའི་སྟེང་དུ་འབབ་པར་འགྱུར་ཏེ།དཔེར་ན་བྱ་དག་སའི་ཕྱོགས་གང་དང་གང་དུ་འགྲོ་ཞིང་གནས་པ་དེ་དང་དེ་ཉིད་དུ་གནས་པར་འགྱུར་བ་དེ་བཞིན་དུ་ཤིང་ལྗོན་པ་དེ་དག་ ཐམས་ཅད་དེ་ལྟར་འགྱུར་ཏེ། འདི་ནི་ཤིང་གསེབ་ན་གནས་པའི་ལྷ་རྣམས་ཀྱི་རང་གིས་བྱས་པའི་ལས་ཀྱི་མཐུ་གཅིག་ཡིན་ནོ། །དེ་ནས་ཡང་མཐུ་འབྱུང་སྟེ། དེ་ལྟར་ལེགས་པར་བྱས་པའི་ལས་དེ་དག་གི་མཐུ་ནི་ལྷ་རྣམས་གང་དུ་འདོང་བ་དེར་བྱ་དག་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ལྟ་ བུའི་སྒྲ་འབྱིན་བཞིན་དུ་ཕྱི་བཞིན་འབྲང་ཞིང་འདོང་ངོ ། །དེ་ནས་གཞན་ཡང་ལེགས་པར་བྱས་པའི་ལས་རྣམས་ཀྱི་མཐུ་ནི་ལྷ་རྣམས་ནམ་མཁའ་ལ་འདོད་པ་དང་བཅས་པར་འགྲོ་བའི་ལྷ་དག་པད་མའི་རྫིང་ན་བུང་བ་མྱོས་པའི་སྒྲ་འབྱིན་པ་དང་གསེར་གྱི་བྱ་ངང་པས་མཛེས་པར་བྱས་ཤིང ། བྱ་ཀཱ་ 69-1-139b རཎྜ་བ་དང་ངུར་པ་རྣམས་ཀྱིས་མཛེས་པར་བྱས་པ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་གཞན་ཡང་ཤིང་གསེབ་ན་གནས་པའི་ལྷ་རྣམས་ཀྱིས་ལེགས་པར་བྱས་པའི་མཐུ་ནི་ལྷ། ལྷའི་ཕྲེང་བ་དང་གོས་གྱོན་པ་དག་ནམ་མཁའ་གང་ལ་འགྲོ་བའི་ནམ་མཁའ་དེར། ལྷའི་པད་མ་སྡོང་བུ་ བཻ་ཌཱུརྱ་ལས་བྱས་པའི་གནས་དག་འབྱུང་བར་འགྱུར་ཏེ། འདབ་མ་སྟོང་ཡོད་པའི་འདབ་མ་དེ་རེ་རེ་ལ་ལྷ་མོ་འཁོད་ནས། ལྷ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཡང་ཤིང་གསེབ་ན་གནས་པའི་ལེགས་པར་བྱས་པ་རྣམས་ཀྱི་ལས་ཀྱི་མཐུ་ནི་ལྷ་དག་ལྷའི་པད་མ་ལ་འདུག་ནས་གང་དུ་ འགྲོ་བ་དེར་ནམ་མཁའ་དེ་ལས་ལྷའི་བཏུང་བས་གང་བའི་ལྷའི་སྣོད་དག་ལག་ཏུ་འོང་སྟེ། བཏུང་བ་དེ་དག་ལྷ་དང་ལྷ་མོ་དེ་དག་དང་ལྷན་ཅིག་འཐུང་ཞིང་དགའ་བར་བྱེད། གླུ་དབྱངས་ལེན། ཡོངས་སུ་སྤྱོད་པར་བྱེད་ལ། ཕྱོགས་གཞན་གང་དུ་འདོང་བར་ཡང་འགྲོའོ། །དེ་ནས་གཞན་ ཡང་ཤིང་གསེབ་ན་གནས་པ་རྣམས་ཀྱི་ལས་ཀྱི་མཐུ་ནི་ལྷ་རྣམས་གང་དང་གང་འདོད་པ་དེ་དང་དེ་ཐམས་ཅད་འབྱོར་བར་འགྱུར་ཞིང ། ལྷའི་འཇིག་རྟེན་གྱི་གནས་ནས་གནས་གཞན་དུ་རྣམ་པ་གང་གཞན་གྱིས་འགྲོ་འདོད་པའི་རི་དང་རིའི་རྩེ་མོ་དེ་དག་ཏུ་ཡང་ལྷའི་མེ་ཏོག་དང ། འབྲས་བུ་དང ། ཆུ་བོ་ཕུན་སུམ་ཚོགས་པ་དང་ཚལ་དང་ཉེ་བའི་ཚལ་ཕུན་སུམ་ཚོགས་པ་དག་ནམ་མཁའ་ལས་འབྱུང་བར་འགྱུར་རོ། །ལྷ་གནས་པ་དེ་རྣམས་ལྷ་མོ་དག་གིས་ཡོངས་སུ་བསྐོར་ལ་ལྷན་ཅིག་ཏུ་ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་གླུ་དབྱངས་ཉེ་བ་ན་ལེན་ཅིང ། དེ་དག་ཉིད་དང་ཡུལ་ནས་ ཡུལ་དུ་ནམ་མཁའ་ལ་འགྲོ་བ་ན། དེ་ནས་ཆོས་བཟང་ན་གནས་པ་དང་བལྟ་ན་སྡུག་པ་ན་གནས་པ་ཡིད་དགའ་བས་གནས་མཐོན་པོ་མཐོང་སྟེ། ཇི་ལྟར་འཛམ་བུའི་གླིང་ན་མི་རྒྱུ་བ་དག་ལྷ་གཞལ་མེད་ཁང་གསལ་བ་ན་གནས་པས་མཐོང་བ་བཞིན་ནོ། །དེ་ལྟར་ཆོས་བཟང་ན་གནས་པའི་ ལྷ་དེ་དག་དང་བལྟ་ན་སྡུག་ན་གནས་པའི་ལྷ་དེ་དག་ཕན་ཚུན་དུ་ཀྱེ་འདི་ལྟར་ཤིང་གསེབ་ན་གནས་པའི་ལྷ་དེ་དག་བདེ་བ་མཆོག་དང་ལྡན་ཏེ། བདག་ཅག་པས་ཁྱད་ཆེས་བདེ་ལ། ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་ཉེ་བར་ལེན་ཅིང་གར་དགའ་དགུར་རྒྱུ་བ། གར་འདོད་པར་འགྲོ་བ། 69-1-140a ཅི་བདེར་གནས། ཐོགས་པ་མེད་པར་འགྲོ་བ། ཡུལ་ནས་ཡུལ་དུ་འགྲོའོ་ཞེས་བརྗོད་དོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་པད་མ་འདབ་མ་སྟོང་ལ་སྡོང་བུ་ལྷའི་གསེར་དང་བཻ་ཌཱུརྱ་ལས་བྱས་པའི་སྟེང་དུ་འདུག་ནས། ལྷ་མོ་བཟང་མོ་དག་དང་ལྷན་ཅིག་ནམ་མཁའ་ལས་ འགྲོའོ། །ལེགས་པར་བྱས་པའི་ལས་ཀྱིས་སྤྲུལ་པའི་པད་མ་དེ་ཡང་ཉམས་དགའ་བ་འདི་ལྟ་བུ་ཡིན་ཏེ། འདབ་མ་ཐམས་ཅད་ལ་ལྷ་མོ་ལྷའི་ཕྲེང་བ་དང་གོས་གྱོན་པ་གསེར་གྱི་རྒྱན་གྱིས་བརྒྱན་པ་ཐམས་ཅད་ཡིད་རབ་ཏུ་དགའ་བ། ཐམས་ཅད་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་དགའ་བས་མྱོས་པ་ ཐམས་ཅད་བརྒྱ་བྱིན་ལ་ཕྱོགས་པ། སོ་སོ་གཟུགས་དང་ལང་ཚོ་དར་ལ་བབ་པའི་དྲེགས་པས་མྱོས་པ་ལྔ་འཁོད་དེ། དེ་དག་ཐམས་ཅད་ལྷའི་རྒྱལ་པོ་བརྒྱ་བྱིན་དང་ལྷན་ཅིག་ཏུ་ཤིང་གསེབ་ན་གནས་པའི་ལྷ་རྣམས་ག་ལ་བ་དེར་ནམ་མཁའ་ལས་འདོང་བར་བྱེད་དོ། །ཤིང་གསེབ་ན་གནས་ པའི་ལྷ་དེ་དག་གིས་ཀྱང་བརྒྱ་བྱིན་དེ་མཐོང་ནས་ཕྱིར་ཞིང་ཡིད་རབ་ཏུ་དགའ་ལ། ཡང་ཇི་ལྟར་བཤད་པའི་གནས་དེ་དག་ལས་བབས་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དོང་ནས་བརྒྱ་བྱིན་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ་ཚིག་གིས་ཀྱང་བསྟོད་དོ། །བརྒྱ་བྱིན་གྱི་ སྔོན་དུ་འགྲོ་བ་དང ། ཤིང་གསེབ་ན་གནས་པའི་ལྷ་སྙིང་དགའ་བ་རྣམས་ཀྱིས་བརྒྱ་བྱིན་དེ་ཡོངས་སུ་བསྐོར་ནས། བརྒྱ་བྱིན་མངོན་པར་འདོད་པའི་གནས་སམ། སྐྱེད་མོས་ཚལ་ལམ། རི་བོའི་སྟེང་ངམ། ཚལ་ལམ། ཉེ་བའི་ཚལ་ལམ། པད་མའི་རྫིང་ངམ། གནས་གཞན་ག་ལ་ བ་དེར་ནམ་མཁའ་ལས་འདོང་བར་བྱེད་དོ། །བརྒྱ་བྱིན་གྱི་སྔོན་དུ་འགྲོ་བ་དེ་རྣམས་དེར་ཡུན་རིང་དུ་རྩེས་ནས། དེ་ནས་ཡང་རང་གི་གནས་ག་ལ་བ་དེར་འདོང་བར་བྱེད་དེ། བརྒྱ་བྱིན་གྱི་སྔོན་དུ་འགྲོ་བ་རྣམས་ཇི་ལྟར་སོང་བ་དེ་ལྟར་སླར་འོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་ཡང་ལྷའི་འདུན་ས་་ ཆོས་བཟང་ག་ལ་བ་དེར་འགྲོ་བར་བྱེད་དོ། །གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་སྡུག་གུས་མྱོས་པའི་ལྷ་དེ་དག་ཀྱང་ཇི་སྲིད་དུ་སྡུག་པ་འདོད་པ། ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་ 69-1-140b འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་བདེ་བ་མཆོག་དང་ལྡན་ཞིང་རྟག་ ཏུ་ནད་མེད་པ་དང ། གནོད་པ་མེད་པ་དང ། ནོར་དང་ཤིན་ཏུ་ལྡན་ཞིང་མཆོག་ཏུ་བདེ་བ་དང ། དེ་བཞིན་དུ་སྡེ་གཞན་གྱིས་འཇིགས་པ་མེད་པའི་བར་གྱི་གླིང་དག་གི་རྒྱལ་པོར་འགྱུར་བའམ་རྒྱལ་ཚབ་ཏུ་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཤིང་རྟ་སྣ་ཚོགས་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་ པ་ལས་བྱུང་བའི་ཤེས་པས་བརྟགས་ན། མཆོད་རྟེན་གྱི་གནས་རྣམས་སུ་སྔོན་ཡོ་བྱད་སྦྱར་བ་རྣམས་རྒྱལ་པོ་མི་རིགས་པའམ། བློན་པོ་མི་རིགས་པའམ། མི་རིགས་པར་ཆགས་པ་ལ་བརྐམ་པ། ལས་ལ་འཇིགས་པ་མེད་པ། གང་གིས་གཅོད་པར་བྱེད་པ་ལ་སྐྱེས་བུ་དམ་པ་ཡིད་དང་ སེམས་བསྒོམས་པ་སངས་རྒྱས་ཀྱི་ཡོན་ཏན་མངོན་པར་དྲན་པའམ་ཚིག་ཤིན་ཏུ་སྙན་ཅིང་གསལ་བས་སངས་རྒྱས་ལ་བསྟོད་ནས་དེ་ཕྱིར་ཟློག་པར་བྱེད་དམ་འཚོབ་པར་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ཤིང་རྟ་སྣ་ཚོགས་ ན་གནས་པའི་སར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཤིན་ཏུ་དགེ་བའི་ལས་བྱེད་པ་དེ་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད། གནས་པར་བྱེད་དོ། །ས་དེར་ལས་ཀྱི་འབྲས་བུ་གཞན་གྱིས་ཀྱང་སྐྱེ་བར་འགྱུར་བ་ནི། སྲོག་ གཅོད་པ་དང ། མ་བྱིན་པར་ལེན་པ་སྤངས་པས་འགྱུར་ཏེ། འདི་ལྟ་སྟེ། ཁྱིས་འཚོ་བ་ལས་རི་དགས་ཐར་བར་བྱེད་ལ། བདག་ཉིད་ཀྱང་མི་བྱེད། བྱེད་དུ་ཡང་མི་འཇུག་།གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བར་ཡང་མི་བྱེད་པ་དང ། ཇི་ལྟར་མ་བྱིན་པར་ལེན་པ་མི་བྱེད་དེ། མ་ 69-1-141a བྱིན་པར་ལེན་པ་ཇི་ལྟར་སྤངས་པ་ཡིན་ཞེ་ན། བདག་ཉིད་ཡུལ་གྱི་བདག་པོའམ། རྒྱལ་པོའམ། བློན་པོར་གྱུར་པས་ཕ་རོལ་ལ་ཆད་པས་གཅོད་པར་མི་བྱེད་ཅིང ། གཞན་བྱེད་པ་ཡང་ཟློག་པར་བྱེད་ལ། ཆོས་སམ་ཁྲིམས་ལ་འཇོག་པར་བྱེད་པ་དེ་དག་ནི་ཤིང་རྟ་སྣ་ཚོགས་ སུ་སྐྱེས་པར་འགྱུར་བའི་ལས་རྣམ་པ་གཉིས་པ་ཡིན་ནོ། །ཚལ་གྱི་རྒྱར་དཔག་ཚད་སུམ་སྟོང་ཡོད་པ་དེ་ན། ལྷ་དག་ཤིང་རྟ་སྣ་ཚོགས་རྣམས་ཀྱིས་དགའ་བར་བྱེད་དེ། དེས་ན་ཤིང་རྟ་སྣ་ཚོགས་ཞེས་བྱ་བའི་མིང་དུ་བཏགས་ལ། ཤིང་རྟ་སྣ་ཚོགས་དེར་གནས་པའི་ལྷ་རྣམས་རྩེ་བར་བྱེད་དོ། ། ཤིང་རྟ་དང་ཤིང་རྟའི་ནང་ན་གསེར་དང་དངུལ་གྱི་པད་མ་འདབ་མ་བཻ་ཌཱུརྱ་ཤིན་ཏུ་བལྟ་ན་སྡུག་པ། དྲི་མཆོག་ཏུ་ཡིད་དུ་འཐད་པའི་རྫིང་འབྱུང་ལ། བུང་བ་བཻ་ཌཱུརྱའི་མདོག་ལྟ་བུའི་ཚོགས་ལྡིང་བ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །ཚལ་དེར་བཀྲ་བ་འདི་དག་ཀུན་འབྱུང་བར་ འགྱུར་ཏེ་དེ་བརྗོད་པ། པད་མའི་རྫིང་རྣམས་སུ་པད་མ་བཀྲ་བ་འབྱུང་བ་ནི་འདི་ལྟ་སྟེ། པད་མ་ལ་ལ་པད་མའི་ཕྱེད་མཐོན་ཀ་ལས་བྱས་པ། ཕྱེད་བཻ་ཌཱུརྱ་ལས་བྱས་པ་ཡིན་ཏེ་བཀྲ་བ་གཅིག་ཡིན་ནོ། །ཡང་བཀྲ་བ་གཞན་ནི་ཕྱེད་བཻ་ཌཱུརྱ་ལས་བྱས་ལ། ཕྱེད་གསེར་ལས་བྱས་པ་ཡིན་ཏེ་ བཀྲ་བ་གཞན་ཡིན་ནོ། །ཡང་བཀྲ་བ་གཞན་ནི་པད་མ་འདབ་མ་བརྒྱ་པ་ཐམས་ཅད་ཀྱི་པད་མ་ལ་པད་མ་ཕྱེད་ཀྱི་པད་མའི་འདབ་མ་ནི་གསེར་ལས་བྱས་ལ་གཞན་ནི་པད་མ་རཱ་གའི་མདོག་ལྟ་བུ་ཡིན་ནོ། །ཡང་བཀྲ་བ་གཞན་འབྱུང་བ་ནི། པད་མ་བཻ་ཌཱུརྱའི་འདབ་མ་དག་ལ་བུང་བ་གསེར་ གྱི་མདོག་ཅན་རྒྱུ་ལ། དངུལ་གྱི་འདབ་མ་དག་ལ་བུང་བ་པད་མ་རཱ་གའི་མདོག་ཅན་རྒྱུའོ། །ཡང་བཀྲ་བ་གཞན་འབྱུང་བ་ནི་བཻ་ཌཱུརྱའི་པད་མའི་སྡོང་བུ་ལ་ནི་གསེར་གྱིས་ཡོངས་སུ་དཀྲིས། གསེར་གྱི་པད་མའི་སྡོང་བུ་ལ་ནི་རིན་པོ་ཆེས་ཡོངས་སུ་དཀྲིས། དངུལ་གྱི་པད་མའི་སྡོང་ བུ་ལ་ནི་སྤུག་གིས་ཡོངས་སུ་དཀྲིས། རིན་པོ་ཆེ་མ་རྒད་ཀྱི་ཁ་དོག་ལྟ་བུའི་སྡོང་བུ་ལ་ནི་འཛམ་བུ་ཆུ་བོའི་གསེར་གྱིས་ཡོངས་སུ་དཀྲིས་སོ། །བུང་བ་སྒྲ་འབྱིན་པ་ཁ་དོག་རྣམ་པ་སྣ་ཚོགས་སུ་འདུག་པ་རྣམས་ཀྱིས་པད་མའི་རྫིང་བུ་དེ་དག་ཁེབས་པ་ཡིན་ཏེ། འདི་ལྟ་སྟེ། འཛམ་བུའི་ 69-1-141b གླིང་ན་མེ་ཏོག་ཙུ་ལ་སའི་དོག་པ་ལ་བུང་བ་རྣམས་ཀྱིས་རྟག་ཏུ་ཁེབས་པ་ལྟར་ཤིང་རྟ་སྣ་ཚོགས་ཀྱི་ཡང་དེ་དང་འདྲའོ། །དེ་ནས་ལེགས་པར་བྱས་པའི་ལས་རྣམས་ཀྱིས་གནས་སྣ་ཚོགས་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཛམ་བུའི་གླིང་ན་ལག་བཟོ་མཁས་པའམ། ལག་ བཟོའི་སློབ་མ་མཁས་པ་ཞིག་གིས། རྩིག་ངོས་ལ་བཀྲ་བ་འདབ་མ་སྣ་ཚོགས་བཀོད་པ། ཚོན་རྩི་སྣ་ཚོགས་ཀྱིས་བྲིས་པ་ལྟར། ཚལ་གྱི་གནས་དེ་ན་ཡང་དེ་ལྟ་བུ་ཡིན་ནོ། །ཡང་ཤིང་རྟ་སྣ་ཚོགས་ཀྱི་ཚལ་གྱི་བཀྲ་བ་གཞན་ནི་བྱ་སྣ་ཚོགས་ཀྱི་སྒྲོ་དང ། རྐང་པ་དང ། མགོ་དང ། ལྟོ་དང ། མིག་བཀྲ་བ་དག་འབྱུང་སྟེ། འདི་ལྟ་སྟེ། བྱ་གང་གི་ལྟོ་གསེར་དུ་འདུག་པ་དེའི་སྒྲོ་དངུལ་ཡིན་ལ། རྒྱབ་པད་མ་རཱ་གའི་མདོག་དང ། མིག་རིན་པོ་ཆེ་ཀེ་ཀེ་རུའི་མདོག་།དེ་བཞིན་དུ་གང་དངུལ་གྱི་ལྟོར་འདུག་པ་དེའི་སྒྲོ་གསེར་ལ། མིག་བཻ་ཌཱུརྱའི་མདོག་དང་མིག་ གི་འབྲས་བུ་པད་མ་རཱ་གའི་མདོག་ལ་རྒྱབ་བཀྲ་བར་འདུག་སྟེ། རིན་པོ་ཆེ་སྣ་བདུན་གྱི་མདོག་ལྟ་བུའི་བྱ་སྣ་ཚོགས་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་སོ། །འདི་ནི་ཤིང་རྟ་སྣ་ཚོགས་ཀྱི་ཚལ་གྱི་བཀྲ་བ་གཞན་ཡིན་ཏེ། འདི་ལྟ་སྟེ། རིའི་རྩེ་མོ་འབྱུང་བ་དང ། འདི་ལྟ་སྟེ། མཐོན་ ཀ་དང ། བཻ་ཌཱུརྱ་དང ། སྤུག་དང ། རིན་པོ་ཆེ་ཀེ་ཀེ་རུ་དང་གསེར་ཏེ། དེ་རྣམས་ཀྱི་འོད་ཀྱིས་ཚལ་དེ་སྤྲས་ཤིང་བརྒྱན་པ་ཡིན་ནོ། །ཚལ་དེ་ཕན་ཚུན་གྱི་འོད་ཟེར་འཁྱིལ་པས་ཤིན་ཏུ་གང་ལ། ལྷའི་འོད་ཟེར་གྱི་མཐུས་ཤིན་ཏུ་མཛེས་པར་བྱས་པ་ཡིན་ནོ། །ཡང་ཚལ་སྣ་ ཚོགས་བཀྲ་བ་གཞན་ནི་ལྕུག་མ་འཕྱང་བ་དང ། ཤིང་གེལ་བ་སྣ་ཚོགས་དག་ཕན་ཚུན་འཛིངས་པར་འདུག་ལ། ཁ་དོག་གསུམ་འབྱུང་བ་ནི་འདི་ལྟ་སྟེ། བཻ་ཌཱུརྱའི་ལྕུག་མ་ལ་པད་མ་རཱ་གའི་མདོག་གི་འབྲས་བུ་དེ་འཕྱང་བར་འགྱུར་ཞིང ། ན་ད་རྙིལ་གྱི་མདོག་ལྟ་བུས་ལྷན་ ཅིག་དཀྲིས་པ་ཡིན། དངུལ་གྱི་ལྕུག་མ་ལ་པད་མ་རཱ་གའི་མདོག་གི་འོད་ཀྱིས་ལྷན་ཅིག་བསྐོར་བ་ཡིན། དེ་བཞིན་དུ་སྤུག་དང ། གསེར་གྱི་ལྕུག་མ་ལ་གསེར་གྱི་ལྕུག་མས་ལྷན་ཅིག་དཀྲིས་པ་ཡིན། འདི་ལྟ་སྟེ། རིན་པོ་ཆེ་ཀེ་ཀེ་རུའི་མདོག་ལྟ་བུའི་ལྕུག་མ་ལ་དངུལ་ 69-1-142a གྱིས་ཡོངས་སུ་དཀྲིས་པ་ཡིན་ཏེ། དེ་ལྟར་ལྕུག་མ་ཁ་དོག་གཉིས་པ་འཕྱང་བ་ཡོངས་སུ་དཀྲིས་པ་ཡིན་ནོ། །ལྕུག་མ་འཕྱང་བ་ཁ་དོག་གསུམ་པ་རྣམས་ལ་ཡོངས་སུ་དཀྲིས་པ་ནི་འདི་ལྟ་སྟེ། བཻཌཱུརྱའི་ལྕུག་མ་ལ་གསེར་དང ། ཀེ་ཀེ་རུའི་མདོག་ལྟ་བུས་ཀུན་དུ་ དཀྲིས་པ་ཡིན། དེ་བཞིན་དུ་ལྕུག་མ་ཀེ་ཀེ་རུའི་མདོག་ལྟ་བུ་ལ། །གསེར་དང་དངུལ་ལྟ་བུས་ཡོངས་སུ་དཀྲིས་པ་ཡིན། དེ་བཞིན་དུ་དངུལ་གྱི་ལྕུག་མ་ལ་པད་མ་སྤུག་དང ། མཐོན་ཀ་ལྟ་བུས་ཡོངས་སུ་དཀྲིས་པ་ཡིན་ཏེ། དེ་ལྟར་ལྕུག་མ་རེ་རེ་ལ་གཉིས་གཉིས་ཀྱིས་ཀུན་དུ་དཀྲིས་ པ་ཡིན་ནོ། །ཡང་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དུ་བཀྲ་བ་གཞན་འབྱུང་བ་ནི། གསེར་གྱི་ལྕུག་མ་དག་ལས་མེ་ཏོག་བཻ་ཌཱུརྱའི་མདོག་ལྟ་བུ་འབྱུང ། དེ་བཞིན་དུ་དངུལ་གྱི་ལྕུག་མ་དག་ལས་མེ་ཏོག་མཐོན་ཀའི་མདོག་ལྟ་བུ་འབྱུང ། དེ་བཞིན་དུ་གསེར་གྱི་ལྕུག་མ་དག་ལས་མེ་ཏོག་ཀེ་ ཀེ་རུའི་མདོག་ལྟ་བུ་འབྱུང ། དེ་བཞིན་དུ་སྤུག་གི་ལྕུག་མ་དག་ལས་མེ་ཏོག་བཻ་ཌཱུརྱའི་མདོག་ལྟ་བུ་འབྱུང་སྟེ། དེ་ལྟར་ལྕུག་མ་སྣ་ཚོགས་དག་ལས་མེ་ཏོག་སྣ་ཚོགས་དག་འབྱུང་ངོ ། །ལས་སྣ་ཚོགས་ཀྱིས་བསྐྱེད་པ། སེམས་སྣ་ཚོགས་ཀྱིས་བསླང་བ། རྒྱུ་སྣ་ཚོགས་དང་འཐུན་པ་ནི་ཡང་ དག་པར་སྐྱེས་པ་སྣ་ཚོགས་དག་ཡིན་ཏེ། དེ་ལྟར་ལས་རྣམས་ཀྱི་རྒྱུ་དང་གཞི་དེས། དེ་ལྟར་ཤིང་རྟ་སྣ་ཚོགས་ཀྱི་ཚལ་ཐམས་ཅད་བཀྲ་བ་ཡིན་ནོ། །ཇི་ལྟར་ས་བོན་ལས་འབྲས་བུ་འབྱུང་བ་དེ་བཞིན་དུ་རྒྱུ་དང་འཐུན་པར་འབྲས་བུ་འབྱུང་སྟེ། གང་འདིར་ལས་བྱེད་པ་རྣམ་པ་གང་ཇི་ ལྟར་འཕངས་པ་དང ། གང་གི་ཚེ་ཞིང་གི་རྣམ་པ་ཇི་ལྟ་བུ་དང ། སེམས་པའི་རྣམ་པ་ཇི་ལྟ་བུ་ནས། སྣ་ཚོགས་སུ་སློང་བར་བྱེད་པའི་བར་གྱི་ལས་རྣམ་པ་སྣ་ཚོགས་བྱས་པའི་འབྲས་བུ་ནི་དེ་ལྟར་རྒྱའི་འབུར་ལྟ་བུར་འབྱུང་བར་འགྱུར་རོ། །མཐོ་རིས་སམ་སེམས་ཅན་དམྱལ་བ་གང་རྒྱུ་ མེད་པར་འབྲས་བུ་འབྱུང་བ་དེ་མེད་དེ། གཞན་གྱིས་བྱས་ལ་རྣམ་པར་སྨིན་པ་གཞན་ལ་འབྱུང་བ་དེ་ནི་གནས་མེད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་བཀྲ་བ་དང ། འཇིག་རྟེན་བཀྲ་བ་ལ་ཡང་རྟོག་པར་བྱེད་དེ། 69-1-142b སུམ་ཅུ་རྩ་གསུམ་པའི་ཤིང་རྟ་སྣ་ཚོགས་ན་ལྷ་རྣམས་ལས་ཅི་ཞིག་བྱེད་ཅིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་དུས་གང་གི་ཚེ། མི་ཆོས་དང་མི་ལྡན་པ་ཆོས་མ་ཡིན་པའི་རྗེས་སུ་འཇུག་པ། མར་མི་འཛིན་པ། ཕར་མི་འཛིན་པ། དགེ་སྦྱོང་ དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ལ་གུས་པར་མི་བྱེད་པ། དགེ་བའི་བཤེས་གཉེན་དུ་མི་འཛིན་པ། ལས་དང་འབྲས་བུ་ལ་ཡིད་མི་ཆེས་པ། ཡང་དག་པའི་ལྟ་བ་མེད་པ། ཡང་དག་པའི་ལྟ་བའི་སྔོན་དུ་འགྲོ་བ་མེད་པ་དེའི་ཚེ། བདུད་སྡིག་ ཅན་དག་དགའ་བར་འགྱུར་ལ། དེའི་ཆོས་དང་ཆོས་ཀྱི་རྗེས་སུ་འཇུག་པའི་འཁོར་བཞི་པོ་དེ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། བདུད་ཀྱི་རིས་འཇིག་རྟེན་སྐྱོང་བ་འཐབ་པ་ཞེས་བྱ་བ་དང ། བདུད་ཀྱི་རིས་འཇིག་རྟེན་སྐྱོང་བ་གཡེང་བྱེད་ཅེས་བྱ་བ་གང་ཆོས་སྤྱོད་པའི་ སེམས་ཅན་རྣམས་ཀྱི་སེམས་གཡེང་བར་བྱེད་པའམ། དམ་པའི་ཆོས་ཉན་པ་གཉིད་ལོག་པར་བྱེད་པ་དང ། གསུམ་པ་ལྷག་པར་ཆགས་པར་རྨོངས་པ་ཞེས་བྱ་བ་སྦྱིན་པ་དག་གཏོང་བ་ན། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་སེམས་ཆགས་པ་སྐྱེད་པར་བྱེད་དེ། འདི་ལྟར་བདག་ གིས་གང་དགེ་སྦྱོང་དང ། བྲམ་ཟེ་ཞིང་དུ་གྱུར་པ་རྣམས་ལ་སྦྱིན་དུ་བདག་གི་བུ་དང་ཆུང་མ་ཅི་བཟའ་ཅི་བགོ་སྙམ་དུ་སེམས་པར་བྱེད་དེ། བདུད་ཀྱི་རིས་འཇིག་རྟེན་སྐྱོང་བ་གསུམ་པ་དག་སེམས་ཅན་རྣམས་རྣམ་པར་རྨོངས་པར་བྱེད་ཅིང ། འཇིག་རྟེན་ན་རྒྱུ་བར་བྱེད་དོ། །བདུད་ ཀྱི་རིས་འཇིག་རྟེན་སྐྱོང་བ་བཞི་པ་འདུ་ཤེས་ལོག་པ་ཞེས་བྱ་བ་དེ་འཇིག་རྟེན་ན་རྒྱུ་ཞིང ། དེ་རབ་ཏུ་འབྱུང་བ་རྣམས་ཀྱི་སེམས་རབ་ཏུ་མི་འབྱུང་བར་འགྱུར་རོ། །དང་པོ་ནི་ཆགས་པ་དང ། སྦྱོར་བ་དང ། གྲོང་དུ་འཇུག་པ་དང ། ཚོང་ཟོང་ཉོ་ཚོང་བྱེད་པ་དང ། བུད་མེད་ལ་ལྟ་འདོད་ པ་དང ། ཆང་འཚོང་གི་ཁྱིམ་དུ་འཇུག་པ་དང ། འཐབ་རྩོད་དང ། དགེ་འདུན་འབྱེད་པ་དང ། རྨི་ལམ་གྱི་གནོད་པའི་སེམས་སྐྱེད་པར་བྱེད་དོ། །བདུད་ཀྱི་རིས་འཇིག་རྟེན་སྐྱོང་བ་བཞི་པོ་དེ་དག་གང་གི་ཚེ། ཆོས་དང་མི་ལྡན་པའི་སྐྱེ་དགུ་འཛམ་བུའི་གླིང་དུ་བྱེད་པར་ནུས་པ་ 69-1-143a དང་ལྡན་པ་འབྱུང་བ་དེའི་ཚེ། །བདུད་སྡིག་ཅན་དག་ལ་ལྷ་དག་དམ་པའི་ཆོས་ཀྱི་ཕྱོགས་ནི་འགྲིབ་བོ། །བདུད་ཀྱི་ཕྱོགས་ནི་འཕེལ་ཏེ་དགྱེས་པར་མཛོད་ཅིག་ཅེས་བསྙད་དོ། །དེ་དག་ལས་ཐོས་ནས་བདུད་སྡིག་ཅན་དག་གི་རྗེས་སུ་འབྲང་བ་དེ་དག་ལ། བདག་ ཅག་གི་ཕྱོགས་ཇི་ལྟར་འཕེལ། དམ་པའི་ཆོས་ཀྱི་ཕྱོགས་ཇི་ལྟར་འགྲིབས་ཞེས་དྲིས་སོ། །དེ་དག་གིས་ལྷ་འཛམ་བུའི་གླིང་ན་མི་ཆོས་མ་ཡིན་པ་དང་ལྡན་པ། ཆོས་མ་ཡིན་པའི་རྗེས་སུ་འཇུག་པ། མར་མི་འཛིན་པ། ཕར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་མི་འཇུག་པ། བདག་ཅག་གི་འདོད་ཆགས་ཀྱི་ཆགས་པས་ཟིལ་གྱིས་མནན་ཅིང ། དམ་པའི་ཆོས་མཉན་པ་ལ་ཡང་གནོད་པ་བགྱིད་དོ། །དེ་ནས་རབ་ཏུ་འབྱུང་བའི་བློས་ཕལ་ཆེར་རབ་ཏུ་བྱུང་བ་རྣམས་དང ། ཁྱིམ་ན་ གནས་པ་སྡོམ་པ་བླངས་ཤིང ། ཚངས་པར་སྤྱོད་པ་རྣམས་ཀྱི་རྨི་ལམ་དུ་ཡང་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས། རྨི་ལམ་གྱི་གནོད་པ་བགྱིད་དུ་སྩལ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་སྦྱིན་པ་གཏོང་བ་ན། བུ་དང་ཆུང་མ་ལ་རག་ལས་པའི་སེམས་ཀྱིས་ཡིད་ཆགས་པར་ གྱུར་པ་བགྱིས། ཡིད་མཛའ་བ་དང་འཁྲུགས་པར་བགྱིས། རབ་ཏུ་བྱུང་བ་ཡང་ཉོ་ཚོང་གི་ཟོང་ལ་སེམས་བརྩོན་པར་བགྱིས། འཐབ་པ་དང ། རྩོད་པ་དང ། མཚང་འདྲུད་པ་ལ་དགའ་བར་བགྱིས་ཏེ། དེ་ལྟར་བདག་ཅག་གི་ཐབས་འདི་རྣམས་ཀྱིས་བདུད་ཀྱི་ཕྱོགས་ནི་སྤེལ། དམ་པའི་ཆོས་ཀྱི་ཕྱོགས་ནི་བཤིག་གོ་ཞེས་སྨྲས་སོ། །བདུད་སྡིག་ཅན་གྱིས་དེ་ཐོས་ནས། ལྷ་མ་ཡིན་སྒྲ་གཅན་དང ། བརྟན་པ་དང ། རབ་དགོད་དང ། གཞན་དག་དང ། ཀླུ་རབ་འཇོམས་ལ་སོགས་པ་དག་ལ་འདི་ལྟར་སངས་རྒྱས་ཀྱི་བསྟན་པ་ནི་ཡོངས་ སུ་དམས་སོ། །བདག་ཅག་གི་ཕྱོགས་ནི་འཕེལ་ཏེ། ཁྱེད་དགའ་བར་གྱིས་ཤིག་ཅེས་བསྒོའོ། །དེ་ལྟར་ཡང་འཇིག་རྟེན་སྐྱོང་བ་དེ་དག་ཉིད་ཡང་སའི་འོག་ཏུ་གཏོང་བར་བྱེད་དེ། སའི་འོག་ཏུ་སོང་ནས། རབ་དགོད་དང་ཐགས་བཟངས་རིས་ལ་སྔ་མ་བཞིན་དུ་བསྙད་དོ། །དེ་ཐོས་ 69-1-143b ནས་ལྷ་མ་ཡིན་རྣམས་རབ་ཏུ་དགའ་སྟེ། ཀླུ་རབ་འཇོམས་ལ་སོགས་པ་ཆོས་དང་མི་ལྡན་ཞིང ། ཆོས་ཀྱི་རྗེས་སུ་མི་འཇུག་པ་རྣམས་ལ་བསྙད་དོ། །ལོངས་སྤྱོད་ལྡན་ན་གནས་པའི་ཀླུ་དེ་རྣམས་ཀྱིས་ཐོས་ནས་ཀྱང་ཤིན་ཏུ་དགའ་སྟེ། དེ་དག་མི་རྣམས་ལ་སྔ་མ་བཞིན་དུ་བགེགས་ བྱེད་དོ། །དེ་དག་ཀྱང་འཕགས་སྐྱེས་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་གཞན་དག་ལས། དེ་དག་ཐམས་ཅད་སྔ་མ་བཞིན་དུ་ཐོས་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཤིང་རྟ་སྣ་ཚོགས་ཀྱི་ཚལ་དུ་འཇུག་པར་བྱེད་དོ། །དེ་ཞུགས་ནས་ ལྷ་རྣམས་བོས་ཏེ། འདི་ལྟར་འཇིག་རྟེན་སྐྱོང་བ་འདི་དག་ན་རེ། འདི་ལྟར་བདུད་ཀྱི་རིས་ཀྱི་ལྷ་རྣམས་རབ་ཏུ་མཐུ་དང་ལྡན་ཏེ། ལྷ་མ་ཡིན་ཐགས་བཟངས་རིས་དང་རབ་དགོད་ལ་སོགས་པ་དང ། ཀླུ་རབ་འཇོམས་ལ་སོགས་པ་མཐུ་རབ་ཏུ་ཆེའོ་ཞེས་ཟེར་གྱིས། དེ་ལ་ལྷ་ཁྱེད་ཅག་ གིས་ལྷའི་ཚོགས་ཐམས་ཅད་འདིར་བསྡུ་བའི་རིགས་སོ། །འདུས་ནས་ཀྱང་བདག་ཅག་ལྷའི་ཚོགས་ཐམས་ཅད་ལྷ་མ་ཡིན་དང་གཡུལ་སྤྲད་པའི་ཕྱིར། རིན་པོ་ཆེས་བརྒྱན་པའི་ཁང་པ་བརྩེགས་པ་སྣ་ཚོགས་སུ་འདོང་ངོ ། །དེ་ཐོས་ནས་ལྷ་ཐམས་ཅད་ཀྱིས་དེ་ལྟར་འཚལ་ལོ་ཞེས་ སྨྲས་ནས། རང་གི་གནས་ག་ལ་བ་དེར་འདོང་ངོ ། །དོང་ནས་ལྷ་གཞན་ཐམས་ཅད་བསྡུས་ནས། མདོར་བསྡུས་ཏེ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་ག་ལ་བ་དེར་འདོང་ངོ ། །དོང་ནས་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཀྱི་གནས་ཉིད་དུ་འཁོད་ཅིང ། སིལ་སྙན་སྒྲ་དབྱངས་སྣ་ཚོགས་ དང་གླུ་དག་ལེན་པ་ན། ཤིང་རྟ་སྣ་ཚོགས་ཀྱིས་བཀྲ་བ་རྣམས་སུ་དགའ་བར་བྱེད་དོ། །གང་ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་རྟག་པ་རྟག་པ་ཉིད་དུ་འཁོད་པའི་ལྷ་དེ་དག་ནི་སྐྱེད་མོས་ཚལ་གར་ཡང་མི་འགྲོའོ། །དེ་ནས་ལྷའི་དབང་པོ་དེས་ལྷ་དེ་དག་བསྡུས་ནས། ཤིང་རྟ་སྣ་ཚོགས་ ཀྱི་ཚལ་དེ་ནས་དོང་ངོ ། །ཤིང་རྟ་སྣ་ཚོགས་ཀྱི་ཚལ་ན་གནས་པའི་ལྷ་དེ་དག་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང ། བསགས་པའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ཟད་ནས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ཉེ་ 69-1-144a བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་བདེ་བར་འགྱུར་ཞིང ། ན་ཚོད་ཐོག་མ་ནས་འཆི་བའི་བར་དུ་མེ་ ཏོག་གི་ཕྲེང་བ་སྡུག་གུ་ཐོགས་ཤིང ། ཆ་བྱད་སྣ་ཚོགས་དང་ཤིང་རྟ་སྣ་ཚོགས་ལ་དགའ་བ་དང་སྐྱེ་བོ་ཀུན་དགའ་བར་འགྱུར། གལ་ཏེ་དེ་རབ་ཏུ་བྱུང་ན་དེ་སེང་གེའི་ཁྲི་ལ་འདུག་ནས་ཆོས་དང་གཏམ་སྣ་ཚོགས་སྨྲ་བ་དང ། གཏམ་སྣ་ཚོགས་ཀྱིས་འཁོར་ཀྱང་ཀུན་ནས་ཤིན་ཏུ་དགའ་བར་ བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་དགའ་བ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་ སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྐྱེས་བུ་དམ་པ་བསམ་པ་དགེ་བར་གྱུར་པ་གང་གིས་སྲོག་གཅོད་པར་མི་བྱེད་ཅིང་མ་བྱིན་པར་ལེན་པ་ཡང་མི་བྱེད་ལ། བྱེད་དུ་མ་བཅུག་།ཕ་རོལ་བྱེད་པ་ཡང་བཟློག་། བདག་ཉིད་མི་བྱེད། བྱེད་དུ་མི་འཇུག་།བྱས་ན་ཡང་འཆགས་པར་བྱེད་ཅིང་སྐྱོན་དུ་འགྲང་བར་བྱེད་ལ་སྡིག་པའི་གྲོགས་པོ་དེ་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལ་སྲོག་གཅོད་པ་དང་བྲལ་བ་ནི་གང་ཡིན། རྣམ་པ་ནི་དུ་ཡོད་ཅིག་གུ་སྙམ་ནས། འདི་ནི་བྱ་ནེའུ་བཟུང་བ་ཐར་བར་བྱེད་ཅིང་ སྡོམ་པ་ལེན་དུ་བཅུག་ནས་བདག་ཉིད་མི་བྱེད་ལ་སོ་སོར་འཆགས་པར་བྱེད་པའམ། བྱ་པས་བྱ་བཟུང་བ་ནོར་རྫས་ཀྱིས་བསླུས་ཏེ་ཐར་བར་བྱེད་ལ། གཞན་ཡང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད། རབ་ཏུ་དགའ་བར་བྱེད། རབ་ཏུ་སྤྲོ་བར་བྱེད་པ་དང ། མ་བྱིན་པར་ལེན་པ་སྤངས་ པ་ཇི་ལྟ་བུ་ཡིན། མ་བྱིན་པར་ལེན་པ་སྤངས་པ་གང་ཡིན་ཞིག་གུ་སྙམ་ན། འདིར་སྡུད་པ་པོར་གྱུར་ནས་གྲོང་རྣམས་འཛིན་ཏམ། ཚོང་རྡལ་ལམ། གྲོང་རྡལ་ལམ། ཕྱུགས་ཀྱི་ལྷས་འཛིན་པའམ། རྒྱལ་པོས་འདི་ལྟར་ལུག་དང་བ་ལང་དང་བོང་བུ་ལ་སོགས་པ་སྡུས་ཤིག་ཅེས་ 69-1-144b བསྒོ་བ་ལས། དེ་ཡང་སྡོམ་པའི་འཇིགས་པས་སྐྲག་ནས་མ་བྱིན་པར་ལེན་པ་མི་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དགའ་བའི་ཚལ་དུ་སྐྱེ་བར་འགྱུར་རོ། །ལས་གཞན་གྱིས་ཀྱང་འགྱུར་ཏེ། ཆོས་འཆད་པ་ཡང་ ཆོས་ཉན་པ་པོ་རྣམས་དགའ་བར་བྱ་བའི་ཕྱིར་ཚེས་གྲངས་དང ། ཡུལ་དང ། དུས་དང་ལྡན་པར་བྱས་ལ་དེ་དག་ཀྱང་དགའ་བར་བྱས་ཏེ། དེ་དག་ཡིད་རབ་ཏུ་དགའ་བ་སེམས་རྩེ་གཅིག་གིས་ཆོས་ཉན་ན། དམ་པའི་ཆོས་འཆད་པའི་སློབ་དཔོན་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་ འཇིག་རྟེན་དགའ་བའི་ཚལ་དུ་སྐྱེ་བར་འགྱུར་རོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན་སྦྱིན་པའི་མཆོག་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རྒྱུ་འདིས་ཀྱང་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་དགའ་བའི་ཚལ་དུ་སྐྱེ་བར་ འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ལྷའི་བདེ་བ་ཕུན་སུམ་ཚོགས་པ་དཔེ་མེད་པ་བརྒྱ་ཕྲག་སྟོང་དུ་མ་མྱོང་བ་ན། འདི་ལྟར་གང་དུ་ཚལ་དེའི་ཕྱོགས་ཀྱི་ཆ་ནི་འདི་ཡིན་ཏེ། དཔག་ཚད་སུམ་སྟོང་ཡོད་ལ་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ཏེ། དེར་ལྷ་ རྣམས་རྟག་ཏུ་དགའ་བར་བྱེད་ཅིང ། གཞན་གར་ཡང་མི་འགྲོ་སྟེ། དེ་བས་ན་ལྷན་ཅིག་སྐྱེས་པའི་ཡོན་ཏན་གྱིས་དེ་དགའ་བའི་ཚལ་ཞེས་བྱའོ། །དེ་ན་ཤིང་ལྗོན་པ་ཐམས་ཅད་འདོད་པ་དག་གང་ལྷ་རྣམས་ཀྱི་ཡིད་ཀྱིས་ཡང་དག་པར་སེམས་པར་བྱེད་པ་དེ་དག་ཉིད་ལྷ་དེ་རྣམས་ཀྱིས་ཤིང་ ལྗོན་པ་ལས་འཐོན་པར་འགྱུར་ཏེ། འདི་ལྟར་ལྷ་རྣམས་ཀྱི་ཡིད་ལ་བདག་ཁྱིམ་ཞིག་འདོད་དོ་སྙམ་ན། དེ་ནས་དེ་ལྟར་ལྷ་དེས་ཡིད་ལ་བྱས་མ་ཐག་ཏུ། ཤིང་ལྗོན་པ་དེའི་ཡལ་གའི་རྩེ་མོ་ལས་འབྱུང་བར་འགྱུར་ཏེ། ཤིང་ལྗོན་པ་དེའི་ཁང་བཟངས་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ ཉེ་བར་མཛེས་པར་བྱས་པ། ཀ་བ་སྟོང་ཡོད་པའི་ཁང་བཟངས་མཐོང་བར་འགྱུར་རོ། །ཁང་པ་དེའི་ཀ་བ་སོ་སོར་དེའི་ཕྱོགས་ཕྱོགས་བཻ་ཌཱུརྱ་ལས་བྱས་ཤིང ། ལ་ལ་གསེར་ལས་བྱས། ལ་ལ་ཤེལ་ལས་བྱས། ལ་ལ་ཀེ་ཀེ་རུ་ལས་བྱས། ལ་ལ་སྤུག་ལས་བྱས་པ་ཡིན་ནོ། ། 69-1-145a དེ་ནས་ཁྱིམ་གྱི་མཆོག་དེ་ཤིང་ལྗོན་པའི་རྩེ་མོ་དེ་ལ་ཡོད་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་ལམ་འཇམ་ཞིང་མཐོན་དམན་དུ་གྱུར་པ་ནས། ཁྱིམ་འདིར་འཇུག་པར་བྱའོ་སྙམ་བསམས་མ་ཐག་ཉིད་དུ་ཤིང་ལྗོན་པ་དེ་ཉིད་ལ་ལམ་མཐོང་སྟེ་དེར་ འཇུག་པར་བྱེད་དོ། །དེ་ལྟར་ལམ་དེ་ཉིད་ནས་ཞུགས་པ་དང ། དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གི་ཁྱིམ་འདིར་ཁྱིམ་ནང་དུ་པད་མའི་རྫིང་ཞིག་ཡོད་ན་རུང་ངོ་སྙམ་མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་པད་མའི་རྫིང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། བྱ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་པ་འབྱུང་ངོ ། །དེ་ནས་ཡང་ལྷ་དེ་འདི་སྙམ་དུ་སེམས་ཏེ། བདག་གི་སིལ་སྙན་དང ། གླུ་དབྱངས་ཡན་ལག་ལྔ་དང་ལྡན་པ་འབྱུང་བར་གྱུར་ཅིག་སྙམ་མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་གང་རླུང་ངད་འཇམ་ པ་རབ་ཏུ་ལྡང་བར་འགྱུར་ཏེ། རྣམ་པ་ཇི་སྲིད་དུ་ཕན་ཚུན་རེག་པ་ན་སྒྲ་འབྱུང་བའི་རྣམ་པ་དེ་སྲིད་དུ་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་འབྱུང་ངོ ། །ལྷ་དེ་འདི་སྙམ་དུ་སེམས་ཏེ། ཤིང་ལྗོན་པའི་ནང་གི་ཁང་པར་ད་ནི་བཟའ་བ་དང ། བཏུང་བ་ཆུ་བོ་ལྟར་འབབ་པར་གྱུར་ཅིག་སྙམ་ མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་ཤིང་ལྗོན་པའི་ཡལ་ག་དེ་དག་རྡོལ་ནས། བཟའ་བ་ཆུ་བོ་སྙེད་དང་བཏུང་བ་ཆུ་བོ་སྙེད་ཁ་དོག་དང ། རོ་དང ། རེག་པ་ཕུན་སུམ་ཚོགས་པ་བྱུང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་བདུད་རྩི་བཟའ་བར་བྱའོ་སྙམ་མོ། །དེ་སེམས་ བསྐྱེད་མ་ཐག་ཉིད་དུ་བདུད་རྩི་ལྷའི་རོ་དང ། དྲི་དང ། མདོག་ཕུན་སུམ་ཚོགས་པ་འབྱུང་སྟེ། དེ་དེ་ལ་ཟ་བར་བྱེད་དོ། །དེ་དེས་ཤིན་ཏུ་ཚིམ་པ་དང ། དེ་ནས་ཡང་ལྷ་མོ་དེ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། དེ་ལྟར་དགའ་བའི་ཚལ་དུ་ལྷ་དག་ ཤིང་གི་དྲུང་དུ་སོང་སྟེ་བདེ་བ་ཉེ་བར་སྤྱོད་པར་བྱེད་དོ། །དེ་གལ་ཏེ་ཡང་ཤིང་ལྗོན་པའི་མཆོག་དེ་ལས་འབེབས་པར་བྱེད་དེ། དེ་སའི་སྟེང་དུ་སོང་ནས་ས་དེ་ལ་འཆག་པར་བྱེད་དོ། །དེ་འཆག་པ་ན་བཻ་ཌཱུརྱའི་སྡོང་བུ་དང་ལྡན་པའི་པད་མ་གསེར་གྱི་འདབ་མ་མཐོ་རིས་སུ་འོས་པ། འཇམ་ 69-1-145b ཞིང་འཕར་བ་ཀུན་ནས་མཆོག་ཏུ་ཉམས་དགའ་ཞིང ། ཤིན་ཏུ་དྲི་ཞིམ་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ལ་རྐང་པས་འགྲོ་ཞིང་ལྷ་དེ་འཆག་པར་བྱེད་ལ། ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་དབྱངས་ལེན་པ་ན། དེ་ལྟར་ལྷ་དེ་རྐང་པས་འཆག་པའི་བདེ་བ་ཉེ་བར་ མྱོང་ངོ ། །དེ་རྣམ་པར་རྟོག་པ་འབུམ་སྙེད་དུ་མ་དག་འགྲུབ་ཅིང་བདེ་བ་མྱོང་སྟེ། དབང་པོ་ལྔ་རྣམས་ཀྱི་ཡུལ་ལྔ་རྣམས་ལ་མྱོང་བར་བྱེད་དོ། །དབང་པོ་ཀུན་རང་གི་ཡུལ་གྱིས་ཚིམ་པ་མེད་པར་འགྱུར་ཏེ། འདི་ལྟ་སྟེ། མིག་གིས་གཟུགས་གང་མཐོང་བ་དེ་དག་ཟློས་པ་ མེད་པར་མཐོང་ལ། གང་མཐོང་བ་དེ་དག་སྣ་ཚོགས་པ། ཉམས་དགའ་བ་མིག་ཏུ་འོང་བ་ཡིན་ནོ། །མིག་དང་བས་འདོད་པ། སྡུག་པ། ཡིད་དུ་འོང་བ་འཛིན་ཅིང་མཐོང་སྟེ། དེ་ལྟར་མིག་གཟུགས་རྣམས་ཀྱིས་ཚིམ་པ་མེད་དོ། །གང་རྣ་བས་མཉན་པ་ཡང་ཉམས་ དགའ་བ་གཞན་དང་མི་འདྲ་བ་ཡིན་ཏེ། རྣ་བ་ཡང་སྒྲ་རྣམས་ཀྱིས་ཚིམ་པ་མེད་དོ། །དེ་ལྟར་སྣས་ཀྱང་དྲི་སྣོམ་པར་བྱེད་དེ། གང་སྣོམ་པ་དེ་དག་ཀྱང་འདོད་པ། སྡུག་པ། ཡིད་དུ་འོང་བ་རྣམས་ལ་སྣོམ་སྟེ་སྣ་ཡང་དྲི་རྣམས་ཀྱིས་ཚིམ་པ་མེད་དོ། །དེ་ལྟར་ལྕེས་ཀྱང་རོ་རྣམས་ མྱོང་བར་བྱེད་དེ། གང་མྱང་བར་བྱ་བ་དེ་དག་ཀྱང་ཤིན་ཏུ་འདོད་པ་དག་ལ་མྱོང་བར་བྱེད་ཅིང་ཡིད་དུ་འོང་བ་དག་ལ་མྱོང་བར་བྱེད་དོ། །དེ་ལྟར་ལུས་ཀྱིས་ཀྱང་རེག་བྱ་ལ་རེག་པར་བྱེད་དེ་གང་རེག་པར་བྱ་བ་དེ་དག་ཀྱང་འདོད་པ། སྡུག་པ། ཡིད་དུ་འོང་བ་དག་ལ་མྱོང་བར་བྱེད་དོ། །དེ་ ལྟར་ཡིད་ཀྱིས་གང་བསམ་པར་བྱ་བ་དེ་ཡང་འདོད་པ། སྡུག་པ། ཡིད་དུ་འོང་བ་དག་ལ་སེམས་པར་བྱེད་དེ། དེ་ལྟར་སྲེད་པའི་ཚོགས་དྲུག་ལ་ལུས་རྣམ་པར་ཆགས་པ་དག་ཚལ་དེ་ན་དགོད་པར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད། རྩེ་བར་བྱེད་ཀྱང་འདོད་པ་རྣམས་ཀྱིས་ ཚིམ་པ་མེད་དོ། །དེ་ཡུལ་འོག་མ་དགོན་པ་ལྟ་བུ་ལ་དབང་པོ་མཐོན་པོར་བྱུང་བའི་རྣམ་པར་རྟོག་པ་རླུང་ལྟ་བུས་བསྐྱོད་པའི་དགེ་བ་མེད་པ་ཤིན་ཏུ་བྱུང་བའི་མེས་ཉིན་གཅིག་བཞིན་སྲེག་ཀྱང ། དེ་སྲེད་པའི་འདོད་པ་རྣམས་ཀྱིས་ཚིམ་པ་སྐྱེད་པར་མི་བྱེད་དོ། །དེ་ལྟར་དེ་དག་དགའ་བའི་ཚལ་ན་ 69-1-146a རྩེ་ཞིང་ཡུལ་དུ་མ་ལ་དགའ་བ་མྱོང་བ་ཀུན་དུ་རྩེ་སྟེ། དགའ་བ་མྱོང་བ་ན་ལྷ་མ་ཡིན་ལས་རྣམ་པར་རྒྱལ་བ། ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་སྔ་མ་བཞིན་དུ་རི་བརྩེགས་པ་སྣ་ཚོགས་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེར་སོང་ནས་ཀྱང་ལྷ་རྣམས་བོས་ཏེ་ལྷ་དག་དགའ་བའི་ཚལ་དུ་དགའ་ བར་གྱིས་ཤིག་།ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་རྩེས་ཤིག་།འདི་ལྟར་བདག་ནི་བདུད་ཀྱི་སྡེ་ཐགས་བཟངས་རིས་ལ་སོགས་པ་ལས་རྣམ་པར་རྒྱལ་ཏེ། བདག་དགའ་བའི་ཚལ་དུ་འགྲོ་ཡིས། དེ་ལྟར་ལྷ་ཐམས་ཅད་ལྷ་མོའི་ཚོགས་དང་བདག་ཅག་རྣམས་ཀྱི་དབྱར་ཟླ་ བ་བཞིར་གནས་པའི་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བ་ག་ལ་བ་དེར་དོང་ལ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་ངེས་པར་དགའ་བར་བྱའོ་ཞེས་བསྒོའོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒོ་ནས། ཤིན་ཏུ་དགའ་བ་ཆེན་པོ་དང་ཡང་དག་པར་ལྡན་པ་གླང་པོ་ཆེ་ ས་སྲུང་གི་བུ་བོས་ཏེ། འདི་ལྟར་གླང་པོ་ཆེའི་མཆོག་ཆོས་ཤིག་།ང་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བའི་ཕྱིར་དགའ་བའི་ཚལ་ན་སྐྱེད་མོས་ཚལ་གྱི་དགའ་སྤྱོད་ག་ལ་བ་དེར་འགྲོ་སྟེ། ལྷ་དང་ལྷ་མོའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ལ་དགའ་བའི་ཚལ་ག་ལ་བ་དེར་འདོང་གིས་ཁྱོད་ཀྱིས་ཇི་ལྟར་་ སྔོན་ཡང་ཡོངས་སུ་སྤྲུལ་པ་བྱས་པ་དེ། དེ་ལྟར་ཁྱོད་ཀྱི་རྒྱབ་ཏུ་ཞོན་པ་དང ། མགོ་ལ་ཞོན་པ་དང ། སོ་ལ་ཞོན་པ་དང ། རྩིབ་ལོགས་ལ་ཞོན་པ་དང ། གདེག་པ་དང ། ཚལ་དང ། མཚོ་དང ། རི་དང ། རི་རྩེ་དང ། ཚལ་དང ། ཉེ་བའི་ཚལ་དག་སྤྲུལ་པ་གྱིས་ཤིག་ཅེས་བསྒོའོ། །དེ་ནས་བརྒྱ་བྱིན་ གྱི་ཚིག་ཐོས་ནས། གླང་པོ་ཆེའི་མཆོག་ས་སྲུང་གི་བུ་བདག་ཉིད་ཆེན་པོར་སྤྲུལ་ཏེ་ལུས་ཆེན་པོར་བྱས་སོ། །དེ་མགོ་བརྒྱར་སྤྲུལ་ཏེ་མགོ་རེ་རེ་ལ་སོ་བཅུ་བཅུའོ། །སོ་རེ་རེ་ལ་པད་མའི་རྫིང་བཅུ་བཅུའོ། །པད་མའི་རྫིང་རེ་རེ་ལ་པད་མ་སྟོང་སྟོང་ངོ ། །པད་མ་སྟོང་སྟོང་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་ འདབ་མ་ཡོད་དོ། །འདབ་མ་སྟོང་སྟོང་ལ་རིན་པོ་ཆེ་སྣ་བདུན་གྱི་བུང་བ་ཡོད་ཅིང ། འདབ་མ་སྟོང་སྟོང་ལ་ལྷ་རྣམས་འཁོད་ཀྱང་ལྷ་མོའི་ཚོགས་དང་ཕན་ཚུན་ཉམ་ང་བ་མེད་དོ། །དེ་དག་གླང་པོ་ཆེ་མཆོག་གི་མགོ་ལ་ཞོན་པ།ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ 69-1-146b དགའ་བའི་ཚལ་ག་ལ་བ་དེར་ནམ་མཁའ་ལས་འདོང་ངོ ། །གླང་པོ་ཆེའི་མཆོག་གི་རྩིབ་ལོགས་ལ་ཡང་ཚལ་གཉིས་སྤྲུལ་ཏེ། ཚལ་རབ་ཏུ་དགའ་བ་ཞེས་བྱ་བ་དང ། ཚལ་གཉིས་པ་འདོད་བདེ་ཞེས་བྱ་བའོ། །ཚལ་གཉིས་པོ་དེ་ན་ཤིང་ལྗོན་པ་དང ། འབབ་ཆུ་དང ། ལྟེང་ཀ་ཕུན་སུམ་ ཚོགས་པ་དང ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་ཕུན་སུམ་ཚོགས་པ་དང ། དཔག་བསམ་གྱི་ཤིང་ལྗོན་པ་ཕུན་སུམ་ཚོགས་པ་ཡོད་དོ། །ཚལ་དེ་ན་གནས་པའི་ལྷ་རྣམས་དགའ་ཞིང་དགའ་དགུར་སྤྱོད་ལ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་དགའ་བ་ན་ལྷ་དང་ལྷ་མོའི་ཚོགས་ ཀྱིས་གང་བ། གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་རི་རབ་གཉིས་པ་ལྟ་བུ་དགའ་བའི་ཚལ་ག་ལ་བ་དེར་འགྲོ་བར་བྱེད་དོ། །གླང་པོ་ཆེ་མཆོག་གི་རྒྱབ་ཏུ་ཡང་གྲོང་ཁྱེར་མཉམ་ཞིང་འཇམ་པའི་ངོས་ཞེས་བྱ་བ་བལྟ་ན་སྡུག་གཉིས་པ་ལྟ་བུ་སྤྲུལ་ཏེ། སྲང་དང ། བཞི་མདོ་དང ། སུམ་མདོ་དང ། ཉེ་བའི་ཚལ་དང ། ཤིང་ལྗོན་པ་དང ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་སོ། །དེའི་དབུས་སུ་ཁང་པ་སྤྲུལ་ཏེ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཀ་བ་བརྒྱ་ཡོད་པའི་ཀ་བ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་སོ། །དེའི་དབུས་སུ་མཚོ་འབྱུང་སྟེ་དེར་ ལྷའི་རྒྱལ་པོ་ལྷ་མོའི་ཚོགས་རྣམས་དང་ལྷན་ཅིག་རྩེ་བར་བྱེད་ཅིང ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ལྷའི་རྒྱལ་པོ་བརྒྱ་བྱིན་དགའ་བར་བྱེད་ལ། དགའ་དགུར་སྤྱོད་བཞིན་དུ་དགའ་བའི་ཚལ་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་འགྲོ་བ་ན་ཡང་འགྱུར་བ་མེད་དེ། ཇི་ལྟར་རི་ རབ་ལ་གནས་པ་འགྱུར་བར་མི་མངོན་པ་དེ་ལྟར་གླང་པོ་ཆེའི་མཆོག་འགྲོ་ཡང་མི་མངོན་ནོ། །དེ་ནས་ཡང་གླང་པོ་ཆེའི་རྣ་བ་ལ་པད་མའི་རྫིང་གཉིས་སྤྲུལ་ཏེ། རྒྱར་དཔག་ཚད་བཅུ་གཅིག་གོ། །གཉིས་པ་ཡང་དཔག་ཚད་བཅུ་ཡོད་དོ། །གཅིག་ནི་ཟབ་པ་ཞེས་བྱའོ། །གཉིས་ པ་ནི་དང་བ་ཞེས་བྱ་སྟེ། ཆུ་ཡོན་ཏན་ཡན་ལག་བརྒྱད་དང་ལྡན་པས་ཤིན་ཏུ་གང་བ་ཡིན་ནོ། །དེ་ན་ཨུད་པ་ལ་བཻ་ཌཱུརྱའི་འདབ་མ་དང ། རིན་པོ་ཆེའི་སྡོང་བུ་དག་སྐྱེས་ལ། ཁ་ཅིག་ནི་པད་མ་རཱ་གའི་མདོག་ལྟ་བུ་ལ་བུང་བས་ཉེ་བར་མཛེས་པར་བྱས་ཤིང ། མེ་ཏོག་རྒྱས་ 69-1-147a ལ་ལྷའི་དྲི་ཕུན་སུམ་ཚོགས་པ་ཡིན་ཏེ། ཨུད་པ་ལ་དེ་དག་གི་ནང་གི་ཟེ་བའི་སྟན་ལ་ལྷ་དང་ལྷ་མོ་གང་དག་ལྷན་ཅིག་འཁོད་དེ་དགའ་བར་བྱེད་ལ། ལྷ་ཁ་ཅིག་ནི་ཆུས་རྩེ་ཞིང་པད་མས་རྩེ་བར་བྱེད་ཀྱང ། ལྷ་རྣམས་ཀྱིས་ཅི་གླང་པོ་ཆེའི་མཆོག་འདི་འགྲོའམ་མི་ འགྲོ་མི་རིག་གོ། །གླང་པོ་ཆེ་མཆོག་གི་ལག་པའི་སྟེང་དུ་རྫིང་རིང་པོ་སྤྲུལ་ཏེ་སྲིད་དུ་དཔག་ཚད་ལྔ་ཡོད་པ། ཁང་བཟངས་ཡང་ཏོག་ཅན་གྱིས་ཡོངས་སུ་བསྐོར་ལ་ལྷའི་ཤིང་ལྗོན་པ་དང་ལྡན་པ། མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ། མེ་ཏོག་མན་དཱ་ར་བས་ཁེབས་པ། བུང་བ་སྒྲ་དི་རི་ རི་འབྱིན་པ་དང་ལྡན་པ། ལྷའི་ཙན་དན་གོར་ཤིར་ཥའི་འདབ་མས་ཉེ་བར་མཛེས་པར་བྱས་པ། གསེར་གྱི་ཤིང་ལྗོན་པ་དང་མེ་ཏོག་རྣམ་པ་སྣ་ཚོགས་གཞན་རྣམས་ཀྱིས་ཤིན་ཏུ་ཁེབས་པ་ཡིན་ཏེ། མེ་ཏོག་དེ་རྣམས་ཀྱི་ནང་ན་འཁོད་པའི་ལྷ་མོ་མེ་ཏོག་གི་ཟེ་བའི་སྟེང་ན་འདུག་པ་དག་ རོལ་མོ་བྱེད་ཅིང་དེ་དག་གླུ་དབྱངས་ལེན་ལ། ལྷའི་རྒྱལ་པོ་དེ་ལ་ཡང་ཚིག་དགེ་བ་རྣམས་ཀྱིས་སྟོད་པར་བྱེད་དེ། དེ་ལྟར་གླང་པོ་ཆེ་མཆོག་གི་ལག་པའི་སྟེང་དུ་ཡང་རྫིང་རིང་པོ་སྤྲུལ་ཏོ། །དེ་ནས་ཡང་གླང་པོ་ཆེའི་རྒྱལ་པོའི་སྣའི་ཐོར་ཏོ་ལ་རྫིང་ཆེན་པོ་རྒྱར་དཔག་ཚད་ཙམ་ཡོད་པ་སྤྲུལ་ཏེ། པད་མ་རྒྱ་ཆེ་བ་འབུམ་ཕྲག་དུ་མ་དྲི་ཤིན་ཏུ་ཞིམ་པ་ཡིན་ལ་གང་ལྷའི་དྲི་དེ་དཔག་ཚད་བཅུར་ལྡང་ངོ ། །པད་མ་ཆེན་པོ་འདབ་མས་ཉེ་བར་མཛེས་པར་བྱས་པའི་འདབ་མ་རེ་རེ་ལ་ལྷ་དང་ལྷ་མོའི་ཚོགས་རྣམས་ཉེ་བར་གླུ་དབྱངས་ལེན་ཅིང་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཀྱང་ལྷ་རྣམས་རྩེ་ཞིང་་ ཡོངས་སུ་སྤྱོད་པ་ཕན་ཚུན་མི་མཐོང་ལ་དེ་བཞིན་དུ་གནོད་པ་དང་བྲལ་བ་ཡིན་ནོ། །དེ་ལྟར་ཡང་སྣའི་ཐོར་ཏོ་ལ་གནས་པ། སུམ་ཅུ་རྩ་གསུམ་པའི་ལྷ་དེ་རྣམས་དགའ་བའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དེ། དེ་ལྟར་རི་རབ་ཀྱི་སྟེང་དུ་འགྲོ་ཡང་གླང་པོ་ཆེའི་མཆོག་འགྱུར་བར་ལྷ་རྣམས་ ཀྱིས་མི་རིག་གོ། །དེ་ནས་ཡང་གླང་པོ་ཆེའི་མཆོག་གི་སྣ་ལ་རི་ཆེན་པོ་འབྱུང་ཁུངས་ཀྱིས་བརྒྱན་པ་ཞེས་བྱ་བ་སྤྲུལ་ཏེ། རི་དེ་ཉིད་ལ་འབྱུང་ཁུངས་སྣ་ཚོགས་ཀྱིས་བརྒྱན་ཅིང ། ལྷའི་ཤིང་ལྗོན་པས་ཉེ་བར་མཛེས་པར་བྱས་པ། འབབ་ཆུ་དང ། ལྟེང་ཀ་དང ། ཉེ་བའི་ཚལ་དང་། 69-1-147b མཚོ་དང ། པད་མའི་རྫིང་གིས་བརྒྱན་པར་ལྷ་གཞན་དག་ཀྱང་རྩེ་བར་བྱེད། དགའ་བར་བྱེད། དགོད་པར་བྱེད་དེ། གླང་པོ་ཆེའི་མཆོག་མེ་ཏོག་གིས་བཀྲ་བ་དེའི་མགོ་ལ་ཡང་རི་སྤྲུལ་ཏོ། །དེ་ནས་ཡང་གླང་པོ་ཆེ་མཆོག་གི་སོའི་ཐོར་ཏོ་ཟླ་བ་ཚེས་པ་ལྟ་བུ་ལ་ཉེ་བའི་ཚལ་དག་སྤྲུལ་ ཏེ། མེ་ཏོག་དང་མཚོས་ས་གཞི་རྟག་ཏུ་གང་བའི་ཐང་ལྟ་བུར་བཀྲ་བར་བྱས་ཤིང་འདབ་མས་ཀྱང་ཉེ་བར་མཛེས་པར་བྱས། བུང་བ་ལང་ལོང་འཁྲིགས་པ་དང ། ཁུ་བྱུག་གི་སྒྲ་དི་རི་རི་འབྱིན་པ་དང ། སྐམ་ལ་རྒྱུ་བ་རིན་པོ་ཆེ་སྣ་བདུན་གྱི་རྨ་བྱ་དང་ཤང་ཤང་ཏེའུ་ཤིན་ཏུ་ཡིད་དུ་འོང་བ་དུ་མ་ དང ། གཞན་ཡང་ལྷའི་བྱ་རྣམས་ཀྱིས་སོ་ལ་སྤྲུལ་པ་ཉེ་བར་མཛེས་པར་བྱས་སོ། །གླང་པོ་ཆེའི་མཆོག་ལུས་ཆེན་པོར་གྱུར་ནས་དགའ་བའི་ཚལ་ག་ལ་བ་དེར་འགྲོ་བར་བྱེད་དེ། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ངལ་བ་མེད་ལ་སྟོབས་དང་ལྡན་པ་འགྲོས་མཛེས་པས་རབ་ཏུ་འགྲོའོ། ། དེ་ནས་ཡང་གླང་པོ་ཆེའི་མཆོག་དེའི་སྣ་གཉིས་ཀྱི་ནང་ནས་སྣ་ཆུའི་རྒྱུན་འཛག་སྟེ། འདི་ལྟ་སྟེ། འཛམ་བུའི་གླིང་ན་མཚོ་གང་གཱ་དང་ཡ་མུ་ནའི་ཆུ་འབབ་པ། ཤིན་ཏུ་དང་ཞིང་རྙོག་པ་མེད་པ་བསིལ་བ་རབ་ཏུ་འབབ་པ་བཞིན་ནོ། །དེ་བཞིན་དུ་ཅུང་ཟད་དཔེར་བྱ་ན་ཇི་ལྟར་མིའི་གནས་བཞི་ དག་ན་སྨན་དང ། རྩཝ་དང ། ནགས་ཁྲོད་དང ། ནས་དང ། གྲོ་ཚ་བས་གདུངས་ཤིང་སྐམས་པ་རྣམས་དེ་ནས་ཡང་སོས་པར་བྱ་བའི་ཕྱིར། འབྲུ་དང་ལོ་མ་རྣམས་ཀྱི་སྟེང་ན་ཆུ་འབབ་པ་མངོན་པ་དེ་ལྟར་གླང་པོ་ཆེའི་རྒྱལ་པོ་དེའི་རབ་ཏུ་དབྱེ་བ་ཡང་རྟག་ཏུ་དེ་ལྟ་བུ་ཡིན་ནོ། །གལ་ཏེ་ཆུ་འབབ་ པ་དེ་རླུང་གིས་ནམ་མཁའ་ལ་འཐོར་བར་བྱེད་ཅིང ། རླུང་གིས་རྒྱང་རིང་དུ་སྐམས་པར་བྱེད་པ་དེ་ནི་ཟིལ་པ་འདི་ཡིན་ཏེ་མིའི་གནས་གསུམ་ན་སྣང་ངོ ། །དེ་ནས་ཡང་གླང་པོ་ཆེའི་རྒྱལ་པོའི་མཆོག་དེའི་སྣ་སྒྲ་འབུད་པས་འབྱུང་བ་དེ་ནི་ནམ་མཁའི་དབུས་ན་ལྷ་རྒྱུ་བ་རྣམས་ཀྱི་ནང་དུ་འབབ་པ། འོད་ དཀར་པོར་རྒྱུ་བ་མངོན་པ་འདི་ཡིན་ཏེ། གང་མུ་སྟེགས་པ་གཞན་དག་ན་རེ་འདི་ལྟར་འདི་ནི་དབང་པོའི་ལམ་མོ་ཞེས་རྗོད་དོ། །ཡང་གཞན་དག་ན་རེ་འདི་ལྟར་འདི་ནི་གླང་པོ་ཆེ་ས་སྲུང་གི་བུའི་ལམ་ཡིན་ནོ་ཞེས་བརྗོད་ཀྱང་དེ་ལྟར་ཆུ་དཀར་པོའི་ངོ་བོ་ཉིད་དེ་མི་ཤེས་སོ།། །། 69-1-148a འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་གསུམ་པ། དེ་དག་རླུང་གིས་གཏོར་བ་དང་འཕྲལ་ལ་འབབ་ཅིང་དེ་ཉིད་རི་དགས་སྐོམ་པ་ལྟ་བུར་མཐོང་ལ། ངོ་བོ་གཞན་དུ་འགྱུར་ཏེ་ངོ་བོ་དག་ནི་མི་གསལ་བའི་ངོ་བོར་སྣང་ངོ ། ། དེ་ནས་ཡང་གླང་པོ་ཆེའི་རྒྱལ་པོའི་མཆོག་དེའི་སྤྱི་བོ་ལ་རི་ཡོད་པ་གང་ཡིན་པ་དེའི་སྤྱི་བོ་ཐམས་ཅད་ལ་རྒྱལ་མཚན་གྱི་མཆོག་བཻ་ཌཱུརྱའི་གདུབ་ཀོར་དང ། གསེར་གྱི་གདུགས་སྤྲུལ་ཏེ། ཇི་ལྟར་ཉི་མ་གཉིས་པ་ལྟ་བུར་དེ་དེ་ལྟར་རྣམ་པར་མཛེས་སོ། །གླང་པོ་ཆེའི་མཆོག་དེའི་སྟེང་ན་ བ་དན་ཡང་སྤྲུལ་ཏེ་རིང་ཁྱད་དཔག་ཚད་ཙམ་མོ། །བ་དན་དེ་ཀུན་ནས་འོད་དཀར་པོ་འབྱུང་སྟེ། གང་མཐོང་ནས་ལྷ་མ་ཡིན་རྒྱ་མཚོ་ན་གནས་པ་རྣམས་ཕན་ཚུན་དུ་འདི་ལྟར་འདི་ནི་ལྷ་རྣམས་འོངས་པ་ཡིན་ཏེ། ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་བ་དན་རྒྱལ་བྱེད་ཅེས་བྱ་བ་སྣང་ངོ་ཞེས་ཟེར་ རོ། །དེ་ནས་གླང་པོ་ཆེའི་རྒྱལ་པོའི་མཆོག་དེ་དགའ་བའི་ཚལ་ག་ལ་བ་དེར་འགྲོ་བར་བྱེད་དོ། །ཚལ་དེ་རྒྱང་རིང་པོ་ཉིད་ནས་མཐོང་ནས་ལྷ་རྣམས་ལ་སྨྲས་པ། ཁྱེད་ཅག་ཐམས་ཅད་དུ་ཉམས་དགའ་བ་ཆེན་པོ་དེ་ཉིད་ལ་ལྟོས། ཚལ་ཆེན་པོ་ཀུན་ནས་མཐོང་ན་དགའ་བ་གང་ དུ་ལྷ་འདི་དག་ལྷ་མ་ཡིན་ལས་རྒྱལ་བ་ཐོབ་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་ཟླ་བ་བཞིར་དགའ་བར་གྱིས་ཤིག་།དེ་ནས་ལྷ་དག་གིས་ཚིག་དེ་ཐོས་ནས་ལྷ་དེ་དག་གིས་སྨྲས་པ། ཇི་ལྟར་བདག་ཅག་ལ་བརྒྱ་བྱིན་གྱིས་བཀའ་སྩལ་པ་དེ་ལྟར་བདག་ཅག་རྣམས་ཀྱིས་ བསྒྲུབ་པར་བགྱིའོ། །དེ་སྐད་ཅེས་སྨྲས་ནས་བརྒྱ་བྱིན་གྱི་གླང་པོ་ཆེ་ས་སྲུང་གི་བུ་དགའ་བའི་ཚལ་དུ་ཉེ་བར་ཕྱིན་ནོ། །དེ་ནས་གང་ལྷ་གཞན་དགའ་བའི་ཚལ་དེ་ན་རྩེད་མོ་བྱེད་པ་དེ་དག་དགའ་བར་བྱེད་ཅིང་ཡོངས་སུ་སྤྱོད་པར་བྱེད་ལ། ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་་ དེ་དག་ཐམས་ཅད་རྒྱལ་མཚན་གྱི་མཆོག་དང་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ཉེ་བར་མཐོང་ནས། དགའ་བའི་ཚལ་གྱི་རི་ལ་རྩེ་ཞིང་གནས་པའི་ལྷ་རྣམས་ཡིད་རབ་ཏུ་དགའ་ཞིང ། ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ལྷའི་རྒྱལ་པོ་ལ་མགོར་ཐལ་མོ་སྦྱར་ཏེ་མཆོད་ནས། 69-1-148b བརྒྱ་བྱིན་གྱི་མདུན་དུ་སིལ་སྙན་དང་སྒྲ་དབྱངས་དང་རོལ་མོ་སྣ་ཚོགས་ཀྱི་དགའ་བ་དང་བརྒྱ་བྱིན་གྱི་མདུན་ན་བྲོ་གར་དག་བྱེད་བཞིན་དུ་དགའ་བའི་ཚལ་ཆེན་པོ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་གླང་པོ་ཆེ་ས་སྲུང་གི་བུ་ལས་བབས་ནས། ལྷའི་ཚོགས་དང་ལྷན་ ཅིག་ཏུ་དགའ་བའི་ཚལ་ག་ལ་བ་དེར་འཇུག་གོ། །སྟེང་དུ་ཞོན་པའི་ལྷ་ཀུན་དང་དེ་བཞིན་དུ་མགོ་ལ་ཞོན་པ་དང་དེ་བཞིན་དུ་སོ་ལ་ཞོན་པ་དང་དེ་བཞིན་དུ་རྩིབ་ལོགས་ལ་ཞོན་པ་དེ་དག་ཐམས་ཅད་གླང་པོ་ཆེ་ས་སྲུང་གི་བུ་ལས་བབས་ནས། དགའ་བའི་ཚལ་ག་ལ་བ་དེར་རྩེ་བ་དང་དགའ་བ་དང་ བདེ་བར་གནས་པར་བྱ་བའི་ཕྱིར་དོང་ངོ ། །དེ་ནས་གང་དགའ་བའི་ཚལ་ཆེན་པོ་ན་སྔ་ན་འཁོད་པའི་ལྷ་དེ་དག་དང་གང་བརྒྱ་བྱིན་དང་ལྷན་ཅིག་ལྷ་མ་ཡིན་གྱི་གཡུལ་ལས་རྣམ་པར་རྒྱལ་བ་ཐོབ་པ་དེ་དག་ཐམས་ཅད་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས། དབྱར་ཟླ་བ་བཞིར་ བདེ་བ་དཔེ་མེད་པ་དེ་རྗེས་སུ་མྱོང་ངོ ། །ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར། དེ་དག་ཀྱང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །བདེ་བ་དཔེ་མེད་པ་དེ་རྗེས་སུ་མྱོང་བ་ན། སྐབས་དེར་ ཇི་སྲིད་དུ་ལས་བྱས་ཤིང་བསགས་པ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །ལས་དང་ཚེ་ཟད་པའི་ལྷ་གང་ཡིན་པ་དེ་དག་ཕྱིས་ལྷའི་འཇིག་རྟེན་དགའ་བའི་ཚལ་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་ དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བར་འགྱུར་ཞིང ། སྒྱུ་རྩལ་གྱི་བློ་དྲི་མ་མེད་པ་དང་གཟུགས་མཆོག་ཏུ་མཛེས་པ་དང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་ཤིན་ཏུ་འཐད་པ་དང་ཚལ་ དང་འབབ་ཆུ་དང་རི་དང་ལྟེང་ཀ་དང་ཉེ་བའི་ཚལ་ཡོད་པ་དགའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། དེར་ཡང་སྐྱེ་བོ་མང་པོ་དགའ་བ་དང་དབང་ཆེ་བ་དང་ཤིན་ཏུ་འབྱོར་བ་དང་བདེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། གླང་པོ་ 69-1-149a ཆེའི་རྒྱལ་པོ་ཆེན་པོ་ས་སྲུང་གི་བུའི་ལས་དང་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པར་བྱེད་དེ། འདི་ལྟར་དེ་ལས་ཀྱི་རྣམ་པ་གང་གིས་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བར་གྱུར་ནས། ལྷ་ཆེན་པོ་ལྷ་མ་ཡིན་གྱི་གཡུལ་ལས་རྣམ་པར་རྒྱལ་བ་ཐོབ་ཅིང་ལས་གང་དང་རྣམ་པ་ཇི་ལྟ་ བུ་ཞིག་གིས་དུད་འགྲོར་སྐྱེས་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་འདི་ནི་སྔོན་སེམས་ཅན་ཚེ་ལོ་བདུན་ཁྲི་ཐུབ་པ་ན་བྲམ་ཟེ་ཆེན་པོ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་དང་སྔོན་བྱུང་བ་དང་སྔོན་གྱི་རབས་ཤེས་པ་ཞིག་བྱུང་སྟེ། དེས་སྦྱིན་པ་བྱིན་བསོད་ནམས་བྱས་ དམན་པ་དང་མགོན་མེད་པ་དང་ལོང་བ་དང་སྡུག་བསྔལ་བ་རྣམས་ལ་རྟག་རེས་འཁོར་ཡང་བྱས། སེམས་ཤིན་ཏུ་དགེ་ཞིང་འཇིག་རྟེན་ཀུན་ལ་ཕན་པར་བྱེད་པ་ཡིན་ནོ། །དེའི་ཚེ་རྒྱལ་པོ་ལེགས་མཐོང་ཞེས་བྱ་བ་དེའི་དགའ་སྤྱོད་ཆེན་པོ་ཤིན་ཏུ་ཉམས་དགའ་བ་ཇི་ལྟར་ལྷ་རྣམས་དང་ཇི་ལྟར་དེ་བཞིན་ གཤེགས་པའི་ལྟ་བུ་བྱེད་དེ། གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་གསེར་གྱི་དྲ་བས་གཡོགས་ཤིང་དྲིལ་བུ་གཡེར་ཀའི་དྲ་བ་བཏགས་པ། ཀུན་ནས་གསེར་གྱི་དྲ་བས་བརྒྱན་པ་དང་རྟ་བརྒྱད་ཁྲི་བཞི་སྟོང་ཀུན་ནས་གསེར་གྱི་དྲིལ་བུ་གཡེར་ཀའི་སྒྲ་འབྱུང་བས་བརྒྱན་པ་དང ། དེ་བཞིན་དུ་བུད་མེད་བརྒྱད་ ཁྲི་བཞི་སྟོང་གིས་ཡོངས་སུ་བསྐོར་ཅིང་རྗེས་སུ་འབྲང་བ་དང ། དེ་བཞིན་དུ་སིལ་སྙན་བརྒྱད་ཁྲི་བཞི་སྟོང་དག་གིས་ཡོངས་སུ་བསྐོར་ཏེ། ཉེ་བའི་ཚལ་གྱི་ཕྲེང་བ་ཞེས་བྱ་བ་གཞལ་མེད་ཁང་ག་ལ་བ་དེར་དོང་བར་བྱེད་དོ། །རྒྱལ་པོ་ལེགས་མཐོང་གི་མཆོག་ཏུ་བདེ་བ་ཤིན་ཏུ་རྒྱ་ཆེ་བའི་འབྱོར་ པ་དེ་དག་ལ་བྲམ་ཟེ་དེས་ཀུན་ནས་མངོན་པར་བརྟགས་ནས། བྲམ་ཟེའི་འབྱོར་པ་ཤིན་ཏུ་ཕུན་སུམ་ཚོགས་པས་ཀྱང་རྒྱལ་པོ་ཆེན་པོ་དེའི་དགའ་སྤྱོད་བྱེད་པ་ག་ལ་བ་དེར་སོང་ངོ ། །བྲམ་ཟེ་དེའི་མིང་ནི་སྐྱེ་བོ་ཀུན་སྙོམས་ཞེས་བྱའོ། །དེ་ནས་བྲམ་ཟེ་སྐྱེ་བོ་ཀུན་སྙོམས་རྒྱལ་པོ་དེ་དང་དེའི་འབྱོར་པ་ དང་ལྡན་པ་དང ། རྒྱལ་པོ་དེའི་རྟག་ཏུ་བཞོན་པ་གླང་པོ་ཆེ་སྤྲིན་བརྩེགས་ཞེས་བྱ་བ་ཡོད་དེ། དེའི་ལུས་དེ་ཀུན་ནས་དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ་མུ་ཏིག་གི་ཕྲེང་བ་རྣམས་བཏགས་པ། ཀུན་ནས་བཟོ་མཁས་པས་རྒྱན་བྱས་པ། རྣམ་པ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་ 69-1-149b པ། སིལ་སྙན་གྱི་སྒྲ་རྣམ་པ་སྣ་ཚོགས་ཉེ་བར་འབྱིན་པ་ན། སྐྱེད་མོས་ཚལ་དུ་འགྲོ་བའི་གླང་པོ་ཆེ་ཤིན་ཏུ་རྒྱ་ཆེ་བ་མཆོག་ཏུ་བལྟ་ན་སྡུག་པ། རབ་ཏུ་བདེ་བ་མཐོང་བ་དང་བྲམ་ཟེ་སྐྱེ་བོ་ཀུན་སྙོམས་དེ། ཀྱེ་ཨེ་མ་གླང་པོ་ཆེ་འདི་ནི་མཆོག་ཏུ་བདེ་བ་དང་ལྡན་པ་ཡིན་ཏེ། ལྷ་དེ་བཞིན་ དུ་བདག་ཀྱང་ད་ནི་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་རྟག་ཏུ་བཞོན་པའི་གླང་པོ་ཆེའི་རྒྱལ་པོར་གྱུར་ཅིག་སྙམ་དུ་སེམས་སྐྱེས་སོ། །དེ་སྦྱིན་པ་དེའི་མཐུ་དང་དེའི་ལས་ཀྱི་མཐུས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སུ་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་རྟག་ཏུ་ བཞོན་པ་གླང་པོ་ཆེའི་རྒྱལ་པོར་སྐྱེས་སོ། །དེ་ནས་དེའི་ཚེ་དགེ་སློང་དེས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ལས་འདི་རི་མོ་མཁན་ལྟ་བུ། །གང་དང་གང་དུ་འདྲི་བྱེད་པ། །སེམས་ཀྱི་དབང་ཕྱུག་ཆེན་པོ་ཡིས། །དེ་དང་དེར་ནི་འདི་འདྲི་བྱེད། །ཡོངས་སུ་འགྱུར་བའི་བྱེ་བྲག་གིས། གང་དང་གང་དུ་སྦྱོར་བྱེད་པ། །ཁམས་གསུམ་འཁོར་བར་རྒྱུ་བ་རྣམས། །དེ་དང་དེར་ནི་སེམས་ཀྱིས་གཏོང ། །ལུས་ཅན་རྣམས་ཀྱི་ལས་ཀུན་ནི། །སེམས་ལ་རག་ལས་འཇུག་པར་འགྱུར། །དེ་ལྟར་རྟག་ཏུ་སེམས་དུལ་བ། །འཆི་མེད་གནས་སུ་ཁྲིད་པར་འགྱུར། །བསྙེན་ པར་དཀའ་ཞིང་ཡང་བ་དང ། །གང་ཡང་རུང་བར་ལྟུང་བ་ཡི། །སེམས་ནི་དུལ་ན་ལེགས་པ་ཡིན། །སེམས་དུལ་བདེ་བ་ཐོབ་པར་འགྱུར། །གང་གིས་རྟག་ཏུ་སེམས་དུལ་བ། །དེ་ཡིས་རྟག་ཏུ་ཉེས་པ་བཅོམ། །ཉེས་པ་བཅོམ་པའི་བརྟན་པོ་ལ། །སྡུག་བསྔལ་ཉིད་ཀྱིས་གནོད་མི་ འགྱུར། །གང་ཞིག་འདིར་ནི་སྡུག་བསྔལ་ཞིང ། །གང་ཞིག་གཞན་དུ་སྡུག་བསྔལ་བ། །དེ་དག་ཐམས་ཅད་མི་བཟད་པའི། །སེམས་འདི་ཡང་ཞིང་གཡོས་པ་ཡིས། །ལྷ་དང་ལྷ་མིན་ཤ་ཟ་ཀླུ། །ལྟོ་འཕྱེ་སྲིན་པོར་བཅས་པ་ཡི། །གཙོ་བོ་མཆོག་གཅིག་སེམས་ཡིན་ཏེ། ། དེ་ནི་སྲིད་གསུམ་རྒྱལ་པོ་བཞིན། །སེམས་ནི་ལྷ་ཡི་ཡུལ་རྣམས་དང ། །སེམས་ནི་མི་ཡུལ་རྣམས་སུ་ཁྲིད། །སེམས་ནི་ངན་འགྲོ་རྣམས་སུ་ཁྲིད། །སེམས་ཀྱིས་སྐྱེ་དགུ་འཁྱམ་པར་བྱེད། །ཕན་པ་མེད་པའི་ཡུལ་རྣམས་ཀྱིས། །འཁྲུལ་ཞིང་ཉམས་པར་གྱུར་པའི་སེམས། ། 69-1-150a སྲེད་པ་ཡིས་ནི་བདེས་པ་ན། །སྡུག་བསྔལ་མཐའ་མེད་པ་ལ་གནས། །སྤྱོད་པ་གཅིག་ལ་རྟག་ཏུ་སྦས། །བསྙེན་པར་དཀའ་ལ་སྟོབས་པོ་ཆེ། །ཉམས་པར་བྱེད་ལ་མི་མངོན་པ། །དེ་ནི་མི་བརྟན་མྱུར་དུ་འགྲོ། །དེ་འདྲའི་སེམས་ནི་གང་ཡིན་པ། །མཁས་པ་ རྣམས་ནི་འདུལ་བར་བྱེད། །དེ་དག་བདུད་ཀྱིས་བཅིངས་ལས་འདས། །ཕ་རོལ་བདེ་བ་འབྱུང་བ་ཐོབ། །རྣམ་རྟོག་མི་བཟད་གཡོན་ཅན་ཏེ། །དེ་ནི་གཏིང་དཔག་དཀའ་ཞིང་གཡོ། །དེ་ལྟ་བུ་ལ་རྟེན་པའི་སེམས། །དམྱལ་བའི་གཡང་སར་ཉེ་བར་ལྟུང ། །ཉེས་པ་དེ་དག་ལས་གྲོལ་ཞིང ། ། དབང་པོ་དོན་གྱི་དབང་མི་འགྲོ། །སྡིག་པའི་ཆོས་ཀྱིས་མ་གོས་པ། །འཆི་མེད་གནས་སུ་ཁྲིད་པར་འགྱུར། །སེམས་ནི་རྒྱུ་དང་རྐྱེན་ལས་སྐྱེས། །དེ་ནི་རྣལ་འབྱོར་མཆོག་ལ་འཇུག་།མྱུར་དུ་གྱུར་པའི་དབང་གིས་སུ། །དེ་བཞིན་དེ་ནི་ཤིན་ཏུ་འཇུག་།དེ་ལྟར་ལས་ནི་བྱེད་པ་ཡིས། །འབྲས་བུ་ དེ་ནི་སྣ་ཚོགས་འབྱུང ། །གཅིག་ཏུ་ཕྲ་མོ་གཅིག་སྤྱད་པ། །སྐད་ཅིག་གཉིས་པར་མི་འདུག་སྟེ། །དེ་ཡི་ལུས་དང་འགྲོ་བ་ནི། །འཇིག་རྟེན་མཐའ་ནི་གང་དུ་ཁྲིད། །ལམ་ནི་གང་ནས་འགྲོ་འགྱུར་བ། །ཐམས་ཅད་དུ་ནི་ཤེས་པར་དཀའ། །གང་དུ་ལུས་ནི་འགྲོ་བ་དང ། །འདུག་པ་དང་ནི་ལས་ བྱེད་པ། །དེ་ཡི་ལས་ནི་མཐོང་འགྱུར་ན། །རྣལ་འབྱོར་དེ་ནི་མི་མཐོང་ངོ ། །དེ་ནི་གདུལ་བར་དཀའ་བ་སྟེ། །དེ་ཡི་ལུས་ཀྱང་མི་རིག་གོ། །སེམས་ཅན་ཀུན་གྱི་རྟོག་མི་བཟད། །ཡང་བར་སྤྱོད་ལ་མིག་ཀྱང་མེད། །སྡིག་དང་སྡིག་མི་བྱེད་པ་མཐོང ། །དེ་ནི་སྒྱུ་མ་ལྟ་བུ་ཡིན། །དེ་ཡི་རྟོག་པ་མི་ རིག་ཅིང ། །འགྲོ་བ་མེད་པ་མི་མཐོང་ངོ ། །ཚེ་རབས་དག་ནི་བརྒྱ་སྙེད་དུ། །སྐྱེ་བོ་ཐམས་ཅད་ཁྲིད་བྱེད་པ། །འདི་ནི་མཚོན་གྱིས་མི་ཆོད་ཅིང ། །མེ་ཡིས་སྲེག་པར་མི་བྱེད་དོ། །སྐྱེ་བོ་མིག་མེད་ཐམས་ཅད་ནི། །གཅོད་པར་བྱེད་ཅིང་སྲེག་པར་བྱེད། །ལས་ཀྱི་ཐག་པ་དམ་པོ་ཡིས། །སྐྱེ་ བོ་བཅིངས་པ་སྡུག་བསྔལ་ཆེ། །ཚེ་རབས་དག་ནི་སྟོང་སྙེད་དུ། །ཁྲིད་པར་བྱེད་ཀྱང་མི་མཐོང་ངོ ། །སྐད་ཅིག་ཏུ་ནི་དགེ་བྱེད་ཅིང ། །སྐད་ཅིག་ཏུ་ནི་མི་དགེ་བྱེད། །དགེ་དང་མི་དགེ་བྱེད་པ་ཡི། །སེམས་དུལ་བ་ནི་བདེ་བར་འགྱུར། །སྒོ་དྲུག་ནས་ནི་བྱུང་བ་ཡིས། །ཡུལ་རྣམས་ལ་ནི་རབ་ཏུ་ 69-1-150b བརྐམ། །འཇིག་རྟེན་མཐར་ནི་སེམས་ཁྲིད་པ། །ཉོན་མོངས་པ་ཡང་མི་རིག་གོ། །དེ་ལྟར་དགེ་སློང་དེས་ལེགས་པར་བྱས་པ་ཆེན་པོ་དེ་ཆུང་ངུར་བསྒྱུར་བ་མཐོང་ནས། ཡིད་ལ་ལེགས་པར་བྱས་ཞེས་བྱ་བའི་ལས་གང་གིས་ཕལ་ལམ་ལྷ་གཞན་དུ་འགྱུར་བ་ཞིག་ན། འདི་ལྟར་དེ་སེམས་གཙོ་ བོའི་དབང་དང ། སེམས་ཡོངས་སུ་འགྱུར་བའི་དབང་གིས་དུད་འགྲོར་གྲུབ་པ་ལྟ་ཞེས་བརྗོད་དོ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ས་རྣམ་མཛེས་ན་ཞེས་ བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་བདག་ཉིད་ཚུལ་ཁྲིམས་བསྲུངས་ཤིང ། གཞན་ཡང་བསྲུང་དུ་བཅུག་།བདག་ཉིད་སྡིག་པ་མི་བྱེད་ཅིང ། གཞན་ཡང་ཟློག་པར་བྱེད། སྐྱོན་དུ་འགྲང་བར་བྱེད་ལ། ཚུལ་ཁྲིམས་ལ་ཡང་རབ་ཏུ་བཀོད། དེ་བདག་ཉིད་ཀྱང་ཚུལ་ཁྲིམས་དྲི་མ་མེད་པ་བརྟན་པ་དང ། ཉེར་བསྡོགས་ཡོངས་སུ་དག་པ་སྲུང་བར་བྱེད་པ་དང ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་སྤངས་པ་ཡིན་ཏེ། སྲོག་གཅོད་པ་རྣམ་པ་དུ་སྤངས་ཞེ་ན། འདིར་སྡོམ་ པས་བསྡམས་པས་སེམས་ཅན་མང་པོ་དང ། གྲོག་སྦུར་མང་པོ་དང ། སྡིག་པ་མང་པོ་དང ། སྦལ་པ་མང་པོ་དང ། སྲོག་ཆགས་གནས་ན་གནས་པ་མང་པོ་དང ། ནེའུ་ལེ་མང་པོ་གནས་པའི་ས་བརྐོས་པ་གང་གིས། སེམས་ཅན་གནོད་པར་འགྱུར་བ་རྐོ་བར་མི་བྱེད་ལ། གཞན་སྡོམ་པ་བླངས་ པའམ། སྡོམ་པ་མ་བླངས་པ་ཡང་ཕྱིར་ཟློག་པར་བྱེད་སྐྱོན་དུ་འགྲང་བར་བྱེད་འགོག་པར་བྱེད། འཆགས་སུ་འཇུག་པར་བྱེད་པའོ། །མ་བྱིན་པར་ལེན་པ་སྤངས་པའི་ཚུལ་ཁྲིམས་ཇི་ལྟར་འཛིན་ཅེ་ན། འདི་ལ་རྫ་མཁན་ནམ་གཞན་གྱིས་ཡོངས་སུ་བཟུང་བ་ལ་རྐུ་སེམས་ཀྱིས་ཅུང་ཟད་ཙམ་ཡང་མི་ ལེན་ལ། གཞན་ལེན་ན་ཡང་ཕྱིར་ཟློག་པར་བྱེད་ཅིང ། ཚུལ་ཁྲིམས་ལ་རབ་ཏུ་འཇོག་པར་བྱེད་ལ་རྗེས་སུ་ཡི་རང་བར་མི་བྱེད་པ་ཡིན་ཏེ། དེ་ལྟར་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་རྣམ་པར་སྤངས་པའི་སྐྱེས་བུ་དམ་པ་ཚུལ་ཁྲིམས་སྤྱོད་པ་དེ། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་ 69-1-151a འཇིག་རྟེན་རྣམ་པར་མཛེས་ན་གནས་པའི་གནས་སུ་སྐྱེ་བར་འགྱུར་རོ། །རྟག་ཏུ་དགའ་ཞིང་གླུ་དབྱངས་དང ། བགད་པ་དང ། རྩེས་པ་དང ། རབ་ཏུ་རྩེས་པ་དང ། དགའ་དགུར་སྤྱོད་པ་སྐྱེ་བོ་རང་གི་འོད་དང་ལྡན་པས་རྟག་ཏུ་གང་བའི་ཚལ་དང་ཉེ་བའི་ཚལ་དང་སྐྱེད་མོས་ ཚལ་གྱི་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཚུལ་ཁྲིམས་བཟང་པོ་བསྲུང་བ་མཐོ་རིས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །ལས་བྱ་བ་ལེགས་པར་བྱས་པ་དེའི་ཡུལ་ཤིན་ཏུ་ཉམས་དགའ་ཞིང་ལོངས་སྤྱོད་དང་ལྡན་པའི་འབྱོར་པའི་འདི་ཡིན་ཏེ་འདི་ལྟ་སྟེ། ཚལ་དེ་ཀུན་ནས་གསེར་གྱི་དྲ་བའི་སྐུད་པས་ ཉེ་བར་སྦྲེལ་ཞིང་དྲིལ་བུ་གཡེར་ཀའི་སྒྲ་སི་ལི་ལི་འབྱུང་ངོ ། །དེ་ལ་དྲིལ་བུ་གཡེར་ཀའི་རྣམ་པ་ནི་འདི་དག་ཡིན་ཏེ་འདི་ལྟ་སྟེ། གང་ལས་ཀྱིས་བྱས་པའི་བཻ་ཌཱུརྱའི་དྲིལ་བུ་གཡེར་ཀ་རྒྱང་རིང་པོ་ཉིད་ནས་མཐོང་ནས། འདི་ལྟར་ལས་བྱ་བ་ལེགས་པར་བྱས་པ་ཞི་བ་ཁྱོད་བྱོན་པ་ལྟ་ཞེས་སྨྲ་ཞིང ། འདི་ལྟར་ཚིགས་ སུ་བཅད་དེ་སྨྲས་པ། ཡིད་ནི་ཤིན་ཏུ་དང་བ་ཡིས། །ཚུལ་ཁྲིམས་དག་ནི་གང་བསྲུངས་པ། །དེ་ནི་ཚུལ་ཁྲིམས་བསྲུངས་པ་ཡི། །བདེ་བ་འདིར་ནི་ཉེ་བར་གནས། །ཚུལ་ཁྲིམས་ལེགས་པར་བསྲུངས་པ་དང ། །གོམས་པ་དུ་མ་བྱས་པ་ཡི། །ཡོངས་སུ་འགྱུར་བ་བདེ་བ་དང ། །མྱ་ངན་འདས་ པའང་རྟོགས་པར་འགྱུར། །ཚུལ་ཁྲིམས་ངན་འགྲོ་རྣམས་ལས་སྐྱོབ། །ཚུལ་ཁྲིམས་བཟང་འགྲོར་ཁྲིད་པར་བྱེད། །དེ་ལྟར་ཚུལ་ཁྲིམས་རྟག་ཏུ་སྲུངས། །ཡོངས་སུ་འགྱུར་བའི་བསིལ་བ་ཡིན། །འཆི་དུས་ཡང་དག་འབྱུང་བའི་ཚེ། །ཚུལ་ལྡན་ག་ལས་འཇིགས་པ་མེད། །ངན་འགྲོ་ ལས་སྐྱོབ་བདག་ལས་མེད། །ཚུལ་ཁྲིམས་སྐྱོབ་པ་མཆོག་ཡིན་ནོ། །དེ་ནི་ཁྱོད་དེ་ཚུལ་ཆེན་གྱིས། །ཐམས་ཅད་དུ་ནི་བསྲུངས་པ་ཡིན། །ལྷ་ཡི་གནས་སུ་འོངས་པ་དག་།ཤིན་ཏུ་བག་མེད་མ་བྱེད་ཅིག་།དེ་ལྟར་ལྷ་དེ་ལེགས་པར་བྱས་པའི་ལས་ཀྱིས་དྲིལ་བུ་གཡེར་ཀའི་སྒྲ་དེས་བག་ མེད་པའི་ཉེས་པ་རྣམས་ཁོང་དུ་ཆུད་པར་བྱེད་དོ། །དེ་ནས་གང་ལྷ་ཡུན་རིང་བར་ཚུལ་ཁྲིམས་བསྲུངས་པ་དེ། ལེགས་པར་ཁོང་དུ་ཆུད་ནས། སྐད་ཅིག་ཙམ་དུ་ཡང་ཤིན་ཏུ་བག་མེད་པ་མི་བྱེད་དོ། །གང་གིས་ཚེ་རབས་མང་པོ་ཤིན་ཏུ་གོམས་པ་མེད་པ་དེ་ནི་དེའི་ཚེ། སྒྲ་རྣམ་པར་འབྱིན་ 69-1-151b པ་ཡི་ཁོང་དུ་མི་ཆུད་པར་འགྱུར་ལ། དེ་ལྟར་དེ་ཕྱིར་ཞིང་ཤིན་ཏུ་བག་མེད་པར་འགྱུར་བ་ཞིག་ན། དེ་ལྟར་དེ་ཡང་དག་པར་ཁོང་དུ་ཆུད་ནས། དེ་ནས་ཡང་གཞན་དུ་འགྲོ་བར་བྱེད་དེ། ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་བདུན་གྱིས་ཉེ་བར་མཛེས་པར་བྱས་པའི་གནས་རྣམས་ག་ལ་བ་དེར་འགྲོ་བར་ བྱེད་དོ། །རྣམ་མཛེས་ཀྱི་ཚལ་དེ་ཡང་ཀུན་ནས་དཔག་ཚད་སུམ་སྟོང་ཡོད་པ་ས་བཞི་པོ་འདི་དག་སྟེ་ཚལ་ཆེན་པོའི་ས་གཞི་དང་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་པ་ཞེས་བྱ་བ་ཐམས་ཅད་ཆེ་བ་ཡིན་ལ། ས་ལྷག་མ་གཞན་དག་ནི་ཆུང་བ་ཡིན་ནོ། །ཚལ་དེ་ཡང་ཀུན་ནས་གྲུ་བཞི་པ་ཡིན་ཏེ། ཚལ་དེའི་ངོས་བཞི་ལ་བཻ་ཌཱུརྱ་ཤིན་ཏུ་དྲི་མ་མེད་པའི་དཔག་བསམ་གྱི་ཤིང་ཆེན་པོ་བཞི་ཡོད་དེ་ཤིང་དེ་དག་གི་འོད་རྒྱར་ཀུན་ནས་དཔག་ཚད་ཙམ་ལ། རིང་དུ་ཡང་དཔག་ཚད་ལྔ་སྟོང་དུ་འབྱུང་སྟེ། ཤིང་དེ་དག་གི་འོད་ཉི་མ་བཞིན་དུ་སྣང་ངོ ། །ཤིང་དེ་དག་གི་ཡལ་ག་དང་ལོ་མ་རྣམས་ལ་ལྷ་ དང་ལྷ་མོའི་ཚོགས་ལྷན་ཅིག་རྩེ་བར་བྱེད་ཅིང་ཡིད་ལ་གང་དང་གང་འདོད་པ་དེ་དེ་དག་ལས་འཐོབ་བོ། །ཤིང་དེ་དག་གི་དབུས་ན། རྣམ་མཛེས་ཀྱི་ཚལ་དེ་ཀུན་ནས་གསེར་དང་དངུལ་དང་བཻ་ཌཱུརྱའི་པད་མའི་རྫིང་རྣམས་ཀྱིས་ཉེ་བར་མཛེས་པར་བྱས། གསེར་བཙོ་མ་དྲི་མ་མེད་པའི་ཤིང་ལྗོན་པ་ རྣམས་ཀྱིས་ཉེ་བར་མཛེས་པར་བྱས། ཀུན་ནས་ཞིང་མ་རྨོས་པ་ཆེན་པོ་ཤིན་ཏུ་དྲི་མ་མེད་ཅིང་ཤིན་ཏུ་གཙང་བ་དང་ཤིན་ཏུ་རོ་ཞིམ་པ་དང་བརྩོན་འགྲུས་ཆེན་པོས་ཉེ་བར་མཛེས་པར་བྱས། བྱ་དཀར་པོ་དྲི་མ་མེད་པ་ལྟ་བུ་མཐོང་ན་ཡིད་དུ་འཐད་པ་ཐོས་ན་ཉམས་དགའ་བ་སྒྲ་འབྱིན་པ་ རྣམས་ཀྱིས་ཉེ་བར་མཛེས་པར་བྱས་སོ། །ཚལ་དེ་ན་གང་བྱ་དངུལ་གྱི་སྒྲོ་ཡོད་པ་དེ་དག་གི་མགོ་གསེར་ལ། ལྟོ་བ་བཻ་ཌཱུརྱ། མཆུ་ཀེ་ཀེ་རུ། མིག་པད་མ་རཱ་གའི་མདོག་ལྟ་བུ་ཡིན་ཏེ། དེ་ལྟར་བྱ་ཐམས་ཅད་ཀྱི་ཁ་དོག་རྣམ་པར་དབྱེའོ། །གང་ཤིང་རྣམས་ཀྱི་ཁ་དོག་དངུལ་ལྟ་བུ་དེ་དག་ གི་སྟེང་ན་གསེར་གྱི་བྱ་རྣམས་གནས། གང་གསེར་གྱི་ཤིང་ལྗོན་པ་དེ་དག་ལ་དངུལ་གྱི་བྱ་རྣམས་གནས། གང་བཻ་ཌཱུརྱའི་ཤིང་ལྗོན་པ་དེ་དག་གི་ཡལ་གའི་གསབ་གསེབ་ན་བྱ་པད་མ་རཱ་གའི་མདོག་ལྟ་བུ་གནས། གང་ཤིང་ལྗོན་པ་པད་མ་རཱ་གའི་མདོག་ལྟ་བུ་དེ་དག་ལ་བྱ་མཐོན་ཀའི་ཁ་ 69-1-152a དོག་ལྟ་བུ་རྒྱུ་སྟེ། འབྲས་བུ་ཐམས་ཅད་ལ་ཟ་ཞིང་སྦྲང་རྩི་དག་ལ་ཡང་འཐུང་ངོ ། །གང་ཀུན་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་ལ་རིན་པོ་ཆེ་སྣ་བདུན་གྱི་སྒྲོ་བཀྲ་བའི་བྱ་དེ་དག་ཀྱང་རྩེ་བར་བྱེད། སྐད་འབྱིན་པར་བྱེད་དོ། །དེ་ལྟར་བུང་བའི་ཚོགས་ཀྱང་ པད་མ་མང་པོ་རྣམས་ཀྱི་ནང་ན། ལས་སྣ་ཚོགས་བྱས་པ། ལུས་བཀྲ་བ། དུས་ཀྱི་བསམ་པ་སྣ་ཚོགས་ཡོད་པ། པད་མའི་གསེབ་ཏུ་ཞུགས་ཤིང་ཟེ་བའི་གསབ་གསེབ་ན་གནས་པ་རྣམས་དགའ་བར་བྱེད་ཕན་ཚུན་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ལྟར་ཤིང་ ལྗོན་པའི་རྣམ་པ་དེ་ལྟ་བུའི་གྲིབ་མ་ཡོན་ཏན་ཀུན་འབྱོར་པའི་སྟེང་ན། ལྷ་རྣམས་ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ཚལ་དེ་ཡང་ལྷ་ཐམས་ཅད་ཀྱི་ཡོན་ཏན་ཀུན་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་ཏེ། གང་གི་ཚེ་ལྷ་རྣམས་ལྷ་མ་ཡིན་རྣམས་ དང་གཡུལ་འགྱེད་པར་འགྱུར་བ་དེའི་ཚེ། ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་རྣམས་ལ་འདི་ལྟར་ལྷ་རྣམས་སྟ་གོན་གྱིས་ཤིག་།རི་བོ་ཟླ་བ་ལ་གནས་པའི་ལྷ་མ་ཡིན་འདི་དག་ལྷ་རྣམས་ལ་མངོན་པར་གནོད་པ་བྱེད་ཀྱིས་ཆོས་ཤིག་ཅེས་བསྒོའོ། །དེ་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རྣམ་ མཛེས་ཀྱི་ཚལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ལྷའི་ཚོགས་ཐམས་ཅད་དང་བརྒྱ་བྱིན་གྱི་མདུན་དུ་འགྲོ་བ་དག་རྣམ་མཛེས་ཀྱི་ཚུལ་དུ་འཇུག་གོ་དེ་རྣམས་ཞུགས་ནས་ཀྱང་ཕྱོགས་བཞི་དག་གི་ཕྱོགས་བཞི་ག་ལ་བ་དེ་རྣམས་ན། ལྷའི་བཻ་ཌཱུརྱའི་ཤིང་ལྗོན་པ་ཆེན་པོ་ཤིན་ཏུ་དྲི་མ་མེད་པ་བཞི་ཡོད་པ་དེ་དག་གི་ སྡོང་པོ་གང་ཡིན་པ་དེ་དག་ལ་མེ་ལོང་བཞིན་དུ་ལྷ་རྣམས་ཀྱི་ལུས་མངོན་ནོ། །དེ་དག་རྣམ་པར་རྒྱལ་བའི་མཚན་མ་མཐོང་བ་དང་ཡང་ལྷ་གང་དག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པ་ན་ཡན་ལག་དང་འབྲལ་བའམ་ཆད་པར་འགྱུར་བ་རང་གིས་སྤྱོད་པ། གཟུགས་བརྙན་གང་འབྱུང་བ་ཤིང་དེ་ རྣམས་ཀྱི་ནང་ན་སྣང་སྟེ། གང་ལྷ་ཡན་ལག་ཆད་པར་འགྱུར་བ་དེ་དག་དེ་ཉིད་དུ་ཡང་ཕྱིར་སྐྱེ་བར་འགྱུར་ལ་གང་དེའི་མགོ་གཅོད་པའམ་རྐེད་པ་གཅོད་པ་ནི་མ་གཏོགས་ཏེ། དེ་ལྟར་ལྷ་དེ་དག་ཕྱིར་སྐྱེ་བར་མི་འགྱུར་རོ། །ཇི་ལྟར་ལྷ་མགོ་གཅོད་པའམ་རྐེད་པ་གཅོད་པར་འགྱུར་བ་དེ་བཞིན་བདག་ 69-1-152b ཉིད་ཀྱིས་མཐོང་བར་འགྱུར་ཏེ། དེ་ལ་བདག་ཉིད་དེ་མཐོང་ནས་ལྷ་དེ་དག་ལ་བསྙད་དོ། །ལྷ་དེ་རྣམས་དེ་འཆི་བའི་དུས་ཡོངས་སུ་སྤང་བའི་དོན་དུ་བརྒྱ་བྱིན་ལ་འདི་ལྟར་ལྷ་འདི་དག་ནི་ལྷ་མ་ཡིན་རྣམས་དང ། གཡུལ་འགྱེད་པའི་ཚེ་འགུམ་པར་འགྱུར་རོ་ཞེས་བསྙད་དོ། །དེ་ཐོས་ནས་ བརྒྱ་བྱིན་གྱིས། གྲོགས་པོ་ཁྱོད་གཡུལ་འགྱེད་པར་མ་འགྲོ་ཤིག་།ཁྱོད་ཀྱི་ཚེའི་བར་ཆད་དུ་མ་གྱུར་ཅིག་ཅེས་ཟློག་པར་བྱེད་དོ། །འབྲས་བུ་དེ་གང་གི་ཡིན་ཞིག་གུ་སྙམ་དུ་དགེ་སློང་དེ་སེམས་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་དང་ཡིད་སྙིང་ རྗེ་དང་ལྡན་པར་འགྱུར་བ་གང་གིས་ཤེན་པས་གསད་པར་བཤམས་པ་ལས་ཐར་བར་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་རྣམ་མཛེས་སུ་ཤིང་ལྗོན་པའི་རྣམ་པ་དེ་ལྟ་བུ་སྐྱེ་སྟེ། མེ་ལོང་ལྟ་བུར་གྱུར་པ་དེ་ལ་གཟུགས་བརྙན་སྣང་ངོ ། །དེ་ནས་ཡང་ལྷ་རྣམས་རྣམ་མཛེས་ཀྱི་ཚལ་ག་ལ་བ་དེར་ འདོང་ངོ ། །དོང་ནས་ཀྱང་རྣམ་མཛེས་ཀྱི་ཚལ་དེའི་དབུས་ན་ཚལ་ཡོད་དེ། དེ་ཡང་འདོད་པ་ཐམས་ཅད་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ལ་དེར་ཞུགས་ནས་ལྷ་རྣམས་གྲོས་བྱེད་དོ། །འདི་ལྟར་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་དཔུང་ཆེ་ཆུང་ལ་སེམས་པར་བྱེད་དེ། ལྷ་མ་ཡིན་རྣམས་དཔུང་གང་དང་ལྡན་ཞིང ། ལྷ་རྣམས་དཔུང་གང་དང་ལྡན་ཞིག་ཅེས་ལྷ་དེ་རྣམས་ཕན་ཚུན་དཔྱོད་པར་བྱེད་དོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ལྷ་རྣམས་ལ་སྨྲས་པ། ཆོས་ལ་རྟེན་པ་དག་ནི་ཆོས་ཀྱིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་འཛམ་ བུའི་གླིང་ན་གནས་པའི་མི་རྣམས་རྩོད་པའི་དུས་སུ་དགེ་བ་བཅུའི་ལས་ཀྱི་ལམ་གཙོར་འཛིན་ཅིང ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་སྤྱོད་པ་དང་ཕ་རོལ་ཡང་སྤྱོད་དུ་འཇུག་པ་དང་ལུས་དང་ངག་གི་ཚུལ་ཁྲིམས་རྣམ་པ་བདུན་ཡང་མ་རལ་བ་དང་མ་ཞིག་པ་དང་མ་ཉམས་ པ་དང་བརྟན་ཞིང་ཚུལ་འཆོས་པ་མེད་པར་བསྲུངས་པ་དེའི་ཚེ། འཛམ་བུའི་གླིང་གི་མི་རྣམས་འཆི་བའི་དུས་བྱས་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ཇི་ལྟར་སྒྲོ་བ་བྱེ་མས་བཀང་བ་ཁ་ཐུར་དུ་བསྟན་པའི་བྱེ་མའི་ཤུགས་འབབ་པ་བཞིན་དུ་དེ་ལྟར་མི་དག་ལྷ་རྣམས་ཀྱི་ནང་དུ་སྐྱེ་ 69-1-153a བར་འགྱུར་རོ། །དེ་ལྟར་ལྷའི་དཔུང་མངོན་པར་འཕེལ་ལ། ལྷ་མ་ཡིན་གྱི་དཔུང་ཡོངས་སུ་འགྲིབ་སྟེ། ལྷ་མ་ཡིན་གྱི་བརྩོན་འགྲུས་ཞན་པར་འགྱུར་བ་དེའི་ཚེ། རི་བོ་ཟླ་བ་ལ་གནས་པའི་ལྷ་མ་ཡིན་གྱི་དཔུང ། ལྷ་རྣམས་ཀྱིས་ཟློག་པ་ཉིད་དུ་བྱེད་དོ། །དེ་ནས་ དུས་གཞན་དུ་ལས་ཀྱི་ལམ་དྲི་མ་ཅན་སྤྱོད་པའི་མི་རྣམས་དགེ་བའི་ལས་ཀྱི་ལམ་རལ་བ་དང་ཞིག་པ་དང་ཉམས་པ་དང་བརྟན་པོར་མི་སྤྱོད་པ་དེའི་ཚེ། འཛམ་བུའི་གླིང་གི་མི་རྣམས་འཆི་བའི་དུས་བྱས་ནས། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ། ཤིང་ལྗོན་པ་ཨ་མྲ་རབ་ཏུ་སྨིན་པ་ དག་ལ་སྐྱེས་བུ་སྟོབས་དང་ལྡན་པས་ཤིན་ཏུ་སྒུལ་བར་བྱེད་དོ། །དེ་ཤིན་ཏུ་བསྒུལ་བ་ན་ཇི་ལྟར་ཨ་མྲ་ལྷུང་བ་དེ་ལྟར་མི་དག་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཡང་དུས་དམས་པ་ན། དགེ་བ་ཤིན་ཏུ་དྲི་མ་ཅན་སྤྱོད་པའི་མི་འབྱུང་བ་རྣམས་ལུས་དང་ངག་གི་ཚུལ་ཁྲིམས་མི་སྲུང་ཞིང་ཤིན་ ཏུ་བརྟན་པོར་མི་སྤྱོད། །ཤིན་ཏུ་དཀར་བ་མ་ཡིན། རྟག་པར་མ་ཡིན་པ་དེ་དག་འཆི་བའི་དུས་བྱས་ནས་ལྷ་ཤིན་ཏུ་དམན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ། ཤིང་ལྗོན་པ་བིལ་བ་སྦོམ་པོ་བརྟན་པ་འབྲས་བུ་མ་སྨིན་པར་གྱུར་པ་ལ་མི་སྟོབས་ཆུང་ངུའི་འདོམ་གྱིས་འཁྱུད་ནས་ཤིན་ཏུ་ སྒུལ་བར་བྱེད་པ་དེ་ཚེགས་ཆེན་པོས་ཤིན་ཏུ་སྒུལ་བར་བྱེད་དོ། །གང་སྒུལ་བར་བྱེད་པ་དེ་དག་ཀྱང་ཤིན་ཏུ་ཞན་པ་ཡིན་ཏེ། དེ་བསྒུལ་བ་ན་བིལ་བའི་འབྲས་བུ་གང་ཞིག་འབབ་པ་ན་སྨིན་པ་ཉུང་ཟད་ཅིག་འབབ་པར་འགྱུར་བ་དེ་བཞིན་དུ། ད་ལྟར་གྱི་མི་ཚུལ་ཁྲིམས་དྲི་མ་ཅན་དེ་ལྷ་རྣམས་ཀྱི་ནང་དུ་ སྐྱེ་བར་འགྱུར་རོ། །ལྷ་ཁྱེད་ཅག་ཀྱང་ཤིན་ཏུ་བག་མེད་པ་ལ་གནས་ལ། ཤིན་ཏུ་བག་མེད་པ་ལ་གནས་པ་དེ་ནི་བག་མེད་པས་ཆོག་སྟེ། ལྷ་མ་ཡིན་གྱི་དཔུང་ནི་འཕེལ་ལོ། །ལྷའི་དཔུང་ནི་འགྲིབ་བོ། །དེ་ལྟར་ཆོས་མ་ཡིན་པ་སྤྱོད་པའི་མི་རྣམས་ཆོས་མ་ཡིན་པའི་ཚུལ་དང ། ལུས་དང་ངག་གི་ ཚུལ་ཁྲིམས་རྣམ་པ་བདུན་མི་སྤྱོད་ཅིང་མ་རུངས་པ། ཕ་རོལ་གདུང་བར་བྱེད་པ། མར་མི་འཛིན་པ། ཕར་མི་འཛིན་པ། ཆོས་མ་ཡིན་པ་དང་ལྡན་པ། ཆོས་མ་ཡིན་པའི་རྗེས་སུ་འཇུག་པ་དེ་དག་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་དང་ཡི་དགས་དང་ལྷ་མ་ཡིན་རྣམས་ཀྱི་ནང་ 69-1-153b དུ་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ། སྒྲོ་བ་བྱེ་མས་བཀང་བའི་ཁ་ཐུར་དུ་བསྟན་ནས། སྐྱེས་བུ་སྟོབས་དང་ལྡན་པས་ཇི་ལྟར་ཁ་ནས་བླུགས་ཏེ་གཏོང་བ་དེ་བཞིན་དུ་ད་ལྟར་གྱི་མི་རྣམས་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་དགེ་ བ་དང་མི་དགེ་བ་སྤྱོད་པའི་མི་འབྱུང་བ་དེ་དག་དེ་ལྟར་ཚུལ་ཁྲིམས་ཕྱོགས་གཅིག་པ་ཅུང་ཟད་དང་ལུས་ཀྱི་ཅུང་ཟད་དང་ངག་གི་ཅུང་ཟད་སྲུང་བ་དེའི་ཚེ། འཆི་བའི་དུས་བྱས་ནས། ཁ་ཅིག་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་ལ། ཁ་ཅིག་ནི་ལྷ་ རྣམས་ཀྱི་ནང་དུ་སྐྱེ་སྟེ་འདི་ལྟ་སྟེ་ཤིང་ལྗོན་པ་ཨ་མྲ་སྨིན་པ་དག་ལ་སྐྱེས་བུ་སྟོབས་དང་ལྡན་པའི་འདོམ་གྱིས་འཁྱུད་པ་དག་གང་ཨ་མྲ་རབ་ཏུ་སྨིན་པའི་འབྲས་བུ་དེ་དང་དེ་དག་ཏུ་ལྟུང་བར་འགྱུར་ལ། གང་མ་སྨིན་པ་དེ་དག་ནི་ལྟུང་བར་མི་འགྱུར་རོ། །དེ་བཞིན་དུ་དགེ་བ་འདྲེས་པར་སྤྱོད་ པའི་མི་རྣམས་ཁ་ཅིག་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ལ། ཁ་ཅིག་ནི་སེམས་ཅན་དམྱལ་བ་དང་ཡི་དགས་དང་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་ཐམས་ཅད་དུ་ཆོས་མ་ཡིན་པའི་སྐྱེ་དགུ་ཕལ་ཆེར་འབྱུང་བ། མར་མི་འཛིན་ཕར་མི་འཛིན་དགེ་སྦྱོང་དུ་མི་འཛིན་བྲམ་ ཟེར་མི་འཛིན་རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་མི་འཇུག་པ། ལུས་དང་ངག་གི་ཚུལ་ཁྲིམས་ཅུང་ཟད་ཀྱང་མི་སྲུང་བ་དེའི་ཚེ། འཛམ་བུའི་གླིང་གི་མི་དེ་རྣམས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་དང་ཡི་དགས་དང་ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེའི་ཚེ་ལྷ་ མ་ཡིན་གྱི་སྟོབས་ནི་འཕེལ་ལོ། །ལྷའི་སྟོབས་ནི་ཡོངས་སུ་འགྲིབ་བོ། །དེ་ལ་ང་ཡང་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འགྲོ་སྟེ། ང་ཉིད་ཀྱིས་རྒྱལ་བར་ནུས་ཀྱི། ལྷ་གཞན་དག་གིས་ནི་མ་ཡིན་ནོ། །དེ་ལྟར་འདི་ཡིད་ལ་བྱོས་ལ་ལྷ་རྣམས་ཆོས་ལ་འབད་པར་གྱིས་ཤིག་།ཆོས་ ལ་ཡང་དག་པར་དགའ་བས་ནི་འཇིག་རྟེན་འདི་དང་ཕ་རོལ་ཀུན་ཏུ་བསྲུངས་པར་འགྱུར་རོ། །མཐུ་རྣམས་ཀྱི་ནང་ན་ནི་ཆོས་མཐུ་ཆེ་སྟེ་གཞན་མཐུར་མི་སྣང་ངོ ། །དེ་ལྟར་ཡིད་ལ་བྱ་བ་འདི་ཡིད་ལ་བྱོས་ཏེ། ལྷ་མ་ཡིན་ཕམ་པར་བྱ་བ་ལ་རབ་ཏུ་འབོད་ཅིག་།དེ་སྐད་ཅེས་བསྒོ་བ་དང་བརྒྱ་ 69-1-154a བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཁྱོད་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་སྒྲུབ་ཅིང་མཆིས་ཏེ། ཇི་ལྟར་བརྒྱ་བྱིན་གྱིས་བདག་ཅག་ལ་བཀའ་སྩལ་པ་དེ་བཞིན་ནོ་ཞེས་སྨྲས་ནས། གོ་ཆའི་ཚལ་ག་ལ་བ་དེར་གོ་ཆ་བགོ་བའི་དོན་དུ་འདོང་བར་བྱེད་དོ། །དེ་ནས་ཤིང་དེ་དག་ ལས་ལྷ་རྣམས་ཀྱི་གོ་ཆ་མི་ཕྱེད་པ་དག་རབ་ཏུ་འབྱུང་སྟེ། གང་གྱོན་ནས་ལུས་མི་ཕྱེད་པ་རྣམས་དེ་ལྟར་ཐམས་ཅད་རྣམ་པར་སྤང་ངོ ། །ཇི་ལྟར་རི་བོའི་རྩེ་ལ་གནས་པའི་ཉི་མ་འོད་དམར་པོ་འཆར་བ་དེ་ལྟར་བརྗིད་པ་ན། རི་བོ་ཟླ་བ་ཞེས་བྱ་བ་ག་ལ་བ་དེར་གཡུལ་འགྱེད་པའི་དོན་དུ་འདོང་བར་བྱེད་ དེ། དེ་ནས་ཡང་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་སྔ་མ་བཞིན་དུ་དེ་རྣམས་གཡུལ་འགྱེད་དོ། །དེ་ནས་གང་ལྷ་དེ་རྣམས་རྣམ་མཛེས་སུ་སོ་སོར་གནས་ཏེ། འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དེ་དག་ཕན་ཚུན་གྲོགས་སུ་གྱུར་པ། ཡིད་འདོད་ཆགས་ཀྱིས་རབ་ ཏུ་མྱོས་པ་ཀུན་འདི་ལྟ་སྟེ། བཻ་ཌཱུརྱའི་ཚལ་དང་གསེར་གྱི་ཤིང་ལྗོན་པའི་ཚལ་དང་རིན་པོ་ཆེ་ཀེ་ཀེ་རུའི་ཚལ་དང་ལྷའི་མེ་ཏོག་དང་འབྲས་བུ་འབྱོར་པ་དང་བྱ་སྒྲ་སྣ་ཚོགས་འབྱིན་པ། དགའ་བ་རྣམས་ཀྱི་ནང་ན་དགའ་བར་བྱེད་པ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་ པ་དེ། སུམ་ཅུ་རྩ་གསུམ་པའི་ལྷའི་བྱ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་རྗེས་སུ་སེམས་པར་བྱེད་དེ། བྱ་འདི་དག་ལས་གང་གིས་ཁ་དོག་དང་ཆ་བྱད་སྣ་ཚོགས་སུ་འདུག་པ་དང་སྒྲ་སྣ་ཚོགས་འབྱིན་པ་དང་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་ཀྱི་ནང་ན་བདེ་བར་འཁོད་ཅིང ། ཚལ་དང་ཉེ་བའི་ ཚལ་རྣམས་ཀྱི་ནང་ན་དགའ་བར་བྱེད་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་སྙམ་མོ། །ལས་ཀྱི་དེ་ཁོ་ན་ཞིབ་མོར་ཤེས་པ་དེ་ལས་ཀྱི་འབྲས་བུ་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། རི་མོ་མཁན་གླ་ཟ་བ་སེམས་ལ་གཡོ་མེད་པ་གང་གིས་གཟུགས་སམ་ཀུན་དགའ་ ར་བའམ། སྐྱེད་མོས་ཚལ་ཚོན་རྩི་ཁ་དོག་བཟང་པོ་སྣ་ཚོགས་ཀྱིས་རྣམ་པར་འདྲི་བ་འདི་ལྟ་སྟེ། ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་འདྲེས་པ་རྣམས་ཀྱིས་རྩིག་ངོས་སམ་གཙུག་ལག་ཁང་ངམ་མཆོད་རྟེན་ཀྱི་ཁང་པའི་ནང་དུ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གླ་ཟ་བས་ཤིང་ལྗོན་པ་ 69-1-154b དང ། བྱ་དང ། མི་དང ། སྟག་དང ། རྟ་དང ། གྲོང་ཁྱེར་དང ། ཚལ་དང ། ཉེ་བའི་ཚལ་དང ། ལྟེང་ཀ་དང ། སྐྱེད་མོས་ཚལ་དང ། པད་མའི་ཚལ་དང ། མཚོ་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། གྲོང་དང ། ཚོང་རྡལ་དང ། གཞལ་མེད་ཁང་ལ་སོགས་པ་བྲིས་པ་དང་སངས་རྒྱས་དང་ ཆོས་ཀྱི་བྱིན་གྱི་རླབས་ཀྱིས་ཡོན་བདག་རྣམས་ཀྱི་ལུང་བཞིན་དུ་བཟོ་བོ་གླ་བ་ལས་བྱེད་པ་རྣམས་ཀྱིས་གཞི་བསྙམས་པ་དང ། བྱུགས་པ་དང ། གསེར་དང ། དངུལ་ལས་བྱས་པའམ་ཟངས་ལས་བྱས་པའམ་དེ་དག་ལ་སོགས་པ་གཟུགས་གཞན་དག་ཚོན་རྩི་བཟང་པོ་དག་གིས་སྣ་ཚོགས་སུ་ བྲིས་ན། དེ་དག་ལུས་དང་བྲལ་ནས་བདེ་འགྲོ་ལྷ་རྣམས་ཀྱི་ནང་དུ་འདྲི་འདྲི་བ་དེ་བཞིན་དུ་བྱར་སྐྱེའོ། །ཚུལ་ཁྲིམས་སྤངས་པ་ལས་སྣ་ཚོགས་བྱས་པ་དེས་རི་དགས་དང་བུང་བར་གྱུར་ནས་དགའ་བར་བྱེད་དོ། །དེ་ལྟར་ལྷ་རྣམས་ཀྱི་ལས་དང་འབྲས་བུ་དང་འཐུན་པར་འགྱུར་ཏེ། ཇི་ལྟར་བླུན་པོ་ དེ་རྣམས་ཀྱིས་ལས་དེ་དག་སེམས་པ་བཞིན་བྱས་པ་དེ་བཞིན་དུ་དེ་དག་བླུན་པོར་གྱུར་ནས། ལྷ་རྣམས་ཀྱི་ཚལ་དང་ཉེ་བའི་ཚལ་བདེ་བ་དང་ཤིང་ལྗོན་པ་དང་རིའི་རྩེ་མོ་རྣམས་སུ་བདེ་བ་དེ་དག་མྱོང་བར་འགྱུར་རོ། །གང་གིས་ཇི་ལྟར་གཞི་སྦྱངས་པ་དང་བྱུགས་པ་དང་བལ་གླང་གི་སོའམ་དངུལ་ལམ་ གསེར་ལ་སོགས་པ་ལ་གཟུགས་ཇི་ལྟ་བ་བཞིན་བྱས་པ་ནི། ལས་རྣམ་པ་སྣ་ཚོགས་དུ་མའི་གཟུགས་རྒྱའི་འབུར་ལྟ་བུར་སྐྱེ་བར་འགྱུར་རོ། །ལྷ་དེ་དག་ཀྱང་རྣམ་མཛེས་ཀྱི་ཚལ་དེ་ན་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་སོ་སོར་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་ པར་མ་གྱུར་པ་དེ་སྲིད་དུ། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད། རྩེ་བར་བྱེད་དེ་ལྷའི་བདེ་བ་སྣ་ཚོགས་མྱོང་བར་འགྱུར་རོ། །དེ་ཟད་ནས་དེ་ནས་ཡང་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་ དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ལེགས་པར་བྱས་པའི་ལས་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བས། མི་རྣམས་ཀྱི་ནང་དུ་སྐྱེས་ན། ལེགས་པར་བྱས་པའི་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་སོ་སོ་ 69-1-155a ཡང་དག་པར་མྱོང་བར་འགྱུར་བ། བདེ་བར་གནས་པའི་བདེ་བས་རྒྱལ་པོའམ་རྒྱལ་ཚབ་ཏུ་ཡང་དག་པར་འགྲུབ་ལ། སྐྱེ་བོ་དུ་མས་མཆོད་པར་འགྱུར་བ་དང་རྟག་ཏུ་སྐྱེད་མོས་ཚལ་ལ་དགའ་བ་དང་རྟག་ཏུ་དགའ་སྟོན་ལ་དགའ་བ་དང་རྟག་ཏུ་ཡིད་རབ་ཏུ་དགའ་ཞིང་གཟུགས་ དང་རྒྱན་དང་ཆ་བྱད་བཟང་བ་དང་རྟག་ཏུ་བཟའ་བ་དང་བཏུང་བ་དང་ཁ་ཟས་གཞན་བཅའ་བ་བདེ་བ་དང་ཡང་དག་པར་ལྡན་པ་དང་རྟག་ཏུ་མལ་ཆ་དང་སྐྱེད་མོས་ཚལ་དུ་གནས་པ། བདེ་བ་དང་ལྡན་པ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་འཁོལ་བ་དག་དང་ལྡན་པར་འགྱུར་ བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་ས་ཡོངས་འདུ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་སྐྱེས་བུ་དམ་པ་ཤེས་པ་དང་ལྡན་པར་འགྱུར་བ་གང་གིས་ཕ་མ་ལ་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་ཡོངས་སུ་བྱིན་ལ། གཞན་དག་ཀྱང་དགེ་བའི་ལས་དེ་ཉིད་ལ་ འཇོག་པར་བྱེད་ཅིང ། ཡང་དག་པར་འཇོག་པར་བྱེད་ལ་སོ་སོར་འཇོག་པར་བྱེད་དེ། རྣམ་པ་དེ་ལྟ་བུའི་སྦྱིན་པ་སྦྱིན་པར་བྱེད་པ་དང་སྲོག་གཅོད་ཕྲ་མོ་ཡང་སྲུང་བ་ཡིན་ཏེ། འབྲས་བུ་སྨིན་པ་རུལ་བར་གྱུར་པའི་ནང་ན་སྲིན་བུ་ཡོད་པར་བག་ཚ་ནས་ཟ་བར་མི་བྱེད་ལ། གཞན་དག་ཟ་ ན་ཡང་ཟློག་པར་བྱེད་ཅིང་སྨོད་པར་བྱེད་ལ། དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་གཞན་དག་ཀྱང་ཚུལ་ཁྲིམས་ལ་རབ་ཏུ་འཇོག་པར་བྱེད་དོ། །ཇི་ལྟར་ན་མ་བྱིན་པར་ལེན་པ་སྤངས་ཞེ་ན། འདི་ལ་མ་བྱིན་པ་ལེན་པ་འདི་ལྟ་སྟེ། མཚམས་སུ་བྱས་པར་བྱ་བ་དང་འབྲས་བུ་སར་པ་ཤུགས་ ཀྱིས་ཁྱེར་ཏེ་བོར་བའམ་ཀུན་དགའ་ར་བར་ལྷུང་སྟེ་བོར་བ་ཡང་སྤོང་བར་བྱེད་ལ། གཞན་ཡང་ཟློག་ཅིང་ལེན་པ་ལ་སྨོད་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ། བདག་དང་གཞན་ལ་ཕན་པར་ཞུགས་པའི་སྐྱེས་བུ་དམ་པ་དེ་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་སུམ་ཅུ་ 69-1-155b རྩ་གསུམ་པའི་ལྷ་རྣམས་ཀྱི་སར་སྐྱེ་བར་འགྱུར་ཏེ། ཡོངས་འདུ་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཤིང་ལྗོན་པ་གཅིག་པུ་དེ་ལྷག་པར་མཛེས་པ་ཡིན་ཏེ། གང་གི་ཚེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་འབྱུང་བ་ན། འདི་ལྟར་ཡང་ལྷའི་རྒྱལ་ པོ་ལྷ་ཐམས་ཅད་ཀྱི་བྱ་བ་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་དང་འཛམ་བུ་གླིང་གི་མི་རྣམས་ཀྱི་སྤྱད་པ་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ནང་ན་དེའི་དྲི་དང་མདོག་དང་མེ་ཏོག་དང་ལོ་མ་དང་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་དེ་རྗོད་པར་བྱེད་དོ། །གང་ གི་ཚེ་འཛམ་བུའི་གླིང་དུ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་འབྱུང་བ་དེའི་ཚེ། ཤིང་ཡོངས་འདུ་ས་བརྟོལ་མེ་ཏོག་རྒྱས་པར་འགྱུར་ཞིང ། དཔག་ཚད་བརྒྱར་དྲི་འབྱུང་ལ། འོད་ཀྱིས་རྣམ་པར་མཛེས་ཏེ། གཟི་བརྗིད་ཀྱིས་ཀྱང་འབར་བ་དེའི་ཚེ། སུམ་ཅུ་རྩ་ གསུམ་པའི་ལྷ་རྣམས་ཡིད་དགའ་ནས། ཤིང་ཡོངས་འདུ་ས་བརྟོལ་ཡོངས་སུ་བསྐོར་ཏེ་འཁོད་ལ། ཨེ་མ་འདི་ལྟར་ཡོངས་འདུ་ས་བརྟོལ་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པ་འདི། གོར་མ་ཆག་པར་འཛམ་བུའི་གླིང་གི་མི་རྣམས་དགེ་སྦྱོང་དུ་འཛིན། བྲམ་ཟེར་འཛིན་རིགས་ ཀྱི་རྒན་རབས་ལ་མཆོད་པ་བྱེད། རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་ཞུགས་པ་ལྟ་ཞིག་སྟེ། འདི་ལྟར་བདག་ཅག་གི་ཤིང་ལྗོན་པ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་རབ་ཏུ་རྒྱས་སོ་སྙམ་སེམས་སོ། །ལྷ་དེ་དག་དེ་དང་ཉེ་བར་དབྱར་ཟླ་བ་བཞིར་ལྷའི་འདོད་པའི་ཡོན་ཏན་ལྔ་ འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་གནས་པར་བྱེད་དོ། །གང་གི་ཚེ་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་གི་རྣམ་པ་ཕྱེད་རྒྱས་པ་དེའི་ཚེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཤིན་ཏུ་དགའ་བར་འགྱུར་ཏེ། ཨེ་མ་འཛམ་བུ་གླིང་གི་མི་རྣམས་གོར་མ་ཆག་པར་ཚུལ་ཁྲིམས་འདྲེས་པར་ སྤྱོད་པ་ལ་ཞུགས་པ་དེའི་ཚེ། ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་གི་རྣམ་པ་འདྲེས་པར་འབྱུང་བར་འགྱུར་རོ། །གང་གི་ཚེ་ཐམས་ཅད་དུ་ཆོས་མ་ཡིན་པའི་སྐྱེ་དགུ་ཕལ་ཆེར་འབྱུང་བ་དེའི་ཚེ། ཤིང་ཡོངས་འདུ་ས་བརྟོལ་ཐམས་ཅད་དུ་ལོ་མ་དང་འདབ་མ་རྙིས་པར་འགྱུར་ཞིང ། དེ་བཞིན་ 69-1-156a དུ་མདོག་ཀྱང་མི་སྡུག་།དེ་བཞིན་དུ་དྲི་ཡང་མི་ཞིམ། དེ་བཞིན་དུ་འོད་ཀྱང་མི་གསལ་ཏེ། དཔེར་ན་དགུན་ཁུག་རྣ་དང་སྤྲིན་གྱིས་འཁྲིགས་ན། ཉི་མའི་འོད་རབ་ཏུ་དྲོ་བ་དང་ལྡན་པ་མེད་ལ། འོད་ཀྱི་མཐུ་ཉམས་པ་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་བ་དེ་ བཞིན་དུ། ཤིང་ཡོངས་འདུ་ས་བརྟོལ་གྱི་འོད་ཆུང་ལ་དྲིའི་རྣམ་པ་དེ་ལྟ་བུ་དང་ལྡན་པར་མི་འགྱུར་ཞིང ། འོད་ཀྱིས་གནས་པར་མི་འགྱུར་བ་དེའི་ཚེ། ཤིང་ཡོངས་འདུ་ས་བརྟོལ་ན་གནས་པའི་ལྷ་རྣམས་བརྒྱ་བྱིན་ལ། ལྷ་ཀྱེ་མ་ཤིང་ཡོངས་འདུ་ས་བརྟོལ་འོད་ཆུང་ཞིང་དྲི་མི་བདའ་ལ། ཇི་ ལྟར་སྔོན་མཛེས་པ་དང་ལྡན་པ་དེ་ད་ལྟར་མཛེས་པ་མ་ལགས་ཏེ། གོར་མ་བཀུམ་པར་འཛམ་བུའི་གླིང་ན་སྐྱེ་དགུ་ཆོས་མ་ལགས་པ་བགྱིད་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་མི་འཇུག་པ་དག་མཆིས་སོ་ཞེས་བསྙད་དོ། ། ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས། སངས་རྒྱས་ཀྱི་སྐུ་གཟུགས་བླངས་ཏེ། ཤིང་ཡོངས་འདུ་ས་བརྟོལ་ག་ལ་བ་དེར་ལྷའི་ཚོགས་དང་ལྷན་ཅིག་ཡོངས་སུ་བསྐོར་ནས་འདོང་བར་བྱེད་དེ། སངས་རྒྱས་ལ་ཤིན་ཏུ་གུས་པ་སྐྱེས་ཤིང ། སངས་རྒྱས་ཀྱི་ཡོན་ཏན་མངོན་པར་དྲན་པ་ ན། ལྷ་རྣམས་ལ་འདི་ལྟར་ཤིང་ཡོངས་འདུ་ས་བརྟོལ་འདི་ཐམས་ཅད་དུ་ལོ་མ་རྙིས་པར་གྱུར་པའི་ཤིང་ཡོངས་འདུ་ས་བརྟོལ་ག་ལ་བ་དེར་ཁོ་བོ་འགྲོ་ཡིས་ལྷ་གཞན་དེ་དག་ཆོས་ཤིག་།འདི་ལྟར་བདག་ནི་ཤིན་ཏུ་གསལ་བར་གནས་པའི་མཆོད་རྟེན་ཁྱེར། བཅོམ་ལྡན་འདས་ཀྱི་སྐུ་ གཟུགས་ཐོགས་ཏེ་ཤིང་གི་རྒྱལ་པོ་དེ་དག་ག་ལ་བ་དེར་སོང་ལ་ཤིང་དེའི་དྲུང་དུ་བདག་བཅོམ་ལྡན་འདས་ལ་ལྷའི་དྲི་དང་ཕྲེང་བ་དང་བྱུག་པས་མཆོད་པ་བྱའོ་དེ་སྐད་ཅེས་སྨྲས་སོ། །དེ་ནས་བརྒྱ་བྱིན་གྱི་ཚིག་ལྷ་རྣམས་ཀྱིས་ཐོས་ནས་ལྷ་བརྒྱ་ཕྲག་སྟོང་དུ་མ་དག་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་ བ་དེར་འདོང་ངོ ། །བརྒྱ་བྱིན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་སྤྱི་བོ་ལ་ཁྱེར་ནས། ཤིང་ཡོངས་འདུ་ས་བརྟོལ་ག་ལ་བ་དེར་དོང་བ་དང་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་གནས་པའི་ལྷ་གཞན་དག་གིས་རྒྱང་རིང་པོ་ཉིད་ནས་མཐོང་སྟེ། ཤིང་ཡོངས་འདུ་ས་བརྟོལ་གྱི་ལོ་མ་རྙིས་ 69-1-156b པར་འགྱུར་ཅིང་འོད་མི་གསལ་ལ་དཔལ་དང་ལྡན་པ་མེད་ནས་ཡིད་ཤིན་ཏུ་ལྷག་པར་མི་དགའོ། །དེ་ནས་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་དེ་ཤིང་གི་དྲུང་དུ་གསེར་བཙོ་མ་ལྟ་བུའི་ས་གཞི་ལ་བཻ་ཌཱུརྱའི་གདན་གྱི་སྟེང་དུ་བཞག་ནས། ལྷའི་ཚོགས་དང་བཅས་པ་དད་པ་ སྐྱེས་པ་དང་བཅས་པའི་རིམ་གྲོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་དྲི་དང་ཚལ་གྱི་མེ་ཏོག་མ་ལི་ཀ་དང་མན་དཱ་ར་བ་དང་པད་མ་དག་སྟེ། རྣམ་པ་དེ་ལྟ་བུའི་སྤོས་དང་མེ་ཏོག་རྣམས་ཀྱིས་བཀྲུས་ཤིང་མཆོད་པ་བྱས་ནས། བརྒྱ་བྱིན་གྱིས་ལྷ་རྣམས་ལ་ཇི་ལྟར་ལྷ་དག་ དད་པ་ཡང་དག་པར་སྐྱེས་པ་ནི་སེར་སྣ་དང་བྲལ་ཞིང་བག་མེད་པ་དང་བྲལ་བ་ལ་གནས་པར་དགའ་བ་ཡིན་ཏེ། དེ་ལྟར་སངས་རྒྱས་དང་ཆོས་དང་འཕགས་པའི་ཚོགས་ནི་ཁམས་གསུམ་པའི་བླ་མ་ཡིན་ལ། བདག་ཅག་གི་བླ་མ་ཡང་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ལྷ་དད་ པ་སྐྱེས་པ་ཐམས་ཅད་སངས་རྒྱས་ལ་ཕྱག་འཚལ་བར་བྱེད་དོ། །དེ་ནས་དེའི་ཚེ་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཅན་ཀུན་གྱི་གཉེན་གཅིག་པ། །སྲེད་པའི་དུག་ལས་རྣམ་གྲོལ་ཞིང ། །སྲིད་པའི་ཕ་རོལ་ཡང་དག་རྒལ། །ཐམས་ཅད་མཁྱེན་ ལ་ཕྱག་འཚལ་ལོ། །དེ་ནས་བརྒྱ་བྱིན་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷའི་ཚོགས་དང་ལྷན་ཅིག་ཡོངས་སུ་བསྐོར་ཅིང་པུས་མོ་བཙུགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཅན་ཀུན་གྱི་གཙོ་གཅིག་པ། །འདོད་ ཆགས་ཞེ་སྡང་གཏི་མུག་བཅོམ། །རིམས་ནད་མེད་ཅིང་མཚུངས་མེད་པ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །དེ་ནས་ལྷའི་ཚོགས་དེ་དག་ཐམས་ཅད་ཀྱང ། ཤིང་གི་རྒྱལ་པོ་དེ་ཡོངས་སུ་བསྐོར་ནས་འཁོད་དེ། ཐམས་ཅད་དད་པ་ཡང་དག་པར་སྐྱེས་པ། ཐམས་ ཅད་དབང་པོ་གཞོལ་བའི་ལྷ་ཀུན་ཇི་ལྟ་ཇི་ལྟར་སེམས་དང་ལ་ཡིད་དགེ་ཞིང ། སངས་རྒྱས་དང་ཆོས་ལ་ཕལ་ཆེར་མཆོད་པ་བྱེད་པ་དེ་ལྟ་དེ་ལྟར་ཤིང་དེ་འདབ་མ་བྱེ་ནས། ཁ་འབྱེ་བར་འགྱུར་རོ། །དེ་ནས་དེ་མཐོང་ནས་དེ་ལྟར་ཕྱིར་ཞིང་ཤིང་ཡོངས་འདུ་ས་བརྟོལ་རིམ་གྱིས་སྔོན་ 69-1-157a བཞིན་དུ་མེ་ཏོག་རྣམ་པ་ཐམས་ཅད་དུ་རྒྱས་པར་འགྱུར་ལ། ཤིང་ཡོངས་འདུ་ས་བརྟོལ་གྱི་འོད་ཀྱིས་དཔག་ཚད་བརྒྱ་དག་ཏུ་མཛེས་ཏེ། དྲིས་ནི་ཁྱབ་འདབ་མ་ནི་སྤྲིན་གྱི་མདོག་ལྟར་དཀར་བུང་བས་ནི་ཉེ་བར་མཛེས་པར་བྱས། གྲིབ་མ་ནི་བདེ། ཀུན་ནས་ལྷའི་ཚོགས་ ཀྱིས་ནི་གང་།ཉི་མ་གཉིས་པ་ལྟར་ནི་མཛེས་ཏེ་དེའི་སྔོན་གྱི་དཔལ་དེ་དག་མཐོང་ནས་ལྷ་རྣམས་དགའ་བར་འགྱུར་རོ། །དཔག་ཚད་བརྒྱ་དག་ཏུ་དྲི་འབྱུང་བ་ལྡང་ལ་རླུང་ཡང་དཔག་ཚད་བརྒྱ་དག་ཏུ་རབ་ཏུ་ལྡང་སྟེ། དྲི་ཡིད་དུ་འོང་བར་འགྱུར་ཞིང་ཤིང་གི་རྒྱལ་པོ་འོད་ཀྱིས་མཛེས་པ་ ཡིན་ནོ། །དཔེར་ན་རི་བོ་སྟོང་ཕྲག་དྲུག་ཅུ་ཐམས་ཅད་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་མཛེས་པ་དེ་བཞིན་དུ། ཤིང་ལྗོན་པ་རྣམ་པ་སྣ་ཚོགས་ཀྱི་ནང་ན་ཤིང་ཡོངས་འདུ་ས་བརྟོལ་དེ་བཞིན་དུ་རྣམ་པར་མཛེས་ཤིང་ཀུན་དུ་སྣང་ལ་ལྷན་ནེ་བ་ཡིན་ནོ། །དེ་ནས་ཡང་དཔལ་རྫོགས་ཤིང་དཔལ་ ཤིན་ཏུ་རྒྱས་ལ། དཔལ་འབར་ཏེ་ཀུན་ནས་ཀྱང་འོད་འབར་བ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡིད་རབ་ཏུ་དགའ་བར་གྱུར་ཏེ་ཕན་ཚུན་དུ་འདི་ལྟར་ལྷ་རྣམས་སངས་རྒྱས་ཀྱི་སྤྱན་མཚུངས་པ་མེད་པའི་མཐུ་ལ་ལྟོས། གང་དུ་སངས་རྒྱས་ཀྱི་མཐུས་ཤིང་ཡོངས་འདུ་ས་བརྟོལ་ འདི་སྔོན་གྱི་མདོག་དང་དྲི་དང་ཕྲེང་བ་དང་ལོ་མ་དང་འོད་རྣམས་ཡོད་དེ། ཇི་ལྟར་འདི་འཕེལ་བ་དེ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་གོར་མ་ཆག་པར་སྟོབས་དང་མཐུ་དང་རྫུ་འཕྲུལ་བྱས་པ་ཡང་ཆེ་བར་འགྱུར། འཛམ་བུའི་གླིང་གི་ཆོས་ཀྱི་རྗེས་སུ་འཇུག་པ་རྣམས་ཀྱང་ ཆོས་ལ་བློ་གྲོས་འཇུག་སྟེ། ཆོས་དང་ལྡན་པའི་བསམ་པ་དེ་དག་ད་ལྟར་ཉེ་བར་འཇུག་པ་ནི། བདུད་ཀྱི་སྒྲུབ་པའི་སྟོབས་རབ་ཏུ་མེད་པར་འགྱུར་ཞིང་བདུད་ཀྱི་རིས་ཀྱི་ལྷ་མ་ཡིན་དང་ཀླུ་འཇིག་རྟེན་སྐྱོང་བ་ཆོས་མ་ཡིན་པ་དང་ལྡན་པ་དག་ཆོས་ལ་བགེགས་བྱེད་པར་མི་འགྱུར། ཆོས་ ལ་སྨོད་པ་བྱེད་པར་མི་འགྱུར་ལ། ལྷ་མོ་རྣམས་ཀྱི་ནང་དུ་ལྷ་བདག་ཅག་ཟིལ་གྱིས་གནོན་པར་མི་འགྱུར་ཏེ། ཤིང་གི་རྒྱལ་པོ་འདི་མཐོང་བས་བདུད་ཀྱི་སྟོབས་ནི་ཉམས་ཤིང ། ལྷའི་སྟོབས་ནི་རབ་ཏུ་འཕེལ་བར་ཁྱེད་ཅག་གིས་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་བརྒྱ་བྱིན་ 69-1-157b གྱི་སྔོན་དུ་འགྲོ་བའི་ལྷ་རྣམས་དེ་ལྟར་ཕན་ཚུན་གཏམ་ཡང་དག་པར་རྗོད་པ་ན། དེ་ནས་ཡང་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་འཇིག་རྟེན་སྐྱོང་བ་བཞི་དག་འཛམ་བུའི་གླིང་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདུན་ས་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ ནས་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་ལྷའི་གཙོ་བོ་བརྒྱ་བྱིན་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བ་དང་ཡིད་རབ་ཏུ་དང་བ་དང་རང་གི་འོད་ཟེར་འབར་བ་གསལ་བས་མཆོད་པ་བྱེད་པ་ན་འཇིག་རྟེན་སྐྱོང་བ་བཞི་དག་གིས་རྒྱང་རིང་པོ་ཉིད་ནས་མཐོང་ངོ ། །དེ་ ནས་དེ་དག་གི་དྲུང་དུ་ཕྱིན་ནས་འཇིག་རྟེན་སྐྱོང་བ་བཞི་དག་གིས་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་སྤྱི་བོས་ཕྱག་འཚལ་ཏེ་སྨྲས་པ། འདི་ལྟར་ལྷའི་གཙོ་བོ་བརྒྱ་བྱིན་ལ་སོགས་པ་དགྱེས་པར་མཛོད་ཅིག་།ད་ལྟར་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པའི་མི་རྣམས་ཆོས་ནི་སྤྱོད། ཆོས་ མ་ཡིན་པ་ནི་མི་སྤྱོད་དེ། མར་འཛིན་པ་ཕར་འཛིན་པ་དགེ་སྦྱོང་དུ་འཛིན་པ་བྲམ་ཟེར་འཛིན་པ་རིགས་ཀྱི་རྒན་རབས་ཀྱི་རྗེས་སུ་འཇུག་པ་རྣམས་ཆོས་སྤྱོད་ཀྱིས་དགྱེས་པར་མཛོད་ཅིག་།དེ་ནས་དེ་དག་ལས་ཐོས་ནས་ལྷའི་གཙོ་བོ་བརྒྱ་བྱིན་ལ་སོགས་པ་ཡིད་རབ་ཏུ་དགའ་བ་མཆོག་ཏུ་ དགའ་སྟེ། དེ་ནས་ཡང་འཇིག་རྟེན་སྐྱོང་བ་དག་ལ་མཆོད་ནས། འདི་ལྟར་མིའི་འཇིག་རྟེན་ན་མི་ཆོས་པ་དང་ལྡན་པ་རྣམས་འཇིག་རྟེན་སྐྱོང་བ་དག་གི་ཀུན་དགའ་བའི་སྐལ་བར་གྱུར་ཅིག་།དེ་ནས་ལྷ་དེ་དག་ཐམས་ཅད་ཀུན་དགའ་བ་སྐྱེས་པར་རིག་ནས། ཤིང་ཡོངས་འདུ་ས་ བརྟོལ་གྱི་དྲུང་དུ་སངས་རྒྱས་བཅོམ་ལྡན་འདས་བླངས་པ་དེ་ནས་ཡང་མཆོད་ནས། ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་སངས་རྒྱས་བཅོམ་ལྡན་འདས་ཁྱེར་རོ། །ལྷ་གཞན་ལྷག་མ་གང་ཡིན་པ་དེ་དག་ནི་ཤིང་ཡོངས་འདུ་ས་བརྟོལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བརྒྱ་བྱིན་གྱི་མདུན་ དུ་འགྲོ་བ་ཡིད་རབ་ཏུ་དགའ་བ་རྣམས་ཤིང་ཡོངས་འདུ་ས་བརྟོལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། ཤིང་གི་རྒྱལ་པོ་དེའི་དྲུང་དུ་དབྱར་ཟླ་བ་བཞིའི་བར་དུ་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ལྷ་ཡིད་ 69-1-158a རབ་ཏུ་དགའ་བ་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ཅིང ། བདེ་བ་དཔེ་མེད་པ་ཉེ་བར་མྱོང་བར་བྱེད་དོ། །དེ་ལྟར་དེ་ཉིད་ན་གནས་པ་དབྱར་ཟླ་བ་བཞི་འདས་པ་དང་དེ་དག་གི་ནང་ནས་ལས་དང་ཚེ་ཟད་པའི་ལྷ་གང་ ཡིན་པ་དེ་དག་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མི་དང་སོ་སོ་ཡང་དག་པར་ མྱོང་བར་འགྱུར་བས། མི་དག་དང་སྐལ་བ་མཉམ་པར་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་གཟུགས་བཟང་ཞིང་ཤིན་ཏུ་བལྟ་ན་སྡུག་པ་དང་ཡིད་རབ་ཏུ་དགའ་བར་འགྱུར། རྟག་ཏུ་བདེ་ཞིང་བྱད་བཞིན་ཀུན་གྱིས་བལྟ་བར་མངོན་པར་དགའ་བ་དང་རྩེ་བ་ ལ་དགའ་བར་འགྱུར། རྟག་ཏུ་དགོད་པ་དང་དགའ་བ་དང་རྩེ་བ་ལ་དགའ་ཞིང་བུད་མེད་ཐམས་ཅད་ཀྱིས་བལྟ་བར་མངོན་པར་དགའ་བ་དང་ཤིན་ཏུ་བདེ་བ་དང་ལྡན་ཏེ། རྒྱལ་པོའམ་རྒྱལ་ཚབ་ཏུ་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་ དེས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སུམ་ཅུ་རྩ་གསུམ་པའི་ལྷ་འདྲེས་པའི་འགྲམ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང ། སེམས་ཅན་གཞན་ལ་ཕན་པར་འདོད་པའི་སེམས་ཡོངས་སུ་བསྒོམས་པའི་སྙིང་དང་ལྡན་པ་གང་གིས། ཡོན་ཏན་མཆོག་དང་ལྡན་པའམ། ཚུལ་ཁྲིམས་དང་ལྡན་པའམ། ཤེས་རབ་ དང་ལྡན་པའམ། ནད་པ་ལ་ཟན་གཅིག་ཙམ་བྱིན་པའམ། བདག་ཉིད་ཀྱང་སྲོག་གཅོད་པ་མི་བྱེད་ལ། ཤིང་ལྗོན་པའི་གསེབ་ན་གྲོག་སྦུར་རམ་སྲོག་ཆགས་མར་ཀོ་ཏ་ཀའམ། སེམས་ཅན་གྱི་རྣམ་པ་དེ་ལྟ་བུ་གཞན་དག་ལ་བ་ལང་རྫིའམ། ཕྱུགས་རྫིའམ། རྔ་མོའི་རྫིའམ། 69-1-158b གླང་པོ་ཆེའི་རྫིའམ། དེ་བཞིན་དུ་གཞན་བོང་བུའི་རྫིའམ། རྟ་རྫི་དགུན་གྱི་དུས་སམ། དགུན་སྨད་ཀྱི་དུས་སུ་གྲང་བས་ཉེན་ཏེ་འབྲོག་དགོན་པ་དག་ཏུ་ཕྱིན་ནས་མེ་བུས་ན། སྐྱེས་བུ་དམ་པ་སེམས་ཅན་ལ་ཕན་པར་ཞུགས་པ་དེས་མེ་དེ་ཆུའམ་ཐལ་བས་ཞི་བར་བྱས་ནས། སྲིན་བུ་དེ་དག་ ཐར་བར་བྱེད་པ་དང་གཞན་སྲོག་གཅོད་པ་བྱེད་པ་ཡང་ཕྱིར་ཟློག་པར་བྱེད། བདག་ཉིད་ཀྱང་མི་བྱེད་ལ་གལ་ཏེ་བྱས་པ་ཞིག་ཡོད་ན་ཡང་དེ་སྨོད་པར་བྱེད། སོ་སོར་འཆགས་པར་བྱེད། གཞན་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད། སྐྱོན་དུ་འགྲང་བར་མི་བྱེད་འཇོག་པར་མི་བྱེད། ལམ་བདེ་ བ་ལ་རབ་ཏུ་འཇོག་པར་བྱེད་དེ། དེ་ལྟར་རྣམ་པ་དེ་དག་དང་ཚུལ་དེ་དག་གིས་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་སྙམ་ན། འདི་ལ་མ་བྱིན་པར་ལེན་པ་མི་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་མི་བྱེད་པའི་རྣམ་པ་དུ་ཡོད་སྙམ་ན་འདི་ལྟ་སྟེ། དགུན་དང་དགུན་སྨད་གྲང་བའི་དུས་སུ་ཤིང་སྐམ་པོ་མེད་པ། ཤིང་ལྗོན་པ་མེད་པའི་དགོན་པར་ལམ་དུ་ཞུགས་པ་དེ་ན། བ་ལང་རྫིའམ། གླང་པོ་ཆེའི་རྫིའམ། རྔ་མོའི་རྫི་གྲང་བས་ཉེན་པ་དག་གིས་མེ་བུད་པའི་ཕྱིར་རམ། མཚན་མོ་བསྲོ་བར་བྱ་བའི་ཕྱིར། བ་ལང་གི་ལྕི་བའམ། གླང་པོ་ཆེའི་ལྕི་བའམ། ལོ་མའམ། འདབ་མའམ། ཤིང་བུར་དག་སྤུངས་ཏེ། བཞག་པ་དེ་དག་ལ་ལམ་དུ་ཞུགས་པ་དེ་གྲང་བས་ཤིན་ཏུ་ཉེན་པར་གྱུར་ཀྱང་ཕ་རོལ་གྱི་ཡིན་ནོ་སྙམ་དུ་བསམས་ནས། རྐུ་བའི་སེམས་ཀྱིས་ལེན་པར་མི་བྱེད། ཕ་རོལ་ལེན་པ་ཡང་ཟློག་པར་བྱེད། གལ་ཏེ་བདག་གིས་བླངས་ན། དེ་འཆགས་པར་བྱེད་ལ་ཕྱིར་ཞིང་མི་བྱེད། གཞན་དག་ཀྱང་ལམ་དགེ་བ་ལ་རབ་ཏུ་འཇོག་པར་བྱེད། གཞན་གྱིས་བླངས་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དེ། ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་མཇུག་མ་བྱིན་པར་ལེན་པ་ལས་བྱུང་བ་ཟློག་པར་བྱེད་ ཅིང ། བདག་ཉིད་ཀྱང་མི་བྱེད་པ་ཡིན་ཏེ། སྡིག་པའི་ལས་རྡུལ་ཕྲན་ཙམ་གྱིས་ཀྱང་འཇིགས་པར་ལྟ་བའི་སྐྱེས་བུ་དགེ་བ་དེ། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་ལྷ་འདྲེས་པའི་འགྲམ་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འདྲེས་ 69-1-159a པའི་འགྲམ་ན་གནས་པའི་ས་དེ་ཡང་འདི་ལྟ་སྟེ། དངུལ་གྱི་ས་གཞི་ལ་གསེར་རྣམས་ཀྱིས་བཀྲ་བར་བརྒྱན། གསེར་རྣམས་ཀྱིས་འགྲམ་དེ་ཡང་བཀྲ་བར་བརྒྱན་དངུལ་གྱིས་བཀྲ་བར་བརྒྱན་པ་ཡང་དེ་བཞིན་བཀྲ་བར་བརྒྱན། དེ་བཞིན་དུ་ཀེ་ཀེ་རུས་བཀྲ་བར་བརྒྱན་པ་དང ། དེ་བཞིན་དུ་རྡོ་རྗེ་མང་པོས་བཀྲ་བར་བརྒྱན་པ་ཡིན་ཏེ། དེ་ལྟར་ས་དེ་ལས་ཀྱི་འབྲས་བུ་དང་འཐུན་པར་རྣམ་པར་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། ཤིང་ལྗོན་པ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ཤིང་སྡུག་པར་བྱས་པ། ཀུན་ནས་ རི་དགས་དང་བྱ་སྡུག་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། རི་དགས་དང་བྱའི་ཁ་དོག་རྣམ་པ་སྣ་ཚོགས་ཀྱིས་འགྲམ་ཁེབས་པ། ཚལ་དང་ཉེ་བའི་ཚལ་ཡང་རིན་པོ་ཆེ་སྣ་བདུན་རྣམ་པ་དུ་མ་དག་གིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །དེ་ནས་ཚལ་དེ་ན་འདྲེས་པའི་འགྲམ་ ན་གནས་པའི་ལྷ་ཤིང་གསེབ་ན་འཁོད་པ་རྣམས་ལུས་ཀུན་གསེར་བཙོ་མས་བརྒྱན་ཅིང ། ལྷ་མོ་བརྒྱ་ཕྲག་སྟོང་གིས་ཡོངས་སུ་བསྐོར་བ། ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད་དེ། དེ་དག་རྣམ་པ་ཇི་སྲིད་དུ་འགྲམ་གང་དང་གང་ དུ་གནས་ཤིང་རིན་པོ་ཆེའི་འོད་གང་གིས་བརྒྱན་པའི་རྣམ་པ་དེ་སྲིད་དུ། ལུས་ཐམས་ཅད་ཀྱི་ཁ་དོག་ཏུ་འགྱུར་ཏེ། རིན་པོ་ཆེའི་ཤིང་ལྗོན་པ་དེ་རྣམས་ཀྱི་འོད་ཀྱིས་ལུས་ཐམས་ཅད་བརྒྱན་པ་ཉིད་ཡིན་ནོ། །ཤིང་ལྗོན་པ་དེ་དག་གི་དྲུང་དུ་སོང་ནས་བདེ་བ་སྣ་ཚོགས་དང་ལྡན་པ་རྣམས་ དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ལྟར་དེ་དག་གིས་དགའ་བར་བྱས་ནས། ལྷ་མོ་དེ་རྣམས་དང་ལྷན་ཅིག་ཏུ་འབབ་ཆུའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །འབབ་ཆུའི་ཚལ་དེ་ཡང་ཀུན་ནས་གསེར་གྱི་ཤིང་ལྗོན་པ་འགྲམ་ནས་སྐྱེས་པ་རྣམས་ཀྱིས་ཁེབས་པ་ཡིན་ཏེ། ཤིང་ ལྗོན་པ་དེ་རྣམས་ཀྱི་ལོ་མ་སེར་པོས་ཁེབས་པའི་འོད་ཀྱིས་འབབ་ཆུ་ཀུན་ནས་ཆུ་སེར་པོར་གྱུར་ཏེ། དེ་དག་དྲག་ཏུ་འབབ་ཀྱང་དེ་དཀར་པོ་ཉིད་དུ་མི་མངོན་ནོ། །ཤིང་ལྗོན་པ་རྣམས་ཀྱི་གསབ་གསེབ་ན། ལྷ་གང་དག་ལྷ་མོ་དང་ལྷན་ཅིག་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་པ་དེ་ 69-1-159b དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཤིང་ལྗོན་པ་རྣམས་ཀྱི་ཡལ་ག་དག་རྡོལ་ནས། བདག་ཅག་རྣམས་ཀྱི་ཆང་ཞིམ་པོ་འབྱུང་བར་གྱུར་ཅིག་ཅེས་སྙམ་མོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་ཤིང་ལྗོན་པ་དེ་དག་རྡོལ་ནས། ལྷ་རྣམས་ཀྱི་དགེ་བའི་ལས་དེས་ཆང་རོ་དང་མདོག་དང ། དྲི་སྣ་ཚོགས་དང་ལྡན་པ་དག་བྱུང་ནས། ཤིང་ལྗོན་པའི་ཡལ་ག་དག་ལས་འབབ་བོ། །དེ་འབབ་པ་ན་ལྷ་དག་གིས་མངོན་པར་མཐོང་ནས། སྣོད་རྣམ་པ་སྣ་ཚོགས་ཀྱིས་བཅུས་ཏེ། རིན་པོ་ཆེའི་སྣོད་རྣམ་པ་སྣ་ཚོགས་ཐོགས་ནས། དེ་དག་འཐུང་བར་བྱེད་དེ། ལྷའི་ཆང་ བདེ་བ་དེས་བརྒྱ་སྙེད་དུ་མྱོས་སོ། །ཆང་དེས་མྱོས་པ་རྣམས་བུད་མེད་མཐོང་བའི་བདེ་བ་སྲེད་པའི་མེས་ཀུན་ནས་སྲེག་པར་བྱེད་ཀྱང ། བསྲེགས་སོ་སྙམ་དུ་མི་སེམས་ཏེ་བདེ་བས་བསྒྲིབས་པ་རྣམས་སེམས་པ་མེད་དོ། །དེ་ནས་ཡང་ལྷ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཇི་ལྟ་ ཇི་ལྟར་ལྷའི་ཐོས་པ་ཉམས་དགའ་བ་རྟག་ཏུ་དགའ་བར་བྱེད་པའི་རོལ་མོ་རྣམ་པ་སྣ་ཚོགས་བདག་ཅག་གིས་མཉན་པར་བྱའོ་སྙམ་མོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་བཞི་པ། དེ་ལྟར་སེམས་བསྐྱེད་མ་ཐག་ཉིད་དུ་དགེ་ བའི་ལས་དེས་རོལ་མོའི་སྒྲ་ཤིང་ལྗོན་པ་རྣམས་ལས་འབྱུང་སྟེ། ཤིང་དེ་དག་རླུང་གིས་སྐྱོད་པར་བྱེད་དོ། །དེ་དག་བསྐྱོད་པ་ན་ལོ་མ་དེ་དག་ལས་རྣམ་པ་འདི་ལྟ་བུའི་སྒྲ་འབྱུང་སྟེ། ཇི་ལྟར་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་སྙན་སིམ། ཞེས་བྱེད་པ་དང་ཡང་དག་པར་ལྡན་པ་དེ་ ལྟ་བུའི་སྒྲ་ཤིན་ཏུ་ཐོས་པར་འགྱུར་རོ། །སྒྲ་དེ་དག་ཐོས་ནས་ཀྱང་ལྷ་དེ་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་ད་ནི་ཤིང་དག་ལས་བདུད་རྩི་འབྱུང་བར་གྱུར་ཅིག་སྙམ་མོ། །དེ་ལྟར་སེམས་བསྐྱེད་མ་ཐག་ཉིད་དུ་ཇི་ལྟར་ཟོ་བ་ཁ་ཐུར་དུ་བསྟན་པ་རྣམས་ཀྱི་ནང་ནས་ཁ་ར་འམ་ཁ་རའི་ དུམ་བུ་ཁ་དོག་དཔེ་མེད་པ་དང་ལྡན་པ་འབྱུང་བ་དེ་བཞིན་དུ་ཤིང་ལྗོན་པ་རྣམས་ལས་བདུད་རྩི་འབྱུང་སྟེ་དེ་དག་ལྷ་རྣམས་ཟ་བར་བྱེད་དོ། །དེས་ཚིམ་ནས་གླུ་དབྱངས་དང ། སིལ་སྙན་གྱི་སྒྲ་འབྱུང་བ་རྣམས་ཉེ་བར་ལེན་བཞིན་དུ་རིན་པོ་ཆེའི་ས་ག་ལ་བ་དེར་ལྷ་མིག་མི་འཛུམས་པར་རྒྱུ་བ་ 69-1-160a རྣམས་འདོང་བར་བྱེད་དོ། །དེ་དག་རིན་པོ་ཆེའི་སར་དོང་ནས་ཕན་ཚུན་གྲོགས་སུ་གྱུར་པ། འདོད་ཆགས་ལྷུར་འཛིན་པར་སེམས་པ་ཡིན་ཏེ། དེར་ཡིད་ཞུགས་པ་དེར་དགའ་བར་གྱུར་པ་དེ་དང་འཐུན་པའི་སྤྱོད་པ་དང་དགའ་བའི་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །ཚལ་དེ་ནས་ཡང་ཀུན་ནས་ཚལ་ཞེས་བྱ་བ་དེར་འགྲོ་བར་བྱེད་འདོང་བར་བྱེད་དོ། །ཚལ་དེ་ན་བྱའི་རིགས་བདུན་ལ་འདི་ལྟ་སྟེ། གསེར་གྱི་ངང་པ་ཁ་ཅིག་རིན་པོ་ཆེ་སྣ་བདུན་ལྟ་བུ་དང ། ནེ་ཙོ་ཁ་དོག་ སྣ་ཚོགས་སུ་འདུག་པ། ཁ་ཅིག་ཨན་ད་རྙིལ་ལྟ་བུ་དང ། བྱ་ཀཱ་རཎྜ་བ་ཁ་ཅིག་ཀེ་ཀེ་རུའི་མདོག་ལྟ་བུ་དང ། ཁ་ཅིག་བཻ་ཌཱུརྱ་ལྟ་བུ་དང ། ངུར་པ་ཁ་ཅིག་ཨན་ད་རྙིལ་ལྟ་བུ་ཡིན་ལ། ཁ་ཅིག་སྤུག་ལྟ་བུ་དང་རྨ་བྱ་ཁ་དོག་རིན་པོ་ཆེ་སྣ་བདུན་ལྟ་བུ་ཡིན་ལ། ཁ་ཅིག་མཐོན་ཀ་ལྟ་བུ་དང ། ཤང་ཤང་ཏེའུ་ཡང་སྣ་ཚོགས་སུ་འདུག་སྟེ། ཁ་ཅིག་བྱི་རུ་ལྟ་བུ་དང ། བྱ་ཀ་ལ་པིང་ཀ་རིན་པོ་ཆེ་སྣ་བདུན་ལྟ་བུ་ཡིན་ལ། ཁ་ཅིག་དངུལ་གྱི་མདོག་ལྟ་བུ་ཡིན་ནོ། །དེ་དག་ཐམས་ཅད་མཐོང་བ་བདེ་བ། སྒྲ་སྙན་ཅིང་འཇེབས་པ་འབྱིན་པ་ལ་མཁས་པ་ཡིན་ཏེ། ཁ་ཅིག་ནམ་མཁའ་ ལ་བདག་ཉིད་ཕན་ཚུན་འཁོར་ལོ་བཞིན་བྱས་ནས་རྩེ་བར་བྱེད་དེ། ཇི་ལྟར་ལྷ་རྣམས་ཀྱི་རོལ་མོའི་སྒྲ་འབྱུང་བ་དེ་ལྟར་ཡོངས་སུ་འབྱིན་པར་བྱེད་ཅིང ། ཇི་ལྟར་ལྷ་མོའི་ཚོགས་ཡན་ལག་ལྔ་དང་ལྡན་པ་ལ་ཤིན་ཏུ་ཆགས་པར་འགྱུར་བ་དེ་ལྟར་སྒྲ་གཞན་དག་འབྱུང་བར་བྱེད་དོ། །གཞན་ཁ་ ཅིག་པད་མའི་ཚལ་བུང་བའི་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་པ་རྣམས་སུ་བྱ་མོ་རྣམས་དང་ལྷན་ཅིག་བཅས་པར་དགའ་བར་བྱེད་སྐད་འབྱིན་པར་བྱེད་དོ། །གཞན་དག་སྐམ་ས་ལ་འདུག་ནས་བྱ་མོ་རྣམས་དང་ལྷན་ཅིག་བཅས་པར་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །གཞན་ དག་གསེར་དང་དངུལ་གྱི་ཤིང་ལྗོན་པ་འདབ་མ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་པ་རྣམས་ཀྱི་ནང་ན་དེའི་གྲིབ་མས་ལུས་མངོན་པར་བརྒྱན་པ་རྣམས་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དེ། དེ་ལྟར་བྱ་དེ་དག་དགའ་བར་བྱེད་དོ། །དེ་ནས་བྱ་དེ་རྣམས་ཡོངས་སུ་རྩེ་བ་ན་ལྷ་དེ་རྣམས་ཀྱིས་ 69-1-160b མཐོང་ནས། དེ་ནས་ཡང་རབ་ཏུ་དགའ་བའི་ཡིད་དང་རྣར་སྙན་པའི་ཡིད་ཀྱིས་བྱའི་སྒྲ་རྣམ་པ་སྣ་ཚོགས་འབྱིན་པ་བདེ་བར་ཐོས་སོ། །དེ་ནས་ལྷ་དེ་དག་དང་ལྷ་མོ་དེ་དག་ཀྱང་ནམ་མཁའ་ལ་རྒྱུ་བ་དེ་དག་གི་ནང་དུ་ཞུགས་ནས། ནམ་མཁའ་ལ་རྒྱུ་ཞིང་རྩེ་བར་བྱེད་དོ། །དེ་བཞིན་དུ་བྱ་ཆུ་ལ་ རྒྱུ་བ་རྣམས་དང་ལྷན་ཅིག་ཆུའི་ནང་ན་རྒྱུ། སྐམ་ལ་རྒྱུ་བ་རྣམས་དང་ལྷན་ཅིག་སྐམ་ལ་རྒྱུ་ཞིང་རྩེ་བར་བྱེད་དོ། །ལྷ་དེ་དག་ཀྱང་ལྷ་མོ་རྣམས་དང་ལྷན་ཅིག་བྱ་དེ་དག་དང་དེ་བཞིན་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་དགེ་སློང་དེས་ལྷ་དེ་དག་དང་བྱ་དེ་དག་མཚུངས་པར་ འདོད་པས་སེམས་ཕྲོགས་ཤིང་མྱོས་པ་རྣམས་ལ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དུད་འགྲོ་འདོད་པ་སྤྱོད་པ་དག་།གཏི་མུག་གིས་ནི་བསྐྱོད་པ་ཡིན། །དེ་ལྟ་བས་ན་ལྷ་རྣམས་ནི། །ལྷ་དང་དུད་འགྲོ་མཚུངས་པ་ཡིན། །སྐལ་བ་བཟང་པོ་ཐོབ་པའི་མི། །བག་མེད་རྣམས་ལ་མི་སྤྱོད་ ན། །དེ་ནི་མཁས་པ་ཞེས་བརྗོད་དེ། །དེ་ལས་ཟློག་པ་གཞན་ཡིན་ནོ། །ལྷ་རྣམས་བག་མེད་པ་ཡིས་ཕྲོགས། །སེམས་ཅན་དམྱལ་བར་རབ་ཏུ་འགྲོ། །དེ་ལྟ་བས་ན་མཁས་པ་རྣམས། །བག་མེད་དུག་དང་འདྲ་བར་བརྗོད། །བློ་ཞན་བག་མེད་རྣམ་དག་གིས། །སྔར་ནི་བདེ་བ་ལྟ་ བུར་མཐོང ། །བག་མེད་ལས་བྱུང་འབྲས་ཐོབ་ནས། །དོན་མེད་དེ་ནི་ཕྱིས་གདུང་ངོ ། །སྐྱེ་བོ་མཁས་པས་བག་མེད་པ། །དོན་ཀུན་མེད་པར་བྱེད་མཐོང་ནས། །དེ་ལྟར་དེ་ལས་གཞན་དགེ་བ། །གང་ཡིན་བག་མེད་མི་སྟེན་ཏོ། །བག་མེད་གཞན་དུ་སྡུག་བསྔལ་ཞིང ། །བག་ཡོད་གཞན་ དུ་བདེ་བ་སྟེ། །བག་མེད་པ་དང་བག་ཡོད་ད་དག་།མཚན་ཉིད་བསྡུས་ཏེ་བཤད་པ་ཡིན། །གང་ཞིག་སྡུག་བསྔལ་འདོད་འགྱུར་བ། །དེ་ནི་བག་མེད་སྟེན་པར་བྱེད། །གང་ཞིག་ཤིན་ཏུ་བག་མེད་པ། །ནམ་ཡང་བདེ་བ་མི་འཐོབ་བོ། །བག་མེད་བྲལ་བ་དམ་པ་ནི། །འཆི་བ་མེད་པའི་ གནས་སུ་འགྲོ། །གང་ཞིག་ཤིན་ཏུ་བག་ཡོད་པ། །དམྱལ་བའི་སྡུག་བསྔལ་མི་མྱོང་ངོ ། །གལ་ཏེ་བློ་ཞན་ལྷ་རྣམས་དང ། །དུད་འགྲོ་མཚུངས་པར་རྩེ་བྱེད་ན། །ལྷ་རྣམས་དང་ནི་དུད་འགྲོ་དག་།ཁྱད་པར་མེད་པ་ཉིད་ཡིན་ནོ། །ལྷ་དང་ལྷ་མ་ཡིན་དང་ནི། །ཡི་དགས་དེ་བཞིན་དམྱལ་བ་རྣམས། ། 69-1-161a རིས་འཐུན་བློ་དང་འགྲོ་བ་དག་།ཀུན་དུ་མི་འཐུན་ཐ་དད་དོ། །བློ་མི་འཐུན་པས་ལས་མི་འཐུན། །ལས་མི་འཐུན་ལས་དེ་བཞིན་འགྲོ། །ལས་མི་འཐུན་པ་སྣ་ཚོགས་ལས། །འགྲོ་བ་རྣམས་ཀྱང་སྣང་བ་ཡིན། །ལས་རྣམས་སྣ་ཚོགས་ཐ་དད་པས། །ལྷ་རྣམས་ཤིན་ཏུ་བག་ མེད་དེ། །ལྷ་ཡི་འཇིག་རྟེན་ལས་ལྟུང་བ། །ཁོང་དུ་ཆུད་པར་མི་འགྱུར་རོ། །གང་ཚེ་ལྷ་ཡི་འཇིག་རྟེན་ལས། །ལྟུང་བར་འགྱུར་བ་དེ་ཚེ་ལྷ། །ཁྱེད་ཀྱི་སྡུག་བསྔལ་ཉེ་བ་ཡིན། །བདག་ཉིད་བདེ་བ་ཤེས་པར་གྱིས། །དེ་ལྟར་རྟོག་པས་རྣམ་པར་ཉམས། །བག་མེད་པས་ཀྱང་བསླུས་པ་ ཡིན། །སྲེད་པས་གདུངས་པའི་ལྷ་རྣམས་ནི། །སེམས་ཅན་དམྱལ་བར་ལྟུང་བར་འགྱུར། །ལྷ་དག་དམྱལ་བར་གང་སོང་བ། །འདི་ནི་ཤིན་ཏུ་དཔྱ་བ་ཡིན། །རྩེ་མོ་ཉམས་སུ་ལེན་འགྱུར་རྣམས། །གནོད་པ་མི་བཟད་ཉམས་སུ་མྱོང ། །སྲོག་ཆགས་སེམས་ནི་རྨོངས་པ་དག་།འཁོར་བ་ལས་ནི་ ཡིད་མི་འབྱུང ། །སྲེད་པས་ཡོངས་སུ་བསླུས་པ་རྣམས། །སྡུག་བསྔལ་ལས་ནི་སྡུག་བསྔལ་འཐོབ། །དེ་ལྟར་དགེ་སློང་དེས་ལྷ་དེ་རྣམས་ནི་ཤིན་ཏུ་བག་མེད་པ་ཁོང་དུ་ཆུད་ནས་རྗེས་སུ་སྟོན་པར་བྱེད་དོ། །དེ་ནས་ལྷ་དེ་རྣམས་ཡུལ་གྱི་བདེ་བ་ཐམས་ཅད་ཉེ་བར་མྱོང་ཡང ། ཇི་ལྟར་མེ་ཤིང་ལ་ མཆེད་པ་ལྟར་ཡུལ་རྣམས་ཀྱིས་ཚིམ་པ་ཉིད་མེད་དེ། ཇི་སྲིད་དུ་ལས་བྱས་ཤིང་བསགས་པ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་ལ། དེའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་བདེ་བ་རྗེས་སུ་མྱོང་བར་བྱེད་དོ། །དེ་ཟད་ནས་དེ་ནས་ཡང་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ཤིན་ཏུ་བདེ་བར་འགྱུར། ཟས་དང་སྐོམ་མང་བའི་ཡུལ་དུ་ནོར་དང་འབྲུའི་བང་མཛོད་མང་པོ་འབྱོར་པ་དང་རྒྱལ་པོའམ་བློན་པོ་ཆེན་པོ་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་ 69-1-161b བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་ཚང་ཚིང་གི་འགྲམ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་སྐྱེས་བུ་དམ་པ་སེམས་དགེ་བར་བསྒོམས་ པའི་སྙིང་དང་ལྡན་པ་གང་གིས་བསམ་གཏན་དང་པོ་ཐོབ་པའི་དགེ་སློང་དག་ལ་བསོད་སྙོམས་བྱིན་ཞིང་གཞན་དག་ཀྱང་སྦྱིན་དུ་འཇུག་།བྱིན་པ་ལ་རྗེས་སུ་ཡི་རང་བར་བྱེད། གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་དགའ་བར་བྱེད། རབ་ཏུ་འཛུད་པར་བྱེད་རབ་ཏུ་འཇོག་པར་བྱེད་དེ། དེ་ལྟར་སྦྱིན་ པ་ལ་བདག་ཉིད་མངོན་པར་དགའ་བ་ཡིན། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་དང་བྲལ་བ་ཇི་ལྟ་བུ་ཞིག་ཡིན། འདི་ལ་མ་བྱིན་པར་ལེན་པ་སྤངས་པ་རྣམ་པ་དུ་ཡོད་རྣམ་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་ལམ་དུ་ཞུགས་པ་ན་ཁྲོན་པ་དང་ལྟེང་ཀ་དང་འབབ་ཆུ་དག་ཏུ་འགྲོན་པོ་རྣམས་ལ་ཕན་ པར་བྱ་བའི་ཕྱིར་ཆུ་རྫའམ་ཁམ་ཕོར་སྦྱར་བ་གང་ཡིན་པ་དེ་དག་ལ་གཞན་གྱིས་འདི་ལྟར་དབྱེ་འདི་ནི་རྒྱ་ཆེ་ཞིང་ཕྱོགས་གཞན་ན་ཡང་ཆུ་མེད་ལ་བདག་ཅག་ལ་ཡང་ཆུ་སྣོད་ཆུ་རྫའམ་ཕྲུ་བ་ཁྱེར་བ་མེད་དེ། དེ་གལ་ཏེ་བདག་ཅག་གིས་ཁྲོན་པའི་ཕྱོགས་དེ་ནས་མ་ཁྱེར་ན་སྐོམ་པས་བདག་ཅག་གི་སྲོག་ ཆད་པར་འགྱུར་རོ། །ཞེས་བསྐུལ་ཀྱང་དེ་ལེན་པར་མི་བྱེད་པ་ཡིན་ཏེ། བདག་ཉིད་སྐོམ་པར་ཤེས་ཀྱང་མ་བྱིན་པར་ལེན་པའི་འཇིགས་པས་ཆུ་རྫའམ་ཁམ་ཕོར་ལེན་པར་མི་བྱེད་ལ་གཞན་ལེན་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད། ཕྱིར་ཟློག་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་ འཇོག་པར་བྱེད་དེ། དེ་ལྟར་མ་བྱིན་པར་ལེན་པ་སྤངས་པ་ཡིན་ཞིང་རྣམ་པ་དེ་དག་ཡིན་ཏེ་སྲོག་ཆད་པར་འགྱུར་ཡང་མ་བྱིན་པར་ལེན་པ་མི་བྱེད་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་ཡིན་རྣམ་པ་དུ་ཡོད་ཅེ་ན། འདི་ལ་བདག་ཉིད་སྲོག་གཅོད་པར་མི་བྱེད་གཞན་བྱེད་པ་ཡང་ ཕྱིར་ཟློག་པར་བྱེད། རབ་ཏུ་མི་འཇོག་པར་བྱེད། བྱས་ན་ཡང་སྐྱོན་དུ་འགྲང་ཞིང་མང་དུ་སྨོད་པར་བྱེད་པ་ཡིན་ནོ། །འདི་ནི་སྐར་ཁུང་ནས་འོང་བའམ་གཡོགས་པའི་སྟེང་ན་འདུག་པའམ་ཉི་མའམ་དུད་པས་གདུངས་པ་ན་སྲིན་བུ་ཕྲེའུའམ་གྲོག་སྦུར་ཕྲ་མོ་དག་ལ་ཡང་ཀུན་ནས་གནོད་ 69-1-162a པའི་སེམས་ཀྱིས་གནོད་པར་མི་བྱེད། སྲོག་དང་བྲལ་བར་མི་བྱེད། །གཞན་བྱེད་ན་ཡང་ཕྱིར་ཟློག་པར་བྱེད། སྐྱོན་དུ་འགྲང་བར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད། དགེ་བའི་མི་བདག་ཉིད་དགེ་བ་བྱེད་ཅིང་གཞན་ཡང་རབ་ཏུ་འཇོག་པར་བྱེད་པ་དེ་ལུས་དང་བྲལ་ནས་ བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་འདྲེས་པའི་འགྲམ་ན་གནས་པའི་སར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་དགེ་བའི་ལས་ལ་སྤྱོད་པ། ལས་བྱས་པའི་རྣམ་པར་སྨིན་པ་ལས་འབྱུང་བ་ནི་འདི་ལྟ་སྟེ། དུས་ཀྱི་་ ཚལ་རྒྱ་ཆེ་ཞེས་བྱ་བ་འབྱུང་སྟེ། ཚལ་དེ་ན་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་གསལ་བ་རིན་པོ་ཆེ་ཨན་ད་རྙིལ་དང ། བཻ་ཌཱུརྱའི་འོད་དྲི་མ་མེད་ཅིང་གསལ་ལ་བྱ་སྣ་ཚོགས་སྒྲ་འབྱིན་པ་རྣར་སྙན་པ་དུས་ཚིགས་དྲུག་ཏུ་རྟག་པར་ཤིང་ལྗོན་པ་མེ་ཏོག་མཆོག་རབ་ཏུ་རྒྱས་པ་འབབ་ཆུ་དང་ཆུ་ཀླུང་དང་ལྟེང་ ཀས་བརྒྱན་པ་རིན་པོ་ཆེ་ཨན་ད་རྙིལ་དང་བཻ་ཌཱུརྱའི་པད་མ་ཉམས་དགའ་བ་གསེར་བཙོ་མའི་རི་བོ་མཐོན་པོས་བརྒྱན་པ་ཆུ་ན་རྒྱུ་བ་དང་སྐམ་ལ་རྒྱུ་བའི་བྱ་རི་བོ་མཐོན་པོའི་གསབ་གསེབ་དང་འགྲམ་ན་གནས་པ། གཟུགས་དང་ཆ་བྱད་སྣ་ཚོགས་སུ་འདུག་པ། སྒྲ་སྐད་ཆེན་པོ་འབྱིན་པ་རྣམས་ ཀྱིས་བརྒྱན་པ་དགེ་བའི་ལས་ཀྱི་འབྲས་བུས་སྤྲུལ་པ་ན། ལྷ་དེ་དགེ་བའི་ལས་ཀྱི་འབྲས་བུ་ལ་སྤྱོད་དེ་ཡུན་རིང་དུ་བདེ་བ་རྒྱུན་མི་འཆད་པར་སྤྱོད་དོ། །ལྷ་མོའི་ཚོགས་རྣམ་པ་སྣ་ཚོགས་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང ། ལྷའི་ཕྲེང་བ་དང་གོས་གྱོན་ལ་དཔལ་རྣམ་པ་སྣ་ཚོགས་ཀྱི་གཟུགས་ དང་ལྡན་པ་དེ། ལྷ་མོ་དེ་དག་ཉེ་བར་གླུ་དབྱངས་ལེན་ཅིང་ཡོངས་སུ་སྤྱོད་པ་ན། ཚལ་དེར་རྣམ་པར་རྒྱུ་བར་བྱེད་དོ། །དེ་རྒྱུ་བ་ན་དགེ་བའི་ལས་དེས་བསྐུལ་བའི་བྱ་རྣམས་ཀྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དགེ་བའི་ལས་ཀྱིས་སྐྱེ་བོ་དག་།ལྷ་ཡི་ཡུལ་དུ་མཆོད་པར་འགྱུར། ། དེ་ལྟར་མི་དགེས་དམྱལ་བར་ཁྲིད། །ལས་ཀྱི་འགྱུར་བ་དེ་འདྲའོ། །ལྷ་ཡི་འཇིག་རྟེན་ཐོབ་ནས་སུ། །ལྷ་གང་ཁྱད་དུ་གསོད་མི་བྱེད། །གང་དུ་སྲེད་པས་མི་གནོད་པ། །དེ་ནི་བདེ་ལས་བདེ་བར་འགྲོ། །ལས་ཀྱི་ཐག་པ་རིང་པོ་ཡིས། །སྲིད་པར་རྒྱུ་བ་བཅིངས་པ་རྣམས། །དགྲ་དག་འཁོར་ 69-1-162b ལོས་བཅིངས་པ་ལྟར། །དབང་མེད་ལས་ཀྱིས་འཁྱམ་པར་བྱེད། །ཇི་ལྟར་མཁའ་ལ་རླུང་ཤུགས་ཀྱིས། །ཕྱག་དར་དུམ་བུར་གཏོར་བ་ལྟར། །དེ་ལྟར་སྲིད་པར་རྒྱུ་བ་རྣམས། །སྟེང་དང་ཐད་ཀར་འཁྱམ་པར་འགྱུར། །ཇི་ལྟར་རྒྱུ་དང་རྐྱེན་དག་ལས། །པད་མ་བྱུང་བ་མཛེས་པ་ལྟར། ། དེ་བཞིན་དགེ་བའི་ལས་ཀྱིས་སུ། །ལྷ་ཡུལ་དུ་ནི་བྱུང་བ་མཛེས། །ཇི་ལྟར་ཤེལ་ནི་རབ་དང་ཞིང ། །ཇི་ལྟར་ནམ་མཁའ་རབ་དང་ལྟར། །དེ་ལྟར་སེམས་ནི་རབ་དང་བ། །བདེ་བ་མཆོག་ཏུ་འགྲོ་བར་འགྱུར། །དེ་ཡིས་ལྔ་དག་བསྲུངས་པ་ཡིས། །རྟག་ཏུ་བཅིངས་པ་གསུམ་ལས་གྲོལ། ། ཆོས་གཅིག་ལས་ནི་རབ་འདས་པ། །ལྷ་ཡི་འཇིག་རྟེན་མཆོད་པར་འགྱུར། །ངོ་ཚ་མེད་ཅིང་ཁྲེལ་མེད་དང ། །རྒོད་དང་སྡིག་པའི་གྲོགས་པོ་ནི། །འདི་དག་དུག་དང་མེ་དང་འདྲ། །མཁས་པས་དེ་དག་བསྲུང་བར་གྱིས། །བདེན་དང་སྦྱིན་དང་དེ་བཞིན་དུ། །བཟོད་དང་རྟག་ཏུ་དགེ་བཤེས་ གཉེན། །འབྱུང་པོ་རྣམས་ལ་རྟག་བྱམས་པ། །ལྷ་ཡུལ་གྱི་ནི་ལམ་རྒྱགས་ཡིན། །མི་དག་སེམས་ལ་གཡོ་མེད་པ། །བདེ་བས་བསྐྱོད་པ་མཉམ་བཞག་པ། །རང་གི་ལས་འབྲས་མངོན་སུམ་སྟེ། །ལྷ་ཡི་གནས་སུ་འོངས་པ་ཡིན། །ཆོས་དང་ཆོས་མིན་གཙོར་འཛིན་པ། །ཀུན་ ནས་འཇིག་རྟེན་སྲོག་ཡིན་ཏེ། །འདི་ལྟར་ཆོས་ལས་སྐྱོབ་གཞན་མེད། །དེ་བས་ཆོས་ལ་དགའ་བར་གྱིས། །གང་ཞིག་ཆོས་ནི་ཡོངས་སྤངས་ནས། །མི་དག་ཉེས་པར་བྱེད་ལ་དགའ། །དེ་ནི་ཉེས་པས་གདུངས་པ་ཡིས། །རྟག་ཏུ་སྡུག་བསྔལ་ཉིད་དུ་འགྱུར། །ལྷ་ཡི་འཇིག་རྟེན་ཐོབ་ ནས་སུ། །བག་མེད་རྣམས་ལ་ཆགས་གྱུར་པ། །དེ་ནི་དགེ་བའི་ལས་མཐའ་ཟད། །འཆི་བའི་མཐའ་ནི་མི་རིག་གོ། །གང་ན་འཆི་བར་འགྱུར་བ་མེད། །དེ་ནི་གཏན་དུ་བདེ་དང་ལེགས། །འཆི་བའི་ཞགས་པས་བཅིངས་པ་དག་།ནམ་ཡང་བདེ་བ་ཡོད་མ་ཡིན། །ཇི་ལྟ་ཇི་ལྟར་བདེ་ ཐོབ་པ། །དེ་ལྟར་སྲེད་པའི་ཚོགས་འཕེལ་ལོ། །སྲེད་པའི་མེ་ཡིས་གདུངས་པ་ནི། །སེམས་ཅན་དམྱལ་བར་ཉེ་བར་འདྲེན། །ལྷ་ལ་བག་མེད་མི་རིགས་ཀྱིས། །ཤིན་ཏུ་བག་མེད་མ་བྱེད་ཅིག་།བག་མེད་ཉེས་པས་རྣམ་ཉམས་པ། །སུམ་ཅུ་རྩ་གསུམ་གནས་ནས་འཆི། །དེ་ལྟར་བྱ་ 69-1-163a དེ་རྣམས་ཀྱིས་རྗེས་སུ་བསྟན་པ་ན། ལྷ་མོས་ཡིད་གཡེངས་ཤིང་ཡུལ་གྱི་སྲེད་པས་བློ་གྲོས་དང་བློ་ཕྲོགས་པ་དང་བྱའི་སྒྲ་རྣམ་པར་འབྱིན་པ་བདེན་པ་དེ་ཐོས་པར་མི་འགྱུར་ལ། དེ་ཚལ་དང་ཉེ་བའི་ཚལ་དང་ལྟེང་ཀ་དང་འབབ་ཆུ་དག་ལ་རྗེས་སུ་སྟེན་པར་བྱེད་དོ། །དེ་གལ་ཏེ་ ཀུན་དགའ་ར་བ་བདེ་བར་གནས་པའི་ལྟེང་ཀ་ཞེས་བྱ་བ་རི་མཐོ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །རི་མཐོ་བ་དེ་ན་བྱ་མངོན་པར་དགའ་བ་ཞེས་བྱ་བ་བྱ་མོ་རྣམས་དང་ལྷན་ཅིག་ཕན་ཚུན་དགའ་ཞིང་ཕན་ཚུན་ཤིན་ཏུ་ལྟ་འདོད་པ་དག་ལྟེང་ཀ་དང་པད་མའི་ཚལ་སྣ་ཚོགས་དེ་རྣམས་སུ་རྩེ་བར་བྱེད་དོ། ། དེ་ནས་བྱ་དེ་རྣམས་མཐོང་ནས་ལྷ་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་བྱ་གཟུགས་སྣ་ཚོགས་ཅན་འདི་དག་སྒྲ་སྣ་ཚོགས་འབྱིན་ཅིང་ཉམས་དགའ་བར་བྱེད་པ་ཡིན་ཏེ། མཐོ་རིས་ཀྱི་བྱ་བསྡུས་པ་ཐམས་ཅད་འཐུན་པར་སྒྲ་འབྱིན་པའམ་སྣ་ཚོགས་སུ་སྒྲ་འབྱིན་པར་བྱེད་པའི་བྱ་དེ་རྣམས་ ཀྱི་སྟེང་དུ་གནས་བཅས་ལ་བདག་ཞོན་ཏེ།ཚལ་དང་ཉེ་བའི་ཚལ་དང་ལྟེང་ཀ་དག་བལྟ་བར་བྱའོ་སྙམ་མོ། །དེ་ནས་སེམས་བསྐྱེད་མ་ཐག་ཉིད་དུ་ལྷ་དེ་དག་གི་བྱ་རྣམས་ལུས་ཆེན་པོར་གྱུར་ནས། ལྷ་དེ་དག་ག་ལ་བ་དེར་མྱུར་དུ་ཉེ་བར་འདོང་བར་བྱེད་དོ། །དེ་ནས་ལྷ་དེས་བྱ་དེ་དག་ལ་ལག་ གིས་ཉུག་པར་བྱེད་དོ། །བྱུགས་ནས་ཀྱང་ཞོན་ནོ། །དེ་ནས་བྱ་རྣམས་ལ་ཞོན་མ་ཐག་ཉིད་དུ་ལས་སྤྲུལ་པ་མངོན་པར་དགའ་བའི་བྱའི་ཚོགས་དག་ནམ་མཁའ་ལ་འདོང་བར་བྱེད་དོ། །དེ་ནས་བྱ་སྣ་ཚོགས་པ་དེ་རྣམས་ཀྱི་རྒྱབ་ཏུ་ཞོན་མ་ཐག་ཉིད་དུ་ཡིད་ལ་རིན་པོ་ཆེ་སྣ་བདུན་གྱི་གཞལ་ མེད་ཁང་ཚལ་དང་ཉེ་བའི་ཚལ་དང་ལྟེང་ཀ་དང་འབབ་ཆུ་དང་པད་མ་ཕུན་སུམ་ཚོགས་ཤིང་བྱ་རྣམ་པ་སྣ་ཚོགས་ཉེ་བར་རྩེ་བར་སེམས་པར་བྱེད་དོ། །དེ་ནས་སེམས་བསྐྱེད་མ་ཐག་ཉིད་དུ་བྱ་དེ་རྣམས་ཀྱི་རྒྱབ་ཏུ་གཞལ་མེད་ཁང་དེ་དག་ཇི་ལྟར་ལྷ་དེས་ཡིད་ལ་བསམས་པ་དེ་བཞིན་དུ་འབྱུང་ ངོ ། །དེ་ནས་ལྷ་དེ་དག་གི་ཕྱི་བཞིན་དུ་ལྷ་མོ་ཆ་བྱད་རྣམ་པ་སྣ་ཚོགས་ཐོགས་པ་དག་རྗེས་སུ་འབྲང་ཞིང་ཉེ་བར་སྤྱོད་པ་ན་ནམ་མཁའི་དཀྱིལ་ནས་འདོང་སྟེ་ཡུལ་ནས་ཡུལ་དག་ཏུ་འདོང་བར་བྱེད་ལ། དེ་ཐམས་ཅད་ལྷའི་བདེ་བ་དག་གིས་རྩེ་ཞིང་ཉེ་བར་སྤྱོད་པ་ན། མཐོ་རིས་ཀྱི་གནས་ 69-1-163b དག་ལ་དགའ་བ་དང་ཤིན་ཏུ་དགའ་བ་དང་མཆོག་ཏུ་དགའ་བར་རྟོག་པར་བྱེད་དོ། །དེས་ས་དེ་དག་ལ་རྟོག་རྟོག་ནས་སྲེད་པ་འབུམ་འགྱུར་གྱིས་གཡེང་བར་བྱེད་དེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་གནས་དཔེ་བྱ་བར་མི་ནུས་སོ། །དེ་ལྟར་སྒོ་དྲུག་ནས་སྲེད་པའི་མེ་འབར་བ་མཆོག་ཏུ་མི་ བཟད་པ་ཡིད་ལ་འབར་བ་ཡིན་ཏེ། དེ་བདེ་བ་གཟུགས་བརྙན་ལྟ་བུའི་སྡུག་བསྔལ་དེས་མངོན་པར་ཉམས་བཞིན་དུ་བྱ་དེ་རྣམས་ཀྱི་སྟེང་དུ་ཞོན་ནས། སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་སྙན་པ་ཡིད་དུ་འོང་བ་དཔེ་མེད་པ་ཉེ་བར་ལེན་ཅིང་རི་རབ་ཀྱི་ཞབས་ཐམས་ཅད་ལ་ལྟ་བར་བྱེད་དེ། དེ་ཚལ་དང་ཉེ་བའི་ཚལ་དང་ལྟེང་ཀ་ཕུན་སུམ་ཚོགས་པ་དང་ནགས་ཚལ་དང་རི་ངོས་དང་ཤིང་ལྗོན་པ་དང་ཕྱོགས་གཅིག་པ་དང་པད་མའི་ཚལ་དུ་མས་ཁེབས་པ་དང་བྱ་སྣ་ཚོགས་ཀྱིས་གང་བ་དང་ལྷ་དང་ལྷ་མོ་དང་ལྷའི་བུ་མོ་ཕན་ཚུན་རྩེ་བ་ན་མཐོང་ངོ ། །ཡུལ་དེ་ན་དགའ་བ་འབུམ་ཕྲག་དུ་མ་ཡོད་ དེ། ཡུལ་ཤིན་ཏུ་རྣམ་པར་ཕྱེ་བའི་དགའ་བ་ཐམས་ཅད་མཐོང་ཡང་འདོད་པ་རྣམས་ཀྱིས་དེ་སྲིད་དུ་ཚིམ་པ་མེད་པ་ཉིད་ཡིན་ཏེ། དགའ་བའི་འདོད་ཆགས་ཀྱི་མོད་ལས་སྐྱེས་པའི་སེམས་ཀྱིས་གཡེངས་པའི་སྲེད་པའི་ལྷ་དེ་རྣམས་ཡུལ་དག་གིས་དབང་པོ་རྣམས་ཤིན་ཏུ་ཚིམ་པ་མེད་དོ། །དེ་ ལྟར་དེ་ཡུན་རིང་པོ་དུ་མར་བྱའི་སྟེང་གཞལ་མེད་ཁང་ན་གནས་པ་དེས་རི་བོ་ཁྲི་ཕྲག་དྲུག་ཅུའི་ནང་ན། རིའི་རྒྱལ་པོ་རི་རབ་འདུག་པ་དེ་དག་ཐམས་ཅད་ལ་ལྟ་བར་བྱེད་དེ། ལྷ་ལས་ལེགས་པར་བྱས་པ། ཐམས་ཅད་ཀྱི་གནས་དཔེ་མེད་པ་ཉམས་དགའ་བ་རིན་པོ་ཆེ་དུ་མ་འབར་བ། ངོས་བཞི་ ཀུན་ནས་ལྷམ་པ་ཁ་དོག་རྣམ་པ་བཞིས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན་ཏེ། འདི་ལྟ་སྟེ། བཻ་ཌཱུརྱ་དང་དངུལ་དང་གསེར་དང་ཤེལ་ཤིན་ཏུ་བཟང་བའི་རི་རབ་དེ་ལ་དེས་མ་ལུས་པར་བལྟས་ནས་རང་རང་གི་གནས་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་བྱ་རྣམས་ཀྱི་སྟེང་ན་ཞོན་པ་དེ་དག་བྱ་དེ་དག་ལ་ སྣ་ཚོགས་སུ་སེམས་པར་བྱེད་དེ་ཇི་ལྟ་ཇི་ལྟར་ཁ་དོག་དང་གཟུགས་དང་ཆ་བྱད་དང་དབྱིབས་བསམས་པ་དེ་ལྟ་དེ་ལྟར་འགྱུར་རོ། །དེ་ནས་ཡང་དེ་བྱ་དེ་རྣམས་ཀྱི་སྟེང་དུ་ཞོན་ནས་རྫིང་ཆུ་དང་བ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །རྫིང་དེ་ཡང་ཀུན་ནས་དཔག་ཚད་ལྔ་ཡོད་ལ་ཀུན་ནས་ལྷམ་པ་ 69-1-164a རིན་པོ་ཆེ་ཨན་ད་རྙིལ་དང་བཻ་ཌཱུརྱ་རྣམས་ཀྱིས་སྣ་ཚོགས་སུ་བརྒྱན་ཅིང་གཞན་པད་མ་རྣམས་ཀྱིས་ཀྱང་ཉེ་བར་མཛེས་པར་བྱས་པ། ལེགས་པར་བྱས་པའི་ལས་མངོན་སུམ་དུ་གྱུར་པ་དེར་དོང་ནས་དེ་ན་ལྷ་མོ་དེ་རྣམས་དང་ལྷན་ཅིག་ཏུ་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་ ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་རྩེ་བར་བྱེད་དོ། །པད་མ་དེ་རྣམས་ཀྱི་བར་དག་ན་བུང་བ་བཞིན་དུ་སྦྲང་རྩི་དེ་དག་ལ་འཐུང་བར་བྱེད་ཅིང ། བདུད་རྩི་ལ་ཡང་ཟ་བར་བྱེད། ལྷའི་དྲི་དང་རོ་དང་མདོག་ཕུན་སུམ་ཚོགས་ཤིང ། ཟླ་བ་ལྟར་དྲི་མ་མེད་ལ་རོ་དང་ཤིན་ཏུ་ལྡན་པ་དེ་དག་ལ་ཟ་བར་ བྱེད་དོ། །གོས་དེ་དག་ཀྱང་གྱོན་ནས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་དག་དང་ལྷན་ཅིག་ཏུ་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་པར་ཤིན་ཏུ་བདེ་ཞིང་བཞོན་པ་དང་སྐྱེད་མོས་ཚལ་ཕུན་སུམ་ཚོགས་ལ་ སྐྱེ་བོ་ཀུན་དགའ་བའི་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྣམས་ཀྱི་གནས་ནོར་བུའི་སྙིང་པོ་ ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྐྱེས་བུ་དགེ་བ་ཕན་པར་འདོད་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་མི་བྱེད་ལ་གཞན་བྱེད་པ་ཡང་ཕྱིར་ཟློག་པར་བྱེད་དེ་དགེ་ བའི་ལམ་ལ་རབ་ཏུ་འཇོག་པ་ཡིན་ནོ། །བདག་ཉིད་ཀྱིས་སྲོག་གཅོད་པ་མི་བྱེད་པའི་རྣམ་པ་དུ་ཡོད་ཅེ་ན། འདི་ལ་སྦྲང་བུའི་སྦྲང་རྩི་དང་བུང་བའི་སྦྲང་རྩི་དག་ལས་དྲོད་གཤེར་ལས་སྐྱེ་བའི་སྲིན་བུ་དག་འབྱུང་བར་མཐོང་ནས། དེ་སྲོག་གཅོད་པའི་འཇིགས་པས་སྦྲང་རྩི་ཟ་བར་མི་བྱེད་ཅིང་གཞན་ཟ་ན་ 69-1-164b ཡང་ཕྱིར་ཟློག་པར་བྱེད་ལ། རྗེས་སུ་ཡི་རང་བར་མི་བྱེད་འདི་ནི་སྡིག་པའི་ཡིན་ནོ་བར་ཤེས་ནས་སྤོང་བར་བྱེད་དེ། དེ་ཐབས་ཀྱིས་ཀུན་ཀྱང་འདྲེ་བར་མི་བྱེད་ལ་མིག་ཟུར་ཙམ་གྱིས་ཀྱང་ལྟ་བར་མི་བྱེད་དེ་སྲོག་གཅོད་པ་དང་བྲལ་བའི་རྣམ་པ་ནི་དེ་དག་ཡིན་ནོ། །མ་བྱིན་པར་ལེན་པ་དང་བྲལ་བ་ཇི་ལྟ་བུ་ ཡིན་ཞེ་ན། འདི་ལ་སྡོམ་པ་བླངས་པས་མཆོད་རྟེན་གྱི་གནས་སུ་སངས་རྒྱས་ལ་མར་མེ་ཕུལ་བ་དེའི་འོད་ལ་ཡང་སྐྲུ་བར་མི་བྱེད་ཅིང་དེས་བདག་གི་ལས་མི་བྱེད། དེ་ལས་སྣག་ཚ་ཡང་འབྱིན་པར་མི་བྱེད་ལ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་ཡིན་ཏེ། དེ་ལྟར་སྲོག་གཅོད་པ་དང་མ་བྱིན་པར་ ལེན་པ་དག་སྤངས་པ་ཡིན་ནོ། །ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྦྲང་བུའམ་སྲོག་ཆགས་མར་ཀོ་ཏ་ཀའམ་ནམ་མཁའ་ལ་རྒྱུ་བ་དག་གསོད་པར་མི་བྱེད་པ་ཡིན་ཏེ། དེ་དག་ལ་འཕྲལ་ལ་བསམས་ནས་གསོད་པར་མི་བྱེད་ལ། གཞན་གྱིས་ བཟུང་བ་ཞིག་ཡོད་ན་ཡང་ཐར་བར་བྱེད་སྲོག་གཅོད་པ་བྱས་པ་ཉེས་པར་བྱས་པའི་འབྲས་བུ་འཆགས་པར་བྱེད་གཞན་གྱིས་སྲོག་གཅོད་པ་བྱས་ན། སྡིག་པའི་འབྲས་བུ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་འགྲུབ་ཀྱིས་ཁྱེད་མ་བྱེད་ཅིག་ཅེས་འདོམས་པ་ཡིན་ཏེ། དེ་ལྟར་གཞན་ཡང་ བཟློག་ནས་སྡོམ་པ་ལ་རབ་ཏུ་འཇོག་པར་བྱེད་དེ། དེ་ནི་སྡིག་པ་སྤངས་པ་ཡིན་ནོ། །བདག་དང་གཞན་གྱི་རྒྱུད་ཚུལ་ཁྲིམས་ལ་རབ་ཏུ་ཞུགས་པའི་རྒྱུན་རབ་ཏུ་འཇུག་པར་འགྱུར་བ་ནི་འདི་ལ་དགོན་པ་འམ་ལམ་དུ་ཞུགས་པ། ལམ་རྒྱགས་ཉུང་ཡང་སྲོག་ལ་མི་ལྟ་བར་གཞན་ལམ་རྒྱགས་ ཉུང་བའམ་ལམ་རྒྱགས་མེད་པ་སྡུག་བསྔལ་བ་ལ་སྲོག་ཡོངས་སུ་བཏང་ནས་རང་གི་ཁ་ཟས་བགོ་བཤའ་བྱེད་པ་དེ་ནི་འབྲས་བུ་ཆེ་བ་ཡིན་ནོ། །ཞིང་གི་འབྲས་བུའི་ཁྱད་པར་སེམས་པ་ནི་དུས་སུ་བྱིན་པ་དང་ལྡན་པ་ཡིན་ཏེ། འདི་ལྟར་ནད་རྣམས་ཀྱི་ནང་ན་བཀྲེས་པ་ནད་ཆེ་བ་ཡིན་ན། དེ་ལ་ མ་བལྟས་པར་འབྲས་བུ་ཆེན་པོར་ཡང་དག་པར་སྦྱོར་བ་ཡིན་ནོ། །དེ་ལྟར་ཚུལ་ཁྲིམས་གཉི་ག་སྲུང་བ་བདག་དང ། གཞན་ལ་ཕན་པར་རབ་ཏུ་ཞུགས་པ་སེམས་རྙོག་པ་མེད་པ་དྲང་པོའི་རང་བཞིན་ཅན་སེམས་ཅན་ཤིན་ཏུ་མི་དགེ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དེ། མ་དང་ 69-1-165a ཕའི་ལུས་ལ་ནོར་བུ་དག་གི་རྒྱན་འདོགས་པའམ་སངས་རྒྱས་ལ་ནོར་བུ་དག་གི་རྒྱན་འབུལ་བའི་མི་དེ་ལུས་དང་བྲལ་ནས།སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ནོར་བུའི་སྙིང་པོའི་སར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱེད་པའི་ལས་བྱས་པ་དེ་ཤིན་ཏུ་ བལྟ་ན་སྡུག་པ་ལྷའི་ཡུལ་གྱི་བདེ་བ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་ལས་ཀྱི་མཐའ་སྤྱད་པ་དེའི་ལུས་དེ་ཐམས་ཅད་གཟི་བརྗིད་འབྱུང་ལ། ལུས་དེ་ལས་གཟི་བརྗིད་འབྱུང་བ་ཀུན་དུ་དཔག་ཚད་ལྔ་བརྒྱར་འབྱུང་ངོ ། །དཔེར་ན་ཉི་མ་ཤར་བ་ན་ཉི་མས་རི་གསལ་བར་བྱེད་པ། དེ་ལྟར་དེའི་ གསལ་བས་ཐམས་ཅད་དུ་སྣང་བར་བྱེད་ལ་གནས་གཞན་ཐམས་ཅད་ཀྱང་དེའི་རབ་ཏུ་གསལ་བ་དེས་དེ་ནས་ཡང་བརྒྱ་འགྱུར་དུ་རབ་ཏུ་གསལ་བར་བྱེད་དོ། །མདོག་སྔོན་པོ་དང ། སེར་པོ་དང ། བཙོད་ཀ་དང ། དམར་པོ་རྣམས་ཀྱིས་གསལ་བར་བྱེད་དོ། །དཔེར་ན་འཇའི་མདོག་ མཛེས་པར་འགྱུར་བ་དེ་བས་ཀྱང་ལྷའི་རང་གི་ལུས་ལས་འོད་བྱུང་བ་བརྒྱ་འགྱུར་གྱིས་མཛེས་པ་ཡིན་ཏེ། དགེ་བའི་ལས་དེས་མངོན་པར་བསྒྲུབས་པའི་ལུས་ཀྱི་འོད་བྱུང་བས་ལྷའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་རྣམ་པར་མཛེས་སོ། །ཇི་ལྟར་ཉི་མའི་འོད་ཀྱིས་གཟའ་དང་སྐར་མ་དང་རྒྱུ་ སྐར་ཐམས་ཅད་ཟིལ་གྱིས་མནན་ནས་རྣམ་པར་མཛེས་པ་དེ་བཞིན་དུ། ལྷ་དེ་འོད་ཀྱི་ཕྲེང་བ་འབར་ཞིང་དེ་རང་གི་གཟི་བརྗིད་དེས་འབར་བ་ན་རང་གི་གནས་དེ་དག་ལ་རྟོག་པར་བྱེད་དོ། །གནས་དེ་ཡང་ཀུན་ནས་ནོར་བུ་རྣམ་པ་སྣ་ཚོགས་ཀྱིས་ཉེ་བར་སྤྲས་ཤིང་སྣ་ཚོགས་སུ་བརྒྱན་པ། ཀུན་ནས་ཐམས་ ཅད་དུ་རྣམ་པར་མཛེས་པ་ཡིན་ཏེ་ཉི་མ་བརྒྱ་ལྟ་བུར་འོད་འབྱུང་བ་ཡིན་ནོ། །དེས་དེ་དག་མཐོང་ནས་ཡིད་རབ་ཏུ་དགའ་བས་ཕྱོགས་གཉིས་པ་ལ་རྟོག་པར་བྱེད་དེ། དེ་ན་ལྷ་མོ་གཟུགས་བཟང་མོ་དང་ལྡན་པ་རྒྱན་དཔེ་མེད་པ་ཐོགས་པ་འདོད་པའི་རྒྱུ་རྣམ་པ་སྣ་ཚོགས་སྐྱེད་པ་སྟེན་པ་དག་མཐོང་སྟེ། འདི་ལྟ་སྟེ། དེ་དག་གི་ནང་ནས་ཁ་ཅིག་ནི་རོལ་མོའི་རྣམ་པ་རྫ་རྔ་དང ། གླིང་བུ་དང ། ལྕགས་ཀྱི་སིལ་དཀྲོལ་དེ་དག་ལ་སྟེན་ཏོ། །དེ་དག་གི་ནང་ནས་གཞན་ཁ་ཅིག་ནི་ལྷ་མོ་རྣམས་ཀྱི་ནང་དུ་སོང་ནས་བྲོ་རྡུང་ཞིང་གླུ་ལེན་ལ་མེ་ཏོག་ཕྲེང་བས་མགུལ་བརྒྱན་པ་དག་ངང་པ་རྣམས་དང ། ལྷན་ཅིག་པད་མའི་ 69-1-165b ཚལ་རྣམས་ཀྱི་ནང་དུ་ཆུ་ལ་རྣམ་པར་རྩེ་བར་བྱེད་དོ། །གཞན་དག་ནི་ལྷའི་འབྲས་བུ་དག་ལ་ཟའོ། །གཞན་དག་ནི་དཔག་བསམ་གྱི་ཤིང་གི་ནང་དུ་དོང་ནས་མེ་ཏོག་རྣམས་འཐོག་པར་བྱེད་ཅིང་ལྷའི་གླུ་དབྱངས་དཔེ་མེད་པ་དག་ཀྱང་ལེན་ཏེ་འདོད་པ་ཡང་དག་པར་སྟོན་པ། སྐྱེ་བོ་ཀུན་གྱི་ཡིད་ཤིན་ཏུ་ མགུ་བར་བྱེད་པ་རྣམ་པ་དུ་མ་ཡོད་དོ། །དེ་དེར་སྐྱེས་ཏེ་ལྷ་མོ་དེ་དག་མཐོང་ནས་ཐོག་མ་ཉིད་དུ་ཡུལ་གྱི་མཆོག་འདོད་ཆགས་ཀྱི་སྦྲུལ་གྱི་མཆེ་བ་ལྟ་བུའི་ཡུལ་གྱི་བདེ་བ་ལྔས་མངོན་པར་ཟིན་པ། སྟན་དེ་ལས་ལངས་ནས་གཞན་དུ་འགྲོ་སྟེ་གང་ན་ལྷ་མོ་ན་ཚོད་དཔེ་མེད་པ་དང་ལྡན་པ་ལྷའི་ཕྲེང་བ་དང ། གོས་གྱོན་པ་དེ་དག་མཐོང་ནས་དེ་འདོད་ཆགས་ཀྱི་མེས་ཡོངས་སུ་གདུངས་པའི་ཡིད་ཀྱིས་དེར་འགྲོ་བར་བྱེད་ལ་དེ་དག་ཀྱང་ལྷ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷའི་བུ་གཞན་དེ་འཆི་བ་ན་ཡོངས་སུ་གཏོང་བར་བྱེད་དེ། ཇི་ལྟར་བུང་བ་དག་གིས་མེ་ཏོག་སྐམ་པོ་བོར་ནས་སར་པའི་དྲུང་ དུ་འགྲོ་བ་དེ་ལྟར་ལྷ་དེ་འཆི་བ་ན་ལྷ་མོ་དག་གིས་ཡོངས་སུ་བཏང་ནས། མེ་ཏོག་སར་པ་ལྟ་བུའི་ལྷའི་བུ་གཞན་གྱི་དྲུང་དུ་འགྲོ་བར་བྱེད་ལ། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་ཐོགས་པ་སྙིང་དུ་སྡུག་ཅིང་ཆགས་པ་ལྷའི་བུ་གཞོན་ནུ་དང་ཐམས་ཅད་དུ་འདྲིས་པ། ཐོག་མ་མེད་པའི་དུས་ནས་གོམས་ པའི་འདོད་ཆགས་ཀྱིས་ཉེ་བར་སྤྱོད་པས་རྩེ་བར་བྱེད་དོ། །ལྷའི་བུ་དེ་ཡང་འཆི་བ་ན་རང་གི་ལྷ་མོ་དེ་དག་གཞན་དུ་དོང་བ་མངོན་པར་མཐོང་ནས་ཡིད་ལ་གདུང་བའི་རྣམ་པ་དེ་ལྟ་བུས་ཤིན་ཏུ་གདུངས་ཏེ། ཇི་ལྟར་སེམས་ཅན་དམྱལ་བ་མནར་མེད་པའི་མེས་མནར་མེད་པའི་ལུས་བསྲེགས་པ་དེ་ལྟར་ དེའི་སྡུག་པ་གཞན་དུ་དོང་བར་གྱུར་པའི་ཡིད་ལ་འཆི་བའི་སྡུག་བསྔལ་གྱིས་ཡིད་ཤིན་ཏུ་གདུངས་པས་ཤིན་ཏུ་གདུང་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷའི་བུ་འཆི་བ་ན་ཕྲག་དོག་དང ། སེར་སྣའི་ཡིད་སྡུག་བསྔལ་བ་དེས་མངོན་པར་ཉམས་པ་དེ་འཆི་བའི་དུས་བྱེད་དོ། །དེ་སྲིད་ པ་ཕྱི་མར་སེམས་ཤིན་ཏུ་གདུངས་པ་དེ་ལ་དམིགས་པའི་ཉེ་བར་ལེན་པའི་རྐྱེན་གྱི་སྲིད་པས་སེམས་རྙོག་པ་ཅན་དུ་བྱས་པ་དེ། དེ་ལས་གཞན་ཡང་མི་མཐོང་སྟེ། དེ་དེ་ནས་ཤི་ནས་ཡང་སེམས་ཅན་དམྱལ་བ་དང་ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་རྒྱུ་འཐུན་ 69-1-166a པའི་འབྲས་བུ་གང་ཞིག་ཡིན་ཞེ་ན་གང་གིས་གཞན་གྱི་བུད་མེད་ལ་སྡོམ་པ་མ་བཟུང་བ་ཡིན་ཏེ་བྱི་བ་བྱས་པ་ཡིན་ནོ། །དེ་གལ་ཏེ་དགེ་བའི་ལས་གཞན་གྱིས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཀྱང་འཆི་བའི་དུས་དེའི་ཚེ། དེ་ལ་གཞན་གྱི་ཆུང་མ་ཕྲོགས་པའི་སྡིག་པའི་ལས་ཀྱི་ རྐྱེན་འབྱུང་ངོ ། །དེ་ལྟར་ལེགས་པར་བྱས་པའི་ནང་ན་ཉེས་པར་བྱས་པ་ཡང་དེ་ལྟར་སྨིན་པར་འགྱུར་ཏེ། དེ་ལྟ་བས་ན་ཉེས་པར་བྱེད་པ་ཆུང་ངུ་ཡང་མི་བྱའོ། །ཇི་ལྟར་ལྷ་རྣམས་འཆི་བ་ན་ཚུལ་ཁྲིམས་རྣམ་པ་བདུན་མ་རལ་པའི་རྒྱུ་འཐུན་པའི་འབྲས་བུ་མི་འབྱུང་བ་དེ་ལྟར་འཐབ་བྲལ་བ་ རྣམས་ཀྱི་ཡང་ཡིན་ཏེ། དེ་ནི་རྒྱ་ཆེར་ཕྱིས་འཆད་དོ། །དེ་ནས་ལྷའི་བུ་ཤི་བ་དེའི་ལྷའི་བུ་མོ་དེ་དག་ལྷའི་བུ་གསར་དུ་བྱུང་བ་དེ་ག་ལ་བ་དེར་ལྷའི་ཕྲེང་བ་མདོག་བཟང་པོ། དྲི་དང་རེག་པ་མ་རྙིས་པ་དེ་དག་བླངས་ནས་ལྷའི་བུ་དེའི་ལུས་ལ་འདོགས་པར་བྱེད་དོ། །ལྷའི་བུ་དེ་ཡང་ཐོག་མ་སྐྱེས་མ་ ཐག་ཏུ་དགའ་ཡིད་རབ་ཏུ་དགའ་སྟེ། ལྷའི་བུ་མོ་དེ་དག་གི་དྲུང་དུ་འགྲོ་བར་བྱེད་དོ། །དེ་ནས་ལྷའི་བུ་དེ་ལྷའི་བུ་མོ་དེ་དག་དང ། ཕན་ཚུན་སྙིང་ཤིན་ཏུ་དགའ་བ་རྣམས་ཚལ་དང ། ཉེ་བའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྷའི་རིས་དེ་ན་ཆུ་རྙོག་པ་མེད་པའི་ནང་ན་པད་མ་བཻ་ཌཱུརྱའི་མདོག་ ལ་འདབ་མ་གསེར་དང་སྙིང་པོ་རྡོ་རྗེར་སྐྱེས་པ་དག་ལ་བུང་བ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། བུང་བ་དེ་དག་ཀྱང་ཁ་ཅིག་གི་ལུས་བཻ་ཌཱུརྱ་ལ་སྒྲོ་གསེར་དུ་འདུག་པ་དང ། ཁ་ཅིག་གི་ལུས་གསེར་ལ་སྒྲོ་དངུལ་དུ་འདུག་པ་དང་ཁ་ཅིག་གི་ལུས་འདྲེས་པ་དང ། ཁ་ཅིག་གི་ལུས་བྱི་རུ་ལ་སྒྲོ་ཀེ་ ཀེ་རུར་འདུག་པ་ཡིན་ཏེ། དེ་དག་རྟག་ཏུ་འདམ་ནས་སྐྱེས་པའི་པད་མ་མ་རྙིས་པ་དག་གི་ནང་ན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ལྟར་ལྷ་མོ་རྣམས་སྒྲ་སྙན་པ་དེས་གླུ་དབྱངས་ཤིན་ཏུ་ལེན་ཅིང ། ཕེག་རྡོབ་པར་བྱེད་པ་དེ་བཞིན་དུ་བུང་བ་པད་མའི་གསབ་གསེབ་ཏུ་དོང་བ་དེ་རྣམས་སྒྲ་ འབྱིན་པར་བྱེད་དོ། །དེ་ནས་ལྷའི་བུ་དེ་ལྷ་མོ་དེ་རྣམས་དང་ལྷན་ཅིག་རྫིང་དེ་དག་གི་ནང་དུ་འཇུག་སྟེ། དེ་ཆུ་ལ་རྩེ་བར་བྱེད་ཅིང ། དགོད་རྩེ་དགའ་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ལྟར་དེ་རྣམས་ཀྱིས་ཤིན་ཏུ་ཡུན་རིང་བར་རྩེ་བ་ཉེ་བར་སྦྱར་ནས་ཚལ་གསེར་གྱི་ཤིང་ལྗོན་པའི་ཕྲེང་བ་ཞེས་བྱ་བ་ཤིང་ 69-1-166b ལྗོན་པ་གཉིས་ཀྱིས་ཁེབས་པ་ག་ལ་བ་དེར་དོང་བར་བྱེད་ལ་གླུ་དབྱངས་དང ། སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་དང་ལྡན་པ་གསེར་བཙོ་མའི་རི་བོ་རིན་པོ་ཆེའི་རྩེ་མོ་བཟང་པོ་ལ་རྟོག་སྟེ། རྩེ་མོ་དང་ལྡན་པ་དེ་དག་ལ་ལྷའི་ཚོགས་དུ་མ་དང་ལྷ་མོ་གཞན་དག་དང་ལྷན་ཅིག་རྩེ་ཞིང་ལྟ་བར་བྱེད་དོ། ། ལྷའི་རང་གི་པད་མའི་ཚལ་དང ། མེ་ཏོག་ཨུད་པ་ལའི་ཚལ་དྲི་རྣམ་པ་སྣ་ཚོགས་དང ། ལྷའི་དྲི་ཕུན་སུམ་ཚོགས་པ་རྣམས་ཀྱི་ནང་ན་ལྷའི་ཕྲེང་བ་དང་གོས་དར་གྱོན་པ་འཛམ་བུ་ཆུ་བོའི་གསེར་བཙོ་མས་བརྒྱན་པའི་ལྷ་དང་ལྷ་མོ་གཞན་དེ་དག་དང་ལྷན་ཅིག་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ ཉེ་བར་ལེན་ཅིང་རྩེ་བར་བྱེད་དོ། །གཞན་དག་ནི་བྱ་ངང་པ་དང་ཀཱ་རཎྜ་བ་སྒྲ་སྙན་པར་འབྱིན་ཅིང་རྨ་བྱ་དང་ངང་པ་སྦྲེངས་པའི་ནང་དུ་ཞུགས་ནས་རྩེ་བར་བྱེད་དོ། །དེ་ནས་ཡང་ལྷའི་ཚོགས་ནམ་མཁའི་གཞལ་མེད་ཁང་ན་འཁོད་པ་གཞན་དག་ནམ་མཁའ་ལ་ལྷ་མོའི་ཚོགས་དག་དང་ལྷན་ཅིག་རྩེ་ བར་བྱེད་དོ། །ནམ་མཁའ་ལ་སྒྲོན་མ་ལྟ་བུར་གྱུར་པ་ལྷའི་རོལ་མོ་ལ་བློ་ཤིན་ཏུ་ཆགས་པ་རྣམས་མེ་ཏོག་གི་ཆར་མངོན་པར་འབེབས་ཤིང་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཉེ་བར་ལེན་པ་ན་ལྷའི་བདེ་བ་དག་རྗེས་སུ་མྱོང་བར་བྱེད་དོ། །དེ་ནས་ཡང་ལྷའི་ཚོགས་གཞན་དག་ཕན་ཚུན་གྲོགས་སུ་ གྱུར་པ་ཆང་ཞིམ་པོ་དག་འཐུང་ཞིང་ཕན་ཚུན་དགའ་ལ་འཐུན་པའི་ཚིག་གིས་འདུམ་པ་དག་མཐོང་ངོ ། །དེ་ནས་ཡང་ལྷའི་ཚོགས་རང་གི་ལས་དང་རྒྱུ་འཐུན་པའི་བདུད་རྩི་མདོག་དང ། རོ་དང་དྲི་དང ། བདེ་བ་ཕུན་སུམ་ཚོགས་པ་དག་ཟ་བ་མཐོང་ངོ ། །དེ་ནས་ཡང་ལྷ་གཞན་དག་རིན་པོ་ཆེ་ སྣ་བདུན་གྱི་ལྷའི་ཤིང་ལྗོན་པ་དག་ལས་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དག་འཐོག་ཅིང་བདག་ཉིད་ལ་འཆིང་བེ་དག་མཐོང་ངོ ། །དེ་ནས་ཡང་ལྷའི་ཚོགས་གཞན་དག་ལྷའི་འབྲས་བུ་ལག་ན་ཐོགས་ཏེ་ཕན་ཚུན་འཕེན་ཞིང་ཟ་བ་དག་མཐོང་ངོ ། །དེ་ནས་ཡང་ལྷའི་ཚོགས་གཞན་དག་ལྷའི་ངང་པ་རིན་ པོ་ཆེ་སྣ་བདུན་གྱི་སྒྲོ་གཤོག་བརྐྱང་བའི་སྟེང་དུ་ཞོན་ནས་ནམ་མཁའ་ལ་འགྲོ་བ་ན་ཕན་ཚུན་ལུས་ལ་གནོད་པ་མེད་དོ། །དེ་ནས་ཡང་ལྷ་གཞན་དག་ཅོང་དང་རྔ་དང་སིལ་དཀྲོལ་དང་གླིང་བུ་དག་དང་ཡང་དག་པར་རབ་ཏུ་ལྡན་པའི་རོལ་མོ་བྱེད་པ་ན་ལྷ་མོ་རྣམས་ལྷ་དེ་རྣམས་ཀྱི་མདུན་ན་བྲོ་གར་བྱེད་དེ་དེ་དག་ 69-1-167a དང་ལྷན་ཅིག་རྩེ་ཞིང་ལྷན་ཅིག་དགའ་བ་དང་ལྷའི་པད་མ་རྣམས་ཀྱིས་ཕན་ཚུན་རྡེག་པ་ན་འདོད་པ་ལ་ཞེན་པ་དེ་ཡོངས་སུ་དགོད་ལ་འདོད་པ་སྟེན་ཅིང་སྨྲ་བ་དག་མཐོང་ངོ ། །དེ་ལྟར་ལྷའི་བུ་གསར་དུ་སྐྱེས་པ་དེ་ལྷའི་འཇིག་རྟེན་སྣ་ཚོགས་ལས། སྣ་ཚོགས་ཀྱིས་སྤྲུལ་པ་དེ་ མཐོང་སྟེ། ཡིད་ལ་སེམས་པ་དག་གི་མིག་གཟུགས་སྣ་ཚོགས་ལྟ་བ་ལ་ངོམས་པ་མི་སྐྱེ། བདག་གི་རྣ་བ་སྒྲ་རྣམ་པ་སྣ་ཚོགས་དུ་མ་ལ་ཉན་པ་ལ་ངོམས་པ་མི་སྐྱེ། བདག་གི་སྣ་དྲི་རྣམ་པ་སྣ་ཚོགས་པ་སྣོམས་པ་ལ་ངོམས་པ་མི་སྐྱེ། བདག་གི་ལྕེ་རོ་ཕུན་སུམ་ཚོགས་པ་རོ་མྱང་བར་བྱ་བ་དྲུག་ལ་ ངོམས་པ་མི་སྐྱེ། བདག་གི་ལུས་བགོ་བའི་རེག་པ་དང་རྒྱན་དང་བྱུག་པའི་རེག་པ་སྟེ། རེག་པ་རྣམ་པ་སྣ་ཚོགས་དག་ལ་ངོམས་པ་མི་སྐྱེ།བདག་གི་ཡིད་སྡུག་པ་སྣ་ཚོགས་ཡིད་དུ་འོང་བའི་ཆོས་བྱུང་བ་ཐམས་ཅད་ལ་ངོམས་པ་སྐྱེ་བ་མེད་པ་དེ་ནི་བདག་ཡིན་ཏེ། ཀུན་ནས་བདེ་བ་ལ་ཆགས་པ་ བདེ་བ་མྱོང་བར་བྱའོ་སྙམ་མོ། །དེ་ལྟར་རྗེས་སུ་བསམས་པ་དེ་ཕན་ཚུན་ཤིན་ཏུ་ཉམས་དགའ་བ་མཐོ་རིས་དང་འཐུན་པ་སྣ་ཚོགས་དག་གི་ཡུལ་དང་ཡུལ་དག་ལ་ཉེ་བར་སྟེན་པར་བྱེད་དོ། །སྲེད་པའི་ཚོགས་དྲུག་ལ་རྣམ་པར་ཆགས་པ་དེ་ཀུན་ནས་སྲེད་པའི་མེས་ཡོངས་སུ་བསྐོར་ནས་སྲེག་པར་བྱེད་ དེ། དཔེར་ན་སོས་ཀ་རབ་ཏུ་ཚ་བའི་ཉི་མའི་གུང་ལ་མི་ཞིག་མྱ་ངམ་གྱི་ནང་དུ་ཞུགས་ཏེ། མྱ་ངམ་གྱི་ནང་དུ་ཞུགས་པ་དེའི་མྱ་ངམ་ཀུན་ནས་རྩཝ་དང་འདབ་མ་དང་ལོ་མ་དང་ཤིང་ལྗོན་པའི་ཡལ་ག་འཕྱང་བ་དང་ཚལ་དང་རི་ཁྲོད་ཀྱི་ཚལ་སྐམ་པོ་དང་བྲག་དང་རི་སུལ་དེར་མི་གང་ཞིག་གིས་མེ་བཏང་ངོ ། ། དེ་ནས་མི་དེ་ཀུན་ནས་ཚལ་གྱི་མེ་དེས་ཡོངས་སུ་བསྐོར་བ་སྐོམ་གྱིས་གདུངས་ཏེ། གར་བབ་བབ་ཏུ་འབྲོས་སོ། །དེ་ནས་གང་དང་གང་དུ་འབྲོས་པ་དེ་དང་དེ་ཉིད་དུ་མེའི་ཕུང་པོ་རབ་ཏུ་ཚ་བ། ཚལ་གྱི་ཤིང་སྲེག་པར་བྱེད་པ་ཀུན་ནས་ཤིན་ཏུ་འབར་བ་ཡིན་ཏེ། དེ་ལྟར་ཤིན་ཏུ་འབར་བར་བྱས་ པས་ཚལ་གྱི་ཤིང་ཐམས་ཅད་སྲེག་པར་བྱེད་དོ། །དེ་ནས་མི་དེ་ལམ་གང་དང་གང་དུ་འགྲོ་བ་དེ་དང ། དེ་ཉིད་དུ་ཀུན་ནས་རབ་ཏུ་འབར་བ་མཐོང་སྟེ། དེ་མེ་དེའི་ནང་དུ་སོང་ནས་སྲེག་པར་བྱེད་ཀྱང་འབྲོས་པར་མི་ནུས་ལ། དེ་ལྟར་མེའི་ནང་དུ་སོང་བ་དེ་ཐུལ་གྱིས་ཚིག་པར་འགྱུར་བ་དེ་བཞིན་དུ་བྱིས་ 69-1-167b པ་སོ་སོའི་སྐྱེ་བོ་ལས་ཀྱི་མེ་ཐམས་ཅད་རྩཝ་དང་ཡལ་ག་དང་ལོ་མ་དང ། འདབ་མ་སྐམ་པོ་ལ་སྲེག་པའི་ཚལ་གྱི་མེ་ལྟ་བུའི་སྲེད་པའི་མྱ་ངམ་གྱི་ནང་དུ་རབ་ཏུ་འཇུག་པར་བྱེད་དོ། །དེ་ནས་དེ་སྲེད་པ་མེ་ལྟ་བུའི་བག་ལ་ཉལ་གྱི་ཀུན་དུ་སྦྱོར་བའི་སྟོབས་རབ་ཏུ་ཆེ་བ། རྣམ་པར་རྟོག་པ་རླུང་ལྟ་བུས་བསྐྱོད་ པའི་འཇིག་རྟེན་པའི་བསམ་གཏན་ཐོབ་པ་ཐམས་ཅད་ཤིང་དང་ཚལ་དང་ལྕུག་མ་འཕྱང་བ་སྐམ་པོ་དང་རི་ཁྲོད་ལྟ་བུ་ཡིན་ཏེ། དེ་ཡང་དེ་ལྟར་སྲེད་པ་མེ་ལྟ་བུས་ངེས་པར་སྲེག་པར་བྱེད་དོ། །ཀུན་ནས་རབ་ཏུ་འབར་ཞེས་བྱ་བ་ནི་ཀུན་ནས་སྲེད་པའི་ཚོགས་དྲུག་རབ་ཏུ་འབར་བ་ཡིན་ནོ། །གར་ བབ་བབ་ཏུ་འབྲོས་ཞེས་བྱ་བ་ནི། གང་དང་གང་དུ་དབང་པོ་ཤིན་ཏུ་ཆགས་པའི་སེམས་ཡུལ་ལ་རྗེས་སུ་སྟེན་པར་བྱེད་པ་དེ། དེ་ཉིད་དུ་ཡུལ་ལ་སྲེད་པའི་མེ་ལྟ་བུས་སྲེག་པར་བྱེད་ལ་ཤིན་ཏུ་རྣམ་པར་རྟོག་པའི་ཡུལ་རླུང་ལྟ་བུས་གཡེངས་པ་ཡིན་ནོ། །དེ་དེ་ཉིད་དུ་ཡུལ་ལ་སྲེད་པའི་མེས་སྲེག་ པ་ན་ལྷ་དག་ཀུན་དུ་འཇིགས་པར་འགྱུར་ཏེ། དེ་ནི་མེ་ཐ་མལ་པ་ལ་སྲེད་པར་བྱ་བའི་དཔེར་བྱ་བ་ཡིན་ནོ། །དེ་ལྟར་ལྷ་དེ་ལྷའི་གནས་དེ་ན་ལེགས་པར་བྱས་པའི་རྣམ་པ་འབུམ་སྙེད་དག་ལ་ཉེ་བར་སྤྱོད་པ་ཡིན་ཏེ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་ མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང ། ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རིན་པོ་ཆེའི་ས་གཞི་དག་ལ་རིན་པོ་ཆེ་ཀུན་གྱིས་བརྒྱན་པ་ཁང་པ་ཕུན་སུམ་ཚོགས་པ་ཐམས་ཅད་དུ་རྒྱལ་པོའམ་བློན་པོ་ཆེན་པོར་སྐྱེ་བར་འགྱུར་ཏེ། རྟག་ཏུ་རབ་ཏུ་བདེ་བ་དང་ལྡན་པར་འགྱུར། རྒྱལ་པོ་ དགའ་བ་དང་སྐྱེ་བོ་ཀུན་དགའ་བ་དང་བུ་དང་ནོར་དང་འབྲུ་ཕུན་སུམ་ཚོགས་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་ 69-1-168a ཀུན་དུ་གསལ་བར་སྤྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་སྐྱེས་བུ་དམ་པ་དགེ་བ་སྤྱོད་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་མི་བྱེད་ལ་རྗེས་སུ་ ཡི་རང་བར་མི་བྱེད་གཞན་གྱིས་བྱས་ན་ཡང་ཕྱིར་ཟློག་པར་བྱེད་ཅིང་སྨོད་པར་བྱེད་དོ། ཉེས་པར་བྱས་པ་སྲོག་གཅོད་པའི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ཡང་དག་པར་སྟོན་པ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་ལོ་མ་སྔོན་པོའམ། ཆུ་དག་གི་ནང་ན་སྲིན་བུ་ཤིན་ཏུ་ཕྲ་མོ་ཡང་མཐོང་ནས་ཟ་ བར་མི་བྱེད་ལ་ཆུ་ལ་ཡང་འཐུང་བར་མི་བྱེད་ཅིང ། ཡོངས་སུ་འཚག་པར་བྱེད་དེ་བཙགས་ནས་ཀྱང་ཆུའི་ནང་ནས་བྱུང་བའི་སྲིན་བུ་དེ་དག་ས་སྐམ་པོའི་སྟེང་དུ་ཆུ་ཚགས་དེ་སྤྲུག་པར་མི་བྱེད་ཀྱི། སྲིན་བུ་དེ་དག་གི་སྲོག་ཆད་པར་མི་འགྱུར་བའི་ཆུའི་གནས་གང་ཡིན་པ་དེ་ཉིད་དུ་སྲིན་བུ་དེ་དག་འཇོག་ པར་བྱེད་དོ། །ཡང་དེས་ཤིན་ཏུ་འཚོ་བར་བྱེད་དེ་གཞན་དག་ཀྱང་དེ་བཞིན་དུ་བྱེད་དུ་འཇུག་ཅིང ། དགེ་བའི་ལམ་ལ་གནས་པར་བྱེད་ལ་རབ་ཏུ་འཇོག་པར་བྱེད་དོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན། རྣམ་པ་དུ་ཡོད་ཅེ་ན། འདི་ལ་བུ་རམ་ཤིང་གི་ཚལ་ལམ། འབྲ་གོའམ། འབྲས་ བུ་མ་དུ་ལུང་གའམ། ཏཱ་མ་པུ་ར་ཀའམ། པ་ན་སའམ། ནཱ་ཌི་ཀེ་རའམ། ཆུ་ཤིང་གི་འབྲས་བུ་གཞན་གྱིས་ཡོངས་སུ་བཟུང་བ་རྣམས་ལ་རྐུ་སེམས་ཀྱིས་རང་གི་སྐྱེད་ཤིང་དུ་བྱ་བའམ། ཀུན་དགའ་ར་བ་ཉམས་དགའ་བར་བྱ་བའམ། ལོངས་སྤྱད་པ་དགའ་བར་བྱ་བའམ། ཆགས་པའི་རྒྱུའམ། ཚོང་པའི་ཁེ་སྤོགས་བྱ་བར་བསམས་ནས། ས་བོན་འབྲུ་གཅིག་ཙམ་ཡང་ལེན་པར་མི་བྱེད་ལ། གཞན་བྱེད་པ་ཡང་ཕྱིར་ཟློག་པར་བྱེད། དེ་བཞིན་དུ་བྱེད་དུ་འཇུག་ཅིང ། དགེ་བའི་ལམ་ལ་ཡང་རབ་ཏུ་འཇོག་པར་བྱེད་པ་ཡིན་ཏེ། དེ་བདག་ལ་ཕན་ཞིང་གཞན་ལ་ཕན་པར་བྱེད་པ། ཚུལ་ ཁྲིམས་སྲུང་བ་མ་བྱིན་པ་ལེན་པར་སྤངས་པ་ཡང་དག་པར་བླངས་པ་ཡིན་ནོ། །ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་ལས་ཚུལ་ཁྲིམས་ཚོལ་ཞིང་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྲིན་བུས་བསླང་བའི་ནད་མི་བཟད་པ་ཆེན་པོས་ཐེབས་ཏེ། སྲོག་ཆད་དུ་དོགས་ 69-1-168b ཀྱང་སྲིན་བུ་རྣམས་གསད་པར་མི་བྱའོ་སྙམ་ནས་སྲིན་བུ་གསད་པའི་སྨན་སྦྱོར་བར་མི་བྱེད་ཅིང་གཞན་ཡང་བྱེད་དུ་མི་འཇུག་ལ་དེ་ལྟར་སྲོག་ཆད་དུ་དོགས་ཀྱང་སྲིན་བུ་གསོད་པར་མི་བྱེད་པ་ཡིན་ཏེ། འདི་ནི་བདག་དང་གཞན་ལ་ཕན་པར་སྦྱོར་བ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་་ ཡིན་ཞེ་ན། འདི་ལ་མ་བྱིན་པར་ལེན་པ་ཤིན་ཏུ་ཕྲ་མོ་ཡང་མི་ལེན་པ་ཡིན་ནོ། །སྦྱིན་པ་ཡང་སྦྱིན་པར་བྱེད་དེ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་བདག་ཉིད་ཀྱི་ནད་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྨན་སྦྱར་བ་དེ་གཞན་མཐོང་ངམ་ཐོས་ནས་བདག་ཉིད་ཀྱིས་སྨན་སྦྱར་བ་དེ་བདག་གིར་མ་བྱས་ཀྱང་རུང་ འདི་ལྟར་དེ་བདེ་བར་གྱུར་ཅིག་སྙམ་ནས་གཞན་ལ་སྦྱིན་པར་བྱེད་དེ། སྦྱིན་བདག་དམ་པ་མྱ་ངན་ལས་འདས་པའི་མཐར་ཐུག་པའི་སྦྱིན་པ་སྦྱིན་པ་དེ། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཀུན་ཏུ་གསལ་བར་སྤྱོད་པ་ཞེས་བྱ་བའི་ གནས་དེར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལེགས་པར་བྱས་པའི་ལས་དེས། གནས་དེ་ཡང་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཀྱིས་ཀུན་དུ་གསལ་བ་བཞིན་དུ་རྣམ་པར་མཛེས་པ་ཡིན་ནོ། །དེ་དེར་སྐྱེས་པ་དང་ཤིན་ཏུ་རྒྱ་ཆེ་བ་དང་ལྡན་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་ནས། ཚལ་སིལ་སྙན་རྣམ་པ་སྣ་ཚོགས་ཀྱི་སྒྲ་དང་ལྡན་པའི་འཁོར་ཞེས་བྱ་བ་དེར་འདོང་བར་བྱེད་དོ། །བྱ་དང་ཤིང་ལྗོན་པས་བརྒྱན་པ་ཞེས་བྱ་བའི་ཚལ་དེ་ཡང་དེ་རྣམས་ཀྱིས་ཉེ་བར་བརྒྱན་པ་ཡིན་ནོ། །བྱ་དེ་རྣམས་ཀྱི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། བྱ་དེ་གང་དང་གང་དུ་ནམ་མཁའ་ལ་འགྲོ་ བ་དེ་དང་དེར་ཤིང་དེ་དག་ཀྱང་བྱ་དེ་རྣམས་ཀྱི་མཐུས་ནམ་མཁའ་ལ་འགྲོའོ། །ལྷ་གང་དག་ཤིང་ལྗོན་པ་ལ་གནས་པའི་ཤིང་དེ་དག་ཀྱང་དེ་བཞིན་དུ་ནམ་མཁའ་ལ་འགྲོའོ། །གནས་དེ་ན་ཤིང་ལ་གནས་པ་རྣམས་ཀྱི་པད་མའི་རྫིང་དག་འབྱུང་བར་འགྱུར་ཏེ། པད་མ་སྣ་ཚོགས་གསེར་ གྱིས་བརྒྱན་པ། འདབ་མ་བཻ་ཌཱུརྱ་སྡོང་བུ་གསེར་ལ། ཟེ་བ་དངུལ་ཡིན་ཏེ། པད་མ་དེ་དག་ལྷ་མོ་རྣམས་འཛེགས་ནས་སྙིང་པོ་ལ་འཁོད་ཅིང་གླུ་དབྱངས་ལེན་ནོ། །གླུ་དབྱངས་ལེན་པ་ན་དགེ་བའི་ལས་དེས་པད་མ་དེ་དག་གི་བར་བར་ནས་ཆང་ཞིམ་པོ་དག་འབྱུང་བར་འགྱུར་ལ། དེ་ཡང་དགའ་ 69-1-169a འབབ་ཅེས་བྱ་བ་ཡིན་ཏེ། དེ་དག་ལ་དེ་རྣམས་འཐུང་བར་བྱེད་དོ། །དེ་བཞིན་དུ་པད་མའི་སྙིང་པོ་ལ་འཁོད་པའི་ལྷའི་བུ་དེ་དག་ཐམས་ཅད་མངོན་པར་གླུ་དབྱངས་ལེན་ཅིང་དགའ་དགུར་སྤྱོད་པ་ན་འཐུང་བར་བྱེད་དེ། དེ་ལྟར་པད་མའི་གསབ་གསེབ་ན་འཁོད་པ་བདེ་ བ་དེ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་ཡུན་རིང་དུ་ཆང་ཞིམ་པོ་དག་ལ་འཐུང་བར་བྱེད་དོ། །ཡུན་རིང་དུ་བདེ་བ་ཉེ་བར་སྤྱད་ནས་ནམ་མཁའ་དེ་ལས་འབབས་པར་བྱེད་དེ། དེ་ལྟར་བྱ་དེ་དག་དང་འདི་ལྟར་ལྷ་མོའི་ཚོགས་ཀྱིས་ལྷན་ཅིག་བསྐོར་བ་མེ་ཏོག་ཀུ་བ་ལ་ཡའི་ཁྱིམ་ཞེས་བྱ་བ་དེར་ འདོང་བར་བྱེད་དོ། །ཁྱིམ་དེ་ཡང་མེ་ཏོག་ཀུ་བ་ལ་ཡ་ལས་བྱས་པ། ཀུན་ནས་རྒྱར་དཔག་ཚད་བརྒྱ་ཕྲག་སྟོང་ཡོད་དེ་འདབ་མ་རེ་རེ་ལ་ལྷ་མོ་སྣ་ཚོགས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་གླུ་ལེན་ཞིང་བྲོ་རྡུང་བར་བྱེད་དོ། །གལ་ཏེ་མེ་ཏོག་ཀུ་བ་ལ་ཡའི་འདབ་མ་སྔོན་པོའི་འོད་དེས་ཀུན་ནས་ཐམས་ ཅད་དུ་སྔོན་པོར་འགྱུར་ལ་གལ་ཏེ་འདབ་མ་གཞན་དམར་ན་དེ་དེ་ལྟར་མེ་ཏོག་ཀུ་བ་ལ་ཡའི་འདབ་མ་དམར་པོ་དེས་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པ་གཞན་གང་ཡིན་པ་དེ་དག་ཀྱང་དམར་པོ་དེའི་མཐུས་དེ་བཞིན་དུ་དམར་པོར་འགྱུར་རོ། །ུད་པ་ལ་དམར་པོ་དང ། རྩ་བ་དང་སྙིང་པོ་ལས་བྱུང་ བའི་སྟོབས་ཀྱིས་ཟེ་བའི་ནང་ན་སྙིང་པོ་ཡོད་པ་གང་ཡིན་པ་དེ་དག་ལ་ལས་བྱ་བ་ལེགས་པར་བྱས་པའི་ལྷ་མོ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་གནས་སོ། །ཟེ་བའི་ཁྲི་དེ་རྣམས་ཀྱི་སྟེང་ན། ལྷ་མོའི་ལག་པ་ན་པད་མ་སྣ་ཚོགས་ཐོགས་པ་དག་།ལྷའི་བུ་དང་ལྷན་ཅིག་གླུ་དབྱངས་ ལེན་བྲོ་གར་བྱེད་རྩེད་མོ་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ཡང་ཡུན་རིང་དུ་རྩེས་ནས། འདབ་མ་ལས་བྱས་པའི་ཁྱིམ་དུ་འཇུག་པར་བྱེད་དེ། དེས་ཆུ་ཀླུང་ཡིད་འོང་ལྟ་ཞེས་བྱ་བ་ཤིན་ཏུ་ཉམས་དགའ་ཞིང་འགྲམ་གཉི་ག་ཤིང་ལྗོན་པས་ཡོངས་སུ་བསྐོར་བ་མཐོང་ངོ ། །ཆུ་ཀླུང་དེ་ ཡང་ཤིན་ཏུ་ཉམས་དགའ་བ་ཡིན་ལ། དགའ་བ་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ་འགྲམ་གཉི་ག་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་ཁ་དོག་དང་ལོ་མ་རྣམས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ། ཡལ་ག་དང་ལྕུག་མ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་ལོ་མ་རྣམས་ཀྱི་བར་ 69-1-169b བར་ན། བྱ་གནས་པ་སྒྲོ་དང་མཆུ་སྡུག་ལ་སྒྲ་སྙན་ཅིང་འཇེབས་པ་འབྱིན་པ། བདེ་བ་རྣམ་པ་དུ་མ་ཡིད་དུ་འོང་བའི་བྱ་རྣམས་ཀྱིས་འགྲམ་མཐའ་དག་བརྒྱན་པ་ཡིན་ནོ། །ཡིད་ལ་ཟས་སམ་སྐོམ་ནས་རྣམ་པ་གཞན་ཅུང་ཟད་ཡིད་དུ་འཐད་པའི་བར་གང་དང་གང་བསམས་པ་དེ་དང་དེ་ཉིད་ཆུ་ བོ་དེ་ལས་རབ་ཏུ་འབྱུང་ངོ ། །དེ་ནས་ཡང་ཆུ་བོ་ཤིན་ཏུ་ཉམས་དགའ་བ་དེ་ལས་རྣམ་པ་གཞན་འབྱུང་བ་ནི་འདི་ལྟ་སྟེ། མཐའ་གཉི་ག་ན་ལྷ་མོ་ཆ་བྱད་དང་གཟུགས་སྣ་ཚོགས་དང་ལྡན་པ་ལག་ན་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཐོགས་ཤིང་གླུ་དབྱངས་ལེན་བྲོ་གར་བྱེད་རྩེད་མོ་བྱེད་དེ་ཕན་ ཚུན་འདྲེས་པ་ཡིན་ནོ། །འདི་ལྟར་ཡང་ཡིད་དུ་འཐད་པ་འབའ་ཞིག་ཡོད་ལ་དགའ་བའི་རྣམ་པ་དེ་ལྟ་བུ་དང་ལྡན་པ་དེ་ཆུ་བོའི་ནང་དུ་འཇུག་པར་བྱེད་དེ་ལྷའི་བུ་ལས་སྤྱོད་པ་ལེགས་པར་བྱས་པ་དེས་དེ་དག་ཀྱང་མཐོང་ངོ ། །དེ་ནས་ཡང་ལྷའི་བུ་མོ་ཡིད་རབ་ཏུ་དགའ་བ་དེ་རྣམས་བྲོ་གར་ བྱེད་གླུ་དབྱངས་ལེན་དགོད་པར་བྱེད་ཅིང ། རོལ་མོའི་སྒྲ་སྣ་ཚོགས་དག་ཀྱང་འབྱིན་པར་བྱེད་དོ། །ལྷ་མོ་ཡིད་རབ་ཏུ་དགའ་བ་དེ་དག་ཀྱང་ལྷའི་རོལ་མོ་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་ཐོགས་ནས་ལྷ་ལས་སྤྱོད་པ་ལེགས་པར་བྱས་པ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷ་ དེས་ལྷ་དེ་དག་དང་ལྷ་མོ་གཞོན་ནུ་ན་ཚོད་དང་ལྡན་ཞིང་ཆ་བྱད་དང་རྒྱན་ཐོགས་པ། ཤིན་ཏུ་དགའ་བར་བྱེད་པ་དག་མཐོང་ནས། དེ་ནས་ཡང་དགའ་བའི་འདོད་ཆགས་བརྒྱ་འགྱུར་གྱིས་སྐྱེད་པ་ན། ལྷ་མོ་གཞན་དེ་དག་དང་ལྷན་ཅིག་ལྷ་མོ་དེ་དག་ག་ལ་བ་དེར་རྒྱུག་པར་བྱེད་དོ། །དེ་ནས་ ཆུ་བོའི་འགྲམ་གྱི་ལྷ་མོ་གང་ཡིན་པ་དེ་དག་དང་མེ་ཏོག་ཀུ་བ་ལ་ཡའི་ཁྱིམ་ནས་བྱུང་བ་གང་ཡིན་པ་དེ་དག་ཕན་ཚུན་འདྲེས་ཤིང་ཕན་ཚུན་ཉམས་དགའ་བའི་སྒྲ་འབྱིན་པར་བྱེད་དོ། །ལྷའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་རིན་པོ་ཆེའི་རི་རབ་ཀྱི་རྩེ་མོ་རྣམས་སུ་ལྷའི་རོལ་མོའི་སྒྲས་ འགེངས་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་ཡིད་དུ་འོང་བའི་སྒྲ་དེ་དག་ཐོས་ནས་ལྷ་གཞན་དག་རྩེ་མོ་གཞན་དག་ཏུ་ལྷ་མོའི་ཚོགས་དང་ལྷན་ཅིག་རྩེ་བར་བྱེད་དོ། །དེ་དག་གིས་ཀྱང་སྒྲ་དེ་ཐོས་ནས་དགའ་བ་ཉིད་ཡིད་ལ་བྱས་ཏེ་རིངས་པར་ཆུ་བོའི་འགྲམ་ཡིད་དུ་འོང་བ་དེ་དག་ག་ལ་བ་དེར་ 69-1-170a འདོང་བར་བྱེད་དོ། །ལྷ་དང་ལྷ་མོའི་ཚོགས་ཕན་ཚུན་འདྲེས་པ་དེ་དག་འཐབ་པ་དང་ཕྲག་དོག་དང་རྒྱགས་པ་རྣམས་ཀྱིས་སྐྱོ་བ་མེད་ཅིང ། ཕན་ཚུན་གྲོགས་སུ་གྱུར་ལ་གནོད་པ་མེད་པ་དག་གླུ་ལེན་ཞིང་དགོད་པར་བྱེད་དོ། །ཕན་ཚུན་གཞན་དག་ནི་ཆང་ཞིམ་པོ་འདྲིམ་པར་ བྱེད་ཅིང་འཐུང་བར་བྱེད་ལ། ལྷ་དང་ལྷ་མོའི་ཚོགས་གཞན་དག་ཀྱང་བདུད་རྩི་ལ་ཟ་བར་བྱེད་དོ། །དེ་ལྟར་ཡུན་རིང་དུ་རྩེ་བ་ལ་ཞུགས་པ་དེ་དག་དེ་ནས་ཡང་ཆུ་བོའི་འགྲམ་དེ་ནས་རྒྱགས་པ་ལ་གནས་པའི་ལྷ་རྩེ་ཞིང་འགྱིང་བར་འགྲོ་བ་དག་ཚལ་དང་ཉེ་བའི་ཚལ་དེ་རྣམས་ག་ལ་བ་དེར་འདོང་བར་ བྱེད་དོ། །བདེ་བ་འབུམ་ཕྲག་དེ་ལྟ་བུ་དང་ལྡན་པའི་ལྷ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཉེ་བར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་ བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་བདེ་བ་དང་ལྡན་ཞིང་ཁྲུས་དང་བྱུག་པ་དང་རྒྱན་ལ་དགའ་བར་ འགྱུར། རྟག་ཏུ་པད་མ་དང་མེ་ཏོག་ཀུ་མུ་ད་དང་ཀོ་ཀ་ན་ད་དང་ཀུ་བ་ལ་ཡ་ལ་དགའ་བར་འགྱུར། དྲང་ཞིང་དྲང་པོའི་རང་བཞིན་ཅན་མཁས་པ་ཆོས་དང་ལྡན་པ་ལ་དགའ་བ་རྒྱལ་པོའམ་བློན་པོ་ཆེན་པོའམ་ཁྱིམ་བདག་གམ་ཡུལ་གྱི་སྤྱན་ནམ་དེད་དཔོན་ཆེན་པོའམ་ཚོང་པ་ཐམས་ཅད་ཀྱི་གཙོ་ བོར་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། ལྷ་རྣམས་ཀྱི་གནས་གསེར་གྱི་རྣ་ཕུག་གི་ཁང་པ་ཞེས་བྱ་བ་ཇི་ལྟར་འདུག་པ་ མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། སྐྱེས་བུ་དགེ་བ་ཚུལ་ཁྲིམས་དང་ལྡན་པར་གྱུར་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་པ་ཡིན་ཏེ། རྣམ་པ་དུ་སྤངས་ 69-1-170b པ་ཇི་ལྟ་བུ་ཡིན་ཞེ་ན། དགྲ་བདག་གི་སྲོག་གཅོད་པར་བྱེད་པའམ། བུ་བསད་པའམ་ཆུང་མ་ཕྲོགས་པ་གཡུལ་གྱི་ནང་དུ་ཞུགས་པ་ལ་ཡོངས་སུ་སྐྱོབ་པར་བྱེད་ཅིང་རྡེག་པར་ཡང་མི་བྱེད། གཞན་ཕ་རོལ་དག་གིས་དགྲ་བཟུང་ཡང་ཡོངས་སུ་སྐྱོབ་པར་བྱེད་ཅིང་ཚིག་སྙན་པར་སྨྲ་ལ། ནོར་རྫས་དག་བྱིན་ནས་ཐར་བར་བྱེད། ཕྱིར་ཞིང་ཕན་པ་ཉིད་བྱེད། དེ་ལྟར་མི་ངན་པ་དེ་ཡང་གཡུལ་གྱི་ནང་དུ་ཞུགས་པ་ཐར་བར་བྱས་ནས། སྔ་མ་བཞིན་ཡང་དང་ཡང་དུ་འཆི་བར་འགྱུར་བ་སྲོག་བྱིན་ཞིང་མི་དགའ་བར་མི་བྱེད་དོ། །སྡོམ་པ་བླངས་པ་ལས་ཀྱི་འབྲས་བུ་ལ་འཇིགས་པ་ དེས། དགྲའི་སྟེང་དུ་མཚོན་ཆ་བསགས་པ་འབབ་པ་ལས་སྲུང་བར་བྱེད་ཅིང ། སྲོག་གཅོད་པའི་འཇིགས་པས་འདེབས་པར་མི་བྱེད། བདག་ཉིད་ཀྱི་སྲོག་ཀྱང་ཡོངས་སུ་གཏོང་ལ་འདེབས་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་དག་ནི་སྲོག་གཅོད་པ་དང་བྲལ་བ་ཡིན་ནོ། །མ་བྱིན་པར་ ལེན་པ་སྤངས་པ་ཇི་ལྟ་བུ་རྣམ་པ་དུ་ཞིག་རྣམ་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྡོམ་པ་བླངས་པ་ཁ་ན་མ་ཐོ་བ་རྡུལ་ཕྲན་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་ལས་དང་ལས་ཀྱི་འབྲས་བུ་ལ་འཇིགས་སྐྲག་པ་དེ་སྡིག་པ་རྣམས་མི་བྱེད། བསོད་ནམས་མ་ཡིན་པ་དག་ལ་མི་སྟེན། ལས་སྤྱོད་ པ་འོས་པ་མ་ཡིན་པའི་གནས་དག་མི་བྱེད་པའི་སྐྱེས་བུ་དམ་པ་དེ་ནི་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །འདི་ལ་སྡོམ་པ་བླངས་པ་རྡུལ་ཕྲན་ཙམ་ལ་ཡང་འཇིགས་པར་ལྟ་བར་གྱུར་པས་གཙུག་ལག་ཁང་དུ་འགྲོའམ་ཉེ་བའི་ཚལ་དུ་སློབ་ཏུ་འགྲོའམ་ཆུའི་དོན་དུ་འགྲོ་བའི་ཕྱིར་གཞན་དག་ གི་གཡུལ་འགྱེད་པའི་ལྷམ་མམ་རྩཝ་ལས་བྱས་པའམ་གྲོང་མིའམ་སྲེད་ལས་བྱས་པའམ། སྦ་ལས་བྱས་པ་གཞན་གྱིས་མ་གནང་བར་མི་སྤྱོད་ཅིང ། གང་དེ་དག་བསླབ་པའི་གཞི་ལས་འདའ་བའི་འཇིགས་པས་ཉིན་མོའམ་མཚན་མོར་རྐུ་སེམས་ཀྱིས་མི་རྐུ་བ་ཡིན་ཏེ། རྣམ་པ་དེ་ དག་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་དང་བྲལ་བ་ཡིན་ནོ། །ཚུལ་ཁྲིམས་ལ་རབ་ཏུ་བཞག་པ་ཇི་ལྟ་བུ་ཡིན་ཞིག་གུ་སྙམ་ན། འདི་ལ་མི་དགེ་བ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་སྡིག་པའི་ཆོས་རྣམས་སྤངས་པ་ཡིན་ཏེ། རྙོག་པ་མེད་པ་སྤངས་པ་དང་ལྡན་པ་ལེགས་པར་ 69-1-171a འཕེལ་བ་སླུ་བ་མེད་པའི་ཚུལ་ཁྲིམས་སྲུང་བ་ཡིན་ནོ། །ཚུལ་ཁྲིམས་དེ་ནི་མཐོ་རིས་སུ་སྐྱེ་བར་ངེས་པ་ཡིན་ལ། མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་ཏེ། འདོད་ན་བྱང་ཆུབ་གསུམ་གྱི་སོ་སོ་ཡང་དག་པར་མྱོང་བ་མྱ་ངན་ལས་འདས་པའི་མཐར་ཐུག་པར་ འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་ལྔ་པ། གཞན་ཡང་འདི་ལ་གལ་ཏེ་ནགས་ཀྱི་ནང་དུ་འགྲོན་པོར་སོང་བའམ་ལམ་གོལ་བར་ཞུགས་སམ་གྲོགས་དང་བཅས་པའམ་གྲོགས་མེད་པར་སོང་བ་དང་ཤ་རྗེན་པ་ཟ་བ་ལྟོགས་ པ་དག་ལྟོགས་པའི་མཐུས་རང་གི་བུ་བཙས་པ་དག་ལ་ཟ་བར་བྱེད་པ་མཐོང་བ་དང ། འདི་ལྟར་ཤ་རྗེན་ཟ་བ་འདི་རང་གི་བུ་ལ་ཟ་བར་མ་གྱུར་ཅིག་།བཀྲེས་པས་ཉེན་པ་འདི་སྲོག་ཡོངས་སུ་གཏོང་བར་མ་གྱུར་ཅིག་།བདག་གི་ཤ་དག་གིས་འདི་ཚིམ་པར་གྱུར་ཅིག་སྙམ་ནས་དེའི་དྲུང་དུ་ཟར་ གཞུག་པའི་ཕྱིར་སོང་སྟེ། དེ་བདག་ཉིད་ཀྱི་ལུས་གཏོང་བར་བྱེད་པ་སེམས་ཅན་ལ་སྙིང་རྗེ་ཞིང་མཁས་པ་མ་དང་བུའི་སྲོག་སྦྱིན་པར་བྱེད་པ་དེ་ནི་ཚུལ་ཁྲིམས་ལ་རབ་ཏུ་ཞུགས་པ་ཡིན་ནོ། །སྦྱིན་པ་ལ་རབ་ཏུ་ཞུགས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དབུལ་པོར་གྱུར་ཅིང་ཚེགས་ཆེན་པོས་འཚོ་བར་ བྱེད་པ་ཆོས་དང་ལྡན་པ་སྡོམ་པ་བླངས་པ་ཁ་ན་མ་ཐོ་བ་རྡུལ་ཕྲན་ཙམ་ཡང་མི་སྐྱེད་པ་དེ་གལ་ཏེ་འགོག་པ་ལས་ལངས་པའི་དགེ་སློང་དེར་འོངས་ནས་བསླངས་པ་དང་དེ་སེམས་པ་དང་ལྡན་པར་གྱུར་ནས། དེའི་བུ་དང་ཆུང་མའི་ཟས་སུ་སྦྱར་བ་ཉུང་ངུ་གང་ཡིན་པ་དེ་དག་འགོག་པ་ལས་ལངས་པའི་ དགེ་སློང་དེ་ལ་འབུལ་བར་བྱེད་ཅིང་བདག་ཉིད་ཀྱང་ཉིན་མཚན་དུ་མི་ཟ་འམ་ཉུང་ངུ་ཟ་ལ་ལྷག་མ་ལ་ཡང་སེམས་པར་བྱེད་གཞན་དག་ཀྱང་དེ་ལྟར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་ལས་ཕྱིར་ཟློག་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ན་ཡང་ཤིན་ཏུ་རྗེས་སུ་ཡི་རང་བར་ བྱེད་ཅིང་རབ་ཏུ་སྤྲོ་བར་བྱེད་དགེ་བའི་ལས་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད། དེ་ནས་ཡང་རབ་ཏུ་གཟེངས་སྟོད་པར་བྱེད། སྐྱེས་སུ་དགེ་བ་བདག་ཉིད་ལ་ཕན་པ་གཞན་ལ་ཕན་པ་བྱེད་པ་ནི། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ 69-1-171b དྲི་ཙམ་ཞིག་གིས་གསེར་གྱི་ཡོན་ཏན་གྱི་ཁྱིམ་གྱི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལས་བྱ་བ་ལེགས་པར་བྱས་པ་དེ་གསེར་གྱི་ཡོན་ཏན་གྱི་ཁྱིམ་གྱི་གནས་སུ་སྐྱེས་ནས་བདེ་བ་ཡང་དག་པར་མྱོང་བར་འགྱུར་བ་འདོད་པའི་བདེ་བ་ངེས་པར་མྱོང་བར་འགྱུར་རོ། །གནས་དེ་ན་ གསེར་ལས་བྱས་པའི་ཁྱིམ་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཀྱིས་བརྒྱན་པ་ཡོད་དེ་ཕུག་དེ་ནི་འོད་ཉིད་ཡིན་ནོ། །ཁྱིམ་ཞེས་བྱ་བའི་ཕུག་ནི་འདི་ཡིན་ཏེ་དེར་བརྒྱ་བྱིན་ཡང་འོངས་ནས་ངོ་མཚར་སྐྱེས་ཏེ་བརྒྱ་འགྱུར་དུ་རྩེ་བར་བྱེད་ཅིང ། འདི་ལྟར་ཚིགས་སུ་བཅད་དེ་ཡང་སྨྲས་པ། ཀྱེ་མ་དགེ་ བ་སྔོན་བྱས་པའི། །ཡང་དང་ཡང་དུ་བདེ་བ་དག་།སྔོན་བྱས་རྗེས་སུ་ལྡན་པའི་རྒྱུ། །མཐོ་རིས་རྣམས་སུ་ལྷ་སྤྱོད་དོ། །སྔར་ནི་རྟ་གཉིས་ལྡན་པ་ཡི། །ཤིང་རྟ་ཡོན་ཏན་དེ་བཞིན་གཉིས། །ཡེ་ཤེས་ལྕག་དང་ལྡན་པ་ཡིས། །ཤིང་རྟ་ཉི་མ་བཞིན་དུ་གསལ། །ཚུལ་ཁྲིམས་ ལྡན་ཞིང་སྙིང་རྗེར་ལྡན། །འབྱུང་པོ་ཀུན་ལ་སྙིང་བརྩེ་ཞིང ། །མ་ལྟ་བུར་ནི་ཕན་བྱེད་པ། །ལྷ་ཡི་གནས་སུ་རབ་ཏུ་འགྲོ། །འདི་ལྟར་སྙིང་རྗེ་ཚོལ་བའི་མི། །འབྱུང་པོ་ཀུན་ལ་ཕན་དགའ་བ། །དེ་ལ་རྟེན་པའི་མི་དག་ནི། །སུམ་ཅུ་རྩ་གསུམ་གནས་སུ་འགྲོ། །རྟག་ཏུ་དུལ་ཞིང་སྙིང་ རྗེར་ལྡན། །འབྱུང་པོ་ཀུན་ལ་ཕན་དགའ་བ། །དེ་ནི་མཆོད་པའི་གནས་འགྱུར་ཞིང ། །འཇིག་རྟེན་ཕ་རོལ་མཐོ་རིས་དགའ། །སྙིང་རྗེར་ལྡན་པའི་མི་དག་ནི། །ཟླ་བ་ལྟ་བུར་མཛེས་འགྱུར་ཞིང ། །མི་དེ་རྟག་ཏུ་ལྷ་འདྲ་ལ། །ལྷ་རྣམས་ཀྱིས་ནི་འདུད་པར་བྱེད། །འབྱུང་པོ་ཀུན་ གྱི་གནས་གྱུར་པ། །མྱ་ངན་བྲལ་ཞིང་ཉོན་མོངས་བྲལ། །དེ་ལྟར་བདེ་བ་འདོད་པ་ཡིས། །རབ་ཏུ་དང་བས་སྙིང་རྗེ་རྟེན། །དེ་ནས་དེ་ལྟར་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་དག་སྨྲས་ནས་ཕུག་དེ་ན་སྟན་གྱི་མཆོག་གསེར་ལས་བྱས་པ་རིན་པོ་ཆེ་སྣ་བདུན་འོད་རབ་ཏུ་འབར་བ། སྟེང་དུ་གདིང་བ་སྟན་ཁྲ་བོ་དང་ལྡན་པ་རྡོ་འཇམ་པ་གཤིས་སུ་བབ་པ་དབྱིབས་དང་ཆ་བྱད་སྣ་ཚོགས་དང་ལྡན་པ་དེ་དག་གི་སྟེང་དུ་འདུག་སྟེ། ལྷའི་རྒྱལ་པོ་བརྒྱ་བྱིན་དེ་ལྷའི་ཚོགས་རྣམས་དང་ལྷན་ཅིག་འཁོད་དོ། །ལྷ་རྣམས་དང་ལྷན་ཅིག་འཁོད་ནས་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ 69-1-172a ཅིང་གཟུགས་དང་ཆ་བྱད་སྣ་ཚོགས་དང་ལྡན་པའི་ལྷ་མོ་རྣམས་དང་ལྷན་ཅིག་ཡུན་རིང་དུ་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ལྟར་ཡུན་རིང་ཞིག་ལོན་པ་དང་ཕུག་དེ་དག་ནས་བྱུང་སྟེ། ལྷ་སྣ་ཚོགས་བརྒྱ་སྙེད་ཀྱིས་ཡོངས་སུ་བསྐོར་ནས་ཀུན་དགའ་ར་བའི་སྐྱེད་མོས་ཚལ་ ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་པའི་ལྷའི་ཚོགས་མཐུ་ཆེ་བ་རྣམས་ཕྱི་བཞིན་འབྲང་ཞིང་འདོང་བ་ན་དེས་ཀུན་དགའ་ར་བའི་སྐྱེད་མོས་ཚལ་ཤིང་ལྗོན་པ་འབུམ་ཕྲག་དུ་མ་གསལ་བ། གསེར་དང ། བཻ་ཌཱུརྱའི་ཤིང་ལྗོན་པའི་འོད་ཀྱི་ ཕྲེང་བ་འབར་བ་རྣམས་ཀྱིས་ཀུན་ནས་མཛེས་པར་འདུག་པ་དེ་དག་རྒྱང་རིང་པོ་ནས་མཐོང་ངོ ། །སྐྱེད་མོས་ཚལ་དང་ཚལ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དཔེར་བྱ་བར་མི་ནུས་ཀྱང ། ཅུང་ཟད་ཅིག་དཔེར་བྱ་ན་ཇི་ལྟར་ཉི་མ་བདུན་ཤར་བའི་འོད་ཟེར་འབྱུང་བ་ལྟར། སྐྱེད་མོས་ཚལ་དེའི་འོད་ཀྱང་དེ་ལྟ་བུ་ ཡིན་ཏེ། འོད་སྣ་ཚོགས་དེ་དག་འབྱུང་བ་ནི་འདི་ལྟ་སྟེ། ཁ་དོག་སྔོན་པོ་དང ། སེར་པོ་དང ། བཙོད་ཀ་དང ། དཀར་པོ་སྟེ། འོད་ཁ་ཅིག་ནི་འདྲེས་པ་ཡིན་ནོ། །དེས་ཚལ་དེ་དག་དང་སྐྱེད་མོས་ཚལ་དེ་ཀུན་ནས་རབ་ཏུ་འབར་བ་ལྟ་བུར་རྣམ་པར་མཛེས་ཏེ། འོད་ཀྱི་ཁ་དོག་སྣ་ཚོགས་རྣམས་ཀྱིས་འཁོར་གསལ་བར་བྱས་ཤིང་བརྒྱན་པ་དེ་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་མཐོང་ནས་ལྷ་རྣམས་ལ་སྨྲས་པ། འདི་ལྟར་ཀུན་དགའ་ར་བའི་སྐྱེད་མོས་ཚལ་དང་ཉེ་བའི་ཚལ་བརྒྱན་པ་ལ་ལྷ་ཁྱེད་ཀུན་ལྟོས་ཤིག་།འདི་དག་ཀུན་མཐོང་ལགས་སོ་ཞེས་སྨྲས་སོ། །འདིར་སྔོན་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་འཁོར་ ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བར་འདུག་སྟེ། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་རྩེས་སོ། །ལྷའི་འཇིག་རྟེན་གཉིས་ལ་དབང་བ་ལོ་འབུམ་ཕྲག་བྱེ་བ་དུ་མར་སྤྱད་ཀྱང་ཚིམ་པ་མེད་དེ། དུས་དེ་ཟད་ནས་ལས་ཀྱི་མཐའ་སྤྱད་པ་ལེགས་པར་བྱས་པ་ཚལ་དེར་གནས་པ་དེའི་ བཟང་བ་གང་ཡིན་པ་དང་བརྗིད་པ་གང་ཡིན་པ་དེ་སྲིད་དུ་རབ་ཏུ་མཐུ་ཆེ་བར་གྱུར་ཏོ། །དེ་ལྟར་ལྷ་ཀུན་ཉོན་ཅིག་།སྔོན་གྱི་དུས་ན་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་མིའི་གནས་བཞི་རྣམས་ལ་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་པར་བཀའ་སྩོལ་བར་བྱེད་དོ། །དེ་སྔོན་ལས་ལེགས་ 69-1-172b པར་བྱས་པ་རྣམས་ཀྱིས་འདོད་པ་དག་ལ་ཚིམ་པ་མེད་ཅིང ། དེ་ལྷའི་ཡུལ་འདིར་འོང་བར་བྱེད་དོ། །དེ་འོང་བ་ན་རང་གི་ལུས་ལས་འོད་འབྱུང་བས། རིའི་རྒྱལ་པོ་རི་རབ་འདི་བཅུ་འགྱུར་དུ་འོད་དང་ལྡན་པར་གྱུར་ཏོ། །ལྷ་ཐམས་ཅད་ཀྱང་ཟིལ་གྱིས་མནན་ནས་འོད་ཀྱི་ནང་དུ་འདུག་སྟེ། དེའི་ཚེ་རྒྱལ་ པོ་དེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱིས་མངོན་པར་མཐོང་ནས། མཆོད་ཡོན་དང་རྐང་པ་བཀྲུ་བདག་ཐོགས་ནས་དོང་སྟེ། རྒྱལ་པོ་ཆེན་པོ་ཚུར་གཤེགས་བདག་ཅག་ནི་ཁྱོད་ཀྱི་སླད་དུ་མཆིས་པ་ལགས་ཏེ། བདག་ཅག་གི་མཆོད་ཡོན་ཁྱོད་ལ་འོས་པ་ལགས་སོ། །དེས་ལྷ་རྣམས་ཀྱི་ནང་དུ་མཆོད་ ཡོན་བླངས་ནས་དེ་ནས་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་འགྲོ་བར་བྱེད་དོ། །འོད་དེས་སུམ་ཅུ་རྩ་གསུམ་གྱི་འོད་ཀུན་མེད་པར་བྱས་ཏེ། དེ་ལྟར་དེ་གཅིག་པུ་མི་རྣམས་ཀྱི་ནང་ན་ཉི་མ་རྣམ་པར་མཛེས་པ་དེ་བཞིན་དུ་དེ་ལྷའི་རིས་འདིར་ཡང་རྣམ་པར་མཛེས་པ་ཡིན་ནོ། །དེ་ལྟར་ལྷ་ དེ་དག་གི་འོད་མེད་པར་བྱས་པ་འཇིག་རྟེན་སྐྱོང་བ་བཞི་རྣམས་ཀྱིས་མངོན་པར་མཐོང་ནས། ལྷ་བརྟབས་པ་དེ་རྣམས་ལ་སྨྲས་པ། འདི་ལྟར་རྒྱལ་པོ་ང་ལས་ནུ་དེ་སུམ་ཅུ་རྩ་གསུམ་དུ་འོང་སྟེ། འོད་འདི་ནི་འཁོར་ལོས་སྒྱུར་བ་དེའི་ཤིང་རྟ་དང་འཁོར་ལོ་དང་ལུས་ཀྱི་གཟི་བརྗིད་ཡིན་གྱི། འོད་ འདི་ནི་ལྷ་མ་ཡིན་རྣམས་ཀྱི་མ་ཡིན་ལ། ས་ལ་རྒྱུ་བ་གང་གི་ཡང་མ་ཡིན་ཏེ་བརྟབས་པས་ཆོག་ཆོག་།རྒྱལ་པོ་དེ་ནི་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །དེ་དག་ལ་དེ་སྐད་སྨྲས་པ་དང ། རྒྱལ་པོ་དེ་སུམ་ཅུ་རྩ་གསུམ་དུ་འོངས་སོ། །དེའི་ཚེ་བརྒྱ་བྱིན་ཀུན་དགའ་ར་ བའི་སྐྱེད་མོས་ཚལ་ན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་རྒྱལ་པོ་དེ་མཐོང་ནས་ཁྱོད་འདིར་བྱོན་པ་སྟན་གྱི་ཕྱེད་འདི་ལགས་སོ་ཞེས་སྟན་གྱི་ཕྱེད་བསྟབས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་དང་ལྷན་ཅིག་སྟན་ཕྱེད་ཕྱེད་ལ་འཁོད་དེ། འདོད་པའི་ཡོན་ཏན་ ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་ཡུན་རིང་དུ་འཁོད་དོ། །དེ་ལེགས་པར་བྱས་པའི་ལས་ཟད་ནས། དེ་ནས་ཡང་སླར་ལྟུང་དོ ། །དེས་སུམ་ཅུ་རྩ་གསུམ་གྱི་གནས་འདི་དག་ཀུན་དཔྱད་ནས། འདི་ལྟར་ཀུན་དགའ་ར་བའི་སྐྱེད་མོས་ཚལ་འདིར་དགའ་བའི་རྣམ་པ་འདི་ལྟ་བུ་གཞན་མ་ 69-1-173a མྱོང་ངོ ། །དེ་ལྟར་སྐྱེད་མོས་ཚལ་རིན་པོ་ཆེ་དུ་མས་རྣམ་པར་བརྒྱན་པ་འདི་ཉམས་དགའ་བ་ཡིན་ཏེ། དེ་ལྟར་ས་འདིའི་གཞལ་མེད་ཁང་མཛེས་པ་གང་ཡིན་པ་དེ་ཉི་མ་བཞིན་རྣམ་པར་མཛེས་པ་ཡིན་ནོ། །དེ་ནས་ལྷའི་དབང་པོས་དེ་སྐད་སྨྲས་ནས། ལྷ་བརྒྱ་ཕྲག་སྟོང་གིས་ ཀུན་ནས་ཡོངས་སུ་བསྐོར་ཏེ། ཀུན་དགའ་ར་བའི་སྐྱེད་མོས་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །སྐྱེད་མོས་ཚལ་དུ་དོང་སྟེ། ལྷ་དང་ལྷ་མོའི་ཚོགས་ཀྱི་རྣམ་པས་ཡོངས་སུ་བསྐོར་ནས། རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ལྟར་དེ་ཤིང་ལྗོན་པ་སྣ་ཚོགས་དང་འོད་རྣམ་པ་སྣ་ཚོགས་ ཀྱིས་བརྒྱན་པར་ཡུན་རིང་དུ་བདེ་བ་རྣམ་པ་དུ་མ་མྱོང་ནས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཤིང་རྟ་ཉི་མ་ལྟར་གསལ་བས་ནམ་མཁའ་དེ་ཉིད་ལ་སིལ་སྙན་དང ། རོལ་མོ་སྣ་ཚོགས་རྗེས་སུ་འབྲང་བཞིན་དུ་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང ། དེ་ཉིད་དུ་ལྷ་གཞན་དག་ཇི་སྲིད་དུ་ འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རྣམས་ཀྱིས་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཟད་ནས་དེ་ནས་ཡང་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྩོད་པའི་དུས་སུ་མི་སྐྱེ་ཞིང་རྫོགས་ལྡན་གྱི་དུས་སུ་སྐྱེ་བར་འགྱུར། ཡུལ་ཤིན་ཏུ་ཉམས་དགའ་ཞིང་ཚལ་དང་ཉེ་བའི་ཚལ་དང་ལྡན་པ་དང་འབྲས་སཱ་ལུ་དང་ནས་དང་གྲོ་དང་བུ་རམ་ཤིང་རོ་དང་ལྡན་པ་དང་སྐྱེ་བོ་དང་་ ཤིན་ཏུ་ལྡན་པ་དང་ཆོས་དང་ཤིན་ཏུ་ལྡན་པར་སྐྱེ་བར་འགྱུར་ཏེ། རྒྱལ་པོའམ་བློན་པོ་ཆེན་པོ་སྐྱེ་བོ་ཀུན་དགའ་བ་གཟུགས་བཟང་པོ་དང་ལྡན་ཞིང་དབང་པོ་ཚང་བ་དང་བུ་དང་ཚ་བོ་དང་ལྡན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། སུམ་ ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཕྲེང་བའི་གྲིབ་མ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ 69-1-173b ཤེས་པས་བརྟགས་ན། ལས་ཀྱི་མཐའ་སྤྱད་པ་ལེགས་པར་བྱས་པ་སེམས་དགེ་བའི་བསམ་པ་དང་ལྡན་པར་གྱུར་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །རྣམ་པ་དུ་ཡོད་ཅེ་ན། གང་བདག་ཉིད་ཀྱིས་སྲོག་མི་གཅོད་པ་ཡིན་ཏེ། འདི་ལྟར་ཆུ་སྲིན་བྱིས་པ་ གསོད་དམ། ཀུམ་བྷི་རའམ། ན་ཀྲའམ། ཤང་ཀ་ཆུ་འགྲམ་དུ་བཟུང་སྟེ། བཅིངས་ནས་གསོན་བཞིན་དུ་ཤ་བཏོགས་ནས་ཟ་བ་འམ། འཚོང་བ་སྲོག་གཅོད་པའི་རྣམ་པ་དེ་ལྟ་བུ་དང་བྲལ་ཞིང་སྲོག་གཅོད་པ་གཞན་ཡང་ཚུལ་ཁྲིམས་ལ་རབ་ཏུ་འཇོག་པར་བྱེད། སྲོག་གཅོད་པ་ལ་ རྗེས་སུ་ཡི་རང་བར་མི་བྱེད་ཅིང་ཕྱིར་ཟློག་པར་བྱེད་ལ། ཕྱིར་བཟློག་ནས་དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ཏེ་རྣམ་པ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྐྱེས་བུ་དགེ་བ་དད་པ་དང་ལྡན་པར་གྱུར་པ། དྲང་ཞིང་ དྲང་པོའི་རང་བཞིན་ཅན་སྡོམ་པ་བླངས་པ་ཆགས་པའི་བསམ་པ་མེད་པ། གང་གིས་དགེ་འདུན་གྱི་ནང་ངམ་མཆོད་རྟེན་ལ་བདུག་སྤོས་ཕུལ་བ་དེ་ལ་དེ་སྡོམ་པའི་བསམ་པས་སྣོམ་པར་མི་བྱེད། དྲི་ཞིམ་པོ་དེས་གོས་ལ་གོས་པར་མི་བྱེད་མྱོང་བར་མི་བྱེད་སྣའི་ཡུལ་དང་ཕྲད་ཀྱང་མི་འདོད་པ་ཡིན་ ཏེ་རྣམ་པ་དེ་དག་ཡིན་ནོ། །གཞན་ཡང་མ་བྱིན་པ་ལེན་པ་ཤིན་ཏུ་ཆུང་བ་ཡང་མི་ལེན་ལ། གཞན་ལེན་པ་ཡང་དེ་ལྟར་ཕྱིར་ཟློག་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད། དེ་ལྟར་ཕྱིར་ཞིང་ལམ་བཟང་པོ་ལ་གནས་པར་བྱེད་པ་ཡིན་ཏེ། དེ་ནི་བདག་ལ་ཕན་པ་གཞན་ལ་ ཕན་པ་བྱེད་པའི་སྐྱེས་བུ་ཡིན་ནོ། །སྲོག་ཆགས་རྣམས་ཀྱི་ཕན་པ་ལ་རབ་ཏུ་ཞུགས་པ་ཇི་ལྟ་བུ་ཡིན་ཞེ་ན། ཇི་ལྟར་རང་གི་བུའི་སྲོག་གཅོད་པར་མི་བྱེད་པ་དེ་བཞིན་དུ་སྲོག་ཆགས་ཕྲེའུ་དང་གྲོག་སྦུར་ལ་སོགས་པ་སྲོག་ཆགས་ཐམས་ཅད་གསོད་པར་མི་བྱེད་ཅིང་དེ་ལྟར་གཞན་དག་ཀྱང་ཚུལ་ ཁྲིམས་དེ་ཉིད་སྲུང་དུ་འཇུག་ལ་དགེ་བའི་ལམ་ལ་རབ་ཏུ་འཇོག་པ་ཡིན་ནོ། །སྦྱིན་པ་ལ་དགའ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དབུལ་པོ་ཚེགས་ཆེན་པོས་འཚོ་བ་བསམ་གཏན་དང་པོ་ཐོབ་པ་ལམ་དུ་ཞུགས་པ་ལ་རང་གི་སྣོད་དེ་ནས་ཟས་ཀྱི་སྐལ་བ་སྦྱིན་པར་བྱེད་ཅིང ། གཞན་ཡང་སྦྱིན་པ་དེ་ 69-1-174a ལྟ་བུ་བྱེད་དུ་འཇུག་ལ་བསོད་ནམས་དག་བྱེད་དུ་འཇུག་པ་ཡིན་ཏེ། བདག་དང་གཞན་ལ་ཕན་པ་བྱེད་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཕྲེང་བའི་གྲིབ་མའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ཕྲེང་བའི་གྲིབ་མའི་ལྷ་ རྣམས་ཀྱི་ནང་ལྷའི་རིས་དེ་ན་ཤིང་ལྗོན་པ་ཕྲེང་བའི་གྲིབ་མ་ཞེས་བྱ་བ་ཀུན་ནས་འོད་ཀྱི་ཕྲེང་བ་འབྱུང་བ་ཡོད་དེ། མེ་ཏོག་དེ་དག་གི་དྲི་ཤིན་ཏུ་ཞིམ་པ་ཀུན་དུ་དཔག་ཚད་ཙམ་དུ་འབྱུང་ལ། ཤིང་ལྗོན་པ་གཞན་དག་གི་མེ་ཏོག་རྡོལ་ནས་དྲི་ཞིམ་པོ་རབ་ཏུ་འབྱུང་ངོ ། །དེ་ལྟར་ཡུན་རིང་དུ་དགའ་བའི་མེ་ཏོག་ རེ་རེ་གང་ཡིན་པས་ཕྲེང་བ་ལྷའི་མགོ་ལ་འཆིང་བར་བྱེད་དོ། །ཕྲེང་བ་དེ་ཡང་ཁ་དོག་རྣམ་པ་སྣ་ཚོགས་སུ་ཡོད་དེ། ཁ་དོག་སྔོན་པོ་དང་སེར་པོ་དང་བཙོད་ཀ་དང་དཀར་པོ་རྣམས་ཀུན་ནས་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན་ནོ། །ཇི་ལྟར་མིའི་འཇིག་རྟེན་ན་རི་མོ་མཁན་ཤིན་ཏུ་མཁས་པ། ལེགས་ པར་བསླབས་པ་བྱང་ཞིང་མཁས་པའི་ལས་ཀྱིས་གནས་དང་གནས་དག་ཏུ་ཕྲེང་བ་ཤིན་ཏུ་སྡུག་པར་བྲིས་པ་དེ་ལྟར་ཤིང་ལ་རྣམ་པར་འབྱུང་བར་འགྱུར་ཏེ། ཤིང་དེ་རྣམས་ལས་ཕུན་སུམ་ཚོགས་པ་དེ་ལྟ་བུ་སྐྱེ་བར་འགྱུར་རོ། །དེ་ནས་ཡང་རྣམ་པ་གཞན་གྱིས་ལྷ་དེ་རྣམས་ཡུལ་གྱི་བདེ་བ་ལྔ་མྱོང་ བར་འགྱུར་ཏེ། སིལ་སྙན་ཡན་ལག་ལྔ་དང་ཡང་དག་པར་ལྡན་པ་རྣམས་ཚལ་དང་ཉེ་བའི་ཚལ་དུ་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །འདོད་པ་ཐམས་ཅད་ཡང་དག་པར་འབྱོར་པ་དེས། ལྷ་རྣམས་གང་དང་གང་ཡིད་ལ་སེམས་པ་དེ་དང་དེ་ཉིད་ཡང་དག་པར་འགྲུབ་བོ། །དེ་ལྟར་ཉམས་ སུ་དགའ་བ་རྣམ་པ་སྣ་ཚོགས་དུ་མ་འབྱུང་བར་འགྱུར་ཏེ། ལས་ལེགས་པར་བྱས་པ་དེས་ལྷ་རྣམས་ཀྱི་ཐམས་ཅད་ཡང་དག་པར་འགྲུབ་བོ། །དེ་ནས་བདེ་བ་གཞན་དང་ཡང་དག་པར་ལྡན་པར་འགྱུར་ཏེ། རྫིང་མེ་ཏོག་སྣ་ཚོགས་དང་ལྡན་པ་ཞེས་བྱ་བ་ཡོད་ལ་དེའི་མཐུ་འདི་ལྟ་བུ་འབྱུང་སྟེ་འདི་ལྟ་སྟེ། མེ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་འབྱུང་ངོ ། །དེ་ནམ་ཡང་ཞུམ་པར་མི་འགྱུར་ལ། རིན་པོ་ཆེ་སྣ་བདུན་གྱི་བུང་བ་རྣམས་ཀྱིས་ཉེ་བར་བརྒྱན་ཏེ་བུང་བ་དེ་དག་ཀྱང་ལྷའི་གླུ་དབྱངས་ལེན་པ་ཡིན་ནོ། །དེར་ལྷ་མོ་དེ་རྣམས་ཤིན་ཏུ་དགའ་བ་སྐྱེད་དེ། ཀྱེ་ཨེ་མ་བུང་བ་སྣ་ཚོགས་དག་ཤིན་ཏུ་ཉམས་དགའ་བར་བྱེད་ 69-1-174b པ་ཡིན་ལ། བདག་ཅག་གི་སྙིང་ལ་ཡང་རབ་ཏུ་སིམ་པ་འབྱུང་ངོ་ཞེས་ཕན་ཚུན་སྨྲ་སྟེ་དེ་ལྟར་བུང་བ་སྣ་ཚོགས་ཀྱི་རྫིང་རྣམས་སུ་གླུ་དབྱངས་ལེན་ནོ། །དེ་ནས་ཡང་རྫིང་ཤིན་ཏུ་བཀྲ་བ་རྣམས་སུ། བྱ་ངང་པ་དང་ངང་མོ་བབས་པ་རྣམས་ཀྱིས་པད་མའི་རྡུལ་སློང་སྟེ། གསེར་དང་དངུལ་གྱི་ཁ་ དོག་ལྟ་བུའི་རྡུལ་གང་གིས་ཆུ་དེ་དག་ཐམས་ཅད་མཉམ་པར་ཁེབས་སོ། །ཆུ་ཁེབས་པ་དེ་ངུར་པ་རྣམས་ཀྱིས་མངོན་པར་མཐོང་ནས་སྐད་སྙན་པ་འབྱིན་ཅིང་རྒྱུག་གོ། །དེ་ལྟར་བྱ་རྣམས་ཀྱིས་འདྲ་བར་གང་བའི་རྫིང་དེ་དག་ཡང་དག་པར་ཤེས་ནས། ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་ རྣམས་ཡིད་ཤིན་ཏུ་རབ་ཏུ་དགའ་བས་བྱའི་ཚོགས་དེ་དག་ག་ལ་བ་དེར་ཤིན་ཏུ་གླུ་ལེན་བྲོ་རྡུང་ཞི་འདོང་བར་བྱེད་དོ། །ལྷ་གཞན་གང་ཡིན་པ་དེ་དག་ཀྱང་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་རྩེ་བ་རྣམས་ཡོངས་སུ་བཏང་ནས་བྱའི་ཚོགས་འདུས་པ་ག་ལ་བ་དེར་རྩེ་བའི་དོན་དུ་འདོད་པར་བྱེད་དོ། །དེ་་ ནས་དེར་ཡང་དགའ་བར་བྱས་ནས་སྐྱེད་མོས་ཚལ་ཁང་བཟངས་དཀྲིགས་པ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ཁང་བཟངས་དཀྲིགས་པ་དེ་ན་རིན་པོ་ཆེ་སྣ་བདུན་གྱི་ཀ་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ་འདི་ལྟ་སྟེ། བཻ་ཌཱུརྱ་དང་གསེར་དང་དངུལ་དང་ཤེལ་དང་སྤུག་རྣམས་ཀྱིས་བརྒྱན་ ཅིང་མཛེས་པར་བྱས་སོ། །ལྷ་མོ་རྣམ་པ་སྣ་ཚོགས་ཀྱིས་ཀྱང་བརྒྱན་ཅིང་ས་ཕྱོགས་དེ་མཛེས་པར་བྱས་པ་ཡིན་ཏེ། དེར་ཡང་ལྷ་རྣམས་དགའ་བར་བྱེད་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ཡང་ཡིད་ཤིན་ཏུ་བདེ་བ་ལྷའི་རྒྱན་གྱིས་རྣམ་པར་བརྒྱན་པ། ལྷའི་ཙན་དན་གྱིས་ལུས་ བསྐུས་པ་ཕན་ཚུན་གནོད་པ་ཀུན་མེད་པ་དང་ལྡན་པ་ཕན་ཚུན་དགའ་བ་ཕན་ཚུན་སྙིང་ལ་མི་བདེ་བ་མེད་པ་དང་ལྡན་པ། ཕན་ཚུན་ཕྲག་དོག་དང་ཐབ་མོ་རྣམས་ཀྱིས་སྐྱོ་བ་མེད་པ་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་མཐོ་རིས་ཀྱི་ས་སྣ་ཚོགས་རྣམས་སུ་ལས་སྣ་ཚོགས་དང་ལྡན་པ། རང་གི་ལས་ ཀྱི་འབྲས་བུ་མངོན་སུམ་པའི་ལྷ་རྣམས་རྩེ་བར་བྱེད་ཉེ་བར་སྤྱོད་པར་བྱེད་དོ། །དེ་ནས་ཡང་དཔག་བསམ་གྱི་ཤིང་གི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེར་མཐུ་འདི་འབྱུང་སྟེ། ཡིད་ལ་གང་དང་གང་སེམས་པ་དེ་དང་དེ་དག་ཤིང་དེ་རྣམས་ཉིད་ལས་འཐོབ་བོ། །ཚལ་དེ་ན་ཤིན་ཏུ་དྲི་ཞིམ་ཞིང་ 69-1-175a རོ་ཕུན་སུམ་ཚོགས་པའི་བཟའ་བ་དང་བཏུང་བ་ཆུ་བོ་ལྟར་འབབ་སྟེ་ལས་ལེགས་པར་བྱས་པ་མངོན་སུམ་དུ་གྱུར་པའི་ལྷ་དེ་རྣམས་ཡིད་རབ་ཏུ་དགའ་བས་རྩེ་ཞིང་ཆུ་བོ་དེ་རྣམས་ཀྱི་ཆང་ཞིམ་པོ་ལ་འཐུང་ལ་བདུད་རྩི་ལ་ཡང་ཟ་བར་བྱེད་དོ། །བཟའ་བ་དང་བཏུང་བའི་རོ་དེས་ཚིམ་པ་ མེད་པ་དེ་རྣམས་བདེ་བ་འབར་བ་ལྟ་བུ་དེ་བརྒྱ་འགྱུར་དུ་མཛེས་པ་ཡིན་ནོ། །དེ་ནས་དེར་ཡང་རྩེ་བར་བྱེད་དེ། རྩེ་བ་སྣ་ཚོགས་བྱས་ནས་པད་མ་དཀར་པོའི་ལོ་མའི་ཚལ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེ་ན་པད་མ་དཀར་པོ་གང་ཡིན་པ་དེ་དག་གི་ལོ་མ་དང་མདོག་དང་དྲི་དང་ རོ་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་ལ་དེ་དག་ལས་ཆང་ཞིམ་པོ་འབྱུང་སྟེ། ཇི་ལྟར་སྟོན་ས་ནས་ཆང་གི་རྒྱུན་འབྱུང་བ་དེ་བཞིན་དུ་ཡོངས་སུ་འབྱུང་ངོ ། །པད་མ་དཀར་པོའི་མདོག་གང་ཡིན་པ་ལས་ཆང་གི་མདོག་དང་རོ་དང་དྲི་དེ་དང་འཐུན་པར་དེ་ཉིད་ལས་འབྱུང་ངོ ། །པད་མ་གསེར་གྱི་མདོག་ གང་ཡིན་པ་ལས་ཆང་གི་མདོག་དེ་དང་འཐུན་པར་འབྱུང་ངོ ། །བཻ་ཌཱུརྱའི་མདོག་གང་ཡིན་པ་ལས་དེ་དག་ཀྱང་མདོག་དེ་ཉིད་དང་འཐུན་པར་འབྱུང་ངོ ། །ཤེལ་གྱི་མདོག་གང་ཡིན་པ་ལས་དེ་དག་ཀྱང་དེ་ཉིད་དང་འཐུན་པར་འབྱུང་ངོ ། །སྔོ་བསངས་དང་སྤུག་ལྟ་བུ་གང་ཡིན་པ་ལས་ཆང་གི་མདོག་དེ་ དག་ཀྱང་དེ་དང་འཐུན་པར་འབྱུང་ངོ ། །ཁ་དོག་སྣ་ཚོགས་གསེར་གྱི་འདབ་མ་བཻ་ཌཱུརྱའི་སྡོང་བུ། རྡོ་རྗེའི་མྱུ་གུ་དང ། ཟེ་བ་གང་ཡིན་པ་ལས་ཆང་སྣ་ཚོགས་དེ་དག་ཀྱང་དེ་ལྟ་བུ་ཉིད་དུ་འབྱུང་སྟེ། ཀུན་ནས་དྲི་ཤིན་ཏུ་ཞིམ་པ་དང་ལྡན་པའི་ཆང་དེ་དག་ལས་ཀྱང་འཐུངས་ནས་རྩེ་ཞིང་སྐྱེད་མོས་ཚལ་ གཞན་ཀུན་སྣང་ཞེས་བྱ་བ་ག་ལ་བ་དེར་རྩེ་བ་ལ་གནས་པར་བྱ་བའི་ཕྱིར་འདོང་བར་བྱེད་དོ། །དེ་ནས་སྐྱེད་མོས་ཚལ་ཀུན་སྣང་དེར་ཡང་ཕྱིན་ནས། དེ་ན་གནས་པའི་ལྷ་ཀུན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རྩེ་ཞིང་གནས་པའི་ས་དེ་དག་ཉིད་ལ་ལྟ་བར་བྱེད་དེ། དེ་ན་ལྷ་རྣམས་ལྷའི་བདེ་བ་ ལ་ཉེ་བར་སྤྱོད་པ་མཐོང་ངོ ། །དེ་ནས་དེ་དག་ཐམས་ཅད་ཀྱང་མཐོང་ནས་དེ་ན་དགའ་བ་འདི་དག་ཡོད་དེ་འདི་ལྟ་སྟེ། ཀུན་ནས་རྫིང་ཀུན་དུ་བསྐོར་བ་ཞེས་བྱ་བ་ཡོད་དེ། དེས་སྐྱེད་མོས་ཚལ་དེ་ཀུན་ནས་ཡོངས་སུ་བསྐོར་བ་ཡིན་ལ། ཞེང་དུ་རྒྱང་གྲགས་གསུམ་ཡོད་པ་ཆུ་ཤིན་ཏུ་དང་བས་ཡོངས་ 69-1-175b སུ་གང་བ་བཻཌཱུརྱ་བ་ཅག་འཕྲོའི་མདོག་ལྟ་བུའི་ཆུས་ཤིན་ཏུ་གང་བ་ཡིན་ནོ། །རྫིང་ཀུན་ནས་བསྐོར་བར་བྱ་ངང་པ་དང་ངུར་པས་མཛེས་པར་བྱས་པ་ཡིན་ཏེ། བྱ་ཐམས་ཅད་ཀྱང་ཀུན་ནས་མདོག་བཟང་པོ་རྒྱབ་ནི་གསེར་བཙོ་མ་རྐང་པ་ནི་བྱི་རུ་མིག་ནི་ཀེ་ཀེ་རུ་མགོ་གི་ཝང་གིས་ཐིག་ལེར་ བྲིས་པ་སྒྲ་སྙན་པ་སྙན་པར་འབྱིན་ཏེ། སྒྲའི་གདངས་སྣ་ཚོགས་སུ་འབྱིན་ཅིང་རྩེ་བར་བྱེད་དོ། །དེར་དོང་ནས་སྐྱེད་མོས་ཚལ་གྱི་ནང་དུ་ཞུགས་པའི་ལྷ་དེ་རྣམས་གསེར་གྱི་འོད་དེས་ཇི་ལྟར་སེང་ལྡེང་གི་འདབ་མ་བསྡུས་པའི་ནང་ན་གསེར་དང ། ར་གན་བསྲེགས་པ་ལྟ་བུར་དེ་ལྟར་མཛེས་པ་ཡིན་ ལ། ལྷ་དེ་རྣམས་ཕན་ཚུན་རང་རང་གི་དངོས་པོ་དེ་དག་ལ་ལྟ་བར་བྱེད་དེ། འདི་ལྟར་ལྷའི་གཞལ་མེད་ཁང་གི་མཐུ་འདི་ལ་ཁྱེད་རྣམས་ལྟོས། འདིར་བདག་ཅག་གི་གཞལ་མེད་ཁང་གི་མཐུས་ཁ་དོག་སེར་པོ་ཉིས་འགྱུར་དུ་འབྱུང་ངོ་ཞེས་སྨྲས་སོ། །དེ་རྣམས་གཞལ་མེད་ཁང་སྣ་ཚོགས་དེ་དག་ན་ ཤིན་ཏུ་དགའ་སྟེ། དེར་ཡང་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད་རྩེ་བར་བྱེད་དོ། །ལྷའི་ཡུལ་ལ་སེམས་ཆགས་པ་དག་སྲེད་པས་ཆོག་མི་ཤེས་ཏེ། ཇི་ལྟར་སྦྱིན་སྲེག་བྱེད་པའི་མེ་ཆོག་མི་ཤེས་པ་དེ་བཞིན་དུ་ལྷ་རྣམས་ཀྱིས་སྒྲ་དང་རོ་དང་གཟུགས་དང་དྲི་ སྡུག་པ་ཡུལ་གྱི་ཆུ་བོ་རྣམས་ཉིད་ཀྱིས་ཆོག་མི་ཤེས་ཏེ། ཇི་སྲིད་དུ་ལས་བྱས་ཤིང་བསགས་པ་བཅོམ་ཞིང་སྤངས་པར་མ་གྱུར་པ་དེ་སྲིད་དུ། དེས་དེ་དག་ན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཟད་ནས་དེ་ནས་ཡང་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ་ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ཤིན་ཏུ་བདེ་བར་འགྱུར། ལུས་མེ་ཏོག་གི་ཕྲེང་བ་དང་ ཕྱེ་མ་དང་བྱུག་པས་བྱུགས་པ་དང་རྟག་ཏུ་ཡིད་རབ་ཏུ་དགའ་ལ་མཆོག་ཏུ་འབྱོར་པ་དང་ལྡན་པའི་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་ཏེ། སྐྱེ་བོ་ཀུན་དགའ་བ་དང་ནད་མེད་པ་དང་གནོད་པ་མེད་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། 69-1-176a སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་དམའ་བ་དང་མཐོ་བ་ན་རྒྱུ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་ པ་ལས་བྱུང་བའི་ཤེས་པས་བརྟགས་ན་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་པ་ཡིན་ཏེ་འདི་ལྟ་སྟེ། འཚོ་བའི་དོན་དུ་སྦྲུལ་གསོད་པ་པོས་སྦྲུལ་རྣམས་ཀྱི་མགོ་བོ་གཤགས་ནས་ནོར་བུ་འབྱིན་པར་བྱེད་དེ། འདི་ལྟར་ནོར་བུ་འདི་དག་གིས་བདག་ཅག་གི་འཚོ་བ་ བྱའོ་སྙམ་ནས། སྦྲུལ་དེ་དག་གསོད་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་སྲོག་གཅོད་པ་མི་བྱེད་ཅིང ། གཞན་གྲོག་སྦུར་ལ་སོགས་པ་ལ་ཡང་ཡིད་ཀྱིས་གནོད་པ་མི་བྱེད་ལ། སེམས་ཅན་གཞན་སེམས་ཅན་དུ་འདུ་ཤེས་ནས་སྲོག་གཅོད་པར་མི་བྱེད་པ་ཡིན་ཏེ་རྣམ་པ་དེ་དག་ནི་སྲོག་ གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་རྩཝ་དང་བོང་བ་ཙམ་ཡང་རྐུ་སེམས་ཀྱིས་རྐུ་བར་མི་བྱེད་ཅིང་མ་བྱིན་པར་ལེན་པ་ཤིན་ཏུ་ཕྲ་མོ་ཡང་མི་ལེན་པ་ཡིན་ནོ། །འདི་ལྟ་སྟེ། གླེགས་བམ་མམ་དེ་དང་འཐུན་པ་གཞན་དག་རྐུ་སེམས་ཀྱིས་ལེན་ པར་བྱེད་ལ། དེ་བླངས་ནས་གཞུང་སློབ་པར་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ཡང་སྤངས་པ་ཡིན་ནོ། །སྦྱིན་པ་སྦྱིན་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཚེགས་ཆེན་པོས་འཚོ་བར་གྱུར་ཀྱང ། གང་བདོག་པ་དེ་ལ་སེར་སྣ་མི་བྱེད་ལ། བསམ་གཏན་དང་པོ་ཐོབ་པ་དག་ལ་ཆོས་གོས་དང་བསོད་ སྙོམས་དང་མལ་ཆ་དང་ན་བའི་གསོ་སྨན་གྱི་རྐྱེན་གྱི་ཡོ་བྱད་དག་འབུལ་བར་བྱེད་ཅིང ། དེ་བཞིན་དུ་བསོད་སྙོམས་འབུལ་བར་བྱེད། དགེ་འདུན་གནས་པའི་ས་ཕྱོགས་ཀྱི་བདེ་བ། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་མཉམ་པར་བྱེད་པ་ཡིན་ཏེ། དེ་ལྟར་བདག་ཉིད་ཀྱང་སྦྱིན་པ་ ལ་དགའ་ལ། གཞན་ཡང་དགེ་བའི་ལམ་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད། སྡིག་པ་ལས་ཀྱང་ཟློག་པར་བྱེད་པའི་སྐྱེས་བུ་དགེ་བ་བདག་ཉིད་དང ། གཞན་ཉིད་ལ་ཕན་པར་རབ་ཏུ་ཞུགས་པ་ནི། ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ 69-1-176b ཀྱི་ནང་དམའ་བ་དང་མཐོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །ཤིན་ཏུ་བདེ་བར་གནས་པ་དེར་སྐྱེས་པའི་གནས་དེ་དག་ཏུ་སྟན་ཁྲ་བོའི་ནང་རས་བལ་གྱིས་གང་བ་ལྟ་བུར་མཉེན་ཞིང་གཞི་ཤིན་ཏུ་འཇམ་པ་ལ་རྐང་པ་བཞག་ན་ནེམས་ཞེས་བྱེད། དེ་ནས་རྐང་པ་བཏེག་ན་པར་ཅེས་བྱེད་ལ་མཉེན་པ་ཡིན་ ཏེ། དཔེར་ན་རླུང་གི་ཤུགས་ཀྱིས་ཆུ་རབ་ཏུ་བསྐྱོད་ན་རླབས་མི་འཐུན་པར་འབྱུང་ལ། དེ་ནས་རླུང་གི་ཤུགས་མེད་ན་མཉམ་པར་འགྱུར་བ་དེ་བཞིན་དུ་ས་གཞི་དེ་ཡང་ཀུན་ནས་དམའ་བ་དང་མཐོ་བ་ཡིན་ནོ། །དེ་ནས་ཡང་གནས་དེ་ཀུན་ནས་ཤིན་ཏུ་དྲི་མ་མེད་པ་ཡིན་ཏེ། དཔེར་ན་མེ་ལོང་ཤིན་ ཏུ་དྲི་མ་མེད་པའི་ནང་དུ་གཟུགས་བརྙན་བསྒྱུར་བ་འབྱུང་བ་དེ་བཞིན་དུ་གནས་དེ་དག་ཏུ་ལྷ་དེའི་གཟུགས་བརྙན་སྣང་ངོ ། །དེ་ནས་ཡང་གནས་དེ་ཉིད་དུ་ལྷའི་ངོ་མཚར་དུ་བྱ་བ་འབྱུང་སྟེ། གང་ལྷ་གཞན་དེ་དག་བསམ་པ་སེམས་པའམ་ལྷ་གཞན་དུ་འགྲོ་བར་སེམས་ན། དེ་ཇི་ལྟར་ཡི་གེར་བྲིས་ པའམ་ཡི་གེ་ཀུན་དུ་མངོན་པར་བྲིས་པ་མཐོང་བ་དེ་ལྟར་ལྷ་དེ་སོ་སོར་ཤེས་ཤིང་སོ་སོར་མངོན་པར་ཤེས་ཏེ། དེ་ནས་ཡང་ལྷ་མོ་དེ་དག་དང་ཤིན་ཏུ་རྩེ་བར་བྱེད་དོ། །དེ་ནས་གཞན་ཡང་གནས་དེ་དག་ཏུ་ངོ་མཚར་དུ་བྱ་བ་གཞན་གང་བསྟན་པའི་གནས་ནི་འདི་ལྟ་བུ་ཡིན་ཏེ། ལྷ་དེ་དག་གང་འདོད་པའི་བདེ་ བ་དེ་དག་ཐམས་ཅད་འབྱོར་པར་འགྱུར་ལ། དེ་ལྟར་ལྷ་དེ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་མཐོ་བ་དང་དམའ་བའི་གནས་དག་ན་བདེ་བ་མྱོང་བ་ཡིན་ནོ། །དེ་ནས་ཡང་ལྷ་གནས་པ་སྐྱེད་མོས་ཚལ་ན་རྩེ་ཞིང་གནས་པ་དེ་དག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་སྟེ། འདི་ལྟ་སྟེ། ཆང་ཞིམ་པོའི་ཚལ་ཞེས་བྱ་བ་ཚལ་ཆེན་པོ་ཀུན་ནས་དྲིལ་བུ་གཡེར་ཀའི་དྲ་བ་སྒྲ་འབྱིན་པས་དཀྲིགས་པ། ཤིང་ལྗོན་པ་རྣམ་པ་དུ་མ་རྣམས་ཀྱིས་བརྒྱན་པ། བྱ་སྣ་ཚོགས་དང་མེ་ཏོག་དང་འབྲས་བུས་ཤིན་ཏུ་རྣམ་པར་ཕྱེ་བའི་ཚལ་དེ་ན། ལྷ་དེ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་ པས་ཀུན་ནས་བསྐོར་ནས་རྩེ་བར་བྱེད་དེ། ཤིན་ཏུ་ཡིད་དུ་འོང་བ་དབང་པོ་ལྔའི་ཡུལ་གྱི་འབྲས་བུ་བདེ་བ་དག་མྱོང་བར་བྱེད་དོ། །དེ་ནས་ཡང་གནས་དེ་དག་ན་གཞལ་མེད་ཁང་གི་ཚལ་དག་ཡོད་དེ། འདི་ལྟ་སྟེ་ཚལ་སར་པའོ། །ཚལ་དེ་ན་གང་གི་ཚེ་ལྷ་དག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་ 69-1-177a དུ་འདོང་བ་དེའི་ཚེ་ཤིང་ལྗོན་པ་དེ་རྣམས་ཀྱི་གཟུགས་གསར་དུ་སྐྱེ་སྟེ། འདི་ལྟར་ལྷ་མོ་དེ་དག་གིས་འབྲས་བུ་བདེ་བར་བཏོག་ཏུ་སླེབས་པར་འགྱུར་རོ། །ཚལ་དེ་ཡང་ཀུན་ནས་རིན་པོ་ཆེ་སྣ་བདུན་ལས་སྐྱེས་པ། ཤིང་ལྗོན་པ་ཉི་མ་ཤར་བའི་འོད་ལྟ་བུ་རྣམས་ཀྱིས་བརྒྱན་པ། མེ་ཏོག་དང་འབྲས་བུ་ཁ་དོག་དུ་མ་རྣམས་ཀྱིས་བརྒྱན་པ། བྱ་སྣ་ཚོགས་སྒྲ་འབྱིན་ཅིང་དགའ་བར་བྱེད་པའི་བྱ་རྣམས་ཀྱིས་བརྒྱན་པ། ལོ་མའི་ནང་དུ་གནས་པའི་བྱ་སྒྲ་འབྱིན་པ་རྣམས་ཀྱིས་ཚལ་དེ་ཀུན་ནས་སྒྲ་འབྱིན་པ་ལྟ་བུ་ཡིན་ཏེ། དེ་ལྟར་ཤིན་ཏུ་དགའ་བའི་ཚལ་དེ་ན་ལྷ་དེ་རྣམས་ཡུལ་དྲུག་ ལ་ཆགས་པའི་སྲེད་པས་དགའ་བར་བྱེད། དགོད་པར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་འདི་ལྟར་ཤིན་ཏུ་ཉམས་དགའ་བ་མིག་དང་རྣ་བ་དང་སྣའི་རོ་དགའ་བའི་ཚལ་དེ་ནས་མཐོ་བརྩེགས་ཞེས་བྱ་བ་རི་རབ་ཀྱི་རྩེ་མོ་དེར་འདོང་བར་བྱེད་དོ། །ལྷ་མོ་བལྟ་ན་སྡུག་ཅིང་ རྒྱན་དང་ཆ་བྱད་སྡུག་པ་དེ་རྣམས་ཉེ་བ་ན་གླུ་དབྱངས་ལེན་བཞིན་དུ་མཐོ་བརྩེགས་ཞེས་བྱ་བ་རི་རབ་ཀྱི་རྩེ་མོ་ཀུན་ནས་རྒྱར་དཔག་ཚད་བཅུ་ཡོད་པ་དེར་དོང་ངོ ། །དེའི་སྟེང་ན་རྣམ་པར་མཛེས་པ་ཞེས་བྱ་བའི་རྫིང་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་ཨུད་པ་ལ་སྔོན་པོ་དང ། ཀོ་ཀ་ན་དང ། ཀུ་མུ་ད་ རྣམས་ཀྱིས་ཁེབས་པ་ཆུ་རྙོག་པ་མེད་ཅིང ། བྱ་ངང་པ་དང་ངུར་པའི་སྒྲ་རྣར་སྙན་པ་འབྱིན་པ་ཀུན་ནས་ཁང་བཟངས་ཀྱིས་ཡོངས་སུ་བསྐོར་ཅིང ། རིན་པོ་ཆེ་སྣ་བདུན་གྱི་ཀ་བ་རྣམས་ཀྱིས་བརྒྱན་པ། ཀུན་ནས་ཚལ་དང་ཉེ་བའི་ཚལ་གྱིས་ཕྱོགས་བསྐོར་བ། གཟུགས་བལྟ་ན་སྡུག་པ་རྣམས་ ཀྱིས་རྫིང་བསྐོར་བར་ལྷ་དེ་རྣམས་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་བྲོ་གར་བྱེད། དགོད་པར་བྱེད། རྩེ་བར་བྱེད་དོ། །མྱོས་པའི་སྐྱོན་དང་བྲལ་བའི་ལྷའི་ཆང་དག་ལ་འཐུང་བར་བྱེད་ཅིང ། འདོད་པའི་རོ་དྲུག་ཏུ་གྱུར་པའི་འབྲས་བུ་ཞིམ་པོ་གཞན་དག་ལ་ཟ་ལ། འབྲས་བུ་དེ་དག་ གི་ནང་ན་ཡོད་པའི་ཆང་ལ། ལྷ་མོ་རྒྱན་དང་ཆ་བྱད་སྣ་ཚོགས་ཐོགས་པ་དེ་དག་དང་ལྷན་ཅིག་འཐུང་བར་བྱེད་དོ། །ཕྱོགས་གཞན་ན་ལྷ་མོ་རྣམས་གླུ་དབྱངས་ལེན། དགོད་པ་བྱེད་ཅིང་པི་བང་དང་གླིང་བུ་དང་ཁར་རྔ་ལ་མཁས་པ་ཕན་ཚུན་དགའ་བར་གནས་པའི་ལྷ་མོ་དང་ལྷའི་ཚོགས་དག་རྫིང་ 69-1-177b དེ་བསྐོར་ནས་ལྷ་དང་ལྷ་མོའི་ཚོགས་ཡིད་དུ་འོང་བ་རྣམ་པ་སྣ་ཚོགས་ཉེ་བར་གནས་པ་རྣམས་ཀྱིས་ཡུན་རིང་དུ་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་གལ་ཏེ་ཡུན་རིང་དུ་འདས་ན། ལྷ་དེ་རྣམས་རྫིང་གི་ཕྱོགས་དེ་ནས་ཐམས་ཅད་ཡིད་དུ་འོང་བའི་སྐྱེད་མོས་ཚལ་ག་ལ་བ་དེར་འདོང་བར་ བྱེད་དེ། ལུས་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་བྱུག་པས་བྱུགས་པ། རང་གི་འོད་ལ་རང་གི་ལེགས་པར་བྱས་པ། དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་ལས་བྱས་པའི་མཐུ་དེ་དག་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །ལས་དེ་དང་རྒྱུ་འཐུན་པར་ཡིད་བདེ་བ་འབྱུང་བར་འགྱུར་ཏེ། གང་གིས་ ལེགས་པར་བྱས་པ་རྣམ་པ་ཇི་ཙམ་དུ་བྱས་པ་དེའི་རྣམ་པ་དེ་ཙམ་ཉིད་དུ་མིག་གི་རྣམ་པར་ཤེས་པའི་དམིགས་པ་ཡིད་བདེ་བ་འབྱུང་ངོ ། །འདི་ལྟར་གང་གིས་ལས་དམན་པ་བྱས་ན་དེ་དང་འཐུན་པར་གཟུགས་དམིགས་པ་གཅིག་ལ་གཟུགས་དེ་ཉིད་མཐོང་བར་འགྱུར། གང་གིས་ལས་འབྲིང་དུ་བྱས་ན་དེ་ གཟུགས་འབྲིང་པོ་བལྟ་ན་སྡུག་པ་གཟུགས་དེ་ཉིད་མཐོང་བར་འགྱུར་ཏེ། དེའི་ཡིད་བདེ་བ་འབྲིང་དུ་འབྱུང་བར་འགྱུར། གང་གིས་ལས་ཁྱད་པར་དུ་འཕགས་པ་བྱས་ན། ལྷ་དེ་གཟུགས་དང་བོང་ཚོད་དང་མདོག་དང་དབྱིབས་དང་གཟུགས་ཤིན་ཏུ་བལྟ་ན་སྡུག་པ་མཐོང་བར་འགྱུར་ཏེ། ལྷའི་རིས་ འདོད་པ་ན་སྤྱོད་པ་ཐམས་ཅད་དང ། ས་ཐམས་ཅད་དུ་བསྙེད་པ་གང་ཡིན་པ་གཟུགས་དང་དྲི་དང་རེག་པ་དམིགས་པ་ཐམས་ཅད་ནི་དེ་ལྟ་བུ་ཡིན་ལ། དེ་དག་གི་ནང་ན་ལྷ་དག་ཉིད་ནི་སྤྱི་གཅིག་སྟེ། གཞན་དུ་ན་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམ་པ་གསུམ་དུ་མི་འགྱུར་རོ། །དེ་ལྟ་བས་ ན་ཡིད་བདེ་བ་རྣམ་པ་གསུམ་ཡང་གཞན་དང་གཞན་དུ་རིག་པར་བྱ་སྟེ་དེ་བཞིན་དུ་ལས་སོ་སོས་ལྷ་མོ་གཟུགས་བཟང་ཞིང་རྒྱན་དང་ཆ་བྱད་ཐོགས་པ་སོ་སོར་རིག་པར་བྱའོ། །དེ་ནས་ལྷ་ཡིད་བདེ་བ་སྐྱེད་མོས་ཚལ་དུ་དོང་བ་སྒྲ་དང་རེག་པ་དང་རོ་དང་གཟུགས་དང་དྲི་ལ་ཚིམ་པ་མེད་པ་དེ་དག་ ཐམས་ཅད་དགེ་སློང་དེས་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བསྐལ་མཐའི་ཉི་མས་རབ་བསྲེགས་ན། །རྒྱ་མཚོ་རྣམས་ཀྱང་སྐམ་འགྱུར་གྱི། །བསྐལ་པ་བྱེ་བ་བརྒྱ་རྣམས་སུའང ། །མཐོང་བའི་གཟུགས་ཀྱིས་ཚིམ་མི་འགྱུར། །ཆར་འབབ་ལ་སོགས་ཆུ་རྣམས་ཀྱིས། ། 69-1-178a རྒྱ་མཚོ་གང་བར་འགྱུར་སྲིད་ཀྱི། །ལྟ་བ་རྒྱ་མཚོའི་གཟུགས་རྣམས་ཀྱིས། །ཚིམ་པ་ཡོད་པར་མི་འགྱུར་རོ། །འདོད་པ་དག་ལས་ཚིམ་མེད་པ། །ལུས་ཅན་མྱ་ངན་ལྡན་པ་ཡི། །སྲེད་པ་སྣ་ཚོགས་གང་ཡིན་པ། །སྲེད་དེ་ཅི་ག་བདེར་བརྟག་གམ། །འདོད་པ་སྐྱེད་ པའི་བདེ་བ་གང ། །མཁས་ལ་བདེ་བ་དེ་མི་འདོད། །འདོད་ལས་རྣམ་པར་གྲོལ་བ་གང ། །དེ་ནི་བདེ་ལས་བདེ་མཆོག་འགྱུར། །བདེ་དང་འདྲ་བར་འདྲེས་པ་གང ། །ཟས་ནི་དུག་དང་འདྲེས་པ་བཞིན། །སྲེད་དང་རྣམ་པར་བྲལ་བ་གང ། །ཟས་དང་འོ་མར་འདྲེས་པ་བཞིན། །གཏི་ མུག་མུན་པ་མི་ཤེས་པ། །བྱིས་པ་རྣམས་ནི་འདོད་པས་བསྲེགས། །མ་ལ་ཡ་ཡི་ནགས་ཚལ་གང ། །སྲིན་བུ་ངན་པས་ཆུད་གཟན་བཞིན། །སྲེད་དང་བཅས་ལ་རྟོག་པ་གང ། །དེ་རྣམས་ཀྱི་ནི་གྲངས་མེད་ལ། །རྣམ་པར་རྟོག་པ་ཚིམ་མེད་པ། །འཆི་བདག་རྒྱལ་པོས་མངོན་པར་ འཇོམས། །རྣམ་རྟོག་འདོད་པའི་དབང་སོང་རྣམས། །སྲེད་པ་དག་གི་ཡུལ་ན་གནས། །བདེ་བའི་སྐལ་བ་མ་མཐོང་སྟེ། །དེ་ལྟར་དེ་བཞིན་གཤེགས་པས་མཁྱེན། །འདོད་པ་རབ་ཏུ་སླུ་བྱེད་པ། །རྨོངས་པའི་ཆོས་ཏེ་རྨི་ལམ་དང ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང ། །གསོག་དང་ གསོབ་སྟེ་སྙིང་པོ་མེད། །སྒྱུ་མ་འདྲ་ཞིང་དབུ་བ་འདྲ། །དེ་བཞིན་འབྲས་བུ་ཀིམ་པ་འདྲ། །འདོད་པ་འཇིག་རྟེན་ཕན་མི་བྱེད། །མེ་ལྟ་བུར་ནི་ཡོངས་སུ་བསྒྲགས། །འདོད་པའི་ཉེས་དམིགས་ཤེས་པ་གང ། །དེ་ནི་འབྲས་བུ་མྱོང་བས་རྨོངས། །བརྟན་པོ་དེ་ཉིད་མཐོང་བ་དེ། ། ཐེ་ཚོམ་བྲལ་ཞིང་ཉོན་མོངས་བྲལ། །བསམས་ན་དེ་བཞིན་འཐོབ་འགྱུར་ལ། །མི་རྣམས་དེ་བཞིན་རབ་ཏུ་ཉམས། །ཐམས་ཅད་དུ་ནི་སྡིག་བྱེད་པ། །འདོད་པ་འཇིག་རྟེན་ཟང་ཟིང་བཞིན། །འདོད་པས་ཡིད་ནི་ཚིམ་མེད་པ། །ལྷ་རྣམས་དེ་དང་དེ་འཆི་སྟེ། །འདོད་པའི་དགྲ་ཡིས་ ཡོངས་སུ་བསླུས། །རྨོངས་པ་སེམས་ཅན་དམྱལ་བར་ལྟུང ། །འདོད་པ་ཆགས་པ་དུག་གི་གནས། །བུད་མེད་ཉ་ལྟར་འཇུག་པ་དག་།ཆུ་བོའི་རླབས་ནི་གཡོ་བ་དང ། །གློག་གི་ཕྲེང་བ་ལྟ་བུ་ཡིན། །རྣམ་པར་བསམས་ན་རྣམ་པར་འཕེལ། །འཕེལ་བ་རྣམས་ནི་མེ་དང་འདྲ། །འདོད་ 69-1-178b གཞི་ཐོག་མ་ཐ་མ་མེད། །དེ་བས་བློ་ལྡན་རྣམ་པར་སྤོངས། །ཇི་ལྟ་ཇི་ལྟར་སྟེན་བྱེད་པ། །དེ་ལྟ་དེ་ལྟར་འཕེལ་འགྱུར་ཏེ། །རེག་པ་མེ་དང་འདྲ་བར་མཆེད། །འདོད་པའི་རྣམ་པར་སྨིན་པ་ཚ། །རྟག་ཏུ་ཉེས་པ་འདི་ཤེས་ན། །བརྟན་པོ་འདོད་ལ་འབྲལ་བར་བྱེད། །འདོད་པ་ཡོངས་སུ་ སྤངས་པ་ཡི། །བདེ་བ་མཐར་ཐུག་ཐོབ་པར་འགྱུར། །སྟོང་ཕྲག་དག་ནི་འབུམ་སྙེད་ཀྱི། །གྲངས་མེད་པ་ཡི་ལྷ་རྣམས་དག་།མེ་ཡིས་འཇིགས་པ་དམྱལ་བ་རུ། །འདོད་པ་བསྟེན་པ་ལྟུང་བར་འགྱུར། །ཇི་ལྟར་བདེ་བ་འདོད་པ་དག་།མེ་དང་དུག་དང་མཚོན་ཆ་སྤོངས། །སེམས་ཅན་ དམྱལ་བའི་རྒྱུར་འགྱུར་བ། །དེ་ལྟར་རྟག་ཏུ་འདོད་པ་སྤོངས། །མི་གང་འདོད་པའི་དབང་སོང་བ། །འདོད་པ་དག་གིས་མ་བསླུས་ཞེའམ། །སྡུག་བསྔལ་གྱིས་ནི་མི་གནོད་ཅེས། །ནམ་ཡང་མ་མཐོང་མ་ཐོས་སོ། །ཐམས་ཅད་གནས་སྐབས་ཐམས་ཅད་དུ། །འདོད་པ་མེ་ལྕེ་འབར་བ་འདྲ། ། དེ་དག་ཡིད་ལ་མ་བྱེད་ཅིག་།དེ་ལྟ་བས་ན་འདོད་པས་ཆོག་།དེ་ནས་དགེ་སློང་དེས་ལྷ་འདོད་པའི་དབང་དུ་སོང་བ་དེ་དག་མངོན་པར་མཐོང་ནས། གཞན་ཡང་ལྷ་ཤིན་ཏུ་བག་མེད་པ་རྣམས་ལ་སྙིང་རྗེས་ཡང་དང་ཡང་དུ་སྟོན་ཏོ། །དེ་ནས་ཡང་ཡིད་བདེ་བ་དེ་ཐམས་ཅད་དང་ལྡན་པའི་ལྷ་དེ་དག་ ཐམས་ཅད་སྐྱེད་མོས་ཚལ་དུ་འདོང་སྟེ། ལྷ་མོ་ཆ་བྱད་དང་སིལ་སྙན་སྣ་ཚོགས་ཐོགས་པ་དེ་རྣམས་ཉེ་བར་གླུ་དབྱངས་ལེན་ཅིང ། སིལ་སྙན་དང་རོལ་མོ་སྣ་ཚོགས་ཀྱིས་དབང་པོ་ཐམས་ཅད་གཡེངས་པ་སྐྱེད་མོས་ཚལ་དེ་ཉིད་དུ་འདོང་བར་བྱེད་དོ། །སྐྱེད་མོས་ཚལ་དེ་ཡང་འབབ་ཆུ་དང་ལྟེང་ ཀ་དང་ཚལ་དང་ཉེ་བའི་ཚལ་དང་གླིང་དང་པད་མའི་རྫིང་དུ་མ་རྣམས་ཀྱིས་བརྒྱན་པ་མཐོང་ན་ཤིན་ཏུ་ཡིད་དུ་འཐད་པ། ཕྱོགས་གང་དང་གང་དུ་ལྷའི་མིག་བལྟ་བ་འཇུག་པ་དེ་དང་དེར་འདོད་པ་སྡུག་པ། ཡིད་དུ་འོང་བའི་གཟུགས་རྣམ་པ་སྣ་ཚོགས་མཐོང་སྟེ། དེ་ལྟར་མིག་གིས་གཟུགས་ སྡུག་པ་རྣམས་མཐོང་ངོ ། །དེ་ནས་ཡང་ལྷ་རྣམས་གང་དང་གང་དུ་སྒྲ་མཉན་པར་འདོད་དེ། འགྲོ་བ་དེ་དང་དེར་ལྷ་རྣམས་ཀྱིས་སྒྲ་འདོད་པ་སྙན་པ་ཡིད་དུ་འོང་བ་རྣམས་ཐོས་སོ། །དེ་བཞིན་དུ་གང་དང་གང་དུ་སྣས་དྲི་སྣོམ་པར་འདོད་པ་དེ་དང་དེ་ཉིད་དུ་འདོད་པ་ཞིམ་པ་ཡིད་དུ་འོང་བ་ཆགས་པར་ 69-1-179a འགྱུར་བ་ཤིན་ཏུ་ཡིད་དུ་འོང་བའི་དྲི་དག་སྣོམ་མོ། །དེ་བཞིན་དུ་རོ་དང་རོའི་དབང་པོ་ཡང་གང་དང་གང་དུ་ལྷ་རྣམས་གཏོང་བ་དེ་དང་དེ་ཉིད་དུ་ལྷ་དེ་རྣམས་རོ་ཉམས་དགའ་བ། རོ་ཤིན་ཏུ་ཞིམ་པའི་རོའི་སྟོན་མོ་སྒྲིབ་པ་མེད་ཅིང་ཇི་ལྟར་འདོད་པ་རྣམས་ལ་ཟ་བར་བྱེད་དོ། །དེ་ བཞིན་དུ་ལུས་ཀྱིས་ཀྱང་རེག་བྱ་གང་དག་འདོད་པ་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་དེ་དག་ཉིད་ལ་རེག་པར་བྱེད་དོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་ཆོས་གང་དག་འདོད་པ་དེ་དག་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་དེ་དག་ཉིད་ཡང་དག་པར་ཤེས་སོ། །ལྷའི་ཡུལ་ལ་ཆགས་ཤིང་ བག་མེད་པ་ལ་གནས་པའི་ལྷ་དེ་རྣམས་ཡིད་ལ་སྒྲིབ་པ་མེད་ལ། བདེ་བ་དང་ཆ་བྱད་དང་འདོད་པ་ཉེ་བར་སྤྱོད་པ་ན་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོངེ་བར་འགྱུར་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་རྩེ་བར་བྱེད་དོ། །དེ་ཟད་ནས་ལྷའི་ འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ལས་ཇི་ལྟར་བྱས་པ་བཞིན་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་ དེ་རྟག་ཏུ་ཤིན་ཏུ་བདེ་བ་དང་ལྡན་ཞིང་མེ་ཏོག་ཕྲེང་དང་ཕྱེ་མ་དང་བྱུག་པ་ལ་དགའ་བ། སེམས་དྲང་ཞིང་ནོར་མང་པོ་དང་ལྡན་པ་དང་ཡིད་རབ་ཏུ་བདེ་བ་དང་སེམས་ཅན་ཐམས་ཅད་ཀྱི་ཡང་དག་པར་མྱོང་བར་འགྱུར་བ་གཟུགས་བཟང་པོ་དང་ལྡན་པ་དང་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་ བ་དང་ཤིན་ཏུ་སྡུག་པའི་བུ་དང་ཆུང་མ་དང་ལྡན་པ་དང་སྤྱོད་པ་ཉམས་པ་མེད་པ་དང་ལྡན་པར་འགྱུར། ནམ་ཡང་དེ་དག་གི་ནོར་དག་རྒྱལ་པོ་དང་ཆུ་དང་མེ་དག་གི་འཇིགས་པས་འཕྲོག་པ་མེད་ཅིང་རྒྱལ་པོའི་བུའམ་རིགས་ཆེན་པོར་སྐྱེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་བཀྲ་བ་སྣ་ཚོགས་ཀྱིས་ཕྱེ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་ 69-1-179b འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྐྱེས་བུ་དགེ་བ་དགེ་བའི་བསམ་པ་ཅན་དུ་གྱུར་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་ཤིང ། གཞན་དག་ཀྱང་དེ་ལྟར་བྱེད་དུ་འཇུག་ལ་དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །སྲོག་གཅོད་ པ་སྤངས་པ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་གཞན་ལ་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ་གནོད་པ་མི་བྱེད་ཅིང་གནོད་པ་བྱེད་དུ་མི་འཇུག་ལ་རྗེས་སུ་ཡི་རང་བར་མི་བྱེད། སྲོག་གཅོད་པ་དང་ལྷན་ཅིག་རྩེ་བར་མི་བྱེད་འདྲེ་བར་མི་བྱེད་ཚིག་ཙམ་ཡང་མི་སྨྲ་ཀུན་ནས་ཉོན་མོངས་པའི་གཏམ་མི་ ཟེར་སྡིག་པ་བྱེད་པ་དེ་དང་ལྷན་ཅིག་ལམ་དུ་ཡང་འགྲོགས་ཏེ་མི་འགྲོ་བ་ཡིན་ནོ། །སྲོག་གཅོད་པ་མི་བྱེད་པ་ཇི་ལྟ་བུ་ཡིན་ཞེ་ན་འདི་ལ་སླུ་བར་བྱེད་པ་གང་གླུའམ་རོལ་མོའི་སྒྲའམ་པི་ཝང་ངམ་རྔ་སྒྲའམ་གླིང་བུའི་སྒྲས་རི་དགས་སམ་བྱ་དག་གསོད་པར་བྱེད་པའམ་རིའི་གསབ་གསེབ་ན་འཁོད་པའི་ རི་དགས་སམ་བྱ་དག་གསོད་པར་བྱེད་ཅིང ། གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་པའི་ཕྱོགས་དེ་དག་སྤངས་ཤིང་དེ་དག་ཐར་བར་བྱེད་སྨོད་པར་བྱེད་བྱེད་དུ་མི་འཇུག་ཡིད་ལ་ཡང་སེམས་པར་མི་བྱེད་པ་ཡིན་ཏེ་རྣམ་པ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་ པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་འཇལ་བླུགས་ལ་གཡོ་བྱེད་ཅིང་སླུ་བར་བྱེད་པ་ཚོང་པའི་བསམ་པ་ཅན་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་འཇུག་པ་མ་བྱིན་པར་ལེན་པས་འཇིག་རྟེན་སླུ་བར་བྱེད་པ་ཡིན་ནོ། །སླུ་བར་བྱེད་པ་ཇི་ལྟ་བུ་ཡིན་རྣམ་པ་ནི་དུ་ཡོད་ཅེ་ན། འདི་ལྟ་སྟེ། སྲང་མདའི་ནང་དུ་བྱེ་མ་བླུགས་ནས་བྱེ་མས་གཞལ་བླུགས་ལ་གཡོ་བྱེད་པ་ཡིན་ཏེ། རྣམ་པ་དེ་དག་གིས་སྐྱོན་དུ་མི་ལྟ་བར་སེམས་ཅན་སླུ་བར་བྱེད་པ་ཡིན་ནོ། །དེ་དག་ཕྱིར་ཟློག་པར་བྱེད་དེ་འདི་ལྟར་བདག་གི་ཕྱིར་རམ་བུ་དང་ཆུང་མའི་ཕྱིར་རམ་ནོར་རྫས་བསགས་པའི་ཕྱིར་རམ་སྡིག་ པའི་གྲོགས་པོའི་ཕྱིར་རྟག་ཏུ་མ་བྱིན་པར་ལེན་པ་མ་བྱེད་ཅིག་།ཡི་དགས་དང་དུད་འགྲོ་དག་གི་འགྲོ་བར་མི་ལྟུང་བར་གྱིས་ཤིག་།རྣམ་པར་སྨིན་པ་མི་བཟད་པ་ཡིན་ཏེ་མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་མི་བཟད་པ་ཡིན་ནོ་ཞེས་དེ་ལྟར་བདག་ཉིད་མི་བྱེད་ཅིང་རྐྱེན་དུ་གཏོགས་པ་ཡང་ཡོངས་ 69-1-180a སུ་སྤོང་བར་བྱེད། གཞན་དག་ཀྱང་ཕྱིར་ཟློག་པར་བྱེད་རྗེས་སུ་ཡི་རང་བར་མི་བྱེད་དགེ་བའི་ལམ་ལ་ཡང་དག་པར་རབ་ཏུ་འཇོག་པར་བྱེད་པ་ཡིན་ཏེ། དེ་ལྟར་སྐྱེས་བུ་དེ་ནི་བདག་ལ་ཕན་པ་དང་གཞན་ལ་ཕན་པ་བྱེད་པ་ཡིན་ནོ། །ཡང་སྦྱིན་པ་ལ་དགའ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ ལ་རྒྱུ་མེད་ཅིང་འབྲས་བུ་དང་མི་ལྡན་པ་རྒྱ་མཚོ་རྒལ་ཏེའམ་འབྲོག་དགོན་པ་རྒལ་ཏེའམ་གཞན་དག་ལ་བསྟེན་ནས། ནོར་བསྒྲུབས་པ་གང་ཡིན་པ་དེ་དག་མགོན་མེད་ཅིང་ཉོན་མོངས་སྡུག་བསྔལ་བ་ལ་སེམས་བསྒོམས་པ། ཡིད་གུས་པ་བསྐྱེད་པར་གྱུར་པ། དབང་པོ་དང་བ་སྔོན་ དུ་འགྲོ་བས་སྦྱིན་པར་བྱེད་པ་དང་བསམ་གཏན་གཉིས་པ་ཐོབ་པའམ། དེ་ལས་གཞན་པ་སྡུག་བསྔལ་བ་ལ་སྦྱིན་པར་བྱེད་པ་ཡིན་ཏེ། དེ་དག་ནི་སྦྱིན་པ་ལ་མངོན་པར་དགའ་བ་ཡིན་ནོ། །སྲོག་ཆགས་རྣམས་ཀྱི་སྲོག་སྦྱིན་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཉ་པའམ་བྱ་པས་ཉ་དག་བཟུང་ ནས་དེ་ཡང་འཚོང་པར་བྱེད་པ་ན་སྲོག་གི་ལྷག་མ་རིན་གྱིས་བླུས་ནས་ཐར་བར་བྱེད་པ་ཡིན་ཏེ། དེ་རང་གི་ཆུའི་ནང་དུ་འཇུག་ཅིང་གཏོང་ལ་རབ་ཏུ་འཇོག་པར་བྱེད་སེམས་དང་དབང་པོ་ཡང་རབ་ཏུ་དགའ་བར་བྱེད། གཞན་དག་ཀྱང་དེ་ལྟ་བུར་བྱེད་དུ་འཇུག་།ཡང་དག་པར་དགའ་བར་བྱེད། དགེ་བ་ལ་མངོན་པར་འཇུག་པར་བྱེད། བསམས་ནས་ཀྱང་ཀྱེ་ཨེ་མ་བདག་གིས་ལས་ལེགས་པར་བསྒྲུབས་སོ། །ཡང་བྱའོ་གཞན་དག་ཀྱང་བྱེད་དུ་གཞུག་གོ་སྙམ་སྟེ། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་ཉེར་བསྡོགས་དང་ལས་ཀྱི་ལམ་དང་ལས་ཀྱི་མཇུག་བདག་དང་གཞན་ གཉི་ག་ལ་ཕན་པར་བྱེད་པ་དང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་པ་ཡིན་ཏེ། ཡང་དང་ཡང་དུ་སྲོག་ཆགས་ལ་ཕན་པའི་ཕྱིར་རམ་སྲོག་ཡོངས་སུ་བསྐྱབ་པའི་ཕྱིར་རམ་སྲོག་སྦྱིན་པའི་ཕྱིར་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །བདག་དང་གཞན་ཡང་སྦྱིན་པ་ ལ་མངོན་པར་དགའ་བ་ཡིན་ཏེ་བདག་དང་གཞན་ཉིད་ཚུལ་ཁྲིམས་རྣམ་པ་གཉིས་སྲུང་ངོ ། །རྣམ་པ་ཡང་བདག་ཉིད་འཇུག་པ་དང་ལྡོག་པ་ཡིན་ཏེ། སྐྱེས་བུ་ཚུལ་ཁྲིམས་དང་ལྡན་པ་བདག་དང་གཞན་ལ་ཕན་པར་བྱེད་པ་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་ 69-1-180b རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་བཀྲ་བ་སྣ་ཚོགས་ཀྱིས་ཕྱེ་བའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་ནོར་བུའི་གཟུགས་རྣམ་པ་སྣ་ཚོགས་ཀྱི་འོད་ཀྱིས་ཕྱེ་བ་བཀྲ་བའི་གནས་རྣམས་སུ་སྐྱེས་པ་དེ་དང་པོ་ཉིད་དུ་རེ་ཞིག་ལུས་ལས་ འོད་འབྱུང་སྟེ། གཟུགས་སྣ་ཚོགས་དང་ཁ་དོག་དང་བགོ་བ་རྣམ་པ་སྣ་ཚོགས་འབྱུང་ངོ ། །དེའི་ལྷའི་བགོ་བ་དང་བྱུག་པ་དང་ལུས་བརྒྱན་པ་སྣ་ཚོགས་ཕྱི་བཞིན་འབྲང་ངོ ། །ལྷ་དེའི་དང་པོ་བྱུང་བ་དག་ལ་འདི་སྙམ་དུ་སེམས་ཏེ། བདག་ལས་གང་གིས་འདིར་སྐྱེས་ཞིག་གུ་སྙམ་སྟེ། དེ་ཡིད་ཀྱིས་ སྔོན་ཇི་ལྟར་བྱས་པ་སྔོན་གྱི་ཚེ་རྗེས་སུ་དྲན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་འདི་ནི་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ཉེ་བར་གནས་པ་ཡིན་ཏེ། ཨེ་མ་བདག་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། ལེགས་པར་བྱས་པའི་ལས་ཀྱིས་འདིར་སྐྱེས་པ་ལྟ་ཞིག་སྙམ་མོ། ། དེ་དེ་ལྟར་སེམས་པ་ན་དེ་ནས་ལེགས་པར་བྱས་པའི་ལས་ཀྱི་དབང་དེ་དང་ལྷན་ཅིག་ཏུ་ལྷ་དེའི་ལས་དང་ལས་ཀྱི་དབང་གིས་ཐོག་མ་ཁོ་ནར་རེ་ཞིག་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་ཐོས་སོ། །ཐོག་མར་ཀུན་ནས་འོངས་པ་མངོན་པར་འདོད་ཅིང་དགའ་བའི་ལྷ་མོ་དེ་དག་གླུ་ལེན་ཏེ། གླུ་གང་གིས་ གནས་དེ་ཀུན་ནས་རིའི་རྩེ་མོ་དང་ཕུག་གང་བར་བྱེད་ཅིང་སྙན་པ་དེས་རི་དགས་དང་བྱ་རྒྱགས་པ་ཐམས་ཅད་གར་བྱེད་དོ། །ཡང་དང་ཡང་གླུ་དེ་དག་གི་སྒྲ་ཐོས་ནས་བརྒྱ་འགྱུར་དུ་རྒྱགས་པས་དྲེགས་ཏེ། དེ་ལྟར་ཐོག་མ་ཁོ་ན་དེའི་གླུའི་སྒྲས་སེམས་གཡེང་བར་བྱེད་དོ། །དེའི་འོག་ཏུ་དེའི་གཟུགས་ མཐོང་བ་ལ་ཐོག་མར་འདོད་པ་དང་ལྷན་ཅིག་འདོད་ཆགས་སྐྱེ་སྟེ། དེ་ལྟར་དེ་ཡོན་ཏན་དུ་མས་ཡིད་གཡེངས་པ། གཟུགས་མཐོང་བས་ཚིམ་པའི་ལྷ་མོ་དེ་དག་ཕྱིར་ཕྱོགས་པ་མཐོང་ལ། དེ་དག་ཀྱང་གཟུགས་དང་ཆ་བྱད་དང་རྒྱན་དུ་མས་བརྒྱན་པ་གཟུགས་དང་ཆ་བྱད་དཔེ་མེད་པ་དང་ལྡན་ པ་ཡིན་ནོ། །དེ་འདི་སྙམ་དུ་སེམས་ཏེ། འདི་དག་སུ་ཡིན་འདི་དག་གང་གི་ཡིན་སྙམ་མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་ཤིན་ཏུ་འདོད་ཆགས་བསྐྱེད་པའི་བློ་ལ་ལྷ་མོ་དེ་དག་གིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཤིན་ཏུ་འདོད་ཆགས་སྣ་ཚོགས་ཀྱི། །རྒྱུ་ཡི་མཆོག་ནི་བདག་ཅག་ 69-1-181a སྟེ། །དེ་ནི་ལྷ་ཁྱོད་ཀྱི་ལགས་པས། །བདེ་བའི་རྣམ་པས་རོལ་པར་མཛོད། །དེ་ལྟར་དེས་ཚིགས་སུ་བཅད་པ་ཡིད་ལ་བཟུང་སྟེ་བདེ་བའི་རྣམ་པ་དེ་དག་མཐོང་ནས། ལྷ་མོ་དེ་དག་ག་ལ་བ་དེ་ལོགས་སུ་ཤིན་ཏུ་ཕྱོགས་ཤིང་མཐོང་བར་འདོད་པ་རེག་པ་འདོད་པ་ཡང་དང་ ཡང་དུ་དེ་ཉིད་དུ་འགྲོ་བར་བྱེད་དོ། །འདི་ལྟར་དེའི་འདོད་ཆགས་ཀྱི་རྒྱུ་གསུམ་པ་འབྱུང་སྟེ། སེམས་ནི་དབང་པོ་ལ་རག་ལས་པར་འགྱུར་ལ། དབང་པོ་ལ་རག་ལས་པ་ནི། ཡུལ་ལ་སེམས་འགྱུར་བ་ཁོ་ན་ལ་རག་ལས་པ་ཡིན་ཏེ། དེ་ལྟར་ཆགས་སེམས་དང་ལྡན་པ་དེ་ཡང་དེ་དག་ལ་རེག་ པར་འདོད་པ་རེག་པར་བྱེད་ལ། ཤིན་ཏུ་ཆགས་སེམས་དང་ལྡན་པ་དེ་དག་ཀྱང་ལྷ་དེ་ཉིད་ལ་རེག་པར་བྱེད་དེ། དེ་ལྟར་འདོད་ཆགས་ཀྱི་རྒྱུ་གསུམ་པ་ཉེ་བར་འབྱུང་ངོ ། །དེའི་དྲི་མཚུངས་པ་མེད་པ་ཐོབ་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟ་བུར་ཡིད་དུ་འོང་བ་བདག་ཅག་གི་སྣ་འདྲེན་པར་བྱེད་ པ་ཤིན་ཏུ་ཆགས་པའི་རྒྱུ་དྲི་འདི་སུའི་ཡིན་ཞིག་གུ་སྙམ་མོ། །དེ་ལྷ་མོ་དེ་དག་གིས་དེ་ལྟར་འཁྱུད་པ་དང་དྲི་མཚུངས་པ་མེད་པ་ཉིད་ལ་དེ་སྣོམ་པར་བྱེད་དོ། །གང་དཔེར་བྱ་བ་མེད་པ་དེ་བརྟགས་ནས་དྲི་འདི་ནི་ལྷ་མོའི་ཡིན་ནོ་སྙམ་སྟེ། དེ་ལྟར་དེ་འདོད་ཆགས་ཀྱི་རྒྱུ་བཞི་པའི་དབང་དུ་གྱུར་པ་ ཡིན་ནོ། །དེ་ལྟར་ཡུལ་བཞི་ལ་སེམས་ཤིན་ཏུ་ཆགས་པ་དེ་ལ་ལྷ་མོ་དེ་དག་ཆང་ཞིམ་པོ་རྣམ་པ་སྣ་ཚོགས་དང་ལྷའི་ཟས་བདུད་རྩི་དག་སྟོབས་པར་བྱེད་དེ། དེ་ལྟར་དེའི་འདོད་ཆགས་བསྐྱེད་པའི་རྒྱུ་ལྔ་ལ་འབྱུང་ངོ ། །དེ་ལྟར་དེའི་ཤིན་ཏུ་འདོད་ཆགས་བསྐྱེད་པའི་རྒྱུ་ལྔ་ལ་རྣམ་པར་ཆགས་ པ། དཔེ་མེད་པ་ཐོག་མ་ཁོ་ནར་འབྱུང་སྟེ། ལྷའི་འདོད་པ་སྟེན་པ་ཡང་དག་པ་མ་ཡིན་པའི་ལས་ཀྱི་འབྲས་བུ་དང་པོར་ཤེས་པ་དེ་དག་ཐམས་ཅད་ཡུལ་གྱི་བདེ་བ་ལ་རྣམ་པར་ཆགས་པས་མི་མངོན་ནོ། །དེ་ནས་ཡང་ཤིན་ཏུ་ཆགས་ཤིང་ཤིན་ཏུ་འདོད་ཆགས་པའི་སེམས་པ་འདོད་ཆགས་ ཀྱིས་བསྐྱེད་པའི་སྙིང་གིས་ལྷ་མོ་དེ་དག་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་དག་ཐམས་ཅད་ཀྱང་ལྷའི་བུ་དེ་ག་ལ་བ་དེར་ཕན་ཚུན་དགོད་ཅིང་རྩེ་ལ་དགའ་དགུར་སྤྱོད་པ་བཞིན་དུ་འདོང་བར་བྱེད་དོ། །དེ་དག་གི་ལྷའི་བུ་དེ་དང་ཕྲད་ནས་ཤིན་ཏུ་འདོད་ཆགས་ཀྱིས་བསྐྱེད་པའི་ཚིག་རྣམས་ཀྱིས་ 69-1-181b དེ་དང་རྩེ་བར་བྱེད་དེ། བྲོ་རྡུང ། གླུ་ལེན། དགོད་དགོད། རྩེ་རྩེ། རྒལ་རྒལ། དགའ་དགུར་སྤྱད་ནས་འཁོད་པ། གཟུགས་དང་ཆ་བྱད་སྣ་ཚོགས་དང་དར་ལ་བབ་པ་དང་ལྡན་པ་རྣམས་ཚལ་དང་ནགས་ཚལ་དང་ལྟེང་ཀ་དང་འབབ་ཆུ་དང་པད་མ་ཆེན་པོའི་ཚལ་ག་ལ་བ་དེ་དག་ཏུ་འདོང་བར་བྱེད་ དོ། །དེ་ནས་ཡང་དེ་རྣམས་ཀུན་མཐོང་ཡིད་འོང་ཞེས་བྱ་བའི་ཚལ་ག་ལ་བ་དེར་ལྷ་དག་དང་ལྷན་ཅིག་འདོང་བར་བྱེད་དེ། ཀུན་མཐོང་ཡིད་འོང་གི་ཚལ་དེ་ཡང་གནས་དེ་དང་ལྷན་ཅིག་པའི་ལྷ་དེ་དག་ཐམས་ཅད་རྟག་ཏུ་ཀུན་དགའི་ར་བར་དགའ་ཞིང་གནས་སོ། །ཚལ་དེ་ཡང་རྟག་ཏུ་འདོད་ པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་ཤིང་ལྗོན་པ་རྣམ་པ་དུ་མས་བརྒྱན་པ་ཡིན་ཏེ་འདི་ལྟ་སྟེ། གསེར་གྱི་སྡོང་པོ་ལ་དངུལ་གྱི་ལོ་མ་དང་ཀེ་ཀེ་རུའི་ཡལ་ག་དང་མུ་ཏིག་ལྟ་བུའི་འབྲས་བུ་དང་རོ་དང་གཟུགས་ཕུན་སུམ་ཚོགས་པ་ཡིན་ལ། དེ་ལྟར་ཤིང་ལྗོན་པ་རྣམ་པ་དུ་མ་དཔེ་མེད་པ་རྣམས་ ཀྱིས་ཚལ་དེ་བརྒྱན་ཏོ། །གཞན་ཡང་རྣམ་པ་གཞན་གྱིས་ཚལ་དེ་ཉིད་བརྒྱན་པ་ཡིན་ཏེ་འདི་ལྟ་སྟེ། བཻ་ཌཱུརྱའི་ཤིང་ལྗོན་པའི་སྡོང་པོ་ལ་གསེར་གྱི་ལོ་མ་དང་ཀེ་ཀེ་རུའི་འདབ་མ་དང་འབྲས་བུ་དངུལ་མདོག་དང་སྤུག་གིས་རྣམ་པར་ཕྱེ་བ་ཡིན་ནོ། །ཡང་ཤིང་ལྗོན་པ་རྣམ་པ་གཞན་འབྱུང་སྟེ་འདི་ལྟ་སྟེ། སྡོང་པོ་ཉེར་ཉེར་པོས་རྣམ་པར་ཕྱེ་ཞིང་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཡིན་ནོ། །འདི་ལྟ་སྟེ། གསེར་ལས་བྱས་པ་དང་ཐམས་ཅད་བཻ་ཌཱུརྱ་ལས་བྱས་པ་དང ། ཐམས་ཅད་ཀེ་ཀེ་རུ་ལས་བྱས་པ་དང ། ཐམས་ཅད་དངུལ་ལས་བྱས་པ་དང ། ཐམས་ཅད་སྤུག་ལས་བྱས་པ་ཡིན་ཏེ་ ཤིང་ལྗོན་པའི་སྡོང་པོ་ཐམས་ཅད་ཤིན་ཏུ་རྣམ་པར་ཕྱེ་བ་ཡིན་ནོ། །ཡང་ཤིང་ལྗོན་པ་དེ་དག་གི་མཐའ་དང་ཡལ་ག་རྣམས་ཀྱང་དེ་བཞིན་དུ་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཡིན་ཏེ་འབྲས་བུ་དང་མེ་ཏོག་ཕུན་སུམ་ཚོགས་པ་དག་ལྷའི་མེ་ཏོག་རྣམས་ཀྱིས་བརྒྱན་པ་ཡིན་ནོ། །མེ་ཏོག་དེ་དག་ལས་ ཀྱང་ཁ་དོག་སྣ་ཚོགས་དང་དྲི་རྣམ་པ་སྣ་ཚོགས་དག་འབྱུང་སྟེ་མེ་ཏོག་དེ་རྣམས་ཀྱི་དྲི་དཔག་ཚད་དྲུག་ཏུ་འབྱུང་ངོ ། །བུང་བ་ཁ་དོག་སྣ་ཚོགས་རྣམས་ཀྱང་མེ་ཏོག་གི་རོས་མྱོས་ནས་ཤིང་ལྗོན་པ་དེ་རྣམས་ཀྱི་ནང་ན་རྒྱུ་བར་བྱེད་དེ། དེ་ལྟར་ལས་དཀར་པོ་རྣམ་པ་སྣ་ཚོགས་ཀྱིས་ཀུན་མཐོང་ཡིད་འོང་གི་ 69-1-182a ཤིང་ལྗོན་པ་རྣམས་མཛེས་པ་ཡིན་ནོ། །ཡང་པད་མ་དང་ཨུད་པ་ལའི་ཚལ་དག་མཛེས་པ་ཇི་ལྟ་བུ་ཡིན་ཞེ་ན་འདི་ལྟ་སྟེ། ཚལ་དེ་ཀུན་ནས་བཻ་ཌཱུརྱའི་སྡོང་བུ་དང་གསེར་གྱི་འདབ་མ་དང་ཀེ་ཀེ་རུའི་ཟེ་བ་དང་ཨན་ད་རྙིལ་གྱི་མདོག་ལྟ་བུའི་བུང་བ་རྣམས་ཀྱིས་བརྒྱན་པའི་བུང་བ་ཐམས་ ཅད་སྒྲ་སྙན་པ་འབྱིན་ཏེ། ཇི་ལྟར་ལྷ་རྣམས་ཀྱི་ཐོས་པ་ཉམས་དགའ་བ་དེ་བས་ཀྱང་རབ་ཏུ་སྟོབས་ཆེ་བར་ཡིད་བདེ་བ་སྐྱེའོ། །ཡང་ཚལ་དེ་ཉིད་ཀུན་ནས་གསལ་ཞིང་མཛེས་པ་ཡིན་ཏེ། འདི་ལྟ་སྟེ། ཚལ་གྱི་ཁ་དོག་རྣམ་པ་སྣ་ཚོགས་ཀྱིས་མཛེས་པ་དག་ནི། འདི་ལྟ་སྟེ། ཁ་དོག་སྔོན་པོ་དང་ སེར་པོ་དང་བཙོད་ཀ་དག་ཡིན་ནོ། །ཇི་ལྟར་འཛམ་བུའི་གླིང་ནས་ཕྱོགས་ཤིན་ཏུ་སྡུག་པར་བྱས་པ་ལྟར་ཚལ་རྣམ་པར་མཛེས་ཞེས་ཚལ་གསལ་བ་དེ་ན་སྟེགས་དང ། ལྟེང་ཀ་དང་ཚལ་བུ་དང་པད་མའི་འདབ་མ་དག་གིས་བརྒྱན་པ་དེ་ཀུན་ནས་རྣམ་པར་མཛེས་པ་ཡིན་ནོ། །ཚལ་ཡོན་ཏན་ དེ་ལྟ་བུ་དང་ལྡན་པ་དེ་ན་ལྷ་དེ་རྣམས་རྩེ་བ་ན་མངོན་པར་མཐོང་ནས་ཡིད་རབ་ཏུ་དགའ་བའི་ལྷ་དེ་དག་ལྷ་མོའི་ཚོགས་དེས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་བདེ་བར་འདོང་བར་བྱ་བའི་ཕྱིར་ནམ་མཁའ་ལ་གར་བབ་བབ་ཏུ་འདོང་བར་བྱེད་པ་དང ། ལྷ་གཞན་དག་ལྷ་སྔོན་མ་བྱུང་བ་འདི་དག་ བདག་ཅག་གི་དྲུང་དུ་འོངས་སོ་ཞེས་ཤེས་ནས་ལྷ་དེ་དག་ཉིད་ཀྱི་དྲུང་དུ་འདོང་བར་བྱེད་དེ། ཕན་ཚུན་ཚིག་སྙན་པ་ཉིད་ཀྱིས་བོས་ནས་ཕན་ཚུན་གྲོགས་སུ་གྱུར་པ་པད་མའི་ཚལ་རྣམ་པ་སྣ་ཚོགས་ལ་དགའ་བ་དག་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེ་བར་བྱེད་དགའ་དགུར་སྤྱོད་པར་ བྱེད་དོ། །དེ་ནས་ལྷ་དེ་རྣམས་དེ་ལྟར་ཡུན་རིང་དུ་ཀུན་མཐོང་གི་ཚལ་དེར་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རྩེས་ནས། སྐྱེད་མོས་ཚལ་མྱོས་གནས་ཞེས་བྱ་བ་ག་ལ་བ་དེར་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་འདོང་བར་བྱེད་དོ། །སྐྱེད་མོས་ཚལ་དེ་ཡང་ ཁ་ཁྱེར་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་ཁྲོན་པ་དང་འབབ་ཆུ་དང་རྫིང་རིང་པོ་ཉམས་དགའ་བ་ཡིན་ནོ། །དེ་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་བཟངས་དཀྲིགས་པ་གསེར་གྱིས་ཕྱེ་བ་དང་ཡང་དག་པར་ལྡན་པ། ས་དུ་མ་ཤིན་ཏུ་རྣམ་པར་ཕྱེ་བ་ཉམས་དགའ་བ་ཡིན་ནོ། ། 69-1-182b བྱ་སྣ་ཚོགས་སྒྲ་སྙན་པ་འབྱིན་ཅིང་གར་བྱེད་པ་དག་ཉམས་དགའ་བ་ཡིན་ནོ། །རྟག་ཏུ་འབབ་ཆུ་དང་ཆུ་བོའི་སྒྲ་ཁྲུ་ལུ་ལུ་སྙན་པར་འབྱིན་པ་ཉམས་དགའ་བ་ཡིན་ནོ། །རྟག་ཏུ་བཟའ་བ་དང་བཏུང་བ་མདོག་དང་རོ་དང་དྲི་ཕུན་སུམ་ཚོགས་པ་ཆུ་བོ་ལྟར་འབབ་བོ། །དེ་ནས་ཡུལ་དེར་དོང་ ནས་ལྷ་དེ་རྣམས་ལྷ་མོའི་ཚོགས་ཆ་བྱད་དང་རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ་རང་གིས་ལེགས་པར་བྱས་པའི་ལས་ལ་སྤྱོད་པ་རྣམས་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་རྩེ་བར་བྱེད་དོ། །དེ་ལྟར་ལྷ་དེ་རྣམས་ཀྱི་རྩེ་བ་དང་དགའ་དགུར་སྤྱོད་པ་ དག་ཡུན་རིང་དུ་འདས་ཀྱང་ལྷ་བག་མེད་པ་ལ་གནས་པ་དེས་ཁོང་དུ་མི་ཆུད་དོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་དྲུག་པ། དེ་ལྟར་ཡུལ་ལྔ་ལ་རྣམ་པར་ཆགས་ཤིང་བདེ་བ་ལ་གནས་པ་དེ་རྣམས་ཀྱི་ལས་ལེགས་པར་བྱས་པ་གང་ཡིན་པ་ དེ་དག་ཟད་པར་འགྱུར་རོ། །དེ་ཟད་ནས་དེ་ནས་ཡང་འཆི་བ་འབྱུང་ཡང་སེམས་བག་མེད་པའི་དབང་དུ་གྱུར་པ་སྲེད་པས་བསླུས་པ་ཀུན་ནས་སྲེད་པས་བདས་ཤིང་འདོད་ཆགས་ཀྱི་མེས་གདུངས་པ་ན་བདེ་བས་མྱོས་པས་སྙིང་མྱོས་པ་རྣམས་མི་མཐོང་ངོ ། །གང་གི་ཚེ་བདེ་བའི་རྩེ་བ་ཐམས་ཅད་ཀྱི་ གཞི་ཡོངས་སུ་བཏང་བ། འཇིགས་པའི་གྲོང་ཁྱེར་ཆེན་པོའི་མི་རྟག་པ་ཉིད་མཐོང་བར་གྱུར་པ་མ་ནོར་ཅིང་ངེས་པར་འགྲོ་བའི་ངོ་བོ་འཆི་བ་མངོན་དུ་འོངས་པ་དེའི་ཚེ་སྡུག་བསྔལ་ཆེན་པོ་ཡང་རིག་པར་འགྱུར་ཏེ། དེའི་ཚེ་ལྷ་རྣམས་ཀྱི་སེམས་ཁོང་དུ་ཆུད་པའི་དུས་ཡིན་ནོ། །དེ་ལྟར་བག་མེད་ པའི་ཡུལ་ལ་དགའ་བ་དེ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ངེས་པར་མྱོང་བར་འགྱུར་བའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་བདེ་བ་དེ་དག་མྱོང་བར་འགྱུར་རོ། །དེ་ཟད་ནས་ཡང་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་ སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ངེས་པར་མྱོང་བར་འགྱུར་བའི་ལས་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བས་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་ཤིན་ཏུ་བདེ་བར་འགྱུར་ཞིང ། ནོར་དང་འབྲུ་ཕུན་སུམ་ 69-1-183a ཚོགས་པ་དང་དྲང་ཞིང་དྲང་པོའི་རང་བཞིན་ཅན་ཡུལ་དབུས་སུ་སྐྱེ་བར་འགྱུར་ཏེ། གང་དུ་བྱ་བ་དང་མི་བྱ་བ་ཤེས་ཤིང་ཆོས་དང་ཆོས་མ་ཡིན་པ་ཤེས་པར་འགྱུར་བ་དང ། གང་དུ་མི་ཚོགས་པ་ཐམས་ཅད་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང་གང་དུ་ཆོས་དང་ལྡན་ཞིང་ཆོས་ཀྱི་ རྗེས་སུ་འཇུག་པའི་རྒྱལ་པོར་འགྱུར་བ་དང་གང་དུ་འཇིག་རྟེན་གྱི་སྤྱོད་པ་སྨད་པ་མེད་པར་འགྱུར་བ་དེར་སྐྱེ་བར་འགྱུར་ལ། སྐྱེ་བོ་ཀུན་གྱི་མིག་དགའ་ཞིང་བྱིས་པ་དང་རྒན་པོ་ཐམས་ཅད་ཀྱང་དགའ་བར་འགྱུར། ལུས་རྟག་ཏུ་ནད་མེད་པ་དང་གཟུགས་བཟང་པོ་དང་ལྡན་པ་དང་སྟོབས་ དང་ལྡན་པ་དང ། གང་ལས་ཀྱང་འཇིགས་པ་མེད་པ་དང་སེམས་ཅན་ཐམས་ཅད་དབུགས་འབྱིན་པ་དང་བུ་དང་ཆུང་མ་དང་ལྡན་པ་དང་འདོད་པ་ཐམས་ཅད་ཡང་དག་པར་འབྱོར་པ་དང ། ནོར་རྫས་ཀྱི་རྣམ་པ་ལ་རྒྱལ་པོའམ་ཆུའམ་མེའམ་ཆོམ་རྐུན་གྱི་འཇིགས་པ་དང་དོགས་ཤིང་འཇིགས་ པ་གང་ནས་ཀྱང་མི་འོང་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་སྦྱོར་བ་ལ་འཇུག་པ་ཞེས་བྱ་བ་ཇི་ལྟར་འདུག་པ་ མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སེམས་ཅན་དགེ་བར་གྱུར་པ་ལྟ་བ་མ་ནོར་བ་མང་པོས་རྟག་ཏུ་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་མཐོང་བ་རྟག་ཏུ་ཡང་དག་པའི་ལྟ་བ་ལ་ཡིད་ཞེན་པ། རྟག་ཏུ་ དྲང་པོའི་རང་བཞིན་ཅན་གཞན་ལ་གནོད་པ་མི་བྱེད་པ། རྟག་ཏུ་ཕ་མ་ལ་གུས་པ་རྟག་ཏུ་ཆོས་ལ་ཕྱིར་མི་ལྡོག་ཅིང་སྤྲོ་བ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་གུས་པ་སྐྱེས་པ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་མི་བྱེད་ཅིང་བྱེད་དུ་མི་འཇུག་ལ། རྗེས་སུ་ཡི་རང་བར་མི་བྱེད། ཕ་རོལ་བྱེད་པ་ཡང་ཕྱིར་ཟློག་པར་བྱེད། གཟེངས་མི་སྟོད། བྱས་ན་ཡང་སྨོད་པར་བྱེད། ལས་ཀྱི་འབྲས་བུ་ཡང་དག་པར་སྟོན་པར་བྱེད། གཞན་ལ་དེ་ཁོ་ན་ཉིད་བསྟན་པས་གང་ལེགས་པར་བྱ་བ་བྱས་པ་དེ་རབ་ཏུ་གཟེངས་སྟོད་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད། དེ་ 69-1-183b ནས་ཡང་བྱེད་དུ་འཇུག། བྱས་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད། བདག་ཉིད་ཀྱང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་ལ་གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་སྦྱོར་བར་བྱེད་དོ། །ལེགས་པར་བྱས་པའི་ལམ་རྣམ་པ་གཉིས་ཀྱིས་གང་སྡོམ་པ་མ་བླངས་པ་དེ་ནི་ལེན་དུ་འཇུག་པར་བྱེད་ལ། གང་བླངས་པ་དེ་ནི་བརྟན་པོར་བྱེད་དུ་འཇུག་སྟེ། གཉི་ག་ལེགས་པར་བྱ་བ་བྱས་པ་བདག་ཉིད་དང་གཞན་ཉིད་ལ་ཕན་པ་བྱས་པ་དེ་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་སྤངས་པ་རྣམ་པ་དུ་ཡོད་ཅིག་གུ་སྙམ་ན། འདི་ལ་སྲོག་གཅོད་པ་མི་དགེ་བ་མི་བྱེད་པ་ཡིན་ནོ། །རྣམ་པ་ཇི་ ལྟ་བུ། རྣམ་གྲངས་དུ་ཡོད་ཅེ་ན། འདི་ལ་སེམས་ཅན་གཞན་ལ་སེམས་ཅན་དུ་འདུ་ཤེས་ནས་སྲིན་བུ་ཕྲེའུ་དང་གྲོག་སྦུར་ལ་སོགས་པ་ལ་འཚེ་བར་མི་བྱེད་ཅིང་སྲོག་གཅོད་པར་མི་བྱེད་པ་ཡིན་ནོ། །འདི་ལ་སྲོག་གཅོད་པ་མི་བྱེད་པ་ནི་གང ། བྱི་བའམ་སྐྱིན་གོར་རམ་འོལ་པའམ་རི་དགས་ དག་གཡོ་ཐབས་ཀྱིས་འཛིན་པ་དེ་དག་ཕྱིར་ཟློག་པར་བྱེད་པ་ཡིན་ནོ། །གཡོ་ཐབས་ཀྱི་རྣམ་པ་དུ་ཡོད་ཅེ་ན། འདི་ལ་འཛིན་པར་བྱེད་པ་རྙོང་ལྟ་བུས་སམ། བུ་གར་རྒྱས་འགེབས་པས་སམ་རྩཝའི་དྲ་བས་སམ་རྙིས་སམ་འབྲེལ་བས་སམ་རླུབས་ཀྱིས་སམ་གདོས་ཀྱིས་འཛིན་པར་བྱེད་ལ། བཟུང་ ནས་ཀྱང་སྲོག་གཅོད་པར་བྱེད་པ་དེ་དག་ཟློག་པར་བྱེད་ཅིང་ཡང་དག་པར་དགའ་བར་མི་བྱེད་གཟེངས་སྟོད་པར་མི་བྱེད་འདི་ལྟར་སྲོག་ཆགས་དག་གི་སྲོག་གཅོད་པར་མ་བྱེད་ཅིག་ཅེས་ཟློག་པར་བྱེད་ཅིང་ཆོས་ལ་ཡང་རབ་ཏུ་འཇོག་པར་བྱེད་དེ། རྣམ་པ་དེ་དག་ནི་སྲོག་གཅོད་པ་ལ་ཡང་དག་པར་ ཆགས་པའི་སྲོག་ཆགས་ཟློག་པར་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན་འདི་ལ་རྩཝ་ཙམ་ལ་ཡང་རྐུ་སེམས་ཀྱིས་མི་རྐུ་ལ་གཞན་དག་ཀྱང་ཟློག་པ་ཡིན་ནོ། །རྣམ་པ་དུ་ཞིག་ཅེ་ན། འདི་ལ་མ་བྱིན་པར་ལེན་པའི་མི་ཁ་ཅིག་དེ་ཉིད་ལ་དགའ་བའོ། །རྣམ་པ་དུ་ ཞིག་ཡོད་སྙམ་ན། འདི་ལ་མཆོད་རྟེན་ལ་བུད་མེད་དག་དང་ལྷན་ཅིག་རོལ་མོའི་སྒྲ་བྱེད་པ་དང་གཞན་དག་བྲོ་གར་བྱེད་གཞན་དག་གླུ་དབྱངས་ལེན་གཞན་དག་ཡོངས་སུ་སྤྱོད་པར་བྱེད་དགོད་པར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད། རབ་ཏུ་དགའ་བར་བྱེད་པ་དག་ལ་ 69-1-184a ཆོས་དང་མི་ལྡན་པའི་མི་དགེ་འདུན་གྱི་ཀུན་དགའ་ར་བ་དང་གནས་སྲུང་བའམ་རོལ་མོ་བྱེད་པའམ་མཆོད་རྟེན་ལས་འཚོ་བ་དག་།རོལ་མོའི་སྒྲ་བྱེད་པ་དེ་དག་ལས་ལེན་ཏམ་མ་བྱིན་པར་ལེན་པ་གཞན་བྱེད་དམ་ཡང་རྣམ་པ་གཞན་གྱིས་མ་བྱིན་པར་ལེན་པ་བྱེད་པའོ། ། འདི་ལ་གླ་ནི་དེ་ལ་བུད་མེད་རྣམས་གླ་ལེན་པ་ཡིན་ཏེ། གླ་སྦྱིན་པར་བྱས་ནས། འཁྲིག་པར་བྱ་བར་བོས་ཏེ། འཁྲིག་པ་དག་བྱས་ནས་ཇི་ལྟར་སྔར་དམ་བཅས་པ་བཞིན་དེ་ལྟར་མི་སྟེར་བ་ཡིན་ནོ། །ཡང་རྣམ་པ་གཞན་གྱིས་མ་བྱིན་པར་ལེན་པ་བྱེད་དེ། འདི་ལྟར་ཉ་པའམ་རྔོན་ པའམ་ཤེན་པ་དག་ལས་འཚོ་བ་རིན་སྦྱིན་པར་བྱས་པ་ལས་མི་སྟེར་བ་ཡིན་ཏེ། རིན་གྱི་རྣམ་པ་འདིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡིན་ན། ལས་དེ་དག་མི་བྱེད་ཅིང་བྱེད་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད་ལ་ཡིད་ཀྱིས་ཀྱང་རྟོག་པར་མི་བྱེད་པ་ཡིན་ནོ། །སྦྱིན་པ་སྦྱིན་པ་ཇི་ལྟ་བུ་ ཡིན་ཞེ་ན། འདི་ལ་ཚེགས་ཆེན་པོས་འཚོ་བར་གྱུར་ཀྱང་བསམ་གཏན་གསུམ་པ་འཐོབ་པའམ་གཞན་དག་ལ་སྦྱིན་པ་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུར་ཕོངས་པར་གྱུར་ཀྱང་གཞན་ལ་སྦྱིན་པར་བྱེད་པ་ནི། ཇི་ལྟར་གཞན་དག་ལ་སྦྱིན་པར་བྱེད་པ་དེ་ལྟར་རང་ གི་བུ་ལ་ཡང་ཡིད་ཀྱི་ཤེས་པ་གུས་པས་སྦྱིན་པར་མི་བྱེད་དེ། དེ་ལྟར་སྦྱིན་པ་སྦྱིན་པར་བྱེད་དོ། །སྲོག་གཅོད་པ་སྤངས་ནས་ཚུལ་ཁྲིམས་ལ་རབ་ཏུ་ཞུགས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ལྗན་ལྗིན་ཕྱགས་པས་སེམས་ཅན་དག་སྲོག་ཆད་པར་བྱེད་པ་ན་ཕྱིར་ཟློག་པར་བྱེད་ཅིང་དེ་ཉིད་དུ་ཆུ་ ལྡུགས་པར་བྱེད་སྐམ་ས་ལ་ཕྱུང་བ་དེ་དག་ཀྱང་ལྗན་ལྗིན་དེ་ཉིད་དུ་ཕྱིར་འཇུག་པར་བྱེད་པ་ཡིན་ཏེ། དེ་དག་ནི་སྲོག་གཅོད་པར་མི་བྱེད་པ་དང་དགེ་བ་ལ་རབ་ཏུ་ཞུགས་པ་ཡིན་ནོ། །དགེ་བའི་ལས་འདི་གཉིས་བྱས་པའི་སྐྱེས་བུ་དམ་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལས་ཀྱི་མཐའ་སྤྱད་པ་ལེགས་པར་བྱས་པ་འདོད་པ་ཐམས་ཅད་ལ་རྣམ་པར་ཆགས་པ་དེ་ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་དབྱངས་ཉེ་བར་ལེན་པ་ན། ལྷ་མོའི་ཚོགས་སྣ་ཚོགས་ཀྱིས་ཡོངས་སུ་ 69-1-184b བསྐོར་བ་བདེ་བ་དཔེ་མེད་པ་རྗེས་སུ་མྱོང་ངོ ། །དེའི་དཔེ་འདིར་ཅུང་ཟད་ཅིག་བྱ་ན་འདི་ལྟར་གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་འཁོར་ལོས་སྒྱུར་བའི་ཤིན་ཏུ་བདེ་བར་གྱུར་པ་དག་ལྷའི་སྟན་ལ་གནས་ལ་ལྷའི་བདེ་བ་དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །འདི་ལ་ལྷ་ཤ་དང་རུས་པ་དང་ ཆུ་སེར་དང་བྲལ་བ་སེར་སྣ་དང་བྲལ་བ་མིག་འཛུམས་པ་དང་ཕྱེ་བ་དང་བྲལ་བ་གོས་ཀྱི་རྡུལ་དང་བྲལ་བ་དུ་བ་དང་ཁུག་རྣ་འདྲེས་པ་དང་བྲལ་བ་བཤང་བ་དང་གཅི་བ་དང་བྲལ་བ་རང་ལ་འོད་ཡོད་པ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་དེ་ལྟ་བུ་མ་ཡིན་ནོ། །རང་གི་བུ་དང་ཆུང་མ་ལ་ འཛིན་པ་དང་བྲལ་བ་ཕྲག་དོག་དང་བྲལ་བ་རང་གི་བཟའ་བ་དང་བཏུང་བ་དང་བྲལ་བ་གཉིད་དང་སྙོམ་པ་དང་བྲལ་བ་ཡིན་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་དེ་ལྟ་བུ་མ་ཡིན་ཏེ། རྣམ་པ་འདིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་རྣམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དེ། དེ་ལྟར་མིའི་ རིམ་པ་མངོན་སུམ་གྱི་ཅུང་ཟད་ཅིག་དཔེར་བྱ་བ་ཡིན་ནོ། །དེ་ལྟར་ལྷ་རྣམས་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་རྩེ་ཞིང་གནས་སོ། །དེར་སྐྱེས་པའི་ལྷ་དེ་རྣམས་ཀྱི་ཚལ་ཀཱ་བཱི་ར་ཞེས་བྱ་བ་སྲིད་དུ་དཔག་ཚད་བཅུ་ཡོད་ལ་ཞེང་དུ་དཔག་ཚད་ལྔ་ཡོད་དེ། ཀུན་ ནས་གསེར་གྱི་བྱ་རྣམ་པ་སྣ་ཚོགས་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། ཀུན་ནས་གི་ཝང་གི་ཐིག་ལེས་བཀྲ་བར་བརྒྱན་ཏོ། །དེ་ནས་ཚལ་དེ་མེ་ཏོག་བཟང་པོ་རྣམས་ཀྱིས་ཤིན་ཏུ་རྣམ་པར་མཛེས་པར་བརྒྱན་ཅིང ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ་ཡིན་ ཏེ། ཤིང་ལྗོན་པ་དེ་རྣམས་ཀྱི་ནང་ན་བྱ་གནས་པ་དེ་དག་ཤིན་ཏུ་རྣམ་པར་མཛེས་པ་ཡིན་ནོ། །དཔེར་ན་གསེར་མགར་དག་གིས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་ཤིང་ལྗོན་པ་སྣ་ཚོགས་ཀྱི་རི་མོ་རྣམས་ཀྱིས་མི་རྣམས་ཀྱི་རྒྱན་སྡུག་གུར་བྱེད་པ་དེ་ལྟར་ལྷ་དེ་རྣམས་ཀྱི་ཚལ་དེ་དང་ཤིང་ལྗོན་པ་ དེ་དག་རྣམ་པར་མཛེས་པ་ཡིན་ལ་བྱའི་གཟུགས་དང་ཁ་དོག་རྣམ་པ་སྣ་ཚོགས་དེ་རྣམས་ཀྱིས་བརྒྱན་པ་ཡིན་ཏེ་འདི་ནི་ཅུང་ཟད་ཅིག་འདྲ་བའི་དཔེར་བྱ་བ་ཡིན་ནོ། །དེ་ནས་ཡང་ལྷ་དེ་རྣམས་ཚལ་དེ་ཉིད་ན་ཕན་ཚུན་པད་མ་རྣམ་པ་སྣ་ཚོགས་དག་གིས་རྩེ་བར་བྱེད་དེ་འདི་ལྟ་སྟེ། ཀུན་ 69-1-185a ནས་བཻ་ཌཱུརྱའི་འདབ་མ་དང་སྦུ་གུ་དང་ཟེ་བ་དང་ལོ་མ་རྣམས་ཀྱིས་རྩེ་བར་བྱེད་དོ། །གང་འདབ་མ་རྣམས་ཀྱི་ནང་དེ་དག་ན་པད་མ་རཱ་གའི་མདོག་ལྟ་བུར་ཤིན་ཏུ་དམར་ཞིང་ཤིན་ཏུ་དྲི་ཞིམ་པ་མེ་ཏོག་དེ་དག་ཐམས་ཅད་བརྟོལ་ནས་དཔག་ཚད་བརྒྱར་འབྱུང་ལ། དྲི་གང་གིས་ མྱོས་པའི་ལྷ་དེ་དག་ཀྱང་པད་མའི་ལོ་མའི་དྲིས་བཅུ་འགྱུར་དུ་ལྷག་པར་མྱོས་པར་འགྱུར་རོ། །དེ་ནས་ཡང་ཀཱ་བཱི་རའི་ཚལ་ན་ལྷ་དག་ལྷ་མོའི་ཚོགས་དང་ལྷན་ཅིག་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་སེམས་བསྐྱེད་མ་ཐག་ཉིད་དུ་ད་ནི་བདག་ཅག་བཟའ་བ་ཆུ་ལྟར་ འབབ་པ་དང་བཏུང་བ་ཆུ་ལྟར་འབབ་པའི་དྲུང་དུ་འདོང་ངོ་སྙམ་སེམས་སོ། །དེ་ནས་དེ་དག་སེམས་བསྐྱེད་མ་ཐག་ཉིད་དུ་གཞལ་མེད་ཁང་ཆེན་པོ་པུ་ཤུ་དང་རྟ་བབས་སྣ་ཚོགས་དང་དྲིལ་བུ་གཡེར་ཀ་འཁྲོལ་བའི་དྲ་བ་རྣམ་པ་སྣ་ཚོགས་དཀྲིགས་པ། རིན་པོ་ཆེའི་འཕན་བཏགས་པའི་རྟ་ བབས་རྣམ་པ་སྣ་ཚོགས་དང་གསེར་དང་ཤེལ་དང་རིན་པོ་ཆེ་དང་ཀེ་ཀེ་རུའི་ཀ་བ་སྣ་ཚོགས་བཙུགས་པ་དག་བྱ་ངང་པས་ཁྱེར་རོ། །ཁ་ཅིག་ནི་བྱ་ཀཱ་རཎྜ་བས་ཁྱེར་རོ། །ཁ་ཅིག་ནི་ཕུག་རོན་གྱིས་ཁྱེར་རོ། །ཁ་ཅིག་ནི་ཤང་ཤང་ཏེའུས་ཁྱེར་རོ། །ཁ་ཅིག་ནི་བྱ་ཙ་ཀོ་རས་ཁྱེར་རོ། །ཁ་ཅིག་ ནི་བྱ་སྣ་ཚོགས་ལྷན་ཅིག་གིས་ཁྱེར་ཏེ། རྒྱལ་མཚན་དེ་དག་གི་སྟེང་དུ་འདུག་པ། ལས་ཀྱི་མཐའ་སྤྱད་པ་ལེགས་པར་བྱས་པའི་ལྷ་རྣམས་ཀཱ་བཱི་རའི་ཚལ་ཆེན་པོའི་བཟའ་བ་དང་བཏུང་བ་ཆུ་བོ་ལྟར་འབབ་པ་ག་ལ་བ་དེར་འདོང་བར་བྱེད་དེ། རྒྱགས་པར་གནས་པ་རྩེ་བའི་དོན་དུ་ལྷ་མོའི་ ཚོགས་དང་ལྷན་ཅིག་ཟས་དང་སྐོམ་ཆུ་བོ་ལྟར་འབབ་པ། ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཟས་དང་སྐོམ་གྱི་ཡུལ་དེར་ཕྱིན་ཏེ། ལྷ་དེ་དག་རིན་པོ་ཆེའི་གཞལ་མེད་ཁང་དེ་དག་ནས་འཐུང་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དེ། སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་རྣམ་ པ་སྣ་ཚོགས་ཀྱིས་དགའ་བར་བྱེད་དོ། །དེ་ལྟར་དེ་རྣམས་ཡོངས་སུ་སྤྱོད་པ་ན་ཡུན་རིང་དུ་འདས་ཀྱང་ལྷ་དེ་རྣམས་བདེ་བར་གནས་པ་དེས་མི་ཚོར་རོ། །དེ་དག་གལ་ཏེ་ཡུན་རིང་ཞིག་ལོན་ནས་ཀུན་དགའ་ར་བ་ཀུན་མཐོང་མཐོ་ཞེས་བྱ་བ་ག་ལ་བ་དེར་ལྷའི་ཚལ་བལྟ་བའི་ཕྱིར་འདོང་བར་བྱེད་དེ། གཞལ་ 69-1-185b མེད་ཁང་དེ་རྣམས་ཀྱི་ནང་ན་འཁོད་པ་དེ་དག་ལྷ་གཞན་དག་དང་ལྷན་ཅིག་མཐོ་བར་ཕྱིན་ནོ། །ཀུན་དགའ་ར་བ་ཀུན་མཐོང་མཐོ་ཞེས་བྱ་བ་དེ་ན་གླུ་རྣམ་པ་སྣ་ཚོགས་ལེན་ཞིང་རོལ་མོའི་སྒྲ་འབྱིན་པར་བྱེད། བྲོ་རྡུང་བར་བྱེད་དགོད་པར་བྱེད་དེ་ཕན་ཚུན་གྲོགས་སུ་གྱུར་པ་རྒྱགས་པ་གཅིག་པུ་དོན་དུ་བྱེད་ པ་དག་རྩེ་བར་བྱེད་དོ། །དེ་ནས་ཀུན་དགའ་ར་བ་ཀུན་མཐོང་གི་ཚལ་དེ་ན་ལྷ་གནས་པ་རྣམས་མཐོང་སྟེ། རིའི་རྒྱལ་པོ་རི་རབ་ཀྱི་ཕྱོགས་གཅིག་ན་གང་ཚལ་དང་ཉེ་བའི་ཚལ་གྱིས་བརྒྱན་པ། གསེར་བཙོ་མའི་རྡོ་ལེབ་འབར་བ་སྤུངས་པ། འབབ་ཆུ་དང་ཆུ་བོ་དང་སྟེགས་དང་ལྟེང་ ཀ་དང་ཟས་དང་སྐོམ་ཆུ་བོ་ལྟར་འབབ་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ལྷ་མོའི་ཚོགས་རྣམ་པ་སྣ་ཚོགས་གྲངས་མེད་པས་ཀུན་དུ་གང་བ། ཐམས་ཅད་དང་འཐུན་པའི་ལས་ཀྱི་འཇིག་རྟེན་གྱིས་བཟུང་བ། རི་བོ་སྟོང་ཕྲག་དྲུག་ཅུས་ཡོངས་སུ་བསྐོར་བ། བརྩེགས་མཐོ་ཆེན་པོ་ན་ ལྷ་དང་ལྷ་མ་ཡིན་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་གནས་པ། དགེ་བ་དུ་མའི་ལས་ཀྱི་མཐའ་སྤྱད་པའི་ལྷ་རྣམས་གནས་པ། དགེ་བའི་ལས་རྣམ་པ་སྣ་ཚོགས་མངོན་དུ་གྱུར་པ། རྩེ་མོ་རིན་པོ་ཆེ་སྣ་བཞིས་བརྒྱན་པ། གནས་དང་གནས་དག་ཏུ་ལྷ་རྣམས་འདོང་བ་ན་ཆ་བྱད་དང་རྒྱན་སྣ་ཚོགས་ དང་གཟུགས་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་ལྡན་པ། ལྷ་རྣམས་ཕན་ཚུན་གྲོགས་སུ་གྱུར་ཅིང་སེམས་ཤིན་ཏུ་འདོད་ཆགས་དང་ལྡན་པ། ཕན་ཚུན་བག་མེད་པར་གནས་པའི་ས་ཕན་ཚུན་གཏམ་ཤིན་ཏུ་སྙན་པ་ཉམས་དགའ་བ་སྣ་ཚོགས་ཟེར་བ་ན། ཆ་བྱད་དང་གཟུགས་དང་ཁ་ཟས་ དང་གནས་པ་ཐ་མ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་དག་མཐོང་ངོ ། །དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་འབའ་ཞིག་ལ་བདེ་བ་ཡོད་པ་མ་ཡིན་གྱི། ལྷ་གཞན་དག་ལ་ཡང་ཤིན་ཏུ་ཉམས་དགའ་བའི་ངོ་བོ་ལྷ་མོ་རྣམས་ཀྱི་ཚོགས་དང་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་ དོ་སྙམ་སྟེ། དེ་ལྟར་སྣ་ཚོགས་ལྷ་རྣམ་པ་དུ་མ་དང་དཔག་བསམ་གྱི་ཤིང་མདོག་དང་རོ་དང་གཟུགས་དང་དྲི་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་དང་གཞན་ཡང་ཚལ་དང་ཉེ་བའི་ཚལ་དག་མཐོང་ངོ ། །དེ་ནས་ཡང་ལྷ་རྣམས་གནས་གཞན་དུ་དོང་སྟེ་ཕྱིན་ནས་ལྷ་གཞན་རི་བརྩེགས་མཐོ་ 69-1-186a བ་དང་བརྩེགས་པ་ཆེན་པོ་འབབ་ཆུ་དང་ཆུ་བོ་དང་ལྟེང་ཀ་སྣ་ཚོགས་ཀྱིས་བརྒྱན་པ་དག་མཐོང་སྟེ། རི་གང་གི་རྩེ་མོ་དག་ལ་ཉི་ཟླ་འཁོར་ཞིང་འགྲོ་བ་དེ་དག་ལ་ཡང་རྟོག་པར་བྱེད་དོ། །དེ་ཉི་མ་རབ་ཏུ་སྣང་བའི་གཟུགས་བརྙན་བརྒྱའམ་ཡང་ན་སྟོང་དུ་སྣང་སྟེ་གང་དུ་ སྒྲ་གཅན་ཟིན་གྱི་ལག་གིས་བཟུང་བ་ནི་སྔ་མ་བཞིན་ནོ། །དེ་ནས་ཡང་གཞལ་མེད་ཁང་ན་གནས་པའི་ལྷ་དེ་དག་ནམ་མཁའི་སྟེང་ནས་འགྲོ་ཞིང་ཡིད་ལ་ངོ་མཚར་སྐྱེས་པ་དེ་བཞིན་དུ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བྲོ་གར་དང་སིལ་སྙན་དང་བཅས་པ། སིལ་སྙན་ ཡན་ལག་ལྔ་དང་ལྡན་པའི་གླུ་དབྱངས་ལེན་ཅིང་རིའི་རྒྱལ་པོ་དེ་ཐམས་ཅད་སྐོར་བར་བྱེད་དོ། །དེ་དག་གིས་རིའི་རྒྱལ་པོ་ཚལ་དང་ནགས་ཚལ་དང་རི་ཁྲོད་དང་བཅས་པ་དེ་ཐམས་ཅད་མཐོང་ནས། དེ་ནས་ཡང་རང་གི་གནས་དེ་དག་ཉིད་དུ་དོང་སྟེ་ཕྱིན་པ་དང་སིལ་སྙན་ཡན་ ལག་ལྔ་དང་ལྡན་པས་བྲོ་རྡུང་བར་བྱེད། དགོད་པར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །བདེ་བའི་རྣམ་པའི་མྱོས་པས་མྱོས་པ་དུས་དུ་མ་རྣམ་པར་ཆགས་པ་ལ་དགའ་བ་དག་ཚལ་དང་ནགས་ཚལ་དང་ལྟེང་ཀ་རྣམས་སུ་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་དག་གིས་ རྩེ་བར་བྱེད་དོ། །དེ་ལྟར་དེ་དག་ཡུན་རིང་དུ་ཡོངས་སུ་འདས་ཀྱང་དུས་ཚོད་མི་ཤེས་ཏེ་ཐམས་ཅད་དུ་ཡིད་བག་མེད་པའི་དབང་དུ་གྱུར་པ་དག་ཁོང་དུ་མི་ཆུད་དོ། །ཡང་དེ་དག་རྩེ་བ་ན། རི་ཀུན་ནས་དགའ་བ་ཞེས་བྱ་བ་རྒྱར་དཔག་ཚད་ལྔ་ལ་འཕང་དུ་དཔག་ཚད་བཅུ་ཡོད་པ་དེ་ལ་ཁ་ཅིག་གཞལ་ མེད་ཁང་གི་སྟེང་དུ་འདུག། ཁ་ཅིག་བྱའི་སྟེང་དུ་ཞོན་ནས་འཛེག་པར་བྱེད་དོ། །རི་ཀུན་ནས་དགའ་བ་དེ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། སྟེགས་དང་ཉེ་བའི་ཚལ་དང་ལྟེང་ཀས་བརྒྱན་པ། སྟེགས་ཀྱི་རིམ་པ་འབུམ་སྙེད་དང་པད་མའི་ཚལ་བརྒྱ་སྙེད་ཀྱིས་བརྒྱན་པ། རི་འབྱུང་ ཁུངས་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་བདུན་འོད་འབྱུང་བས་བརྒྱན་པ། དཔག་བསམ་གྱི་ཤིང་དག་འབར་བ་དེ་ན་ལྷ་དེ་དག་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དེ། ཅོང་དང་རྔ་དང་སིལ་དཀྲོལ་དང་གླིང་བུ་དང་གླུ་དག་གིས་མྱོས་པ་ཕན་ཚུན་གྲོགས་སུ་གྱུར་པ། རང་གིས་བྱས་པའི་ 69-1-186b ལས་ཀྱི་འབྲས་བུ་ལ་སྤྱོད་པ་རྣམས་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དག་དུས་ཡུན་རིང་དུ་རྩེ་བར་བྱེད་ཀྱང་བག་མེད་པ་ལ་གནས་པ་དག་ཁོང་དུ་མི་ཆུད་དེ། ཡུལ་གྱིས་ཀུན་ནས་བསླང་བ་དེ་དག་ཉིད་ཀྱིས་ཚིམ་པ་མེད་ཅིང་ཤིན་ཏུ་སྡུག་པའི་བདེ་བས་རྣམ་པར་རྨོངས་པ་དེ་དག་མེ་ཏོག་ཀུ་བ་ ལའི་ཚལ་དུ་འདོང་བར་བྱེད་དོ། །མེ་ཏོག་ཀུ་བ་ལའི་པད་མ་རྣམས་ཀྱི་ཁ་རབ་ཏུ་བྱེ་བ་དེ་ཡང་བུང་བ་འབུམ་སྙེད་ཀྱིས་གང་བ་ཡིན་ཏེ། བུང་བ་དེ་དག་ཉིད་དང་ལྷན་ཅིག་འདོད་པའི་བདེ་བ་ཚིམ་པ་མེད་པས་ཆང་འཐུང་ཞིང་གླུ་ལེན་ནོ། །འདོད་པ་དག་གིས་བརྒྱའམ་ཡང་ན་སྟོང་དུ་ཚིམ་པ་མེད་ པ་ལ་ལག་ན་རོལ་མོའི་སྒྲ་སྣ་ཚོགས་ཐོགས་ཤིང་རྟག་ཏུ་མྱོས་པར་གནས་པ། ཕན་ཚུན་རྒྱགས་པ་དུ་མ་དོན་དུ་བྱེད་པ་དེ་དག་སྐྱེད་མོས་ཚལ་ཆེན་པོ་འདོད་པ་ངེས་པར་ཐོབ་ཅེས་བྱ་བ་ག་ལ་བ་དེར་འདོང་ངོ ། །ཚིམ་པ་མེད་པ་དེ་དག་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་ བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། བག་མེད་པ་ལ་གནས་པ་དག་ཕན་ཚུན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་ རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་ཏུ་ན་བ་མེད་ཅིང་བཞིན་གྱི་མདོག་བཟང་བར་འགྱུར། རྒྱལ་པོས་བཀྲབས་པའམ་ཚོང་པའམ་ཁྱིམ་ བདག་རྣམས་ཀྱིས་བརྡུང་བར་མི་འགྱུར། ཤིན་ཏུ་བདེ་ཞིང་ཡིད་ལ་རིག་པའི་བློ་གསལ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ ལྷ་རྣམས་ཀྱི་གནས་ཞིབ་ཏུ་དཔྱོད་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་སྐྱེས་བུ་དགེ་བ་བདག་དང་གཞན་ལ་ཕན་པར་ཞུགས་པ་གཡོ་མེད་པ། གཞན་ལ་གནོད་པ་ 69-1-187a མི་བྱེད་པ། མི་དྲང་པོའི་རང་བཞིན་ཅན། མིའི་ལས་སུ་གྱུར་པ། གང་གིས་དགེ་བའི་ལས་ཀྱི་ངོ་བོ་ཉིད་བྱས་པ། རྣམ་པར་སྨིན་པ་བདེ་བ། བསིལ་བ། རྣམ་པར་སྨིན་པ་བསིལ་བ། བདེ་བ། བཀྲ་ཤིས་པ། རྣམ་པར་སྨིན་པ་བཀྲ་ཤིས་པ། སྐྱེ་བོ་ཐམས་ཅད་ཀྱིས་ མཆོད་པ། སྐྱེ་བོ་ཐམས་ཅད་ཀྱི་སྡུག་པ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་བདེ་བ་བྱེད་པ། སྐྱེས་བུ་གང་འཇིག་རྟེན་འདི་ནས་འགྲོ་ཞིང་འཇིག་རྟེན་ཕ་རོལ་ཏུ་ཕ་མར་གྱུར་པ། སྐྱབས་སུ་གྱུར་པ། བདེ་བ་དུ་མ་འབྱུང་བར་གྱུར་པ། བདེ་བ་བྱས་པ་སྐྱེ་བར་གྱུར་པ་ནི་ལེགས་པར་བྱས་པ་ དེའི་ལས་ཀྱིས་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་མི་བྱེད་ཅིང་བྱེད་དུ་མི་འཇུག་ལ། བྱེད་དུ་མི་གནང་ཉེས་པར་བྱས་པའི་ཚུལ་ཁྲིམས་ལ་དད་པ་དང་ཐད་ཀར་ལྷན་ཅིག་གནས་ཤིང་འདྲེ་བར་མི་བྱེད་དགའ་བར་ཡང་མི་བྱེད་ཚུལ་ཁྲིམས་འཆལ་པ་དེ་དང་ལྷན་ཅིག་ རྣམ་པར་བྱང་བ་འཐུན་པར་མི་སྒྲུབ་ལ། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་དང་ལྷན་ཅིག་རྟག་ཏུ་དགའ་བར་བྱེད། དེ་དང་ལྷན་ཅིག་འདྲེ་བར་བྱེད།དེ་དང་རྣམ་པར་བྱང་བ་འཐུན་པར་སྒྲུབ། དེ་དང་ཐད་ཀར་འདུག་པར་ཡང་བྱེད། དེ་དང་ལྷན་ཅིག་རྩེ་ཞིང་འཇིག་རྟེན་གྱི་སྤྱོད་པ་བྱེད། ཆོས་ དང་ཆོས་མ་ཡིན་པར་སེམས་པར་བྱེད་དེ། སྐྱེས་བུ་དགེ་བ་དེ་བདག་ཉིད་སྡིག་པ་དག་མི་བྱེད་ལ། སྡིག་པའི་གྲོགས་པོ་དང་ལྷན་ཅིག་དགའ་བར་མི་བྱེད། ཐམས་ཅད་ཀུན་ནས་ཡོངས་སུ་དག་པར་བྱེད་པའི་སྐྱེས་བུ་དམ་པ། ཤིན་ཏུ་ཚུལ་ཁྲིམས་འཆལ་པ་དག་ཀྱང་དགེ་བའི་ལམ་ལ་རབ་ ཏུ་འཇོག་པར་བྱེད་ཅིང་ཡང་དག་པའི་ལམ་སྟོན་པར་བྱེད་འགྲོ་བའི་ཞིང་བཟང་པོ་ལ་དགེ་བའི་ལས་ཀྱི་ས་བོན་འདེབས་པར་བྱེད། དེ་ཀུན་ནས་སེམས་གསེར་ལྟར་སྦྱངས་ཤིང་དྲི་མ་མེད་པའི་སེམས་དགེ་བའི་ལས་ཀྱི་མཐའ་སྤྱད་པའི་བདེ་བ་ནི། ཚེ་འདི་དང་ཕ་རོལ་ལ་འཐོབ་ཅིང་སོ་སོ་ཡང་ དག་པར་མྱོང་བར་འགྱུར་རོ། །སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་རྣམ་པ་ནི་དུ་ཞིག་ཡོད་ཅེ་ན། འདི་ལ་ཀུན་ནས་འདོད་པར་བྱ་བ་མེ་ཏོག་གི་རྒྱུ་དག་བསྐྱེད་པར་བྱ་བའི་དོན་དུ། དུ་བ་དང་དུག་བསྲེས་པ་བཞག་ནས་སྲོག་ཆགས་དུན་དུ་བའམ་འོལ་བའམ་ཤ་སྦྲང་ཆེན་པོའམ་རྐང་བརྒྱ་པ་ 69-1-187b དག་ལ་རེག་པར་བྱས་ནས་གསོད་པར་བྱེད་པ་ནི། འདི་ལྟར་བདག་གི་མེ་ཏོག་གི་རྒྱུའམ་ལྕུག་མ་གཟིངས་པའམ་མེ་ཏོག་གམ་འབྲས་བུ་དག་མི་ཉམས་པར་བྱའོ་སྙམ་ནས། སྲིན་བུ་གསད་པའི་ཕྱིར་དུ་བས་གསོད་པ་དང་འབྲ་གོ་དང་རྒུན་འབྲུམ་རྙིས་པའི་ནང་ན་སྲིན་བུའི་རྣམ་པ་ཡོད་པ་ལག་ གིས་གནོད་པར་མི་བྱེད་ལ། བཏུང་བ་མ་བརྟགས་པར་འཐུང་ཞིང་དེ་ལས་སྐྱེས་པའི་སྲིན་བུ་ཡང་གསོད་ན་དེ་ལྟུང་བར་འགྱུར་ཏེ། སྲིན་བུ་དེ་རྣམས་དང་སྲོག་ཆགས་དེ་དག་ཀྱང་སོ་སོར་བརྟགས་ནས་འཐུང་བར་བྱེད་ལ་ཡུན་རིང་དུ་བཞག་པ། དྲོད་གཤེར་ལས་ཆུང་ངུར་སྐྱེས་པའི་ འཇིགས་པ་དང་མྱོས་བྱེད་ལས་སྐྱེས་པའི་འཇིགས་པས་ཀྱང་འཐུང་བར་མི་བྱེད་པ་ཡིན་ཏེ། རྣམ་པ་ཕྲ་མོ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ། རྣམ་པ་དུ། རྣམ་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་རྟག་ཏུ་ལོ་ཉེས་བྱུང་བར་འདོད་པ་དེ་ལོ་ཉེས་བྱུང་ ན་བདག་གིས་འགྲོན་བུའི་ཁེ་བརྒྱད་འགྱུར་དུ་ཐོབ་པར་བྱའོ། །ཡུལ་མ་ག་དྷཱའི་གཞལ་བྲེ་ཡང་ཤིན་ཏུ་ཆུང་བར་འགྱུར། གང་གི་ནས་དང་གྲོ་ལ་སོགས་པ་དང་འབྲུ་ཞག་དྲུག་ཅུས་སྨིན་པ་ལ་སོགས་པ་ཡང་མི་འབྱུང་ལ་བདག་གཅིག་པུའི་ཡོད་པར་གྱུར་ཅིག་སྙམ་དུ་དེ་ལྟར་སེམས་སོ། ། སེམས་ཅན་རྣམས་ཀྱི་བར་ཆད་བྱ་བར་སེམས་ཏེ། དེ་ལྟར་བདག་གིས་སྲོག་ཆགས་རྣམས་གཙེ་བར་བྱའོ། །བསྡུ་བར་བྱའོ་སྙམ་སྟེ་དེ་ཡང་དང་ཡང་དུ་དེ་ལྟར་བསམས་པ་དང་གལ་ཏེ་སེམས་ཅན་རྣམས་ཀྱི་སྐལ་བ་ཆུང་བ་དེས། དུས་ངན་པ་ཞིག་བྱུང་བ་དང་དགའ་ལ་ཡིད་ཤིན་ཏུ་ དགའ་ནས་ཇི་ལྟར་བདག་གིས་བསམས་པ་དེ་ལྟར་བདག་དགའ་བར་བྱེད་པ་འོངས་སོ་སྙམ་ནས། དེ་བྲེ་མི་འཐུན་པ་དང་ཡོན་ཏན་དང་བྲལ་བ་བརྩོན་འགྲུས་ཉམས་པའི་ཡོན་ཏན་མི་འཐུན་པས་ནས་དང་གྲོ་དང་འབྲས་སཱ་ལུ་དག་གིས་གཞན་ལ་སླུ་བར་བྱེད་དོ། །དེ་ལྟར་གང་གི་ཚེ་ སེམས་པར་བྱེད་པ་ལས་ཀྱི་ཉེར་བསྡོགས་ཡིན་ནོ། །གང་གི་ཚེ་སླུ་བར་བྱེད་པ་དེའི་ཚེ་ལས་ཡིན་ནོ། །གང་གི་ཚེ་སྲོག་ཆགས་དག་བསླུས་ནས་སེམས་ལ་འདོད་པར་བྱེད་ལ་དགའ་བར་བྱེད་པ་དེའི་ཚེ་ལས་ཀྱི་མཇུག་ཡིན་ཏེ། ཇི་སྐད་བཤད་པའི་ཉེས་པ་དག་སྤངས་ཤིང་མི་བྱེད་པ་ 69-1-188a ཡིན་ནོ། །འབྱོར་པ་ཉུང་བར་གྱུར་ཀྱང་གཞལ་བླུགས་ཀྱི་གཡོ་དག་གིས་གཞན་ལ་སླུ་བར་མི་བྱེད་ལ་གཞན་བྱེད་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད། གལ་ཏེ་ལོ་ཉེས་བྱུང་བའི་ཚེ་བདག་ཉིད་ཚོང་པ་ཞིག་བྱེད་ན་ཡང་དེ་ཇི་ལྟ་བ་བཞིན་དེ་ལྟར་འཚོང་བར་བྱེད་ལ། ཆོས་དང་ ལྡན་ཞིང་ཆོས་ཀྱི་བསམ་པས་རྙེད་པའི་རིན་ཐོབ་པར་བྱེད་དེ། དེ་ལྟར་དེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །མི་དགེ་བ་ལ་ཞུགས་པ་དགེ་བ་ལ་རབ་ཏུ་འཇུག་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་སྐྱེས་བུ་དམ་པ་ལེགས་པར་སྤྱོད་ཅིང་དགེ་བ་སྤྱོད་པ་རྟག་ཏུ་བདག་ལ་ཕན་ པ་དང་གཞན་ལ་ཕན་པར་བྱེད་པ། འབྱོར་པ་ཉུང་བར་གྱུར་པ། ཚེགས་ཆེན་པོས་འཚོ་བ། ཚེགས་ཆེན་པོས་འབྱོར་པ་དག་སྦྱིན་པ་པོ་དང་སྦྱིན་བདག་གི་དྲུང་དུ་འདུག་སྟེ། དེ་དག་ལ་སློབ་པར་བྱེད། སྦྱིན་པའི་འབྲས་བུ་དག་ཀྱང་ཤེས་ལ། སྦྱིན་པའི་འབྲས་བུ་དེ་ཀུན་དུ་རོ་མྱོང་བར་བྱེད། ཀུན་དུ་མྱངས་ནས་ཀྱང་ཡང་དང་ཡང་དུ་མགོན་མེད་ཅིང་ཉོན་མོངས་སྡུག་བསྔལ་བའམ་བསམ་གཏན་གསུམ་པ་ཐོབ་པའམ་དེ་དང་འཐུན་པའམ་དེ་ལ་ཞུགས་པ་ལ་སྦྱིན་པ་བྱེད་པ་ཡིན་ཏེ། དེ་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་རྣམས་ཀྱིས་ཆོས་དང་འཐུན་པའི་ལོངས་སྤྱོད་བསྒྲུབས་ ནས་དེ་གསུམ་གྱིས་སྦྱིན་པར་བྱེད་དོ། །གསུམ་ནི་གང་གི་ཚེ་སྦྱིན་པ་སྦྱིན་པར་བྱའོ་སྙམ་དུ་སེམས་པ་དེའི་ཚེ་ལས་ཀྱི་ཉེར་བསྡོགས་ཡིན་ནོ། །གང་སྦྱིན་པར་བྱེད་པ་དེ་ལས་ཡིན་ནོ། །གང་གི་ཚེ་བྱིན་ནས་ཡིད་ཀྱིས་རོ་མྱོང་བར་བྱེད་ཅིང་དེ་ལྟར་ཡིད་ལ་སེམས་པ་དེའི་ཚེ་ལས་ཀྱི་མཇུག་ཡིན་ནོ། ། དེ་ལྟར་དགེ་བ་སྟོང་ཉིས་བརྒྱ་བྱ་བ་བྱས་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཞིབ་ཏུ་སྤྱོད་པའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དགེ་བའི་ལས་ཀྱི་མཐའ་སྤྱད་པ་དེ་ལས་ཞིབ་མོ་དེས་ཡིད་ལ་ཇི་ལྟར་འདོད་པ་བཞིན་བདག་ཉིད་ཀྱི་ངོ་བོ་ཆེ་བའམ་ཆུང་བར་ འགྱུར་རོ། །ལྷའི་གནས་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་མདོག་ཤིན་ཏུ་གསལ་ཞིང་རང་གི་དགེ་བའི་ལས་ཀྱིས་དྲི་མ་མེད་པ་ཡིན་ནོ། །ཚལ་དེ་ཡང་སྲིད་དུ་དཔག་ཚད་ཉི་ཤུ་ལ་ཞེང་དུ་དཔག་ཚད་བཅུ་ཡོད་དེ། ཆུ་བོ་དང་འབབ་ཆུ་དང་ལྟེང་ཀ་དང་ཚལ་དང་ཉེ་བའི་ 69-1-188b ཚལ་དང་ནང་གི་ཚལ་རྣམས་ཀྱིས་ཤིན་ཏུ་གང་བ་ཤིན་ཏུ་བལྟ་ན་སྡུག་པ་ཡིན་ལ། ཤིང་ལྗོན་པ་རྣམས་ཀྱིས་ཚལ་གང་ཡིན་པ་འདི་དྲི་མ་མེད་པ་དང་གསལ་བ་ཡིན་ཏེ། དེ་ཡལ་ག་དང་ལོ་མ་དང་འདབ་མ་རྣམས་ཁ་དོག་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། གསེར་བཙོ་མའི་མདོག་ དང་མཚུངས་པ་ཁ་ཅིག་དངུལ་གྱི་མདོག་ལྟ་བུ་དང་གཞན་དག་བཻ་ཌཱུརྱའི་མདོག་ལྟ་བུ་ཡིན་ནོ། །ཚལ་དང་ཚལ་གྱི་ཤིང་ལྗོན་པ་དེ་རྣམས་ཀྱི་ལོ་མ་དང་འདབ་མ་དང་ཤིང་གཞོན་ནུ་དང་ཡལ་ག་དང་ཡལ་ག་ཕྲ་མོ་མེ་ལོང་ལྟ་བུའི་ནང་དག་ཏུ་ལྷ་དེ་རྣམས་ཀྱི་ངོ་བོ་གསལ་བར་སྣང་སྟེ། འདི་ལྟ་སྟེ་ཤིང་ གཅིག་གི་ནང་དུ་སྣང་བ་དེ་བཞིན་དུ་ཤིང་ལྗོན་པ་འབུམ་རྣམས་ཀྱི་ནང་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་སྣང་སྟེ། ལྷའི་ལུས་དེ་གཅིག་པུ་ལས་ཀྱི་གཟུགས་བརྙན་དང་འཐུན་པར་ཤིང་ལྗོན་པ་འབུམ་ཕྲག་དུ་མ་དག་གི་ནང་ན་སྣང་ངོ ། །ཡང་ཤིང་ལྗོན་པ་དེ་རྣམས་ཀྱི་ངོ་མཚར་བ་གཞན་ནི། ཇི་ཙམ་དུ་ལས་ཀྱི་རྣམ་པ་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་གང་དག་གིས་ལྷ་དེ་དག་ལས་ཀྱི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ཏེ། དེ་ཡང་ལས་བྱས་པ་ཇི་ལྟ་བ་བཞིན་ཤིང་ལྗོན་པ་དེ་རྣམས་ཀྱི་ཤུན་པ་དང་རྩ་བ་དང་ཡལ་ག་དང་ལོ་མ་དང་འདབ་མའི་ནང་ན་ཐམས་ཅད་སྣང་ ངོ ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་དང་ལྷ་མོའི་ཚོགས་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་བ། ལུས་ཐམས་ཅད་མེ་ཏོག་གི་ཕྲེང་བ་དང་བྱུག་པས་རྣམ་པར་བརྒྱན་པ། ཉི་མ་འབུམ་པས་ལྷག་པའི་འོད་འབར་བ། ཚལ་དེར་འདོང་བར་བྱེད་དོ། །དེ་ནས་ཞིབ་ཏུ་སྤྱོད་པའི་ལྷ་ རྣམས་བརྒྱ་བྱིན་དེ་འོང་བ་མངོན་དུ་མཐོང་ནས་གུས་པ་དང་བཅས་པའི་སེམས་ཀྱིས་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་དོང་སྟེ། ཕྱིན་ནས་བརྒྱ་བྱིན་ལ་གསོང་པོར་སྨྲས་ཤིང་སྤྱི་བོར་ཐལ་མོ་སྦྱར་ཏེ་མཆོད་ནས་ཡིད་ལ་གུས་པ་དང་བཅས་པ་ཐམས་ཅད་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། ། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་སྙན་པ་དང་ཕན་པའི་སེམས་ཐམས་ཅད་ཀྱིས་མཆོད་དེ། ལྷ་དང་ལྷ་མོའི་ཚོགས་དགེ་བའི་ལས་ཀྱི་མཐའ་ཤིན་ཏུ་རྒྱ་ཆེ་བ་སྤྱད་པ་དེ་དང་ལྷན་ཅིག་ཡོངས་སུ་བསྐོར་ནས་བདེ་བར་གནས་པར་བྱ་བའི་ཕྱིར་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་བྱ་སྣ་ཚོགས་ 69-1-189a སྐད་འབྱིན་པས་ཤིན་ཏུ་གང་བ། གསེར་གྱི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པའི་ཚལ་དེར་ཕྱིན་ཏེ། ལས་འཐུན་པ་མངོན་སུམ་དུ་གྱུར་པ་དེ་དག་ཀྱང་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་མངོན་པར་མཐོང་ནས་བརྒྱ་བྱིན་དེས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ལྗོན་པ་ སྣ་ཚོགས་འདི་རྣམས་ནི། །དགེ་བའི་ལས་ཀྱིས་མངོན་དུ་གྱུར། །ཡི་གེ་མེད་ཀྱང་ཤིན་ཏུ་འཐུན། །མཁས་པ་རྣམས་ནི་རྗོད་པར་བྱེད། །རྣམ་པར་སྨིན་པ་གང་གང་གིས། །གང་དང་གང་དུ་སྐྱེ་འགྱུར་བ། །མི་ཡིས་དེ་དང་དེ་དག་ཏུ། །དགེ་བའམ་ཡང་ན་མི་དགེ་འཐོབ། །སྐྱེ་བོ་དགེ་བའི་ ལས་ཀྱིས་སུ། །རྟག་པར་ལྷ་རྣམས་ནང་དུ་སྐྱེ། །དེ་བཞིན་མི་དགེས་མི་ཐ་མ། །སེམས་ཅན་དམྱལ་བར་ལྷུང་བར་གྱུར། །དགེ་དང་མི་དགེ་དག་ལ་ཆགས། །འདོད་ཅན་འདོད་པས་རྨོངས་པ་རྣམས། །གང་དག་ངེས་པར་འབྱུང་འགྱུར་བ། །འཆི་བ་ཁོང་དུ་མི་ཆུད་དོ། །ལྗོན་པ་རྣམས་ལ་མངོན་ པ་གང ། །འདི་ནི་དགེ་བའི་རྣམ་སྨིན་ཏེ། །བདེ་བས་ཡིད་ནི་རྨོངས་པ་དག་།བདེ་ལས་དགའ་བ་འབྲལ་མི་ནུས། །ཡུལ་འདོད་པ་ཡི་སྲོག་ཆགས་རྣམས། །འདོད་པའི་རོ་ཡིས་རབ་མྱོས་པ། །གང་གིས་བཅིངས་པའི་ལུས་ཅན་ནི། །དྲ་བ་ལྡན་པས་རྟག་ཏུ་གནོད། །ཇི་ལྟར་འཇིག་རྟེན་དག་ གི་མེ། །ཚ་དང་ལྷན་ཅིག་སྐྱེ་བ་ལྟར། །བུད་མེད་མི་བཟད་འདོད་ཆགས་དང ། །ངེས་པར་ལྷན་ཅིག་སྐྱེ་བར་འགྱུར། །ཇི་ལྟར་བུད་མེད་ལས་བྱུང་མེ། །ལུས་ཅན་རྣམས་ཀྱི་སྙིང་འཇུག་པ། །མེ་འདི་གང་ཞིག་བྱུང་བ་ནི། །དེ་ལྟར་ཚ་བར་མི་འགྱུར་རོ། །འཇིག་རྟེན་ཐམས་ཅད་རྣམ་འཇིག་ཅིང ། ། ཆོས་ནི་ཐམས་ཅད་ཟད་བྱེད་ལ། །སེམས་ཅན་དམྱལ་བ་འདི་ཡི་རྒྱུ། །བུད་མེད་ཡིན་ཞེས་དྲང་སྲོང་གསུང ། །བུད་མེད་ཁར་ནི་ཚིག་སྙན་སྨྲ། །སྙིང་ནི་གདུག་པའི་དུག་དང་མཚུངས། །ཡིད་དུ་འོང་ལའང་འདུག་མི་བྱེད། །དེ་ལ་མི་ནི་སུ་ཞིག་དགའ། །ཡུད་ཙམ་གྱིས་ནི་དགའ་བྱེད་ལ། །དེ་བཞིན་ཡུད་ ཀྱིས་དགའ་མི་བྱེད། །སྙིང་དུ་སྡུག་པའང་གནས་མི་བྱེད། །བརྟན་པ་མེད་དེ་གློག་དང་མཚུངས། །སླུ་བར་བྱེད་པའི་སྒྱུ་ལ་མཁས། །རྟག་ཏུ་བྱ་བ་ལྷུར་བྱེད་ཅིང ། །རྟག་ཏུ་ཡིད་ལ་ཕྲད་པར་འདོད། །རྟག་ཏུ་ང་རྒྱལ་འབའ་ཞིག་སེམས། །ལྷ་དང་མི་དང་ཤ་ཟ་དང ། །ལྟོ་འཕྱེ་རྣམས་དང་སྲིན་པོ་ཡི། ། 69-1-189b འཆིང་བར་གྱུར་པ་བུད་མེད་དེ། །ཤིན་ཏུ་མི་བཟད་དུག་དང་མཚུངས། །ཕན་པ་མེད་དང་རིགས་མེད་དང ། །མཐུ་རྩལ་ཆེ་བའང་དྲན་མི་བྱེད། །སེམས་ནི་གནས་པ་མེད་པ་སྟེ། །བུད་མེད་རླུང་གི་ཤུགས་དང་མཚུངས། །གང་དུ་ཕུན་སུམ་ཚོགས་གྱུར་པ། །དེར་ནི་བུད་མེད་ཆགས་བྱེད་ལ། ། དབུལ་བར་གྱུར་དང་འདོར་བྱེད་དེ། །སྐྱེས་པ་ངེས་པར་གཏོང་བར་བྱེད། །སྐྱེས་པ་གང་དང་གང་ཕྲད་པ། །དེ་ལ་བུད་མེད་ཆགས་འགྱུར་ཞིང ། །དེ་ནི་མྱུར་ཞིང་ཆེས་མྱུར་བར། །གཏོང་སྟེ་མི་འཐུན་གནས་པར་བྱེད། །ཇི་ལྟར་བུང་བ་མེ་ཏོག་དག་།སྐམས་ན་ཐམས་ཅད་གཏོང་བར་བྱེད། །དེ་ ལྟར་ནོར་དང་བྲལ་བ་ཡི། །མི་ནི་བུད་མེད་རྣམས་ཀྱིས་གཏོང ། །སྙིང་ནི་མི་བཟད་རལ་གྲི་འདྲ། །མུན་པས་ཁེབས་པ་བརྟན་པ་མེད། །གང་གི་རྒྱུ་ཡིས་བུད་མེད་རྣམས། །སྐྱེས་པ་འཇིག་པའི་ཕྱིར་སྐྱེས་སོ། །ཇི་ལྟར་བུད་མེད་འཆིང་བྱེད་པ། །ལྷ་རྣམས་ལ་ནི་འཆིང་གཞན་མེད། །བུད་མེད་ འཆིང་བས་བཅིངས་པ་དག་།སེམས་ཅན་དམྱལ་བར་ལྟུང་བར་བྱེད། །བུད་མེད་ལས་བྱུང་འདོད་ཆགས་གང ། །འདོད་ཆགས་ནང་ན་འདི་ཆེ་སྟེ། །བུད་མེད་འདོད་ཆགས་ཡིད་བསྲེགས་པ། །ཕྱི་ནས་མེ་ཡིས་སྲེག་པར་བྱེད། །འདོད་ཆགས་ཀྱིས་ནི་ཉམས་པའི་མི། །ལས་རྣམས་ཀྱང་ནི་ མངོན་སུམ་སྟེ། །བུད་མེད་འདོད་ཆགས་རྣམ་རྨོངས་པ། །རྨུགས་པའི་སྙིང་གིས་མི་རིག་གོ། །སྐྱེས་པ་དང་ནི་ཡིད་གཅུགས་ཤིང ། །དགའ་བ་དུ་མ་བྱས་ནས་སུ། །སྦྲུལ་གྱི་པགས་པ་འདོར་བ་ལྟར། །བུད་མེད་ཀྱིས་ནི་གློ་བུར་འདོར། །ཐབས་ཀུན་གྱིས་ནི་བུད་མེད་བསྒྲུབས། །ཐམས་ ཅད་དུ་ནི་ཡོངས་བསྐྱངས་ཀྱང ། །བུད་མེད་ཤིན་ཏུ་མི་བཟད་པ། །བདག་གིར་བྱ་བར་མི་ནུས་སོ། །དེ་ལྟར་རང་བཞིན་དེ་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་བརྟན། །སྐྱེས་པ་བརྟན་པའི་སེམས་ཀྱིས་སུ། །དེ་ལ་ནམ་ཡང་ཡིད་མི་རྟོན། །དེ་ནས་ལྷའི་དབང་པོ་དེའི་ཁ་ནས་ཐོས་ཤིང་ལས་ ལེགས་པར་བྱས་པ་གང་ཡིན་པའི་ལྷ་དེ་དག་གིས། བརྒྱ་བྱིན་གྱི་ཚིག་དེ་ཐོས་ནས་ཡིད་ལ་བྱེད་པ་དང་བྲལ་ཞིང་སྐྱོ་བ་སྐྱེས་པ་རྣམས། སྐྱོ་བ་སྐྱེས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་བརྒྱ་བྱིན་དེ་བཞིན་ཏེ། །དེ་ཉིད་མཚན་ཉིད་ཁྱོད་ཀྱིས་གསུངས། །བུད་མེད་ཞགས་པར་གྱུར་ 69-1-190a པའི་སེམས། །བདག་ཅག་གིས་ནི་མ་རྟོགས་སོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་དག་ལས་ཚིགས་སུ་བཅད་པ་དེ་ཐོས་ནས། ཚལ་དེ་བྱ་སྒྲ་སྙན་པ་འབྱིན་ཅིང་ཉམས་དགའ་བ་གཞལ་མེད་ཁང་དུ་མས་བརྒྱན་པ་འབབ་ཆུ་དང་ཆུ་བོ་དང་ལྷའི་རོལ་མོའི་སྒྲ་རྣར་སྙན་ཅིང་ཡིད་དུ་འོང་བ། གསེར་ བཙོ་མ་ལྟ་བུའི་རི་དགས་ཀྱིས་རྣམ་པར་བརྒྱན་པ་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཀུན་ཏུ་གང་བ་ག་ལ་བ་དེར། ལྷའི་རྒྱལ་པོ་ཀཽ་ཤི་ཀ་དེ་ལྷའི་ཚོགས་དང་ལྷན་ཅིག་བདེ་བ་ལ་གནས་པར་བྱ་བ་དང་ལྷའི་བདེ་བ་ཉིད་ལ་ཡང་དང་ཡང་དུ་སྤྱད་པར་བྱ་བའི་ཕྱིར་འདོང་བར་བྱེད་དེ། དེ་ཚལ་དེ་ན་འདོད་པའི་ ཡོན་ཏན་ལྔ་རྣམས་དང་ཡང་དག་པར་ལྡན་ཞིང་ཤིན་ཏུ་ཉམས་དགའ་བ། དབང་པོ་མཆོག་ཐམས་ཅད་ཡུལ་ཐམས་ཅད་ལ་རྣམ་པར་དགའ་བའི་བདེ་བ་མྱོང་བར་བྱེད་དོ། །དེ་དག་ཀྱང་སྤྱད་ནས་རི་རབ་ཀྱི་རྩེ་མོ་སྤོས་བརྩེགས་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་འབར་བ་ལྷའི་འབྱུང་ཁུངས་མུ་ཏིག་གི་ཕྲེང་ བ་རྣམས་ཀྱིས་རྣམ་པར་བརྒྱན་པ་ལྟར་འབབ་ཆུ་དང་ཆུ་བོ་བྱེ་མ་མུ་ཏིག་ལྟ་བུ་རྣམས་ཀྱིས་ཉེ་བར་བརྒྱན་པ། ཆུ་བོ་དེ་དག་གི་འགྲམ་གཉི་ག་ན་ལྷའི་བྱ་སྒྲ་འབྱིན་ཅིང་ཤིན་ཏུ་བལྟ་ན་སྡུག་པ། ཡིད་དུ་འོང་ཞིང་ཉམས་དགའ་བ་དེ་དག་ན་ལྷའི་རྒྱལ་པོ་བརྒྱ་བྱིན་དེ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་་ བསྐོར་ནས། ལྷ་ཆ་བྱད་དང་གཟུགས་སྣ་ཚོགས་དང་ལྡན་པ་རྣམས་རྗེས་སུ་འབྲང་ཞིང་རྩེ་བར་བྱེད་དོ། །དེ་དེར་ཡང་ཡུན་རིང་དུ་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེས་ནས། གཞལ་མེད་ཁང་སྐྱེད་མོས་ཚལ་གྱིས་བརྒྱན་པ་སྤྱི་བོ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དེ། ལྷ་དང་ལྷ་མོའི་ ཚོགས་ཡིད་རབ་ཏུ་དགའ་བ་དང་ལྷན་ཅིག་དེར་དོང་སྟེ་ཕྱིན་པ་དང་གང་ལྷ་གཞན་འདོད་པའི་ཡོན་ཏན་ལྔས་ཡིད་ཕྲོགས་པ་དག་གནས་གཞན་དག་ན་རྩེ་བར་བྱེད་ལ། དེ་དག་སྐྱེད་མོས་ཚལ་སྤྱི་བོ་ག་ལ་བ་དེར་འདོང་བར་བྱེད་དོ། །གཞལ་མེད་ཁང་དང་སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་དེ་ ཡང་རི་བོ་ཐམས་ཅད་བས་འཕང་མཐོ་ལ། འདི་ལྟར་འཐབ་བྲལ་བའི་ལྷ་རྣམས་ཀྱི་དྲུང་ནས་འོད་གསལ་བ་ཅུང་ཟད་འབྱུང་སྟེ། ཇི་ལྟར་མིའི་གནས་བཞི་རྣམས་སུ་རི་རབ་ལས་འོད་གསལ་བ་འབྱུང་བ་དེ་ལྟར་འཐབ་བྲལ་བའི་ལྷ་རྣམས་ཀྱི་དྲུང་ནས་འོད་གསལ་བ་ཕྱིས་འབྱུང་ངོ ། །འཇིག་རྟེན་ 69-1-190b སྤྱི་བོ་པ་ལ་འོད་ཅུང་ཟད་ཀྱང་མེད་ཀྱང་འཇིག་རྟེན་སྤྱི་བོ་པ་དེ་སྟོང་གྱུར་དུ་མཛེས་པ་ཡིན་ནོ། །དེ་ནས་དེར་ཡང་བརྒྱ་བྱིན་གྱིས་དུས་ཡུན་རིང་དུ་རྩེས་ནས་དེ་ནས་ཡང་དེ་བཞིན་དུ་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དོ། །ཞིབ་ཏུ་སྤྱོད་ པའི་ལྷ་དེ་དག་ཀྱང་ལྷའི་གནས་དེ་དག་ན། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་ རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་ དེ་རྟག་པར་མཆོག་ཏུ་བདེ་སྟེ་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར། རྟག་ཏུ་སྐྲ་ཞིབ་མོ་སྡུག་གུར་འཁྱིལ་བ་དང་རྟག་ཏུ་ཡིད་ཤིན་ཏུ་ཟབ་པ་དང་ཐམས་ཅད་ཀྱིས་དཀའ་བར་བྱ་བ་རྣམས་ལ་དོན་དང་ལྡན་པར་ཤེས་པ་དང་རབ་ཏུ་མང་པོར་མི་སྨྲ་ཞིང་ཉུང་ངུར་སྨྲ་བ་དང་རྟག་ཏུ་ཤིན་ཏུ་གོས་ གཙང་ཞིང་དཀར་བ་དང ། ཆུང་མ་མི་གཡེམ་པ་དང ། ཁྱིམ་ཐབ་ཀྱི་གནས་ལ་དགའ་ཞིང་ཁྱིམ་ཐབ་ལ་དགའ་ལ་ཕྱི་རོལ་དུ་མི་འཁྱམ་པ་དང ། རྟག་ཏུ་སྦྱིན་པ་ལ་དགའ་ཞིང་སེམས་ཤིན་ཏུ་དྲང་བ་དང ། རང་གི་འཁོར་དང་མཛའ་བཤེས་དང ། རྩ་ལག་ལ་དགའ་བ་དང ། བླ་མ་ལ་ དགའ་བ་དང ། ཚེས་གྲངས་ལ་དགའ་བ་དང ། རང་གི་བུད་མེད་ལ་དགའ་བ་དང ། ཚུལ་ཁྲིམས་དང་ལྡན་པ་དང་གཞན་གྱི་བུད་མེད་ལ་མི་དགའ་བ་དང ། སྤོས་དང་ཕྲེང་བ་ལ་དགའ་བ་དང ། སྡིག་པའི་གྲོགས་པོ་ལ་མི་དགའ་བ་དང ། རིགས་དམའ་བར་མི་སྐྱེ་བ་དང ། གཟུགས་ དང་ཆ་བྱད་དང་རྒྱན་བཟང་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་གླུའི་སྒྲ་ལ་ཤིན་ཏུ་དགའ་ཞིང་མངོན་པར་ 69-1-191a ཆགས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །ས་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བདག་ལ་ཕན་པ་དང་གཞན་ལ་ཕན་པའི་ཕྱིར་སེམས་དགེ་བ་ལས་དགེ་བ་སེམས་དྲི་མ་དང་བྲལ་ཞིང་གསལ་ བ། ལུས་དང་ངག་གི་ལས་ཀྱི་མཐའ་དགེ་བ། ལས་ཀྱི་མཐའ་སྤྱད་པ་དགེ་ཞིང་འདོད་པ། གཏན་དུ་ཕན་པར་འདོད་པ། སྙིང་རྗེའི་བདག་ཉིད་ཅན་ལས་དང་འབྲས་བུ་ལ་དད་པ། ཡང་དག་པའི་ལྟ་བ་དང་ཡང་དག་པའི་ལས་ཀྱི་མཐའ་དང ། ཚུལ་ཁྲིམས་ཀྱི་ཡོན་ཏན་གཉིས་ལ་རབ་ཏུ་ཞུགས་ པ། རྐོག་མ་ཡིན་པར་བྱེད་པ། སེམས་མ་གཡེངས་པ། སྤྱོད་པ་མ་གཡེངས་པ། སྡིག་པའི་གྲོགས་པོའི་ངང་ཚུལ་ཅན་མ་ཡིན་པ། མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། གང་གི་ལས་ཀྱི་ཉེར་བསྡོགས་དང་ལས་དང་ལས་ཀྱི་མཇུག་དང་གསུམ་སྟེ། ཚུལ་ཁྲིམས་དེ་དག་ཀུན་ཀྱང་ཤིན་ཏུ་ཡོངས་སུ་དག་པར་བྱས། ཚུལ་ཁྲིམས་ཀྱི་ཡོན་ཏན་གཉིས་ཀྱང་བསྲུངས། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡང་རྣམ་པར་སྤངས་པ་ཡིན་ནོ། །སྲོག་གཅོད་པ་ཤིན་ཏུ་བསྲུངས་པ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་ནས་དང་གྲོ་དང་འབྲས་སཱ་ལུ་རྣམས་ ཀྱི་ནང་ན་སེམས་ཅན་སྲིན་བུ་ཕྲ་མོ་སྐྱེས་པ་དག་རང་ཐག་ལ་མི་འཐག་ལ། དེ་ལྟར་སྲོག་ཆགས་དེ་དག་ཤིན་ཏུ་བསྲུང་བའི་ཕྱིར་རམ། མ་བྱིན་པར་ལེན་པས་འཇིགས་པའི་ཕྱིར། ནས་དང་གྲོ་དེ་དག་ཀྱང་འཚོང་བར་མི་བྱེད། བ་ལང་དང་རྟ་དང་རྔ་མོ་དང ། བོང་བུ་དག་ལ་ཁུར་བཀལ་བས་རྒྱབ་ སྣད་པ་དང་དེ་དག་ལ་སྲིན་བུ་བྱུང་བ་རྣམས་ཆུའམ་རྩབ་མོས་འཁྲུ་ཞིང་སྲིན་བུ་མི་ཤི་བའི་ཆོ་ག་ཡང་བྱེད་དེ། འདི་ལྟར་བྱ་སྒྲོ་རྣམས་ཀྱིས་བླངས་ནས། ཤ་ཉམས་པ་གཞན་ལ་སྲིན་བུ་དེ་དག་འཇོག་པར་བྱེད། ཆོས་མ་ཡིན་པའི་འཇིགས་པས་འདི་ལྟར་བ་ལང་དང་རྟ་དང་རྔ་མོ་དང་བོང་བུ་དག་ ལ་གནོད་པར་མ་གྱུར་ཅིག་།སྲིན་བུར་གྱུར་པའི་སྲིན་བུ་རྣམས་ཀྱང་འཆི་བར་མ་གྱུར་ཅིག་ཅེས་དེ་ལྟར་གཉི་གའི་སྲོག་སྲུང་བར་བྱེད། སྲོག་ཆགས་ཕྲེའུ་དང་གྲོག་སྦུར་ལ་སོགས་པ་ཡང་ཤིན་ཏུ་སྲུང་བར་བྱེད། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ལ་ཕན་པར་འདོད་པ། ཉིན་མོ་དང་ 69-1-191b མཚན་མོ་ཡིད་ལ་བག་མེད་པར་མི་བྱེད། སྲོག་ཆགས་རྣམས་ལ་ཡིད་ཀྱིས་ཀྱང་འཁུ་བར་མི་བྱེད། སེམས་ཅན་ཕ་རོལ་ལ་དང་པོ་ནས་སེམས་ཅན་གྱི་འདུ་ཤེས་བསྐྱེད་དེ། སྲོག་ཆགས་ཕྲེའུ་དང་གྲོག་སྦུར་ལ་སོགས་པ་དེ་དག་ཀུན་དུ་སྲུང་བར་བྱེད་ཅིང་གནས་སྐབས་ཐམས་ ཅད་དུ་དགེ་བའི་ལས་ཀྱི་མཐའ་སྤྱོད་པ་ཡིན་ཏེ། དེ་དག་ནི་སྲོག་གཅོད་པ་སྲུང་བ་ཡིན་ཞིང་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན། རྣམ་པ་ནི་དུ་ཡོད་ཅེ་ན། འདི་ལ་དེ་ལྟར་དགེ་བའི་ལས་ཀྱི་མཐའ་སྤྱོད་པ་དེ་སེམས་ཅན་སྦལ་བའམ་སྲེ་མོའམ་ ཁྱིའམ་ཝ་བཟུང་བ་དེ་དག་ཟས་གཞན་གྱིས་ཐར་བར་བྱེད་དོ། །ཐར་བར་བྱས་ནས་ཀྱང་ཤ་རྗེན་ཟ་བ་དེ་དག་ལ་ཟས་དེ་དག་སྦྱིན་པར་བྱེད་དོ། །བཀྲེས་པ་དེ་དག་ཀྱང་དེ་དག་ཉིད་ཟ་བར་བྱེད་དེ། དེ་ལྟར་སྲོག་ཆགས་དེ་དག་ཀྱང་ཤིན་ཏུ་བསྲུངས་པ་ཡིན་ནོ། །དེ་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་ འགྱུར་ལ་དེ་ལྟར་མ་བྱིན་པར་ལེན་པས་ནི་ལྷ་རྣམས་ཀྱི་ནང་ནས་ཤི་ནས་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ་རྣམ་པ་དེ་དག་ནི་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །བདག་ཉིད་ཀྱིས་ཀྱང་སྤངས་ལ་གཞན་དག་ཀྱང་དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད། དགེ་བ་ལ་མ་ཞུགས་ པ་ཡང་དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད། ཞུགས་པའང་ཡང་དང་ཡང་དུ་གཟེངས་སྟོད་པར་བྱེད། ལས་ཀྱི་འབྲས་བུ་ཉེ་བར་སྟོན་པར་བྱེད། རྒྱུར་བྱེད། ཁོང་དུ་ཆུད་པར་བྱེད་དེ། རྣམ་པ་དེ་དག་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །ལེགས་པ་ལ་ འཇུག་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་འབྱོར་པ་ཉུང་བར་གྱུར་ཀྱང་ཆོས་རྟོགས་པས་འཚོ་བ། སྦྲང་རྩི་དང་སྦྲང་བུའི་སྦྲང་རྩིའི་ཕྱིར་སེམས་ཅན་གསོད་པ་དག་ནོར་ཟས་བྱིན་ནས་སྦྲང་བུ་རྣམས་ཀྱི་སྲོག་སྐྱོབ་པ་ཡིན་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་སྲོག་སྦྱིན་པ་ཡིན་ནོ། །མ་བྱིན་པར་ལེན་ པ་སྤངས་ཤིང ། སྦྱིན་པ་ལ་མངོན་པར་དགའ་བ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དེ་ལྟར་ཚེགས་ཆེན་པོས་འཚོ་བ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་དེ། བསམ་གཏན་བཞི་ཐོབ་པའམ་གཞན་དག་ལ་ཟས་སྦྱིན་པ་དང་དེ་བཞིན་དུ་ཚེགས་ཆེན་པོས་འཚོ་བས་སྲོག་ཆགས་དག་དགྲའི་ 69-1-192a ལག་ཏུ་སོང་སྟེ། མཚོན་གྱིས་འཁྲུག་ཅིང་བསད་དུ་དོགས་པ་ན་དེ་ཐར་བར་བྱེད་པ་ཡིན་ནོ། །སྦྱིན་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ་འདི་ལྟ་སྟེ། ཆོས་སྦྱིན་པའམ་སྲོག་སྦྱིན་པ་ཡིན་ལ་དེ་གཉི་གའི་སྦྱིན་པ་དག་ཏུ་གྱུར་པ། སྐྱེས་བུ་དམ་པ་དེ་གཞན་དག་ཀྱང་དེ་ ལྟར་བྱེད་དུ་འཇུག་།བྱས་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་པ་དེ་ནི་དགེ་བའི་ཚུལ་ཁྲིམས་ལ་རབ་ཏུ་ཞུགས་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་གླུའི་སྒྲ་ལ་ཤིན་ཏུ་དགའ་ཞིང་མངོན་པར་ཆགས་ པའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དགེ་བའི་ལས་ཀྱིས་སྤྲུལ་པ་དེ་ལ་མཆོད་པ་བྱེད་དེ། འདི་ལྟར་གང་ཤིན་ཏུ་རྒྱ་ཆེ་བ་ཐམས་ཅད་དང་ལྡན་པའི་ཚལ་འདི་ཐམས་ཅད་མངོན་པར་བརྒྱན་པ། འདི་ཐམས་ཅད་ལེགས་པར་བྱས་པའི་ལས་ཀྱིས་བསྐྱོད་པ་ཡིན་ཏེ། ལྷའི་ གནས་འདི་གོམ་གང་ཙམ་ཡང་གང་ལེགས་པར་བྱས་པའི་ལས་ཀྱིས་མ་སྤྲུལ་པའམ་གང་དུ་ལྷ་རྣམས་ཀྱིས་མ་རྩེས་པའམ་དེར་བདེ་བའི་རྣམ་པ་སྤྱད་ནས་མ་ཤི་བའམ་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་ཟད་ནས་ཉམས་པར་མ་གྱུར་པ་མེད་དེ། གང་དུ་བདག་ཅག་གི་ལུས་མངོན་སུམ་དུ་ གྱུར་ཀྱང་སྲེད་པའི་ཞགས་པས་བཅིངས་པ། སྲེད་པས་རྣམ་པར་བསྒྱུར་བ། ཡང་དང་ཡང་དུ་རྣམ་པར་བསླུས་པ་རྣམས་ཡིད་འབྱུང་བར་མི་བྱེད་དོ། །དེ་ལྟར་དེ་བརྒྱ་བྱིན་གྱིས་མཐོང་ནས་ཡང་དང་ཡང་དུ་ཚལ་དེ་དག་ཉིད་ག་ལ་བ་དེར་བདེ་བར་གནས་པར་བྱ་བའི་ཕྱིར་འདོང་བར་བྱེད་དོ། ། དེ་སྐལ་བ་ངེས་པར་མྱོང་བར་བྱེད་པ། མེ་ཏོག་དང་འབྲས་བུ་དང་ལྕུག་མ་འཕྱང་བས་ཁེབས་པའི་ཤིང་ལྗོན་པ་སྣ་ཚོགས་དང་བཟའ་བ་དང་བཏུང་བ་ཆུ་བོ་ལྟར་འབབ་པ་ཕུན་སུམ་ཚོགས་པ་ག་ལ་བ་དེར་ལྷའི་ཚོགས་དང་ལྷན་ཅིག་འདོང་བར་བྱེད་དོ། །ཚལ་གྱི་ཕྱོགས་དེར་ཡང་ལྷ་མོའི་ ཚོགས་དང་ལྷན་ཅིག་རྩེས་ནས། སྐྱེད་མོས་ཚལ་མྱོས་འགྲོ་འདུལ་ཞེས་བྱ་བ་ག་ལ་བ་དེར་བདེ་བར་གནས་པར་བྱ་བའི་ཕྱིར་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་ལྷ་དེ་དག་དང་ལྷ་གཞན་རྣམས་དང་ཡང་ལྷན་ཅིག་ཏུ་གཞལ་མེད་ཁང་མྱོས་འགྲོ་འདུལ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་ 69-1-192b དོ། །དེ་ནས་བརྒྱ་བྱིན་གྱིས་སྐྱེད་མོས་ཚལ་དེ་མངོན་པར་མཐོང་ནས་ཁྱེད་ཅག་སྐྱེད་མོས་ཚལ་འདི་ལྟོས་ཤིག་ཅེས་སྨྲས་སོ། །ལྷ་རྣམས་ཀྱིས་བརྒྱ་བྱིན་མཐོང་ལགས་སོ་ཞེས་སྨྲས་སོ། །དེ་ནས་ཡང་བརྒྱ་བྱིན་གྱིས་ལྷ་རྣམས་ལ་སྔོན་བྱུང་བའི་རབས་རྗོད་པར་བྱེད་དེ། འདི་ལྟར་བདག་གིས་ ཚལ་འདིར་ལྷ་རྣམས་ཀྱི་ནང་དུ་སྔོན་གྱི་རབས་ཐོས་ཏེ། བཅོམ་ལྡན་འདས་འཁོར་བ་འཇིག་གིས་ལྷ་རྣམས་ལ་ཆོས་བཤད་པ་འདི་ལྟ་སྟེ། ཐོག་མར་ཡང་དགེ། བར་དུ་ཡང་དགེ། ཐ་མར་ཡང་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་ བའི་ཆོས་བསྟན་ཏེ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང ། འདི་སྐྱེས་པའི་ཕྱིར་འདི་སྐྱེ། འདི་འགག་པའི་ཕྱིར་འདི་འགག་གོ། །གང་ཞིག་ཡོད་ན་ཅི་ཞིག་འབྱུང་ཞེ་ན་འདི་ལྟ་སྟེ། འདོད་པ་རྣམས་ཡོད་ན་ཉེས་དམིགས་འབྱུང་ལ། འདོད་པ་རྣམས་མེད་ན་ཉེས་དམིགས་མི་འབྱུང་སྟེ། ལྷ་ དག་འདི་ནི་ཡོད་པས་འདི་འབྱུང་བ་ཡིན་ནོ། །གང་ཞིག་མེད་ན་ཅི་ཞིག་མི་འབྱུང་ཞེ་ན། ལྷ་དག་འདི་ལྟ་སྟེ། འདོད་པ་རྣམས་མེད་ན་འདོད་པའི་ཉེས་དམིགས་རྣམས་མི་འབྱུང་སྟེ་འདི་ནི་འདི་མེད་པས་འདི་མི་འབྱུང་བ་ཡིན་ནོ། །གང་ཞིག་འགག་ན་ཅི་ཞིག་འགག་ཅེ་ན། སྲེད་པ་འགགས་ པས་འདོད་པའམ་འདོད་པའི་ཉེས་དམིགས་འགགས་ཏེ། ལྷ་དག་འདི་ནི་འདི་འགགས་པས་འདི་འགག་པ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འདི་འབྱུང་ལ། འདི་མེད་པས་འདི་མི་འབྱུང་བ་ནི་འདི་ལྟ་སྟེ། སྲེད་པའི་རྐྱེན་གྱིས་འདུན་པ་སྔོན་དུ་འགྲོ་བ་འབྱུང་ལ། འདུན་པའི་ རྐྱེན་གྱིས་འདུན་པ་སྐྱེད་པ་ཡིད་ལ་བྱེད་པ་མི་འཐུན་པ་འབྱུང་ངོ ། །དེ་ལ་འདུན་པ་གང་ཡིན་པ་དེ་ནི་བྱ་བའི་བསམ་པ་ཡིན་ནོ། །རྨོངས་པ་ཚོལ་བ་གང་ཡིན་པ་དེ་ནི་མ་རིག་པ་ཡིན་ནོ། །མ་རིག་པས་རྨོངས་པ་ཡང་དང་ཡང་དུ་ཡུལ་རྣམས་ལ་ཚིམ་པ་མེད་པ་གང་ཡིན་པ་དེ་ནི་སྲེད་པ་ཡིན་ནོ། ། གང་ཚིམ་པ་མེད་པའམ་ཚོལ་བ་གང་ཡིན་པ་དེ་ནི་འདོད་ཆགས་ཡིན་ཏེ། ལྷ་དག་འདི་ཡང་འདི་ཡོད་པས་འདི་འབྱུང་བ་ཡིན་ནོ། །གང་ཞིག་མེད་ན་ཅི་ཞིག་འབྱུང་ཞེ་ན་འདི་ལྟ་སྟེ། སྲེད་པ་མེད་ན་ཚིམ་པ་མེད་པའི་ངོ་བོ་ཉིད་མི་འབྱུང་སྟེ། འདི་ཡང་འདི་འགགས་པས་འདི་འགག་པ་ཡིན་ནོ། །ལྷ་དག་ 69-1-193a གཞན་ཡང་འདི་ཡོད་པས་འདི་འབྱུང་ལ་འདི་མེད་པས་འདི་མི་འབྱུང་བ་ནི་འདི་ལྟ་སྟེ། བྱས་ཤིང་བསགས་པའི་ལས་རྣམ་པར་སྨིན་པ་འབྱུང་ལ། བྱས་ཤིང་བསགས་པའི་ལས་མེད་ན་རྣམ་པར་སྨིན་པ་མི་འབྱུང་སྟེ། ལྷ་དག་འདི་ཡང་འདི་ཡོད་པས་འདི་འབྱུང་ལ་འདི་མེད་པས་འདི་ མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འདི་འབྱུང་ལ་འདི་མེད་པས་འདི་མི་འབྱུང་བ་ནི་འདི་ལྟ་སྟེ། མིག་ལ་ཡང་བརྟེན་གཟུགས་ལ་ཡང་བརྟེན་ནས་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ་ལྷ་དག་འདི་ཡང་འདི་ཡོད་པས་འདི་འབྱུང་བ་ཡིན་ནོ། ། གང་ཞིག་མེད་ན་ཅི་ཞིག་མི་འབྱུང་ཞེ་ན་འདི་ལྟ་སྟེ། གཟུགས་ཀྱང་མེད་མིག་ཀྱང་མེད་ཡིད་ལ་བྱེད་པ་ཡང་མེད་ན་མིག་གི་རྣམ་པར་ཤེས་པ་མི་འབྱུང་སྟེ། ལྷ་དག་འདི་ཡང་འདི་མེད་པས་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འདི་འབྱུང་བ་ནི་འདི་ལྟ་སྟེ། བྱེ་མ་དང་ འཇིམ་པ་དང་འཁོར་ལོ་དང་སྐུད་པ་དང་ཆུ་ལ་སོགས་པ་རྒྱུ་ལ་བརྟེན་ནས་བུམ་པ་འབྱུང་བར་འགྱུར་ཏེ། ལྷ་དག་འདི་ཡང་འདི་ཡོད་པས་འདི་འབྱུང་བ་ཡིན་ནོ། །ཡང་གང་ཞིག་མེད་ན་ཅི་ཞིག་མི་འབྱུང་བར་འགྱུར་ཞེ་ན་འདི་ལྟ་སྟེ། བྱེ་མ་དང་འཇིམ་པ་དང་འཁོར་ལོ་དང་སྐུད་པ་དང་ཆུ་ལ་ སོགས་པ་རྒྱུ་རྣམས་མེད་ན་བུམ་པ་མི་འབྱུང་སྟེ། འདི་ཡང་མེད་ན་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་ན་འདི་འབྱུང་བ་ནི་འདི་ལྟ་སྟེ། འདུ་བ་ཡོད་ན་འབྲལ་བ་འབྱུང་སྟེ། འདི་ཡང་འདི་ཡོད་ན་འདི་འབྱུང་བ་ཡིན་ནོ། །གང་ཞིག་མེད་ན་ཅི་ཞིག་མི་འབྱུང་ཞེ་ན་འདི་ལྟ་ སྟེ། འདུ་བ་མེད་ན་འབྲལ་བའི་སྡུག་བསྔལ་མི་འབྱུང་སྟེ། ལྷ་དག་འདི་ཡང་འདི་མེད་པས་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འབྱུང་བ་ནི་འདི་ལྟ་སྟེ། སྐྱེ་བ་ཡོད་ན་འཆི་བ་འབྱུང་ལ། སྐྱེ་བ་མེད་ན་འཆི་བ་མི་འབྱུང་སྟེ། ལྷ་དག་འདི་ཡང་ ཡོད་པས་འདི་འབྱུང་ལ་འདི་མེད་པས་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འདི་འབྱུང་བ་ནི་འདི་ལྟ་སྟེ། འདོད་ཆགས་ཀྱི་མེ་ཡོད་ན་ངེས་པར་གདུང་བར་འགྱུར་ཏེ། ཇི་ལྟར་མེ་ཡོད་ན་ངེས་པར་སྲེག་པ་ཡོད་པ་བཞིན་ནོ། །ལྷ་དག་འདི་ཡང་འདི་ཡོད་པས་འདི་ 69-1-193b འབྱུང་བ་ཡིན་ནོ། །གང་ཞིག་མེད་ན་ཅི་ཞིག་མི་འབྱུང་ཞེ་ན་འདི་ལྟ་སྟེ། འདོད་ཆགས་མེད་ཅིང་འདོད་ཆགས་ཀྱི་མེ་མེད་ན་འདོད་ཆགས་ཀྱི་གདུང་བ་མི་འབྱུང་སྟེ། ཇི་ལྟར་མེ་མེད་ན་སྲེག་པ་མི་འབྱུང་བ་བཞིན་ནོ། །ལྷ་དག་འདི་ཡང་འདི་མེད་ན་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་ གཞན་ཡང་འདི་ཡོད་ན་འདི་འབྱུང་བ་ནི་འདི་ལྟ་སྟེ། ཕ་མ་དང་ཁུ་ཆུ་དང་ཁྲག་དང་ངེས་པར་འབྱུང་བ་སྐྱེ་བ་དང་མངལ་དུ་སྐྱེ་བར་འགྱུར་བའི་ལས་ངེས་པ་དང་དྲི་ཟ་ཉེ་བར་ལེན་པ་ཡོད་ན་སྐྱེ་བ་འབྱུང་བ་ཡོད་དེ། ལྷ་དག་འདི་ཡང་འདི་ཡོད་པས་འདི་འབྱུང་བ་ཡིན་ནོ། །གང་ཞིག་མེད་ན་ ཅི་ཞིག་མི་འབྱུང་ཞེ་ན་འདི་ལྟ་སྟེ། ཕ་མ་ཡང་མེད་ཁུ་ཆུ་དང་ཁྲག་ཀྱང་མེད་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱང་མེད་ན་མངལ་དུ་ཉེ་བར་ལེན་པ་སྔོན་དུ་འགྲོ་བ་མི་འབྱུང་སྟེ། ལྷ་དག་འདི་ཡང་འདི་མེད་པས་འདི་མི་འབྱུང་བ་ཡིན་ནོ། །ལྷ་དག་གཞན་ཡང་འདི་ཡོད་པས་འདི་འབྱུང་ལ་འདི་ མེད་པས་འདི་མི་འབྱུང་བ་ནི་འདི་ལྟ་སྟེ། ཚུ་རོལ་ཡོད་ན་ཕ་རོལ་ཡོད་པ་ཡིན་ནོ། །གང་ཞིག་མེད་ཅིང་ཅི་ཞིག་མི་འབྱུང་ཞེ་ན་འདི་ལྟ་སྟེ། ཚུ་རོལ་མེད་ན་ཕ་རོལ་མེད་དེ་ལྷ་དག་འདི་ཡང་ཡོད་ན་འདི་འབྱུང་ལ། འདི་མེད་ན་འདི་མི་འབྱུང་བ་ཡིན་ནོ། །དེ་ལྟར་ཕན་ཚུན་རྐྱེན་དང་བཅས་པ་ཉེ་ བར་བཟུང་ནས་བརྟགས་པ་ཡིན་ཏེ། ཕན་ཚུན་རྐྱེན་དང་བཅས་པས་འདུས་བྱས་ཐམས་ཅད་འབྱུང་ཞིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་འབྱུང་སྟེ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ ཐམས་ཅད་རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །ལྷ་དག་དེ་ཡང་བཅོམ་ལྡན་འདས་དེས་མྱོས་འགྲོ་འདུལ་གྱི་གཞལ་མེད་ཁང་ཆེན་པོ་དེར་མིའི་ཉིན་ཞག་བགྲང་བའི་ཚུལ་གྱིས་ལོ་ལྔ་སྟོང་དུ་ཆོས་བཤད་དོ། །འདིར་བདག་གིས་ཁྱེད་ལ་ཕྱོགས་གཅིག་ཙམ་ཞིག་བཤད་པ་འདི་ཡིན་ཏེ། དེ་ལྟར་གང་ གཱའི་ཀླུང་གི་བྱེ་མ་ལྟར་རྒྱ་ཆེ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འཐུན་ཏེ་ཆོས་ཀྱི་ལུས་ནི་གཅིག་ཡིན་ནོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེར་བར་བཞག་པ།བམ་པོ་སུམ་ཅུ་བདུན་པ། དེ་ནས་བཅོམ་ལྡན་འདས་དེས་ལྷ་དུང་ཕྱུར་ཕྲག 69-1-194a བདུན་དག་གི་ཟག་པ་ཟད་པར་མཛད་ཅིང་མིག་དྲི་མ་དང་བྲལ་བ་བསྐྱེད་ནས། དེ་ནས་ཡང་འཛམ་བུའི་གླིང་ག་ལ་བ་དེར་གཤེགས་སོ། །དེར་གཤེགས་ནས་མི་རྣམས་ལ་ཡང་ཐུགས་རྗེ་དམ་པས་ཆོས་སྟོན་ཏེ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་ རྒྱ་ཆེར་ཁོང་དུ་ཆུད་པར་བྱའོ། །དེར་ཡང་སེམས་ཅན་ལ་ཕན་པར་བཞེད་པ་དེས་མི་རྣམས་ཀྱི་ཟག་པ་དུ་མ་ཟད་པར་མཛད་དེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ལ་ཆོས་འཆད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཡིན་ནོ། །དེ་བཞིན་དུ་བརྒྱ་བྱིན་དེས་ལྷ་དེ་རྣམས་ ལ་སྨྲས་ནས། གཞལ་མེད་ཁང་ཆེན་པོ་མྱོས་འགྲོ་འདུལ་ཞེས་བྱ་བ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་པད་མའི་རྫིང་བྱ་ཁ་དོག་སྣ་ཚོགས་དག་དང་རིན་པོ་ཆེ་སྣ་བདུན་གྱི་པད་མ་རྣམས་ཀྱིས་ཉེ་བར་བསྐོར་བ་མཐོང་ངོ ། །རིན་པོ་ཆེ་སྣ་བདུན་གྱི་པད་མ་ཡང་འདབ་མ་ཁ་དོག་སྣ་ཚོགས་དང་ཆ་ བྱད་སྣ་ཚོགས་དང་དབྱིབས་དང་ཆ་བྱད་དང་ལྡན་པ་དང ། ཉི་མ་ཤར་བ་ལྟ་བུའི་མདོག་རྣམས་ཀྱིས་བརྒྱན་པ་ཡིན་ནོ། །གང་དུ་པད་མ་དང་བཻ་ཌཱུརྱའི་ཤིང་ལྗོན་པའི་འོད་ཀུན་དུ་འབྱུང་བ་རྣམས་ཀྱིས་གཞལ་མེད་ཁང་ཆེན་པོ་དེ་ཉེ་བར་བརྒྱན་ཏེ། རབ་ཏུ་གསལ་བ་ཡིན་ནོ། །གཞལ་མེད་ ཁང་ཆེན་པོ་དེ་འོད་སྔོན་པོས་རྣམ་པར་མཛེས་ཤིང་གསེར་གྱི་ལོ་མ་རྣམས་དང་འོད་དམར་པོས་ཀྱང་རྣམ་པར་མཛེས་པ་ཡིན་ནོ། །དེ་ནས་ཡང་གཞལ་མེད་ཁང་ཆེན་པོ་དེ་ཉིད་ན་ཁྱིམ་དང་ཉེ་བའི་ཚལ་རྣམ་པ་གཞན་གྱིས་མཛེས་པ་ཡིན་ཏེ། ཁྱིམ་དང་ཉེ་བའི་ཚལ་དེ་ནི་རབ་ཏུ་དབྱེ་བ་ དུ་མས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བར་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་རྣམས་དང ། ཁྱིམ་དང་ཚལ་རྣམས་ཀྱིས་བརྒྱན་པ། ཤིན་ཏུ་ཉམས་དགའ་ཞིང་མཐོང་ན་ཡིད་དུ་འཐད་པ་གང་ཡིན་པ་དག་མཐོང་ནས། བརྒྱ་བྱིན་ཡང་ངོ་མཚར་ཆེར་སྐྱེས་ སོ། །དེའི་དབུས་ན་མཚོ་ཆེན་པོ་ཡོད་དེ། གསེར་བཙོ་མ་ལྟ་བུའི་ཆུ་རྣམས་ཀྱིས་མཛེས་པར་བྱས་པ། ཕྱེ་མ་དུ་མས་བཀྲ་བར་བྱས་པ། བྱ་ཁ་དོག་སྣ་ཚོགས་ཅན་རྣམས་ཀྱིས་བརྒྱན་པ་ཡིན་ནོ། །དེ་ནས་ལྷ་དེ་དག་སིལ་སྙན་སྣ་ཚོགས་ཀྱི་སྒྲ་འབྱིན་ཅིང་འགྲོ་བ་ན་བྲོ་རྡུང ། གླུ་ལེན་ 69-1-194b རྩེ་དགོད། ཕན་ཚུན་ཡིད་གཅུགས་པ་དག་མཚོ་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་དེར་དོང་ངོ ། །དེ་ནས་ལྷ་དག་ཤིན་ཏུ་བག་མེད་པ་དེ་དག་རྣམ་པར་རྒྱལ་བྱེད་ན་གནས་པའི་བྱ་རྣམས་ཀྱིས་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་པད་མའི་ཚལ་དག་ཏུ། །རྗེན་ཟ་བྱ་ རྒོད་མཛེས་མ་ཡིན། །དེ་བཞིན་ཞི་བའི་དགོན་པ་རུ། །མི་དགེ་སྤྱོད་པ་མི་མཛེས་སོ། །ཇི་ལྟར་ཉི་མ་འོད་གྲང་ན། །ལོག་པར་གྱུར་ཏེ་མི་འཐུན་ལྟར། །བག་མེད་ལྷ་རྣམས་ག་ལ་ཞིག་།ཞི་བའི་ཚལ་དུ་ག་ལ་དགའ། །སྲེད་དང་བྲལ་བའི་བདེ་བ་དང ། །སྡུག་བསྔལ་གྲོལ་བའི་ སྐྱོབ་པ་གང ། །བདེ་བ་དེ་ཡི་ཁྱད་པར་ལས། །བདེ་བའི་གྲངས་སུ་མི་རྩིའོ། །རབ་ཏུ་མྱོས་མེད་བསམ་གཏན་པ། །ཀུན་ཏུ་ཞགས་ལས་གྲོལ་བ་ཡི། །བདེ་གང་དེ་ནི་བདེ་མཆོག་སྟེ། །སྲེད་པས་བསླུ་བ་འདི་མ་ཡིན། །ཚལ་འདི་ཐུབ་པས་བསྟན་པ་སྟེ། །ཤིན་ཏུ་བསྒོམས་ པ་རྣམས་ཀྱིས་བསྟན། །ལྷ་མཆོག་འདོད་ཆགས་ཡིད་བྱེད་ཀྱི། །བསྟེན་པར་འོས་པ་མ་ཡིན་ནོ། །ཁྱོད་ཀྱི་བདེ་བ་གང་ཡིན་འདི། །དེ་ནི་རྟག་པར་མ་ཡིན་ཏེ། །སྲེད་པ་མེད་པས་བསྟེན་པ་གང ། །དེ་ནི་ཞི་མཆོག་བདེ་བ་ཡིན། །གང་ཞིག་ཐོབ་ནས་སྡུག་བསྔལ་ཀུན། །ཐམས་ཅད་དུ་ནི་ གཅོད་པར་འགྱུར། །གནས་མཆོག་རྟོག་པ་གང་ཡིན་པ། །ཚལ་འདི་ངེས་པར་སྟེན་པ་ཡིན། །ངན་གཡོ་སྤྱོད་ཅིང་ཞིམ་ཟ་ལ། །བརྐམ་ཆགས་ཀྱིས་ནི་སེམས་བསླུས་པ། །ཤིན་ཏུ་བསྒོམས་པ་ཞི་བའི་ཚལ། །དགའ་བ་བསྟེན་པར་མི་འོས་སོ། །དགེ་བའི་ཡུལ་དུ་ཞི་བ་ཉིད། ། བསྒོམས་པའི་སེམས་ནི་དགའ་བྱེད་ཀྱི། །འདོད་ཆགས་སྤྱོད་པ་རྣམས་ཀྱི་སེམས། །ཚལ་གྱི་གནས་སུ་མི་དགའོ། །གང་ཞིག་རྟག་ཏུ་སེམས་ཞི་བ། །མི་དེ་ཚལ་དུ་དགའ་འགྱུར་གྱི། །འདོད་ཆགས་ཀྱིས་ནི་སེམས་དཀྲུགས་པ། །ཚལ་རྣམས་སུ་ནི་དགའ་མི་འཐོབ། །དམིགས་ པ་ལྔ་ཡིས་འཇིགས་བྱེད་པ། །སྲེད་པ་ཉིད་ཀྱིས་སྲེག་མི་འགྱུར། །སྲེད་ལས་རྣམ་གྲོལ་དྲི་མེད་པ། །ངན་སོང་གྲོང་ཁྱེར་མི་འགྲོའོ། །སྐྱེ་བ་ཡོད་ན་རྟག་ཏུ་འཆི། །ནད་མེད་མེད་ན་ནད་ཡོད་ཅིང ། །ཕུན་སུམ་སྡུག་བསྔལ་ལྷན་ཅིག་སྐྱེ། །གཞོན་ནུ་དག་ཀྱང་རྟག་ཏུ་རྒས། །སྡུག་ 69-1-195a པ་ཀུན་དང་བྲལ་འགྱུར་ཞིང ། །རྟག་ཏུ་འདུ་བ་མེད་པར་ཤེས། །འདི་ནི་རྟག་ཏུ་འཇིག་རྟེན་ཆོས། །ཡང་དག་རྫོགས་སངས་རྒྱས་ཀྱིས་བཤད། །རྟག་ཏུ་སྲིད་གསུམ་ཉམ་ང་བར། །གང་གི་བློ་ནི་མི་རྨོངས་པ། །སྐྱེས་བུ་དམ་པ་དེ་ཡིས་ནི། །ཞི་བའི་ཚལ་དུ་དགའ་བ་ འཐོབ། །ཀུན་རྟོག་འདོད་ཆགས་མི་བརྟན་པ། །རྟག་ཏུ་འདོད་ཆགས་ལ་སོགས་བསྒྲིབས། །བདེ་བ་འབྱུང་བ་ཞི་བའི་ཚལ། །ཞི་བ་དེ་ཉིད་འཐོབ་མི་འགྱུར། །གང་ཞིག་རྟག་ཏུ་ཡིད་ཞི་ཞིང ། །ཚལ་དུ་རྣལ་འབྱོར་བསམ་གཏན་པ། །དེ་དག་རྟག་པར་ཚལ་དུ་དགའ། །འདོད་ ཆགས་ཚོལ་བ་མ་ཡིན་ནོ། །ཚལ་རྣམས་སུ་ནི་བསྒོམས་པའི་སེམས། །གྲོང་དག་ཏུ་ཡང་གཡོ་མི་འགྱུར། །དེ་བས་རྟག་ཏུ་ཚལ་བསྟེན་བྱ། །གྲོང་ཁྱེར་གྱིས་ནི་གནོད་མི་འགྱུར། །མི་ཡི་འདོད་ཆགས་ལ་སོགས་འདི། །གྲོང་ཁྱེར་དག་ཏུ་རྣམ་པར་གཡེང ། །རྨོངས་པ་མི་བརྟན་ གཡེངས་པ་དེ། །ཚལ་དུ་ཕྱིར་ཞིང་དོང་བར་བྱེད། །གང་ཕྱིར་སྡིག་དང་བྲལ་བ་དེ། །བྲལ་བའི་ཡིད་ཀྱིས་བསྟེན་བྱ་སྟེ། །དེ་བས་མཆོག་ཏུ་ཞི་བའི་ཚལ། །རྣལ་འབྱོར་རྣམས་ཀྱི་གནས་ཆེན་ཡིན། །སེམས་དང་དབང་པོ་རབ་ཞི་བ། །རྣལ་འབྱོར་སྙིང་ལ་དགའ་བ་གང ། །དེ་ནི་བརྒྱ་ བྱིན་སྟོང་སྙེད་ཀྱི། །ཤིན་ཏུ་དགའ་བར་མི་འགྱུར་རོ། །ཐམས་ཅད་དུ་ནི་རྣམ་བྱང་བ། །རྣལ་འབྱོར་པ་ཡི་དགའ་མཐོང་གང ། །རྟག་ཏུ་འདོད་ཆགས་རྗེས་འགྲོ་བ། །འཐབ་བྲལ་བ་ཡང་དེ་མ་མཐོང ། །འདོད་པའི་དབང་སོང་དགའ་བ་གང ། །དེ་ནི་རྟག་ཏུ་སྡུག་བསྔལ་འབྱུང ། །ཉོན་ མོངས་བཅོམ་པའི་དགའ་བ་གང ། །དེ་ནི་རྟག་ཏུ་དགའ་བ་ཡིན། །འཁོར་བ་ཐོག་མ་མེད་པ་ནས། །དགྲ་རྣམས་སུ་ནི་སེམས་འབྱུང་སྟེ། །དེ་ནི་བཅོམ་ནས་དགའ་འབྱུང་གང ། །དེ་ལ་འདོད་པས་ག་ལ་གནོད། འདོད་པ་ལས་བྱུང་དགའ་བ་ནི། །སྡིག་བཅས་སྡུག་བསྔལ་འབྲས་བུ་ ཚ། །གང་ཞིག་འདོད་ལས་རྣམ་གྲོལ་བ། །དེ་ནི་དགའ་བ་མཆོག་ཡིན་ནོ། །དེ་ལ་བརྟེན་ནས་རྣལ་འབྱོར་པ། །འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར། །འདོད་པས་བྱས་པའི་དགའ་བ་ཡིས། །འཆི་མེད་གནས་སུ་ཁྲིད་མི་འགྱུར། །སྟེན་པའི་ཚེ་ན་མངར་ལ་དགའ། །རྣམ་པར་སྨིན་པ་མེ་ 69-1-195b དང་མཚུངས། །འདོད་ལས་བྱུང་བའི་དགའ་བ་ནི། །རྟག་ཏུ་སེམས་ཅན་དམྱལ་བར་འགྲོ། །སྟེན་པའི་ཚེ་ན་མངར་ལ་དགའ། །བར་དུ་ཀུན་ནས་དགའ་འགྱུར་ཏེ། །མཐར་ཡང་ཞི་ཞིང་དྲི་མེད་པ། །འཆི་བ་མེད་པའི་གནས་སུ་འགྲོ། །ཐོག་མ་བར་དང་མཐར་དགེ་གང ། །རྟག་ ཏུ་མ་ལྟར་སྡུག་པ་ཡིན། །དེ་ནི་སྤངས་ནས་བྱིས་པ་དག་།འདོད་པའི་ཡུལ་ལ་ཅི་ཕྱིར་ཆགས། །བར་དང་མཐའ་ངན་སྡུག་བསྔལ་དང ། །རྟག་ཏུ་སྐྱོན་གྱི་གློང་གིས་བསྒྲིབས། །བདེ་བ་འབྱུང་བ་མ་མཐོང་གང ། །དེ་ནི་བྱིས་པས་ཅི་ཕྱིར་བསྟེན། །ཇི་ལྟར་དུག་གི་སྙེ་མ་ལ། ། དགའ་བ་རེག་ན་འབར་བ་འབྱུང ། །དེ་ལྟར་འདོད་པས་དགའ་བྱས་པ། །ཡོངས་སུ་བྱུང་ན་དུག་དང་མཚུངས། །ཇི་ལྟར་མེ་ཡིས་སྲེག་པ་ན། །འབར་བར་འགྱུར་ཏེ་ཞི་མེད་ཅིང ། །སྲེག་པས་ཀྱང་ནི་གཞན་གསོད་དེ། །འདོད་བྱས་དགའ་བ་དེ་དང་མཚུངས། །ཕྱེ་མ་ལེབ་ཀྱིས་ འབར་བ་མཐོང ། །ཚིག་པའི་ཉེས་པ་མི་མཐོང་སྟེ། །དེ་ལྟར་འདོད་བསྐྱེད་དགའ་བ་ནི། །བློ་མེད་རྣམས་ཀྱིས་མཐོང་བར་འགྱུར། །འདོད་ཆགས་བསྐྱེད་པའི་གདུང་བ་གང ། །འདོད་པ་པ་རྣམས་རྟག་ཏུ་སྲེག་།ཕྱེ་མ་ལེབ་ནི་འཚིག་པ་ལྟར། །ཐམས་ཅད་དུ་ནི་མི་མཐོང་ངོ ། །དེ་བས་ འདོད་པའི་དུག་སྤངས་ཏེ། །ལྷ་རྣམས་ཡེ་ཤེས་རྟག་དགའ་ཞིང ། །ཚེ་ནི་དོན་མེད་མི་བྱ་ལ། །ཁྱེད་ཅག་བག་མེད་མ་འགྲོ་ཞིག་།བག་མེད་པ་ཡིས་རྣམ་རྨོངས་པ། །སྐྱེས་བུ་ཐམས་ཅད་ཆགས་པར་འགྱུར། །དེ་ནི་ཕྱི་ནས་བྲལ་བ་ན། །དེ་ཚེ་གདུང་བས་གདུངས་པར་འགྱུར། །རྟག་ ཏུ་འདོད་པས་རྣམ་རྨོངས་པ། །དེ་ནི་དགེ་བའི་ལས་མཐའ་ཟད། །འདོད་པ་རྨོངས་པས་བསླུས་པ་ནི། །སུམ་ཅུ་གསུམ་ནས་དམྱལ་བར་འགྲོ། །ཇི་སྲིད་འཆི་བ་མི་འོང་དང ། །ཇི་སྲིད་སེམས་ཉིད་རྫོགས་པ་ནི། །དེ་སྲིད་ཆོས་ལ་ཡིད་ཀྱི་དོན། །ཉེ་བར་ཞི་བ་དག་ཏུ་འགྱུར། །སྲེད་ཆུ་ཤིན་ཏུ་ མི་བཟད་པ། །མཐོ་རིས་ཀྱི་ནི་ཡུལ་དུ་འབབ། །རྣམ་རྟོག་ཤུགས་ལྟར་མི་བརྟན་ཞིང ། །ཉེས་གསུམ་བྲོ་བ་ལྟ་བུ་འབྱུང ། །བག་མེད་པ་ནི་ཆུ་ལྟར་ཟབ། །བུད་མེད་འདོད་ཆགས་ཉ་ལྕིབས་འདྲ། །གླུ་དང་སིལ་སྙན་སྒྲ་མྱུར་མཚུངས། །དེ་ནི་རྡོ་ལྟར་མི་བརྟན་ནོ། །སྦྲུལ་ལྟ་བུ་ཡི་ཡུལ་གྱིས་ 69-1-196a ཁེབས། །ཡིད་ནི་མྱུར་བའི་རླབས་དང་འདྲ། །ལྷ་རྣམས་འདོད་ཆགས་ཀྱིས་བསླུས་པ། །རྨོངས་པ་དེ་དག་འཇུག་པར་བྱེད། །འདི་ལྟར་དེ་ནི་མི་མཐོང་སྟེ། །བློ་མེད་པ་དག་འཇུག་པར་འགྱུར། །ཇི་ལྟར་དུག་གི་ལྗོན་ཤིང་གི། །མེ་ཏོག་བུང་བ་རྣམས་འཇིབ་པ། །དེ་ལྟར་འདི་ ནི་དུག་འདྲ་སྟེ། །རྨོངས་པ་རྣམས་ནི་བདེ་ལ་སྤྱོད། །བུང་བས་དུག་ནི་འཐུངས་པ་དག་།གལ་ཏེ་ཁ་ཅིག་འཚོ་འགྱུར་གྱི། །འདོད་པའི་དུག་ནི་འཐུངས་པ་ཡིས། །འཚོ་བ་རྙེད་པ་དཀའ་བར་འགྱུར། །ཉེས་གསུམ་སྐུམ་ཤིང་ལྟ་བུ་བྱུང ། །བག་མེད་རླུང་ཤུགས་ལྡན་པ་འདྲ། །སྲེག་པ་ མེ་འདྲར་ལྷ་ཡི་ཚོགས། །སྲེག་པར་བྱེད་ཀྱང་མི་རིག་གོ། །ཉེས་པ་ལས་བྱུང་ས་འདི་ནི། །བག་མེད་པ་ཡི་གསིང་མས་བསྒྲིབས། །རང་གིས་བྱས་པ་རྨོངས་པའི་ལྷ། །རྨུགས་པ་རྣམས་ནི་རྟག་ཏུ་རྒྱུ། །བག་མེད་པ་རྣམས་འདོད་པའི་རྒྱུ། །ཡུལ་དག་མི་བརྟན་མི་བཟད་དེ། །བརྟན་པོ་དེ་ ལ་ཡིད་མ་རྟོན། །འདི་ལྟར་དེ་ནི་རྨི་ལམ་འདྲ། །རྨི་ལམ་དམྱལ་བའི་རྒྱུ་མ་ཡིན། །འདོད་པའི་རྨི་ལམ་རྒྱུ་ཡིན་ཏེ། །དེ་བས་འདོད་པ་འདི་སྤོངས་ལ། །རྟག་ཏུ་ལེགས་པར་སྤྱད་པ་སྤྱོད། །ཚལ་ནི་ལེགས་པ་ཤིན་ཏུ་སྤྱད། །ཉེས་པར་སྤྱད་པའི་མི་ཡིས་མིན། །འདི་ལྟར་དེ་དང་འབྲེལ་བ་ ནི། །ལེགས་པའི་གནས་ཞེས་བརྗོད་པ་ཡིན། །འདོད་པ་ཚོལ་བའི་ལྷ་ཀུན་གྱིས། །གནས་ནི་གང་ཞིག་མ་ཐོབ་པ། །བརྟན་པོ་བག་ཡོད་པ་ལ་དགའ། །མི་ཡིས་གནས་དེ་འཐོབ་པར་འགྱུར། །དེ་ལྟར་བརྒྱ་བྱིན་དེ་ཚལ་མྱོས་འགྲོ་འདུལ་དུ་འཇུག་པ་ན་ཚིགས་སུ་བཅད་པ་སྨྲས་ནས། ཡང་ཚལ་དེ་ཉིད་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་ཚལ་དེ་དགེ་བ་སྤྱད་པ་དུ་མ་དང་སློབ་པ་དང་མི་སློབ་པའི་སྐྱེ་བོ་བསོད་ནམས་སྣ་ཚོགས་བྱས་པས་གཙང་བ། དྲང་སྲོང་ཆེན་པོ་བཅོམ་ལྡན་འདས་འཁོར་བ་འཇིག་གི་དྲུང་དུ་གང་བྱུང་བ་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་ རྣམས་ཀྱིས་བསྟེན་པ་ཡིན་ནོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷའི་ཚོགས་དང་ལྷན་ཅིག་ཡོངས་སུ་བསྐོར་ཏེ། ལྷའི་སིལ་སྙན་རྣམ་པ་སྣ་ཚོགས་ཀྱི་སྒྲ་རྣམས་ཀྱིས་དགའ་བཞིན་དུ་འཇུག་པར་བྱེད་དོ། །དེ་ལ་འཇུག་པ་ན་ཚལ་དེས་ཚལ་དེ་དག་ཐམས་ཅད་ཀྱི་མཛེས་པ་ཟིལ་གྱིས་ 69-1-196b མནན་ནས།རྣམ་པར་གནས་པ་དེ་མཐོང་སྟེ། ཇི་ལྟར་རི་བོ་སྟོང་ཕྲག་དྲུག་ཅུ་རྣམས་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་རྣམ་པར་མཛེས་པ་དེ་ལྟར་ཆེས་ཤིན་ཏུ་མཛེས་པ་ཡིན་ནོ། །ཇི་ལྟར་ལྷའི་དབང་པོ་བརྒྱ་བྱིན་དེ་ལྷ་དེ་རྣམས་ཀྱི་ནང་ན་ཆེས་ཤིན་ཏུ་རྣམ་པར་མཛེས་པ་དེ་ལྟ་བུའི་རིམ་པ་ཀུན་ གྱིས་ཚལ་དེ་དག་ཟིལ་གྱིས་མནན་ཅིང་སུམ་ཅུ་རྩ་གསུམ་པའི་ཚལ་དང་ཉེ་བའི་ཚལ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ནས་མཛེས་པ་བཟང་བ་ཡིན་ནོ། །བརྒྱ་བྱིན་དེ་ལྷའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་འཛམ་བུའི་གསེར་གྱི་ཚལ། གསེར་གྱི་ལན་ཀན་གྱི་དྲ་བས་ ཡོངས་སུ་བསྐོར་བ་དང་གསེར་གྱི་ཤིང་ལྗོན་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་དག་ལ་སྨྲས་པ། ཀྱེ་ལྷ་དག་སྡུག་པ་ཐམས་ཅད་ཟིལ་གྱིས་མནན་ནས་རྣམ་པར་གནས་པ། ལྟེང་ཀ་དང་འབབ་ཆུའི་དངོ་དང་ཚལ་ དང་ཆུ་བོ་དུ་མ་ཕུན་སུམ་ཚོགས་པའི་ཚལ་འདི་ལ་ལྟོས། ཀྱེ་ལྷ་ཡོན་ཏན་ཀུན་གྱིས་ཡོངས་སུ་བསྐོར་བ་མཐོང་ལགས་ཏེ། དྲང་སྲོང་ཆེན་པོ་དེའི་ཐུགས་དང་ཞིང་སྐུ་གསལ་བ་མཚུངས་པ་མེད་པ་ཐམས་ཅད་མཁྱེན་པ་ཉིད་དང་འཐུན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་ བསྒོམས་པའི་ཤིང་ལྗོན་པའི་ཚལ་དང་ཉེ་བའི་ཚལ་འདི་དག་ལ་བདག་ཅག་ཀྱང་ངོ་མཚར་ཆེར་གྱུར་ཏོ། །གང་དུ་ལྷའི་ཚོགས་ཀྱི་ཤིན་ཏུ་ཆེས་བདེ་བ་ལྷག་པར་བདེ་བ་དཔེ་མེད་པ། རྣམ་པ་དུ་མ་དག་ཀྱང་མངོན་པར་ཟིལ་གྱིས་མནན་ཏེ། སྐྱེས་བུ་ཁ་ལོ་སྒྱུར་བ་དམ་པ་འདི་ཞི་བ་མཆོག་ཏུ་ འདས་ཀྱང་ད་དུང་དུ་འབྲས་བུའི་ལྷག་མ་འདི་དེ་རིང་གི་འབྲས་བུ་ལྟ་བུར་མཆིས་སོ། །དེ་ནས་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་ཚལ་ཁང་པ་བརྩེགས་པའི་ཚལ་ཞེས་བྱ་བ་ཚལ་ཆེན་པོ་དེ་ཉིད་ཀྱི་ཕྱོགས་གང་དུ། བཅོམ་ལྡན་འདས་དེ་བཞུགས་བཞུགས་པ་དེ་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་ནས་ཁང་ པ་བརྩེགས་པ་བཞི་འབུམ་གྱིས་ཡོངས་སུ་བསྐོར་བ། རིན་པོ་ཆེ་སྣ་བདུན་ལ་འདི་ལྟ་སྟེ། ཨན་ད་རྙིལ་དང ། རྡོ་རྗེ་དང ། མ་རྒད་དང ། སྤུག་དང ། བཻ་ཌཱུརྱ་རྣམས་ལས་བྱས་པ། ཁ་ཁྱེར་བྱེ་བ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ། རྒྱལ་མཚན་དང་བ་དན་རྣམ་པ་སྣ་ཚོགས་བསྒྲེང་བ། 69-1-197a བ་དན་དམར་པོ་ཕྲ་མོ་སྣ་ཚོགས་ཀྱིས་བསྐོར་བ། ཀུན་ནས་ཚལ་དེ་རབ་ཏུ་བྲོ་རྡུང་བ་ལྟ་བུར་རྣམ་པར་མཛེས་པ་ཡིན་ཏེ། ཁང་པ་བརྩེགས་པ་དེ་རྣམས་ཀྱི་ནང་ན་ཐམས་ཅད་མཁྱེན་པའི་ཁང་པ་བརྩེགས་པ་དེ་དེ་ལྟར་མཛེས་པ་ཡིན་ནོ། །ཇི་ལྟར་འཛམ་བུའི་གླིང་ན་དབྱར་གྱི་ དུས་སམ་སྟོན་གྱི་དུས་སུ་ནམ་མཁའ་ལ་སྤྲིན་མེད་པ་ན་ཉི་མ་དང་ཟླ་བས་གཟའ་དང་སྐར་མའི་ཚོགས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས། དབུས་ན་མཛེས་པ་དེ་ལྟར་ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས། བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་དེ་རྣམ་ པར་མཛེས་པ་ཡིན་ནོ། །དེ་ལ་ཡང་དང་ཡང་དུ་རྣམ་པ་དེ་ལྟ་བུའི་འོད་འབྱུང་སྟེ། འདི་ལྟར་བརྒྱ་བྱིན་འབའ་ཞིག་མ་གཏོགས་པར་ཁང་པ་བརྩེགས་པའི་འོད་རབ་ཏུ་འབར་བ་དེ་ལ་ལྷ་གང་ཡང་ཡུན་རིང་དུ་ལྟ་བར་མི་ནུས་ཏེ། དཔེར་ན་འཛམ་བུའི་གླིང་གི་མི་རྣམས་སོ་ག་རབ་ཏུ་ཚ་བའི་ཉི་མའི་ གུང་ལ་ཉི་མ་ཡུན་རིང་དུ་བལྟ་བར་མི་ནུས་པ་ལྟར། ཁང་པ་བརྩེགས་པ་འདི་ཡང་དེ་ལྟ་བུ་ཡིན་ནོ། །དེ་ནས་བརྒྱ་བྱིན་ཁང་པ་བརྩེགས་པ་དེར་སོང་སྟེ་ཕྱིན་ནས་ལྷ་རྣམས་ལ་སྨྲས་པ། ལྷ་དག་ཁང་པ་བརྩེགས་པའི་འོད་ལ་ལྟོས། ལྷའི་མཆོག་མཐོང་ལགས་སོ། །འདི་ལྟར་བཅོམ་ ལྡན་འདས་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་དེ་ཉན་ཐོས་སོམ་ཉི་དང་བྲལ་བ། བདེན་པ་མཐོང་བ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ། མངོན་པར་ཤེས་པ་དྲུག་དང་ལྡན་པ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པ་འབུམ་ཕྲག་བཞི་རྣམས་དང་ཐབས་ཅིག་ཏུ་ལྷ་རྣམས་ལ་ཕན་པ་དང་ བདེ་བའི་ཕྱིར་ཚལ་དང་གཞལ་མེད་ཁང་མྱོས་འགྲོ་འདུལ་བ་འདིར་གཤེགས་སོ། །དེ་དབྱར་ཟླ་བ་བཞིར་གནས་འདིར་བཞུགས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་བཤད་དེ། འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀུན་འབྱུང་བའོ། །འདི་ནི་གཟུགས་འགག་ པའོ། །འདི་ནི་གཟུགས་འགག་པར་འགྱུར་བའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལ་ཀུན་འབྱུང་བ། རྟག་ཏུ་ཉེས་དམིགས་འབྱུང་བ་རིམ་བཞིན་དུ་བཤད་དོ། །དེ་ལྟར་བཅོམ་ལྡན་འདས་དེས་རིམ་གྱིས་ལྷ་རབ་ཏུ་མྱོས་ཤིང ། །རབ་ཏུ་བག་མེད་པར་གནས་པ། 69-1-197b འཆི་བའི་སྡུག་བསྔལ་ལ་མི་ལྟ་བ། རྒྱགས་པ་འབའ་ཞིག་དོན་དུ་བྱེད་པའི་ལྷ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཇི་ལྟ་བ་བཞིན་བཤད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དེས་རྣམ་པ་གཞན་གྱིས་ལྷ་བག་མེད་པར་གནས་པ་རྣམས་ལ་ རྗེས་སུ་བསྟན་པ་འདི་ལྟར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བག་མེད་འཁོར་བའི་རྩ་བ་སྟེ། །དེ་བཞིན་ལྷ་ཡི་གནས་ཀྱང་ཡིན། །བག་མེད་དུག་གིས་མྱོས་པ་གང ། །དེ་དག་སྲིད་པ་ཉམ་ངར་བྱིང ། །བག་མེད་རྣམས་ལས་གྲོལ་བ་གང ། །དེ་ནི་སྲིད་པའི་མཚོ་ལས་རྒལ། ། བག་མེད་མུན་པའི་རྩ་བ་སྟེ། །མ་རིག་མུན་པ་བྱེད་པ་ཡིན། །མུན་པ་ཡིས་ནི་རྨོངས་པ་གང ། །དེ་དག་ལ་ནི་མིག་མེད་དོ། །འདི་ལྟར་སྣང་བའི་གཞི་པོ་ནི། །མེ་དང་ཉི་མ་ཡིན་པར་བརྗོད། །དེ་ལྟར་རྨོངས་པ་རྣམས་ཀྱི་གཙོ། །བག་མེད་ཡིན་པར་ཡོངས་སུ་བརྗོད། །བག་མེད་ པ་ཡི་མེས་གདུངས་པས། །དེ་ཡིད་ནི་རྣམ་པར་གཡོ། །གང་གིས་རྨོངས་པའི་བྱིས་པ་དག་།སེམས་ཅན་དམྱལ་བར་རབ་ཏུ་འགྲོ། །བག་མེད་པ་ཡིས་རྨོངས་པའི་ལྷ། །བུད་མེད་དབང་གྱུར་མི་བརྟན་པ། །འབྲལ་དང་སྡུག་བསྔལ་བརྗེད་ནས་སུ། །འདུ་བ་དང་ནི་བདེ་ བ་འདོད། །སྡུག་བསྔལ་ཆེ་ལ་ཉེ་བར་གནས། །འཚོ་བའི་མཐའ་ནི་འཆི་བ་ཡིན། །བདེ་བའི་མཐའ་ནི་མི་བརྟན་ལྟུང ། །འདུ་བའི་མཐའ་ཡང་འབྲལ་བར་འགྱུར། །བདེ་མཐའ་རྟག་ཏུ་ལྟུང་བ་དང ། །ལང་ཚོའི་མཐའ་ནི་རྒ་བ་སྟེ། །ལུས་ཅན་ཀུན་ནི་ལས་ཀྱི་མཐའ། །དགེ་དང་མི་དགེ་ ལས་ཀྱིས་སུ། །ལུས་ཅན་ཐམས་ཅད་བཅིངས་གྱུར་པ། །ཕྱི་ནས་རོ་བྲོ་མེད་པར་ཤེས། །འདི་དག་འགྲོ་བ་ཐ་དད་པར། །གར་མཁན་བཞིན་དུ་གར་བྱེད་དེ། །ལས་ཀྱི་གར་གྱིས་བཅིངས་པ་དག་།འདི་ནི་འཁོར་བར་རྟག་ཏུ་འཁྱམ། །བརྟན་པོ་དེ་ལ་ཡིད་མ་རྟོན། །ལས་འགྲོར་རྟག་ཏུ་ མ་འགྲོ་ཤིག་།ཐབས་རྣམས་ཀུན་གྱིས་དུག་ལྟ་བུར། །བག་མེད་ཡོངས་སུ་སྤང་བར་གྱིས། །བག་མེད་པ་ལས་གྲོལ་བ་ནི། །སྲིད་གསུམ་མཚོ་ལས་རྒལ་བ་ཡིན། །དེ་ལྟར་བཅོམ་ལྡན་འདས་འཁོར་བ་འཇིག་དེས་ལྷ་ཁྲི་ཕྲག་དགུ་བཏུལ་ཅིང ། བག་མེད་པར་རོ་བྲོ་བ་དང་བྲལ་བ་ 69-1-198a མཐོ་རིས་ཐམས་ཅད་དུ་བསྟན་ཏེ། ལྷའི་བྱ་བ་ཆེན་པོ་ཡང་མཛད། གནས་འདི་ཡང་རྗེས་སུ་བཟུང་ནས་དེ་ནས་ཡང་སློབ་མ་དེ་དག་ཉིད་དང་ལྷན་ཅིག་ཏུ་འཛམ་བུའི་གླིང་ག་ལ་བ་དེར་གཤེགས་སོ། །དེ་ནས་བརྒྱ་བྱིན་གྱིས་དེ་ལྟར་མ་ལུས་པར་དེ་ཐམས་ཅད་ལྷ་དེ་དག་ལ་བསྙད་ ནས་ཁང་པ་བརྩེགས་པ་དེ་ག་ལ་བ་དེར་དོང་ངོ ། །དེ་ནས་ཁང་པ་བརྩེགས་པ་རིན་པོ་ཆེ་དུ་མས་རྣམ་པར་བརྒྱན་པ། ཇི་ཙམ་དུ་རིན་པོ་ཆེའི་རྣམ་པ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་རྣམ་པ་དེ་སྙེད་ཀྱིས་བརྒྱན་པ་དེར་ཞུགས་སོ། །ལྷ་དེ་རྣམས་ཀྱིས་ཀྱང་སྔོན་མ་མཐོང་སྟེ། དེ་ནས་ལྷ་ དེ་དག་ངོ་མཚར་དུ་གྱུར་པར་རིག་ནས། དེ་ནས་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ལ་འདི་སྐད་སྨྲས་སོ། །ཁང་པ་བརྩེགས་པ་རིན་པོ་ཆེ་རྣམས་ཀྱིས་མཛེས་པར་བྱས་ལ་སྔོན་མ་མཐོང་བ་འདི་ལ་ཁྱེད་ཅག་ལྟོས། བརྒྱ་བྱིན་མཐོང་ལགས་སོ། །རིན་པོ་ཆེའི་ཁང་པ་བརྩེགས་པ་འདི་དག་ནི། བཅོམ་ལྡན་འདས་དེ་ལ་འཐབ་བྲལ་གྱི་ལྷ་དད་པར་གྱུར་པ་རྣམས་ཀྱིས་འདིར་ཕུལ་བ་ཡིན་ལ་དེ་དག་གི་མཐུས་འདི་བལྟ་བར་མི་ནུས་ཏེ་ལྷ་དེ་དག་གི་མཐུ་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཀྱང་ཇི་ལྟར་ཁྱེད་ཅག་བཞིན་ཤིན་ཏུ་བག་མེད་པ་ཡིན་ནོ། །དེ་ནས་སྨད་པར་བདག་ཉིད་ཀྱིས་རིག་ཅིང་ལེགས་ པར་བྱས་པའི་ལས་ཀྱང་ཉམས་པར་རིག་པར་ལྷ་དེ་དག་ཀུན་གྱིས་རྒྱགས་པ་བཅོམ་སྟེ། གུས་པས་མགོ་བོ་སྨད་ཐོར་ཚུགས་རབ་ཏུ་གཡོས། མིག་དང་བཞིན་རབ་ཏུ་དགའ་བར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཁང་པ་བརྩེགས་པ་དེ་ལ་ཕྱག་འཚལ་བར་བྱེད་དོ། །དེ་ལྟར་ ཡིད་ལ་སྐྱོ་བ་སྐྱེས་པ་རྣམས་ཀྱི་ལས་ཉམས་པར་བདག་ཉིད་ཀྱིས་རིག་ནས། སྐྱོ་བ་སྐྱེས་པ་གང་ཁ་ཅིག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་སུ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་ནི་བཅོམ་ལྡན་འདས་དེ་ལ་དད་པ་ཆེར་སྐྱེས་སོ། །དེ་ ནས་བརྒྱ་བྱིན་གྱི་སྔོན་ན་འདུག་པའི་ལྷ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཡིད་དད་པ་སྐྱེས་སོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་རང་གཅིག་པུ་གང་དུ་བཅོམ་ལྡན་འདས་དེ་བཞུགས་ཤིང་གནས་ལ་ཆོས་ཀྱང་བསྟན་པའི་གཞལ་མེད་ཁང་དེ་ཉིད་དུ་སོང་ནས། བཅོམ་ལྡན་འདས་ 69-1-198b འཁོར་བ་འཇིག་དེའི་གཟིམས་ཆ་རྡོ་རྗེ་ལྟ་བུ་དང་ཡོ་བྱད་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་རྨད་དུ་བྱུང་བ་གང་ཡིན་པ་དེ་དག་ལ་དཔྱོད་པར་བྱེད་དོ། །འདི་ལྟར་གཟིམས་ཆ་འདི་དག་གི་ནང་ན་བཅོམ་ལྡན་འདས་བཞུགས་བཞུགས་པ་ཡིན་ནོ། །སྙམ་ནས་དེ་དག་ལ་ཡང་བརྒྱ་བྱིན་དེ་ གུས་པས་མགོ་བཏུད་དེ་ལུས་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང ། བཅོམ་ལྡན་འདས་དེ་ལ་གུས་པ་ཆེན་པོས་གཟིམས་ཆའི་གདན་གྱི་གཞི་དེ་ལ་ཕྱག་འཚལ་བར་བྱེད་དོ། །དེས་དེ་ལ་ཕྱག་འཚལ་ཏེ་ལངས་པ་དང་རྩིག་ངོས་དག་ལ་འདི་ལྟར་ཚིགས་སུ་བཅད་པ་དེ་བྲིས་པ་མཐོང་བ། གཡང་སར་ལྷུང་བའི་གང་ཟག་ནི། །གལ་ཏེ་འཚོ་བར་འགྱུར་ཡང་སྲིད། །བག་མེད་པར་ནི་ལྟུང་བ་དག་།ནམ་ཡང་བདེ་སྐལ་མི་འཐོབ་བོ། །གལ་ཏེ་ལས་རྣམས་ཐམས་ཅད་ལ། །གང་ཟག་ཤིན་ཏུ་བག་མེད་པ། །དེ་ནི་ཉིན་དང་མཚན་དག་ཏུ། །ནམ་ཡང་དགེ་བར་མི་འགྱུར་རོ། ། འཇིག་རྟེན་ཅུང་ཟད་བདེ་གང་དང ། འཇིག་རྟེན་འདས་པའི་འདོད་པ་གང ། །དེ་དག་བག་མེད་པ་ཡིས་འཇིག་།དེ་བས་དེ་ནི་ཡོངས་སུ་སྤོངས། །བག་ཡོད་བདུད་རྩིའི་གཞི་ཡིན་ལ། །བག་མེད་འཆི་བའི་གཞི་ཡིན་ཏེ། །བག་ཡོད་པས་ནི་མི་འཆི་ཞིང ། །བག་མེད་པས་ནི་རྟག་ཏུ་ འཆི། །བག་ཡོད་པས་ནི་ལྷ་རྣམས་ཀྱི། །གཙོ་བོ་མཆོག་དང་ལྡན་པར་འགྱུར། །བག་མེད་འཁོར་བའི་གཞི་ཡིན་ལ། །བག་ཡོད་འཁོར་བའི་ཕ་རོལ་འགྲོ། །དེ་ལྟ་བས་ན་བག་མེད་སྤོངས། །ཐམས་ཅད་དུ་ནི་བདེ་ལྡན་འགྱུར། །གང་ཞིག་རྟག་ཏུ་བདེ་འདོད་ཅིང ། །སྡུག་བསྔལ་ ལས་ནི་འཇིགས་པ་གང ། །བག་མེད་མི་ལ་དུག་དང་འདྲ། །དེ་ཡིས་བག་མེད་རྣམ་པར་སྤོངས། །སྐྱེ་བོ་བྱ་བ་ངན་བྱས་པ། །བག་མེད་ཉིད་ལ་མངོན་དགའ་སྟེ། །བག་མེད་དུག་གིས་རྨོངས་པ་རྣམས། །གཡང་སར་རབ་ཏུ་ལྟུང་བར་འགྱུར། །བག་ཡོད་གཞན་དུ་ལེགས་པར་འགྱུར། ། བག་མེད་པ་ལྟ་ག་ལ་ཞིག་།བག་ཡོད་པ་ཡིས་བདེ་འགྱུར་ལ། །བག་མེད་པས་ནི་སྡུག་བསྔལ་ཏེ། །བདེ་དང་སྡུག་བསྔལ་གཞི་འདི་དག་།ཐམས་ཅད་བསྡུས་ཏེ་བཤད་པ་ཡིན། །ཡོན་ཏན་སྐྱོན་དག་རྣམ་ཤེས་གང ། །དེ་ནི་གང་བཟང་ལེན་པར་བྱེད། །དེ་ནས་བརྒྱ་བྱིན་གྱིས་ཚིགས་ 69-1-199a སུ་བཅད་པ་དེ་དག་སྨྲས་ནས། དེ་ནས་ཡང་གུས་པ་ཆེན་པོ་སྐྱེས་པའི་ཡིད་རབ་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཉིད་ལ་ཕྱག་འཚལ་ལོ། །དེ་ནས་ཡུན་རིང་དུ་བག་ཡོད་པ་བསྔགས་ཤིང་བག་མེད་པ་སྨད་ནས་ཡང་ལྷ་དེ་དག་ག་ལ་བ་དེ་ཉིད་དུ་སོང་ངོ ། །དེ་ནས་ལྷ་རྣམས་ཀྱང་ བརྒྱ་བྱིན་དེ་མཐོང་ནས། དེ་དག་གུས་པས་རིངས་ཐབས་སུ་བརྒྱ་བྱིན་ག་ལ་བ་དེར་དོང་ངོ ། །དེ་ནས་བརྒྱ་བྱིན་གྱིས་ཀྱང་དེ་དག་གི་ནང་དུ་ཚིགས་སུ་བཅད་པ་འདི་དག་སྨྲས་ཏེ། འདི་ལྟར་ཚིགས་སུ་བཅད་པ་འདི་དག་ནི་བདག་ཅག་ལ་ཕན་པ་དང་བདེ་བའི་ཕྱིར། བཅོམ་ལྡན་འདས་དོན་མཛད་ པར་བཞེད་པ་དེས་བྲིས་པ་ཡིན་ནོ། །དེ་དག་ཐོས་ནས་ཡིད་རབ་ཏུ་དང་བའི་ལྷ་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདི་སྐད་ཀྱང་སྨྲ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ངེས་པར་སྐྱེ་བོའི་མིག་ཡིན་ཏེ། དེས་བདག་ཅག་གི་དོན་དུ་ཚིགས་སུ་བཅད་པ་འདི་དག་གསུངས་ པ་ལྟ་ཞེས་སྨྲས་ནས། དེ་དག་དེ་ན་ཡུན་རིང་ཞིག་ཏུ་ཤིན་ཏུ་བག་ཡོད་པར་གྱུར་ཏོ། །དེ་ནས་གཞན་ཡང་ལྷ་དག་གིས་སིལ་སྙན་དང་རོལ་མོའི་སྒྲ་དབྱངས་རྣམ་པ་ཤིན་ཏུ་མང་པོ་དག་བླངས་པ་དང་དེ་ནས་ལྷ་དེ་དག་གིས་འདི་ལྟར་འདི་དག་ནི་ཞིབ་ཏུ་སྤྱོད་པའི་ལྷ་དག་སྐྱེད་མོས་ཚལ་དུ་དགའ་ སྤྱོད་བྱེད་དུ་འདོང་སྟེ། གནས་འདིར་དོང་ཞིང་སིལ་སྙན་དང་རོལ་མོའི་སྒྲ་དབྱངས་སྣ་ཚོགས་ཉེ་བར་ལེན་ལ། ལྷ་མོའི་ཚོགས་རྣམ་པ་དུ་མ་གླུ་དབྱངས་ལེན་ཞིང་འདིར་འོང་ངོ་སྙམ་དུ་དེ་དག་རིག་ནས། གང་ལྷ་དེ་དག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་བར་བདག་ཅག་ཀྱང་དེ་དག་གི་ དྲུང་ཉིད་དུ་ངེས་པར་འདོང་བར་བྱའོ་སྙམ་མོ། །དེ་ནས་དེ་ལྟར་རིག་ནས་བག་མེད་པའི་ངོ་བོ་ཉིད་ཀྱིས་ཕྲོགས་པ་རྣམས། དེ་ནས་ཡང་སིལ་སྙན་གྱི་སྒྲ་དང་གླུ་དབྱངས་དང་རོལ་མོའི་སྒྲ་སྣ་ཚོགས་ཕྱུང་ནས། ཞིབ་ཏུ་སྤྱོད་པའི་ལྷ་དེ་དག་ག་ལ་བ་དེར་ཕན་ཚུན་ཤིན་ཏུ་མཐོང་བར་འདོད་པ་རྣམས་ དོང་སྟེ། ཡིད་རྟག་པར་རབ་ཏུ་དགའ་བའི་ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་ཚོགས་དང་ལྡན་པ། གསེར་གྱི་ལྕུག་མ་འཕྱང་བས་ཁེབས་པ་རྣམས་སུ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཕན་ཚུན་དགའ་བར་བྱེད་རྩེ་བར་བྱེད་ 69-1-199b དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཟད་ནས་རབ་ཏུ་ལྟུང་སྟེ་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་འཁོར་བར་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ངན་སོང་གི་སྒོ་བཅད་པ་གང་ཡིན་པ་དེ་དག་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་ སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་ཡུལ་ཤིན་ཏུ་རྒྱས་པ་འབབ་ཆུ་དང་ཆུ་བོ་དང་ལྟེང་ཀ་རབ་ཏུ་མང་བ་ཕུན་སུམ་ཚོགས་པ། རྟག་ཏུ་ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་སུ་ཤིན་ཏུ་རྒྱས་པར་འགྱུར་ཏེ།མཆོག་ཏུ་རྒྱ་ཆེ་བའི་རྒྱལ་པོའམ་བློན་པོ་ཆེན་པོ་སྐྱེ་བོ་ཀུན་དགའ་བ། བློ་གྲོས་རྒྱ་ཆེ་ཞིང་སྦྱིན་པ་དང་ཚུལ་ཁྲིམས་ལ་མངོན་པར་དགའ་ལ་རྟག་ཏུ་དགེ་བ་བྱེད་པར་མངོན་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ རྣམས་ཀྱི་གནས་གཟི་བརྗིད་འབར་བ་ཞེས་བྱ་བ། ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་སྐྱེས་བུ་དམ་པ་དགེ་བ་དང་ལྡན་པ། སྐྱེས་བུ་དམ་པ་རྟག་ཏུ་བག་ཡོད་པ་དང་ལྡན་པར་ གྱུར་པ། སེམས་ཅན་རྣམས་ལ་ཕན་པར་འདོད་པ། ལས་ཀྱི་འབྲས་བུ་ལ་དད་པ། སྐྱེས་བུ་དམ་པ་འདུ་བ་གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པས་འགྱུར་ཏེ་འདི་ལྟ་སྟེ། ཤིང་ཤ་བ་སྐྱེ་བའི་ནང་ངམ་ཨ་མྲ་སྐྱེ་བའི་ནང་ངམ། ནཱ་ཌི་ཀེ་ར་སྐྱེ་བའི་ནང་ན་སྒོ་ང་ཡོད་པ་དག་བྱའམ་ སྦྲུལ་དག་གིས་བཟུང་ན། དེ་དག་གཞན་ལ་ཕན་པར་ཞུགས་པ་སྙིང་རྗེས་བརླན་པའི་ཡིད་ཀྱིས་ཐར་བར་བྱེད་པ་ཡིན་ཏེ། དེ་ལྟར་སྲོག་ཆགས་དག་ཐར་བར་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཤིང་བ་ལ་ཤའི་ཚལ་དུ་བ་ལ་ཤའི་ལོ་མ་ཡང་ལེན་པར་ མི་བྱེད་ལ། གཞན་གྱིས་བླངས་པར་ཤེས་ནས་ཀྱང་ཟློག་པར་བྱེད། ལམ་དུ་ཞུགས་པ་ན་འབྲ་གོ་ས་ལ་ལྷུང་བ་ཡང་ལེན་པར་མི་བྱེད་ལ། གཞན་གྱིས་བླངས་པར་ཤེས་ནས་ཀྱང་ཟློག་པར་བྱེད་པ་ཡིན་ཏེ། དེ་ལྟར་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །དགེ་བ་སྤྱོད་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ 69-1-200a ལ་སྦྱིན་པ་ལ་མངོན་པར་དགའ་སྟེ། ལོ་ཉེས་བྱུང་བའི་ཚེ་དགེ་སྦྱོང་དག་ལ་ལོ་ལྔ་པའི་གཞལ་བ་ཕྱེད་སྦྱིན་ནམ་སྡོམ་པ་བླངས་པའི་ནད་པ་དག་ལ་ཟས་སྦྱིན་པར་བྱེད་ཅིང ། གཞན་དག་ཀྱང་དེ་ཉིད་ལ་རབ་ཏུ་འཇོག་པར་བྱེད་དགའ་བར་བྱེད་རབ་ཏུ་དགའ་བར་བྱེད་ལས་ཀྱི་ འབྲས་བུ་སྟོན་པར་བྱེད། སངས་རྒྱས་དང་ཆོས་དང་དགེ་འདུན་རྟག་པར་རྗེས་སུ་དྲན་པར་བྱེད། ཕ་མ་འམ་དགེ་བསྙེན་སྡོམ་པ་བླངས་པ་ཕལ་པ་ལ་ཡང་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་སྦྱིན་པར་བྱེད། གཞན་དག་ཀྱང་དེ་ཉིད་ལ་དེ་ལྟར་རབ་ཏུ་འཇོག་པར་བྱེད། ལས་ཀྱི་འབྲས་བུ་ ཡང་སྟོན་པར་བྱེད། ཡང་དང་ཡང་དུ་གཞན་ལ་ཕན་པར་རབ་ཏུ་ཞུགས་ཤིང ། སྡིག་པའི་གྲོགས་པོ་དང་སྤྱོད་པར་མི་བྱེད། ཐད་ཀར་ཟུར་ཙམ་ཡང་མི་གནས། དེ་དང་ལྷན་ཅིག་སྨྲ་བར་མི་བྱེད། དེ་ལ་ཚིག་ཙམ་ཡང་མི་སྨྲ། ལུས་དང་ངག་གི་ལས་ཀྱི་མཐའ་རྟག་ཏུ་ལེགས་པར་ བསྡམས་པ། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་གཟི་བརྗིད་འབར་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། རང་གི་འོད་ཟླ་བའི་འོད་དང་མཚུངས་པ་ཡིན་ནོ། །ས་གཞི་དེ་ཡང་ཉམས་དགའ་བ་འདི་ལྟ་བུ་ཡིན་ཏེ་འདི་ལྟ་སྟེ། ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་བདུན་གྱིས་ཤིན་ཏུ་གང་བ་ཡིན། ཆུ་བོ་ཡང་ཆུ་འབབ་པ་སྣ་ཚོགས་འབྱུང་ཞིང ། པད་མ་སྡོང་བུ་བཻ་ཌཱུརྱ་རྣམས་ཀྱིས་ཡོངས་སུ་བསྐོར་ བ་ཡིན། པད་མ་གསེར་གྱི་འདབ་མ་རྣམས་ཀྱིས་ཀྱང་ཆུ་བོ་དེ་དག་ཁེབས་པ་ཡིན་ལ། ཆུ་རབ་ཏུ་གསལ་བ་གསེར་གྱི་རྡོ་སྣ་ཚོགས་པ་རྣམས་ཀྱིས་སྒྲ་མཐོན་དམན་དུ་འབྱིན་པ། གར་བྱེད་པ་ལྟ་བུར་འབབ་པ། བྱ་སྣ་ཚོགས་སྒྲ་འདྲེས་པར་འབྱིན་པ་རབ་ཏུ་དགའ་བ་མང་བ་དང ། ལྷ་ དང་ལྷ་མོའི་ཚོགས་རབ་ཏུ་དགའ་བས་གང་ཞིང་གསེར་གྱི་རི་བོའི་རྩེ་ལ་རྒྱུ་བ་གཞན་དག་བཻ་ཌཱུརྱའི་རི་ལ་རྒྱུ་བ་བྱ་ངང་པ་དང་ཀཱ་རཎྜ་བ་དང་ངུར་པའི་ཚོགས་མྱོས་པ་སྒྲ་སྣ་ཚོགས་འབྱིན་པ། པད་མའི་ཚལ་གྱི་གསབ་གསེབ་ན་ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་ཞིང་དགོད་པ་འགྲམ་གཉི་ག་ 69-1-200b ལྷའི་ཚོགས་རྣམས་ཀྱིས་ཀུན་དུ་གང་བ་ཡིན་ཏེ། ཆུ་བོ་དེ་དག་ཐམས་ཅད་ཀྱི་རླབས་རབ་ཏུ་འབྱུང་བའི་སྒྲ་ཡིད་དུ་འོང་བ་འབྱུང་བ་ཡིན་ནོ། །གཞན་ཡང་པད་མའི་རྫིང་དག་ཡོད་དེ། པད་མའི་གསབ་གསེབ་དེ་དག་ན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བུང་བ་འོད་གསལ་ཞིང་མཛེས་པ་ སྣ་ཚོགས་ཀྱིས་བརྒྱན་པ་ཡིན་ནོ། །ལྷ་དག་དེ་དག་ལ་ཡང་རྟོག་པར་བྱེད་དེ་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ལུས་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། འོད་ཀྱི་ཕྲེང་བ་རྒྱ་ཆེ་བ་དག་ཆུ་བོ་དེ་དག་ན་རྩེ་བར་བྱེད་ཅིང་དུས་ཡུན་རིང་དུ་དགའ་བ་ངེས་པར་མཐར་བྱེད་ཅེས་བྱ་བའི་ ཚལ་དེར་འདོང་བར་བྱེད་དེ་རྩེ་བའི་ཕྱིར་ཉེ་བར་འདོང་ངོ ། །སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་པ་རྗེས་སུ་འབྲང་ཞིང་ཕན་ཚུན་གྲོགས་སུ་གྱུར་པ་རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ་དེ་དག་ཚལ་དེར་དོང་ནས། པད་མའི་ཚལ་པི་ཝང་གིས་རྩེ་བ་ཞེས་བྱ་བ་ཀུན་ནས་དཔག་ཚད་ལྔ་བརྒྱར་ མཚུངས་པར་གང་བ་དེར་དགའ་བར་གནས་པ་དག་འཇུག་པར་བྱེད་དོ། །པད་མ་དེ་དག་ཀྱང་མདོག་དང་རོ་དང་དྲི་མཆོག་དང་ལྡན་ཞིང་མཐོ་རིས་དང་འཐུན་པའི་ཆང་གིས་ཤིན་ཏུ་གང་བ་ཡིན་ནོ། །དེ་ནས་ལྷ་ཤིན་ཏུ་བདེ་བ་དེ་དག་ཆང་ཞིམ་པོ་དེ་དག་ལ་འཐུང་ཞིང་གླུ་ལེན་ཏོ། །དེ་ནས་བག་མེད་ པར་གནས་པ་དེ་དག་བྱ་བགེགས་མི་བྱེད་པར་འགྲོ་བ་ཞེས་བྱ་བས་མཐོང་སྟེ། དེ་དག་གིས་ལྷ་བག་མེད་པར་གནས་པ་དེ་དག་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཁྲེལ་མེད་ངོ་ཚ་མེད་པ་དང ། །ལེ་ལོའི་སྡིག་པའི་གྲོགས་པོ་རྣམས། །འདི་དག་མཐོ་རིས་ས་ བོན་མིན། །མཁས་པས་དེ་དག་བསྲུང་བར་གྱིས། །ཁྲེལ་མེད་ངོ་ཚ་མེད་པ་དང ། །རྟག་ཏུ་སྡིག་པ་རྗེས་སུ་སྤྱོད། །མི་ནི་གཡང་ས་ལས་ལྟུང་སྟེ། །དེ་ནི་ཕྱི་ནས་རིག་པར་འགྱུར། །མ་དད་པ་དང་རྨུགས་དང་གཉིད། །དེ་བཞིན་གར་ཡང་འཇིགས་མི་བྱེད། །འཆབ་དང་འཚིག་དང་ རྨོངས་པ་ནི། །དེ་དག་མཐོ་རིས་རྒྱུར་མི་འགྱུར། །ཆང་འཐུང་བརྫུན་ཚིག་རབ་ཏུ་སྨྲ། །གནོད་སེམས་དེ་བཞིན་ལྷག་པར་བརྐམ། །ལས་འབྲས་ལ་ནི་དད་མེད་པ། །ཀུན་དུ་སེམས་ཅན་དམྱལ་བའི་རྒྱུ། །ཡིད་ཀྱི་སྐྱོན་དང་གནོད་སེམས་དང ། །སྡང་བའི་ལས་རྣམས་བསྲུང་བར་གྱིས། ། 69-1-201a མི་ཀུན་སྡང་བའི་ལས་ཀྱིས་སུ། །སེམས་ཅན་དམྱལ་བ་ཉེ་བར་རྟོག་།བརྟན་པ་མེད་པ་སྡིག་སྤྱོད་ཅིང ། །རྟག་ཏུ་འདོད་པའི་དབང་དུ་སོང ། །ལེ་ལོ་ཁོར་མོར་བརྫུན་སྨྲ་བ། །དེ་ནི་དགེ་བའི་འོས་མིན་ནོ། །གང་གི་ཚུལ་ཁྲིམས་འཆིང་བུ་དང ། །སྤྲིན་གྱིས་ཁེབས་ལྟར་ སྨད་པ་དག་།དེ་ནི་སྨད་པའི་ཚུལ་ཁྲིམས་ཀྱིས། །མི་ནི་སྨད་པར་སྐྱེ་བར་འགྱུར། །གང་དག་སྡིག་ལ་བློ་གནས་པ། །དེ་དག་མུན་པ་མཐའ་མེད་ལ། །གང་དག་སངས་རྒྱས་བློ་གནས་པ། །དེ་དག་མུན་པ་བསལ་བ་ཡིན། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་བརྗོད་པར་བྱའོ། ། བག་མེད་རྨོངས་པའི་ལྷ་རྣམས་ནི། །ཡང་དང་ཡང་དུ་ཆང་གིས་རྨོངས། །བག་མེད་གཉིད་ཀྱིས་རྨོངས་པ་དེ། །མི་རྣམས་སེམས་ཅན་དམྱལ་བར་རྒྱུ། །ཇི་ལྟར་སྐྱེས་ན་ངེས་པར་ནི། །འཆི་བ་ཡོད་པ་དེ་ལྟ་བུར། །སྐྱེ་བོ་སྐྱེ་བ་ཡོད་པ་ཡི། །སྟེང་ན་འཇིག་པ་ཡོད་པར་འགྱུར། ། བག་མེད་རྒྱ་ལྟ་བུ་ཡིས་བཟུང ། །རྒྱ་མཚོ་ལྟ་བུའི་ཡུལ་དུ་བརླུབས། །སྲེད་པའི་ལྕགས་སྒྲོག་དག་ཏུ་བཅུག་།ལྷ་རྣམས་དུ་མར་རྩེ་བར་བྱེད། །སྐྱེས་མ་ཐག་ཏུ་ལྷ་དག་གི། །སྐད་ཅིག་དེ་ལ་བདེ་ཟད་འགྱུར། །བག་མེད་པ་ཡིས་བསྒྲིབས་པའི་སེམས། །དབང་མེད་པ་དག་ཤེས་མི་ འགྱུར། །བག་མེད་པ་ཡིས་འཁྲུལ་པའི་ཡིད། །རྟག་ཏུ་ཡུལ་ལ་འདོད་པར་བྱེད། །འདོད་པའི་བདེ་བས་ཚིམ་མེད་པ། །ལྷ་རྣམས་དག་ནི་སྡུག་བསྔལ་ལོ། །གང་ཞིག་སྲེད་པའི་དབང་སོང་བ། །ལྷ་དེ་སྐད་ཅིག་ཐང་ཅིག་དང ། །ནམ་ཡང་ཡུད་ཙམ་དག་ཏུ་ཡང ། །ཉེ་བར་སྤྱོད་པར་ མི་འགྱུར་རོ། །གང་དུ་ལྷ་དག་དབང་མེད་ཅིང ། །འདོད་པའི་དབང་སོང་རྩེ་བྱེད་པ། །ས་འདི་སྲེད་པས་ཉོན་མོངས་ཏེ། །རྣམ་པར་རྟོག་པ་བརྒྱ་ཡིས་བསྒྲིབས། །ཇི་ལྟར་དམྱལ་བར་རྒྱུ་བ་རྣམས། །དེ་ཡི་མེ་ཡིས་སྲེག་པར་བྱེད། །དེ་ལྟར་འདོད་པ་ལས་བྱུང་མེས། །ལྷ་རྣམས་ དག་ནི་སྲེག་པར་བྱེད། །བཀྲེས་དང་སྐོམ་ལས་བྱུང་བའི་མེས། །དེ་ལྟར་ཡི་དགས་རྣམས་ཀྱང་སྲེག་།གསོད་པའི་མེ་ཡིས་དུད་འགྲོ་རྣམས། །མི་རྣམས་ཀུན་དུ་ཚོལ་བས་སོ། །དེ་ལྟར་ཀུན་ནས་བྱུང་བའི་མེས། །སེམས་ཅན་འཇིག་རྟེན་མ་ལུས་པར། །ཀུན་ནས་ཡོངས་སུ་ 69-1-201b བསྐོར་ནས་སུ། །སྲེག་པར་བྱེད་ཀྱང་མི་རིག་གོ། །དེ་ལྟར་བྱ་དེ་དག་གིས་ལྷ་དེ་རྣམས་ལ་མངོན་པར་བརྟགས་ནས། ཡང་དང་ཡང་དུ་རབ་ཏུ་གོ་བར་བྱེད་དོ། །དེ་ནས་དེ་ན་ལྷ་གང་དག་སྔོན་ལས་དགེ་བ་བྱས་ཤིང་སྤྱད་པ་དེ་དག་གལ་ཏེ་ཡང་བྱ་དེ་དག་གི་སྒྲ་རྣར་ཐོས་ནས་འཐུང་ བར་མི་བྱེད་དེ། ཡུད་ཙམ་ཞིག་བག་ཡོད་པ་དང་ལྡན་ནས། དེ་ནས་ཡང་ཡུལ་སྒྲ་དང་རེག་པ་དང་གཟུགས་དང་རོ་དང་དྲི་སྡུག་པ་དཔེ་མེད་པ་རྣམས་ཀྱི་དབང་དུ་སོང་སྟེ། དེའི་ངོ་བོ་ཉིད་ཀྱི་དབང་དུ་སོང་བའི་ཡིད་དག་དེ་ནས་ཡང་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཚལ་དང་ཉེ་བའི་ཚལ་ རྣམས་སུ་ལྷ་དག་རྩེ་ཞིང་གང་དང་གང་མྱོང་བར་འདོད་པ་དེ་དང་དེ་ཤིན་ཏུ་མྱོང་ངོ ། །ལྷ་དང་ལྷ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་རང་གིས་བྱས་པ་ལ་སྤྱོད་པ་ཁ་ཅིག་ནི་བཻ་ཌཱུརྱ་དང ། ན་ད་རྙིལ་དང་སྤུག་ལས་བྱས་པའི་རི་རབ་ཀྱི་རིའི་རྩེ་མོ་དང་ཚལ་དང་ཉེ་བའི་ཚལ་གྱི་ས་དང་འབབ་ཆུ་ དང་ལྟེང་ཀ་པད་མས་རྣམ་པར་བརྒྱན་པ་རིའི་རྩེ་མོ་བྱ་སྡུག་གུ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། བཻ་ཌཱུརྱའི་འདབ་མ་དང་གསེར་གྱི་ཟེ་བ་དང་ཤེལ་གྱི་སྡོང་བུའི་པད་མའི་རྫིང་དག་ཏུ་བུང་བའི་ཚོགས་ཀྱིས་ཤིན་ཏུ་གང་བའི་ཡུལ་དཔེ་མེད་པ་ཆུ་བོའི་ཀླུང་ལྟ་བུ་རྣམ་པ་སྣ་ཚོགས་ཀྱི་དབང་དུ་སོང་བ་ན་ཡང་ དང་ཡང་དུ་རྩེ་བར་བྱེད་ཀྱང་ངེས་པར་མྱོང་བར་འགྱུར་བའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རིག་སྟེ། དེ་ལྟར་ཇི་སྲིད་དུ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ཕན་ཚུན་གྲོགས་སུ་གྱུར་པ་དག་དགའ་བར་བྱེད་རྩེ་བར་བྱེད་དོ། །དེ་ཟད་ནས་ལྟུང་བར་འགྱུར་ཏེ། ཇི་ལྟར་ཉི་ མ་ནུབ་ན་ཉིན་མོ་ཟད་པ་དེ་ལྟར་ལྷ་རྣམས་ལེགས་པར་བྱས་པ་ཟད་ན་མཐོ་རིས་ཀྱི་མཐའ་ནས་ལྟུང་བར་འགྱུར་རོ། །ལྷུང་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་ མཉམ་པར་མིའི་ནང་དུ་སྐྱེས་ན་ལས་དེ་དང་རྒྱུ་འཐུན་པར་དེ་ཤིན་ཏུ་བདེ་བར་འགྱུར་ཏེ། ནོར་མང་བ་དང་མཆོག་ཏུ་རྒྱ་ཆེ་བ་ལ་དགའ་བ་དང ། དམ་པའི་ཆོས་ལ་དགའ་བ་དང ། རྟག་ཏུ་ཤེས་པ་ལ་དགའ་བ་དང ། དགེ་སྦྱོང་དང་བྲམ་ཟེ་ལ་དགའ་བ་དང ། ཚེ་རིང་པོར་འགྱུར་བ་ཡང་ 69-1-202a མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཟླ་བའི་གནས་ལྟར་རྒྱུ་བ་ཞེས་བྱ་བ་ཇི་ལྟར་ འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་དགེ་བའི་ལས་ཀྱི་མཐའ་སྤྱོད་པ་སེམས་དྲི་མ་དང་བྲལ་བ། སེམས་ཤིན་ཏུ་བསྒོམས་པ། ཡིད་ཤིན་ཏུ་བསྒོམས་པ་གང་གིས་སངས་རྒྱས་ཀྱི་ སྐུ་གཟུགས་བྱ་བ་སྐྱོན་མེད་པར་བྱས་པ་དང ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལས་བྱས་པ་ལ་ཡིད་དང་བས་པིར་རམ་རབ་ཏུ་གསལ་བར་བྱེད་པས་སྡུག་པར་བྱེད་ཅིང་སྐུ་གཟུགས་དྲི་མ་དང་བྲལ་བ་མཆོག་ཏུ་སྡུག་པ་དེ་དག་ མཐོང་ནས་སྦྱིན་བདག་དེ་ཤིན་ཏུ་སྙིང་དགའ་ལ་སེམས་ཀྱིས་ཀྱང་ཡང་དང་ཡང་དུ་བྱེད་ན། དེ་སེམས་ཀྱི་ཞིང་ཡོན་ཏན་བཟང་པོ་དང་སེམས་ཀྱི་རྒྱུ་སེམས་བསྒོམས་པས་དགེ་བ་སྤྱོད་པ་བདེ་བ་དང་ལྡན་པར་འགྱུར། གཞན་ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤོང་བ་ཡིན་ཏེ། སྲོག་ཆགས་རྣམས་ལ་ཡིད་ཀྱིས་ཀྱང་གསོད་པར་མི་བྱེད་ཅིང་གནོད་པར་མི་བྱེད་ལ། གཞན་བྱེད་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཕྱིར་ཟློག་པར་བྱེད། དགེ་བའི་ལམ་ལ་རབ་ཏུ་འཇོག་པར་བྱེད་པ་བདག་དང་གཞན་ལ་ཕན་པ་བྱེད་པའི་སྐྱེས་བུ་དམ་པ་དེ་ནི་བདེ་བ་མྱོང་བར་འགྱུར་རོ། ། སྲོག་གཅོད་པ་སྤངས་པ་རྣམ་པ་དུ་ཡོད་ཅེ་ན། འདི་ལ་ཤིན་ཏུ་གུས་པས་བསམས་ནས་ཡིད་ཀྱིས་ཀྱང་གསོད་པར་མི་བྱེད་ཅིང ། གསོད་པར་བྱེད་དུ་མི་འཇུག་།ལེགས་པར་བྱས་པའི་ལས་བྱེད་པ་དེ་དྲོད་གཤེར་ལས་སྐྱེས་པའི་སེམས་ཅན་མལ་གཞིའི་འོག་ཏུ་སྐྱེས་ནས་ཟ་བར་བྱེད་ པ་དེ་དག་ཀྱང་བཟུང་ནས་གསོད་པར་མི་བྱེད་ལ། སྲིན་བུ་ཕྲེའུ་དང་གྲོག་སྦུར་ཡང་གསོད་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། ཡང་སྐྱེས་བུ་དམ་པ་དགེ་བ་ལེགས་པར་བྱས་པའི་ལས་ལ་ 69-1-202b ཚིམ་པ་མེད་པས་ཐམས་ཅད་དུ་མ་བྱིན་པར་མི་ལེན་ཏེ་དེ་ལྟ་བས་ན་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །རྣམ་པ་ཇི་ལྟ་བུ་ཡིན་རྣམ་པ་དུ་ཡོད་ཅེ་ན། འདི་ལ་གྲང་བས་ཉེན་པའམ་དྲོ་བས་ཉེན་ཀྱང་གཞན་གྱིས་ཡོངས་སུ་བཟུང་བའི་ཤིང་སྐམ་མམ། བོང་བའམ། གདུགས་ཀྱི་གྲིབ་མ་ཙམ་ གྱིས་ཀྱང་འཚོ་བར་མི་བྱེད། གྲིབ་མས་འཚོ་བའི་མི་རྣམས་ཀྱི་གྲིབ་མ་འཕྲོག་པར་མི་བྱེད། འགྲོན་པོ་དག་ཤིང་ལྗོན་པའི་གྲིབ་མ་དག་ལ་ངལ་སོ་ཞིང་འདུག་པ་དབང་གིས་བསྐྲད་ནས། གྲིབ་མ་དེ་དག་ལ་བསིལ་བར་འདུག་ཅིང་དེ་དག་ཀྱང་གདུང་བས་གདུངས་ལ་ཤིན་ཏུ་སྡུག་བསྔལ་བར་ གྱུར་པ་རྣམ་པ་དེ་ལྟ་བུའི་མ་བྱིན་པར་ལེན་པ་ཡང་ཡོངས་སུ་སྤོང་ཞིང་མི་བྱེད་ལ། གྲིབ་མ་མ་བྱིན་པར་ལེན་པ་གཞན་བྱེད་པ་ཡང་ཕྱིར་ཟློག་པར་བྱེད་པ་ཡིན་ཏེ། མ་བྱིན་པར་ལེན་པ་ཤིན་ཏུ་ཆུང་ངུ་ཡང་སྤོང་ཞིང་སྲོག་གཅོད་པ་ཡང་སྤོང་བ་ནི་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཟླ་བའི་གནས་ལྟར་རྒྱུ་བའི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། རྒྱུ་རྐྱེན་དང་འཐུན་པར་སྤྱད་པ་དེ་འབྲས་བུ་དེ་དང་འཐུན་པར་འབྱུང་སྟེ་འདི་ལྟ་སྟེ། ཟླ་བ་ཉ་བ་བཅུའི་འོད་ཀྱི་ རྣམ་པ་ཇི་སྙེད་ཡོད་པའི་རྣམ་པ་དེ་སྙེད་ཀྱི་འོད་ལྷའི་ལུས་དེ་ཐམས་ཅད་ལས་ཤིན་ཏུ་དྲི་མ་མེད་པ་འབྱུང་ངོ ། །ལྷ་དེའི་འོད་གང་ཡིན་པའི་འོད་དེས་མཐོ་རིས་ཀྱི་ཕྱོགས་དང་བཅས་པ་བརྒྱ་འགྱུར་དུ་གསལ་བ་དང་ལྡན་པར་འགྱུར་རོ། །འོད་དེ་ཡང་ཚ་བ་དང་བསིལ་བ་མེད་དེ་ལྷ་ཐམས་ཅད་ཀྱི་མིག་ཏུ་ སྡུག་པ་ཡིན་ནོ། །ལྷ་དེ་དག་ཀྱང་གནས་གཞན་དུ་སྐྱེས་པའི་ལྷ་དེ་དག་གི་འོད་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེའི་ལས་དགེ་བའི་མཐུས་ཀུན་ནས་དཔག་ཚད་བཅུར་རིན་པོ་ཆེ་དང་རིན་པོ་ཆེའི་འོད་ཐམས་ཅད་ཀྱང་ཟིལ་གྱིས་མནན་ནས་ལྷ་དེའི་འོད་མངོན་པར་གསལ་ལོ། །དེ་ ནས་ལྷ་དེ་ལྷའི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་ལ། གླུ་དབྱངས་ཉེ་བར་ལེན་བཞིན་དུ་སྐྱེད་མོས་ཚལ་དགའ་བ་ལྔ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེ་ན་གང་སུམ་ཅུ་རྩ་གསུམ་པ་ཐམས་ཅད་པས་ཁྱད་པར་དུ་འཕགས་པ་ཤིན་ 69-1-203a ཏུ་དགའ་བ་ལྔ་འབྱུང་སྟེ་འདི་ལྟ་སྟེ། ཤིང་ལྗོན་པ་རྣམས་ཀྱི་གཟི་བརྗིད་དང་འབྲས་བུ་དང་བྱ་བློ་གྲོས་རྒྱ་ཆེ་བ་དང་པད་མའི་རྫིང་གི་ཆུ་དང་འབབ་ཆུ་རབ་ཏུ་མང་བ་དང་ནམ་མཁའ་ལ་རླུང་དྲི་དང་ལྡན་པ་དྲིལ་བུ་གཡེར་ཀའི་སྒྲ་ལྟ་བུ་དུ་མ་ལྡང་བའོ། །དེ་ནས་ལྷ་དེ་ལྷའི་ཚོགས་ཀྱིས་ ཡོངས་སུ་བསྐོར་ནས་དགའ་བ་ལྔའི་ཚལ་དེ་ག་ལ་བ་དེར་འདོང་བར་བྱེད་དེ། སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་སྒྲ་རྣམ་པ་སྣ་ཚོགས་ཀྱིས་དགའ་བ་དང་ལྷ་མོ་གཟུགས་བཟང་མོ་དང་ལྡན་ཞིང་ཆ་བྱད་དང་རྒྱན་སྣ་ཚོགས་ཐོགས་པ་རྗེས་སུ་འབྲང་བ་དང་ལྷའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་ བསྐོར་ཅིང་སིལ་སྙན་དང་རོལ་མོའི་སྒྲ་ཡན་ལག་ལྔ་དང་ལྡན་པ་ཉེ་བར་ལེན་པ་ན་བདེ་བ་ཤིན་ཏུ་རྒྱ་ཆེ་བ་དག་མྱོང་ངོ ། །ཤིང་གི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་མངོན་དུ་གྱུར་པ་གང་ཡིན་པའི་ལས་བྱས་པ་དེས་དྲི་ཐམས་ཅད་ཟིལ་གྱིས་མནན་ནས་དཔག་ཚད་ལྔར་འབྱུང་ངོ ། །འདི་ལྟར་མཐོ་རིས་ པས་ཀྱང་བཟང་བའི་མཐོ་རིས་ཀྱི་ཤིང་ལྗོན་པ་ཁ་ཅིག་གི་འོད་ནི་ཉི་མ་བས་ལྷག་པར་གསལ་ཏེ་འོད་ཤིན་ཏུ་བཟང་པོ་མི་ཚ་མི་གྲང་ངོ ། །འབྲས་བུ་ཡང་དྲི་དང་རོ་དང་རེག་པ་དང་ལྡན་ཏེ་དྲི་དེ་དག་གིས་དྲི་ཐམས་ཅད་ཟིལ་གྱིས་མནན་ནས་དཔག་ཚད་ལྔར་འབྱུང་ངོ ། །འབྲས་བུ་གཟའ་དང་སྐར་མའི་ ཚོགས་ལྟ་བུ་དེ་དག་ལས་ཆང་ཞིམ་པོ་མྱོས་པའི་སྐྱོན་དང་བྲལ་བ་རྣམ་པ་སྣ་ཚོགས་དག་རྟག་ཏུ་འབྱུང་ལ། ཆང་གི་མདོག་དྲི་དང་རོ་སྣ་ཚོགས་སུ་འགྱུར་ཏེ་དེ་དག་གི་དྲི་དཔག་ཚད་ལྔར་འབྱུང་ངོ ། །རོ་ཡང་རྣམ་པ་ཇི་སྙེད་དུ་འདོད་པའི་རྣམ་པ་དེ་སྙེད་དུ་ཆང་དེའི་རོ་འགྲུབ་པར་འགྱུར་ཏེ་ཡོན་ ཏན་དེ་སྙེད་དང་ལྡན་པ་ཡིན་ནོ། །བྱ་ཡང་བག་མེད་པ་ཡང་དག་པར་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་སྟེ། དེ་དག་གིས་ནི་ལྷ་ཤིན་ཏུ་བག་མེད་པ་རྣམས་ལ་འདི་ལྟར་ཡང་དང་ཡང་དུ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་མཆོག་དག་ཆོས་འདུལ་བ། །རྟབ་རྟབ་པོར་ནི་བྱེད་པ་དེ། ། ལེགས་པར་བྱས་པའི་ལས་ཟད་ཅིང ། །ཚེ་ཡང་སྐད་ཅིག་བྱེད་པའི་རྒྱུ། །དར་ལ་བབ་པ་ཤིན་ཏུ་འཇོམས། །སྲོག་ཀྱང་ཐམས་ཅད་བྲལ་བར་བྱེད། །ཕུན་སུམ་ཚོགས་པ་ཐམས་ཅད་འཇིག་།བག་མེད་ཡིད་ལ་མ་བྱེད་ཅིག་།མཐོ་རིས་རྟག་ཏུ་མི་འཐོབ་ལ། །དལ་བ་རྟག་ཏུ་མི་ལྡན་ 69-1-203b པས། ཇི་སྲིད་དེ་ནི་མི་ལྟུང་བར། །དེ་སྲིད་དགེ་ལ་བརྩོན་པར་གྱིས། །ཆོས་ལ་ཤིན་ཏུ་བསྡམས་པ་དང ། །སེམས་ཀྱང་བསྲུང་བ་བྱས་པས་ནི། །གང་ན་སྐྱོན་དག་མེད་པ་ཡི། །སྔོན་མ་མཐོང་བའི་གནས་འཐོབ་འགྱུར། །གང་དག་རྟག་ཏུ་ཡིད་གཡེངས་ཤིང ། །ཆོས་ ལའང་གཞོལ་བར་མི་བྱེད་པ། །དེ་དག་གི་ནི་བདེ་བ་འདི། །དོན་མེད་འགྱུར་ཏེ་མི་ལྡོག་གོ། །ཚུལ་ཁྲིམས་གཞིས་ནི་ལུས་ཅན་གྱིས། །མཐོ་རིས་རྣམས་སུ་དེ་འདི་ཐོབ། །ཚུལ་ཁྲིམས་དེ་ལ་མི་སྟེན་གང ། །དེ་ནི་ཕྱི་ནས་ཡོངས་སུ་གདུང ། །དེ་བས་ཚུལ་ལྡན་རྟག་པར་ནི། །ཚུལ་ ཁྲིམས་ཉིད་ལ་བསྟེན་པར་བྱ། །ཚུལ་ཁྲིམས་མེད་པ་རྨོངས་པའི་མི། །མཐོ་རིས་སུ་ནི་འགྲོ་མི་འགྱུར། །ལྷ་ཡི་འདོད་པ་ལྔ་ལྡན་པ། །བདེ་བ་སྤྱོད་པ་གང་ཡིན་འདི། །དེ་ནི་ཚུལ་ཁྲིམས་དག་པ་ཡི། །འབྲས་བུ་ཆེན་པོ་ཐོབ་པ་ཡིན། །བག་མེད་དུག་གིས་ཤིན་ཏུ་རྨོངས། །འདོད་པ་སྤྱོད་པའི་ ལྷ་གང་དག་།འཚོ་བའི་མཐའ་ནི་འཇིག་པ་དང ། །གཡོ་བ་ཐམས་ཅད་མི་རིག་གོ། །བག་མེད་པ་ཡིས་རྣམ་རྨོངས་པ། །ལྷ་རྣམས་དག་ནི་སྟོང་ཕྲག་དང ། །འབུམ་ཕྲག་དག་ནི་དུ་མ་རྣམས། །འདོད་པའི་མེ་ཡིས་རྣམ་པར་བསྲེགས། །བག་མེད་རྣམ་པར་རྨོངས་པ་ཡིས། །མི་རྣམས་ ཐམས་ཅད་དབང་དུ་བྱེད། །དེ་ནི་ཕྱི་ནས་ཉོན་མོངས་འཐོབ། །འབྲས་བུ་གང་ཡིན་དེ་རིག་གོ། །ཡུལ་རྣམས་ལ་ནི་རྟག་པར་སེམས། །གཡོ་བ་ཆེན་པོ་རྒྱུག་བྱེད་པ། །ཉོན་མོངས་རྨོངས་པ་སྐྱེད་པ་གང ། །འབྱུང་བར་འགྱུར་བ་དེ་མཐོང་ངོ ། ཡུལ་རྣམས་ལ་ནི་ཆགས་པའི་སེམས། །ཉོན་ མོངས་ཁོང་དུ་མི་ཆུད་དེ། །ཉོན་མོངས་གློང་དུ་སྐྱེས་པ་དག་།དེ་ནི་ཕྱི་ནས་ཡོངས་སུ་གདུང ། །ཀུན་ཏུ་སྦྱོར་བ་ཕྲ་རྒྱས་བཅས། །ཡུལ་ལ་རྣམ་རྟོག་འབྱུང་བ་ནི། །འཁོར་འདྲ་སེམས་ནི་རྒྱལ་པོ་བཞིན། །དེ་དག་ལྷན་ཅིག་སྤྱོད་པར་འགྱུར། །གང་དག་ཏུ་ནི་ཡིད་འཇུག་པ། །མི་ཤེས་པ་ རྣམས་དེར་འཇུག་སྟེ། །མཐུ་ཡིས་ཕན་ཚུན་མྱོས་པ་དག་།སྲིད་པ་གསུམ་ན་འཁྱམ་པར་འགྱུར། །བརྟན་པོ་གང་དག་དེ་ཉིད་རིག་།མི་བརྟན་སྡུག་བསྔལ་སྟོང་ལ་སོགས། །འགྲོ་བའི་གནས་པ་མཐོང་འགྱུར་ཏེ། །དེ་དག་ལ་ནི་སྡུག་བསྔལ་མེད། །རྟག་ཏུ་འདོད་པ་ཚོལ་བྱེད་པ། ། 69-1-204a བུད་མེད་རག་ལས་རྨོངས་པ་གང ། །དེ་དག་ལྷ་ཡི་འཇིག་རྟེན་དུ། །ཐ་མ་དག་ནི་མཐོང་བར་འགྱུར། །རི་འདི་ལྗོན་ཤིང་ཚལ་དུ་བཅས། །རིན་ཆེན་སྣ་ཚོགས་རྣམ་པར་བརྒྱན། །ལྕུག་མ་ཚང་ཚིང་དག་གིས་ཁེབས། །པད་མའི་རྫིང་གིས་རྣམ་པར་བརྒྱན། །འབབ་ཆུ་རྣམ་ པ་སྣ་ཚོགས་དང ། །འཁྲི་ཤིང་རྣམས་ཀྱིས་མཛེས་པར་བྱས། །སྐྱེ་བོའི་ལས་ཀྱི་མངོན་སུམ་འདི། །བརྟོལ་ནས་མཁའ་ལ་བྱུང་གྱུར་པ། །རི་རབ་བསྐལ་པའི་མེས་བསྲེགས་ཏེ། །ཐམས་ཅད་དུ་ནི་མི་འབྱུང་ན། །བག་མེད་རྒྱགས་པས་རྨོངས་པ་ཡི། །སྐྱེ་བ་དང་ནི་འཇིག་འགྱུར་ བ། །དབུ་བ་ཆུ་བུར་ལྟ་བུ་ཡིན། །དེ་ནི་ལྷ་གང་སྨོས་ཅི་དགོས། །དེ་ནས་དེ་ན་ལྷ་སྔོན་དགེ་བའི་ལས་ཀྱི་མཐའ་སྤྱད་པ་ལ་གོམས་པ་གང་ཡིན་པ་དེ་དག་བྱའི་སྒྲ་དེ་ཐོས་ནས། འདི་ལྟར་བྱ་འདི་དག་རྣམ་པར་སྒྲ་འབྱིན་པ་དེ་བཞིན་ཡིན་ནོ་སྙམ་ནས་དེ་ནས་ཡུད་ཙམ་ཞིག་ཁོང་དུ་ཆུད་དོ། ། ཁོང་དུ་ཆུད་ནས་དེ་ནས་ཡང་ཡུལ་ལ་རྣམ་པར་རྨོངས་པ། ཡུལ་རྣམས་ཀྱིས་དབང་དུ་བྱས་པ་ཉིད་སྒྲ་དང་རེག་པ་དང་རོ་དང་གཟུགས་དང་དྲི་སྡུག་པ་རྣམ་པ་སྣ་ཚོགས་དག་གིས་དབང་དུ་བྱས་པ་དག་ཇི་ལྟར་ཚེ་རབས་གཞན་དུ་བྱ་བ་དང་མི་བྱ་བ་དག་བྱས་པ་ལྟར་བྱའི་སྒྲ་དེ་དག་ཅུང་ཟད་ཀྱང་ཡིད་ ལ་མི་འཇོག་གོ། །དེ་ལྟར་སེམས་འདི་ད་ལྟར་བྱུང་བའི་ཡུལ་ལ་བརྐམ་ཞིང་མ་འོངས་པའི་ཉོན་མོངས་པ་ཁོང་དུ་མི་ཆུད་ལ་ཤིན་ཏུ་མི་དྲན་ནོ། །ད་ལྟར་བྱུང་བའི་ཡུལ་ལ་མངོན་པར་འདོད་པས་རྨོངས་པ། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སམ་གལ་ཏེ་ཡང་ལྷ་ དང་མི་རྣམས་ཀྱི་ནང་ན་འཁྱམ་མོ། །དེ་ལྟར་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་རྩུབ་མོ་བྱས་པ་མི་དྲན་ལ་སྡུག་བསྔལ་རྗེས་སུ་མྱོང་སྟེ། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྡུག་བསྔལ་མི་བཟད་པ་ཤིན་ཏུ་ཚ་བ་འབྱུང་ངོ ། །ཐོག་མ་མེད་ པའི་དུས་ནས་བཅོས་དཀའ་ཞིང་གདུལ་བ་དཀའ་བ་དེ་དག་ཡིད་ཤིན་ཏུ་རྒྱ་ཆེ་བ་མ་གཏོགས་པར་གདུལ་བར་མི་ནུས་སོ། །དེ་ནས་དགེ་སློང་དེ་དཔྱོད་པར་བྱེད་དེ་བྱ་རྣམས་ལས་གང་གིས་བག་མེད་པར་གནས་པའི་ལྷ་རྣམས་ལ་ཡང་དག་པར་གྱུར་པ། སྙིང་པོ་མེད་པ་མ་ཡིན་ 69-1-204b པའི་ཆོས་ཁོང་དུ་ཆུད་པར་བྱེད་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པའམ་ལྷའི་མིག་གིས་བརྟགས་ན། མིའི་འཇིག་རྟེན་ན་གྱད་དམ་སིལ་དཀྲོལ་བའམ་གར་མཁན་རབ་ཏུ་མྱོས་པར་གནས་པ་གང་ཡིན་པ་དེ་དག་གོས་ངུར་སྨྲིག་བགོས་ཏེ་གར་བྱེད་དམ། དེ་ནས་ སངས་རྒྱས་ཀྱི་ཡོན་ཏན་གླུ་དབྱངས་སུ་ལེན་ལ། དེ་ལས་ནོར་རྫས་ཀྱི་རྣམ་པའམ་གོས་སམ་འབྲས་བུ་བྷ་ལ་ལཱ་ཏ་ཀ་ཐོབ་པ་དེ་དག་དགེ་སློང་དང་བྲམ་ཟེ་དག་ལ་སྦྱིན་པར་མི་བྱེད་ཀྱི། གཞན་དུ་ན་ཤིན་ཏུ་མགུ་ནས་སྤྱོད་པར་བྱེད་པ་དེ་དག་གོས་ངུར་སྨྲིག་བགོས་པ་ཙམ་ཉིད་ཀྱིས་དེ་ ལུས་དང་བྲལ་ནས་ཤི་བའི་འོག་ཏུ་དེའི་ལས་ཀྱི་མཐུས་ལྷ་རྣམས་ཀྱི་བྱ་ཤིན་ཏུ་བདེ་བར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་ལྷ་ཕན་ཚུན་གྲོགས་སུ་གྱུར་པ་རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ་དག་བཻ་ཌཱུརྱའི་ཤིང་ལྗོན་པ་གསེར་གྱི་འདབ་མ་དང་ཤེལ་གྱི་ལྕུག་མས་དཀྲིགས་པའི་ལོ་མ་དང ། གཞན་ཡང་ལྕུག་མ་དང ། ཤིང་གིས་ཁེབས་པ་དང་བྱི་རུ་མཛེས་པ་སྣ་ཚོགས་དང ། བུང་བ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དང ། གསེར་དང ། མུ་ཏིག་གི་ལྡུམ་བུ་སྔོན་པོ་ཉམས་དགའ་བ་རྣམས་ན་བྲོ་རྡུང་གླུ་ལེན་ཏོ། །གཞན་ཡང་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་རིན་པོ་ཆེ་སྣ་ བདུན་གྱིས་རྣམ་པར་བརྒྱན་པ། འབར་བའི་ཕྲེང་བ་འཁྲུགས་པ་ལྟ་བུ་དང ། གཞན་ཡང་གསེར་དང ། དངུལ་དང ། ཤེལ་དང ། བཻ་ཌཱུརྱའི་པད་མའི་རྫིང་རྣམས་སུ་རྩེ་བར་བྱེད་དོ། །ཡང་ཕྱོགས་གཞན་ན་གཞལ་མེད་ཁང་བ་གམ་གྱི་ཕྲེང་བ་གསལ་ཞིང་མཛེས་པ་རྣམས་ ན་རྩེ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དེ། ལྷ་མོ་དང་ལྷན་ཅིག་འཐབ་མོ་དང་ཕྲག་དོག་གི་རྣམ་པ་འཇིགས་པས་སྐྱོ་བ་མེད་པ་ཕན་ཚུན་གནོད་པ་མེད་པ། གུས་པ་སྐྱེ་ཤིང་དེ་ལ་ཡིད་དད་པར་གྱུར་པ་རྣམས་བདེ་བ་ཤིན་ཏུ་དཔེ་མེད་པ་མྱོང་བར་བྱེད་དོ། །དེ་ནས་ཡང་ལྷ་དེ་ རྣམས་དཔག་བསམ་གྱི་ཤིང་གི་ཕྱོགས་སུ་བྲོ་རྡུང་ཞིང་འཇུག་པར་བྱེད་ལ། དེར་ཞུགས་ནས་ཀྱང་རྟོག་པ་དང་བཅས་པའི་བློ་ཡིད་ལ་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་མཐོ་རིས་དང་འཐུན་པར་འཐོབ་སྟེ། དེ་དག་དཔག་བསམ་གྱི་ཤིང་ཞེས་བྱ་བའི་མིང་འཐོབ་བོ། ། 69-1-205a དེར་ཡང་དེ་དག་ཡུན་རིང་དུ་ཡུལ་གྱི་བདེ་བ་འདོད་པ་སྡུག་པ་ཡིད་དུ་འོང་བ་ཉེ་བར་སྤྱད་ནས། གསེར་ལས་བྱས་པའི་རི་རབ་མཐོ་བ་དེ་ག་ལ་བ་དེར་འདོང་བར་བྱེད་དེ། འབབ་ཆུ་སྣ་ཚོགས་ཀྱིས་བརྒྱན་པར་དེ་དག་འཛེག་པར་བྱེད་དོ། །ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ ཅིང་གླུ་དབྱངས་དང་སིལ་སྙན་དང་རོལ་མོའི་སྒྲ་འབྱིན་པས་རྣ་གུང་གཡེར་བ་དེ་ལ་ཡིད་ཞུགས་པ་ཡུལ་གྱི་བདེ་བ་ལྷའི་རྣ་བར་སྒྲ་སྙན་པ་ཐོས་སོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་བརྒྱད་པ། ལྷ་རྣམས་ཀྱི་མིག་གི་ཡུལ་དུ་ བྱས་པ་ཡང་བདེ་བ་དཔེ་མེད་པ་ཤིན་ཏུ་རྒྱ་ཆེ་བ་མྱོང་སྟེ་འདི་ལྟ་སྟེ། ལྷའི་གཟུགས་དང་ཆ་བྱད་དང་རྒྱན་སྣ་ཚོགས་དང་རང་གི་ལས་ཀྱིས་སྤྲུལ་པའི་གཟུགས་དང་ཆ་བྱད་དང་རྒྱན་གོང་ནས་གོང་དུ་རྣམ་པ་སྣ་ཚོགས་དག་མཐོང་ངོ ། །རི་རབ་ལ་ཡང་ཚལ་དང་ནགས་ཚལ་དང་ལྟེང་ཀ་དང་ པད་མའི་གཟུགས་རྣམ་པ་དུ་མ་དང་དེ་བཞིན་དུ་མེ་ཏོག་གི་ཚལ་དང་ཉེ་བའི་ཚལ་རྣམ་པ་སྣ་ཚོགས་དམིགས་པ་དུ་མ་ཡོད་པའི་དྲི་ཞིམ་པོ་མངོན་པར་འབྱུང་བ་དག་ལ་ལྷ་རྣམས་སྣོམ་པར་བྱེད་དེ། ཤིན་ཏུ་ཡིད་དུ་འཐད་ཅིང་ཡུལ་གྱི་རེག་པ་ལ་རྣམ་པར་ཆགས་པར་འགྱུར་རོ། ། ལྷ་རྣམས་གང་རེག་པར་འདོད་པ་དེ་ཉིད་ཀ་ཙ་ལིན་དི་ཀ་ལྟ་བུར་འཇམ་པ་ཡིན་ཏེ། རྡུལ་དང་བྲལ་བ་དྲི་མ་དང་བྲལ་བ་ཐགས་སུ་མ་བཏགས་པ། ཚོན་དུ་མ་གསལ་བ། དྲི་མངོན་པར་ཞིམ་པ། མཐོང་ན་ཤིན་ཏུ་ཡིད་འཕྲོག་པ་ཡིན་ཏེ། དེ་ལྟར་རེག་པའི་ཡུལ་གྱིས་ལྷ་རྒྱགས་ པ་རྣམས་མྱོས་ཤིང་གནས་སོ། །གཞན་ཡང་ཡིད་ལ་སེམས་པ་གང་ཡིན་པ་དེ་དེ་ཉིད་ཡོན་ཏན་དུ་མ་དང་ལྡན་པ། ཐུན་མོང་མ་ཡིན་པ། གཞན་གྱི་མཐུས་ཉམས་པ་མ་ཡིན་པ། གདུག་པ་མ་ཡིན་པ་དག་འགྲུབ་པར་འགྱུར་རོ། །དེ་ལྟར་བདེ་བའི་མྱོས་པ་རྣམ་པ་དུ་མ་ལ་ གནས་པ་རང་གི་འོད་དང་ལྡན་ཞིང་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བའི་ལྷ་དེ་དག་གནས་དེ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་བདེ་ 69-1-205b བ་མྱོང་བར་བྱེད་དོ། །དེ་ཕྱིས་ལྷའི་འཇིག་རྟེན་ཤིན་ཏུ་ཡིད་དུ་འོང་བ་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ ནང་དུ་སྐྱེས་ན། ལས་དེ་དང་རྒྱུ་འཐུན་པར་དེ་སྐྱེས་ཕན་ཆད་ནས་རྟག་ཏུ་བདེ་བར་འགྱུར་ཞིང ། བོང་སྐྱེད་ཆེ་བ་དང་གང་ན་ཆོས་དང་འཐུན་པ་དང་ཡང་དག་པའི་ལྟ་བ་དང་ལྡན་པའི་ཡུལ་བཟང་པོར་རྒྱལ་པོའམ་བློན་པོ་ཆེན་པོར་སྐྱེ་བར་འགྱུར་ཏེ། སྐྱེས་བུ་དམ་པ་སྡིག་པའི་གྲོགས་པོ་དང་ ཕྲད་པར་མི་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ཤིང་སཱ་ལ་ཟུང་ཞེས་བྱ་བ་ཇི་ལྟར་འདུག་ པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཡང་དག་པའི་ལྟ་བ་ལ་ཞུགས་པ་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང ། སེམས་ཅན་རྣམས་ལ་ཕན་པར་འདོད་པས་རྟག་ཏུ་ཚུལ་ཁྲིམས་དང་ལྡན་པར་ གྱུར་ལ། ཡང་དག་པའི་ལུས་དང་ངག་ལ་ཞུགས་པར་གྱུར་པ་གང་གིས་འདི་ལྟར་འབྲོག་གི་སེམས་ཅན་སྐོམ་པ་རྣམས་སྲོག་ཆད་པར་མི་བྱའོ་སྙམ་ནས། དེ་ཡང་དེ་ལྟར་སེམས་པ་ཡོངས་སུ་བསྒོམས་པས་སེམས་སྒོམ་པར་བྱེད་དེ་རི་འོར་དང་འབྲོག་དག་ཏུ་ཡུར་ཆུ་དང་འབབ་ཆུ་དང་ ལྟེང་ཀ་དང་རྫིང་བུ་དག་བྱས་པར་ཆུ་ཆེན་པོ་དག་ལས་འབེབས་པར་བྱེད། སྲོག་ཆགས་རྣམས་ཀྱི་ལམ་ནོར་བ་དང་ལམ་ནོར་ནས་འབྲོག་དགོན་པ་དག་ཏུ་ཞུགས་ཏེ། འཇིགས་ནས་བཞིན་མོག་མོག་པོར་གྱུར་པ་ལམ་གོལ་བ་དགོན་པ་ཆེན་པོར་ཞུགས་པ་དེ་དག་ལ་ལམ་སྟོན་པར་ བྱེད་ཅིང ། ཉོན་མོངས་པ་ཆེན་པོ་དེ་ལས་སྒྲོལ་བར་བྱེད་ཀྱང་དེ་དག་གིས་འཚོ་བར་མི་བྱེད་ལ་སེམས་ཅན་ལ་ཕན་པར་ཞུགས་པ་ཁོ་ན་ཡིན་ཏེ། དེ་དག་ནི་སྦྱིན་པ་སྦྱིན་ཞིང་སྲོག་སྐྱོབ་པ་ཡང་ཡིན་ནོ། །ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ 69-1-206a དེ་དག་ཉིད་དམ་གཞན་ཞིག་བསམ་པ་དེ་དང་འཐུན་པར་ཞུགས་པ་དགེ་བའི་ལས་ཀྱི་མཐའ་སྤྱད་པ་དག། དེ་ལྟར་སྲོག་ཆགས་གསད་པའི་རྒྱུ་ཡོད་ཀྱང་གསོད་པར་མི་བྱེད་པ་ཡིན་ཏེ་འདི་ལྟ་སྟེ། ཁྱིམ་ན་སྲོག་ཆགས་དྲོད་གཤེར་ལས་སྐྱེས་པའམ་མངལ་ནས་སྐྱེས་ པ་ཕྲ་མོའམ་སྦོམ་པོར་འབྱུང་བ་དག་ཁྱིམ་དེའི་རྫས་འཇིག་པར་བྱེད་པའམ་དེ་བཞིན་དུ་ཉལ་བའི་སྟེང་དུ་ལྷུང་ནས་གཉིད་འདྲོགས་པར་བྱེད་ཀྱང་སེམས་ཅན་རྣམས་ལ་ཕན་པར་འདོད་པ་དེ་གསོད་པར་མི་བྱེད། སྦལ་པ་དང་སྡིག་པ་ཡང་གསོད་པར་མི་བྱེད། སྲོག་ཡོངས་སུ་ཆད་ ལ་ཐུག་ཀྱང་དེ་དག་ལ་གསོད་པར་མི་བྱེད་ཅིང་གདུག་པ་ལ་ཡང་བཟོད་པར་བྱེད་དོ། །དེ་ལྟར་དེ་དག་གསད་པའི་རྒྱུ་ཡོད་ཀྱང་སྲོག་ཆགས་རྣམས་ལ་འཚེ་བར་མི་བྱེད་ཅིང་སྲུང་བར་བྱེད་པ་ཡིན་ཏེ་དེ་དག་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ ཇི་ལྟ་བུ་ཡིན་རྣམ་པ་ནི་དུ་ཡོད་ཅེ་ན། དེ་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱོད་པ་དེའི་འབྲོག་དགོན་པར་ཞུགས་པའི་དཔོན་པོར་གྱུར་ཀྱང ། ཚོང་པ་རྣམས་ཀྱིས་ཚོང་པའི་ཕྱིར་ཆུ་དང་ལན་ཚཝ་ནག་པོར་བསྲེས་པ་གང་ཡིན་པ་དེ་དག་ཀྱང་སྲུང་བར་བྱེད་ལ་སྐོམ་པས་ གདུངས་ཏེ། སྲོག་ཆད་ལ་ཐུག་ཀྱང་ཆུ་དེ་དག་ཚོང་པས་མ་བླུད་ཀྱི་བར་དུ་འཐུང་བར་མི་བྱེད་ལ། གང་གི་ཚེ་ཚོང་པས་བླུད་པ་དེའི་ཚེ་ཆུ་དེ་ལ་འཐུང་བར་བྱེད་ཅིང་གཞན་དག་ལ་ཡང་ལྡུད་པར་བྱེད་དེ། དེ་ལྟར་དབང་ཡོད་པར་གྱུར་ཀྱང་རིན་མ་བྱིན་པར་མི་ལེན་ཏེ། འདི་ཡང་མ་ བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །ལས་ཀྱི་འབྲས་བུ་ཤིན་ཏུ་ཕྲ་མོ་མཐོང་བ། རྟག་པར་སངས་རྒྱས་དང་ཆོས་ཀྱི་རྗེས་སུ་ཞུགས་པ། དེའི་ཡོན་ཏན་དྲན་པ་ལྷུར་བྱེད་ལ། སེམས་པས་སེམས་བསྒོམས་པ་ནི་སྡིག་པའི་གྲོགས་པོ་དང་ཡུད་ཙམ་ཡང་མི་སྟེན། ཀུན་དུ་སྨྲ་ བའི་ཚིག་ཙམ་ཡང་མི་སྨྲ། དེ་དང་ལམ་དུ་ཡང་འགྲོགས་པར་མི་བྱེད། གང་དགེ་བའི་ཆོས་ཐམས་ཅད་ཀྱི་བར་ཆད་བྱེད་པའི་གཙོ་བོ་ནི་འདི་ཡིན་ཏེ་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་དང་འདུ་བ་ཞེས་བྱ་བ་ཡིན་ལ། དེ་དང་སྨྲ་བའམ་དེ་དང་ལྷན་ཅིག་འོང་ཞིང་འགྲོ་བའམ་དེའི་གྲིབ་ 69-1-206b མ་དང་ཕྲད་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་དུག་གི་ཤིང་ལྗོན་པ་ལྟ་བུ་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། དེ་ལྟར་སྐྱེས་བུ་དམ་པ་ཀུན་ནས་གསེར་བཙོ་མ་ལྟ་བུར་གྱུར་པ་དེ་ལུས་དང་བྲལ་ནས་་ བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ཤིང་སཱ་ལ་ཟུང་གི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། ལེགས་པར་བྱས་པ་ཁ་ན་མ་ཐོ་བ་མེད་པ། སྐྱེ་བོ་དགེ་བ་ཀུན་གྱིས་མཆོད་པ། དེའི་ལེགས་ པར་བྱས་པའི་ལས་ངེས་པར་མྱོང་བར་འགྱུར་བ། ལྷའི་ནང་དུ་སྐྱེ་བར་འགྱུར་བའི་འབྲས་བུ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ་འདི་ལྟ་སྟེ། ལྷ་དེ་རང་གི་འོད་འབྱུང་བར་འགྱུར་ལ་དེའི་འོད་ཇི་ལྟར་མིའི་གྲངས་ཀྱི་ཚུལ་གྱིས་ཉིན་གཅིག་བཞིན་བགྲངས་པ་དང་ཞག་དང་ཟླ་བར་འཕེལ་བར་འགྱུར་བ་དེ་ ལྟར་རྒྱུ་གང་གིས་འོད་དེ། ལྷ་རྣམས་ཀྱི་ཉིན་མོ་དང་མཚན་མོ་མེད་པར་རང་གི་འོད་ཀྱིས་གསལ་བར་འགྱུར་ཏེ། དེ་ལྟར་ལྷའི་འོད་དེ་འཕེལ་བ་ཡིན་ནོ། །འདི་ལྟར་ལྷ་གཞན་དག་ཀྱང ། འདི་ནི་བདག་ཅག་གི་གནས་གཞན་དུ་སྐྱེས་པའི་ལྷ་ཐམས་ཅད་པས་འོད་ལྷག་པར་བཟང་ངོ་ སྙམ་ནས། ལྷ་མོ་དག་གི་མདུན་དུ་ཤིན་ཏུ་ངོ་ཚ་བ་སྐྱེའོ། །དེ་ནས་ལྷ་རྣམས་བརྒྱ་བྱིན་གྱི་དྲུང་དུ་སོང་ནས་དྲིས་པ། ཀྱེ་བརྒྱ་བྱིན་འདི་ལྟར་ལྷ་གསར་དུ་སྐྱེས་པ་ཞིག་མཆིས་ཏེ། དེའི་འོད་ཀྱིས་བདག་ཅག་ཐམས་ཅད་ཟིལ་གྱིས་མནན་ནས་མཆིས་སོ། །དེ་ནས་བརྒྱ་བྱིན་གྱིས་ དེའི་ཚེ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། གསེར་གྱི་རི་བོ་རི་རབ་འདི། །འོད་ཀྱི་ཕྲེང་བ་གང་ཡིན་པ། །འོད་དེ་ཚུལ་ཁྲིམས་ལས་བྱུང་འདིའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཚུལ་ཁྲིམས་རྟག་ཏུ་འབར་བ་ན། །གསེར་ནི་བཙོ་མ་ལྟ་བུ་སྟེ། །རང་གི་ལས་ཀྱིས་ཡང་དག་ ལྡན། །སུམ་ཅུ་རྩ་གསུམ་བརྒྱན་པར་འགྱུར། །དམན་དང་འབྲིང་དང་ཁྱད་པར་འཕགས། །ཚུལ་ཁྲིམས་རྣམ་པ་གསུམ་རྣམས་ཀྱི། །འབྲས་བུ་དེ་བཞིན་རྣམ་གསུམ་སྟེ། །དམན་དང་འབྲིང་དང་མཆོག་ཏུ་མཐོང ། །བག་མེད་སྤངས་པའི་ཚུལ་ཁྲིམས་ནི། །བག་ཡོད་པ་ཡིས་ 69-1-207a འཕེལ་བ་ཡིན། །དེ་ནི་རྟག་ཏུ་བདེ་སྦྱིན་མཐོང ། །འདི་ནི་ཆོས་ཉིད་རྣམ་པར་གནས། །ལུས་ཅན་ཚུལ་ཁྲིམས་ལས་བྱུང་བའི། །དྲི་མེད་འོད་ནི་གང་ཡིན་པ། །དེ་ནི་ཉི་མ་སྟོང་སྙེད་དག་།འདུས་པའི་འོད་ཀྱིས་ཐུབ་མི་འགྱུར། །ཚུལ་ཁྲིམས་རྣམ་བདུན་ དགའ་བ་དག་།མི་མཆོག་དམ་པ་གང་སྲུང་བ། །སངས་རྒྱས་ཀྱིས་ནི་བཤད་པ་གང ། །དེ་ནི་ལས་ཀྱི་འབྲས་བུ་སྤྱོད། །ལུས་ཅན་ལེགས་པར་བྱས་པ་ཡི། །ལས་རྣམས་འདིར་ནི་ཆུད་མི་ཟ། །དེ་བཞིན་ལས་རྣམས་མ་བྱས་པའི། །འོང་བར་མ་མཐོང་འཇིག་པའང་མེད། ། བྱིས་པ་རྒྱུ་ལ་མ་ཆགས་ལ། །རྣམ་པར་སྨིན་ལ་ཆགས་པར་བྱེད། །བྱེ་མ་རྣམས་ལ་མར་མེད་ལྟར། །རྒྱུ་མེད་ན་ནི་འབྲས་བུ་མེད། །སེར་སྣ་མེད་ཅིང་དགེ་བ་ཡི། །སྐྱེས་བུ་དགེ་བ་སྤྱོད་པ་ཡིན། །སྡིག་པའི་བདག་ཉིད་རྨོངས་པ་གང ། །དེ་ནི་རྟག་ཏུ་ཁྲོ་ལ་སྤྱོད། །དེ་ལྟར་ ལྷ་དེ་དག་ལ་བརྒྱ་བྱིན་དེས་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ཁོང་དུ་ཆུད་པར་བསྙད་དོ། །དེ་ནས་ལྷ་རྣམས་བརྒྱ་བྱིན་གྱི་ཚིག་དེ་སྤྱི་བོས་བླངས་ནས་ཡང་ཤིང་སཱ་ལ་ཟུང་གི་གནས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །དོང་ནས་དེ་ལྷ་དང་ལྷ་མོའི་ཚོགས་དང་ལྷན་ཅིག་ དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང་སིལ་སྙན་སྣ་ཚོགས་ཀྱི་སྒྲ་འབྱིན་པ་རྗེས་སུ་འབྲང་བཞིན་དུ་ཤིང་སཱ་ལ་དེ་གཉིས་ཀྱི་གནས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །ཤིང་སཱ་ལ་དེ་གཉིས་ཀྱང་སུམ་ཅུ་རྩ་གསུམ་དུ་གཏོགས་པའི་ཚལ་དང་ཉེ་བའི་ཚལ་ཐམས་ ཅད་པས་ཚད་དང་མདོག་དང་མེ་ཏོག་དང་འོད་དག་གིས་ལྷག་པ་ཡིན་ནོ། །ཤིང་སཱ་ལ་དེ་གཉིས་ཀྱང་དྲིལ་བུ་གཡེར་ཀ་སྒྲ་འབྱུང་བའི་དྲ་བ་འཕྱང་བ་དང ། ལོ་མ་ལས་ཀྱང་ཇི་ལྟར་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་འབྱུང་བ་དེ་ལྟར་དེ་གཉིས་ལ་སྒྲ་འབྱུང་ངོ ། །དེ་ དག་ལོ་མའི་སྒྲ་དེ་ཐོས་ནས་ཡང་དགའ་བར་གནས་པར་བྱ་བའི་ཕྱིར་ཤིང་སཱ་ལ་དེ་གཉིས་ག་ལ་བ་དེ་ཉིད་དུ་འདོང་བར་བྱེད་དོ། །དེ་ནས་ཉེ་བར་དོང་ནས་ལྷ་དེ་དག་ཤིང་སཱ་ལ་དེ་གཉིས་ལ་འཛེག་པར་བྱེད་དོ། །ཤིང་སཱ་ལ་དེ་གཉིས་ཀྱི་སྟེང་ན་ཡང་པད་མའི་རྫིང་ཆུ་རབ་ཏུ་དགའ་ 69-1-207b བ་ཞེས་བྱ་བ་ཡོད་དེ། བྱ་ངང་པ་དང་ཀཱ་རཎྜ་བ་དང་ངུར་པ་སྒྲ་སྙན་པ་འབྱིན་ཅིང་རྟག་ཏུ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཤིན་ཏུ་གང་བ་ཡིན་ནོ། །དེ་ལ་འཛེགས་ནས་ལྷ་རྣམས་ཀྱིས་འདི་ལྟར་ཤིང་སཱ་ལ་འདི་གཉིས་མ་གཏོགས་པར་ཤིང་ལྗོན་པ་གང་གི་སྟེང་ན་ཡང ། པད་མའི་རྫིང་མེད་ པ་ཤིན་ཏུ་ངོ་མཚར་ཆེ་བ་འདི་མཐོང་སྟེ། ཀྱེ་མ་ཤིང་སཱ་ལ་འདི་གཉིས་ནི་ཤིང་ཡོངས་འདུ་ས་བརྟོལ་མ་གཏོགས་པར་ཤིང་ལྗོན་པ་ཐམས་ཅད་ཀྱི་ནང་ན་ཀུན་གྱི་གཙོ་བོ་ཡིན་ཞིང་ཐམས་ཅད་དུ་དགའ་བ་ཡིན་ནོ་སྙམ་མོ། །དེ་ནས་དེ་དག་རིག་ནས་དེ་གཉིས་ཀྱི་སྟེང་ན་ལྷ་དེ་དག་ལྷ་མོའི་ཚོགས་ དང་ལྷན་ཅིག་བདེ་བ་ཉེ་བར་སྦྱར་བ་དང་ཡུལ་གྱི་བདེ་བ་སྣ་ཚོགས་ཀྱིས་དགའ་བར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་དེར་ཡུན་རིང་དུ་བདེ་བ་དག་མྱོང་ནས་རྟག་ཏུ་རྩེ་བ་ཞེས་བྱ་བ་ག་ལ་བ་དེར་མགོ་ལ་པད་མའི་ཕྲེང་བ་ཐོགས་པ་ཐགས་སུ་མ་བཏགས་པའི་གོས་ཁ་དོག་རྣམ་པ་ སྣ་ཚོགས་བགོས་པ། ཁ་དོག་སྣ་ཚོགས་ལས་ལུས་ཀྱི་འོད་འབྱུང་བ་རྣམས་འདོང་བར་བྱེད་དོ། །ལྷ་དེ་རྣམས་ཀྱི་ལུས་ལས་འོད་འབྱུང་བ་གང་ཡིན་པ་དེ་ཅུང་ཟད་ཅིག་དཔེར་བྱ་ན། ཇི་ལྟར་མིའི་འཇིག་རྟེན་ན་དབྱར་གྱི་དུས་སུ་འཇའ་ཁ་དོག་ཅན་ཁ་དོག་སྡུག་གུ་གསུམ་དང་ལྡན་པ་ འབྱུང་བ་དེ་ལྟར་ལྷ་དེ་རྣམས་ཀྱི་པད་མ་དེ་དག་ལས་འོད་སྔོན་པོ་དང་སེར་པོ་དང་དམར་པོ་འབྱུང་ངོ ། །དེ་ནས་ལྷ་དེ་དག་དགའ་བར་གནས་པར་བྱ་བའི་ཕྱིར་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་སྟེ། འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་ཡུལ་གྱི་བདེ་བ་ལ་ཉེ་བར་སྤྱོད་པ་ནི། རི་བོའི་ ཆུ་བོའི་ཤུགས་ལྟར་ཐམས་ཅད་དུ་ཡུལ་གྱི་བདེ་བ་རྗེས་སུ་མྱོང་ངོ ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཤིང་སཱ་ལ་ཟུང་གི་ལྷ་རྣམས་ཀྱི་ས་ག་ལ་བ་དེར་ཆོས་བཟང་ན་གནས་པའི་ལྷའི་ཚོགས་ཀུན་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བའི་ཕྱིར་འདོང་བར་བྱེད་དེ། སིལ་སྙན་དང་ རོལ་མོའི་སྒྲ་སྣ་ཚོགས་འབྱིན་ཅིང ། ལྷ་མོའི་ཚོགས་རྣམ་པ་སྣ་ཚོགས་དག་མདུན་ན་གླུ་དབྱངས་ལེན་བཞིན་དུ་འདོང་བར་བྱེད་དོ། །དེ་ནས་བརྒྱ་བྱིན་གང་ནས་འོང་བ་དེར་ཤིང་སཱ་ལ་ཟུང་གི་ལྷ་རྣམས་འོང་བར་བྱེད་དོ། །འོངས་ནས་དེ་དག་ཀྱང་སིལ་སྙན་དང་རོལ་མོའི་སྒྲ་སྣ་ 69-1-208a ཚོགས་འབྱིན་ཅིང ། ལྷ་མོའི་ཚོགས་ཀྱིས་བསྐོར་བ་རྣམས་ཐལ་མོ་སྤྱི་བོར་སྦྱར་ཏེ། བརྒྱ་བྱིན་ལ་མཆོད་ནས་ལྷ་མོ་དང་ལྷ་དེ་དག་ཀུན་ཀྱང་ཕན་ཚུན་འདྲེས་ཤིང་ཆོས་བཟང་ན་གནས་པ་དང་ཤིང་སཱ་ལ་ཟུང་གི་ས་ན་གནས་པ་དེ་དག་ཕན་ཚུན་གྲོགས་སུ་གྱུར་ པ། ཤིན་ཏུ་སྙིང་དུ་སྡུག་པར་གྱུར་པ་ཕན་ཚུན་ཡིད་ལ་གནོད་པ་མེད་པ་ཕན་ཚུན་འཐུན་པར་གྱུར་པ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཆགས་སུ་རུང་བ་སྙན་པ་འཐུན་པ་འཐུན་པ་ཉིད་དང་རྗེས་སུ་ལྡན་པ་སྐྱེ་བོ་ཐམས་ཅད་ཀྱི་སྙིང་འཛིན་པར་གྱུར་པས་བྲོ་རྡུང་ལ་དགོད་བཞིན་ དུ་ཤིང་སཱ་ལ་ཟུང་དེ་གཉིས་ག་ལ་བ་དེར་འདོང་བར་བྱེད་དོ། །དོང་ནས་ཀྱང་ལྷ་དེ་རྣམས་ཀུན་གྱི་སྔོན་དུ་འགྲོ་བ་བརྒྱ་བྱིན་ཡོངས་སུ་བསྐོར་ནས་བྲོ་རྡུང་བར་བྱེད་དགོད་པར་བྱེད་ཆང་ཞིམ་པོ་དག་ཀྱང་འཐུང་བར་བྱེད་དོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ལྷ་དེ་དག་ལ་འདི་ སྐད་སྨྲས་སོ། །ལྷ་དག་ཤིང་ཡོངས་འདུ་ས་བརྟོལ་མ་གཏོགས་པར་སུམ་ཅུ་རྩ་གསུམ་པའི་ཚལ་དང་ཉེ་བའི་ཚལ་ཤིང་ལྗོན་པ་ཐམས་ཅད་ཀྱི་ནང་ན་ཀུན་ཏུ་གཙོ་བོར་གྱུར་པ་ཤིང་སཱ་ལ་ཟུང་འདི་གཉིས་ལ་ལྟོས། ལྷའི་རྒྱལ་པོ་མཐོང་ལགས་སོ། །དེ་ནས་བརྒྱ་བྱིན་གྱིས་ དེ་དག་ལ་འདི་སྐད་སྨྲས་སོ། །ཀྱེ་ལྷ་ཁྱེད་ཅག་གིས་ཤིང་སཱ་ལ་ཟུང་འདིའི་མཐུ་མ་ཤེས་ཀྱི་ལྷ་ཁྱེད་རྣམས་ཀྱིས་གཟུགས་འབའ་ཞིག་ཤེས་པར་ཟད་དེ། ཤིང་སཱ་ལ་འདི་གཉིས་ཀྱི་མཐུ་ལྟོས་ཤིག། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཤིང་རྟ་ལས་བབས་ནས། རྡོ་རྗེའི་ ཕྱོགས་གཅིག་གིས་ཤིང་སཱ་ལ་ཟུང་ཡ་གཅིག་ལ་བསྣུན་པ་དང ། དེ་ནས་སྡོང་པོ་ལས་སྒོ་བྱེ་སྟེ་ཤིང་སཱ་ལ་དེའི་ནང་ན་སྟེགས་དང་འབབ་ཆུ་དང་ལྟེང་ཀ་དང་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་སྣ་ཚོགས་དང་འབབ་ཆུ་ཡང་ཤིན་ཏུ་བསིལ་ཞིང་པད་མའི་ཚལ་གྱིས་ཁེབས་ པ། སྟེགས་དང་རི་རྩེ་དག་གིས་བརྒྱན་པ། ཁ་ཅིག་ནི་ནོར་བུ་ལས་བྱས། ཁ་ཅིག་ནི་དངུལ་ལས་བྱས། ཁ་ཅིག་ནི་ཤེལ་ལས་བྱས། ཁ་ཅིག་ནི་བཻ་ཌཱུརྱ་ལས་བྱས་པ་ཡིན་ཏེ། འབབ་ཆུ་དང་ཆུ་བོ་དང་རི་བོ་ཉམས་དགའ་བ་སྣ་ཚོགས་པ་དག་མཐོང་ངོ ། །དེ་ནས་ 69-1-208b གཞན་ཡང་ལྷ་དེ་རྣམས་ཤིང་སཱ་ལ་ཟུང་དེ་ཡ་གཅིག་གི་ནང་དུ་ཞུགས་པ་དང་པད་མའི་རྫིང་རིན་པོ་ཆེ་སྣ་བདུན་གྱི་པད་མ་རྣམས་ཀྱིས་བརྒྱན་པ། བུང་བ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དག་མཐོང་ངོ ། །གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཨན་ད་རྙིལ་གྱི་ཤིང་ལྗོན་པ་འོད་གསལ་བའི་ ཚལ་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དག་ཀྱང་མཐོང་ངོ ། །བྱ་དེ་དག་ཀྱང་འདབ་གཤོག་གི་མཐའ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་རྒྱས་པ་ཡིན་ཏེ། ཇི་ལྟར་སྒྲ་འབྱིན་པ་ཐོས་ནས་ལྷ་དག་ཀྱང་སྔོན་མ་བྱུང་བ་ངོ་མཚར་ཆེ་བ་མཐོང་ནས་ཤིན་ཏུ་དགའ་བ་མྱོང་ཞིང ། གཞན་ལ་ཡང་ངོ་ མཚར་སྐྱེད་པ་དེ་ལྟ་བུའི་སྒྲ་སྙན་པ་རྣམ་པ་དུ་མ་འབྱིན་ཏོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་ལྷའི་ཚོགས་དང་ལྷན་ཅིག་ཡོངས་སུ་བསྐོར་ཏེ། ཚལ་དང་ཉེ་བའི་ཚལ་ལེགས་པར་མཐོང་བར་འདོད་པ་ཤིང་སཱ་ལ་ཟུང་ཡ་གཅིག་གི་ནང་ན་གཞལ་མེད་ཁང་དཀྲིགས་པ་ག་ལ་བ་དེར་དོང་ངོ ། ། དེར་ཡང་ལྷ་རྣམས་ཀྱིས་ཁང་བཟངས་རྣམ་པ་སྣ་ཚོགས་དཀྲིགས་པ་དག་ན་ཀ་བ་ཉམས་དགའ་བ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཀ་བ་དང་ར་བ་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བརྒྱན་པ་ལ་འདི་ལྟ་སྟེ། ཨན་ད་རྙིལ་དང་བཻ་ཌཱུརྱ་དང་གསེར་དང་དངུལ་དང་སྤུག་དང་ཤེལ་དང་མུ་ ཏིག་རྣམས་ཀྱིས་ཀ་བ་རྣམ་པ་དུ་མར་ཕྱེ་ཞིང་སྣ་ཚོགས་སུ་བརྒྱན་པ། སྟན་ཁྲ་བོ་རྣམ་པ་སྣ་ཚོགས་ལེགས་པར་བཏིང་བ། རིན་པོ་ཆེའི་གོས་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། འདུག་ཁྲི་དེ་དག་ཀྱང་སྡུག་པར་བྱས་ཤིང་རྐང་པ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་ བྱས་པའི་འདུག་ཁྲིའི་རྐང་པ་དེ་ལ་ཉེ་བར་བརྒྱན་པ་འདི་ལྟ་སྟེ། རྡོ་རྗེ་དང་ཨན་ད་རྙིལ་དང་ཤེལ་དང་གསེར་དང་དངུལ་གྱིས་རྣམ་པར་བརྒྱན་པ་དག་མཐོང་ངོ ། །དེ་ནས་གཞན་ཡང་བརྒྱ་བྱིན་སྔོན་དུ་འགྲོ་བའི་ལྷ་ཤིང་སཱ་ལ་ཟུང་གི་ནང་དུ་ཞུགས་པ་རྣམས་རིའི་རྩེ་མོ་ཀུན་ནས་མཐོང་ན་ ཡིད་དུ་འོང་བ། བྱ་སྣ་ཚོགས་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་ཅིང་སྐད་འབྱིན་པ་དག་མཐོང་ངོ ། །དེ་ནས་ལྷ་རྣམས་ལ་བརྒྱ་བྱིན་གྱིས་འདི་སྐད་སྨྲས་སོ། །ཤིང་སཱ་ལ་ཟུང་གི་ནང་ན་ཉམས་དགའ་བ་འདི་ལ་ཁྱེད་ཅག་ལྟོས། ལྷའི་རྒྱལ་པོས་དེ་སྐད་སྨྲས་པ་དང ། ལྷ་རྣམས་ 69-1-209a ཀྱིས་འདི་སྐད་སྨྲས་སོ། །བརྒྱ་བྱིན་ཇི་ལྟ་བ་བཞིན་མཐོང་ལགས་སོ། །དེ་ནས་ལྷའི་འཁོར་དེ་ན་འདི་ལྟར་ལྷ་བག་མེད་པས་ཡིད་ཤིན་ཏུ་ལྷག་པར་དབང་དུ་བྱས་པ་གང་ཡིན་པ་དེ་དག་མཐོང་བ་དང་དེ་དག་བཀར་ནས་ལས་ཀྱི་འབྲས་བུ་ཤིན་ཏུ་བསྟན་པའི་ཕྱིར་ ལས་ཀྱི་མེ་ལོང་གི་ཁང་པ་ཞེས་བྱ་བ་དེར་འཇུག་པར་བྱེད་དོ། །དེ་ནས་ལས་ཀྱི་མེ་ལོང་གི་ཁང་པ་དེར་ཞུགས་ནས་བརྒྱ་བྱིན་དེས་བཻ་ཌཱུརྱའི་རྩིག་ངོས་ཤིན་ཏུ་དྲི་མ་མེད་པ། མེ་ལོང་གཡའ་མེད་པ་ལྟར་ཀུན་ནས་གསལ་བ་དེ་དག་སྟོན་པར་བྱེད་དོ། །དེ་ནས་གཞན་ཡང་བརྒྱ་བྱིན་ དེས་ལྷ་རྣམས་ལ་སྟོན་པར་བྱེད་དེ། ལྷ་དག་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་རྩིག་ངོས་མེ་ལོང་ལྟ་བུ་ལ་བྲིས་པ་སྣ་ཚོགས་སྣང་བ་འདི་ཡིན་ཏེ། གང་དང་གང་གིས་ལས་གང་བྱས་པ་དང་རྣམ་པ་གང་དང་གུས་པ་གང་གིས་གང་གི་ཚེ། ཞིང་གང་ལ་དངོས་པོ་གང་བྱིན་པ་ ཇི་ལྟར་བྱིན་པ་དང་དད་པ་གང་གིས་སྦྱིན་པ་དང་དུས་གང་གི་ཚེ་བྱིན་པ་དེ་ལྟར་ཡོངས་སུ་བསྔོས་པ་དང ། གང་གི་ཚེ་ཡོངས་སུ་བསྔོས་པ་དང་འབྲས་བུ་གང་དུ་སྐྱེ་བར་ཡོངས་སུ་བསྔོས་པ་དང་རྣམ་པ་གང་གིས་ཡོངས་སུ་བསྔོ་བའི་སྦྱིན་པའི་འབྲས་བུ་སྣང་བ་དེ་དག་ལ་ཁྱེད་ཅག་ ལྟོས། དེ་ནས་གཞན་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ལ་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་ཚུལ་ཁྲིམས་ཤིན་ཏུ་བསྒོམས་པ། འགྲོ་བ་ཐམས་ཅད་དུ་ཕ་མ་ལྟ་བུར་གྱུར་པ། སླུ་བ་མེད་པ། རྣམ་པར་སྨིན་པ་མཆོག་ཏུ་ཉམས་དགའ་བ། མཚོ་ལྟར་རྙོག་པ་མེད་པ། མཐོ་རིས་སུ་ འགྲོ་བའི་ས་བོན་གང་གིས་གང་གི་ཚེ་ཇི་ལྟར་གང་ཞིག་གང་རྣམས་ལ་རྣམ་པ་གང་གིས་ཚུལ་ཁྲིམས་རྣམ་པ་བདུན་སྲུང་བ་དེ། དེའི་ཚེ་རྣམ་པ་དེས་གནས་སྐབས་དེར་སྐྱེས་པ་དེའི་ཚུལ་ཁྲིམས་ཀྱི་འབྲས་བུ་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་སྨིན་པ་ལ་ཁྱེད་ཅག་ལྟོས། དེ་ནས་གཞན་ ཡང་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་དེར་ལས་ཀྱི་མེ་ལོང་ཉིད་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་འདི་དག་ཀུན་ནི་ལས་ཀྱི་འབྲས་བུའི་ཚོགས་ཡིན་ཏེ། ཡེ་ཤེས་ཀྱི་སྒྲོན་མའི་སྐྱེས་བུ་གང་གིས་གང་གི་ཚེ་འདི་ལྟར་ཡེ་ཤེས་ལ་གོམས་ཤིང ། ཡང་དག་པའི་ལྟ་བར་གྱུར་པ་ཡེ་ཤེས་ 69-1-209b དེའི་ཐ་མ་དང་འབྲིང་དང་མཆོག་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འབྲས་བུ་ལ་ཁྱེད་ཅག་ལྟོས། དེ་ནས་གཞན་ཡང་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་ཡེ་ཤེས་རྣམ་པ་དགུའི་གནས་སྐབས་རབ་ཏུ་སྟོན་པར་བྱེད་དེ། སྦྱིན་པ་ཐ་མ་དང་འབྲིང་དང་ མཆོག་གིས་མཐོ་རིས་རྣམས་སུ་འབྲས་བུ་རྣམ་པར་སྨིན་པ་འབྱུང་བར་འགྱུར་རོ། །དེ་ལ་སེམས་བསྒོམས་ཤིང ། ཞིང་ཡོན་ཏན་དང་ལྡན་ལ་སླུ་བ་མེད་པའི་མཚན་ཉིད་དང་ལྡན་ཡང་དངོས་པོ་ཕུན་སུམ་ཚོགས་པ་མ་ཡིན་ན་འབྲས་བུ་དེ་ཉིད་ཆུང་ལ། འབྲས་བུ་ཡི་དགས་མཐུ་ བོ་ཆེར་འགྱུར་ཏེ། དུད་འགྲོ་ཞིག་ན་ཡང་འབྲས་བུ་བདེ་བ་འཐོབ་པར་འགྱུར་རོ། །ལྷ་དག་ལས་ཀྱི་མེ་ལོང་འདི་ཉིད་ཀྱི་ནང་ན་འབྲས་བུ་གཟུགས་བརྙན་སྣང་བ་སྦྱིན་པ་འབྲིང་འདི་ལ་ལྟོས། ལས་ཀྱི་འབྲས་བུ་སྣ་ཚོགས་བྲིས་པའི་རྩིག་ངོས་ལ་སྦྱིན་པའི་འབྲས་བུ་འབྲིང་ནི། སེམས་མ་བསྒོམས་ཤིང་དངོས་པོ་ཡོན་ཏན་དང་ཡང་མི་ལྡན་ལ། ཞིང་ཡོན་ཏན་དང་ལྡན་པ་ཁོ་ན་ལ་སྦྱིན་པའི་འབྲས་བུ་ནི། ནུབ་ཀྱི་བ་ལང་སྤྱོད་དམ་ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱི་ནང་ངམ་དུད་འགྲོའམ་གནོད་སྦྱིན་ནམ་ལྷ་མ་ཡིན་རྣམས་ཀྱི་ནང་དུ་འབྲས་བུ་འཐོབ་པར་ འགྱུར་ཏེ། འབྲས་བུ་འབྲིང་པོ་ཐོབ་པ་དེ་ཡང་དེ་ལྟར་མེ་ལོང་ལྟ་བུར་ལྷ་དེ་དག་ཉིད་ཀྱི་མངོན་སུམ་དུ་སྣང་ངོ ། །དེ་ནས་གཞན་ཡང་བརྒྱ་བྱིན་གྱིས་ལས་ཀྱི་མེ་ལོང་དེ་ཉིད་ཀྱི་ནང་ན་གཟུགས་བརྙན་གྱི་ངོ་བོར་གྱུར་པ། འདི་ལྟར་སྦྱིན་པའི་འབྲས་བུ་རྣམ་པ་གསུམ་པོ་འདི་ཡང་ རབ་ཏུ་སྟོན་པར་བྱེད་དོ། །གཞན་ཡང་ལྷ་ཁྱེད་ཅག་ཐ་མ་དང་འབྲིང་དང་མཆོག་ལ་ལྟོས་ཤིག། དེ་ལ་ཐ་མ་ནི་རྣམ་པ་གཞན་གྱིས་མི་འགྱུར་ཏེ། འདི་ལྟར་སེམས་མ་བསྒོམས་ལ་ཞིང་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་སེམས་མ་བསྒོམས་པ་ཇི་ལྟ་བུ་ཡིན་ཞེ་ན། སྦྱིན་ བདག་གང་སྲོག་ཆགས་ལ་ཤིན་ཏུ་ཕན་པ་བྱས་ཤིང ། ཞིང་དང་དངོས་པོ་རྙེད་ཀྱང་སེམས་དང་བ་མ་ཡིན་ཏེ། ལུས་ཀྱིས་མངོན་པར་ལྡང་བ་དང ། ཕྱག་འཚལ་བ་ལ་སོགས་པ་གུས་པར་མི་བྱེད་པ་འདི་ནི་ཞིང་ཡོན་ཏན་དང་ལྡན་ཞིང ། དངོས་པོ་ཡོན་ཏན་དང་ལྡན་པ་ཡིན་ 69-1-210a ཡང་སེམས་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། སྦྱིན་པ་སླུ་བ་མེད་པ་བྱས་པས། རི་བྲགས་སམ་ཀླ་ཀློ་རྣམས་ཀྱི་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་ལས་ཀྱི་མེ་ལོང་གི་ས་གཞི་ཉིད་ལ་ཁྱེད་ཅག་ལྟོས་ཤིག་ཅེས་དེ་ལྟར་བརྒྱ་བྱིན་དེ་ལྷ་རྣམས་ལ་རབ་ཏུ་སྟོན་ པར་བྱེད་དོ། །གཞན་ཡང་སྦྱིན་པའི་མཆོག་འདི་ནི་སེམས་དང་ལྡན་པ་དང ། ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་དངོས་པོ་ཡོན་ཏན་ཕུན་སུམ་ཚོགས་པ་དང་སེམས་བསྒོམས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་ཞིང་དམ་པ་ནི་སངས་རྒྱས་ལ་སོགས་ པའོ། །དངོས་པོ་ནི་བཟའ་བ་ལ་སོགས་པའོ། །སེམས་བསྒོམས་པ་ནི་སེམས་དང་བ་དང་གུས་པ་ཡིན་ཏེ་སྦྱིན་པ་འབྲས་བུ་ཆེན་པོ་འདི་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལ་ལྷ་རྣམས་ཀྱི་ནང་དུ་ནི་ལྷ་ཆེན་པོར་འགྱུར་ལ། མི་རྣམས་ཀྱི་ནང་དུ་ནི་གླིང་ བཞི་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཉེ་བའི་རིན་པོ་ཆེ་སྣ་བདུན་དང་ལྡན་པ། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་ལྟ་བ། ཕུན་སུམ་ཚོགས་པ་ཐམས་ཅད་སྤྱད་ནས་དེ་ལ་བརྟེན་ཏེ་ཚུལ་ཁྲིམས་སྤྱོད་ཅིང་ཡེ་ཤེས་ཀྱང་ཤེས་པར་ བྱེད་དོ། །དེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་དེ། སྦྱིན་པ་འདི་ནི་བླ་ན་མེད་ཅིང་སྦྱིན་པ་འདི་ཉིད་བླ་ན་མེད་པ་ཡིན་ནོ། །གཞན་ཡང་སྦྱིན་པའི་འབྲས་བུ་བཻ་ཌཱུརྱ་ཤིན་ཏུ་དྲི་མ་མེད་པའི་ལས་ཀྱི་རྩིག་ངོས་ལ་སྣང་བ་འདི་བརྒྱ་བྱིན་དེས་ལྷ་དེ་དག་ཉིད་ལ་རབ་ཏུ་སྟོན་ པར་བྱེད་དེ། འདི་ལྟར་རྣམ་པ་གཞན་རྣམ་པ་གསུམ་གྱིས་སྦྱིན་པའི་འབྲས་བུ་གཟུགས་བརྙན་སྣང་བ་འདི་ལ་ལྟོས། དེ་ནས་ཡང་བརྒྱ་བྱིན་དེས་ལྷ་དག་ལ་རབ་ཏུ་སྟོན་པར་བྱེད་དེ། འདི་ལྟར་ཟང་ཟིང་སྦྱིན་པ་དང་མི་འཇིགས་པ་སྦྱིན་པ་དང་ཆོས་སྦྱིན་པའོ། །དེ་ལ་ཟང་ཟིང་སྦྱིན་ པས་ནི་སྔ་མ་བཞིན་ལོངས་སྤྱོད་ཆེན་པོར་འགྱུར། མི་འཇིགས་པ་བྱིན་པས་ནི་ཡུལ་བཟང་པོའི་རྒྱལ་པོར་འགྱུར་ཏེ། མཚོན་ཆ་དང་ལོ་ཉེས་དང་དགོན་པ་དང་བྲལ་བ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་བྲལ་བ། འགྲན་ཟླའི་འཇིགས་པ་དང་བྲལ་བ། ནད་ཀྱི་ 69-1-210b འཇིགས་པ་དང་བྲལ་བ། མེའི་འཇིགས་པ་དང་བྲལ་བ། ཆུའི་འཇིགས་པ་དང་བྲལ་བ། འཆི་བའི་འཇིགས་པ་དང་བྲལ་བར་རྒྱལ་པོའམ་བློན་པོ་ཆེན་པོ་ཡུན་རིང་དུ་གནས་པར་བྱེད་དོ། །འདི་ནི་མི་འཇིགས་པ་བྱིན་པའི་འབྲས་བུ་ལས་ཀྱི་མེ་ལོང་གི་ནང་དུ་སྦྱིན་པ་འབྲིང་པོ་འདི་ཇི་ལྟ་ བ་བཞིན་སྣང་ངོ ། །གཞན་ཡང་སྦྱིན་པ་རྣམས་ཀྱི་ནང་ན་སྦྱིན་པ་མཆོག་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་སྣང་བ། སྦྱིན་པ་འདི་དག་གི་ནང་ན་དམ་པ་ནི་འདི་ལྟ་སྟེ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་ས་བོན། ཆོས་སྦྱིན་པ་ཡིན་ཏེ། སྦྱིན་པ་མཆོག་འདི་སྦྱིན་པའི་འབྲས་བུ་ནི་ བྱང་ཆུབ་གསུམ་སྨིན་པར་འགྱུར་རོ། །གཞན་ཡང་ཆོས་སྦྱིན་པ་དེ་ཉིད་ཀྱི་འབྲས་བུ་སྣང་སྟེ། ཉེ་བར་འཚོ་བའི་རྒྱུ་དང་གྲགས་པའི་རྒྱུ་དང་འགྲན་ཟླ་གཞན་ཟིལ་གྱིས་གནོན་པའི་རྒྱུ་དང་གཞན་ལ་ཕན་གདགས་པའི་རྒྱུ་ཁོ་ན་ཡིན་ནོ། །དེ་ལ་ཉེ་བར་འཚོ་བའི་རྒྱུ་ནི་གང་གཞན་ལ་ ཕན་གདགས་པར་ཞུགས་པས་མ་ཡིན་གྱི། ཉེ་བར་འཚོ་བར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་པ་འདི་ནི་ཐ་མ་ཡིན་ཏེ། འདི་ལྟར་གཞན་ལ་ཕན་གདགས་པར་སེམས་བསྒོམས་པའི་སྙིང་གིས་འཆད་པར་མི་བྱེད་པ་ཡིན་ལ་ནོར་རྫས་ཁོ་ནའི་ཕྱིར་འཆད་པ་ཡིན་ནོ། །ཇི་ ལྟར་གཞན་དག་ལ་འཆད་པ་དེ་ལྟར་སྒྲུབ་པ་མི་བྱེད་པ་འདི་ནི་སྦྱིན་པ་ཐ་མ་ཡིན་ནོ། །དེ་ལྟ་བས་ན་ནོར་རྫས་ཐོབ་པ་གང་ཡིན་པ་དེ་དག་ཆང་གིས་ཟད་པར་བྱེད་དམ་བུད་མེད་དང་ལྷན་ཅིག་ཟད་པར་བྱེད་པ་ཚུལ་ཁྲིམས་རྣམ་པར་སྤངས་པ་འདི་ནི་གར་མཁན་ལྟ་བུའི་ཆོས་ཉིད་ཁོ་ནར་ ཞུགས་པ་ཡིན་ཏེ་ཆོས་ཀྱི་སྦྱིན་པ་འདི་ནི་འབྲས་བུ་ཆུང་བ་ཡིན་ནོ། །དེའི་རྣམ་པར་སྨིན་པ་གར་སྐྱེ་ཞེ་ན། དེས་ལས་ཀྱི་མེ་ལོང་ལ་མཐོང་སྟེ་ལྷ་རྣམས་ཀྱི་ནང་དུ་བྱ་མཁས་པའི་རང་བཞིན་ཅན་དུ་འགྱུར་ལ། དེ་བཞིན་དུ་ཚིགས་སུ་བཅད་པ་སྟོན་པར་འགྱུར་ཏེ་འདི་ནི་ཆོས་ཀྱི་ སྦྱིན་པ་ཐ་མ་ཡིན་ནོ། །ཆོས་ཀྱི་སྦྱིན་པ་འབྲིང་ཇི་ལྟ་བུ་ཡིན་ཞེ་ན། གྲགས་པ་འདོད་པའི་ཕྱིར་ཆོས་འཆད་པའམ་ཆོས་སྨྲ་བ་གཞན་ཟིལ་གྱིས་གནོན་པའི་ཕྱིར་ཞེ་སྡང་གི་ཚུལ་གྱིས་འཆད་པ་དེའི་ཆོས་ཀྱི་སྦྱིན་པ་ནི་འབྲས་བུ་ཆུང་བ་ཡིན་ལ། དེའི་འབྲས་བུ་རྣམ་པར་སྨིན་པས་ནི་ 69-1-211a ལྷའམ་མི་འབྲིང་པོ་རྣམས་ཀྱི་ནང་དུ་སྨིན་པར་འགྱུར་ཏེ། དེ་ལྟར་བརྒྱ་བྱིན་དེས་ལས་ཀྱི་མེ་ལོང་གི་གནས་དག་ཏུ་ལྷ་རྣམས་ལ་སྟོན་པར་བྱེད་མཐོང་བར་བྱེད་དོ། །གཞན་ཡང་ཆོས་སྦྱིན་པ་མཆོག་ནི་སེམས་བསྒོམས་པ། སྐྱོན་མེད་པ་བློ་གདུལ་བར་བྱ་བའི་ ཕྱིར་སྟོན་པ་ཡིན་ལ་འཚོ་བར་མི་བྱེད་ལོག་པར་ལྟ་བ་གཞན་དག་ཀྱང་ཆོས་འདུལ་བ་ལ་རབ་ཏུ་འཇོག་པར་བྱེད་ལ་འཚོ་བར་མི་བྱེད་པ་ཡིན་ཏེ། དེ་ལྟར་བདག་དང་གཞན་ལ་ཕན་པར་ཞུགས་པ་མཐར་མྱ་ངན་ལས་འདས་པའི་ཆོས་སྦྱིན་པ་མཆོག་ཡིན་ནོ། །ཡང་བརྒྱ་བྱིན་དེས་ཆོས་ ཀྱི་སྦྱིན་པ་དེ་ཉིད་ཀྱི་འབྲས་བུ་རྣམ་པ་གཞན་གྱིས་ལྷ་རྣམས་ལ་སྟོན་པར་བྱེད་ཡང་དག་པར་འཆད་པར་བྱེད་དེ། ཤེས་རབ་ཀྱིས་མ་གྲོལ་བ་ནི་ཐ་མ་ཡིན་ནོ། །ཚུལ་ཁྲིམས་ལ་ཞུགས་པ་ནི་འབྲིང་ཡིན་ནོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ནི་མཆོག་ཡིན་ནོ། །དེ་ལ་ཤེས་རབ་ཐ་ མ་ནི་དེ་སྦྱིན་པའི་གཏམ་དང་ཡང་དག་པར་ལྡན་པ་ཤིན་ཏུ་ཁོང་དུ་ཆུད་པར་ཆོས་སྟོན་པ་མ་ཡིན་ལ་སྦྱིན་པའི་འབྲས་བུ་འབའ་ཞིག་སྟོན་པ་ཡིན་ཏེ་དེ་རྒྱུ་དེ་དང་གཞི་དེ་ལ་བརྟེན་ནས་སྦྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་དང་ཤེས་རབ་ལ་ཡང་གནས་སོ། །དེ་དད་པ་འབའ་ཞིག་གི་རྗེས་སུ་ འབྲང་བ་ཡིན་ལ། དགྲ་བཅོམ་པ་ཟག་པ་ཟད་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་འདི་ཆོས་སྦྱིན་པ་ཐ་མ་ཡིན་ཏེ། འདི་ལྟར་སྦྱིན་པའི་གཏམ་དང་ལྡན་པ་འདི་ནི་ཆོས་སྦྱིན་པ་ཡིན་ནོ། །ཆོས་སྦྱིན་པ་འབྲིང་ནི་ཚུལ་ཁྲིམས་ཀྱི་གཏམ་དང་རབ་ཏུ་ལྡན་ཞིང་སེམས་ཡོངས་སུ་བསྒོམས་པས་ སྟོན་པ་ཤེས་རབ་འབྲིང་ཡིན་ལ། དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་ལས་ཀྱི་མེ་ལོང་གི་རྩིག་ངོས་ཀྱི་ནང་ན་སྣང་སྟེ། འདི་ལྟར་ཤེས་རབ་ཀྱི་རྗེས་སུ་འབྲང་བ་དགྲ་བཅོམ་པའམ་ཤིན་ཏུ་མྱུར་བར་ཟག་པ་ཟད་པར་བྱེད་ན་རང་སངས་རྒྱས་སུ་འགྱུར་ཏེ།ཆོས་སྦྱིན་པ་འབྲིང་དེའི་རྒྱུས་ ལས་ཀྱི་རྣམ་པར་སྨིན་པ་ལས་ཀྱི་མེ་ལོང་གི་ནང་ན་སྣང་ངོ ། །གཞན་ཡང་ཆོས་སྦྱིན་པ་མཆོག་ནི་འདི་ལྟ་སྟེ། སེམས་ཤིན་ཏུ་ཡོངས་སུ་བསྒོམས་པ། འདོད་པ་མེད་པར་ཤེས་པ་སྦྱིན་ཞིང་ཡོན་ཏན་འབའ་ཞིག་མངོན་པར་རྗོད་པར་བྱེད། གཞན་ལ་ཕན་གདགས་པར་ཞུགས་པ་ཆོས་ 69-1-211b སྟོན་པ་ཡིན་ཏེ་འདི་ལྟ་སྟེ། འདོད་པའི་ཉེས་དམིགས་ཀྱི་རོ་མྱང་བ་ལས་ངེས་པར་འབྱུང་བའམ། གཞན་ལོག་པའི་ལྟ་བ་ལ་ཞུགས་པ་ཡང་ཆོས་འདུལ་བ་ལ་རབ་ཏུ་འཇོག་པར་བྱེད་ཅིང ། ཆོས་འདུལ་བ་སྐྱོན་མེད་པ་ཡང་སྟོན་པར་བྱེད་པ་ཡིན་ཏེ་འདི་ནི་ཆོས་སྦྱིན་པ་མཆོག་ཡིན་ནོ། ། དེའི་འབྲས་བུ་ནི་བྱང་ཆུབ་ཏུ་འགྱུར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཆོས་འདུལ་བ་བླ་ན་མེད་པ། ཐོག་མ་དང་བར་དང་ཐ་མར་དགེ་བ། དེ་ནི་ཆོས་སྦྱིན་པ་མཆོག་ ཡིན་ནོ། །དེ་ལྟར་བརྒྱ་བྱིན་དེས་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་རྣམ་པ་དུ་མ་ཡོད་པ་ལྷ་རྣམས་ལ་སྟོན་པར་བྱེད་དེ། དེ་ལྟར་ཐམས་ཅད་སྟོན་པར་བྱེད་དོ། །འདི་ལྟར་ལྷ་གཞན་གང་ཡིན་པ་དེ་དག་ལ་མངོན་པར་བརྟགས་ན། ལྷ་དེ་དག་ཀུན་ནས་ཤིན་ཏུ་ངོ་ཚ་བར་གྱུར་པ་དང་དེ་དག་ ལ་དེ་ལྟར་མ་བྱེད་ཅིག་།འདི་ལྟར་སྲིད་པ་དང་སྲིད་པར་རྒྱུ་དང་འཐུན་པར་འབྲས་བུ་མངོན་པར་འགྲུབ་བོ་ཞེས་བསྟན་ཏེ། དེ་ལྟར་ཟླ་བ་བས་ལྷག་པའི་ལུས་གང་ཡིན་པ་དེ་དག་མཐོང་ནས། བདག་གི་དྲུང་དུ་ལྷགས་པ་དེ་དག་ཉིད་ལ་བསྟན་པའི་ཕྱིར། ལས་བྱས་པ་འདིས། ལས་ ཐ་མ་དང་འབྲིང་དང་མཆོག་དང་གསུམ་པོ་འདི་དག་ལྷ་རྣམས་ལ་བསྟན་པ་ཡིན་ཏེ་ལྷ་དག་ངོ་ཚ་བར་བྱས་པས་དེས་ཆོག་ཆོག་།དེ་ནས་ལྷ་དེ་རྣམས་ཀྱིས་མ་མཐོང་བ་ངོ་མཚར་ཆེ་བ་དེ་ལ་མངོན་པར་བརྟགས་ནས་འཁོར་བ་ལ་ཤིན་ཏུ་ཡིད་སྐྱོ་བ་རྣམས་ཀྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་ པ། འདོད་པ་དོན་མེད་རྒྱགས་པས་མྱོས། །ལྷ་རྣམས་རང་བཞིན་སྟོབས་ཆུང་བ། །འདོད་པ་རྣམས་ཀྱིས་འཁྱམ་ཞིང་རྩེ། །འཇིགས་པ་ཆེན་པོ་མི་མཐོང་ངོ ། །འདོད་པ་མི་ཕན་བྱེད་རྣམས་ལ། །ལྷ་གང་ཡིད་ནི་རྟོན་བྱེད་པ། །ལེགས་བྱས་ཟད་ནས་བླུན་པོ་དག་།ཕྱི་ནས་ སོ་སོར་རིག་པར་འགྱུར། །ལྷ་རྣམས་ལ་ནི་བྱེ་བྲག་ཏུ། །ཕུན་སུམ་ལྡན་པ་མོད་ལ་འཇིག་།ཇི་ལྟ་ཇི་ལྟར་བདེ་དང་དགའ། །དེ་འཇིག་དེ་ལྟར་ཉོན་མོངས་སོ། །གང་ཚེ་ལྷ་ཡི་འཇིག་རྟེན་ནས། །སེམས་ཅན་དམྱལ་བར་ལྷ་ལྟུང་བ། །ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས། ། 69-1-212a ཐམས་ཅད་དུ་ནི་གནོད་པར་འགྱུར། །དེ་ཡི་སྡུག་བསྔལ་ཤིན་ཏུ་ཚ། །དེ་ནི་ཚད་གཟུང་མི་ནུས་སོ། །སྡུག་བསྔལ་རྣམས་ཀྱི་ནང་ན་མཆོག་།འབྲལ་བ་སྡུག་བསྔལ་ཡོངས་སུ་རྗོད། །དེ་ཡང་ལྷ་ཡི་ཚོགས་ནང་ན། །གཙོ་བོར་རྟག་ཏུ་ཡང་དག་འཇུག་།སེམས་ ཀྱིས་ཡོངས་སུ་བསླུས་པ་ཡི། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ ། །འདོད་པས་ཤིན་ཏུ་བསླུས་པ་རྣམས། །ད་ལྟར་བཟང་བ་སྐད་ཅིག་སྟེ། །བརྒྱ་དང་འབུམ་དང་དེ་བཞིན་དུ། །བྱེ་བ་ཐེར་འབུམ་ཕྲག་བརྒྱ་ཡི། །འདོད་པ་ཐོབ་ཀྱང་འཇིག་འགྱུར་བ། །དེ་ལ་མི་དག་ཡིད་མ་རྟོན། །ལེགས་ པར་བྱས་པའི་ལས་ཀྱི་རྒྱུས། །དེ་ཡི་འབྲས་བུ་རྟག་ཏུ་བདེ། །ཤིང་ཉམས་འབྲས་བུ་མེད་པ་ལྟར། །རྒྱུ་ཟད་ནས་ནི་འབྲས་བུ་མེད། །བག་མེད་དེ་ཉིད་མཐོང་རྣམས་ཀྱིས། །སྲོག་ཟད་བྱེད་པ་དུག་ལྟར་མཐོང ། །རྟག་ཏུ་མེ་ལྟར་སྲེག་བྱེད་ཅིང ། །མཚོན་ཆ་ལྟར་ནི་གཅོད་པར་བྱེད། ། སྔོན་ནི་མཛའ་བཤེས་ལྟ་བུར་མཐོང ། །ཕྱི་ནས་དགྲ་ལྟ་བུར་མཐོང་ངོ ། །ལུས་ཅན་ཀུན་ལ་བག་མེད་པ། །མཆིལ་པ་ལྟ་བུར་རབ་ཏུ་འཇུག་།ལྷ་དང་ལྷ་མིན་མི་དག་དང ། །ཀླུ་རྣམས་ལ་ཡང་ཁྱད་པར་དུ། །དོན་རྣམས་ཐམས་ཅད་མེད་བྱེད་པ། །དེ་ཡིས་བག་མེད་རྒྱུ་མཐོང་ངོ ། ། བརྒྱ་བྱིན་བདག་ཅག་བསོད་ནམས་ཀྱིས། །ལེགས་པར་བགྱིས་པ་དག་ཀྱང་བསྲུངས། །ཁྱོད་ཀྱིས་སྲིད་པའི་བཙོན་ར་གང ། །འདི་དག་ཐམས་ཅད་བསྟན་པ་ལས། །དེ་ལྟར་བརྒྱ་བྱིན་ལྷ་དེ་ལ། །སྨྲས་ནས་དེ་ལ་འདི་སྐད་སྨྲས། །བརྒྱ་བྱིན་ཁྱོད་ལ་ངོ་མཚར་རྨད། །ཆེན་པོ་འདི་ ནི་སུ་ཡིས་བསྟན། །དེ་ལ་བརྒྱ་བྱིན་དེས་སྨྲས་པ། །གང་གིས་བསྟན་འདི་ང་ལས་ཉོན། །བདག་སྐྱེས་པ་ན་སྔོན་གྱི་ལྷ་ཕྲེང་བཟང་ཞེས་བྱ་བ་ཞིག་ཡོད་དེ། དེ་དང་བདག་ཤིན་ཏུ་བཤེས་པར་གྱུར་ཏོ། །དེས་བརྒྱུད་པ་ལས་ཐོས་ལ་འགའ་ཞིག་གི་ཕྱིར་ཡང་འདི་ལྟར་བཅོམ་ལྡན་ འདས་འོད་སྲུང་ཞེས་བྱ་བ་ཞིག་གདུལ་བའི་དབང་གིས་མཐོ་རིས་འདིར་གཤེགས་ཞེས་ཐོས་སོ། །དེས་ཀྱང་ལྷ་ཤིན་ཏུ་བག་མེད་པར་གནས་པ་རྣམས་རྟག་ཏུ་གཟིགས་ནས། དེ་དག་ལ་ཕན་པར་མཛད་པའི་ཕྱིར་ཤིང་སཱ་ལ་ཟུང་འདི་བསྐྲུན་ཏོ། །ལས་ཀྱི་མེ་ལོང་སྤྲུལ་པའི་ནང་དེ་ 69-1-212b ཡང་བདག་ཅག་རབ་ཏུ་བག་མེད་པར་གྱུར་པ་དང་ཁྱོད་བག་མེད་པར་མ་གནས་ཤིག་ཅེས་ལྷ་དེས་ཤིན་ཏུ་བསྟན་ཏེ་འདི་ལྟར་འདུས་བྱས་ཐམས་ཅད་ནི་ལོག་པར་ལྟུང་བ་ཡིན་ལ། གང་གི་ཚེ་ཁྱོད་དམ་ལྷ་བག་མེད་པར་གནས་པ་གཞན་དག་ཕན་ཚུན་གཟུགས་ཐ་མ་དང་འབྲིང་དང་མཆོག་ ལ་ངོ་ཚ་དང་བཅས་པར་གྱུར་པ་དེའི་ཚེ། ཁྱོད་ཀྱིས་ལྷ་དད་པ་ཅན་བག་ཡོད་པ་ལ་གནས་པ་མ་ཡིན་པ་གང་ཡིན་པ་དེ་དག་ནང་དུ་བཅུག་སྟེ། འདི་དག་བསྟན་ཅིང་དེ་རྣམས་ལ་རྨད་དུ་བྱུང་བ་འདི་ཡང་དག་པར་བསྟན་པར་བྱའོ། །འདི་ལྟར་བཅོམ་ལྡན་འདས་དེས་ཀྱང་ལྷ་རྣམས་ལ་ ཕན་པར་མཛད་པའི་ཕྱིར་འདི་བསྟན་ཅིང ། ལྷ་དག་ཀྱང་བཏུལ་ལ་ལས་ཀྱི་མེ་ལོང་གིས་རྒྱགས་པ་དང་ཕྲལ་ནས་དགེ་བའི་ལམ་ལ་རབ་ཏུ་བཀོད་དེ། དེ་ནས་ཡང་སླར་འཛམ་བུའི་གླིང་དུ་གཤེགས་སོ་ཞེས་བསྟན་ཏོ། །ལྷ་དེ་ལས་བདག་གིས་དེ་སྐད་ཐོས་ཏེ་ཐོས་ནས་ཀྱང་གཅིག་ཏུ་ འགའ་ལ་ལྷ་དེ་དག་ངོ་ཚ་བ་དང་བཅས་ཏེ་ལྷགས་སོ། །དེ་དག་གི་ངོ་ཚ་བ་བསལ་བའི་ཕྱིར་དང་བག་མེད་པ་དང་དྲེགས་པ་བསལ་བའི་ཕྱིར་ལས་ཀྱི་མེ་ལོང་གི་རྩིག་ངོས་ལ་བྲིས་པ་ཐ་མ་དང་འབྲིང་དང་མཆོག་འདི་ཁྱེད་ཅག་ལ་རབ་ཏུ་བསྟན་པ་ཡིན་ནོ། །གཞན་ཡང་ཤིང་སཱ་ལ་ཟུང་གཉིས་པ་འདི་ ཉིད་དུ་འཇུག་པར་བྱའོ། །དེ་ཡང་དེ་བཞིན་དུ་བཅོམ་ལྡན་འདས་འོད་སྲུང་དེ་ཉིད་ཀྱིས་ལྷ་རྣམས་ལ་ཕན་པར་མཛད་པའི་ཕྱིར། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བ་ལྟ་བུར་སྤྲུལ་པ་མཛད་པ་དེ་ཡང་བདག་གིས་ཁྱེད་ཅག་ལ་རབ་ཏུ་བསྟན་པར་བྱའོ། །དེ་ནས་དེ་སྐད་སྨྲས་ནས། ཡང་བརྒྱ་བྱིན་ གྱིས་ལྷ་དེ་དག་ལ་འདི་སྐད་དུ། བཅོམ་ལྡན་འདས་འོད་སྲུང་དེ་ལ་སྤྱི་བོས་ཕྱག་འཚལ་ལོ་ཞེས་སྨྲས་ནས། དེ་ནས་ཡང་དེ་ལྟར་སྒོ་དེ་ཉིད་ནས་ཕྱིར་བྱུང་བ་དང་སྒོ་ཡང་དེ་བཞིན་དུ་བཅད་དོ། །དེ་ནས་ལྷ་ཡིད་རབ་ཏུ་དགའ་བ། ཕྱི་རོལ་གྱི་སྐྱེད་མོས་ཚལ་ན་དགའ་སྤྱོད་བྱེད་པར་ཞུགས་པ། སིལ་སྙན་གྱི་སྒྲ་རྣམ་པ་སྣ་ཚོགས་འབྱིན་པ་རབ་ཏུ་མྱོས་པ་བྲོ་རྡུང་ཞིང་དགོད་པ་གང་ཡིན་པ་དེ་དག་གིས་བརྒྱ་བྱིན་ཉེ་བ་ན་འདུག་པར་རིག་ནས་མགོ་བོས་སོ་སོར་ཕྱག་འཚལ་ནས། ཡང་ཡིད་ཤིན་ཏུ་ཆགས་པ་དག་བྲོ་རྡུང་བར་བྱེད་དགོད་པར་བྱེད་ཕན་ཚུན་པད་མ་དག་བླངས་ནས་རྡེག་པར་བྱེད་དོ། ། 69-1-213a དེ་ནས་བརྒྱ་བྱིན་དང་ལྷན་ཅིག་ཤིང་སཱ་ལ་ཟུང་དེར་ཞུགས་པའི་ལྷ་གང་ཡིན་པ་དེ་དག་གིས་ལྷ་དེ་རྣམས་ལ་རྨད་དུ་བྱུང་བ་དེ་དག་སྟོན་པར་བྱེད་ཀྱང ། བག་མེད་པའི་དབང་དུ་གྱུར་པ་དེ་དག་ཉན་པར་ཡང་མི་བྱེད་ལ་རྨད་དུ་བྱུང་བ་དེ་ལ་གང་ཡང་དད་པ་མི་སྐྱེད་དོ། །དེ་ནས་བརྒྱ་ བྱིན་ཡང་ལྷ་དེ་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་སྤྱོད་པ་དེ་དག་ཉིད་དང་ལྷན་ཅིག་པད་མའི་ཚལ་དེ་རྣམས་ན་དགའ་བར་བྱེད་ཅིང་སིལ་སྙན་དང་རོལ་མོའི་སྒྲ་སྣ་ཚོགས་འབྱིན་པ། ཕན་ཚུན་གྲོགས་སུ་གྱུར་པ། རྒྱགས་པ་འབའ་ཞིག་དོན་དུ་བྱེད་པ། ལྷའི་ཕྲེང་བ་དང་རྒྱན་དང་ལྡན་པ། ཤིན་ ཏུ་བདེ་བ་དང་ལྡན་པ། འདོད་པའི་ཡིད་ལ་རབ་ཏུ་མྱོས་པ་རང་གི་ལེགས་པར་བྱས་པ་ལ་ཆགས་པ་རྣམས་ཚལ་དང་ཉེ་བའི་ཚལ་དག་ན་ཡོངས་སུ་སྤྱོད་པར་བྱེད་དགའ་བར་བྱེད་མཆོག་ཏུ་དགའ་བར་བྱེད་དོ། །དེ་རྣམས་ཀྱི་ནང་ན་ལས་བྱས་པའི་མེ་ལོང་གི་གནས་རྨད་དུ་བྱུང་བ་མཐོང་བའི་ལྷ་ གང་ཡིན་པ་དེ་དག་བྱ་བ་བྱས་པ་བཞིན་དུ་རྒྱགས་པའི་སྤྱོད་ལམ་ལ་གནས་པ་དང་བྲལ་ཞིང་སེམས་སྙིང་རྗེ་ཅན་དུ་གྱུར་ནས་ལྷ་དེ་དག་ལ་མངོན་པར་རྟོག་པ་ན། ཀྱེ་མ་ལྷ་རབ་ཏུ་མྱོས་པར་གནས་པ་འདི་དག་གིས་ནི་འདི་ལྟར་ངེས་པར་ལྟུང་བར་འགྱུར་ཞིང་ལྷུང་ནས་ཀྱང ། སེམས་ཅན་ དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། འཁོར་བའི་མཐར་གཏུགས་པའི་བར་དུ་ལས་ལ་རྟོན་པ་ལས་ཀྱི་རང་བཞིན་ཅན་དག་ཇི་ལྟར་ལས་དགེ་བའམ་སྡིག་པ་བྱེད་པ་དེ་དེ་བཞིན་དུ་ལས་ཀྱི་སྐལ་བར་འགྱུར་བ་དག་མི་ཤེས་སོ་སྙམ་ནས། དེ་ལྟར་ལྷ་དེ་ རྣམས་ལྷ་དེ་དག་ལ་སྙིང་རྗེ་བར་བྱེད་དོ། །དེ་ནས་ཆོས་བཟང་ན་གནས་པའི་ལྷ་ཕྱི་མ་དེ་དག་ཀྱང་བརྒྱ་བྱིན་ལ་འདི་ལྟར་ལྷའི་རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་ལ་བདག་ཅག་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་ལྷའི་ཚལ་དང་ཉེ་བའི་ཚལ་དག་ན་དགའ་བར་བགྱིད་ དགའ་དགུར་སྤྱོད་པར་བགྱིད་ན། ལྷའི་རྒྱལ་པོ་བདག་ཅག་ལ་དགོངས་པར་མི་མཛད་དམ་ཞེས་སྨྲས་སོ། །དེ་ནས་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་འདི་སྐད་སྨྲས་པ། ལྷ་དག་བདག་ནི་བྱེད་པ་མང ། །བག་མེད་པ་ལ་གནས་པ་མེད། །གང་ཟག་བག་མེད་དབང་ 69-1-213b གྱུར་པ། །དེ་ཉིད་རབ་ཏུ་མི་མཐོང་ངོ ། །རྟག་ཏུ་བག་མེད་དབང་གྱུར་གང ། །དེ་ནི་དགེ་བའི་འོས་མིན་ཏེ། །དགེ་བ་སྤངས་པའི་གང་ཟག་ནི། །སེམས་ཅན་དམྱལ་བར་ཉེ་བར་འདྲེན། །དགའ་ཞིང་ཡིད་དུ་འོང་བ་ཀུན། །རབ་ཏུ་འབྲལ་བར་འགྱུར་སྲིད་ཀྱང ། །འཚོ་བའི་མཐའ་ནི་འཆི་ བ་དག་།ལྷ་ཡིས་ཤིན་ཏུ་མི་མཐོང་ངོ ། །འཆི་བའི་ཚེ་ན་འབྱུང་བ་གང ། །དབང་པོ་སེམས་ནི་བློང་བ་དག་།ངེས་པར་འབྱུང་བར་འགྱུར་བ་གང ། །སྡུག་བསྔལ་མི་བཟད་དེ་ཤེས་ཀྱི། །སྲིད་གསུམ་འདུས་བྱས་ཐམས་ཅད་ནི། །མགལ་མེའི་འཁོར་ལོ་ལྟ་བུ་དང ། །དྲི་ཟའི་གྲོང་ ཁྱེར་ལྟ་བུ་དང ། །དབུ་བ་ཆུ་བུར་ལྟ་བུ་སྟེ། །རྨོངས་པ་དབུ་བའི་ཕུང་པོ་ལ། །མལ་སྟན་འདིང་བར་བྱེད་པ་གང ། །རྨོངས་པ་འདུས་བྱས་བྱེད་པ་དེ། །མི་བརྟན་བདག་ཉིད་མངོན་པར་ཆགས། །ལས་ཀྱིས་ཡོངས་སུ་སྦྲེལ་བ་ནི། །འཆི་བའི་ཚེ་ན་ལྷ་དང་མི། །དེ་བཞིན་གནོད་སྦྱིན་ལྷ་ མ་ཡིན། །ཀླུ་དང་མཁའ་ལྡིང་སྐྱོབ་མི་བྱེད། །འཆི་བའི་རྒྱལ་པོ་མི་བཟད་པ། །ཇི་སྲིད་མ་འོངས་བར་དུ་ནི། །དེ་སྲིད་ལེགས་པར་བྱས་སྤྱོད་པ། །ཕྱི་ནས་གདུང་བར་མ་བྱེད་ཅིག་།སྲིད་པས་དེ་དག་ཡང་དྲངས་པ། །ཡུལ་རྣམས་ལ་ནི་རྒྱུག་པར་བྱེད། །ཁྱེད་ལ་དུ་མར་བསྒོ་བ་ཡིན། ། བག་མེད་རྣམས་ལ་མ་ཆགས་ཤིག་།ཡུལ་གྱིས་དམ་དུ་བཅིངས་པ་ནི། །སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ། །དེ་བས་གཏན་དུ་སྤངས་ནས་སུ། །ངེས་པར་ལེགས་པར་ཡིད་ལ་བྱོས། །དེ་ལྟར་བརྒྱ་བྱིན་དེས་ལྷ་དེ་རྣམས་ལ་རྗེས་སུ་བསྟན་པ་དང་འདི་ལྟར་བདེ་བ་དེའི་དབང་དུ་གྱུར་ པ་རྣམས་ཅུང་ཟད་ཀྱང་སེམས་ལ་མི་འཇོག་གོ། ལས་ཀྱི་མེ་ལོང་མངོན་སུམ་དུ་མཐོང་བའི་ལྷ་གང་ཡིན་པ་དེ་དག་ནི་མ་གཏོགས་ཏེ། དེ་རྣམས་ནི་ཤིན་ཏུ་ཡི་ཆད་ནས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་འདི་ལྟར་ཤིང་སཱ་ལ་ཟུང་གཉིས་པར་གཤེགས་དང ། དེ་ནས་ཡང་ བཅོམ་ལྡན་འདས་འོད་སྲུང་དེས་ལྷ་བག་མེད་པས་རྨོངས་པ་རྣམས་ལ་ཕན་པར་བགྱི་བའི་སླད་དུ། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བར་འཐུན་པའི་སྤྲུལ་པ་གང་ལགས་པ་དེ་དག་ལྷའི་རྒྱལ་པོས་བདག་ཅག་ལ་རབ་ཏུ་བསྟན་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ལྷ་ཤིན་ཏུ་བག་མེད་པས་ 69-1-214a གནས་པ་དག་རིག་ནས་ཚལ་དང་ཉེ་བའི་ཚལ་རྣམས་སུ་རྩེ་བར་དོང་ངོ ། །དེ་ནས་ཡང་ལྷ་རྣམ་པར་གཡེངས་པ་དེ་རྣམས་དང་ཤིན་ཏུ་ཡི་ཆད་པ་དག་དང་ཡང་ལྷན་ཅིག་ཤིང་སཱ་ལ་ཟུང་གཉིས་པ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དེ་བཞིན་དུ་དེས་སྡོང་པོ་དེ་ཉིད་ཀྱི་ སྒོ་འབྱེད་པར་བྱེད་དོ། །འབྱེད་པ་དང་དེ་བཞིན་དུ་སྒོ་ཕྱེ་སྟེ། བརྒྱ་བྱིན་དེ་ལྷ་དེ་རྣམས་དང་ལྷན་ཅིག་དེ་ཉིད་དུ་ཞུགས་པ་དང་ལྷ་རྣམས་ཀྱིས་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ། སྔོན་ཆད་གར་ཡང་མ་མཐོང་བའི་དགའ་བ་གང་ཡིན་པ་དེ་དག་དང་འདོད་པ་ཐམས་ཅད་འབྱོར་པ། བྱ་རྣམ་པ་སྣ་ཚོགས་ཀུན་ནས་ལོང་ལོང་པོར་འཁོད་པ། པད་མའི་ཚལ་གྱིས་བརྒྱན་པ། གསེར་བཙོ་མའི་ཤིང་ལྗོན་པས་ཀུན་ནས་འཁྲིགས་པ་ཐམས་ཅད་དུ་མཐོང་ན་དགའ་ཞིང་ཡིད་དུ་འོང་བ། འཇིག་རྟེན་གྱི་བདེ་བའི་མཆོག་བལྟ་ན་སྡུག་པ། རླུང་བསྟེན་ན་བདེ་བ། རིའི་ ཟོམ་ཡང་རིན་པོ་ཆེའི་རྡོ་སྣ་བདུན་གྱིས་རྣམ་པར་བརྒྱན་པ། བྱ་རྣམ་པ་སྣ་ཚོགས་སྐད་འབྱིན་པ་མཐོང་ངོ ། །དཔག་བསམ་གྱི་ཤིང་ཉི་མ་ལྟར་གཟི་ཆེ་བས་ཀུན་ནས་གསལ་བ་ཡིན་ཏེ། ཉི་མ་ལྟ་བུ་དེ་རྣམས་ཀྱིས་ཤིང་སཱ་ལའི་ནང་དེ་དག་ཐམས་ཅད་རྣམ་པར་གསལ་བ། བཟའ་བ་དང་བཏུང་བའི་ཆུ་བོ་ཡང་དྲི་དང་རོ་དང་མདོག་སྣ་ཚོགས་སུ་འབབ་པ་རྣམས་མཐུ་རབ་ཏུ་ཆེ་བར་འབབ་པ། དེའི་ནང་ན་དྲི་ཤིན་ཏུ་མི་བཟད་པར་ཞིམ་པོ་ཡོད་དེ། ཡོན་ཏན་སྣ་ཚོགས་ཕུན་སུམ་ཚོགས་པ་དེ་རྣམས་སྣས་རིམ་གྱིས་ཤིན་ཏུ་མྱོང་བར་བྱེད་དོ། །དེ་ལྟར་དབང་པོ་ ལྔ་རྣམས་ཀྱི་ཡུལ་ལྔ་སེམས་དང་ལྡན་པ་ལྟར་སྡུག་པར་སྟོན་པ། ཉི་མ་ནུབ་པ་ལྟར་མི་རྟག་སྟེ་འཕྲལ་འཕྲལ་ལ་བྱུང་བའི་སྟོབས་ཀྱིས། དབང་དུ་གྱུར་པའི་ལྷ་གང་ཡིན་པ་དེ་རྣམས་ཀྱི་དབང་པོ་ཡང་ཤིན་ཏུ་བདེ་བ་ཉིད་ཡིན་ན། གང་ལས་བར་མས་ཉེ་བར་འགྲོ་བ་རྣམས་ལྟ་ སྨོས་ཀྱང་ཅི་དགོས། དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཚལ་དང་ཉེ་བའི་ཚལ་ཤིན་ཏུ་ཉམས་དགའ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་རྣམས་ལ་ཡང་དག་པར་བསྟན་ཏེ་དེ་དག་གི་ཁྱད་པར་ནི་ཕྱི་རོལ་ན་གནས་པ་རྣམས་ཀྱི་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་གང་ཡིན་པ་དེ་དག་ 69-1-214b དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ནས་ལྷའི་དབང་པོས་ཐམས་ཅད་མ་ལུས་པར་བསྟན་ནས་རྡོ་ཤིན་ཏུ་གསལ་བ་ལས་ས་གཞི་བྱས་པ། ལྷག་པར་ཉམས་དགའ་བ་བསྟན་པར་བྱ་བའི་ཕྱིར་ག་ལ་བ་དེར་འདོང་བར་བྱེད་དོ། །བཻ་ཌཱུརྱའི་ཁང་བཟངས་ཀ་བ་སྟོང་ཡོད་ལ་པད་མ་རཱ་གའི་ ལན་ཀན་བྲེས་པ། ས་གཞི་གསེར་ལས་བྱས་པ། ཚུར་དཔག་ཚད་ལྔ་ཡོད་ལ། ཞེང་དུ་དཔག་ཚད་གསུམ་ཡོད་པ། བཅོམ་ལྡན་འདས་འོད་སྲུང་དེའི་རྫུ་འཕྲུལ་གྱིས་མཛད་པ་ཡིན་ནོ། །དེ་ནས་བརྒྱ་བྱིན་ཁང་བཟངས་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་ཀྱིས་བརྒྱན་པ་དེ་ལ་ལྷ་དེ་རྣམས་ དང་ལྷན་ཅིག་དེར་འཛེགས་པ་དང་ཁང་བཟངས་དེ་ལ། བཅོམ་ལྡན་འདས་དེ་ཉིད་ཀྱི་གཟུགས་བརྙན་སྤྲུལ་པ་གང་ཡིན་པ་དེ་ལ། འདི་ནི་བཅོམ་ལྡན་འདས་ཉིད་ཆོས་སྟོན་པ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནས་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་དེ་ལ་མགོ་བོས་ཕྱག་ འཚལ་ཏེ། ལྷའི་ཚོགས་རྣམས་དང་ལྷན་ཅིག་ཤིན་ཏུ་གུས་པར་གྱུར་པའི་ཡིད་ཀྱིས་ཕྱག་འཚལ་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རབ་ཏུ་གྲོལ་བ་སྐྱོབ་མཛད་ཅིང ། །ཞི་བ་དང་ནི་ཐར་པའི་སྒོ། །འབྱེད་པར་མཛད་པ་འཇིག་རྟེན་མགོན། །དེ་ཡི་གཟུགས་བརྙན་ འདི་བཞུགས་སོ། །མི་གང་ཞི་བའི་ཡིད་ཀྱིས་སུ། །འདི་ལ་རྟག་ཏུ་ཕྱག་འཚལ་ན། །དེ་ནི་སྲིད་པའི་འཇིགསལས་ཐར། །མྱ་ངན་འདས་པའང་རྟོགས་པར་འགྱུར། །མྱ་ངན་འདས་གྲོང་སྟོན་མཛད་པ། །ཆོས་འདི་གསུང་བ་གང་ཡིན་པ། །དེ་ནི་ཞི་བ་མཆོག་ཏུ་དགའ། །དེ་ནི་ མཐའ་ལས་བྱུང་ཞེས་བྱ། །སྐྱེས་བུ་བརྟན་པོ་རྩལ་པོ་ཆེས། །དེ་ཡི་བཀའ་ལ་བརྟེན་ན་ནི། །གཏན་དུ་བདེ་བ་འབྱུང་བ་གང ། །རྟག་པའི་གནས་ནི་འཐོབ་པར་འགྱུར། །སྐྱེས་བུ་དེ་ཉིད་སེམས་པ་པོ། །སྒྲོལ་བྱེད་འདི་ལ་བརྟེན་ནས་སུ། །སྲིད་གསུམ་རྒྱ་མཚོ་ཆུ་བོའི་ཀློང ། ། མི་བཟད་འཇིགས་ལས་སྒྲོལ་བར་བྱེད། །འདི་ནི་འཇིག་རྟེན་བཅས་པའི་མིག་།ཀུན་ནས་འབྲལ་བའི་མིག་རྣམས་ཡིན། །ཤིང་ལས་བྱུང་བ་མེ་མིན་གྱི། །འདི་ནི་མེ་ཡི་ནང་ན་མཆོག་།འདོད་ཆགས་ལ་སོགས་དྲི་མ་ཡིས། །མི་རྣམས་སེམས་ལ་སྡིག་བཅས་པ། །ཁྱུ་མཆོག་ 69-1-215a དེའི་བཀའ་ཡེ་ཤེས་ཆུས། །དག་པ་ཉིད་དུ་འཁྲུ་བར་མཛད། །མུ་སྟེགས་ཤེས་པའི་ང་རྒྱལ་ཅན། །ཀུན་གྱིས་གནས་གང་མ་མཐོང་བ། །གནས་དེ་ཁྱོད་ཀྱི་དྲི་མ་མེད། །གསུང་རྣམས་ཀྱིས་ནི་མི་ལ་བསྟན། །སྐྱེ་བོ་ཤིན་ཏུ་བག་མེད་པ། །འདི་དག་མགོན་ པོ་ཁྱོད་ཀྱིས་བསྒྲལ། །མགོན་པོ་རྒལ་ནས་ཕ་རོལ་གཤེགས། །སྐྱེ་བོ་གཞན་ཡང་སྒྲོལ་བར་མཛད། །སྐྱེ་བོ་ཀུན་ལ་སྨན་སླད་དུ། །ཁྱོད་ཉིད་གཅིག་པུར་བཞུགས་པར་བྱས། །ཕན་མེད་རྣམས་ལ་ཕན་མཛད་ཕྱིར། །ཁྱོད་ཉིད་ཁོ་ན་མི་མཆོག་ལགས། །དེ་ལྟར་ བརྒྱ་བྱིན་དེས་གཟུགས་བརྙན་དེ་ལ་བསྟོད་ཅིང ། གུས་པར་ཕྱག་འཚལ། ལྷ་ཐམས་ཅད་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་གཟུགས་བརྙན་སྤྲུལ་པ་དེ་ལ་མངོན་པར་ཕྱག་འཚལ། ན་བཟའ་ཆོས་གོས་བྱིན་གྱིས་བརླབས་པ་ཐགས་སུ་མ་བཏགས་པ་གང་ཡིན་ པ་དེ་ལ་ཡང་ལྷ་རྣམས་མགོ་བོས་ཕྱག་འཚལ་ཏེ། གཟུགས་བརྙན་དེ་མཐོང་ནས་ཡང་རྒྱགས་པ་ཉིད་ཡོངས་སུ་ཉམས་པར་གྱུར་ཏོ། །དེའི་རྫུ་འཕྲུལ་གྱིས་མཛད་པའི་གཟུགས་བརྙན་གྱི་རྣམ་པ་ཇི་ལྟ་བུར་བཞུགས་པ་དེ་ལྟ་བུར་བརྒྱ་བྱིན་གྱིས་འབུམ་གྱི་ཆར་ཡང་མི་ཕོད་ན། ལྷ་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བརྒྱ་བྱིན་གྱིས་རྫུ་འཕྲུལ་མཛད་པའི་གཟུགས་བརྙན་དེ་མཐོང་ནས། དེ་ནས་ཡང་ལྷ་དེ་རྣམས་ལ་ཕན་པར་བྱ་བ་དང་ལྷ་བག་མེད་པས་མྱོས་པ་རྣམས། བག་མེད་པ་དང་དབྲལ་བར་བྱ་བའི་ཕྱིར། ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་ བའི་ངོ་བོ་རྫུ་འཕྲུལ་བྱས་པ་དེ་བསྟན་ཏོ། །དེ་ནས་ལྷ་དེ་རྣམས་ཀྱིས་བརྒྱ་བྱིན་ལ་སྨྲས་པ། ལྷའི་དབང་པོ་འདི་ལྟར་བཅོམ་ལྡན་འདས་དེས་ཤིང་སཱ་ལ་ཟུང་འདིའི་ནང་དུ་ལས་ཀྱི་དྲ་བ་སྐྱེ་བ་དང་འཆི་བའི་ངོ་བོ་འདི་སྤྲུལ་པ་མཛད་ལ། སླད་རོལ་དུ་ཅིའི་སླད་དུ་མ་མཛད། འདི་ལྟར་ང་ ཡང་དེ་ལ་ངོ་མཚར་ཆེར་སྐྱེས་ཏེ། དེ་ནས་ལྷ་དེས་ང་རྒྱགས་པ་དང་དབྲལ་བར་བྱ་བའི་ཕྱིར་འདི་བསྟན་ཏོ། །དེ་ཉིད་ལ་ངས་དྲིས་པ་དང་དེས་སྨྲས་པ། འདི་ལྟར་འདི་རྟག་ཏུ་མཐོང་བ་དང་སྐྱེ་བོ་ཐམས་ཅད་ངོ་མཚར་ཆེར་སྐྱེས་ཏེ། དེ་ངོ་མཚར་ཆེ་བར་རིག་ནས་འཇིགས་པར་བྱ་བ་དང་ 69-1-215b དད་པར་བྱ་བ་དང་དང་བར་བྱ་བའི་ཕྱིར། རྒྱུ་འདིས་ན་བཅོམ་ལྡན་འདས་དེས་ཕྱི་རོལ་དུ་སྤྲུལ་པ་མ་མཛད་དོ། །ཕྱི་རོལ་དུ་སྤྲུལ་པ་མཛད་ན་ནི་སྐྱེ་བོ་ཀུན་གྱིས་ཡང་དང་ཡང་དུ་མཐོང་ཞིང ། ཕན་མི་ཐོགས་ལ་གཟུགས་བརྙན་དེ་ཞིག་པར་ཡང་འགྱུར་ཏེ། རྒྱུ་འདིས་ན་ཤིང་སཱ་ལ་ཟུང་གི་ ནང་དུ་སྤྲུལ་པ་འདི་མཛད་ཅིང ། ཤིང་སཱ་ལ་ཟུང་གི་ནང་དུ་ངོ་མཚར་ཆེ་བའི་སྤྲུལ་པ་གཉིས་མཛད་དོ། །གང་སྐྱེ་བོ་ཀུན་གྱིས་བལྟ་བར་མི་བྱ་བའི་རྒྱུ་འདིས་ན་བཅོམ་ལྡན་འདས་དེས་ཤིང་ལྗོན་པའི་ནང་དུ་སྐྱེ་བ་དང་འཆི་བའི་ངོ་བོ་ལས་ཀྱི་དྲ་བའི་སྤྲུལ་པ་འདི་མཛད་དོ། །དེ་ནས་ བརྒྱ་བྱིན་ལས་ལྷ་རྣམས་ཀྱིས་དེ་སྐད་ཐོས་ནས་ངོ་མཚར་ཆེའོ་སྙམ་པ་དང་བྲལ་ནས། དེ་ནས་ཡང་སྐྱེ་བ་དང་འཆི་བའི་ངོ་བོ་ལས་ཀྱི་དྲ་བ་དེ་ཁང་བཟངས་དཔག་ཚད་ལྔ་པའི་རྩིག་ངོས་དག་ལ་བྲིས་པ་དེ་དག་རབ་ཏུ་བསྟན་པར་བརྩམས་སོ། །དེ་ལ་རེ་ཞིག་དང་པོར་སྲོག་གཅོད་པ་ རྣམས་ཀྱི་གནས་ཀྱང་སྔར་བསྟན་པ་བཞིན་གནོད་པ་ཡང་སྔར་བསྟན་པ་བཞིན་དུ་སྦྱར་ཏེ། སེམས་ཅན་དམྱལ་བ་ཡང་སོས་འཁོར་བཅུ་དྲུག་པ་སྤྲུལ་ཏོ། །དེ་ནས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། ཤིན་ཏུ་ཕྲག་དོག་ཅན་དང་ཤིན་ཏུ་ཁྲོ་བར་འགྱུར་ལ། དེ་ གཞན་གྱིས་མཚོན་ཆ་རྣམ་པ་དུ་མ་དག་གིས་གསོད་པར་བྱེད་དོ། །དེ་ནས་ལས་ཀྱི་དྲ་བས་འབྲེལ་པ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་ཤ་ཟ་བའི་སྐྱེ་གནས་སུ་སྐྱེ་བར་འགྱུར་ལ། དེ་ཤའི་དོན་དུ་མཚོན་ཆ་དག་གིས་བསད་ནས་ཟ་བར་བྱེད་དོ། །དེ་བཞིན་དུ་ཤ་རྗེན་ཟ་བ་སེང་ གེ་དང་སྟག་དག་གི་སྐྱེ་གནས་སུ་སྐྱེ་བར་འགྱུར་ལ་ཤིན་ཏུ་མི་སྡུག་པ་དེ་མཚོན་ཆས་གསོད་པར་འགྱུར་རོ། །དེ་ནས་ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཤིན་ཏུ་ཐབ་མོ་བྱེད་པ་འཁྲུག་པ་ལ་དགའ་ལ་སེམས་བདེ་བར་མི་གནས་པ་ཁོ་ན་ཡིན་ཏེ། དེ་མཚོན་གྱིས་ བསད་ནས་ཚེ་ཐུང་བར་འགྱུར་རོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་འགའ་ཞིག་གིས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བོང་སྐྱེད་དང་མདོག་དང་དབྱིབས་རྣམས་ཉམས་པར་འགྱུར་ལ་ཚེ་ཐུང་བར་འགྱུར་ཏེ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་གསོད་པར་ 69-1-216a འགྱུར་བ་དེ་དག་གི་རྣམ་པ་རྩིག་ངོས་དག་ལ་སྣང་ངོ ། །དེ་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པའི་རྒྱུ་ལས་བྱུང་བའི་སེམས་ཅན་དམྱལ་བ་ཆེན་པོ་གཞན་ཐིག་ནག་འཁོར་བཅུ་དྲུག་པ་སྔར་བསྟན་པ་བཞིན་མཐོང་ངོ ། དེ་ནས་ཤི་ནས་གལ་ཏེ་ཡི་དགས་ རྣམས་ཀྱི་ནང་དུ་སྐྱེས་ན། དེ་སྔ་མ་བཞིན་དུ་མཚོན་གྱིས་གསོད་པར་འགྱུར་རོ། །གལ་ཏེ་རེས་འགའ་ཡང་མི་གསོད་པའམ་གཞན་ཞིག་གམ་དེ་དང་འཐུན་པ་ཞིག་སྲོག་འཚོ་བའི་དོན་དུ་རྙེད་ན། དེ་ཡི་དགས་གཞན་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཕྱེ་མར་བརླགས་ ནས་འཕྲོག་པར་བྱེད་དོ། །དེ་རྒྱུ་དེས་ཤི་ནས་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་བྱ་ཁུག་རྟའམ་འབྲོག་དགོན་པ་ཆུ་དང་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །བཀྲེས་པ་དང་སྐོམ་པས་གདུངས་པའི་ལུས་དེ་ནས་ཀྱང་ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དབུལ་ པོ་དེ་ཡུལ་མཚོན་གྱིས་འཁྲུག་པའམ་ལོ་ཉེས་བྱུང་བར་སྐྱེ་བར་འགྱུར་ཏེ། མཚོན་གྱིས་འཆི་བའམ་ལྟོགས་ཏེ་འཆི་བར་འགྱུར་རོ། །གང་གི་ཚེ་རེས་འགའ་ཡང་བཟའ་བ་ཞིག་རྙེད་ན་དེ་གཞན་གྱིས་འཕྲོག་པར་བྱེད་ལ་ཟོས་ན་ཡང་འཇུ་བར་མི་འགྱུར་རོ། །དེ་ནས་ཤི་ནས་ཀྱང་གལ་ཏེ་ ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེའི་ལུས་དང་བོང་སྐྱེད་དང་མདོག་དང་དབྱིབས་དེ་དག་དམན་པར་འགྱུར་རོ། །བདུད་རྩི་ཡང་སྐྱོན་དང་བཅས་པར་འབྱུང་སྟེ། དེ་ལྷ་གཞན་རྣམས་ཀྱི་དྲུང་དུ་ཤིན་ཏུ་ངོ་ཚ་བས་སྐྱེངས་པར་འགྱུར་རོ། །སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཡང་མི་སྙན་པར་ འགྱུར་ལ་ཚེ་ཐུང་བར་ཡང་འགྱུར་ཏེ། དེ་ལྟར་ལྷ་རྣམས་ཀྱིས་ལས་ཀྱིས་བྱས་པའི་སྤྲུལ་པ་དེ་མཐོང་ངོ ། །དེ་ནས་ཡང་བརྒྱ་བྱིན་དང་ལྷ་རྣམས་ཀྱིས། སེམས་ཅན་དམྱལ་བ་བསྡུས་གཞོམ་དེར་ལས་ཀྱི་རྣམ་པ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་ པ་སྤྱད་པས་སྐྱེ་བར་འགྱུར་བ་འཁོར་བཅུ་དྲུག་པ་སྔར་བསྟན་པ་བཞིན་མཐོང་ངོ ། །དེ་ནས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཚེ་རིང་བར་འགྱུར་ཞིང་རེས་འགའ་སྲོག་གཟུངས་ཀྱི་ཟས་རྙེད་པ་གང་ཡིན་པ་དེ་དག་ཀྱང་གཞན་གྱིས་ཕྲོགས་ལ། ཡི་དགས་སྐྱུགས་པ་ 69-1-216b ཟ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེའི་ཆུང་མ་གང་ཡིན་པ་དེ་དེའི་མངོན་སུམ་དུ་ཡི་དགས་གཞན་དག་གིས་འཕྲོག་པར་བྱེད་ལ། དེ་མཚོན་ཆ་བླངས་ནས་མཚོན་གྱིས་བཏབ་སྟེ་གསོད་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་མ་ཧེ་ དང་རྟ་དང་བ་ལང་དང་སྐྱུགས་པ་ཟ་བ་ལ་སོགས་པའི་ནང་དུ་སྐྱེ་ཞིང་ཚེ་རིང་བར་འགྱུར། བདོག་པ་གཞན་གང་ཡིན་པ་དེ་དག་ཀྱང་མཐུ་ཆུང་ངུར་གྱུར་པས་གཞན་དག་གིས་འཕྲོག་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ ཚེ་ཐུང་ཞིང་དབུལ་བ་དང་དེའི་ཆུང་མ་ཡང་གཞན་གྱིས་འཕྲོག་པར་འགྱུར་རོ། །དེའི་ལས་ཀྱི་རྩིག་ངོས་དག་ལ་གཟུགས་བརྙན་བྲིས་པ་འདི་ལྟ་བུ་ཡང་སྣང་སྟེ་འདི་ལྟ་སྟེ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་འཁོར་དང་བཅས་པའི་ལས་ཀྱི་འབྲས་བུ་སྔར་བསྟན་པ་བཞིན་སྣང་ངོ ། །དེ་ ནས་ཐར་ནས་ཀྱང་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན། དེ་རྟག་ཏུ་ཚེ་རིང་བ་ཉིད་དུ་འགྱུར་ཞིང་ལས་དེ་སྨིན་པར་འགྱུར་བ་ཇི་ལྟ་བ་བཞིན་དམ་པ་ཆད་པའི་སའམ་ཁབ་མགྲིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་རང་བཞིན་གྱིས་བཀྲེས་པས་ཉམ་ཐག་ཅིང་རང་གི་ཆུང་ མ་གང་ཡིན་པ་དེ་གཞན་དག་གིས་འཕྲོག་པར་བྱེད་དོ། །དེ་གལ་ཏེ་ཡང་རྒྱགས་པའི་ཚུལ་དང་རྒྱགས་པའི་རྒྱུས་དུག་ཟ་བར་བྱེད་ལ། དེ་དུག་གི་མེ་མི་བཟད་པས་སྲེག་པར་བྱེད་དོ། །དེ་ལས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ཕན་ཚུན་ཟ་ བའི་སྡུག་བསྔལ་གྱིས་མངོན་པར་ཉམས་པར་འགྱུར། དེ་ནས་ཐར་ནས་ཀྱང་གལ་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་བོང་སྐྱེད་དང་མདོག་དང་དབྱིབས་དམན་ཞིང་ཚེ་ཐུང་བ་དང་ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འཆི་བ་དང་དེའི་ལུས་ལ་རིན་པོ་ ཆེ་བཏགས་པ་ཡང་འོད་མི་གསལ་བ་དང་དེའི་ལྷ་མོ་ཡང་གུས་པར་མི་ཉན་ཅིང་གཞན་དུ་འགྲོ་བ་དང་དེའི་བདུད་རྩི་ཡང་རོ་ཆུང་བ་དང་བློ་ཞན་པ་དང་སེམས་གཡེངས་པ་དང་དེ་ལ་ལྷ་གཞན་རྣམས་ཀྱིས་གནོད་པར་བྱེད་དོ། །དེ་ནས་ཡང་བརྒྱ་བྱིན་དེ་དང་ལྷ་དེ་རྣམས་དང་ལྷན་ཅིག་ 69-1-217a ལས་ཀྱི་རྩིག་ངོས་དེ་དག་ཉིད་ལ་རྟོག་པར་བྱེད་དེ། འདི་ལྟར་སེམས་ཅན་དམྱལ་བ་ངུ་འབོད་འཁོར་དང་བཅས་པའི་ལས་ཀྱི་འབྲས་བུ་སྔར་བསྟན་པ་བཞིན་མཐོང་ངོ ། །དེ་ནས་ཐར་ནས་ཀྱང་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན་སྔ་མ་བཞིན་དུ་འགྱུར་ལ་ ཁྱད་པར་དུ་འབྱུང་བ་ནི། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་ལྕེ་བཅད་ཅིང་བཅད་ཅིང་སྐྱེ་བར་འགྱུར་རོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བྱ་གོང་མ་སྲེག་དང་སྲེག་པ་དང་ཀ་ར་ཀ་བྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ལ། བརྫུན་དུ་སྨྲ་བ་དེ་ དང་རྒྱུ་འཐུན་པར་རང་གིས་སྐད་ཕྱུང་བ་ཉིད་ཀྱིས་གསོད་པར་བྱེད་དོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེའི་ལས་ཀྱི་འབྲས་བུ་སྔ་མ་དང་འཐུན་པར་ཚིག་གཟུང་བར་འོས་པར་མི་འགྱུར་རོ། །དེ་ནས་ཐར་ནས་ཀྱང་གལ་ཏེ་ལེགས་པར་བྱས་པའི་ལས་ཀྱིས་ ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། དེ་བརྫུན་དུ་སྨྲས་པའི་ལས་དེ་དང་རྒྱུ་འཐུན་པར་སྒྲ་མི་སྙན་པའམ་གླུ་བླང་བར་མི་ནུས་པའམ་སྐད་གག་གག་པོའམ་ལྷ་ཀུན་གྱི་ནང་ན་ཚིག་གཟུང་བར་མི་འོས་པ་དང་ཇི་ལྟར་ལྷ་གཞན་དག་སྨྲ་བ་དེ་ལྟར་མངོན་པར་བརྗོད་པ་ལེགས་པར་སྦྱར་བ་ཤིན་ཏུ་ཡིད་དུ་འོང་ བར་སྨྲ་མི་ནུས་པར་འགྱུར་རོ། །དེ་ནས་ཡང་བརྒྱ་བྱིན་དེ་སེམས་ཅན་དམྱལ་བ་ཚ་བའི་ལས་ཀྱི་འབྲས་བུ་ལ་སྔར་བསྟན་པ་བཞིན་རྟོག་པར་བྱེད་དོ། །དེ་ལས་ཐར་ནས་གལ་ཏེ་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ན་ལྗན་ལྗིན་སྤྱོད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་སྔ་མ་བཞིན་ དུ་ལྔ་འགྱུར་གྱིས་སྡུག་བསྔལ་བར་འགྱུར་རོ། །གལ་ཏེ་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་རྒྱ་མཚོའི་ཆུ་སྲིན་དུ་འགྱུར་རོ། །གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་བཞིན་མི་སྡུག་པར་འགྱུར་རོ། །དེ་ནས་ཀྱང་ཐར་ནས་གལ་ཏེ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་སྔ་མ་བཞིན་དུ་སྨད་པར་འགྱུར་ རོ། །རབ་ཏུ་ཚ་བ་དང་མནར་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་དག་ནི་ལྷ་རྣམས་མཐོང་བ་ཙམ་ཉིད་ཀྱིས་ཤི་བར་གྱུར་ན་མི་རུང་ངོ་སྙམ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་གཉིས་ཀྱི་འཇིགས་པ་དག་སྤྲུལ་པ་མ་མཛད་དེ། ལྷ་ཡུལ་རྣམས་སུ་སེམས་ཅན་དམྱལ་བ་དེ་ 69-1-217b གཉིས་ཀྱི་སྐྱེ་བ་སྤྲུལ་པ་མ་མཛད་དོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་སུམ་ཅུ་དགུ་པ། དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་མངོན་པར་མཐོང་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་ཕྱག་དར་རྣམས་ལ་རླུང ། །བབ་ ན་ཡང་དག་འཐོར་བྱེད་ཅིང ། །དབང་མེད་མཁའ་ལ་འཁྱམ་པ་ལྟར། །ལས་འགྲོ་སྐྱེ་དགུ་དེ་བཞིན་ནོ། །དབྱེ་བ་དང་ནི་འབྲལ་བ་དང ། །བདེ་དང་དེ་བཞིན་སྡུག་བསྔལ་དག་།ལས་ལ་རག་ལས་དེ་མེད་པར། །དེ་བས་ཅུང་ཟད་འཇུག་མི་འགྱུར། །ཐུབ་པ་དེ་ཉིད་གཟིགས་པ་ ཡིས། །ལས་ཀྱི་ཕྱོགས་འདི་སྤྲུལ་པ་མཛད། །སེམས་ཀྱི་ས་བོན་ལས་རྣམས་ནི། །འདི་ལྟར་ཀུན་ནས་མཐའ་མེད་དོ། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །དེ་བཞིན་གཤེགས་པ་མ་གཏོགས་པར། །སེམས་དང་ལྡན་པས་ཤེས་པར་ དཀའ། །གཅིག་དང་བརྒྱ་དང་སྟོང་དང་ནི། །ཁྲི་ཕྲག་དང་ནི་འབུམ་རྣམས་ཀྱིས། །སྣ་ཚོགས་སུ་ནི་སྐྱེད་བྱེད་པ། །ལས་ཀྱི་དྲ་བ་འདི་ཆེའོ། །ཇི་ལྟར་སྐུད་པས་བཏགས་པ་ཡི། །བྱ་དག་ཐག་རིང་གནས་པ་ཡང ། །ཀུན་ཏུ་དྲངས་ནས་འཆིང་བྱེད་ལྟར། །ལས་སྐུད་འདི་ཡང་དེ་ དང་འདྲ། །དེ་ལྟར་བརྒྱ་བྱིན་དེས། ལྷ་དེ་རྣམས་ལ་སེམས་ཅན་རྣམས་ཀྱི་ཚེ་འདི་ལ་མྱོང་བར་འགྱུར་བ་དང ། མྱོང་བར་འགྱུར་བར་མ་ངེས་པ་དང ། སྐྱེས་ནས་མྱོང་བར་འགྱུར་བ་དང ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ངོ་མཚར་ཆེ་བ་རྣམ་པ་དུ་མ་དེ་དག་བསྟན་ཅིང ། དེ་ནས་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པ་མཐའ་ཡས་པ་དང་ལས་ཀྱི་དྲ་བ་མཐའ་ཡས་པ་བསྟན་ནས། བཅོམ་ལྡན་འདས་ཀྱི་གཟུགས་བརྙན་སངས་རྒྱས་ཀྱི་མཛད་པ་དེ་དག་ལ། ལྷ་དེ་རྣམས་དང་ལྷན་ཅིག་མགོ་བོས་ཕྱག་འཚལ་ནས། དེ་ནས་ཡང་ འཁོར་བ་ལ་ཡིད་སྐྱོ་བའི་ལྷ་དེ་རྣམས་དང་ལྷན་ཅིག་ཤིང་སཱ་ལ་ཟུང་དེ་ནས་བྱུང་ངོ ། །དེ་ནས་སྒོ་དེ་བརྒྱ་བྱིན་དེས་ཇི་ལྟར་སྔར་བཅད་པ་དེ་ལྟར་བཅད་དོ། །དེ་ནས་བརྒྱ་བྱིན་ཕྱིར་བྱུང་ནས་ལྷ་དེ་རྣམས་ལ་རྟོག་པར་བྱེད་དེ། བག་མེད་པར་གནས་པ་རྣམས་ཕན་ཚུན་རྩེ་ཞིང་དགའ་ 69-1-218a དགུར་སྤྱོད་པ་མཐོང་བ་དང ། ལྷའི་རྒྱལ་པོ་དེ་སྙིང་རྗེ་སྐྱེས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བག་མེད་པ་ཡིས་ཡོངས་བསླུས་པ། །དེ་ཡི་བློ་ལ་འཁྲིག་པ་དང ། །ཟས་ལ་རྟག་ཏུ་དགའ་བ་རྣམས། །ལྷ་ཡི་ལུས་མདོག་དུད་འགྲོར་ཟད། །གང་ཚེ་ ལེགས་པར་སྤྱད་པའི་ལས། །ལྷ་ཡི་གནས་ནས་ཟད་གྱུར་ན། །དེ་ཚེ་ཕྱིར་ཡང་ཁྱོད་ཉིད་གོ། །བག་མེད་པ་ལ་སྤྱོད་པར་འགྱུར། །བག་མེད་དགྲ་ཡིས་ཟིན་པ་དང ། །ལས་ཀྱི་རླུང་གིས་བདས་པ་རྣམས། །འགྲོ་བ་དེ་དང་དེ་དག་ཏུ། །ལྷ་རྣམས་ཤིང་བཞིན་ལྟུང་བར་འགྱུར། །ལྷ་ཡི་ གནས་ནས་ལན་བརྒྱའམ། །ཁྲི་ཕྲག་ཉིད་དུ་སྐྱེ་འཆི་ཡང ། །སྐྱོ་བ་སྐྱེད་པར་མི་བྱེད་པ། །སྙིང་ལ་མྱ་ངན་རབ་ཏུ་སྐྱེ། །དེ་ལྟར་བརྒྱ་བྱིན་དེ་ལྷ་དག་གི་དྲུང་དུ་འགྲོ་བར་བྱེད་ལ། དེ་དག་ཀྱང་ལྷའི་རྒྱལ་པོ་དེ་ཉིད་མཐོང་ནས་ཡིད་རབ་ཏུ་དགའ་ཞིང་གུས་པ་དང་བཅས་པས་རིངས་པར་ དོང་ངོ ། །དེ་ནས་བརྒྱ་བྱིན་ལྷ་དེ་དག་ཉིད་དང་ལྷན་ཅིག་སེམས་གཟུང་བར་བྱ་བའི་དོན་དུ། སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་རྣམས་སུ་བྲོ་གར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །ཤིང་སཱ་ལ་ཟུང་གི་ཕྱི་རོལ་དག་ན་གནས་པའི་ལྷ་གང་ཡིན་པ་ དེ་དག་ཀྱང་འབབ་ཆུ་དང་ཚལ་དང་ཉེ་བའི་ཚལ་དང་ལྡན་པ་དེ་རྣམས་ན་དགའ་བར་བྱེད་དོ། །བརྒྱ་བྱིན་ཡང་ཆོས་བཟང་ན་འཁོད་པའི་ལྷ་ཐམས་ཅད་དང་ལྷན་ཅིག་ཆོས་བཟང་དེ་ཉིད་དུ་དོང་ངོ ། །ཤིང་སཱ་ལ་ཟུང་གི་ནང་ན་འཁོད་པའི་ལྷ་དེ་དག་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ ལས་བྱས་ཤིང་བསགས་པ་དེ་ཟད་ཅིང་མཐར་ཐུག་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ནས་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། ། གལ་ཏེ་མི་དང་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཀྱིས་མིའི་ནང་དུ་སྐྱེས་ནས། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་ཚལ་གྱི་བདག་པོ་ཚལ་གྱིས་འཚོ་བ་དང་ཚལ་གྱི་ནང་ན་འཚོ་བའམ་རི་མ་ལ་ཡ་ན་གནས་ཤིང་རྟག་ཏུ་བདེ་བ་དང་ལྡན་པར་འགྱུར་བ་ 69-1-218b མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མིག་ཕྱེ་ཞིང་འགྲོ་བ་དང་བཙུམས་ནས་འགྲོ་བ་ཞེས་ བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། དྲང་པོའི་རང་བཞིན་ཅན་གཡོ་སྒྱུ་མེད་པ་གཞན་ལ་མི་གནོད་པ། ལས་དང་ འབྲས་བུ་ལ་དད་པ་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པ་གང་ཞིག་ནོར་རྫས་མང་པོ་དང་ལྡན་པར་གྱུར་ནས་སྦྱིན་པ་སྦྱིན་ཞིང ། རྒྱ་མཚོར་འཇུག་པའི་ཚོང་པའི་ཆེད་དུ་ཆོས་ཀྱི་སྟེགས་གྲུ་བྱིན་ལ་ཚོང་པ་དེ་ཡང་དེར་ཞུགས་ཏེ། ཤིན་ཏུ་འབྱོར་པ་དང་ལྡན་ པས་སྦྱིན་པ་སྦྱིན། བསོད་ནམས་དག་བྱེད་ལ་དེ་ཡང་དེ་ལས་འཚོ་བར་མི་བྱེད་ན། དེ་ལྟར་སྦྱིན་པ་བྱིན་ཞིང་བསོད་ནམས་བྱེད་པ་ཡིན་ནོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། རེས་འགའ་སྡེ་གཞན་གྱིས་འཇིགས་སམ། རྒྱལ་པོས་འཇིགས་ནས་གྲོང་མེད་པར་ལམ་དུ་ཞུགས་ པ་གང་ཡིན་པ་དེ་འཇུག་པར་བྱེད་ལ། ཞུགས་ནས་ཀྱང་ལས་ཀྱི་འབྲས་བུས་འཇིགས་པ། དད་པ་དང་ལྡན་པ་རྒྱལ་པོའི་ཆད་པས་འཇིགས་པ་མ་ཡིན་པས། དེ་ནས་ཆུང་ཟད་ཕུབ་མ་ཙམ་ཡང་ལེན་པར་མི་བྱེད་ན་དེ་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་ ཡིན་ཞེ་ན། འདི་ལ་སྲོག་ཆགས་རྐང་བརྒྱ་པ་ཁ་གཉིས་ཡོད་པ་རྒྱས་བཟུང་བ་དག་གསོད་པར་མི་བྱེད་ལ། ཡིད་ལ་ཡང་སྡིག་པ་སེམས་པར་མི་བྱེད་པ་དང་སེང་གེ་དང་སྟག་རྒྱུ་བའི་ས་དག་ཏུ་དེ་དག་གསད་པར་བྱ་བའི་ཕྱིར། རྔོན་པ་དེ་རྣམས་ཀྱིས་རྙི་བཙུགས་ན་རྔོན་པ་དེ་རྣམས་ལ་ནོར་ རྫས་བྱིན་ནས། རྙི་དེ་དག་ལས་ཐར་བར་བྱས་ལ་དེ་ལ་རུང་བར་མི་རྗོད་ཀྱི། ཡིད་ལ་གཅུགས་པར་བྱེད་ཅིང་གཞན་དག་ཀྱང་དགེ་བ་དེ་ཉིད་ལ་སྦྱོར་བར་བྱེད། རབ་ཏུ་འཇོག་པར་བྱེད། ཡང་དང་ཡང་དུ་ལེགས་པར་བྱས་པ་གཞན་དང་གཞན་དག་ཤིན་ཏུ་ལེགས་པར་སྤྱད་པ་བྱེད་ན། 69-1-219a དེ་ལྟར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་དེ་ནི་དགེ་བའི་ལས་རྣམས་ལ་དམིགས་ཤིང ། དེའི་ལས་ཀྱི་མཐའ་ཡང་འགྲུབ་པ་དང་དེའི་བསམས་པ་ཐམས་ཅད་ཀྱང་ལྷ་རྣམས་སྒྲུབ་པ་དང་དེའི་བཞིན་གྱི་མདོག་ཀྱང་གསལ་བ་དང་དེ་ལ་ལྷ་རྣམས་ ཀྱིས་ཀྱང་མཆོད་པར་འགྱུར་ཏེ། དེ་དག་ནི་དེའི་ལས་ཀྱི་འབྲས་བུ་ཚེ་འདི་ལ་འབྱུང་བ་ཡིན་ནོ། །ཕྱིས་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་སུམ་ཅུ་ རྩ་གསུམ་པའི་ལྷ་མིག་ཕྱེ་བ་དང་བཙུམས་ཏེ་འགྲོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱིས་མཐའ་ཤིན་ཏུ་བརྒྱན་པ་དེའི་ཉམས་དགའ་བའི་གནས་གང་ཡིན་པ་དེ་ནི། མི་ཐམས་ཅད་ཀྱི་བསམ་པས་བསམ་པར་ཡང་མི་ནུས་ཏེ་དེར་སྐྱེ་བར་ འགྱུར་རོ། །ལྷ་དེ་རང་གི་འོད་དང་བདེ་བ་མཆོག་དང་ལྡན་ལ་ཤ་དང་རུས་པ་དང་ཆུ་སེར་དང་བྲལ་བ། འགྲན་ཟླའི་འཇིགས་པ་གཞན་དང་བྲལ་བ། ཀུན་དུ་ཚོལ་བའི་འཇིགས་པ་དང་བྲལ་བ། སེར་སྣ་དང་བྲལ་བ། མི་མཛའ་བ་དང་ཕྲད་པ་དང་བྲལ་བ། འཆི་བའི་དུས་དེ་མ་ གཏོགས་པར་དུས་དེ་ལ་ནད་ཀྱི་འཇིགས་པ་དང་བྲལ་བ། གནོད་པའི་འཇིགས་པ་དང་བྲལ་བ། ནད་དང་འཆི་བའི་འཇིགས་པ་དང་བྲལ་བ། རྒ་བའི་འཇིགས་པ་དང་བྲལ་བ། རབ་ཏུ་བག་མེད་པ་དུས་དེ་སྲིད་དུ་ཤིན་ཏུ་ཉམས་དགའ་བ་ཐམས་ཅད་མཐོང་སྟེ། མཐོ་རིས་ཀྱི་བདེ་བ་ ལ་འཆུམས་པའི་འདོད་པའི་ཡོན་ཏན་ལྔ་གཅིག་ཏུ་ཡིད་དུ་འོང་བ། ཡུལ་གྱི་བདེ་བ་རྣམ་པ་དུ་མ་རྣམས་ཀྱིས་གཞལ་མེད་ཁང་གསེར་དང་བཻ་ཌཱུརྱ་དང་ནོར་བུའི་ལན་ཀན་བྲེས་པའི་གཞལ་མེད་ཁང་དཀྲིགས་པ། གཞན་དག་ན་ཤིང་ལྗོན་པ་དང་ཉེ་བའི་ཚལ་རྣམ་པ་སྣ་ཚོགས་ཡོད་པ། རིན་པོ་ཆེ་སྣ་བདུན་གྱི་པད་མའི་རྫིང་རྣམས་ཀྱི་ནང་ན་བྱ་ངང་པ་དང་ངུར་པ་དང་ཀཱ་རཎྜ་པས་བརྒྱན་ཅིང་རྨ་བྱ་མྱོས་པ་སྒྲ་འབྱིན་པ་རིའི་སྨན་ལྗོངས་རྣམས་ན་བྱ་སྣ་ཚོགས་ཀྱིས་བསྟེན་པ། རི་རབ་ཀྱི་རིའི་རྩེ་མོ་རྣམས་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་འབྱུང་ཁུངས་ཀྱིས་བརྒྱན་པ། ལྟེང་ཀ་ 69-1-219b རྣམས་ཀྱི་ནང་ན་གསེར་དང་དངུལ་དང་མུ་ཏིག་གི་བྱེ་མ་བདལ་བ། རི་རབ་ཀྱི་སྨན་ལྗོངས་རྣམས་ཀྱི་ནང་ན་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ། ཤིང་ལྗོན་པ་རྣམས་ཀྱང་ཉི་མ་ལྟར་གསལ་བ། རི་ཁྲོད་ཚང་ཚིང་དག་ན་ཡང་གསེར་དང་བཻ་ཌཱུརྱའི་ལྕུག་མའི་ ཚོགས་འཕྱང་ཞིང ། མེ་ཏོག་གི་ལྕུག་མ་འཕྱང་བས་བརྒྱན་པ། བུང་བ་འབུམ་གྱིས་བརྒྱན་པ། རི་རབ་ཀྱི་ཕུག་པ་རྣམས་ཀྱང་རིན་པོ་ཆེ་བཟང་པོས་བརྒྱན་པ། རྡོ་ལེབ་དང་སའི་ཕྱོགས་ཆ་མཐོན་དམན་རན་པ། རིའི་ཟོམ་རྣམས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་ལེབ་ ཀྱིས་བརྒྱན་པ། མེ་ཏོག་དྲི་ཞིམ་པོ་རྒྱ་ཆེར་དཔྱངས་པ་དང་ལྡན་པ། རང་གི་བསམ་པས་བརྒྱན་པ་བས་ཀྱང་ཆེས་ལྷག་ཅིང ། ཉམས་དགའ་བའི་ས་ཕྱོགས་སྙིང་དགའ་བ་རྣམས་དང ། གཞན་ཡང་གད་ཀ་དང་དགོན་པ་དག་ན་ཤིང་ལྗོན་པ་རབ་ཏུ་འབར་བ་ལྟ་བུས་བརྒྱན་པ། དཔག་བསམ་གྱི་ཤིང་ལྗོན་པ་འབུམ་གྱིས་མཛེས་པར་བྱས་པ། རང་གིས་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ། ལྷ་དང་ལྷ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ། རོལ་མོ་དང་སིལ་སྙན་གྱི་སྒྲས་རྣ་བ་ཚིམ་པར་བྱེད་ཅིང ། པི་བང་གི་སྒྲ་ཡོངས་སུ་འབྱིན་པར་བྱེད་པ་དེ་རྣམས་ ན་རྩེ་བར་བྱེད་དོ། །དེས་གང་དང་གང་མཐོང་བ་དེ་དང་དེ་ཉིད་འཐོབ་ཅིང་འགྱུར་བ་མེད་ལ་ཡོན་ཏན་ཐམས་ཅད་དང་ལྡན་པ། ཐུན་མོང་མ་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ཡིན་ནོ། །དེ་ནས་ལྷ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དེ། ལྷའི་ཚོགས་གཞན་རྣམས་ ཀྱི་ནང་ན་ཡོངས་སུ་སྤྱོད་པ་ན། རེས་འགའ་དེ་དུས་སྟོན་གྱི་ཚིགས་ཞེས་བྱ་བ་འདོད་པ་ཀུན་ལས་བྱུང་བའི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ། འབབ་ཆུའི་ཚོགས་བརྒྱ་སྙེད་ཀྱིས་གང་བ། པད་མའི་རྫིང་དུ་མས་རྣམ་པར་བརྒྱན་པ། ལྷ་འབུམ་སྙེད་དུ་མས་བསྟེན་བསྟེན་པ། བཻ་ ཌཱུརྱའི་ལྕུག་མ་འཕྱང་བས་བསྐོར་བ། གཞལ་མེད་ཁང་གི་རྩེ་མོ་ལ་བྱ་སྐད་འབྱིན་པ་འབུམ་སྙེད་ཀྱིས་བསྐོར་ཅིང་ཉམས་དགའ་བར་བྱེད་པའི་རི་དེ་ལ་འཛེག་པར་བྱེད་དོ། །དེ་ནས་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ་ཉམས་དགའ་བའི་རིའི་ཟོམ་དེ་ན་བདེ་བ་མྱོང་བར་བྱེད་དེ། 69-1-220a ལེགས་པར་བྱས་པའི་ལས་ཀྱི་རིན་གྱིས་ཉོས་པ་རྣམས་ནི། འདོད་རྒྱལ་ལས་མ་བྱུང ། གཞན་གྱིས་མ་བྱས། གཞན་ནས་མ་འོངས་ཉམས་པ་མ་ཡིན། དབང་ཕྱུག་ལ་སོགས་པ་མགུ་ནས་བྱིན་པ་མ་ཡིན་པ་དེ་དག་ལ་དེ་འཛེགས་ནས་རིའི་ཟོམ་དེ་ན། བདག་ ཉིད་དང་མཚུངས་པའི་འོད་དང་ལྡན་པའི་ལྷ་དང་ལྷ་མོའི་ཚོགས་རྣམ་པ་དུ་མ་འབུམ་སྙེད་ཀྱིས་ཀུན་དུ་གང་ཞིང ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས། དགའ་བར་བྱེད་པ་གང་ཡིན་པ་དེ་དག་དགའ་བར་བྱེད་ཅིང ། དགའ་དགུར་སྤྱོད་པར་བྱེད་ལ་ལྷ་དེ་དག་ཀྱང་དེ་བཞིན་དུ་རང་གི་འོད་དང་དེ་ བཞིན་གཟུགས་དང་དབང་ཕྱུག་གི་མཐུ་དང་ལྡན་ཞིང ། དེ་དག་ཀྱང་དེ་བཞིན་དུ་མིག་མི་འཛུམས་པར་ལྟ་བ། དེ་དག་ཀྱང་དེ་བཞིན་དུ་པད་མའི་ཕྲེང་བ་ཐོགས་པ། དེ་དག་ཀྱང་དེ་བཞིན་དུ་ཐགས་སུ་མ་བཏགས་པའི་གོས་གྱོན་པ་ཡིན་ཏེ། དེ་ལྟར་ལྷ་མཐུ་བོ་ཆེ་དེ་ཐམས་ཅད་མཐོང་ངོ ། ། དེ་ནས་ལྷའི་བུ་དེ་རིའི་ཟོམ་དེ་ལ་འཛེགས་ནས་ས་ཕྱོགས་དག་ལ་རྟོག་པར་བྱེད་དེ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པའི་ལྷ་དེའི་གནས་སུ་གྱུར་པ་གནས་གཉིས་ན་གནས་པ། ཆུ་བོ་དང་རི་རབ་འོད་ཀྱི་ཕྲེང་བ་འབར་བ། རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་གང་བའི་ས་ ཕྱོགས་རྣམས་མངོན་པར་མཐོང་ནས་སྔ་མ་བཞིན་སྙིང་ཤིན་ཏུ་དགའ་སྟེ། ལྷའི་བདེ་བ་མཆོག་མྱོང་ངོ ། །ལྷ་དེ་རྣམས་ཀྱི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། གང་གི་ཚེ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་འགྱུར་བ་ན། དེ་མིག་ཕྱེ་བ་ཙམ་གྱིས་བརྒྱབ་པར་འགྱུར་ལ། གང་གི་ཚེ་ལྷ་མ་ ཡིན་མིག་ཚུམས་ཀྱིས་བྱས་པ་དེའི་ཚེ། སུམ་ཅུ་རྩ་གསུམ་གྱི་བར་དུ་འགྲོ་སྟེ། དེ་ལྟར་མགྱོགས་པ་ཡིན་ནོ། །རྒྱུ་དང་མཚུངས་པར་འབྲས་བུ་འབྱུང་སྟེ། ཇི་ལྟར་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་གྲུ་མྱུར་དུ་སྦྱིན་པར་བྱ་བ་དེ་དག་བྱིན་པ་དེས། སེམས་ཅན་དག་སྒྲོལ་བར་བྱེད་པ་ དེ་ལྟར་དེ་དག་གི་མགྱོགས་པར་འགྱུར་བ་དེ་ནི་མིག་ཕྱེ་བ་ཙམ་གྱིས་འགྲོ་ལ། བཙུམས་པ་ཙམ་གྱིས་སླར་ལྡོག་སྟེ། སྔོན་བྱས་པའི་རྒྱུ་དེས་ན་མྱུར་བར་འགྲོ་བ་ཡིན་ནོ། །དེ་ནས་ཡུན་རིང་མོ་ཞིག་ཏུ་ལྷའི་བདེ་བ་དེ་མྱོང་བར་བྱེད་དོ། །དེ་ནས་གལ་ཏེ་ལེགས་པར་བྱས་པའི་ལས་ཟད་ 69-1-220b ནས་ལྷའི་བུ་འཆི་བར་འགྱུར་ལ། དེའི་འཆི་བའི་ལྟས་ལྔ་པོ་འབྲུ་མར་ཟད་ན་མར་མེའི་སྣང་བ་ཟད་པ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། དེ་དང་པོ་རྡུལ་འབྱུང་བར་འགྱུར་བ་དང་དབང་པོ་ཐམས་ཅད་ཉམས་པ་དང་འདོད་པའི་ཡོན་ཏན་ལྔ་ཐམས་ཅད་དུ་རོ་མི་བྲོ་བ་མྱོང་སྟེ། ལྷ་གཞན་དག་ གིས་མཐོང་ནས་ངོ་ཚ་བ་དང་རང་གི་ལྷ་མོ་ལྷ་གཞན་གྱི་དྲུང་དུ་འགྲོ་བ་དང་དེ་ཡང་མཐོང་ནས། ཕྲག་དོག་དང་སེར་སྣས་བསྐྱེད་པ་འབྲལ་བའི་སྡུག་བསྔལ་སྣ་ཚོགས་གང་རབ་ཏུ་ཚ་བའི་མེ་ལྟ་བུ་འབྱུང་ངོ ། །གལ་ཏེ་གཞན་དུ་མ་བྱིན་པར་ལེན་པ་ཞིག་བླངས་ན། དེ་ལན་གྲངས་ གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུས་དེའི་ཚེ་[\[]སྣོན[\]]་དུ་འགྱུར་ཏེ། དེའི་རྒྱན་དེ་དག་ཐམས་ཅད་ལྷ་མོ་དེ་དག་གིས་འཕྲོག་པར་བྱེད་ལ། ཕྲོགས་ནས་ཀྱང་ལྷའི་བུ་གཞན་ལ་འདོགས་པར་བྱེད་དོ། །གལ་ཏེ་བརྫུན་སྨྲས་པ་ཞིག་ཡིན་ན། དེ་དག་གཞན་དུ་སྨྲ་བར་བྱེད་ཅིང་ གཞན་དུ་འགྲོ་བར་བྱེད་ལ། ལྷ་མོ་དེ་དག་གཞན་དུ་ཉན་པར་བྱེད་དེ། ཚིག་བརླང་པོས་དེ་ལ་མངོན་པར་སྤྱོ་བར་བྱེད་དོ། །གལ་ཏེ་སྐྱེ་བ་གཞན་དག་ཏུ་སྡོམ་པ་བླངས་པ་རྣམས་ལ། བཏུང་བ་ཆང་བླུད་དམ་བདག་ཉིད་ཀྱི་བསླབ་པ་བཤིག་གམ་ཆང་འཐུངས་ན། དེ་ལན་གྲངས་ གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་དུས་དེའི་ཚེ་སྣོན་དུ་འགྱུར་ཏེ། དེ་འཆི་བའི་དུས་དེ་ན་སེམས་འཁྲུག་པའམ་དྲན་པ་ཉམས་པའམ་དེ་བཞིན་དུ་ཉིས་འགྱུར་དུ་ཀུན་དུ་གདུང་བར་བྱེད་ལ། དེ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་སྲོག་གཅོད་པ་ཞིག་ཡིན་ན། དེ་ཚེ་ཐུང་ངུར་གྱུར་ནས་མྱུར་དུ་འཆི་བར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་ཆུང་མ་གཞན་གྱི་དྲུང་དུ་འགྲོ་བར་འགྱུར་ཏེ། དེ་ལྟར་སྡོམ་པ་ལྔ་དྲལ་བ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་ཞགས་པས་བཅིངས་པ། འཆི་ལྟས་ལྔས་རྣམ་པར་དཀྲུགས་པ། བག་མེད་པར་གནས་པ། དེ་འཆི་བདག་གི་རྒྱལ་པོས་འདྲེན་པར་བྱེད་དོ། །དེ་ལྟར་གནས་སྐབས་ཐམས་ཅད་དུ་ཚུལ་ཁྲིམས་ཀྱི་མཐའ་ལེགས་པར་མ་སྤྱད་དེ། མཐོ་རིས་ཀྱི་རྒྱུར་སྤྱོད་པ་གང་ཡིན་པ་དེ་ནི་སྲེད་པ་ཡིན་ནོ། །དེ་ནས་ལས་ཀྱི་ཞགས་པས་བཅིངས་པ་དེ་སེམས་ཅན་ 69-1-221a དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །ལེགས་པའི་མཐའ་མ་ཡིན་པ། མཐོ་རིས་ཀྱི་བདེ་བ་དེ་དག་ཉིད་དགེ་སློང་དེས་མཐོང་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་ནང་ན་ཕྱོགས་གཅིག་ཏུ་གྱུར་པ་ཉམས་དགའ་བ་རྣམས་ཀྱི་ནང་ན། ཉམས་ པར་བྱེད་ཅིང་ཉེས་པ་ཁོ་ནར་གྱུར་པ། ངེས་པར་གཞན་དུ་གྱུར་ཅིང་གནས་པ་མ་ཡིན་ལ། གློག་ལྟར་འབྲས་བུ་མི་བརྟན་པ་འདོད་པ་ཐམས་ཅད་ཀྱི་ནང་ན། ཉེས་པ་དང་བཅས་པའི་གཡོ་བ་ཉིད་རྟོགས་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། རྨོངས་པ་བག་མེད་ལྷ་ཡུལ་ དུ། །མི་བཟད་མེ་ཡིས་ཡོངས་སུ་བསྐོར། །བཏུང་བ་རྙོག་ཅན་འཐུངས་ནས་སུ། །སེམས་ཅན་དམྱལ་བར་ལྟུང་བར་བྱེད། །དང་པོར་འདོད་ཆགས་ཉིད་ཀྱིས་བསྒྱུར། །ཞེ་སྡང་གིས་ཀྱང་ཟིལ་གྱིས་ནོན། །གཏི་མུག་ཉིད་ཀྱིས་རྨོངས་བྱས་པ། །དེ་ཡིས་བྱ་བ་སྟོངས་པར་བྱས། །སིལ་ སྙན་ཡན་ལག་ལྔ་དག་གིས། །ཀུན་ནས་རབ་ཏུ་བསླུས་པ་རྣམས། །གང་དག་ངེས་པར་འབྱུང་འགྱུར་བ། །འཆི་བའི་སྡུག་བསྔལ་མི་རིག་གོ། །ཁྱོད་ཀྱིས་གང་ལ་འདོད་ཆགས་སྤྱད། །ལྷ་མོ་འདི་དག་མི་བརྟན་ཏེ། །དེ་དག་གིས་ནི་ཁྱོད་སྤངས་ནས། །དེ་ནས་གཞན་དུ་འགྲོ་བར་ བྱེད། །སྐྱེས་པ་དར་ན་སྟེན་བྱེད་ལ། །རྒུད་པར་གྱུར་ན་སྤོང་བྱེད་པ། །བུད་མེད་ལྷན་ཅིག་སྤྱད་པ་ཡི། །འདི་དག་གི་ནི་རང་བཞིན་མཐོང ། །འདོད་ཆགས་རྨོངས་པའི་སྐྱེས་པ་འདི། །རི་དགས་བཞིན་དུ་རྨོངས་པར་བྱེད། །ཕྱི་ནས་རྒུད་པར་གྱུར་པ་དང ། །ཡང་བའི་སེམས་ཀྱིས་ གཏོང་བར་བྱེད། །དེ་ནི་ཉོན་མོངས་མི་བཟད་ལ། །ཉེ་བར་གནས་ཚེ་བུད་མེད་ནི། །ཕན་དང་བཀུར་སྟི་དགའ་བ་དང ། །རྒྱུན་རིངས་བཤེས་པའང་དྲན་མི་བྱེད། །ཇི་ལྟར་མེ་ཏོག་རྙིངས་གྱུར་ན། །བུང་བས་བཏང་སྟེ་གཞན་དུ་འགྲོ། །དེ་ལྟར་ཉོན་མོངས་གྱུར་པའི་ཚེ། །བུད་མེད་ རྣམས་ཀྱིས་བཏང་ནས་འགྲོ། །དུག་དང་སྦྲང་རྩིར་འདྲེས་པ་ལྟར། །བུད་མེད་ཐམས་ཅད་མ་བརྟགས་ན། །དགའ་བ་རྣམས་ཀྱི་རྒྱུར་འགྱུར་ཞིང ། །སྙིང་དུ་སྡུག་ཀྱང་བརྟན་པ་མེད། །མི་དག་འདོད་པ་རྣམས་ཀྱིས་རྨོངས། །ཚིག་རྣམས་ཀྱིས་ཀྱང་ཁྱད་པར་དུ། །སྐྱེས་བུ་བརྟན་ 69-1-221b པོ་ཁོང་བརྟན་པ། །ཡིད་ལ་དེ་དང་གཅུགས་མ་བྱེད། །འདི་རྣམས་ཀྱིས་ནི་མི་དག་རྨོངས། །ཁྱད་པར་དུ་ནི་འདོད་པས་བསྒྱུར། །ཕ་རོལ་ཏུ་ནི་འགྲོ་བ་གང ། །བདག་ལ་ཕན་པར་མི་བྱེད་དོ། །ལྷ་དང་མི་དང་ལྷ་མ་ཡིན། །གནོད་སྦྱིན་ཤ་ཟ་ལྟོ་འཕྱེ་སྲིན། །མིག་འཕྲུལ་ལྟ་བུའི་བུད་ མེད་ཀྱིས། །ཁྱད་པར་དུ་ནི་སླུ་བར་བྱེད། །འདོད་ལས་སྐྱེས་པའི་བདེ་བ་གང ། །ཕལ་པ་ཡུལ་ལས་བྱུང་གྱུར་པ། །འཆི་བའི་དུས་ལ་བབ་པ་ན། །ཐ་ཆད་ལྷ་རྣམས་ཉམས་པར་བྱེད། །འཆི་བའི་ཞགས་པས་དམ་བཅིངས་པ། །ཁྱོད་ནི་དུས་སུ་ཁྱེར་འགྱུར་གྱི། །ས་གཞི་འདི་དག་ཐམས་ ཅད་དང ། །ཚལ་དང་ཉེ་ཚལ་བརྒྱན་མི་ཁྱེར། །ཀུན་ནས་ལྷ་ཡི་འཇིག་རྟེན་ནས། །འཆི་བདག་གིས་ནི་དྲངས་པ་ན། །བུད་མེད་ཅི་བྱེད་གཉེན་རྣམས་ཅི། །བདེ་བ་དག་གིས་ཞི་ཅིག་འགྱུར། །དེ་ལྟར་དགེ་སློང་དེ་ལྷ་དེའི་འཆི་བ་མངོན་པར་མཐོང་ནས་སྙིང་རྗེ་བར་བྱེད་ཅིང་ཡུལ་རྣམས་ལ་ཡང་ སྨོད་པར་བྱེད་དོ། །རང་གིས་བྱས་པ་སྤྱད་པའི་ལྷའི་བུ་དེ་ཡང་ལས་ཀྱི་ཞགས་པས་གང་དུ་འདྲེན་པ་དེར་ཁྲིད་པར་བྱེད་དེ། ལྷ་བག་མེད་པ་ལ་གནོས་པ་འདོད་པ་ལྔ་ལ་རྣམ་པར་ཆགས་པ་དེ་དག་ཀྱང ། དེ་ནས་ཡང་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དེ། ཡུལ་གཉིས་ཀྱིས་ཀུན་ དུ་དྲངས་པ་ན། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ངེས་པར་མྱོང་བར་འགྱུར་བའི་བདེ་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ། ཚལ་དང་ནགས་ཚལ་ཐམས་ཅད་ན་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ངེས་པར་བསྒོམས་པའི་དུས་བྱེད་པ་ཆོས་དང་ཡང་དག་པར་ལྡན་ པས་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་ནོར་བཟང་པོ་དང་ལྡན་པ་དང་ལམ་དུ་འགྲོ་བ་ན་ རྐང་གིས་མི་འགྲོ་སྟེ། རྟ་དང་གླང་པོ་ཆེ་དང་དྲེའུའི་བཞོན་པ་ལ་ཞོན་པ་དང་རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་ 69-1-222a བྱུང་བའི་ཤེས་པས་བརྟགས་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས། ལུས་ཀྱི་མདོག་བཟང་ཞིང་ཆེ་བ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ བརྟགས་ན། སྐྱེས་བུ་དམ་པ་སེམས་ཚུལ་ཁྲིམས་དང་ལྡན་པ་གང་གིས་ཚུལ་ཁྲིམས་རྣམ་པ་བདུན་དང་འཐུན་པའམ་གཞན་ནམ་ཕྱོགས་འགའ་ལེགས་པར་བསྲུངས་ན། དེ་རྒྱུ་དང་འཐུན་པར་འབྲས་བུ་མྱོང་བར་འགྱུར་ལ། སེམས་ཀྱིས་བསྒོམས་པ་ཁོ་ནའམ་ལྟ་བ་དང་ ལྡན་པ་དེ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དག་ནི་ཤིན་ཏུ་བསྲུངས། སྡོམ་པ་སྐྱོན་མེད་པ་ནི་བླངས། གཅིག་ཏུ་སྐྱེས་བུ་དམ་པ་འདོད་ཅིང་བདེ་བ་ངེས་པའི་རྒྱུར་གྱུར་པ། འཇིག་རྟེན་འདིའི་སྡོམ་པ་ལེགས་པ་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་ལས་ལེགས་པར་བྱས་པ། འཕགས་པ་མ་ཡིན་པའི་སྐྱེས་བུ་དམ་པ། མ་བྱིན་པར་ལེན་པ་ཉིད་སྤོང་བ་ནི། འདི་ལ་མ་བྱིན་པར་ལེན་པ་ཆུང་ངུ་ཡང་ལེན་པར་མི་བྱེད་དེ་འདི་ལྟ་སྟེ། རྒྱ་མཚོ་དང་ཉེ་བ་ནའམ་འབབ་ཆུ་དང་ཉེ་བར་གནས་པ་ན། གཞན་གྱིས་ཕྱོགས་གང་ཡིན་པ་དག་ལ་གཞན་གྱི་རྒྱ་མཚོའི་ རླབས་ཀྱིས་བདས་ཏེ་འོངས་པ། དུང་ངམ་བྷལ་ལཱ་ཏ་ཀའམ་ཤ་བྷ་རི་ཀའམ་དེ་དང་འཐུན་པ་དེ་དག་ཀྱང་ལེན་པར་མི་བྱེད། གཞན་གྱི་ནོར་རྫས་ཀྱི་རྣམ་པ་གཞན་དག་ཀྱང་ལེན་པར་མི་བྱེད་ལ། ནོར་རྫས་ཀྱི་རྣམ་པ་རྩཝ་ཡང་ལས་ཀྱི་འབྲས་བུ་ལ་འཇིགས་ལ། རྒྱལ་པོའི་ཆད་པས་ འཇིགས་པ་མ་ཡིན་པ། རྐུ་བའི་སེམས་ཀྱིས་ལེན་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ནི་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པའི་རྣམ་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ སེམས་པ། ལས་ཀྱི་འབྲས་བུ་ལ་སེམས་དད་པ་དྲང་པོ་དྲང་པོའི་རང་བཞིན་ཅན། གཞན་ལ་མི་གནོད་པ་སྡིག་པའི་གྲོགས་པོ་སྤངས་པ་བདེ་བ་ཚོལ་བ་དེ་ལྕུག་མའི་ནང་དུ་འགྲོ་བའམ་ཆུ་རྒལ་བ་ན་གྲིབ་གནོན་གྱི་གདོན་གྱིས་ཟིན་ཏམ་སྲོག་ཆགས་ཏན་ཏུས་ཟིན་ཏེ་ཤི་ལ་ཐུག་ཀྱང་གྲིབ་གནོན་ 69-1-222b གྱི་གདོན་དེ་གསད་འདོད་པའི་ཕྱིར་དུག་གིས་འཐོར་བར་མི་བྱེད་དེ། འདི་ལ་གང་གི་ཚེ་གྲིབ་མ་ལ་དུག་གཏོར་ན། དེའི་ཚེ་རང་གི་གྲིབ་གནོན་དེའི་གྲིབ་མ་དེ་ལ་བབ་པས་འཆི་བར་འགྱུར་ཏེ། དེའི་ཕྱིར་གནོད་པ་བྱ་བ་ཤེས་ཀྱང་གྲིབ་གནོན་གྱི་གདོན་དེ་གསོད་པར་མི་བྱེད་དོ། །སྲོག་ཆགས་ཏན་ཏུ་ ལ་སླར་གནོད་པར་བྱ་བ་ཤེས་ཀྱང་གསོད་པར་མི་བྱེད་དེ། དེ་ལ་ཆུ་མེད་པར་བྱས་ན་འཆི་བར་འགྱུར་བའམ་མེ་ལོང་བསྟན་པའམ་མེ་ལོང་རྟག་ཏུ་བསྟན་པས་འཆི་བར་འགྱུར་ཏེ། དེ་ཕྱིར་གནོད་པར་བྱ་བའི་རྒྱུ་ཤེས་ཀྱང་གསོད་པར་མི་བྱེད་ལ། རང་གི་སྲོག་ཆད་ལ་ཐུག་ཀྱང་ཉེས་པར་བྱ་བ་མི་བྱེད་དེ། དེ་ ལྟར་ལེགས་པར་བྱ་བའི་ལས་ཀྱི་མཐའ་བྱེད་པ་དེ། ལུས་དང་བྲལ་ཏེ་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལུས་དང་མདོག་བཟང་ཞིང་ཆེ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། རང་གི་འོད་དང་་ ནི་ལྡན་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་ནི་འབྱིན། ཡིད་ཤིན་ཏུ་བདེ་བ་དང་ནི་ལྡན། འདོད་པ་ཐམས་ཅད་ནི་འབྱོར། དེ་ལྷ་མོ་སྟོང་གིས་བསྐོར་ཏེ། རི་རབ་ཀྱི་ས་གཞི་ལ་ནི་རྒྱུ། ས་ཕྱོགས་འཛམ་བུ་ནཱ་དའི་གསེར་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཉམས་དགའ་བ་དང་རིའི་ཟོམ་གྱི་བར་ བར་དག་ན་དགའ་ཞིང་བདེ་བ་ནི་མྱོང་བར་བྱེད་དོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་དང་ལྡན་པ། དཔག་བསམ་གྱི་ཤིང་ལ་བསམས་པས་འདོད་པ་ཐམས་ཅད་འགྲུབ་པ་དེ་ཡུན་རིང་དུ་བདེ་བ་མྱོང་བར་བྱེད་དོ། །འཁོར་དང་བཅས་པ་ཡོངས་སུ་སྤྱོད་པ་དེ། ཕྱི་རོལ་གྱི་གྲིབ་མ་ཞེས་བྱ་བའི་ ཚལ་དེར་འདོང་བར་བྱེད་དེ། འཛམ་བུ་ནཱ་དའི་གསེར་གྱི་ཤིང་ལྗོན་པས་བརྒྱན་པ། དེ་བཞིན་དུ་དངུལ་གྱི་ཤིང་ལྗོན་པ་ལ་གསེར་གྱི་འདབ་མ་དང ། བཻ་ཌཱུརྱའི་འབྲས་བུས་མཛེས་པ་ཡིན་ནོ། །ཕྱི་རོལ་གྱི་གྲིབ་མའི་ཚལ་དེའི་ཕྱོགས་གཞན་དུ་ཡང ། དེ་རེས་འགའ་ཡོངས་སུ་རྒྱུ་བ་ན་ལུས་རིན་པོ་ཆེ་ སྣ་བདུན་གྱིས་བརྒྱན་ཞིང ། ཐིག་ལེ་སྣ་ཚོགས་ཀྱིས་སྤྲས་པ། རྟོག་པ་སྣ་ཚོགས་ཅན་ཏེ། རྨ་བྱའི་ཚོགས་དེ་དག་མཐོང་ནས་ལེགས་པར་བལྟ་ཞིང་རྩེ་བའི་ཕྱིར་དེར་འགྲོ་བར་བྱེད་དོ། །དེ་དེ་དག་གི་ནང་དུ་ཕྱིན་ནས་རྨ་བྱ་མཐོང་ན་ཡིད་འཕྲོག་པར་བྱེད་པ་དེ་རྣམས་ཀྱི་ནང་ན་དགའ་བར་བྱེད་དོ། །རྨ་བྱ་དེ་དག་ 69-1-223a གིས་དེ་མཐོང་ནས་སིལ་སྙན་ཐམས་ཅད་པས་ཆེས་ལྷག་པའི་སྒྲ་ཉམས་དགའ་བ་ཆགས་སུ་རུང་བ་རྣམ་པ་སྣ་ཚོགས་དུ་མ་འབྱིན་ཏོ། །རྨ་བྱ་དེའི་སྒྲ་རྣམ་པ་དེ་ལྟ་བུ་འབྱིན་པ་དེའི་ཁྱད་པར་ནི་ལྷའི་རོལ་མོའི་སྒྲ་དག་བཅུ་དྲུག་གི་ཆར་ཡང་མི་ཕོད་དེ། རྨ་བྱ་དེའི་སྒྲའི་དྲུང་ན་ལྷ་མོ་ དེའི་གླུ་དབྱངས་དག་བོང་སྐད་འབྱིན་པ་དང་མཚུངས་སོ། །དེ་ནས་ལྷ་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་མཐུ་འདི་ལྟ་བུར་གྱུར་པས་ད་ནི་རྨ་བྱ་དེ་དག་ལ་ཞོན་ཏེ། གནས་ནས་གནས་དང་ཚང་ཚིང་ནས་ཚང་ཚིང་དང་རི་རབ་ཀྱི་རིའི་རྩེ་མོ་ནས། རི་རབ་ཀྱི་རིའི་རྩེ་མོར་ལྷ་མོའི་ཚོགས་ཀྱིས་ བསྐོར་བ་དང་ལྷན་ཅིག་ཡོངས་སུ་རྒྱུ་ཞིང་དེ་ལྟར་རྨ་བྱའི་སྟེང་དུ་ཞོན་ནས། རེ་ཞིག་འཇིག་རྟེན་གྱི་དགའ་བ་འདི་དག་ཐམས་ཅད་ལ་བལྟ་བར་བྱའོ་སྙམ་མོ། །ལས་བྱ་བ་ལེགས་པར་བྱས་པ་དེ་བསམས་མ་ཐག་ཏུ་བོང་སྐྱེད་དང་མདོག་དང་སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ། ལུས་རིན་ པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་རྨ་བྱ་བཞོན་དུ་རུང་བར་རྐེད་པ་སྟོད་པ་དེ་དག་ཉེ་བར་ལྷགས་སོ། །དེས་དེ་དག་མཐོང་ནས་དེ་ལ་ཞོན་པ་དང ། རྨ་བྱ་དེ་ཡང་དེས་ཞོན་པར་རིག་ནས་ནམ་མཁའི་དཀྱིལ་ན་རྒྱུ་བར་བྱེད་དོ། །དེ་ལྟར་ལྷ་དེ་དག་ཀུན་གྱིས་ཀྱང་སོ་སོར་ཞོན་ནས། དེའི་རི་རབ་ཀྱི་རིའི་རྩེ་མོ་ ནས་རིའི་རྩེ་མོ་དང་པད་མའི་ཚལ་ནས་པད་མའི་ཚལ་དང་ཚལ་ནས་ཚལ་ཏེ། རི་རབ་ཀྱི་ས་ཕྱོགས་དེ་དག་ཐམས་ཅད་དུ་དེ་སྐྱེ་བོ་དང་ལྷན་ཅིག་མཐོང་ན་དགའ་བ་རྣམས་ལ་ལྟ་བར་བྱེད་དོ། །དེ་ནས་དེ་ལྟར་དེ་ཡོངས་སུ་རྒྱུ་བ་ན་རེས་འགའ་འཇིག་རྟེན་སྐྱོང་བ་དག་འཛམ་བུའི་གླིང་གི་བྱ་བ། ཆོས་དང་ཆོས་མ་ཡིན་ པ་དག་སྦྲན་པའི་ཕྱིར། རྒྱལ་ཆེན་བཞི་པའམ་སུམ་ཅུ་རྩ་གསུམ་དུ་གཅིག་ནས་གཅིག་ཏུ་སྦྲོན་པར་བྱེད་དོ། །དེ་ནས་ལྷ་དེ་དང་འཇིག་རྟེན་སྐྱོང་བ་དེ་དག་ནམ་མཁའ་ལ་གློ་བུར་དུ་འོངས་ཏེ་ཕྲད་པ་དང་ལྷ་དེས་དེ་དག་ལ་སྨྲས་པ། ཁྱོད་གང་ནས་འོངས། དེ་དག་གིས་ལྷ་དེ་ལ་འདི་སྐད་སྨྲས་སོ། །བདག་ ཅག་ནི་ཆོས་དང་ཆོས་མ་ཡིན་པ་སྦྲན་པའི་ཕྱིར། འཛམ་བུའི་གླིང་ལེགས་པར་བྱས་པའི་ལས་ཀྱི་གཞི་ཤིན་ཏུ་ཉམས་དགའ་བ། ཆུ་བོ་དང་འབབ་ཆུ་དང་ལྟེང་ཀ་དང་ཉེ་བའི་ཚལ་དང་ཀུན་དགའ་ར་བ་མང་པོ་ཕུན་སུམ་ཚོགས་པ་ནས་མཆིས་སོ། །དེ་ནས་ལྷའི་བུ་དེས་འཇིག་རྟེན་སྐྱོང་བ་དེ་དག་ལས་ 69-1-223b ཐོས་ནས་ངོ་མཚར་སྐྱེས་ཏེ། མཐུ་ཆེན་པོ་དང་ལྡན་པ། རྨ་བྱ་མཐུ་ཆེན་པོ་ལ་ཡང་ཞོན་པ། འགྲོ་བ་ཐམས་ཅད་དུ་སྟོབས་ཐོགས་པ་མེད་པའི་ལྷ། ངོ་མཚར་སྐྱེས་པ་དེ་འཛམ་བུའི་གླིང་ག་ལ་བ་དེར་འབབ་པར་བྱེད་དེ། ཉི་མ་གཉིས་པ་ལྟར་གསལ་ཞིང་ལྷའི་ཕྲེང་བ་དང་གོས་གྱོན་པ་དེ་ འཛམ་བུའི་གླིང་གི་ཚལ་དང་ཉེ་བའི་ཚལ་དང་ཆུ་བོ་དང་ལྟེང་ཀ་དང་པད་མའི་ཚལ་དང་ཤིང་ལྗོན་པ་དང་གྲོང་དང་གྲོང་ཁྱེར་དང་ཚོང་འདུས་དང་ལྡན་པ་འདི་ཐམས་ཅད་ལ་དེ་ལྟད་མོ་ལྟ་བར་བྱེད་དོ། །དེ་ནས་བྲམ་ཟེ་དེ་དག་གིས་དེ་རྣམས་མཐོང་ནས་རྟོག་པར་བྱེད་དེ། འདི་ལྟར་བྱ་ཁྱུང་ལ་ཞོན་པ་ འདི་ནི་གཏོགས་འདོད་ཡིན་ནོ། །གཞན་དག་ཀྱང་རྟོག་པར་བྱེད་དེ། འདི་ལྟར་རྨ་བྱ་ལ་ཞོན་པ་འདི་ནི་གཞོན་ནུ་ཡིན་ཏེ། འཇིག་རྟེན་དང་བྲམ་ཟེ་དག་སྲུང་བར་བྱེད་དོ། །གཞན་མུ་སྟེགས་པ་དག་ཀྱང་རྟོག་པར་བྱེད་དེ། འདི་ལྟར་ཁྱུ་མཆོག་ལ་ཞོན་པ་འདི་ནི་དབང་ཕྱུག་ཆེན་པོ་ ལྷ་དང་བཅས་པ་ཡིན་ཏེ། འཇིག་རྟེན་སྐྱེད་པར་བྱེད་སྲུང་བར་བྱེད། འཛིན་པར་བྱེད་སྐྱེད་པར་བྱེད་ཅིང ། འཇིག་པར་ཡང་བྱེད་དོ། །དེ་ནས་ཡང་འཇིག་རྟེན་རྣམས་སྐྱེད་པ་དང་གནས་པ་དང་འབྱིན་པར་བྱེད་པ་ཡིན་ནོ་ཞེས་རྟོག་སྟེ། དེ་ལྟར་ལྷ་དེ་རྣམས་ལ་བྲམ་ཟེ་དག་རྣམ་པ་དུ་ མར་ཡོངས་སུ་རྟོག་པར་བྱེད་ལ། སྟོད་ར་དག་བྱེད། བསྟན་བཅོས་དག་བྱེད། དེ་ཁོ་ན་ཉིད་མ་ཡིན་པ་ལ། དེ་ཁོ་ན་ཉིད་ལྟར་ལྟ། ཚིག་འཁྱལ་པ་སྨྲ་བ། ཡིད་ཤིན་ཏུ་རྣམ་པར་རྨོངས་པ་དེ་དག་གཞན་དག་ལ་ཡང་ལོག་པ་ཉིད་ཀྱིས་སྦྱོར་བར་བྱེད་དོ། །ལྷའི་བུ་དེ་རྣམས་ཀྱིས་ལྟད་ མོ་བལྟས་ནས། དེ་ནས་ཡང་རང་གི་གནས་དེ་ཉིད་དུ་སླར་འདོང་ངོ ། །དེ་ལྟར་ལྟ་བར་གྱུར་པའི་བྱིས་པ་རྣམས་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཁོ་ན་ལྟར་ལྟའོ། །ལྷ་དེ་རྣམས་ལ་ལྟ་བ་དེ་ཡང་འཇིག་པའི་དུས་སུ་འབྱུང་བའམ་རེས་འགའ་ཆ་གཉིས་ལྡན་པའམ་གསུམ་ལྡན་གྱི་དུས་ན་འབྱུང་ སྟེ། ལྷ་དེ་རྣམས་ལ་ལྟ་བ་ནི་ལྟ་བ་ངན་པ་དང་མཚུངས་སོ། །དེ་ལྟར་བདག་ཉིད་རབ་ཏུ་རྟོག་པར་བྱེད་ལ། བདག་ཉིད་ཀྱིས་རབ་ཏུ་བརྟགས་ན་གཞན་དག་ལ་ཡང་སྒྲོགས་པར་བྱེད་དེ། འདི་དག་ནི་བྲམ་ཟེ་རྣམས་ཀྱི་ལྟ་བར་གྱུར་པ་ཡིན་ནོ། །དེ་ནས་ལྷ་དེ་རྣམས་སླར་ 69-1-224a འོངས་ནས་ལྷ་གཞན་དེ་དག་ལ། ཀྱེ་མ་གྲོགས་པོ་དག་འདི་ལྟར་བདག་ཅག་སའི་སྟེང་དུ་བབས་ཏེ། ས་ཕྱོགས་ཤིན་ཏུ་རྣམ་པར་ཕྱེ་བ་ཉམས་དགའ་བ་དེ་དག་བདག་ཅག་གིས་མཐོང་ངོ་ཞེས་སྨྲས་སོ། །དེ་སྐད་ཐོས་ནས་ལྷ་གཞན་དག་ཀྱང་བཞོན་པ་སྣ་ཚོགས་ལ་ ཞོན་ཏེ། རྒྱན་དང་ཆ་བྱད་སྣ་ཚོགས་བཏགས་ནས་འཛམ་བུའི་གླིང་ག་ལ་བ་དེར་འབབ་པར་བྱེད་དེ། ཁ་ཅིག་ནི་གླང་པོ་ཆེ་ལ་ཞོན། ཁ་ཅིག་ནི་མ་ཧེ་ལ་ཞོན། ཁ་ཅིག་ནི་རྨ་བྱ་ལ་ཞོན། ཁ་ཅིག་ནི་བཞོན་པ་མེད་པར་ནམ་མཁའ་ལ་འདུག་སྟེ། དེ་རྣམས་ཀྱིས་ས་ཕྱོགས་ཉམས་ དགའ་བ་ཐམས་ཅད་ལ་ལྟ་བར་བྱེད་དོ། །དེ་དག་བལྟས་ནས་ས་ཕྱོགས་ཉམས་དགའ་བ་ལྟེང་ཀ་དང་ཉེ་བའི་ཚལ་དང་ནེའུ་གསིང་ག་ལ་ཡོད་པ་དེར་འབབ་པར་བྱེད་དོ། །ཚལ་གྱི་ཕྱོགས་དེ་དག་གི་ནང་ན་བྲམ་ཟེ་ཁ་ཅིག་དཀའ་ཐུབ་དྲག་པོ་སྤྱོད་པ་ཡོད་དེ། དེ་ལྟར་ཐོས་པ་ངན་པ་དང་ མཚུངས་ཤིང་ཐོས་པ་ངན་པ་དང་འབྲེལ་བ་དག་།གང་གི་ཚེ་ཕན་ཚུན་གྲོགས་དང་བཅས་པ་དེ་དག་ས་ཕྱོགས་དེ་ལ་ལྟ་བ་དེའི་ཚེ། ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་དེ་དག་གིས་ལྷ་དེ་རྣམས་མངོན་སུམ་དུ་མཐོང་ནས་གཞན་དག་ལ་སྒྲོགས་པར་བྱེད་དོ། །གང་ས་ཕྱོགས་འདིར་སྐྱེས་པ་ དེ་ནི་རང་དགར་ཀུན་ཏུ་བརྟགས་པ་ཞེས་བྱ་བ་ཡིན་ལ། སྔོན་ཐོས་པ་དང་འབྲེལ་པས་རྗོད་པར་བྱེད་དེ། འདི་ལྟར་འདི་ནི་བྲམ་ཟེའོ། །འདི་ནི་གཏོགས་འདོད་དོ། །འདི་ནི་དབང་ཕྱུག་ཆེན་པོའོ། །འདི་ནི་གཞོན་ནུའོ་ཞེས་དེ་ལྟར་སོ་སོར་རྟོག་པར་བྱེད་དོ། །ས་ཕྱོགས་འདི་ནི་ལྷ་ཆེན་པོའི་ གནས་ཡིན་ནོ། །འདི་ནི་གཏོགས་འདོད་ཀྱིའོ། །འདི་ནི་གཞོན་ནུའི་འོ། །འདི་ནི་ཚངས་པའི་ཡིན་ནོ་ཞེས་དེ་ལྟར་རབ་ཏུ་བརྟགས་ནས། གཏན་ཚིགས་དང་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་ལྟ་བ་ངན་པ་དང་འབྲེལ་བའི་བསྟན་བཅོས་དག་ཀྱང་བྱེད་དོ། །དེ་ཉིད་ལ་དེ་དག་གིས་གཞན་དང་གཞན་ དག་ཀྱང་འཇོག་པར་བྱེད་དོ། །དེ་ལྟར་དེ་བདག་ཉིད་ཀྱིས་ལྟ་བ་ངན་པ་མངོན་པར་བརྟགས་ནས་གཞན་དག་ལ་ཡང་སྒྲོགས་པར་བྱེད་ལ། དེ་དག་ཀྱང་གཞན་ལ་སྒྲོགས། དེ་དག་ཀྱང་ཡང་གཞན་ལ་སྒྲོགས་པར་བྱེད་དེ། དེ་ལྟར་རིམ་པ་དེ་དག་གིས་ལྟ་བར་གྱུར་པ་ཡིན་ནོ། །གང་གི་ཚེ་ལྷ་ 69-1-224b དེ་རྣམས་མཐོ་རིས་ཀྱི་དགའ་བ་དང་འཐུན་པར་མཚོ་དང་ཉེ་བར་འཁོད་དམ། དེ་བཞིན་དུ་མཚོའི་ནང་དུ་ཞུགས་པ་དེ་ལ་ཚལ་གྱི་ནང་ན་སྤྱོད་པ་རང་དགར་གོམས་པ་དེ་དག་གཞན་ལ་སྒྲོགས་པར་བྱེད་དེ། འདི་ལྟར་མཚོ་འདི་ནི་ཚངས་པའི་ཡིན་ནོ། །འདི་ནི་སྐལ་ལྡན་སྲེད་མེད་ཀྱི་ བུའི་ཡིན་ནོ། །འདི་ནི་དབང་ཕྱུག་ཆེན་པོའི་ཡིན་ནོ། །འདི་ནི་གཞོན་ནུའི་ཡིན་ནོ་ཞེས་དེ་ལྟར་ལྟ་བ་ངན་པའི་དབང་དུ་གྱུར་པའི་སེམས་ཀྱིས་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དང་ལྡན་པའི་བསྟན་བཅོས་དག་བྱེད་ལ་དེ་ལྟར་གཞན་དག་ལ་བསྟན་བཅོས་ རབ་ཏུ་གྲགས་པར་འགྱུར་ཏེ། དེ་ལྟར་གཞན་དང་གཞན་དུ་ལྟ་བར་གྱུར་པ་ཡིན་ནོ། །དེ་ནས་ཡང་རྣམ་པ་གཞན་གྱིས་རབ་ཏུ་རྟོག་པར་བྱེད་དེ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་ནི་མི་འགྱུར་རོ། །ཚལ་གྱི་ནང་ན་སྤྱོད་པ་དེ་དག་གིས་ལྷ་དེ་རྣམས་གསལ་བར་མི་མཐོང་སྟེ། བྱད་གཟུགས་མ་ནོར་བར་ཤེས་པར་མི་འགྱུར་རོ། །དེ་ནས་ཀྱང་ལྷ་དེ་རྣམས་མེ་ལྟར་གཟི་བརྗིད་འབར་ཞིང་ཡུལ་ནས་ཡུལ་དུ་འདོང་བར་བྱེད། ཚལ་ནས་ཚལ་དུ་འདོང་བར་བྱེད་པ་དང་ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་གང་ཡིན་པ་དེ་དག་གཞན་དུ་རྟོག་པར་བྱེད་དེ། འདི་ ལྟར་བདག་ཉིད་མེའི་ནང་དུ་མངོན་པར་བཅུག་པ་དེ་དག་ནི་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་དེ་ལྟར་གཞན་དུ་བརྟགས་ནས་ལྟ་བའི་རྣམ་པ་སྐྱེད་པར་བྱེད་ལ་གཏན་ཚིགས་དང ། དཔེ་དང་ཉེ་བར་ སྦྱོར་བ་དང་མཇུག་བསྡུ་བ་ངན་པ་དང་འབྲེལ་བའི་བསྟན་བཅོས་དག་ཀྱང་བྱེད་དོ། །དེ་ནས་གཞན་དག་གིས་བསྟན་བཅོས་དེ་དག་ཐོས་ནས་བདག་ཉིད་མེའི་ནང་དུ་འཇུག་པར་བྱེད་དེ། དེ་ལྟར་ཡང་དག་པ་མ་ཡིན་པའི་ལྟ་བར་གྱུར་ཏོ། །དེ་རྣམས་ནི་ལས་ཀྱི་འབྲས་བུ་ སྤོང་བར་བྱེད་པ་ཡིན་ཏེ། དེ་སྤངས་པས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་གཞན་ཡང་ཡང་དག་པ་མ་ཡིན་པའི་ལྟ་བའི་རྣམ་པ་སྒྲུབ་པ་ནི་ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་དག་གིས། ལྷ་དེ་རྣམས་རྒྱང་རིང་པོ་ཞིག་ན་ལྟ་ 69-1-225a བ་མི་གསལ་བར་མཐོང་སྟེ། འདི་ལྟར་རིའི་རྩེ་མོ་མེ་ཏོག་དང་ལྟེང་ཀ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ལ་ལྷ་འཛེགས་ནས་གཟི་བརྗིད་འབར་ཞིང་ནམ་མཁའ་ལ་འགྲོ་བ་དང ། དེ་ནས་ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་དག་གིས་མཐོང་ནས་རང་ དགར་རྟོག་པར་བྱེད་དེ། འདི་ལྟར་མིར་གྱུར་པ་འདི་རྣམས་ཀྱིས་རི་ལས་གཡང་དུ་ལྟུང་བར་བྱས་ན་རྒྱུ་དེ་དང་རྐྱེན་དེས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བས། བདག་ཅག་ཀྱང་རི་རྩེ་ནས་ཐར་བར་བྱའོ་ཞེས་དེ་ལྟར་གཞན་དག་ལ་ཡང་སྟོན་པར་བྱེད་ ལ། བསྟན་བཅོས་ངན་པ་དག་ཀྱང་བྱེད་ཅིང་ལས་ཀྱི་འབྲས་བུ་ལ་ཡང་སྐུར་པ་འདེབས་སོ། །ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པ་བདག་དང་གཞན་ལོག་པར་ལྟ་བ་རྣམས་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་ ཏེ། དེ་ལྟར་ཡང་ལྟ་བའི་རྣམ་པ་གཞན་ཡིན་ནོ། །དེ་ནས་ཡང་ཚལ་གྱི་ནང་ན་སྤྱོད་པའི་བྲམ་ཟེ་དེ་དག་གིས། ལྷ་དེ་རྣམས་གཞན་དུ་མཐོང་ནས་རང་དགར་གཞན་དུ་རྟོག་པར་བྱེད་དེ། འདི་ལྟ་སྟེ། ལྷ་རྣམས་ཧ་ཅང་ཡང་མི་ཉེ་ཧ་ཅང་ཡང་མི་རིང་བ་ཞིག་ན་འཁོད་པ་དེ་རྣམས་ ཀྱི་ཆ་བྱད་གཟུགས་ཅུང་ཟད་ཅིག་ཤེས་པ་དང ། དེ་བཞིན་དུ་མཐོང་ནས་གཟུགས་དེ་རྣམས་གཞན་ཉིད་དུ་རྟོག་པར་བྱེད་དེ། འདི་ལྟར་ལྷ་རྣམས་ཀྱི་ཞལ་ནི་མེ་ཡིན་པས། དེ་ལྟར་རྣམ་པ་གཞན་གྱིས་མེའི་ནང་དུ་སྦྱིན་སྲེག་བྱེད་པ་གང་ཡིན་པ་དེ་ནི་ལུས་དང་བྲལ་ནས་དེ་བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་དེ་ལྟར་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ནི། གཏན་ཚིགས་དང་དཔེ་ངན་པ་དང་སྦྱར་བའི་བསྟན་བཅོས་དག་ཀྱང་བྱེད་དོ། །དེ་ལྟར་གཏན་ཚིགས་དང་དཔེ་ངན་པ་དང་སྦྱར་བའི་ལྟ་བའི་རྣམ་པ་གཞན་ཡང་བྱེད་ ལ། ཕ་རོལ་དག་ཀྱང་དེ་ཉིད་ལ་འཛིན་དུ་འཇུག་པར་བྱེད་དེ། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ་མ་ཡིན་པ་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ཚལ་གྱི་ནང་ན་སྤྱོད་ 69-1-225b པའི་བྲམ་ཟེ་གཞན་དག་གིས་ལྷ་དེ་རྣམས་མཐོང་ནས་གཟུགས་སམ་སྤྱོད་པ་ནི་ཤེས་ལ། དེ་དག་གིས་དེ་རྣམས་ཟས་ཟ་བ་མ་མཐོང ། སྦྱིན་པ་བྱེད་པ་མ་མཐོང་བ་དང་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་རྣམས་ཟས་མི་ཟ། སྐོམ་མི་འཐུང་བ་ལས་ན། གོར་མ་ཆག་པར་བདག་ཅག་གིས་ཀྱང་ཟས་མ་ཟོས་ཀྱང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་ནས་དེ་དག་ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་ཤིང ། འདི་ལྟར་ཟས་མ་ཟོས་པའམ་ཟས་ཞིམ་པོ་མ་ཟོས་པས་མཐོ་ རིས་འཐོབ་པར་འགྱུར་རོ་ཞེས་བསྟན་བཅོས་ངན་པ་དག་ཀྱང་བྱེད་ལ། དེ་གཞན་དག་ཀྱང་གཏན་ཚིགས་དང་དཔེ་ངན་པ་སྟོན་པའི་ཚིག་རྣམས་ཀྱིས་དེ་ཉིད་འཛིན་དུ་འཇུག་པར་བྱེད་དེ། དེ་ལྟར་བདག་དང་གཞན་ལོག་པར་ལྟ་བ། ལས་ཀྱི་འབྲས་བུ་ལ་སྐུར་པ་ འདེབས་པ་ནི། ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་དེ་ཁོ་ན་ཉིད་མ་མཐོང་བ་ནི་ངན་འགྲོ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་ནོ། །ལྷ་དེ་རྣམས་ཀྱི་སྐད་ཅིག་ཙམ་མམ་ཐང་ཅིག་ཙམ་མམ་དེ་ ཙམ་གང་ཡིན་པ་དེ་ལ་མི་རྣམས་ཀྱི་ལོར་བགྲངས་ན་ཡུན་རིང་སྟེ། དེ་ལ་བྲམ་ཟེ་དེ་དག་འདི་ལྟར་ལྷ་འདི་དག་ནི་རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཡིན་ལ། དེ་དག་འཇིག་རྟེན་སྐྱེད་པར་ཡང་བྱེད་ལ་འཇིག་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་བསྟན་བཅོས་ བྱེད་ཅིང་གཞན་དག་ཀྱང་དེ་ཉིད་ལ་འཛིན་དུ་འཇུག་པར་བྱེད་པ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་དེ་ནི་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་སེམས་ཀྱི་དགྲས་ཡོངས་སུ་བསླུས་པའི་སེམས་ཅན་ རྣམས་རྣམ་པ་དུ་མར་དེ་ཁོ་ན་ཉིད་ལ་མི་ལྟ་བ། དེ་ཁོ་ན་ཉིད་མ་མཐོང་བ་ནི་ལྟ་བར་གྱུར་པའི་བསྟན་བཅོས་དག་བྱེད་དོ། །དེ་ནས་དེ་ལྟར་དེ་ཁོ་ན་ཉིད་མ་ཡིན་པས་སེམས་ཡོངས་སུ་བསླུས་པའི་སེམས་ཅན་རྣམས། དགེ་སློང་དེས་མངོན་པར་མཐོང་ནས་ཚིགས་སུ་ 69-1-226a བཅད་དེ་སྨྲས་པ། སེམས་ཀྱི་སྦྲུལ་ནི་མི་བཟད་དང ། །སྲེད་པའི་དུག་དང་རྣམ་འདྲེས་པ། །མགོ་ལྔ་པ་ཡིས་ཟིན་པ་དག་།དོན་མེད་ཅི་ཞིག་ཡོངས་སུ་གདུང ། །སྲེད་པའི་ཆུ་བོ་ཆེན་པོ་འདི། །མུ་ལྔ་ལས་ནི་ཀུན་དུ་བྱུང ། །དེ་ཡི་ཚུ་རོལ་འགྲམ་ དག་ན། །དོགས་དང་བཅས་ལ་ཕ་རོལ་ཞིང ། །མ་མཐོང་བར་ནི་ཤི་ཡང་སླ། །ལྟ་བ་ངན་པ་ག་ལ་རུང ། །ལྟ་བ་ངན་པས་རྨོངས་པ་ཡི། །མི་རྣམས་སེམས་ཅན་དམྱལ་བར་འགྲོ། །ལོག་པར་སྨྲ་བས་བསླུས་པ་ཡི། །མི་རྣམས་ལོག་པར་ལྟ་དང་ལྡན། །རྒྱུ་མ་ཡིན་ ལ་རྒྱུ་ལྟར་ལྟ། །མི་བཟད་སེམས་ཅན་དམྱལ་བར་འགྲོ། །རྒྱུ་འབྲས་དག་ལ་རྨོངས་གྱུར་ཅིང ། །དེ་ཉིད་ལྟ་ལ་རྣམ་རྨོངས་པ། །སེམས་ཅན་སྡུག་བསྔལ་སྐལ་བ་ཅན། །སྲིད་པའི་བཙོན་རར་ཤིན་ཏུ་ཆགས། །ལས་དང་འབྲས་བུ་རྣམ་སྨིན་དང ། །དེ་བཞིན་སྐྱེ་དང་ འཆི་བ་དང ། །འགྲོ་བ་དེ་ཉིད་མཐོང་བ་ནི། །མི་དེ་ཕ་རོལ་འགྲོ་བ་ཡིན། །བྱིས་པ་འདོད་པ་ཚོལ་བྱེད་པ། །ཕྱི་ཕྱིར་འདོད་པ་རྣམས་ཀྱིས་རྨོངས། །ཕྱེ་མ་ལེབ་ལྟར་རྨོངས་པ་དེ། །སེམས་ཅན་དམྱལ་བའི་མེ་ཡིས་སྲེག་།དཀའ་ཐུབ་ངན་པ་མི་སྤྱོད་ཅིང ། ། ཚུལ་ཁྲིམས་སྤྱོད་ལ་བརྟེན་ནས་སུ། །ཡང་དག་ལྟ་བ་ལྷུར་ལེན་རྣམས། །མི་ཡུལ་ནས་ནི་ལྷ་ཡུལ་འགྲོ། །ཁྱེད་ཅག་དཀའ་ཐུབ་ངན་པས་གདུངས། །ལོག་པར་ལྟ་བ་ལྷུར་ལེན་རྣམས། །ཤེས་པས་ལྷག་པའི་ང་རྒྱལ་རྨོངས། །སྐྱེ་བོ་གཞན་ཡང་ རྨོངས་པར་བྱེད། །གཏི་མུག་མུན་རུམ་ཐིབས་པོ་ཡི། །ཆུ་བོ་ཆེན་པོར་འཇུག་བྱེད་པ། །སྐྱེ་བོ་འདི་དག་རྒྱུར་གྱུར་ཏེ། །འཇིག་རྟེན་རང་བཞིན་སྡུག་བསྔལ་ལོ། །ལུས་ཀྱི་དཀའ་ཐུབ་མི་བཟད་ཞེས། །མཁས་པ་རྣམས་ནི་དེ་སྐད་གསུང ། །སེམས་ ཀྱི་དཀའ་ཐུབ་ཉིད་ཀྱིས་ནི། །ཉོན་མོངས་རི་ཀུན་སྲེག་པར་བྱེད། །ཡང་དག་ཡེ་ཤེས་སྔོན་འདྲེན་པ། །ཉོན་མོངས་ཟད་ལས་རྣམ་ཐར་འདི། །སྐྱེས་བུ་དེ་ཉིད་མཐོང་བའོ། །དགོན་དང་བྲལ་བས་ཐོབ་པར་འགྱུར། །བློ་གྲོས་གཞན་དང་གཞན་རྣམས་ཀྱིས། ། 69-1-226b འཇིག་རྟེན་འདི་ཀུན་རྣམ་པར་བསླུས། །གང་ལ་ལོག་པར་སྨྲ་བ་དག་།མཆོག་ཏུ་ཞི་བར་འགྲོ་མི་འགྱུར། །འཇིག་རྟེན་པ་ལ་ལོག་པའི་ཚིག་།ཤིན་ཏུ་མང་པོར་རབ་ཏུ་གྲགས། །འཇིག་རྟེན་འདས་པའི་བསྐལ་པ་བརྒྱར། །ནམ་ཡང་གྲགས་པར་མི་འགྱུར་ རོ། །དེ་བས་འཇིག་རྟེན་འདས་ཚིག་གཟུང ། །འཇིག་རྟེན་པ་ལྟ་ག་ལ་ཞིག་།འཇིག་རྟེན་པ་ཡི་ཚིག་དག་ནི། །དུག་འདྲ་འཁོར་བར་འཆི་བར་མཐོང ། །སྲེད་ལ་མི་དགའ་རྟག་བདེ་བ། །ངེས་པར་བསོད་ནམས་བྱེད་པ་པོ། །འཇིག་རྟེན་འདས་ཚིག་དགེ་ བ་ཞེས། །མཁས་པ་རྣམས་ནི་ཡང་དག་གསུང ། །ལྟ་བ་དང་ནི་གཏན་ཚིགས་ངན་པས་བསྒྱུར། །གསོབ་དང་གསོག་དང་སྡིག་དང་འདྲེས་པ་ཡི། །ཚིག་གིས་ཀུན་ནས་བསླུས་པའི་མི་རྣམས་ནི། །མུན་གནག་ཆེན་པོའི་ངན་སོང་རྣམས་སུ་ལྟུང ། །དེ་ལྟར་ དགེ་སློང་དེས་དེ་ཁོ་ན་ཉིད་མ་མཐོང་བར་འགྱུར་བའི་སེམས་ཅན་རྣམས་ལ། དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཅན་འདི་ཀུན་དེ་ཉིད་ཁོང་མ་ཆུད། །དོན་མེད་དཔེ་དང་གཏན་ཚིགས་ངན་པ་ཡིས། །གཞན་ཡང་རྨོངས་པར་ བྱེད་ལ་བདག་ཉིད་ཀྱང ། །དམྱལ་བར་ལྟུང་བྱེད་གཞན་ཡང་བྱེད་དུ་འཇུག་།ལྷ་དེ་རྣམས་ཀྱིས་མིའི་འཇིག་རྟེན་འདི་ཐམས་ཅད་རིག་ནས། བཞོན་པ་དེ་རྣམས་དང་ལྷན་ཅིག་ཏུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རང་གི་གནས་ག་ལ་བ་དེར་དོང་སྟེ། ལྷ་གཞན་རྣམས་ལ་ཡང་ སྔ་མ་བཞིན་དུ་བསྙད་དོ། །སིལ་སྙན་རྣམ་པ་སྣ་ཚོགས་སྒྲ་འབྱིན་པའི་ཚལ་དང་ཉེ་བའི་ཚལ་ལྷའི་ཡོན་ཏན་ཕུན་སུམ་ཚོགས་པ་རིན་པོ་ཆེ་ཐམས་ཅད་འབར་བའི་འོད་ཀྱིས་བརྒྱན་པ་རྣམས་ན། ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ། བདེ་བ་ངེས་ པར་འགྲུབ་པའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད། །དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཟད་ནས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་ 69-1-227a རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་ཞིང་ཤིན་ཏུ་ནད་མེད་པ་དང་ལྡན་པ་དང་གནོད་པ་ཐམས་ཅད་དང་བྲལ་བ་དང་ཡུལ་དང་ལྗོངས་ཤིན་ཏུ་ལོ་ལེགས་པ་རྣམས་སུ་སྐྱེ་ལ། དེར་སྐྱེས་ནས་ཀྱང་བྱད་གཟུགས་བཟང་པོར་འགྱུར་ཏེ། ཤིན་ཏུ་བྱད་གཟུགས་བཟང་པོ་དང་ལྡན་པ་དང་སྐྱེ་བོ་ཐམས་ཅད་ཡང་དག་པར་དགའ་བ་དང་དབང་པོ་ཚང་བ་དང་ནོར་རྫས་དམ་པ་དང་ལྡན་ཏེ། རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ ། །དེ་ནས་ ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ནོར་བུ་འཕྱང་བ་ཞེས་བྱ་བ་ཇི་ལྟར་འདུག་ པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། བློ་རྒྱ་ཆེ་ཞིང་ཚུལ་ཁྲིམས་དང་ལྡན་པར་གྱུར་ལ། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། རྟག་ཏུ་ལས་དང་འབྲས་ བུའི་དེ་ཁོ་ན་ཉིད་ལ་ལྟ་བ་སེམས་དམ་པ་དང་ལྡན་པ། ཡང་དང་ཡང་དུ་ལས་དང་འབྲས་བུ་ལ་དད་པར་གྱུར་པ་གང་གིས། དགེ་བའི་ལས་བྱས་ལ་མི་དགེ་བ་སྤངས་པ། དྲང་པོ་དྲང་པོའི་རང་བཞིན་ཅན། སྡིག་པའི་གྲོགས་པོ་དག་མི་སྟེན་ཅིང ། དེ་དག་དང་ ལྷན་ཅིག་དགའ་བར་ཡང་མི་བྱེད་ལ། ལམ་དུ་འགྲོགས་པ་ན་ཚིག་ཀྱང་སྨྲ་བར་མི་བྱེད་ལ། མིག་ཟུར་གྱིས་ཀྱང་ལྟ་བར་མི་བྱེད་དེ། དེ་ལྟར་ཀུན་ནས་དགེ་བའི་ལས་ཀྱི་མཐའ་སྤྱོད་པ། གསེར་སྦྱངས་པ་དང་མཚུངས་པ་དེ་ལེགས་པར་བྱ་བ་བྱས་པ་དེས། ཚེ་ འདི་ལ་གཞན་ཡང་དགའ་བར་འགྱུར་རོ། །ལེགས་པར་བྱ་བ་བྱས་པ་ཇི་ལྟ་བུ་ཞིག་།རྣམ་པ་ནི་དུ་ཞེ་ན། འདི་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཁ་ཏོན་སློབ་པ་ལ་ཞུགས་པའི་དགེ་སློང་ཉིན་མཚན་དུ་བརྩོན་པ་གང་དག་མར་མེ་མེད་པའི་གཞིས། སངས་ 69-1-227b རྒྱས་ཀྱི་གསུང་རབ་སློབ་མ་ནུས་པ་དེ་མར་མེ་མེད་ནས་ཁ་ཏོན་སློབ་པ་བཏང་སྟེ། འདུག་པ་ལ་སངས་རྒྱས་ཀྱི་གསུང་རབ་ལ་གུས་ཤིང ། དགེ་སློང་དེ་རྣམས་ལ་ཡང་སེམས་དད་པས་བསྒོམས་པའི་སྙིང་དང་ལྡན་པ། ཆོས་དང་དགེ་འདུན་ལ་གུས་པ་དཀོན་ མཆོག་གསུམ་ལ་དད་པ་སྐྱེས་པ་དེ་དགེ་འདུན་ཞིང་ཆེན་པོ་དེ་ལ་མར་མེ་དག་འབུལ་བར་བྱེད་ལ། གཞན་ཡང་དགེ་བ་ཉིས་འགྱུར་དུ་བྱེད་དུ་འཇུག་པ་དང ། དེ་ལྟར་དགེ་སློང་དེ་རྣམས་བརྩོན་འགྲུས་བྱ་བའི་དོན་དུ་ཡུལ་ས་ཚ་བར་ཞུགས་པ་རྣམས་ལ་བསིལ་ཡབ་ སྦྱིན་པར་བྱེད་དོ། །དེས་དགེ་སློང་རྣམས་དགེ་བའི་ཕྱོགས་བྱེད་དེ། ཚ་བ་བསལ་བ་དང་མར་མེ་བྱིན་པས། དེ་དག་མུན་པའི་མི་བདེ་བ་དང་བྲལ་ཞིང་ཚ་བའི་གནོད་པ་དང་བྲལ་ཏེ། ཀུན་ནས་ཤིན་ཏུ་བདེ་བ་དང་ལྡན་ལ། ངལ་སོར་ཡོད་པ་ཚངས་པར་སྤྱོད་པ་དེ། ཐམས་ཅད་མཁྱེན་པའི་བཀའ་བདེ་བར་སློབ་པར་བྱེད། སེམས་པར་བྱེད་ལ་ཐམས་ཅད་མཁྱེན་པའི་བཀའ་དྲི་བ་དང ། ལན་གླན་པ་ལ་ཕན་ཚུན་ཁ་ཏོན་སློབ་པར་བྱེད་དེ། མར་མེའི་ཡོན་ཏན་དེ་དང་བསིལ་ཡབ་ཀྱི་རླུང་བསིལ་བ་དེས་དགེ་སློང་རྣམས་མུན་པའི་མི་ བདེ་བ་དང་བྲལ་ཞིང་ཚ་བའི་གནོད་པ་དང་བྲལ་ཏེ། སྦྱིན་བདག་དེའི་མཐུས་བདེ་བླག་ཏུ་ཁ་ཏོན་སློབ་པར་བྱེད། ཡང་དག་པར་སེམས་པར་བྱེད། ཡིད་ཤིན་ཏུ་བརྩོན་པར་གྱུར་ན། དེ་ལྟར་བདག་དང་གཞན་ལ་ཕན་པར་ཞུགས་པའི་སྐྱེས་བུ་དགེ་བ་དང་ཚུལ་ཁྲིམས་དང་ ལྡན་པར་གྱུར་པ་དེ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ནོར་བུ་འཕྱང་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལེགས་པར་བྱས་པའི་ལས་ཀྱི་མཐའ་མངོན་སུམ་དུ་གྱུར་པ་དེ། ཤིན་ཏུ་བདེ་བའི་རྒྱུ་ལེགས་ པར་བྱས་པའི་ལས་ཀྱི་འབྲས་བུའི་སྐལ་བ་ལ་ནི་སྤྱོད། ཇི་ལྟར་ཉི་མ་རང་ལས་འོད་འབྱུང་བ་དེ་བས་བཅུ་འགྱུར་གྱིས་ལྷག་པའི་འོད་ཀྱི་ཕྲེང་བ་ནི་འབྱུང ། ལྷའི་ཚོགས་ཐམས་ཅད་ཀྱིས་ཤིན་ཏུ་བཀུར་བ་ན་ལྷ་མོ་དུ་མ་འབུམ་སྙེད་རིམ་གྲོ་བྱ་བའི་ཕྱིར་ནི་འོང ། ལྷ་ 69-1-228a མོ་གུས་པ་སྐྱེས་པ་དེ་རྣམས་ཇི་ལྟར་སྔ་ནས་བཤེས་པ་ལྟར་ཡིད་གཅུགས་པར་གྱུར་ཅིང ། བཞིན་འཛུམ་ལ་རྒྱན་ཐམས་ཅད་ཀྱིས་བཀླུབས་པས་གང་བ་རྣམས་ནི། བྱད་གཟུགས་དང་ཆ་བྱད་དང་རྒྱན་ལྷག་པར་བཟང་བ་དང་གཟུགས་བཟང་བ་དང་ དབྱིབས་ལེགས་པ་དང་ལུས་ལེགས་པ་ཡིན་ལ། ཕན་ཚུན་ཐབ་མོ་དང་ཕྲག་དོག་དང་འཇིགས་པའི་ངོ་བོ་ནི་མེད། གཅིག་ལ་གཅིག་ཡིད་གཅུགས་པ་ནི་སྐྱེས། གནོད་པ་མེད་པའི་སྙིང་དང་ལྡན་པ་རྣམས་ཕན་ཚུན་འབྲལ་བར་དགའ་བ་སྐད་ཅིག་ཙམ་ཡང་མེད་དེ། དེ་སྐད་ཅིག་ཀྱང་ཉམས་པ་མེད་དོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཀུན་ཡིད་རབ་ཏུ་དགའ་བར་གྱུར་ནས་ཐམས་ཅད་ཀྱིས་ཀྱང་པད་མ་དག་བླངས་ཏེ་ལྷ་དེའི་དྲུང་དུ་འདོང་བར་བྱེད་དོ། །ཁ་ཅིག་གིས་ནི་གསེར་གྱི་པད་མ་བླངས། ཁ་ཅིག་གིས་ནི་དངུལ་གྱི་པད་མ། ཁ་ཅིག་གིས་ནི་བཻ་ཌཱུརྱའི་པད་མ། ཁ་ཅིག་གིས་ནི་ཤེལ་གྱི་པད་མ། ཁ་ཅིག་གིས་ནི་རིན་པོ་ཆེ་དང་འདྲེས་པ་དག་བླངས་ཏེ། འདི་ལྟར་གང་གི་ལག་ན་དངུལ་གྱི་པད་མ་ཡོད་པ་དེའི་པད་མའི་སྡོང་བུ་ནི་གསེར། ཟེ་བ་ནི་པད་མ་རཱ་གའི་མདོག་ཡིན་ནོ། །གང་གི་པད་ མ་བཻ་ཌཱུརྱའི་པད་མ་ཡིན་ན་དེའི་སྡོང་བུ་ནི་གསེར་ཡིན་ནོ། །གང་གི་པད་མ་གསེར་ཡིན་ན་དེའི་མེ་ཏོག་ཨན་ད་རྙིལ་ཡིན་ནོ། །གང་གི་པད་མ་སྤུག་ཡིན་ན་དེའི་སྡོང་བུ་ཨན་ད་རྙིལ་ཡིན་ནོ། གང་གི་ལག་ན་པད་མ་དམར་པོ་ཐོགས་ན་དེའི་ཟེ་བ་ནི་རྡོ་རྗེའི་མདོག་ལྟ་བུ་ཡིན་ཏེ། དེ་ལྟར་ལྷ་མོ་དེ་་ རྣམས་ལྷ་དེའི་དྲུང་དུ་འདོང་བར་བྱེད་དོ། །དོང་ནས་ཀྱང་ཡིད་གཅུགས་པ་དེ་ལ་ཀུན་ནས་པད་མ་ཆར་ལྟར་འབེབས་ཏེ། ཇི་ལྟར་དབྱར་གྱི་དུས་རྣམས་སུ་སྤྲིན་གྱི་རྒྱལ་པོ་དག་ལས་ཆར་ཀྱི་རྒྱུན་མངོན་པར་འབབ་པ་དེ་ལྟར་ལྷ་དེ་ལ་ལྷ་མོ་དེ་རྣམས་ཀྱིས་པད་མའི་ཆར་འབེབས་པར་བྱེད་དོ། ། ལྷ་དེ་སྐྱེས་མ་ཐག་ཉིད་དུ་དང་པོར་ལྷ་མོ་དེ་རྣམས་མཐོང་ནས། ལྷ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྙིང་གཡོ་བར་བྱེད་ན་ཡིད་ཤིན་ཏུ་དགའ་བར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དེ་སྐྱེས་མ་ཐག་ཏུ་དང་པོར་དེ་རྣམས་མཐོང་ནས་འདོད་ཆགས་ཀྱིས་འཕངས་པའི་ཡིད་དང ། ངོ་མཚར་དུ་གྱུར་པའི་སྙིང་ 69-1-228b རབ་ཏུ་དགའ་བ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱང་དགའ་བར་གྱུར་ནས། མོད་ཉིད་ལ་སྟན་དེ་ནས་ལྷ་མོ་དེ་རྣམས་ག་ལ་བ་དེར་རྒྱུག་པར་བྱེད་དོ། །འདོད་ཆགས་སྐྱེས་པ་དེ་དག་ཕན་ཚུན་འདྲེས་པར་གྱུར་ནས། དེ་ནས་ཡང་ལྷ་མོ་དེ་རྣམས་དང་ལྷ་དེ་ཡང་དང་ཡང་ དུ་དགའ་བ་ཉིད་ལྷག་པར་བསྐྱེད་པར་བྱ་བའི་ཕྱིར། ཤིན་ཏུ་བྲོ་གར་བྱེད་དགོད་པར་བྱེད་གླུ་ལེན་པར་བྱེད་དོ། །དེ་ནས་ལྷ་དེ་ལྷ་མོ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ཚལ་དང་ཉེ་བའི་ཚལ་རིན་པོ་ཆེ་སྣ་ཚོགས་འབར་བ། འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། ཤིང་ལྗོན་པ་རྣམས་དང་ ཤིང་ལྗོན་པའི་དྲུང་རྣམས་དང་ལྡན་པ། བྱ་སྣ་ཚོགས་འདྲེས་ཤིང་སྒྲ་འབྱིན་པ་ཐོས་ན་སྙན་པ། མེ་ཏོག་དང་འབྲས་བུའི་ཕྱོགས་ཇི་ལྟར་འདོད་པ་བཞིན་འགྲུབ་པ་ཆུ་བོ་དང་འབབ་ཆུ་དང་ལྟེང་ཀ་རྣམས་འབུམ་སྙེད་ཀྱིས་གང་བའི་ཚལ་དང་ཉེ་བའི་ཚལ་དེ་རྣམས་སུ། ལྷ་དེ་ལྷ་མོ་དེ་རྣམས་ དང་ལྷན་ཅིག་གནས་པར་བྱ་བའི་ཕྱིར་འདོང་བར་བྱེད་དེ། རང་གིས་བྱས་པའི་ལས་མངོན་སུམ་དུ་གྱུར་པ་དེས། བདེ་བ་དཔེ་མེད་པ་རྣམ་པ་དུ་མ་དག་མྱོང་ངོ ། །དེ་ནས་དེ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་རྩེ་ཞིང ། འདོད་པ་ཐམས་ཅད་བསམས་ ན་འགྲུབ་པ་ལུས་ཀྱི་མཐའ་རྒྱ་ཆེན་པོ་བྱེད་པའི་ལྷ་དེ། འཕགས་པའི་ཚུལ་ཁྲིམས་དེ་ལ་བརྟེན་པའི་འབྲས་བུ་ལ་སྤྱོད་པར་བྱེད་དོ། །དེ་ནས་དེ་ལྟར་ལྷ་དེ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ལྷ་དེ་རྣམས་དང་ཡང་ནོར་བུ་འཕྱང་བའི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །ལྷ་གཞན་རྣམས་ ཀྱིས་དེ་དག་མཐོང་ནས། ཡིད་རབ་ཏུ་དགའ་བ་གུས་པ་དང་བཅས་པ། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས། ལྷ་གསར་དུ་བྱུང་བ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །གུས་པ་དང་བཅས་པའི་ཡིད་ཀྱིས། དེ་ལ་གཉེན་ལྟར་སེམས་ཤིང་ཐམས་ཅད་ཡིད་རབ་ཏུ་དགའ་བས་ ལྷ་དེའི་དྲུང་དུ་དོང་ངོ ། །ལྷ་གསར་དུ་བྱུང་བ་དེ་ཡང་ཡིད་དགའ་བ་སྐྱེས་ནས་ལྷ་དེ་རྣམས་འོང་བ་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་ནས་ཡང་ལྷ་དེ་རྣམས་དང་ལྷ་གསར་དུ་བྱུང་བ་དེ་དང་ནོར་བུ་འཕྱང་བའི་ཚལ་འདོད་པ་ལྔ་འགྲུབ་པ་དེ་ན་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཅིང་དགའ་ 69-1-229a བ་དང་འཐུན་པའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ། ཐོས་ན་ཤིན་ཏུ་ཡིད་དུ་འོང་ལ་དེ་བཞིན་དུ་རྣར་སྙན་པ་དག་གིས་ལྷ་དེ་རྣམས་དགའ་བར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་ཡང་ལྷ་རྣམས་ནོར་བུ་འཕྱང་བའི་ཚལ་ན། ལྷ་མོ་སྒེག་མོ་རབ་ཏུ་དགའ་བ་ རྣམ་པ་དུ་མ་རོལ་མོའི་སྒྲ་འབྱིན་ཞིང་ཤིན་ཏུ་ཉམས་དགའ་བར་བྱེད་པའི་ནང་ན། ལྷ་རྣམས་ལྟ་བས་བདེ་བ་མྱོང་བར་བྱེད་དེ་འདི་ལྟ་སྟེ། ཚལ་གྱི་ནང་གི་ས་གཞི་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། ཀུན་ནས་ཁ་དོག་དང་མདོག་གསེར་གྱི་གོས་བགོས་པ་ལྟར་མཛེས་པ་ཡིན་ཏེ། དེ་ ལྟར་དགའ་བར་བྱེད་པའི་ཤིང་ལྗོན་པ་སྐྱེས་པ་རྣམས་ཕན་ཚུན་འགྲན་པ་ལྟར་མེ་ཏོག་རབ་ཏུ་རྒྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་བརྒྱན་པ། ཚལ་དང་ཉེ་བའི་ཚལ་གྱི་ས་གཞི་མཐོན་དམན་རན་པ། བཟའ་བའི་ཚོགས་དང་བཏུང་བའི་ཚོགས་མང་པོས་གང་བ་ཀུན་ནས་ བལྟ་ན་སྡུག་ཅིང་ཉམས་དགའ་ལ་ལྷག་པར་མཛེས་པ་ཡིན་ནོ། །དེ་ནས་ཡང་ལྷ་དེ་ལྷ་དེ་རྣམས་དང་ལྷན་ཅིག་སིལ་སྙན་སྣ་ཚོགས་དང་བཅས་པས་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ལ། ཤིན་ཏུ་བདེ་བ་དང་ལྡན་པ་དག་འཕྱང་བའི་ཚལ་ལ་སྟེན་པར་བྱེད་དོ། །ལྷ་དང་ལྷ་མོའི་ཚོགས་ཀྱིས་ ཡོངས་སུ་བསྐོར་བ་དེ། བཻ་ཌཱུརྱའི་རྡོ་ལེབ་ཅེས་བྱ་བའི་ས་ཕྱོགས་དེ་ལ་ཡང་སྟེན་པར་བྱེད་དེ། དེས་ས་ཕྱོགས་དེ་ན་ནོར་བུ་ལས་བྱས་པའི་གོས་ཀྱི་ངོ་བོ་ཉིད་ཤིང་ལྗོན་པ་རྣམས་ལས་འཕྱང་བ་མཐོང་སྟེ། ཉི་མ་ཤར་བ་ལྟ་བུར་ཤིན་ཏུ་གཟི་བརྗིད་དང་ལྡན་པ། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ན་བདེ་བ་ཡིན་ ལ་རླུང་གིས་བསྐྱོད་ན་མཐོན་དམན་དུ་འཕར་བ་ཡིན་ནོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་ཐམ་པ། བུང་བ་འབུམ་སྙེད་ཀྱིས་ཀྱང་ཁྱབ་པ་ཡིན་ལ། བུང་བ་ཁ་དོག་མཛེས་པ་རྣམ་པ་སྣ་ཚོགས་དག་གིས་བརྒྱན་པ། ཀུན་ནས་ཤིང་ལྗོན་ པ་འབུམ་སྙེད་འོད་འབར་བ་ལྟར་གསལ་བ་ཡིན་ནོ། །ལྷ་དེ་རྣམས་ཀྱིས་ཤིང་ལྗོན་པ་དེ་དག་མཐོང་ནས་ངོ་མཚར་ཆེར་སྐྱེས་པའི་མིག་ཕྱེ་སྟེ། ཤིང་ལྗོན་པ་དེ་དག་རླུང་གིས་བསྐྱོད་པའི་ལོ་མ་འཕྱང་བ་ཀུན་ནས་མཛེས་པ་ག་ལ་བ་དེར་ལྷ་མོའི་ཚོགས་ཐམས་ཅད་དང་ལྷན་ཅིག་འདོང་བར་བྱེད་དོ། ། 69-1-229b དེ་དག་ཀུན་ནས་རྒྱ་ཆེ་བ་དེ་རྣམས་ཀྱི་ནང་ན་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་ཚལ་འཕྱང་བའི་ནང་དེ་ན་སེམས་ངོ་མཚར་དུ་དགའ་བའི་ལྷ་དེ་རྣམས་ལྕང་ལོ་འཕྲུགས་པ་དེ་དག་རྩེ་བའི་དོན་དུ་སྤྱང་བར་བྱེད་དོ། །སྤྱངས་པ་དག་ ལ་རྩེ་བ་ན་ལྕང་ལོ་འཕྲུགས་པ་ལ་ལྟ་བས་ཆོག་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ད་ནི་ལྕང་ལོ་འཕྲུགས་པ་དག་ལས་རྒུན་ཆང་ཡོན་ཏན་ཐམས་ཅད་དང་ལྡན་པ་འབྱུང་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་མ་ཐག་ཉིད་དུ་ལྕང་ལོ་འཕྲུགས་པ་དེ་དག་ལས་ལྷ་དེ་རྣམས་ཀྱི་རྒུན་ཆང་བྱུང་ངོ ། ། དེ་དག་ཀྱང་ལྷ་དེ་རྣམས་ཀྱིས་སྔོན་མ་མཐོང་བ་ཡིན་ཏེ། སྔོན་མ་བྱུང་བའི་བཏུང་བ་མདོག་དང་དྲི་དང་རོ་དང་རེག་པ་བྱུང་བར་གྱུར་པ་དག་ལ་དེ་རྣམས་ངོ་མཚར་ཆེར་སྐྱེས་ཤིང་མིག་དང་བཞིན་འཛུམ་ལ་ཡིད་བརྒྱ་འགྱུར་དུ་རབ་ཏུ་དགའ་བ་སྐྱེས་སོ། །རྒུན་ཆང་ངོ་མཚར་ཆེ་བ་མདོག་དང་ དྲི་དང་རོ་ཕུན་སུམ་ཚོགས་པ། ཤིང་ལོ་འཕྲུགས་པ་རྣམས་ལས་བྱུང་བ་དེ་དག་འཐུངས་ནས་བདག་ཅག་བཅུ་འགྱུར་དུ་རབ་ཏུ་དགའ་བར་བྱའོ་སྙམ་མོ། །དེ་ནས་ལྷ་དེ་རྣམས་བཻ་ཌཱུརྱའི་སྣོད་ཐོགས་ཏེ་རྒུན་ཆང་དེ་དག་བཅུས་ནས། རྒུན་ཆང་འདི་ཅི་བདེར་གསོལ་ཅིག་ཅེས་ཕན་ཚུན་འབྲིམ་པར་བྱེད་དོ། ། དེ་ལྟར་དེ་རྣམས་འཐུང་བ་ནི་གང་གིས་ཇི་སྲིད་དུ་སྦྱིན་པ་བྱིན་ནམ། ཚུལ་ཁྲིམས་བསྲུངས་པ་དེ་ནི་དེ་སྲིད་དུ་ཆང་དེ་མདོག་དང་དྲི་དང་རོ་དང་ལྡན་པའི་ཡོན་ཏན་ཁྱད་པར་ཆེ་བར་འབྱུང་ངོ ། །དེ་ནས་ཆང་དེ་ལྷག་པར་ཞིམ་པར་རིག་ནས། དེ་ན་ལྷ་སྦྱིན་པ་དང་ཚུལ་ཁྲིམས་ཆུང་ངུ་དང་ལྡན་པ་གང་ཡིན་ པ་དེའི་ཆང་དེ་དག་མི་ཞིམ་པར་ཤེས་ནས་ཤིན་ཏུ་ངོ་ཚ་བ་སྐྱེས་སོ། །ཤིན་ཏུ་ངོ་ཚ་བར་རིག་ནས་བྱ་ལོ་མ་དང་རྒུན་ཆང་གི་ནང་ན་སྤྱོད་པ་ཞེས་བྱ་བ་གང་ཤིང་ལྗོན་པ་དེ་རྣམས་ཀྱི་ལོ་མའི་ནང་དུ་སོང་སྟེ། རྒུན་ཆང་རྟག་ཏུ་འཐུང་བ་དག་གིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཆང་ འཐུང་རྒྱགས་པས་མྱོས་པ་ཡི། །སེམས་ཅན་གཏི་མུག་དབང་གྱུར་རྣམས། །གཏི་མུག་ཞགས་པས་མངོན་སུམ་དུ། །སྲེད་པའི་རོས་ནི་འཐུང་བར་བྱེད། །གཏི་མུག་ཞགས་པ་ཆང་ཡིན་ཏེ། །འཐུངས་ནས་གཤིན་རྗེས་སྐུལ་བར་བྱེད། །མཐོ་རིས་ནས་ནི་དམྱལ་བར་ལྟུང ། ། 69-1-230a དེ་བས་ཆང་ལ་མ་རེག་ཅིག་།མཐོང་དང་རེག་དང་བསྣམས་པ་ལས། །ཆང་གིས་མི་ནི་རྨོངས་པར་བྱེད། །དེ་བས་ཀུན་ཏུ་ཞགས་པ་ཡིན། །དེ་ནི་རིང་བར་ཡོངས་སུ་སྤོངས། །མཐོང་བ་ལས་ནི་ཆགས་པ་སྐྱེ། །རེག་པ་ལས་ནི་དྲི་འབྱུང་ལ། །དྲི་ལས་རོ་ལ་ ཆགས་པ་འབྱུང ། །རོ་རྣམས་ཀྱིས་ནི་ཐ་མར་འགྲོ། །ཇི་ལྟར་ཆང་ལ་ངེས་བརྟེན་ན། །དེ་ལྟར་མིང་དང་གཟུགས་འཇིག་སྟེ། །ཞགས་པའི་ནང་ན་ཐ་མ་ནི། །ཆང་ཞེས་མཁས་པ་རྣམས་གསུང་ངོ ། །ངག་དང་མིག་དང་འགྲོ་བ་ཉིད། །ཚབས་པོ་ཆེར་ནི་འཁྲུལ་བྱེད་ལ། ། བློ་བྲལ་རྨོངས་པ་འཁྲུལ་པ་ནི། །ཅི་ཡང་སྒྲུབ་པར་མི་བྱེད་དོ། །ས་ལ་ལྟུང་བའི་མི་དེ་ལ། །བུད་མེད་རྣམས་ཀྱང་འཕྱ་བར་བྱེད། །འགུལ་བ་མེད་པ་ཤིང་སྐམ་འདྲ། །གཡོ་བ་མེད་པ་ས་ལ་ལྟུང ། །ཆང་འཐུང་བ་ལ་གོམས་པ་ནི། །འཆི་བར་འགྱུར་ཞེས་གྲགས་པར་བྱེད། །ཧ་ལ་ ཧ་ལའི་དུག་བས་ལྷག་།འཆི་ཞགས་པས་ཀྱང་དེ་ལྷག་གོ། །ཆང་འཐུང་བ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་དྲུག་ཡོད། །དེ་བས་ཉེས་དམིགས་ཤེས་པ་གང ། །དེ་ཡིས་ཆང་ནི་རྣམ་པར་སྤོངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོར་བྱེད་པ་ཡིན། །སྐྱེ་བོ་ཀ་ སའི་མེ་ཏོག་ལྟར། །ཡང་བ་ཁོ་ནར་བྱེད་པ་ཡིན། །དེ་ལྟར་བྱ་དེ་དག་དུད་འགྲོར་གྱུར་གྱིས་ཀྱང་ལྷ་དེ་དག་ལ་སྨོད་པར་བྱེད་ན། ལྷ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ལས་ལེགས་པར་བྱས་པའི་ས་བོན་གྱིས་ཇི་ལྟ་བ་བཞིན་གྱུར་པའི་ལྷ་རྣམས། སྦྲང་རྩིའི་ ཆང་མདོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་དང་ཐ་མ་དང་འབྲིང་དང་ཁྱད་ཞུགས་པ་དེ་དག་འཐུངས་ནས། ཚལ་རྒྱུན་གྱི་གནས་ཞེས་བྱ་བ་ག་ལ་བ་དེར་གནས་པར་བྱ་བའི་དོན་དུ་འདོང་བར་བྱེད་ལ། རྣ་གུང་དུ་སིལ་སྙན་གྱི་སྒྲས་འདིར་ཅིང་ཡིད་རབ་ཏུ་དགའ་ལ། མེ་ཏོག་ ུད་པ་ལ་སྔོན་པོའི་ཕྲེང་བ་བརྒྱུས་པས་མཛེས་པ་དག་དོང་ངོ ། །རྒྱུན་གྱི་གནས་དེ་ནས་ཀྱང་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རབ་ཏུ་དགའ་ལ། ཕན་ཚུན་ཤིན་ཏུ་མགུ་བར་གནས་པ། ལུས་གསེར་གྱི་འོད་ཀྱིས་བརྒྱན་པ་རྣམས་སྤྲིན་གྱི་ཚལ་དེར་མྱུར་བར་དོང་ངོ ། །དེ་ནས་སྤྲིན་གྱི་ 69-1-230b ཚལ་དུ་དོང་བའི་ལྷ་དགའ་བ་ལ་གནས་པ། བག་མེད་པ་དེ་རྣམས་ལ་བསྐུལ་བར་བྱ་བའི་ཕྱིར། བརྒྱ་བྱིན་གླང་པོ་ཆེ་ས་སྲུང་གི་བུ་རྣམ་པར་རྒྱལ་བྱེད་ཅེས་བྱ་བ་དེ་ཉིད་རྒྱན་འབུམ་སྙེད་ཀྱིས་བརྒྱན་པ་ལ་ཞོན་ནས། ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་བས་གང་བ་དང་སྤྲིན་གྱི་ཚལ་ཞེས་ བྱ་བ་དེར་དོང་ངོ ། །དེ་ནས་ལྷ་དེ་རྣམས་ཀྱིས་ལྷའི་རྒྱལ་པོ་བརྒྱ་བྱིན་མཐོང་ནས། སེམས་གུས་པ་དང་བཅས་ཤིང་ཐོར་ཚུགས་དང་མེ་ཏོག་ཕྲེང་བ་དང་རྒྱན་ཕྲེང་ཐོགས་པ་ཐམས་ཅད་ཀྱིས་བརྒྱ་བྱིན་ལ་བསྟོད་ཅིང ། སིལ་སྙན་སྣ་ཚོགས་ཀྱི་སྒྲ་དང་དབྱངས་ཉེ་བར་འབྱིན་ལ་བརྒྱ་ བྱིན་གྱི་མདུན་དུ་བྲོ་གར་དང་ཚུལ་སྡུག་གུས་འགྲོ་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་དེ་བཞིན་དུ་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་བཞིན་དུ། ལྷ་དེ་རྣམས་ལ་ཚིག་སྙན་པ་རྣམས་ཀྱིས་མངོན་པར་དགའ་བར་བྱེད་དོ། །དེ་ནས་བརྒྱ་བྱིན་ལྷ་དེ་རྣམས་ཀྱི་ནང་ན་ཅུང་ཟད་ཅིག་ དགའ་བར་གནས་རྩེ་བར་བྱས་ནས། ལྷ་དེ་རྣམས་ལ་འདི་སྐད་སྨྲས་སོ། །འདི་ལྟར་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པའི་ལྷ་ཁྱེད་རྣམས་ང་ལྷ་མ་ཡིན་རྒྱགས་ཤིང་ཁྲོ་བར་གྱུར་པ་རྒྱགས་པ་དང་དབྲལ་བར་བྱ་བའི་ཕྱིར། དགའ་བའི་ཚལ་དུ་འགྲོ་བའི་བར་དུ་དགའ་ བར་གྱིས་ཤིག་།དེ་ནས་བརྒྱ་བྱིན་གྱི་ཚིག་དེ་སྐད་ཐོས་ནས་ལྷ་རྣམས་ཀྱིས་སྨྲས་པ། འདི་ལྟར་ལྷ་བདག་ཅག་ཀྱང་ལྷ་མ་ཡིན་དེ་རྒྱགས་པ་དང་དབྲལ་བར་བགྱི་བའི་སླད་དུ་མཆིའོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་ཟློག་པར་བྱེད་དེ། དོན་འདི་ང་འབའ་ཞིག་ གིས་ནུས་ཀྱིས་ཁྱེད་སྤྲོ་བར་མ་བྱེད་ཅིག་།དེ་ནས་ལྷ་དེ་རྣམས་བཟློག་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་དེ་དགའ་བའི་ཚལ་ག་ལ་བ་དང་རང་གི་ཀུན་དགའ་ར་བ་ག་ལ་བ་དེར་སོང་བ་དང ། གང་ན་ཉལ་མལ་བཅས་པའི་ཉལ་མལ་དེ་ན། ལྷ་མ་ཡིན་སྤྲིན་གྱི་ཕུང་པོ་ལྟ་བུར་འཕེལ་ བ་ཞུགས་པ་དག་ལ་ལྷ་མང་པོས་སྤྱོ་བར་བྱེད་དེ། ཇི་ལྟ་ཇི་ལྟར་སྤྱོས་པ་དེ་ལྟ་དེ་ལྟར་འཕེལ་བར་འགྱུར་རོ། །དེ་ལྟར་དེ་འཕེལ་བར་གྱུར་པ་མཐོང་ནས་ལྷ་མི་བཟོད་པར་གྱུར་པ་དེ་རྣམས་ཡང་སྤྱོ་བར་བྱེད་དོ། །དེ་ནས་ཡང་ལྷ་མ་ཡིན་རྒྱགས་ཤིང་ཁྲོ་བར་གྱུར་པ། རབ་ཏུ་འཕེལ་ཞིང་ 69-1-231a མངོན་པར་འཕེལ་ལ། དེ་ལྟར་བཟོད་པ་མེད་པའི་གཟུགས་མཐོང་ནས། བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་ཁྲོ་བས་མངོན་པར་འཕེལ་བ་འདི་ལ་ནི་གང་གིས་དེའི་རྒྱགས་པ་བསལ་བའི་གཉེན་པོ་བྱ་དགོས་སོ་སྙམ་ནས། དེ་ནས་དེའི་ཚེ་བརྒྱ་བྱིན་གྱིས་འདི་ ལྟར་ཚིགས་སུ་བཅད་དེ་སྨྲས་པ།ཁྲོ་བས་ཉམས་པའི་ཁྲོ་བ་ནི། །བཟོད་པས་ཁྲོ་བ་ཉིད་ལས་རྒྱལ། །ཆོས་མིན་ཆོས་ཀྱིས་ངེས་པར་རྒྱལ། །མུན་པ་འོད་ཀྱིས་རྣམ་པར་རྒྱལ། །བདེན་པ་རྣམས་ཀྱིས་བརྫུན་ཚིག་བཅོམ། །ཕྲ་མའང་ཏིང་ངེ་འཛིན་གྱིས་བཅོམ། །ཚིག་ རྩུབ་མཉེན་པ་རྣམས་ཀྱིས་རྒྱལ། །སྡང་བ་མཉེན་པ་ཉིད་ཀྱིས་རྒྱལ། །སྲོག་གཅོད་བྱམས་པ་རྣམས་ཀྱིས་རྒྱལ། །རྐུ་སེམས་རྟག་ཏུ་སྦྱིན་པས་རྒྱལ། །ཚུལ་བཞིན་ཡིད་ལ་མི་བྱེད་པ། །ཚུལ་བཞིན་གྱིས་ནི་རྟག་ཏུ་རྒྱལ། །མ་རིག་པ་ནི་རིག་པས་རྒྱལ། །དེ་བཞིན་ མུན་པ་སྣང་བས་སོ། །མུན་པའི་ཕྱོགས་ཀྱི་དེ་ཉིད་ནི། །སྣང་བའི་ཕྱོགས་ཀྱིས་རྒྱལ་བར་འགྱུར། །ལོག་པའི་འདོད་པ་མི་གཙང་བ། །དཔྱོད་ཅིང་རིག་པས་རྣམ་པར་རྒྱལ། །ལམ་ངན་ཞུགས་པའི་འཕགས་པའི་ལམ། །ཡན་ལག་བརྒྱད་པས་རྟག་ཏུ་རྒྱལ། །སྡར་ མ་འདི་ནི་མི་འཇིགས་པ། །བཞི་རྣམས་ཁོ་ནས་རྒྱལ་བ་ཡིན། །བརྗེད་ངས་པ་ནི་དྲན་པས་བཅོམ། །མི་ཤེས་པ་ནི་ཤེས་ཉིད་ཀྱིས། །འདོད་ཆགས་བདོ་བའི་མི་རྣམས་ནི། །དགོན་གནས་བརྩོན་པ་རྣམས་ཀྱིས་རྒྱལ། །ཚལ་རྣམས་དཀྲིགས་པ་ཐམས་ ཅད་ནི། །རི་རབ་རི་ཡིས་རྣམ་པར་རྒྱལ། །ས་ལས་བྱུང་བའི་ཆུ་ཀུན་ནི། །རྒྱ་མཚོ་ཡིས་ནི་རྒྱལ་བར་འགྱུར། །ཀུན་ནས་གཟའ་དང་སྐར་མ་རྣམས། །ཉི་མའི་འོད་ཀྱིས་རྣམ་པར་རྒྱལ། །ལུགས་མིན་དེ་བཞིན་ལུགས་ཀྱིས་རྒྱལ། །དབུལ་བ་སྦྱིན་པ་ཚོགས་པས་རྒྱལ། །ངོར་སྒྱུ་དྲང་པོ་ རྣམས་ཀྱིས་རྒྱལ། །བརྫུན་ཟེར་བ་ནི་བདེན་པས་བཅོམ། །ལོག་པ་ཡང་དག་ཉིད་ཀྱིས་རྒྱལ། །གྲང་བ་བྱུང་བ་མེ་ཡིས་རྒྱལ། །སྐོམ་པ་ཆུ་ཡིས་རྣམ་པར་རྒྱལ། །བཀྲེས་པ་དེ་བཞིན་སྟོན་མོས་རྒྱལ། །རི་དགས་སྙིང་སྟོབས་ཡོད་པ་གང ། །ཐམས་ཅད་སེང་གེས་རྣམ་པར་རྒྱལ། །འདོད་ 69-1-231b ཆེན་ཆེ་བ་ཆོག་ཤེས་པས། །རྟག་ཏུ་རྒྱལ་བར་རབ་ཏུ་གྲགས། །སྙིང་རྗེ་རྟག་ཏུ་བསྔགས་པ་ཡིན། །སྙིང་རྗེ་མེད་པ་བསྔགས་པ་མིན། །ཤེས་པ་ཆེ་ལ་རྟག་ཏུ་དུལ། །སྐྱེས་བུ་དེ་ཉིད་སྨྲ་རྣམས་ཀྱིས། །ལས་ངན་རྣམས་ཀྱི་ལོག་པ་ཉིད། །ལྷག་པར་སྨྲ་བའི་མི་རྣམས་ བཅོམ། །ཡོན་པོར་སྨྲ་བའི་མུ་སྟེགས་ཀུན། །སངས་རྒྱས་ཀྱིས་ནི་རྣམ་པར་རྒྱལ། །ལྷ་མ་ཡིན་ནི་ལྷ་ཡིས་རྒྱལ། །ཆོས་ཉིད་འདི་ནི་རྣམ་པར་གནས། །བརྒྱ་བྱིན་ལྟར་ནི་བཅོས་པ་བྱེད། །ཀུན་ལས་ངས་ཀྱང་རྣམ་རྒྱལ་ན། །འོག་མ་ཁྱེད་ཅག་གང་ཡིན་པ། ། འདི་དག་འོངས་པ་སྨོས་ཅི་དགོས། །མལ་གཞི་འདི་དག་ཐམས་ཅད་ནི། །ཆོས་ལྷུར་ལེན་པ་རྣམས་སྟེན་གྱི། །ཆོས་མིན་པ་ལ་བརྩོན་པ་ཡི། །རྨོངས་པའི་བློ་ཡིས་བསྟེན་བྱ་མིན། །དེ་ནས་བརྒྱ་བྱིན་གྱི་ཁ་ནས་ཚིག་དེ་དག་ཐོས་ནས་གང་གི་ཚེ། ཇི་ལྟ་ཇི་ལྟར་ སྤྱོས་པ་དང་དེ་ལྟ་དེ་ལྟར་འཕེལ་བའི་ལྷ་མ་ཡིན་གང་ཡིན་པ་དེ་དག་ལ་བདེན་པའི་ཚིག་འདིས་ཕོག་པ་དང་འཕེལ་བ་མེད་ལ། སྟོབས་དང་མདོག་དང་སྙིང་སྟོབས་དག་བྲི་བར་གྱུར་ཏོ། །སེམས་ཅན་དམན་པ་དེ་དག་མཐོང་ནས་བརྒྱ་བྱིན་གྱི་ཞབས་འབྲིང་བ་གང་ཡིན་ པ་དེ་རྣམས་ཀྱིས། སེམས་ཅན་དམན་པའི་རྐང་པ་དག་ནས་བཟུང་སྟེ། ཕྱུང་ནས་དགའ་བའི་ཚལ་དེ་ནས་བསྐྲད་དོ། །བརྒྱ་བྱིན་ཡིད་རབ་ཏུ་དགའ་བ་ཡང་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ནས། ནོར་བུ་འཕྱང་བའི་ལྷ་རྣམས་ཀྱི་གནས་ག་ལ་བ་དེར་འགྲོ་བར་བྱེད་དེ། བྱ་བ་བྱས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་ཤིན་ཏུ་དཔེ་མེད་པའི་ལྷའི་འདོད་པ་ཐམས་ཅད་གྲུབ་ཅིང་ལྡན་པ་དེ་ནས་ཡང་ལྷ་དེ་དག་གི་དྲུང་དུ་ཕྱིན་ཏོ། །ནོར་བུ་འཕྱང་བ་ན་གནས་པའི་ལྷ་དེ་རྣམས་ཀྱང་བརྒྱ་བྱིན་དང་ཕྲད་ནས་མངོན་པར་བསྟོད་དོ། ། ཡང་ཐམས་ཅད་སྤྲིན་གྱི་ཚལ་ག་ལ་བ་དེ་ཉིད་དུ་དོང་ངོ ། །དེ་ལྟར་བརྒྱ་བྱིན་གྱི་མདུན་ན་འདོན་པ་ཡིད་ཤིན་ཏུ་མགུ་བ་འདོད་པ་ཐམས་ཅད་དང་ལྡན་པ་རྣམས། ཚལ་དང་ཉེ་བའི་ཚལ་གྱི་ས་གཞི་མཐོན་དམན་རན་པ། ས་ཕྱོགས་ཤིན་ཏུ་རྣམ་པར་ཕྱེ་བ་མེ་ཏོག་མང་པོ་བསགས་པ། 69-1-232a ཚལ་དཀྲིགས་པ་མེ་ཏོག་གི་ལྡུམ་བུ་འཕྱང་བའི་ལྗིད་ཀྱིས་ལྡུམ་བུ་འཕྱང་བའི་ཁྱིམ་ཉམས་དགའ་བ། ཀུན་ནས་ཤིན་ཏུ་དགའ་བ་རྣམས་སུ་དགའ་བར་བྱེད་དོ། །བརྒྱ་བྱིན་གྱི་མདུན་ན་ལྷ་མོའི་ཚོགས་ཡིད་རབ་ཏུ་དགའ་བ་རྣམས་ཀྱང་པི་བང་དང་རྫ་རྔ་དང་ ཁར་རྔ་དང་གླིང་བུ་དང་པི་ལྡིར་དག་ཁྱེར་ནས་གླུ་ལེན་པར་བྱེད་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །བརྒྱ་བྱིན་ཡང་གླང་པོ་ཆེ་ས་སྲུང་གི་བུ་ལ་ཞོན་ཏེ། རོལ་མོའི་ཁ་དཔོན་གཞན་རྣམས་ཀྱིས་བསྐོར་ནས་བསྟོད་ཅིང ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ ལྷན་ཅིག་རྩེ་བར་བྱེད་དེ་འདི་ལྟ་སྟེ། ཇེང་དང་རྔ་དང་ཁར་དཀྲོལ་དང་གླིང་བུ་དང་གླུ་དབྱངས་ཀྱིས་མདུན་དུ་བསྐོར་ནས་རྩེ་བར་བྱེད་དགའ་བར་བྱེད་དོ། །གླང་པོ་ཆེའི་རྒྱལ་པོ་དེ་ཡང་གཟུགས་རི་བས་ཆེ་སྟེ། རི་ཆེན་པོ་འགུལ་བ་ལྟ་བུར་འདུག་པའི་གླང་པོ་ཆེ་དེ་ལ་ཞོན་པ་ནི། ཇི་ལྟར་གངས་རི་ཁ་བས་ཡོག་པའི་རིའི་རྩེ་མོའི་སྟེང་ན་སོས་ཀའི་དུས་སུ་ཉི་མའི་འོད་ཟེར་སྤྲིན་དང་མུན་པ་དང་བྲལ་བ་ཤིན་ཏུ་གསལ་བར་ཤར་བ་དེ་ལྟར་མཛེས་པ་ཡིན་ནོ། །དེ་ལྟར་བརྒྱ་བྱིན་ལྷ་དང་ལྷ་མོའི་ཚོགས་ངན་སོང་གི་སྒོ་གཅོད་པ་ཡིད་ཤིན་ཏུ་མགུ་བ་བློ་གྲོས་བཟང་ པོ་དང་འཐུན་པས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་།བཻ་ཌཱུརྱ་དང་དངུལ་དང་ཤེལ་དང་ཨན་ད་རྙིལ་དང་མཐོན་ཀ་ཆེན་པོ་དང་པད་མ་རཱ་ག་དང་གསེར་བཙོ་མ་དང་སྤུག་པས་ཆེས་ལྷག་པའི་ཚལ་དང་ཉེ་བའི་ཚལ་ཉམས་དགའ་བ་རྣམས་ན། རྒྱུ་བར་བྱེད་རྩེ་བར་བྱེད་དགའ་བར་བྱེད་དེ། གང་དེ་ཁོ་ན་ ཉིད་ཤིན་ཏུ་ཕུན་སུམ་ཚོགས་པ་ལྷག་པར་བདེ་བ་མྱོང་ངོ ། །དེ་ལྟ་མོད་ཀྱི་དེས་འདོད་པ་ཡང་དག་པར་གྲུབ་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འབྱུང་བ་འཇིག་པར་རིག་ནས། དགའ་བ་ཡང་མེད་ལ་འཁྲུག་པ་ཡང་མེད་དོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་པར་འགྱུར་རོ་ སྙམ་དུ་རིག་ནས། འདི་ལྟར་རང་གི་ལས་ལ་སྤྱོད་པ། ལས་ཀྱི་རླུང་གིས་གཏོར་བ་རྣམས་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་ན་འཁྱམ་ཞིང ། ལྷ་དང་ལྷ་མོའི་ཚོགས་འགྲོགས་པ་འདི་ཐམས་ཅད་དང་བྲལ་བའི་ལྷ་རྣམས་ཤི་ནས་གར་འགྲོ། །ཀྱེ་མ་བྱིས་པ་སོ་སོའི་ 69-1-232b སྐྱེ་བོ་བསླུས་པ་འདི་དག་ཐམས་ཅད་ནི་ལས་བྱས་པ་ཆེན་པོ་མྱོང་ངོ་སྙམ་དུ་ནང་དུ་ཡིད་ལ་སེམས་པར་བྱེད་དོ། །དེ་ནས་དེའི་ཚེ་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ནམ་མཁའ་ལ་ནི་སྤྲིན་ཆགས་པ། །རླུང་གིས་ཀུན་དུ་གཏོར་བ་རྣམས། །འདུས་པ་དག་ཀྱང་འགྱེས་པ་ལྟར། ། འཁོར་བའི་སྲོག་ཆགས་དེ་བཞིན་ནོ། །ཇི་ལྟར་དུས་ཚིགས་དུས་ཚིགས་སུ། །མེ་ཏོག་བྱུང་བ་མི་ཡིས་མཐོང ། །དུས་ཚིགས་ཐམས་ཅད་ཐལ་གྱུར་ན། །ཇི་ལྟར་བྱུང་བ་སོ་སོར་འཇིག་།དེ་ལྟར་ལེགས་པར་བྱས་པའི་ལྷ། །དུས་སུ་བྱུང་ན་དགའ་བྱེད་ལ། །དགེ་བའི་དུས་ནི་ཐལ་གྱུར་ ན། །ཇི་ལྟར་བྱུང་བ་སོ་སོར་འཇིག་།ཇི་ལྟར་དུས་ཚིགས་དུས་ཚིགས་སུ། །ཤིང་ལོ་དུ་མ་སྐྱེ་འགྱུར་བ། །དུས་ཚིགས་དུས་ནི་ཐལ་འགྱུར་ན། །དེ་དག་ཀུན་ནས་འཇིག་པར་འགྱུར། །དེ་ལྟར་ལྷ་རྣམས་ལོ་མ་འདྲ། །སྲིད་པ་འདི་ནི་ཤིང་ལྟ་བུ། །བདེ་བ་རྟག་ཏུ་འཇིག་འགྱུར་ཏེ། ། བརྟན་པ་དང་ནི་རྟག་པ་མེད། །ཇི་ལྟར་ཆར་པ་འབབ་དུས་ན། །མཁའ་ལ་ཆར་འབབ་ལྡོག་པ་མེད། །དེ་ལྟར་བདེ་བ་འདི་དག་ཀུན། །འགྲོ་བར་འགྱུར་ཏེ་ལོག་པ་མེད། །ཇི་ལྟར་རྨ་བྱའི་སྒྲོ་དག་ནི། །རླུང་གིས་ཀུན་དུ་ཁྱེར་གྱུར་པ། །དེ་ནི་ཟད་པར་བྱ་ཕྱིར་འཇིག་། བདེ་བའི་གཞི་ནི་དེ་དང་འདྲ། །ཇི་ལྟར་མེར་ནི་ཤིང་བཅུག་ན། །ངེས་པར་རབ་ཏུ་སྲེག་པར་བྱེད། །དེ་ལྟར་དུས་ནི་མེ་དང་འདྲ། །མི་རྣམས་ཤིང་སྐམ་ལྟ་བུ་ཡིན། །བརྒྱའམ་ཡང་ན་སྟོང་དག་ཏུ། །འདི་དག་འོང་དང་འགྲོ་འགྱུར་ཡང ། །དེ་ལྟར་སྲེད་པས་རྨོངས་པ་འདི། ། ཡང་དག་རིག་པར་མི་འགྱུར་རོ། །སྲེད་དང་རྨོངས་པའི་མིག་འཕྲུལ་གྱིས། །ཐམས་ཅད་དུ་ནི་རྣམ་པར་གང ། །ཇི་ལྟར་དགེ་སྐལ་མ་ཡིན་པ། །དེ་ལྟར་ལྷ་རྣམས་རབ་ཏུ་བསླུས། །དེ་ལྟར་བརྒྱ་བྱིན་དེས་ལྷ་དེ་རྣམས་ལ་སྙིང་རྗེ་བསྐྱེད་ནས། དེ་ནས་ཡང་གླང་པོ་ཆེ་ས་སྲུང་གི་བུ་དེ་ལ་ཞོན་ཏེ། ལྷའི་ ཚོགས་ཀྱིས་ཡོངས་སུ་བསྐོར་བ། སིལ་སྙན་དང་རོལ་མོའི་སྒྲ་དབྱངས་སྣ་ཚོགས་ལེན་བཞིན་དུ་ལྷའི་འདུན་ས་ཆོས་བཟང་དེ་ཉིད་དུ་འདོང་བར་བྱེད་དེ། ཆོས་བཟང་ན་གནས་པ་རྒྱལ་བ་ཐོབ་པ་དག་ལ་ལྷ་གཞན་རྣམས་ཀྱིས་མཆོད་ཅིང་ཕྱིན་ཏེ། ནོར་བུ་འཕྱང་བ་ན་གནས་པའི་ལྷ་ 69-1-233a འདོད་པས་ཚིམ་པ་མེད་པ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ། སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་དེ་ཟད་པ་དང་སྤངས་པ་དང ། ཞིག་པར་མ་གྱུར་པ་དེ་སྲིད་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ཀྱིས་ཚལ་དང་ ཉེ་བའི་ཚལ་རྣམས་ཀྱི་ནང་ན་རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་དེ་ནས་ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ ལས་དེ་དང་རྒྱུ་འཐུན་པར་རིགས་རྒྱ་ཆེན་པོའི་ནང་དུ་སྐྱེ་ལ། ཤིན་ཏུ་བདེ་བ་དང་ལྡན་པ་དང ། བོང་ཚོད་ཆེ་ཞིང་བཟང་བ་དང ། ཡུལ་དབུས་སུ་སྐྱེ་བ་དང ། ཆོས་བཟང་པོ་དང་ལྡན་པ་དང ། ཤིན་ཏུ་འབྱོར་པ་དང ། བུ་དང་ཚ་བོ་དང་ལྡན་པ་དང ། ཡུན་རིང་དུ་གནས་པ་དང ། གནོད་པ་མེད་པའི་ བྲན་ཁོལ་བདོག་པ་དང ། སྐྱེ་བོ་ཐམས་ཅད་དགའ་བ་དང ། ཡང་དག་པར་ལྡན་པ་དང ། རྒྱལ་པོའམ་བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་རིས་འཐུན་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ། ལུས་དང་ངག་དང་ཡིད་ཀྱི་མཐའ་ཡང་དག་པར་བསྡམས་པ། གཡོ་སྒྱུ་མེད་པ། གཞན་ལ་མི་གནོད་པ་བློ་གྲོས་རྟག་ཏུ་རྒྱ་ཆེ་བ། དྲང་པོ་དྲང་པོའི་རང་བཞིན་ཅན་སྡིག་པའི་གྲོགས་པོ་སྤོང་བ། གང་ཐབས་ཀུན་གྱིས་སྡིག་པའི་གྲོགས་པོ་སྤོང་བར་བྱེད་ལ། དེ་དང་ལྷན་ཅིག་ འདྲེ་བར་མི་བྱེད། དེ་དང་ཚིག་ཀྱང་མི་སྨྲ། དེ་ལ་མིག་ཟུར་ཙམ་ཡང་མི་ལྟ། ལམ་དུ་ཡང་ལྷན་ཅིག་མི་འགྲོགས། དེ་མཐོང་ནས་ཀྱང་རྟག་ཏུ་སྤོང་བར་བྱེད་ལ། དེའི་གྲོགས་པོ་གང་ཡིན་པ་དེ་ཡང་སྤོང་བར་བྱེད། བཙུན་པ་དག་ལ་རྟེན་པར་བྱེད་ཅིང ། རྟག་ཏུ་དམ་ 69-1-233b པའི་ཆོས་ཉན་པའི་ངང་ཚུལ་ཅན་ཡིན་ལ། དེ་ཐོས་ནས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱང་རྣམ་པར་ཤེས། སྤང་བར་བྱ་བ་སྤོང་བར་བྱེད་ལ། སྤང་བར་མི་བྱ་བ་ཡང་སྤང་བར་མི་བྱ་བ་རབ་ཏུ་ཤེས་ནས་ཡིད་ལ་ལེགས་པར་བྱེད་པ་ དང ། ཤིན་ཏུ་མཉམ་པར་བཞག་པ་དང ། དྲན་པ་དང ། སེམས་ཀྱི་དབང་དུ་མི་འགྲོ་བར་དྲན་པ་ཉེ་བར་གནས་པ་དང ། བརྐམ་ཆགས་མེད་པ་དང ། ཚུལ་ཁྲིམས་རྣམ་པ་བདུན་རྗེས་སུ་སྐྱོང་ལ་རྡུལ་ཙམ་ཡང་འཁྲུལ་པ་མེད་པ་དང ། ཁ་ན་མ་ཐོ་བ་ཕྲ་མོ་རྡུལ་ཙམ་ལ་ཡང་ འཇིགས་པར་ལྟ་བ་དང ། ཀུན་ནས་ལས་དག་ལ་དྲི་མ་མེད་པ་ཡིན་ཏེ། གསེར་བཙོ་མ་ལྟར་སྐྱོན་མེད་པ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དེ་དང་དེ་དག་སྤོང་བར་བྱེད་ལ། སྦྱིན་པ་ཡང་བྱིན། བསོད་ནམས་ཀྱང་བྱེད་དོ། །སྲོག་ཆགས་དག་ཐར་པར་བྱེད་པ་ཇི་ ལྟ་བུ་ཡིན་ཞེ་ན། འདི་ནི་རྒྱལ་པོའམ། བློན་པོས་སྐྱེས་པ་དང་བུད་མེད་བྱི་བ་བྱེད་པ་ལྷན་ཅིག་བཟུང་ནས་བཅིངས་ཏེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཁྲིད་ལ། རྔ་བརྡུངས་ནས་མིང་དང་རུས་ཀྱང་བསྒྲགས་ཏེ། གྲོགས་བྱེད་པ་སུ་ཡང་མེད། མི་དགའ་ལ་འཇིགས་བཞིན་མོག་ མོག་པོར་གྱུར་པ་དུར་ཁྲོད་ལོགས་སུ་ཁ་བསྟན་ཏེ། ཁྲིད་པ་དང་དེས་ནོར་རྫས་ཀྱིས་བསླུས་ཏེ། ཐར་བར་བྱེད་པ་དང་གཞན་ཡང་སྦྱིན་པ་གཏོང ། བསོད་ནམས་དག་བྱེད་པ་ཡིན་ནོ། །དགེ་བ་དག་ཇི་ལྟ་བུ་ཡིན་ཞེ་ན། དེ་ལྟར་དེ་གལ་ཏེ་ཆུ་ཉུང་བ་མྱ་ངམ་གྱི་ཕྱོགས་སུ་དགེ་ འདུན་གནས་པར་གྱུར་ལ། དེ་ཡང་དགེ་སློང་དག་སྐོམ་གྱིས་སྲོག་ཆད་ལ་ཐུག་སྟེ། ཤིན་ཏུ་སྡུག་བསྔལ་བར་གྱུར་པ་དང ། དེས་གནས་པ་དེ་རྣམས་ཀྱི་དོན་དུ་ཀུན་དགའ་ར་བའི་དབུས་སུ་རྫིང་བུའམ་ཁྲོན་པ་དག་བྱས་ལ། ཆུ་ཕྱུང་བ་དེ་དག་གི་ནང་འདམ་རྫབ་ཀྱིས་གང་ ངམ་སྲིན་བུ་རྣམས་ཀྱིས་ཡོག་པ་དང་དེ་དག་ལ་དེ་ལས་བྱེད་དེ། སྲིན་བུ་དེ་དག་ས་སྐམ་པོ་དག་ལ་འཆི་བར་མི་འགྱུར་བར་བྱ་བའི་ཕྱིར། གཤེར་སའི་ཕྱོགས་གཞན་དུ་འཇོག་པར་བྱེད་དེ། དེ་ལྟར་སྲོག་གཅོད་པ་ཆུང་ངུ་ཡང་སྲུང་བར་བྱེད་དོ། །གཞན་དུ་ཡང་འབབ་ཆུ་དག་གི་ 69-1-234a ནང་ན་སྲིན་བུ་གནས་པ་དེ་དག་ཀྱང་བླངས་ནས་དེ་ནས་ཡང་སྲོག་བཙའ་བར་བྱ་བའི་ཕྱིར། ཆུ་ཡོད་པའི་ཕྱོགས་རྣམས་སུ་འཇོག་པར་བྱེད་དེ། དེ་ལྟར་ཀུན་ནས་དགེ་བའི་ལས་ཀྱི་མཐའ་སྤྱོད་པ་ནི་སྲོག་གཅོད་པར་མི་བྱེད་དོ། །མ་བྱིན་པར་ལེན་པ་སྤངས་པ་ཇི་ལྟ་ བུ་ཡིན་ཞེ་ན། འདི་ནི་རྐུ་སེམས་ཀྱིས་རྩ་བ་ཡང་ལེན་པར་མི་བྱེད་པ་ཡིན་ཏེ། ཕྱོགས་དག་ན་ཤིང་དང་སྨྱིག་མའི་ལྡུམ་བུ་སྐྱེས་པ་ཡང་ལེན་པར་མི་བྱེད། གཞན་དུ་འཕོས་པའི་གྲོང་དང་ཀུན་དགའ་ར་བ་རྙིང་པ་དག་གཞན་གྱིས་ཡོངས་སུ་བཟུང་བ་མེད་ལ། ད་དུང་དུ་སུས་ཀྱང་ འཛིན་པར་མི་འགྱུར་གྱིས་ཀྱང ། སྔོན་གཞན་གྱིས་བསྒྲུབས་པ་ཞིག་ཡིན་ནོ་སྙམ་དུ་ཡིད་ལ་སེམས་པར་བྱེད་ལ། དེ་བསམ་པ་དེས་ལེན་པར་མི་བྱེད་དེ། དེ་ལྟར་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །ཀུན་ནས་ལེགས་པར་བྱས་པའི་ལས་ཀྱི་མཐའ་སྤྱད་པ་དེ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་རིས་འཐུན་པའི་ལྷ་རྣམས་ཀྱི་གནས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་ཕྱིར་ཕྱོགས་པ་ཉིད་དུ་སྐྱེ་སྟེ། གལ་ཏེ་གསེར་གྱི་སྟན་ནམ། གལ་ཏེ་དངུལ་གྱིའམ། གལ་ཏེ་ཤེལ་གྱིའམ། གལ་ཏེ་གསེར་བཙོ་མའི་འམ། གལ་ ཏེ་ཨན་ད་རྙིལ་གྱིའམ། གལ་ཏེ་མཐོན་ཀ་ཆེན་པོའི་འམ། གལ་ཏེ་མུ་ཏིག་གིའམ། གལ་ཏེ་སྤུག་གི་སྟན་གྱི་སྟེང་དུ་སྐྱེ་བར་འགྱུར་རོ། །དེ་སྐྱེས་མ་ཐག་ཏུ་འདི་སྙམ་དུ་སེམས་ཏེ། ལས་དགེ་བ་གང་ཞིག་གིས་བདག་འདིར་སྐྱེས་སྙམ་མོ། །དེས་སྔོན་གྱི་ལས་ རྗེས་སུ་དྲན་ཏེ། འདི་ལྟར་དགེ་བའི་རྣམ་པ་ཕ་མ་ལྟར་བྱམས་པ། རྣམ་པར་སྨིན་པ་བསིལ་བ། བདེ་བ་ངེས་པར་མྱོང་བར་འགྱུར་བའི་རྣམ་པ་ཇི་སྙེད་པ་དེས་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་སྙམ་སྟེ། དེས་ལས་དེ་དག་རྗེས་སུ་དྲན་ཞིང་ལས་ཀྱི་འབྲས་བུ་ཡང་མངོན་སུམ་ ཉིད་དུ་མཐོང་ནས། དགེ་བའི་ལས་རྣམས་ལ་ནི་སྟོད་པར་བྱེད་ལ། མི་དགེ་བ་དག་ལ་ནི་སྨོད་པར་བྱེད་དོ། །ཚེ་རབས་དྲན་ཞིང་ལས་ཀྱི་གཞིར་གྱུར་པ། དགེ་བ་ཕ་མ་ལྟ་བུ་དུ་མའི་ལས་ཀྱི་གཞི་མིའི་རྗེས་སུ་དྲན་ནས། དེ་ནས་དེའི་ཚེ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་ 69-1-234b པ། གང་ཞིག་བག་ཡོད་ཐོབ་ནས་སུ། །མི་ཡི་ཚེ་ནི་ལེགས་པར་ཐོབ། །ལེགས་པར་བྱ་བའི་ལས་བྱས་ན། །ལྷ་ཡི་འཇིག་རྟེན་ཉེ་བར་འགྲོ། །མི་ཡི་ཚེ་ནི་རྙེད་དཀའ་སྟེ། །དེ་ནི་རྙེད་ནས་བག་མེད་གང ། །མི་དེ་བག་མེད་མུན་པ་ལས། །འཁྱམས་ནས་སེམས་ ཅན་དམྱལ་བར་ལྟུང ། །ལེགས་བྱས་རྣམ་པ་གསུམ་བྱས་ཤིང ། །རྣམ་པ་བདུན་ཡང་གོམས་བྱས་ལ། །དགྲ་གསུམ་བསད་པའི་མི་དག་ནི། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །ཉོན་མོངས་ངེས་པར་སེལ་བྱེད་ལ། །དགའ་བས་སེལ་བར་མི་བྱེད་གང ། །དགའ་བ་བསལ་ བའི་དག་པ་དེ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །སྡུག་བསྔལ་ཆེན་པོའི་སྒོར་གྱུར་པ། །སེར་སྣ་ངེས་པར་བསལ་བྱས་ཤིང ། །སྦྱིན་པའང་སྣ་ཚོགས་བྱིན་པ་ནི། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །སྲོག་ཆགས་དག་ནི་སྲོག་བཞིན་དུ། །སྙིང་བརྩེས་རྟག་ཏུ་བསྲུང་བྱས་ ཤིང ། །བྱམས་སེམས་རྟག་ཏུ་དུལ་བ་དག་།ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །མ་བྱིན་མེ་ལྟར་རིག་ནས་སུ། །ཀུན་ནས་བྱིན་པ་བྱས་གྱུར་ཞིང ། །སེམས་དང་བློ་གྲོས་བསྒོམས་པ་ནི། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །དེ་ཉིད་དོན་ལ་སེམས་པ་པོ། །གཞན་གྱི་ཆུང་ མའང་མ་ལྟར་ལྟ། །འདོད་སྐྱེས་ཉེས་པས་མ་གོས་པ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །གང་ཞིག་རང་སེམས་མེ་འདི་དག་།ལྕེ་ཡི་གཙུབ་ཤིང་ཡང་དག་བྱུང ། །བརྫུན་དུ་སྨྲ་བ་རྗོད་བྱེད་གང ། །དེ་ནི་བཅོམ་ན་བདེ་འགྲོར་འགྲོ། །བཤེས་གྲོགས་རྟག་ཏུ་དོན་མེད་བྱེད། །ཕྲ་མ་རྟག་ཏུ་ བཅོམ་ནས་སུ། །འཇམ་པོར་སྨྲ་བར་དགའ་བ་ནི། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །མཚོན་ཆ་ལྟ་བུའི་ཚིག་རྩུབ་དག་།བརྟན་པོས་ཡོང་ཡེ་སྤོང་བྱེད་ལ། །རྟག་ཏུ་ཚིག་འཇམ་རབ་ཏུ་སྨྲ། །དེ་ནི་བདེ་འགྲོར་འགྲོ་བར་འགྱུར། །གང་གི་ལྕེ་ཡི་རྩེ་མོ་ལ། །འབྲེལ་མེད་མི་སྨྲ་མི་འགྱུར། ། ཡང་དག་སྨྲ་ལ་དུས་ཉིད་ཤེས། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །སངས་རྒྱས་གསུངས་པའི་རྣམ་པ་བདུན། །གང་གིས་ཚུལ་ཁྲིམས་འདི་བསྲུངས་པ། །བརྟན་པོ་ཚུལ་ཉིད་ཤེས་པ་དེ། །ལྷ་རྣམས་ཀྱི་ནི་ནང་དུ་འགྲོ། །དེ་ལྟར་ལྷ་གསར་དུ་སྐྱེས་པ་དེ་ཕྱིར་ཕྱོགས་པ་སྐྱེས་མ་ཐག་ཉིད་དུ་ཚེ་རབས་དྲན་ནས་ 69-1-235a ཡུལ་རྣམས་ཀྱི་དབང་ཉིད་བློ་གྲོས་སུ་གྱུར་ཀྱང ། སྔོན་བསྒོམས་ཤིང་གོམས་པའི་བློས་སྨྲས་སོ། །དེ་ནས་གསར་དུ་སྐྱེས་པ་དེ་ཤིན་ཏུ་གཞོན་ལ་གཙང་གཙང་ལྟར་འདུག་པར་མཐོང་ཞིང་རྟོགས་ནས། ལྷ་མོ་དེ་རྣམས་ལྷ་དེའི་དྲུང་དུ་རྒྱུག་པར་བྱེད་དེ་ཇི་ལྟར་མེ་ཏོག་གི་རོ་འཐུང་བར་འདོད་་ པའི་བུང་བ་རྣམས་མེ་ཏོག་ཉིད་ལ་རྒྱུག་པར་བྱེད་པ་དེ་ལྟར་ལྷ་མོ་ལག་ན་སིལ་སྙན་དང་རོལ་མོ་རྣམ་པ་སྣ་ཚོགས་ཐོགས་པ། གཞན་དག་གི་ལག་ན་གླིང་བུ་དང་རྫ་རྔ་ཐོགས་པ། ལུས་ལ་མེ་ཏོག་ཕྲེང་བ་དང་ཕྱེ་མ་དང་བྱུག་པས་བསྐུས་པ་མེ་ཏོག་གི་ཕྲེང་བ་རྣམས་ཐོགས་པ་དང ། གཞན་དག་ནི་མེ་ ཏོག་གི་ཆར་མངོན་པར་འབེབས། གཞན་དག་ནི་གླུ་ལེན་ཞིང་གར་མཁན་ལྟར་མཛེས་པ་དེ་རྣམས། ལྷ་དེའི་དྲུང་དུ་ཀུན་དུ་རྒྱུག་པར་བྱེད་དོ། །དེ་ལྟར་རྒྱན་དང་ཆ་བྱད་རྣམ་པ་སྣ་ཚོགས་ཐོགས་པ། གཟུགས་རྣམ་པ་སྣ་ཚོགས་དང་ལྡན་པ། ཆོ་ག་རྣམ་པ་སྣ་ཚོགས་ལ་མཁས་པ། ཆ་བྱད་རྣམ་པ་སྣ་ཚོགས་འཆང་བ་རྣམ་པ་སྣ་ཚོགས་བདོག་པ། གཟུགས་གཅིག་པས་གཅིག་བཟང་ཞིང་བྱད་གཟུགས་མཆོག་དང་ལྡན་པ་རྣམས། ལྷ་གསར་དུ་སྐྱེས་པ་དེ་ལ་ལན་བརྒྱའམ་ལན་སྟོང་དུ་མངོན་པར་བརྟགས་ནས་སྔོན་གྱི་ལྷ་འཆི་བ་དག་བོར་ཏེ། ལྷ་གསར་པ་གསར་དུ་སྐྱེས་ པ་ཡིད་དུ་སྡུག་པའི་དྲུང་དུ། ལྷ་མོ་དེ་རྣམས་ཇི་ལྟར་ཤིན་ཏུ་སྐོམ་པ་དག་མཚོ་སྐམས་པ་བོར་ནས། མཚོ་ཆུ་བསིལ་ཞིང་དང་བས་ཀུན་དུ་གང་བའི་དྲུང་དུ་རྒྱུག་པ་དེ་ལྟར་གསར་དུ་སྐྱེས་པ་ལ་འདོད་པ་ངོམས་མི་མྱོང་བའི་ལྷ་མོ་དེ་དག་ཐམས་ཅད་ཀྱིས་རབ་ཏུ་བརྒྱུགས་སོ། །དེ་ནས་ལྷ་གསར་ དུ་སྐྱེས་པ་དེས་དེ་རྣམས་ཀྱི་རྒྱན་གྱི་སྒྲ་ཉིད་ཐོས་ནས། སེམས་འདོད་ཆགས་ཀྱིས་གཡེངས་པར་འགྱུར་ན། དེ་རྣམས་ཀྱི་བྱད་གཟུགས་དེ་དང་སྤྱོད་པ་དེ་དག་མཐོང་ན་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་དེའི་སེམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དང་ཡོ་བྱད་དེ་དག་གིས་གཡེངས་ པ་དང་ཇི་ལྟར་ཚེ་རབས་འབུམ་ལོན་པ་ལྟར་བརྗེད་དེ། འདི་ལྟར་ལྷ་རྣམས་ཀྱི་ངོ་བོ་ནི་འདི་ལྟ་སྟེ། ལྷ་ཉིད་བག་མེད་པའི་གནས་ཡིན་ནོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེ་ལྷ་མོ་སྒེག་ཆོས་མཁས་པ་དེ་རྣམས་ཀྱིས་ཀུན་ནས་འཁོར་བར་བསྐོར་ནས། ཚུལ་བཞིན་མ་ཡིན་པའི་སེམས་འདོད་ཆགས་ 69-1-235b ཀུན་ཏུ་སྟོན་པའི་ཚིག་རྣམས་ཀྱིས་དེ་ལྟར་གཡེངས་ཏེ། འདི་ལྟར་དེ་ལྟར་དེ་དག་གི་དབང་ཁོ་ནར་གྱུར་ནས་ཤིན་ཏུ་བག་མེད་པར་གནས་སོ། །དེ་དེ་རྣམས་ཀྱིས་བསྐོར་ནས་འདོད་པ་ཐམས་ཅད་འབྱོར་པ། སྔོན་མ་མྱོང་བའི་བདེ་བ་འཐོབ་སྟེ། ཡིད་ཤིན་ཏུ་མགུ་བས་ལྷ་མོ་དེ་དག་ག་ལ་བ་ དེར་འགྲོ་བར་བྱེད་དོ། །དེ་ཡང་དེ་རྣམས་ཀྱིས་ཉེ་བར་བསྟེན་ཏེ། དགོད་དགོད། རྩེ་རྩེ། སྨྲ་སྨྲ། འབུར་འབུར་བའི་བློས་ལམ་དེ་ཉིད་ནས་འདོང་བར་བྱེད་དོ། །བྱ་རྙིས་བཟུང་བ་ལྟར་ཀུན་དུ་འདོད་ཆགས་ཀྱི་རྙིས་བཟུང་བ་དེ། རྙི་དེ་རྣམས་ཀྱིས་ཀུན་ནས་བཟུང་ནས་མངོན་པར་མཛེས་པ་དེ་དག་ག་ལ་བ་ དེར་ཁྲིད་པ་དང ། དེས་སྔོན་མ་མཐོང་བ་ཤིན་ཏུ་ཉམས་དགའ་བ་རིན་པོ་ཆེ་སྣ་བདུན་གྱི་ས་ཕྱོགས་མཐོང་ན་ཤིན་ཏུ་ཡིད་འཕྲོགས་པ། རིན་པོ་ཆེ་སྣ་བདུན་འབར་བའི་ས་ཕྱོགས་དག་མཐོང་ངོ ། །དེ་ནས་ཡང་དེ་དག་ཏུ་ལྷའི་ཕྲེང་བ་དང་གོས་རྣམ་པ་དུ་མ་གྱོན་པ། བདེ་བ་དང་ཉམས་དགའ་བ་རྣམ་པ་དུ་མ་ཡུན་་ རིང་དུ་མྱོང་ནས། ཚལ་དགོན་པ་དགའ་བ་ཞེས་བྱ་བ་ག་ལ་བ་དེར་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་གླུ་དབྱངས་ལེན་ཞིང་འདོང་བར་བྱེད་དོ། །ལྷ་དེ་ལྷ་མོ་དེ་རྣམས་དང་ལྷན་ཅིག་མངོན་པར་རྩེ་ཞིང་ཚལ་དེར་ཕྱིན་པ་དང ། བྱ་ཁ་དོག་དང་དབྱིབས་དང་འགྲོས་དང་གཟུགས་སྣ་ཚོགས་སུ་འདུག་པ། སྒྲ་ ཤིན་ཏུ་སྙན་པ་འབྱིན་པ། བྱད་གཟུགས་རྣམ་པ་སྣ་ཚོགས་སུ་འདུག་པ་དག་མཐོང་ངོ ། །དེ་དག་ཀྱང་བྱ་མོ་རྣམས་ཀྱི་དབང་དུ་གྱུར་པ་ཡིན་ཏེ། དེ་རྣམས་གར་འགྲོ་བ་དེར་བྱ་དེ་དག་ཀྱང་དེ་རྣམས་ཀྱི་དབང་དུ་གྱུར་ནས་འགྲོའོ། །དེ་བཞིན་དུ་ལྡུམ་བུའི་ནང་ག་ལ་བ་དེ་རྣམས་འདུག་པ་དང་དེར་ཡང་ བྱ་དེ་དག་འདུག་པར་བྱེད་དོ། །མེ་ཏོག་གི་ཆང་གང་ན་ཡོད་པར་དེ་རྣམས་འཐུང་བ་དང་བྱ་དེ་དག་ཀྱང་དེ་ན་འཐུང་བར་བྱེད་དོ། །མེ་ཏོག་གི་དོག་པ་དག་གི་ནང་ག་ལ་བར་ལུས་ཞུགས་པ་དང་དེར་ཡང་བྱ་དེ་དག་དེ་བཞིན་དུ་འཇུག་པར་བྱེད་དོ། །ཡུལ་གང་དག་བཏང་ནས་ནམ་མཁའ་ལ་འགྲོ་བ་ དང་དེར་ཡང་བྱ་དེ་དག་འགྲོ་བར་བྱེད་དོ། །འབྲས་བུ་གང་ཡིན་པ་དག་ལ་དེ་རྣམས་ཀྱི་མཆུས་ཟ་བ་དང་དེ་དག་ཀྱང་དེ་བཞིན་དུ་འབྲས་བུ་དེ་ཉིད་ལ་ཟ་བར་བྱེད་དོ། །པད་མའི་ཚལ་ག་ལ་བར་དེ་རྣམས་ལ་གནས་པར་བྱ་བའི་ཕྱིར་འདོང་བ་དང ། དེ་དག་ཀྱང་དེ་བཞིན་དུ་དེ་རྣམས་དང་ལྷན་ཅིག་ 69-1-236a ཕྱོགས་དེའི་པད་མའི་རྫིང་ཉིད་དུ་འདོང་བར་བྱེད་དོ། །ལྷན་ཅིག་སྤྱོད་པ་བྱ་མོ་རྣམས་རིའི་རྩེ་མོ་ག་ལ་བར་འདོང་བ་དང་དེ་དག་ཀྱང་མགུལ་དུ་སྐུད་པས་བཏགས་པ་བཞིན་དུ་དེ་རྣམས་ཀྱི་དབང་དུ་གྱུར་ནས་འདོང་བར་བྱེད་དོ། །དེ་བཞིན་དུ་བུང་བ་མོ་དག་པད་མའི་གསབ་ གསེབ་ཏུ་འདོང་བ་དང་བུང་བ་རྣམས་ཀྱང་འདོང་ལ་རི་དགས་མོ་རྣམས་ཀྱིས་ཀྱང་རི་དགས་དག་དབང་དུ་བྱས། ལྷ་མོ་རྣམས་ཀྱིས་ཀྱང་ལྷ་དག་དབང་དུ་བྱས་ཏེ། དེ་དག་ནི་དབྱར་གྱི་དུས་སུ་མཚོ་གཅིག་ཏུ་ཆུས་གང་བར་གྱུར་པ་ལྟར་ཤིན་ཏུ་ལྷོད་ལྷོད་པོར་ཐར་བར་དཀའ་བའི་བཅིང་བས་བསྡམས་པ། འདི་དག་ཐམས་ཅད་ནི་བུད་མེད་ཀྱི་དབང་དུ་གྱུར་པར་རིག་ནས། དགེ་སློང་དེས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཞགས་པའི་ནང་ན་འདི་དམ་སྟེ། །འདི་ལྟར་བུད་མེད་ཞགས་པ་དམ། །འདི་ཡིས་བཅིངས་པའི་མི་རྣམས་ནི། །སྲིད་པའི་བཙོན་རར་རྒྱུག་པར་བྱེད། ། ཞགས་པས་མགུལ་བཅིངས་ཞགས་མིན་གྱི། །སྙིང་ཞགས་བུད་མེད་འདི་མི་བཟད། །སྙིང་གི་ཞགས་པས་བཅིངས་པ་ཡི། །མི་རྣམས་སྡུག་བསྔལ་སྐལ་བ་ཅན། །ཞགས་པ་བསྲེག་ཅིང་གཏུབ་ཏུ་རུང ། །བུད་མེད་ཞགས་པ་བསྲེག་མི་རུང ། །དམྱལ་བ་ཡི་དགས་ དུད་འགྲོའི་ནང ། །འགྲོ་ཞིང་རྗེས་སུ་འགྲོ་བར་བྱེད། །ལུས་ཅན་ཚོགས་སུ་ལྡན་པ་ལ། །ཞགས་པ་ཆེན་པོས་འཆིང་བར་བྱེད། །དེ་བཞིན་ལུས་མེད་སེམས་འདི་ལ། །བུད་མེད་ཞགས་པས་འཆིང་བར་བྱེད། །གང་གིས་སྐྱེ་བོ་འཆིང་བྱེད་པ། །ཞགས་པ་དེ་ནི་ཚད་ གཟུང་རུང ། །བུད་མེད་ཀྱི་ནི་འཆིང་བ་ཆེ། །དེ་ནི་ཚད་གཟུང་མི་རིག་གོ། །འདིས་ནི་རེ་ཞིག་དགའ་བ་དང ། །ཀུན་ནས་ཐར་བར་དཀའ་བ་ཡི། །ཞགས་པས་བཅིངས་པའི་མི་རྣམས་ནི། །སྲིད་པའི་མཚོ་ལས་མི་འགྲོལ་ལོ། །ཞགས་པས་མགུལ་ལམ་ལུས་གཅིག་ཅིག ། འཆིང་བྱེད་གལ་ཏེ་འཆིང་མི་བྱེད། །བུད་མེད་ཞགས་པ་ཆེན་པོ་འདི། །དབང་པོ་དྲུག་རྣམས་འཆིང་བར་བྱེད། །ལྕགས་སམ་ཤིང་ངམ་གྲེས་མ་གང་ཡིན་པ། །འཆིང་བ་འདི་ནི་དམ་པར་འཕགས་མི་གསུང ། །བློ་[\[]ཞན་[\]]བུད་མེད་རྣམས་ལ་ལྟ་བ་གང ། །ཀུན་དུ་ཆགས་པའི་སེམས་ 69-1-236b ནི་དམ་ཞེས་གསུང ། །དེ་ལྟར་དགེ་སློང་དེ་འདོད་པ་ལ་སྨོད་པར་བྱེད་དོ། །དེ་ནས་ལྷ་དེ་བུད་མེད་མཆོག་དེ་རྣམས་ཀྱིས་ཀུན་ནས་དགའ་བ་ཉིད་ཀྱི་ཞགས་པས་བཅིངས་ནས། ཚལ་དང་ཉེ་བའི་ཚལ་མཐོང་ན་ཡིད་འཕྲོག་པ་རྣམ་པ་སྣ་ཚོགས་གང་དག་དཔེ་བྱ་བར་ཡང་སླ་བ་མ་ཡིན་པ་དེ་དག་ཏུ་ ཁྲིད་དོ། །དེ་ནས་དེ་ལྟར་ལྷ་དེ་དགའ་དགུར་སྤྱོད་པ་ན་རེས་འགའ་པད་མའི་ཚལ། ངང་པའི་པད་མའི་ཚལ་ཞེས་བྱ་བ་དེར་དེ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་འགྲོ་བར་བྱེད་དོ། །པད་མའི་ཚལ་དེ་ཡང་ལྷ་དང་ལྷ་མོའི་ཚོགས་མང་པོས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་པ། འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྣམས་ཀྱིས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །ལྷ་མོས་ཡོངས་སུ་བསྐོར་བ་རིས་འཐུན་པའི་ལྷ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་སྒྲ་འབྱུང་བ་ཆགས་སུ་རུང་བ་སྙན་པ་ལྷ་ཐམས་ཅད་འཐུན་ པར་ཡིད་འཕྲོག་པར་བྱེད་པ། ཤིན་ཏུ་འདོད་པ་སྟོན་པར་བྱེད་པས་ལྷན་ཅིག་དགའ་བར་བྱེད་དོ། །དེ་རྣམས་གསེར་གྱི་རི་ལས་གསེར་གྱི་རི་གཞན་ལ་འཛེག་པར་བྱེད་དེ། ཐམས་ཅད་ཀྱང་ཉམས་དགའ་བ་རྒྱ་ཆེ་ཞིང་དགའ་བར་བྱེད་པའི་ཡུལ་གྱི་རྗེས་སུ་འཇུག་གོ། །དེ་དག་དེ་ལྟར་ དགའ་བ་ན་བློ་འདི་ལྟ་བུ་སྐྱེ་སྟེ། བདག་ཅག་ཀུན་ཕན་ཚུན་གྲོགས་སུ་གྱུར་པ་ཡིན་ཏེ། ལྷའི་འདུན་ས་ཆོས་བཟང་གི་སྐྱེད་མོས་ཚལ་དུ་དགའ་སྟོན་བྱ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་དག་ཐམས་ཅད་ཁ་ཅིག་ནི་ནམ་མཁའ་ལ་ འཛེགས་ནས་འགྲོ། ཁ་ཅིག་ནི་ངང་པའི་ཤིང་རྟ་ལ་ཞོན། ཁ་ཅིག་ནི་རྨ་བྱའི་ཤིང་རྟ་ལ་ཞོན། ཁ་ཅིག་ནི་ནམ་མཁའ་ལ་བཀད་ས་ཕུབ་པའི་ནང་དུ་ཞུགས། ཁ་ཅིག་ནི་གཞལ་མེད་ཁང་དང་ར་བ་རྣམ་པ་སྣ་ཚོགས་སུ་ཕྱེ་བའི་ནང་དུ་ཞུགས་ནས། བརྒྱ་བྱིན་བལྟ་བའི་ཕྱིར་ལྷའི་འདུན་ས་ ཆོས་བཟང་ག་ལ་བ་དེར་དོང་ངོ ། །སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་དབྱངས་རྣམ་པ་སྣ་ཚོགས་ཀྱིས་ཕྱོགས་ཐམས་ཅད་རབ་ཏུ་འགེངས་ཤིང་བརྒྱ་བྱིན་གྱི་གནས་སུ་ཕྱིན་ཏོ། །དེ་རྣམས་ཀྱི་གླུ་དབྱངས་ཀྱི་སྒྲ་སྙན་པ་དཔེ་མེད་པ་དེ་ཐོས་ནས། ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཆོས་བཟང་ན་གནས་པའི་ལྷ་ 69-1-237a རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་དགའ་བར་གནས་པའི་ལྷ་འདི་དག་གང་ཡིན། གནས་ནི་གང་ན་གནས། དེ་ནས་ལྷ་དེ་དག་གིས་དེ་སྐད་ཐོས་ནས། ལྷ་དེ་རྣམས་མྱུར་དུ་ཤེས་པར་བྱ་བའི་ཕྱིར་དེ་ནས་ཡང་ལྷ་དེ་རྣམས་ལ་མྱུར་དུ་བརྟགས་ནས། བརྒྱ་བྱིན་ལ་ སྨྲས་པ། བརྒྱ་བྱིན་འདི་ལྟར་ལྷ་འདི་རྣམས་ནི་གནས་རིས་འཐུན་པ་ན་གནས་པ་ལགས་ཏེ། འདིར་བརྒྱ་བྱིན་གྱི་ཞལ་མཐོང་བར་བགྱི་བའི་སླད་དུ་མཆིའོ། །དེ་ནས་བརྒྱ་བྱིན་གྱིས་དེ་དག་ལ་འདི་སྐད་སྨྲས་སོ། །འདི་ལྟར་ཡིད་རབ་ཏུ་དགའ་བ་སིལ་སྙན་དང་རོལ་མོའི་སྒྲ་དང་ཡོ་བྱད་ རྣམ་པ་སྣ་ཚོགས་དང་ལྡན་པའི་ལྷ་ཁྱེད་རྣམས་ཀྱང་རིས་འཐུན་པའི་ལྷ་རྣམས་གང་ནས་འོང་བ་དེར་དགའ་བར་གནས་པར་བྱ་བའི་ཕྱིར་བསུར་དེང་ཤིག་།བརྒྱ་བྱིན་གྱིས་དེ་སྐད་བསྒོ་བ་དང ། ཆོས་བཟང་ན་གནས་པའི་ལྷ་ལག་ན་སིལ་སྙན་དང་རོལ་མོ་རྣམ་པ་སྣ་ཚོགས་ཐོགས་པ་མེ་ཏོག་ ཕྲེང་བ་དང་ཕྱེ་མ་དང་བྱུག་པ་དང་དོ་ཤལ་དང་ནོར་བུ་དང་རྒྱན་ཕྲེང་འཕྱང་བ་དཔུང་པ་རྣམས་ལ་དཔུང་རྒྱན་བཏགས་པ། ཐོར་ཚུགས་དང་ཡིད་གཡོས་པ། རིན་པོ་ཆེ་འོད་གསལ་བ་སྣ་ཚོགས་ཀྱིས་ལུས་བརྒྱན་པ། ངོ་བོ་ཉིད་ཀྱིས་ལུས་དཀར་ཤམ་ཉིད་དུ་འདུག་པ། རིན་པོ་ཆེ་སྣ་ ཚོགས་ཀྱིས་ལུས་གསལ་བར་བྱས་པ་རྣམས་རིས་འཐུན་པའི་ལྷ་དག་ག་ལ་བ་དེར་དོང་ངོ ། །ཡིད་ལྷག་པར་རབ་ཏུ་དགའ་བ་དེ་རྣམས་ཕན་ཚུན་རྫུ་འཕྲུལ་གྱིས་འགྲན་ཅིང་སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་དབྱངས་རྣམ་པ་སྣ་ཚོགས་ལ་མངོན་པར་དགའ་བ་དག་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ ལ་བ་དེར་འདོང་བར་བྱེད་དེ་བརྒྱ་བྱིན་དེའི་གནས་སུ་དོང་ངོ ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ཁང་བཟངས་ཀ་བ་འབུམ་རྙེད་ཡོད་པའི་ནང་ན་རྒྱལ་བ་ཐོབ་པ་ཞེས་བྱ་བའི་སེང་གེའི་ཁྲི་ལ་འདུག་གོ། །བདེ་བར་འདུག་པ་གཟི་བརྗིད་འབར་ཞིང་ལྷ་འབུམ་སྙེད་ཀྱིས་བསྐོར། ཤིན་ཏུ་ལེགས་པར་ བྱས་པ་རྣམས་ཀྱི་ལས་དག་ལ་ནི་ཉེ་བར་སྤྱོད། གཟི་བརྗིད་ནི་ཉི་མ་བརྒྱ་བས་ལྷག་།ལྷའི་རྒྱལ་པོར་གྱུར་གྱིས་ཀྱང་བག་ཡོད་པ་ལ་ནི་གནས་ཏེ། ལྷའི་རྒྱལ་པོ་དེ་ལྟ་བུ་དེ་མཐོང་ནས། ལྷ་དེ་དག་ཐམས་ཅད་ཡིད་བཅུ་འགྱུར་དུ་རབ་ཏུ་དགའ་ནས། བརྒྱ་བྱིན་ལ་གསོང་པོར་སྨྲ་ཞིང་ 69-1-237b བྲོ་གར་བྱེད་དགོད་པར་བྱེད་ལ། འདི་ལྟར་བརྒྱ་བྱིན་ལ་མངོན་པར་བསྟོད་པའི་ཚིགས་སུ་བཅད་པ་སྨྲས་པ། ཆོས་སྤྱོད་རྟག་ཏུ་ཞི་བ་དང ། །གང་དག་ཡུལ་གྱིས་མི་གཙེ་བ། །ལྷ་རྣམས་དང་ནི་འཇིག་རྟེན་བཅས། །ལྷ་རྒྱལ་བརྒྱ་བྱིན་རྟག་ཏུ་སྐྱོངས། །ཆོས་ཀྱིས་འཇིག་རྟེན་ རྣམས་འཆོས་ཀྱི། །ཆོས་མ་ཡིན་པ་ག་ལ་ཞིག་།ཆོས་སྤྱོད་རྟག་ཏུ་བདེ་དང་ལྡན། །དེ་ལས་བཟློག་ན་བདེ་ལྡན་མིན། །ཆོས་སྤྱོད་པ་ཡང་ཡེ་ཤེས་ལ། །ངེས་པར་བསྟེན་པ་བདེ་བ་ལགས། །འཚེ་བ་མེད་ཅིང་བདེན་ཚིག་སྨྲ། །དེ་ཡང་གཅིག་ཏུ་བདེ་བ་ལགས། །འཇིག་ རྟེན་ཡོན་ཏན་གང་ལགས་དང ། །འཇིག་རྟེན་འདས་པའི་ཡོན་ཏན་གང ། །དེ་དག་ཐམས་ཅད་མ་ལུས་པར། །སུམ་ཅུ་གསུམ་དབང་བརྒྱ་བྱིན་མངའ། །འཇིགས་པ་རྣམས་ཀྱི་སྐྱབས་མཛད་ཅིང ། །སྡུག་བསྔལ་རྣམས་ཀྱི་རྟག་ཏུ་རྟེན། །ལྷ་དང་ལྷ་མིན་མིར་བཅས་ པའི། །འཇིག་རྟེན་དེ་ཡང་འཛིན་མཛད་པ། །དེ་ནི་རྒྱལ་པོ་བརྒྱ་བྱིན་ལགས། །དྲི་མ་དང་ནི་སྐྱོན་རྣམས་བསལ། །བདག་ཉིད་སྡིག་པ་གསུམ་བསལ་ཅིང ། །དཀོན་མཆོག་གསུམ་ལ་སྐྱབས་སུ་གཤེགས། །ལས་འབྲས་གསུམ་གྱི་དེ་ཉིད་མཁྱེན། །བྱང་ཆུབ་ གསུམ་ནི་རབ་ཏུ་རྟོགས། །བག་མེད་གནས་སུ་སྐྱེས་གྱུར་ཀྱང ། །བག་མེད་རྣམས་ལ་ཆགས་མི་མངའ། །དགྲ་ལས་རྒྱལ་ཞིང་མཛད་པ་ཚོལ། །བརྒྱ་བྱིན་སྐྱེ་དགུ་འཛིན་པར་མཛད། །དེ་ལྟར་ལྷ་གང་ཡིན་པ་དེ་རྣམས་ཀྱི་ནང་ན་བློ་གྲོས་མཆོག་དང་ལྡན་པ་བརྒྱ་བྱིན་དེ་ལ་རིས་ འཐུན་པའི་ལྷ་དེ་རྣམས་ཀྱིས་མངོན་པར་སྟོད་པར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་མཐོང་ནས་ཚིག་འཇམ་པོ་བཟང་པོས་སྟོད་པར་བྱེད་ཅིང་སྟོན་པར་བྱེད་དེ། འདི་ལྟར་ལྷ་ཁྱེད་རྣམས་ནི་བག་མེད་པ་ལ་གནས་པ་ཡིན་ནོ། །ལེགས་པ་ཐམས་ཅད་ཀྱི་ནང་ན་ནི་བག་ཡོད་ པ་ནི་གཏེར་ཡིན་ལ། བག་མེད་པ་ནི་དོན་མེད་པ་ཡིན་ནོ། །དེ་ནས་ལྷ་དེ་རྣམས་ཀྱིས་ཡུན་རིང་མོ་ཞིག་ཏུ་བརྒྱ་བྱིན་ལ་མངོན་པར་བསྟོད་ནས་གང་ནས་འོངས་པ་དེ་ཉིད་ནས་ནམ་མཁའ་ལ་འགྲོ་བར་བྱེད་དེ། སྔར་ཇི་ལྟར་འོངས་པ་བཞིན་བརྒྱ་བྱིན་སྔ་ལ་ལྷ་དེ་རྣམས་ཕྱི་ནས་ 69-1-238a དོང་ངོ ། །དེ་ནས་བརྒྱ་བྱིན་འདི་སྙམ་སེམས་ཏེ། ཀྱེ་མ་བག་མེད་པ་ལ་གནས་པའི་ལྷ་རྣམས་ནི་འཆི་བའི་སྡུག་བསྔལ་ཁོང་དུ་མ་ཆུད་དེ། འདི་རྣམས་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར། བདག་གི་གོར་མ་ཆག་པར་སྤྲུལ་པ་ཞིག་བྱའོ་སྙམ་མོ། །དེ་ནས་བརྒྱ་ བྱིན་གྱི་རྫུ་འཕྲུལ་གྱིས་སྲིད་པ་བར་མ་པའི་སྤྲུལ་པ་བྱས་པ་གང་ཡིན་པ་དེ་དག་ལྷ་དེ་རྣམས་ལ་བསྟན་ཏེ། ཚལ་དང་ཉེ་བའི་ཚལ་དང་རིའི་ཟོམ་དང་པད་མའི་ཚལ་རྣམས་སུ་ཡོ་བྱད་མཁོ་བ་ཉེ་བར་བསྟེན་པ་གང་ཡིན་པ་དེ་དག་གིས་ལྷན་ཅིག་རྩེས་གླུ་བླངས་དགའ་བར་བྱས་ཤིང་དགའ་ དགུར་སྤྱད་པ་དང་བྱད་གཟུགས་ཆེ་ཞིང་འོད་ལྷག་པར་བཟང་བ་དེ་དག་འཆི་ཞིང་དབང་ཕྱུག་དང་ལྷ་མོའི་འཁོར་རྣམས་ཀྱིས་ནི་བཏང ། དབང་ཐང་ཐམས་ཅད་དང་སྐལ་བ་བཟང་པོ་ཐམས་ཅད་ནི་ཟད། བཞིན་ནི་མོག་མོག་པོར་གྱུར། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ བ་གང་དག་ལིག་རིས་ནི་ལག་པ་རྒྱབ་ཏུ་བཅིངས། རྟག་ཏུ་ངུས་པའི་མིག་དང་བཞིན་མཆི་མས་ནི་གཤེར། དུ་བ་འཐུལ་བའི་མུན་པ་དང་མེས་ནི་ཡོངས་སུ་བསྐོར། གཤིན་རྗེའི་མི་རྣམས་ཀྱིས་སྤྱོ་བརྒྱད་ཅིང ། ཤིན་ཏུ་བཀྲེས་པ་དང་སྐོམ་པས་གདུངས་པའི་བཞིན་ འཇིགས་པ་ཉམ་ང་བ་ཆེན་པོར་ནི་བདས། ལུས་ཚལ་ཤིང་བསྲེགས་པ་ལྟ་བུ་དག་།མི་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་པ་རྣམས་ཀྱིས་དེད་པར་བྱེད་པ་ན། མི་སྡུག་པར་སྒྱུར་བ་ཆ་བྱད་སྣ་ཚོགས་ནི་ཐོགས། ལུས་དང་གཟུགས་རྣམ་པ་སྣ་ཚོགས་སུ་འདུག་ པའི་ལག་པ་དག་ན་རལ་གྲི་དང་དབྱུག་པ་དང་ཞགས་པ་ནི་ཐོགས། གཞན་དག་ནི་ལྷའི་འཇིག་རྟེན་དེར་འགྲོ་བར་བྱེད་ལ། གཞན་དག་ནི་འབབས་པར་བྱེད་པ་དེ་རྣམས་ཀྱིས་རི་རབ་དེ་ལ་ཀུན་ནས་ཁྱབ་པར་ལྷགས་ནས། དེ་རྣམས་ཀུན་ནས་འོང་བར་བྱེད་ཅིང་འཇུག་པར་བྱེད་དོ། ། ཞུགས་པ་གང་ཡིན་པ་དེ་དག་གིས་ལྷ་རྣམས་བཟུང་ནས། ཞགས་པ་རྣམ་པ་སྣ་ཚོགས་ཀྱིས་བཅིངས་ཏེ་ཐུར་དུ་ཁྲིད་པར་བྱེད་ལ། རྒྱ་ལྕག་རྣམས་ཀྱིས་ཀྱང་རྡོབ་པར་བྱེད་སྤྱོ་བར་བྱེད། མེའི་ཕྲེང་བ་འབར་བ་འཁྲིགས་པའི་ཚོགས་ཀྱིས་གདུང་བར་བྱེད་པ་དེ་བཞིན་དུ་སེམས་ཅན་ 69-1-238b དམྱལ་བ་ག་ལ་བ་དེར་འདྲེན་པར་བྱེད་དོ། །གཤིན་རྗེའི་མི་ལག་ན་ཞགས་པ་ཐོགས་ཤིང ། ཁྲོ་བ་དེ་དག་ཕན་ཚུན་དུ་འདི་ལྟར་གཤིན་རྗེའི་ཕོ་ཉ་རྣམས་རིངས་པར་ཤོག་རིངས་པར་ཤོག་།བག་མེད་ཅིང་བག་མེད་པར་གནས་པའི་ལྷ་འདི་དག་ཇི་ལྟར་ཡང་ཡང་བག་མེད་པར་མི་ འགྱུར་བའམ་བག་མེད་པར་མི་གནས་པ་དེ་ལྟར་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་བདག་ཅག་གིས་གདུལ་བར་བྱའོ་ཞེས་སྨྲ་སྟེ། དེ་ལྟར་ཧ་ཧ་ཞེས་སྒྲ་འདོན་ཅིང ། རིའི་རྒྱལ་པོ་རི་རབ་ཀྱི་ནམ་མཁའ་ལས་འབབ་པར་བྱེད་དོ། །དེ་ནས་སྟེང་དང་འོག་དང་ངོས་ཀྱི་གནས་དེ་ དག་ཐམས་ཅད་བརྒྱའམ་སྟོང་ངམ་ཁྲིའམ་བྱེ་བར་འཇོམས་ཤིང་ཀུན་གྱིས་ནམ་མཁའ་དེ་བར་མཚམས་མེད་པར་ཁྱབ་པར་འཁོད་ནས། འཕེལ་བ་དང་འགྲིབ་པར་བྱེད་ཅིང་འདི་ལྟར་ཁྱེད་རྣམས་ཀྱིས་འདོད་པ་མྱོང་བ་དང་ཡན་ལག་ལྔ་དང་ལྡན་པ་གང་ཡིན་པ་དེ་དག་གཤིན་ རྗེའི་མིའི་ཞགས་པ་རྣམས་ཀྱིས་བཅིངས་ནས། གཤིན་རྗེའི་འཇིག་རྟེན་དུ་རྟའི་ཤུགས་བཞིན་དུ་ཁྲིད་པ་ན། ཁྱེད་ལ་ཕན་པ་ཅི་བྱེད་ཅེས་ཀུན་ནས་སྤྱོ་བར་བྱེད་དོ། །དེ་ལྟར་སེམས་ཅན་དམྱལ་བར་སྐྱེ་བ་གང་ཡིན་པ་དེ་དག་དེ་བཞིན་དུ་རིས་འཐུན་པའི་ལྷ་ལེགས་པར་བྱས་པའི་ སེམས་དང་ལྡན་པ་དེ་རྣམས་ཀྱིས་མཐོང་ངོ ། །དེ་ནས་སྲིད་པ་བར་མ་པའི་ལྷ་གང་ཡིན་པ་དེ་དག་ལ་འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། འདོད་པ་རྣམས་ལ་ཆགས་པའི་བློས། །ཁྱེད་ཀྱིས་ལེགས་བྱས་མ་སྤྱད་པ། །གང་ཡིན་བདེ་དང་བྲལ་ བ་དེའི། །འབྲས་བུ་འདི་ནི་ཉེ་བར་གནས། །བག་མེད་པ་ལ་དགའ་བའི་ལྷ། །བྱ་བ་རྣམས་ལ་འཇུག་བྱེད་གང ། །དེ་ནི་ཕྱི་ནས་འཆི་བའི་ཚེ། །རང་གི་སེམས་ཀྱིས་གདུང་བར་བྱེད། །ཇི་ལྟར་དབང་པོ་ལྔ་དག་ལས། །བྱུང་བའི་བག་མེད་སྲེག་བྱེད་པ། །དེ་ལྟར་མེ་ ཡིས་སྲེག་མི་བྱེད། །མཚོན་ཆས་ཀྱང་ནི་གཅོད་མི་བྱེད། །ཇི་ལྟར་བདེ་གཞི་སྡུག་བསྔལ་ལ། །དེ་ལྟར་བཤེས་གཞི་དགྲར་འགྱུར་བ། །བག་མེད་བསྟེན་ལས་འབྱུང་འགྱུར་ཏེ། །དེ་བས་དེ་ནི་ཡོངས་སུ་སྤོངས། །བག་མེད་སྲེད་དང་འདྲེས་པ་དང ། །འདོད་ཆགས་དེ་ 69-1-239a ཡི་རྗེས་འབྲེལ་པ། །དགྲ་གསུམ་འདི་ནི་མི་བཟད་དེ། །མི་ཡི་བདེ་བ་འཇིག་པར་བྱེད། །རྒོད་པ་དང་ནི་སྡིག་པར་འདྲེ། །ལེ་ལོ་དེ་བཞིན་བརྐམ་ཆགས་ཉིད། །ཚུལ་ཁྲིམས་དག་ཀྱང་སྤོང་བྱེད་པ། །དེ་དག་སེམས་ཅན་དམྱལ་བའི་རྒྱུ། །ཚུལ་ ཁྲིམས་གང་ཞིག་བདེ་ལ་བསིལ། །ཡོངས་སུ་གྱུར་པའང་བསིལ་བ་ལ། །རྟག་ཏུ་རྨོངས་པ་མི་སྟེན་ན། །དེ་ནི་ཕྱིས་ནས་ཡོངས་སུ་གདུང ། །ཆང་འཐུང་དེ་བཞིན་འཚེ་བ་དང ། །གཞན་གྱི་བུད་མེད་མངོན་པར་དགའ། །ཆགས་ཤིང་བློ་གྲོས་འཐབ་པ་ཉིད། །དེ་ནི་ སེམས་ཅན་དམྱལ་བའི་རྒྱུ། །ཕྲ་མ་སྡིག་དང་འདྲེ་བ་དང ། །ཡང་དག་སྡོམ་མེད་ལོག་པར་ལྟ། །སེམས་ལ་ཅལ་ཅོལ་མང་བ་ཉིད། །མི་ནི་རྟག་ཏུ་འཇིགས་པར་བྱེད། །བརྣབ་སེམས་ཚིག་རྩུབ་བཅས་པ་དང ། །མངོན་པའི་ང་རྒྱལ་ལོག་པར་སྨྲ། །དེ་ནི་འཇིག་ རྟེན་འདིར་མི་ཕན། །ཕ་རོལ་ཏུ་ཡང་ཕན་མི་འགྱུར། །དགེ་བ་རྣམས་ཀྱིས་རྟག་ཏུ་སྤོང ། །མི་དགེ་རྣམས་ཀྱིས་སྟེན་བྱེད་པ། །ལས་འདི་ལ་ནི་མ་དད་ན། །དོན་མེད་རྣམས་ཀྱི་གཞི་འདི་ཡིན། །སེམས་ཅན་རྣམས་ཀྱི་བདེ་སྡུག་གང ། །ལས་ཀྱི་འབྲས་བུ་མ་རིག་ ལ། །རྒྱུ་འབྲས་ལ་ནི་རྨོངས་པ་དེ། །ཕྱི་ནས་གདུང་བས་གདུངས་པར་འགྱུར། །གང་ཞིག་ལོག་པར་སྨྲ་ལ་བརྩོན། །རྟག་ཏུ་མཁས་ལྟར་ང་རྒྱལ་ཅན། །ཕྱི་ནས་ཉོན་མོངས་བྱུང་བའི་ཚེ། །དེ་ཡིས་ལས་ཀྱི་འབྲས་བུ་རྟོགས། །གང་ཞིག་འཇིག་རྟེན་འདིར་འཁྱམ་ ཞིང ། །གང་ཞིག་སྡུག་བསྔལ་དེས་བྱིང་བ། །མ་རིག་པ་ཡིས་དེ་བསྐྱེད་ཅེས། །དེ་བཞིན་གཤེགས་པ་རྣམས་གསུང་ངོ ། །དེ་ལྟར་བརྒྱ་བྱིན་གྱིས་སྤྲུལ་པའི་གཤིན་རྗེའི་མི་དེ་རྣམས་སྲིད་པ་བར་མ་དེ་དག་ལ་གཏམ་རྗོད་ཅིང་སྤྱོ་བར་བྱེད་དོ། །དེ་ནས་ཡང་བརྒྱ་བྱིན་དེ་ལྷ་ དེ་རྣམས་ལ་གང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བའི་སྤྲུལ་པ་སྟོན་པར་བྱེད་དོ། །དེ་རྣམས་ཀྱི་སྲིད་པ་བར་མ་པར་དེ་དག་དང་ཚུལ་འཐུན་པ་གཟུགས་བརྙན་དུ་གྱུར་པ། དེ་དང་འཐུན་པ་རྒྱའི་འབུར་ལྟར་གྱུར་པ། སྲིད་པ་བར་མ་པའི་གཟུགས་རྣམ་པ་དུ་མ་དག་བྱུང་སྟེ། དེ་དག་གཅིག་ 69-1-239b ལ་གཅིག་ཟ་བ་དང་གསོད་པ་དང་ངོ་བོ་ཡོད་པ་དང་ངོ་བོ་མེད་པར་བྱེད་པ་དང་འཇིགས་པ་ཆེན་པོ་སྐྱེད་པ་ན། དེར་ལྷ་ཡིད་རྨོངས་པ་གང་ཡིན་པ་དེ་དག་གིས་མཐོང་ངོ ། །དེ་ནས་ཡང་བརྒྱ་བྱིན་དེ་ལྷ་དེ་རྣམས་ལ་གང་ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བའི་སྤྲུལ་པ་སྟོན་པར་བྱེད་དེ་འདི་ལྟ་སྟེ། ལུས་བཀྲེས་པ་དང་སྐོམ་པས་གདུངས་པ། བཞིན་རྟག་ཏུ་སྐྲས་མུན་པར་ཁེབས་པ། བཞིན་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་པ། ལུས་ཚལ་ཤིང་བསྲེགས་པ་ལྟར་འདུག་པ། བྱ་རོག་དང་འུག་པ་རྣམས་ཀྱིས་མིག་དང་རྣ་བ་དང་སྣ་དང་ལྕེ་བཏོགས་པ་དག་ལྷའི་འཇིག་ རྟེན་དེ་ནས་འོག་གི་ནམ་མཁའ་དེ་ལ་ལྟུང་བར་མཐོང་ངོ ། །དེ་ལྟར་ལྷ་དེ་རྣམས་ཀྱིས་སྤྲུལ་པ་ཤིན་ཏུ་འཇིགས་འཇིགས་ལྟར་འདུག་པ། རབ་ཏུ་དངངས་པར་བྱེད་པ་དེ་དག་མཐོང་བ་དང ། དེ་རྣམས་ཀྱིས་བརྒྱ་བྱིན་དེ་ལ་བལྟས་ནས་སྨྲས་པ། བརྒྱ་བྱིན་སྔོན་མ་མཐོང་ བའི་ལྷ་མ་ཡིན་ནམ། དེ་དང་ཚུལ་འཐུན་པ་གཞན་རྣམས་ཀྱིས་ལྷ་འདི་དག་ལ་ལིག་རིས་ཕྱིན་ཅི་ལོག་ཏུ་བཅིངས་ནས་ཁྲིད་ན་ཅི་སྟེ་བཏང་སྙོམས་སུ་བཞུགས། རི་རབ་མ་ལུས་པར་ཁྱབ་པ་ལྷ་མ་ཡིན་གྱི་གཟུགས་འདི་དག་ནི། སྔོན་ཆད་ལྷ་དང་ལྷ་མ་ཡིན་ཐམས་ཅད་གཡུལ་ འགྱེད་པ་ན་བདག་ཅག་གིས་མ་མཐོང་སྟེ། གནས་འདིར་ནི་སྔོན་ཆད་ལྷ་མ་ཡིན་ཀུན་ལན་འགའ་ཡང་མ་མཆིས་པ་ལགས་ན། བརྒྱ་བྱིན་ཅི་ཆོས་ཉམས་ལགས་སམ། འདི་ལྟར་འཇིག་རྟེན་སྐྱོང་བ་དག་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཁྱོད་དང་བདག་ཅག་ལ་དུས་དུས་སུ་སྒྲོལ་ བ་ལགས་ན། འཇིག་རྟེན་ན་ཕར་འཛིན་པ་དང་མར་འཛིན་པ་དང་དགེ་སྦྱོང་དུ་འཛིན་པ་དང་བྲམ་ཟེར་འཛིན་པ་དང་རིགས་ཀྱི་རྒན་རབས་ལ་རི་མོར་བགྱིད་པ་དག་མ་མཆིས་སམ། བརྒྱ་བྱིན་འཇིག་རྟེན་ན་སངས་རྒྱས་མཆོད་པ་མ་མཆིས་སམ། ཆོས་མཆོད་པ་མ་མཆིས་ སམ། དགེ་འདུན་མཆོད་པ་མ་མཆིས་སམ། རྒྱུ་དང་འབྲས་བུའི་དེ་ཁོ་ན་ཉིད་འཚལ་བ་མ་མཆིས་སམ། ཅི་ན་ལྷ་འདི་རྣམས་ཤིན་ཏུ་འཇིགས་པར་བགྱིད། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ལ་བཅིབས་ལ་གཡུལ་བཤམ་དུ་གསོལ། 69-1-240a ལྷ་མཚོན་ཆ་སྣ་ཚོགས་ཐོགས་པ་རྣམས་གོ་བསྐོན་དུ་གསོལ། རྔ་བོ་ཆེ་བརྡུང་དུ་གསོལ། ཁྱོད་དང་བདག་ཅག་གཡུལ་དུ་ཆ་བར་བགྱིའོ་ཞེས་རིས་འཐུན་པའི་ལྷ་ཁ་ཅིག་བརྒྱ་བྱིན་ལ་དེ་སྐད་སྨྲ་ལ། གཞན་ཁ་ཅིག་ནི་ངོ་མཚར་ཆེ་བ་འདི་དག་མཐོང་ནས་ ཡིད་ཤིན་ཏུ་མི་དགའ་ལ། རབ་ཏུ་འཇིགས་པའི་མིག་དང་བཞིན་མོག་མོག་པོར་གྱུར་ནས་བརྒྱ་བྱིན་ཉིད་ལ་སྐྱབས་སུ་སོང་སྟེ། ལྷའི་དབང་པོ་བདག་ཅག་གི་གནས་འདིར་སྔོན་མ་མཐོང་བའི་ལྷ་མ་ཡིན་རྣམས་མཆིས་ཀྱིས་བདག་ཅག་བསྐྱབ་ཏུ་གསོལ། བདག་ཅག་བསྐྱབ་ཏུ་ གསོལ་ཞེས་སྨྲའོ། །དེ་ལྟར་འཇིགས་པས་དཀྲུགས་པ་གཞན་དག་བརྒྱ་བྱིན་གྱི་དྲུང་དུ་དོང་ནས་སྨྲས་སོ། །ལྷ་གཞན་དག་ཕྱིས་དགེ་བར་འགྱུར་བ་གང་ཡིན་པ་དེ་དག་གིས་སྤྲུལ་པ་དེ་མཐོང་ནས། དེ་ནས་ཡང་སྙིང་འཇིགས་པ་རྣམས་ལྷའི་འདུན་ས་ཆོས་བཟང་ག་ལ་བ་ དེར་བརྒྱུགས་སོ། །ཡང་མཚོན་ཆ་དོན་དུ་གཉེར་བ་གཞན་དག་གིས་ནི་ཚལ་དང་ཉེ་བའི་ཚལ་རྣམས་སུ་བརྒྱུགས་སོ། །དེར་མཚོན་ཆ་དོན་དུ་གཉེར་བ་གང་ཡིན་པ་དེ་དག་གིས་སྤྲུལ་པ་དེ་མཐོང་ཡང་བརྒལ་བའམ། གཟུང་བར་མི་ནུས་ཏེ་མཐོང་བ་ཁོ་ནར་ཟད་དེ་དཔེར་ན་མེ་ལོང་ གི་ནང་ན་གཟུགས་བརྙན་མཐོང་ཡང་གཟུང་བའམ། བརྒལ་བར་མི་ནུས་པ་བཞིན་ནོ། །བརྒྱ་བྱིན་དེས་སྤྲུལ་པ་གཞན་བྱས་པ་ནི་ཇི་ལྟར་ལྷ་མ་ཡིན་གྱི་གཙོ་བོ་སྒྲ་གཅན་དང་བརྟན་པ་ལ་སོགས་པ་དེ་ལྟར་འདྲེན་པར་བྱས་ཏེ། གཙོ་བོ་ཐམས་ཅད་ལིག་རིས་ལག་པ་ཕྱིན་ཅི་ལོག་ཏུ་ བཅིངས་ནས་རྒྱ་ལྕག་རྣམས་ཀྱིས་འཇུ་བར་བྱེད། མཚོན་ཆ་རྣམས་ཀྱིས་གཤེག་པར་བྱེད་ཅིང་སྤྱོ་བར་བྱེད་དོ། །ལིག་རིས་ལག་པ་ཕྱིན་ཅི་ལོག་ཏུ་བཅིངས་པ་དེ་དག་སྙིང་རྗེ་རྗེ་སྐད་དུ། ངུ་སྐད་འབྱིན་ཅིང་སྨྲེ་སྔགས་འདོན་ཏེ། ལྷ་མ་ཡིན་རྣམས་ལ་ཡང་ལྷ་རྣམས་ཀྱིས་སྡུག་བསྔལ་ སྤྲུལ་པ་དེའི་ནང་ན་སྣང་བ་གང་ཡིན་པ་དེ་དག་སྟོང་འགྱུར་དུ་སྣང་ངོ ། །དེ་དག་གིས་ཀྱང་སྤྲུལ་པ་གང་ཡིན་པ་དེ་མཐོང་བ་དང ། ཡང་དང་ཡང་ཤིན་ཏུ་འཇིགས་སྐྲག་ཅིང་ངོ་མཚར་དང་འདྲེས་པ་རྣམས། དེ་ནས་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་དེ་ག་ལ་བ་དེར་དོང་ནས། དེ་དག་གིས་ 69-1-240b ཡང་བརྒྱ་བྱིན་ལ་སྨྲས་པ། བརྒྱ་བྱིན་ཤིན་ཏུ་དཔུང་ཆེ་བ་འདི་དག་སུ་ལགས། ཤིན་ཏུ་སྤྲོ་བ་ཆེ་བ་འདི་དག་སུ་ལགས། འདི་ལྟར་ལྷ་དང་ལྷ་མ་ཡིན་གཙོ་བོ་གང་ལགས་པ་དེ་དག་ལིག་རིས་ལག་པ་ཕྱིན་ཅི་ལོག་ཏུ་བཅིངས་ནས་ཁྲིད་པར་བགྱིད་ལ། རྡེག་པར་བགྱིད། གསོད་ པར་བགྱིད། སྤྱོ་བར་བགྱིད་པ་དང་ཤིན་ཏུ་སྤུ་ཟིང་ཞེས་བགྱིད་པ་ངོ་མཚར་ཆེ་བ་འདི་དག་ཅི་ལགས། བརྒྱ་བྱིན་བདག་ཅག་དང་ཉེ་བ་ན་མཆིས་པ་འདི་དག་སུ་ལགས་མཁྱེན་ཏམ། ལྷ་དང་ལྷ་མ་ཡིན་གཞིག་པར་བགྱི་བའི་སླད་དུ་ལྷགས་པ་འཇིག་རྟེན་ཐམས་ཅད་གཞོམ་པར་བགྱི་བ་ ལ་བརྩོན་པ། འདི་དག་བདག་ཅག་ཡོང་ཡེ་གློ་བར་མ་ཆུད་ན་སུ་ལགས། གལ་ཏེ་མཁྱེན་ན་འདི་དག་བདག་ཅག་ལ་བཀའ་སྩལ་དུ་གསོལ། ཇི་སྟེ་མི་མཁྱེན་ན་དེ་དག་ལ་ལན་ཅི་བགྱི་བ་དགོངས་སུ་གསོལ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་ པ།བམ་པོ་བཞི་བཅུ་གཅིག་པ། དེ་ནས་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བག་མེད་པ་ལ་གནས་པའི་ལྷ་འདི་དག་ནི་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་ལ་ཆོས་ལ་སྐྱབས་སུ་འགྲོ་བ་ལ་ཡང་བརྩོན་པ་མ་ཡིན་ནོ། །དེ་རྣམས་ཀྱི་དྲེགས་པ་བསལ་བར་བྱ་བའི་ཕྱིར་ངས་སྤྲུལ་པ་ འདི་དག་བྱས་པར་ཟད་དེ། ད་འདི་རྣམས་ཡིད་བྱུང་བ་དང་སེམས་ལས་སུ་རུང་བར་འགྱུར་ལ། སེམས་ཤིན་ཏུ་ལས་སུ་རུང་བའི་ལྷ་གང་ཡིན་པ་དེ་རྣམས་ལ་ད་བདག་གིས་བཤད་པར་བྱའོ་སྙམ་མོ། །དེ་ནས་སེམས་ལས་སུ་རུང་བར་རིག་ནས་བརྒྱ་བྱིན་དེས་སྨྲས་པ། འདི་ལྟར་ཉོན་ ཅིག་།ཤིན་ཏུ་དཔུང་ཆེ་བ་གཟུགས་ཤིན་ཏུ་བཟོད་པར་དཀའ་བ་ཀུན་ནས་གཞན་འཇོམས་པར་བྱེད་པ་གང་ཡིན་པ་འདི་དག་ནི། ལྷ་འདི་དག་ཐམས་ཅད་ཀྱི་དཔུང་རྣམས་ཀྱིས་ཕྱིར་གཞིལ་བའམ། སྔགས་རྣམས་ཀྱིས་ཀྱང་ཕྱིར་བཟློག་པར་མི་ནུས་སོ། །ཁྱེད་པས་ཁྱད་པར་དུ་ འཕགས་པ་གཞན་གང་ཡིན་པ་དེ་དག་གིས་ཀྱང་འདི་དག་ལ་མི་བཟོད་ན། གང་བྱད་གཟུགས་དང་མདོག་དང་དབང་ཕྱུག་དམན་པ་ཁྱེད་ལྟ་སྨོས་ཀྱང་ཅི་དགོས། གཤིན་རྗེའི་ཕོ་ཉ་འདི་དག་ནི་ཕོ་ཉ་ནག་པོ་ཞེས་བྱ་སྟེ། གང་འཆི་བའི་དུས་ལ་ཉེ་བར་གནས་པ་ལས་དང་ཉོན་མོངས་པས་ 69-1-241a ཉེ་བར་སྦྲེལ་བའི་སྲོག་ཆགས་རྣམས་བཅིངས་ནས། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་ཁྲིད་པར་བྱེད་དོ། །འདི་ནི་འཁོར་བ་ཐམས་ཅད་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་དུ་གནས་པ་ཡིན་ནོ། །འཁོར་ བར་གཏོགས་པའི་སེམས་ཅན་རྣམས་ཀྱི་ཆོས་བརྒྱད་ཡོད་དེ་བརྒྱད་གང་ཞེ་ན། སྐྱེས་ནས་འཆི་བ་ནི་གནས་དང་པོ་ཡིན་ནོ། །ནད་མེད་པ་ན་བ་ནི་གནས་གཉིས་པ་ཡིན་ནོ། །ལང་ཚོ་རྒ་བ་ནི་གནས་གསུམ་པ་ཡིན་ནོ། །ལྡན་པ་ལས་མི་ལྡན་པ་ནི་གནས་བཞི་པ་ཡིན་ནོ། །འཇིག་རྟེན་ འདི་ནི་ལས་བདག་གིར་བྱ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལས་ལ་རྟོན་པ་ཡིན་ཏེ། ཇི་ལྟ་ཇི་ལྟར་དགེ་བའམ། སྡིག་པ་བྱེད་པ་དེ་ལྟ་དེ་ལྟར་ལས་དག་ལ་སྤྱོད་པར་འགྱུར་བ་ནི་གནས་ལྔ་པ་ཡིན་ནོ། །དགའ་བ་དང་ཡིད་དུ་འོང་བ་འདི་དག་ཐམས་ཅད་ལས་དངོས་པོ་ཐ་དད་པ་དང་དངོས་པོ མེད་པ་དང་དམས་པ་དང་མི་ལྡན་པ་དང་བྲལ་བ་འདི་ནི་གནས་དྲུག་པ་ཡིན་ནོ། །འཇིག་རྟེན་ན་མི་སླུ་བ་ནི་གཞན་གྱིས་བསོད་ནམས་སམ་སྡིག་པ་བྱས་པ་གཞན་ལ་འགྲོ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་གནས་མེད་ལ་ཆོས་ཉིད་འདི་ནི་འགྲོ་བ་ལ་མི་སླུ་བ་ཡིན་ཏེ། འདི་ནི་གནས་བདུན་ པ་ཡིན་ནོ། །འགྲོ་བ་བག་མེད་པ་དག་རེས་འགའ་དགེ་བར་འགྱུར་རོ་ཞེས་ཟེར་བ་འདི་ནི་གནས་མེད་དེ། གནས་བརྒྱད་པོ་གང་རྣམས་ཀྱིས་འཁོར་བ་འདིར་འཇུག་པའི་གནས་ནི་བརྒྱད་པོ་འདི་དག་ཡིན་ནོ། །འདི་ལྟར་ཆོས་འདི་རྣམས་ནི་ངོ་བོ་ཉིད་དུ་གནས་པ་ཡིན་ཏེ། རྒྱུ་རྐྱེན་ལས་ བྱུང་བ་འདི་དག་ནི་མགྱོགས་པས་བཟློག་པའམ་དཔུང་གིས་ཕྱིར་བཟློག་པར་མི་ནུས་སོ། །དེ་བཞིན་དུ་གཤིན་རྗེའི་མི་འདི་དག་དཔུང་ངམ་མགྱོགས་པས་བཟློག་པར་མི་ནུས་ལ་གཟུང་བར་ཡང་མི་ནུས་ཏེ། འདི་ནི་འཁོར་བ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །གང་དག་སྡིག་པ་བྱེད་པ་ དེ་དག་ལ་འདི་དག་གིས་གཤིན་རྗེའི་འཇིག་རྟེན་དུ་ཆད་པས་གཅོད་པར་བྱེད་དེ། ལྷ་དང་ལྷ་མ་ཡིན་དང་སེམས་ཅན་དམྱལ་བ་དང་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་ཀླུ་ལ་སོགས་པ་སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེས་པའི་སེམས་ཅན་རྣམས་ལ་འདི་ 69-1-241b དག་རྣམ་པ་དུ་མར་ཆད་པས་གཅོད་པར་བྱེད་དོ། །དེ་ནས་ལྷ་རྣམས་ཀྱིས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །བརྒྱ་བྱིན་འདི་ལྟར་ཐབས་ཀུན་གྱིས་བདག་ཅག་འདི་དག་གི་དབང་དུ་མཆི་བར་མི་འགྱུར་བའི་ཐབས་བསྒྲུབ་པ་དེ་མཁྱེན་ལགས་སམ། དེ་ནས་བརྒྱ་བྱིན་གྱིས་ དེའི་ཚེ་ལྷ་དེ་རྣམས་ལ་འདི་སྐད་སྨྲས་སོ། །ཐབས་ཡོད་དེ་ཐབས་གང་གིས་ལྷ་རྣམས་ལ་འདི་དག་གིས་ཅུང་ཟད་ཀྱང་བྱར་མི་ནུས་སོ། །ལྷ་རྣམས་ཀྱི་ཐབས་དེ་ཡང་གང་ཞེ་ན་འདི་ལྟ་སྟེ། ཆོས་གཅིག་ཅིག་སྤང་བར་བྱ་སྟེ། འདི་ལྟ་སྟེ་བག་མེད་པའོ། །ཆོས་གཉིས་ཤིག་ བསྒོམ་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ ། །སྐྱོན་གསུམ་ཞིག་སྤང་བར་བྱ་སྟེ་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སོ། །འཕགས་པའི་བདེན་པ་བཞི་ཤེས་པར་བྱ་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་ལམ་དང་འགོག་པ་ནི་སྡུག་བསྔལ་འགོག་པའོ། ། ལྔ་ཞིག་དོན་དུ་ལེགས་པར་སྲུང་ཞིང་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བྱ་བ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པ་ཡུལ་ལྔའོ། །དྲུག་ཅིག་ལེགས་པར་བསྲུང་བར་བྱ་བ་ནི་འདི་ལྟ་སྟེ་དབང་པོ་དྲུག་གོ། །བདུན་ཞིག་ལེགས་པར་ཤེས་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། ། ལམ་བརྒྱད་ཀྱིས་འགྲོ་བར་བྱ་སྟེ། ཡང་དག་པའི་རྟོག་པ་ལ་སོགས་པས་སོ། །སེམས་ཅན་དགུའི་གནས་ཡོངས་སུ་ཤེས་པར་བྱ་སྟེ། དེ་རྣམས་ཀྱི་ལས་ཀྱི་འབྲས་བུ་ཐོབ་པའོ། །ས་ཆེན་པོ་བཅུ་ཤེས་པར་བྱ་ཞིང ། བསྒོམ་པ་བཅུ་གཅིག་ཤེས་པར་བྱ། སྐྱེ་མཆེད་ བཅུ་གཉིས་ཤེས་པར་བྱ། དྲན་པ་བཅུ་གསུམ་དྲན་པར་བྱ། སེམས་ཀྱི་རྣམ་པ་བཅུ་བཞི་བསྒོམ་པར་བྱ། དངོས་པོ་བཅོ་ལྔ་ཡོངས་སུ་ཤེས་པར་བྱ། དབུགས་འབྱུང་བ་དང་རྔུབ་པ་དྲན་པ་རྣམ་པ་བཅུ་དྲུག་ཤེས་པར་བྱ། སྲིད་པ་བར་མ་པའི་འགྲོ་བ་དང་འབྲེལ་པ་ཟག་པ་ བཅུ་བདུན་སྤང་བར་བྱ། ཁམས་བཅཝ་བརྒྱད་ཀྱི་མཚན་ཉིད་ཡོངས་སུ་ཤེས་པར་བྱ། སྲིད་པ་བར་མ་པའི་བཅུ་དགུ་ཡོངས་སུ་ཤེས་པར་བྱ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བར་སེམས་ཅན་གྱི་གནས་ཉི་ཤུ་དང་དེ་དག་གི་འགྲོ་བ་དང་རིས་དང་ཉོན་མོངས་པ་འབྱུང་བ་རྣམས་ཡོངས་སུ་ 69-1-242a ཤེས་པར་བྱ་སྟེ།དེ་དག་ཤེས་ན་ལྷའམ་མི་དག་ངན་སོང་གི་གནས་གསུམ་དུ་དེ་རྣམས་ཀྱི་དབང་དུ་མི་འགྱུར་ཏེ་དེ་དག་འཇུག་པའི་ཡུལ་མ་ཡིན་ནོ། །དགེ་བའི་ཆོས་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར། ལྷའམ་མིའི་དགེ་བའི་རྩ་བ་ཡང་དག་པར་བཟུང་བ་ལ་ ངན་སོང་གི་འཇིགས་པ་མི་འབྱུང་བ་ལ་འཆི་བའི་ཚེ་ཡང ། གཤིན་རྗེའི་མི་བྱད་མི་སྡུག་པར་བསྒྱུར་བ་འཇིགས་པ་སྐྱེད་པར་མི་བྱེད་དོ། །དེ་ལྟ་བས་ན་དང་པོ་ཁོ་ནར་བག་མེད་པ་ཡོངས་སུ་སྤང་བར་བྱ་སྟེ། དེ་ནི་ཕྱོགས་དཀར་པོ་ཐམས་ཅད་ཀྱི་བགེགས་སུ་གྱུར་པ་ཡིན་ནོ། །སྐྱེས་བུའི་ འཇིག་རྟེན་པའི་དོན་ཡང་མ་ཡིན་ལ། འཇིག་རྟེན་ལས་འདས་པའི་བདེ་བའི་སྐལ་བར་ཡང་མི་འགྱུར་རོ། །སེམས་བག་མེད་པའི་དབང་དུ་འགྱུར་བའི་མི་ཕྱུགས་དང་མཚུངས་ཏེ། གཉིད་མ་ལོག་ཀྱང་གཉིད་ལོག་པ་ཉིད་དང་མཚུངས་སོ། །དོན་དང་དོན་མ་ཡིན་པ་དང་བསོད་ ནམས་དང་བསོད་ནམས་མ་ཡིན་པ་དང་བཤེས་གཉེན་དང་བཤེས་གཉེན་མ་ཡིན་པ་དང་ཞིང་དང་ཞིང་མ་ཡིན་པ་དང་བརྗོད་པར་བྱ་བ་དང་བརྗོད་པར་བྱ་བ་མ་ཡིན་པ་དང་ཟས་དང་ཟས་མ་ཡིན་པ་དང་ཡོན་ཏན་དང་སྐྱོན་ཡིན་པ་མི་ཤེས་པ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་དོན་མེད་པར་བྱེད་ པའི་གཞིར་གྱུར་པ། དང་པོ་ཁོ་ནར་བག་མེད་པ་ཡོངས་སུ་སྤང་བར་བྱའོ། །ཤིན་ཏུ་བག་མེད་པའི་ལྷ་དེ་དག་གཤིན་རྗེ་མིའི་དབང་དུ་ཅི་སྟེ་མི་འགྱུར། དེ་ནས་དེའི་ཚེ་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བླུན་པོ་ཆོས་ལ་མི་དགའ་ཞིང ། །རྟག་ཏུ་བག་མེད་དགའ་བ་ གང ། །དེ་ནི་འཆི་བའི་དུས་བབ་ཚེ། །གཤིན་རྗེའི་ཕོ་ཉའི་དབང་དུ་འགྲོ། །བག་མེད་པ་ནི་དུག་ལྟ་བུར། །མཁས་པ་ཡོངས་སུ་བསྲུང་བ་གང ། །དེ་ནི་འཆི་བའི་དུས་བབ་ཚེ། །སྐལ་བ་ལྡན་པ་བདེ་བར་འགྱུར། །བག་མེད་ཤིན་ཏུ་འཆི་བར་བྱེད། །བག་ཡོད་པ་ནི་བདེ་བ་ཆེ། ། དེ་ལྟ་བས་ན་བདེ་འདོད་པས། །ཡིད་ལ་རྟག་ཏུ་བག་ཡོད་བྱོས། །དེ་ལ་ལྷ་དག་ཆོས་གཅིག་སྤང་བར་བྱ་སྟེ། འདི་ལྟ་སྟེ། བག་མེད་པའོ་ཞེས་གང་སྨྲས་པ། བག་མེད་པ་ལ་ཞུགས་པ་དེ་ནི་རྣམ་པ་དྲུག་ཡོད་དེ། དྲུག་གང་ཞེ་ན། འདི་ནི་མིག་གིས་གཟུགས་མཐོང་ནས་བག་ 69-1-242b མེད་པས་ཕྲོགས་པའི་སེམས་ཀྱིས་གཟུགས་བཟང་པོའམ། གཟུགས་ངན་པའམ། ནག་པོའམ། དཀར་པོའམ། དམར་པོའམ། རིང་པོའམ། ཐུང་ངུའམ། གྲུ་བཞིའམ། ཟླུམ་པོ་དག་གི་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །དེ་བཞིན་དུ་བག་མེད་པས་ཕྲོགས་པའི་བློས། འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱང་ཁོང་དུ་མི་ཆུད་ལ། བག་མེད་པས་ཕྲོགས་པའི་བློས་འཇིག་རྟེན་ལས་འདས་པའི་ཡང་ཁོང་དུ་མི་ཆུད་དོ། །དེ་བཞིན་དུ་བག་མེད་པས་ཕྲོགས་པའི་བློས་གཟུགས་དེ་ཉིད་མཐོང་ནས་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་ལ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་ ཡང་མི་འགྱུར་རོ། །འཕགས་པའི་བདེན་པ་བཞི་ལ་མངོན་པར་ཞུགས་པའི་ཡིད་ཀྱིས་གཟུགས་དེ་ལ་དཔྱོད་པར་མི་བྱེད། དེ་ཁོ་ན་ཚོལ་བར་མི་བྱེད་དོ། །དེ་བཞིན་དུ་བག་མེད་པས་འཇིག་རྟེན་པའི་དོན་ཡང་མི་མཐོང་ལ། འཇིག་རྟེན་ལས་འདས་པ་ཡང་མི་མཐོང་ངོ ། །ཡང་དེ་ བཞིན་དུ་དེ་བག་མེད་པས་ཕྲོགས་པའི་བློས་རྣ་བས་སྒྲ་ཐོས་ཀྱང ། གླུ་བླངས་པའམ། སྨྲས་པ་འདིའི་དོན་གང་ཡིན་པའམ། རང་གི་དོན་ནམ། དོན་མེད་པ་མི་ཤེས་ཏེ། དེ་ལྟར་འཇིག་རྟེན་པའི་དོན་མི་ཤེས་སོ། །ཆོས་མདོའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང ། དབྱངས་ ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། གླེང་གཞིའི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པ་རབས་ཀྱི་སྡེ་དང ། ཤིན་ཏུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་སྡེ་དང ། རྣམ་པར་གཏན་ལ་དབབ་པ་བསྟན་་ པའི་སྡེ་འཆད་པ་འདི་ནི་མི་ཤེས་ལ། དེས་བཤད་པ་དེའི་དོན་ཡང་ཤེས་པར་མི་འགྱུར་རོ། །བག་མེད་པས་ཕྲོགས་པ་དེ་འཆི་བའི་དུས་ན་གཤིན་རྗེའི་མིའི་དབང་དུ་འགྱུར་རོ། །ཡང་བག་མེད་པས་ཕྲོགས་པའི་སེམས་ཀྱི་སྣས་དྲི་སྣོམ་པ་ན་དྲི་ཞིམ་པའམ་དྲི་ང་བའམ་མེ་ཏོག་གི་དྲི་མི་ཤེས་ སོ། །དེ་བཞིན་དུ་འཇིག་རྟེན་པའི་དྲི་ཡང་མི་ཤེས་ལ། འཇིག་རྟེན་ལས་འདས་པའི་ཡང་མི་ཤེས་སོ། །བདུག་སྤོས་ཀྱི་དྲི་ཡང་མི་ཤེས་ལ། དེའི་ཚེ་བག་མེད་པ་དེས་དཀོན་མཆོག་གསུམ་ལ་རེས་འགའ་ཡང་བདུག་སྤོས་དབུལ་བ་མ་ཕུལ་ཏེ། དེ་ལྟར་བག་མེད་པ་དག་དྲི་མི་ཤེས་སོ། ། 69-1-243a ཡང་བག་མེད་པས་ཕྲོགས་པ་དག་རོ་ཤེས་པར་མི་འགྱུར་ཏེ། རོ་མྱོང་བར་བྱེད་པ་ན་ཡང་བློ་གཞན་དུ་ཞུགས་པས་རོ་འདི་མངར་བའམ། སྐྱུར་བའམ། ལན་ཚཝ་འམ། ཚ་བའམ། ཁ་བའམ། བསྐ་བའམ། བ་ཚཝ་གང་ཡིན་པ་མི་ཤེས་པ་ནི་དེ་ལྟར་གཞན་ དུ་ཕྲོགས་པའི་བློས་མི་ཤེས་སོ། །བག་མེད་པས་ཕྲོགས་པའི་བློས་འཇིག་རྟེན་ལས་འདས་པའི་རོ་ཡང་མི་ཤེས་ལ་ཆོས་ཀྱི་རོ་ཡང་མི་ཤེས་སོ། །ཡང་བག་མེད་པས་ཕྲོགས་པའི་བློས་ལུས་ཀྱི་རེག་པ་ཡང་མི་ཤེས་ལ། ལུས་ལ་རྟེན་པའི་ལས་ཀྱང་མི་བྱེད། ཁྱིམ་གྱི་ལས་ཀྱང་མི་ བྱེད། ལས་ཀྱི་མཐའ་ལ་ཡང་མི་རྟེན། ལེགས་པར་བྱ་བ་ཡང་མ་བྱས། དེའི་ཁྱིམ་གྱི་ཡོ་བྱད་ཀྱང་མི་སོགས་པས་དེའི་ཁྱིམ་དབུལ་བར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་ལས་ཀྱང་མི་བྱེད། བླ་མ་རྣམས་ལ་ཡང་མི་སྟེན་ཅིང ། གསོང་པོར་སྨྲ་བ་དང་ཕྱག་འཚལ་བའི་ངོ་བོ་ ཉིད་མ་ཡིན་ཏེ། བག་མེད་པས་ཕྲོགས་པའི་བློས་ནི་རེག་པ་ཡང་མི་ཤེས་སོ། །དེ་བཞིན་དུ་ཡིད་ཀྱིས་ཀྱང་གཙང་བ་དང་མི་གཙང་བ་དང ། དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་མི་ཤེས་ལ། དེ་ཤི་བའི་ཚེ་འཆི་བའི་ཆད་པས་ཉེན་ནས་ ཤིན་ཏུ་སྡུག་བསྔལ་ཏེ། གཤིན་རྗེའི་མིའི་དབང་དུ་འགྱུར་རོ། །དེ་ལྟ་བས་ན་ཆོས་གཅིག་ཅིག་སྤང་བར་བྱ་བ་ནི་འདི་ལྟ་སྟེ། བག་མེད་པ་ཡིན་ནོ། །ཆོས་གཉིས་བསྒོམ་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ་ཞེས་གང་སྨྲས་པ། དེ་གཉིས་ནི་མྱ་ངན་ལས་འདས་པའི་ལམ་སྟོན་ པ་ཤིན་ཏུ་གྱ་ནོམ་པའོ། །དེ་ལ་ཞི་གནས་ཞེས་བྱ་བ་ནི་ཆོས་སྐྱེས་པ་དང་མ་སྐྱེས་པ་རྣམས་ཞི་བར་བྱེད་པ་ཡིན་ནོ། །ལུས་དང་ཆོས་དང་སེམས་དང་སེམས་ཀྱི་ཆོས་དང་སེམས་མེད་པའི་ཆོས་དང་ཕྱོགས་དཀར་པོ་དང་ཕྱོགས་ནག་པོ་མཐོང་བས་ལྷག་མཐོང་ངོ ། །སྐྱོན་གསུམ་སྤང་བར་ བྱའོ་ཞེས་གང་སྨྲས་པ། དེ་ལ་མི་གཙང་བས་ནི་འདོད་ཆགས་སྤང་བར་བྱའོ། །བྱམས་པས་ནི་ཞེ་སྡང་སྤང་བར་བྱའོ། །ཡེ་ཤེས་ཀྱིས་ནི་གཏི་མུག་སྤང་བར་བྱ་སྟེ་དེ་ལྟར་ཕྱོགས་གསུམ་མོ། །ཕྱོགས་གསུམ་གྱི་གཉེན་པོ་ཡང་གསུམ་སྟེ་དེ་དག་ཀྱང་བག་མེད་པས་སྤོང་བར་ 69-1-243b མི་བྱེད་དོ། །དེ་ཕྱིས་འཆི་བའི་དུས་ཡང་དག་པར་བྱུང་བ་ན་གཤིན་རྗེའི་མིའི་དབང་དུ་འགྱུར་རོ། །འཕགས་པའི་བདེན་པ་བཞི་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། འགོག་པ་དང་ལམ་མོ་ཞེས་གང་སྨྲས་པ། དེ་ལ་སྡུག་བསྔལ་བ་ནི་ ལུས་དང་སེམས་ཀྱིའོ། །ཀུན་འབྱུང་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཀུན་འབྱུང་བའོ། །འགོག་པ་ནི་ཞི་བའོ། །ལམ་ནི་ཡན་ལག་བརྒྱད་དེ། འཕགས་པའི་བདེན་པ་བཞི་པོ་འདི་དག་བསྒོམ་པར་བྱའོ། །ལྔ་ཞིག་ལེགས་པར་བསྲུང་བར་བྱའོ་ཞེས་གང་སྨྲས་ པ་ཡུལ་ལྔ་སྟེ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་འདི་ལྔ་བསྲུང་བར་བྱ་བ་ཡིན་ནོ། །དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་བྱ་བ་གང་ཡིན་ཞེ་ན། བསྲུང་བར་བྱ་བ་དྲུག་པོ་འདི་ལྟ་སྟེ། མིག་ལ་སོགས་པ་དབང་པོ་དྲུག་ཡུལ་རྣམས་ལ་བསྲུང་བར་བྱ་བ་ཡིན་ནོ། ། བདུན་ཞིག་ལེགས་པར་ཤེས་པར་བྱ་བ་གང་སྨྲས་པ། གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན་ཏེ་བདུན་པོ་དེ་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་རོ། །དཔེར་ན་ལུས་ཀྱི་ཡན་ལག་དང ། གྲོང་ཁྱེར་གྱི་ཡན་ལག་དང ། གནས་ཀྱི་ཡན་ལག་ཏུ་འགྱུར་བ་དེ་བཞིན་དུ་འདི་དག་བྱང་ ཆུབ་ཀྱི་ཡན་ལག་ཏུ་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་ཅི་ཡིན་ཞེ་ན་འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་ཀྱི་ཉེས་དམིགས་ཀྱི་ ཆོས་དེ་ཁོ་ན་ཉིད་བདེན་པ་བདེན་པར་དྲན་པ་དང ། མྱ་ངན་ལས་འདས་པ་ཞི་བ་བསགས་པར་དྲན་པ་ཡིན་ཏེ། དེ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེའི་དང་པོ་ཡིན་ནོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་པ་དེའི་མཚན་ཉིད་ཅི་ཡིན་ཞེ་ན་འདི་ལྟ་སྟེ། 69-1-244a ཤེས་རབ་ཀྱིས་དོན་དམ་པར་འབྱེད་པར་བྱེད་དོ། །འབྱེད་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་མཚན་ཉིད་ཡིན་ཏེ། འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །དོན་དེ་དག་ཉིད་ཡང་དང་ཡང་ཡིད་ལ་བྱེད་ཅིང་འབད་པ་དང་འགྲུས་པ་དང་བརྩོན་ པར་འགྱུར་ཏེ། དེ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཡང་ཡིད་ལ་བྱེད་པར་མངོན་པར་འདོད་ཅིང་དགའ་བ་ཉིད་དུ་འགྱུར་བ་ནི། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཡང་དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་ལུས་ཀྱི་ཆོས་དང་སེམས་ཀྱི་ཆོས་ཉིད་ཇི་ ལྟར་དེ་ལས་སུ་རུང་བ་ཉིད་དང་འཇམ་པ་དང་ཡང་དེ་ལྟར་རྣལ་འབྱོར་ལ་བདེ་བ་འདུ་བ་ཉིད་དུ་འགྱུར་བ་ནི། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཡང་དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་དམིགས་པ་ལས་གཞན་དུ་མི་གནས་པ་དེས་སེམས་འཛིན་པར་འགྱུར་བ་ནི། ཏིང་ ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །ཡང་ཏིང་ངེ་འཛིན་དེ་དག་ཉིད་བཏང་སྙོམས་སུ་བློ་གཞན་དུ་མི་འགྱུར་བ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་གི་འབྲས་བུ་སྣ་ཚོགས་སུ་འབྱུང་སྟེ། ཡེ་ཤེས་སྣ་ཚོགས་དང ། ཚུལ་ཁྲིམས་ སྣ་ཚོགས་དང ། ཉོན་མོངས་པ་སྤོང་བ་སྣ་ཚོགས་འབྱུང་ངོ ། །བྱང་ཆུབ་ཀྱི་ཡན་ལག་འདི་རྣམས་དམིགས་པ་གཅིག་ལ་གོང་ནས་གོང་དུ་རིམ་པར་འཕེལ་ལ་འབྲས་བུ་ནི་ཐ་དད་པར་འབྱུང་ངོ ། །ལྷ་དག་དེ་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བག་ཡོད་པས་བལྟ་བར་བྱ་ཞིང་ཡིད་ལ་ བྱའོ། །འདི་ལ་མྱོས་པ་མེད་པའི་བདེ་བ་ཚོལ་བ་འཇིག་རྟེན་ཕ་རོལ་ལ་འཇིགས་སྐྲག་པ། མྱ་ངན་ལས་འདས་པའི་གྲོང་གི་ལམ་ཚོལ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། འཕགས་པའི་བདེན་པ་ཡང་དག་པའི་ལྟ་བ་དང ། འཕགས་པའི་བདེན་པ་ཡང་དག་པའི་རྟོག་པ་ དང ། འཕགས་པའི་བདེན་པ་ཡང་དག་པའི་ངག་དང ། འཕགས་པའི་བདེན་པ་ཡང་དག་པའི་ལས་ཀྱི་མཐའ་དང ། འཕགས་པའི་བདེན་པ་ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ལྷ་དག་ 69-1-244b དེ་ལ་འཕགས་པའི་བདེན་པ་འདི་དག་ཐམས་ཅད་ཅི་ཡིན་ཞེ་ན། འབྲས་བུ་ནི་ཅི་ཡོད། མཚན་ཉིད་ནི་གང་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཅི་ཞིག་དང་ལྡན་ཞེ་ན། དེ་ལ་འཕགས་པའི་བདེན་པ་ཡང་དག་པའི་ལྟ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ལྟ་བ་ཡིན་ཏེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་ལྟ་བ་ཡིན་ནོ། །ཆོས་དེ་དག་ཉིད་ལ་སེམས་བསྐྱེད་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ངག་བསྡུ་བ་ནི་ཡང་དག་པའི་རྟོག་པས་ངག་གི་སྡོམ་པ་བརྫུན་ལ་སོགས་པ་རྣམ་པ་བཞི་ལྡོག་པའི་སྡོམ་ པ་འདི་ནི་ཡང་དག་པའི་ངག་ཡིན་ནོ། །ལུས་ཀྱིས་ཉེས་པར་སྤྱད་པ་རྣམ་པ་གསུམ་ལྡོག་ཅིང་ཡང་དག་པར་ལེན་པ་འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཡིན་ནོ། །མི་དགེ་བའི་ཆོས་ཀྱི་འཚོ་བ་ལྡོག་ཅིང་སྡོམ་པ་འདི་ནི་ཡང་དག་པའི་འཚོ་བ་ཡིན་ནོ། །དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་བརྩོན་ འགྲུས་འཇུག་པ་གང་ཡིན་པ་འདི་ནི་ཡང་དག་པའི་རྩོལ་བ་ཡིན་ནོ། །ཆོས་ཀྱི་དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་ཇི་ལྟར་སྐྱེས་བུ་དམ་པའི་བརྗེད་པ་མེད་པ་འདི་ནི་ཡང་དག་པའི་དྲན་པ་ཡིན་ནོ། །ཆོས་ཀྱི་དོན་ཡང་དག་པ་དེ་དག་ཉིད་ཡིད་ལ་བྱེད་ཅིང ། སེམས་རྩེ་གཅིག་པ་ཉིད་དང་ངེས་ པ་ཉིད་དུ་བྱེད་པ་གང་ཡིན་པ་དེ་དག་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་དག་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་འཆི་བའི་ཚེ། གཤིན་རྗེའི་མི་རྣམས་ཀྱི་དབང་དུ་མི་འགྱུར་རོ། །ཡང་སེམས་ཅན་དགུའི་གནས་རྒྱ་ཆེར་བལྟ་བར་བྱ་ སྟེ་འདི་ལྟ་སྟེ། ཚོར་བ་དང ། འདུ་ཤེས་དང ། སེམས་པ་དང ། རེག་པ་དང ། ཡིད་ལ་བྱེད་པ་དང ། འདུན་པ་དང ། མོས་པ་དང ། དྲན་པ་དང ། ཏིང་ངེ་འཛིན་དང་དད་པ་སྟེ། ས་ཆེན་པོ་པ་ཆོས་གཙོ་བོ་བཅུ་པོ་འདི་དག་ནི་སེམས་དང་ལྷན་ཅིག་ཁོ་ན་སྐྱེ་བར་འགྱུར་རོ། །དེ་རྣམས་ ཀྱི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་ནི་ཆོས་དེའི་མཚན་ཉིད་གང་ཡིན་པའི་མཚན་ཉིད་ནི་ཐ་དད་པ་ཡིན་ལ། ཆོས་དེ་དག་ནི་ཉི་མའི་འོད་ཟེར་ལྟར་དུས་གཅིག་ཏུ་འབྱུང་སྟེ། ཆོས་དེ་དག་གི་མཚན་ཉིད་ནི་མི་མང་མི་ཉུང་བར་སེམས་དང་ལྷན་ཅིག་འབྱུང་ངོ ། །དེ་ལ་འདུ་ཤེས་ནི་ཡང་དག་པར་ 69-1-245a ཤེས་པར་བྱེད་པའི་མཚན་ཉིད་ཡིན་ཏེ། ཆོས་རྣམས་སོ་སོའི་ངོ་བོའི་མཚན་ཉིད་དང་ལྡན་པ་ཡང་དག་པར་ཤེས་པ་གང་ཡིན་པ་དེ་འདུ་ཤེས་ཡིན་ནོ། །སེམས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམ་པ་གསུམ་ལ་ཡིད་ཀྱི་གཡོ་བའོ། ། ཡང་རྣམ་པ་གསུམ་སྟེ། ལུས་ལ་རྟེན་པའམ། ངག་ལ་རྟེན་པའམ། ཡིད་ལ་རྟེན་པའི་མཚན་ཉིད་ཡིན་ནོ། །གསུམ་འདུས་པ་ལས་རེག་པ་མྱོང་བར་འགྱུར་བ་གསུམ་འབྱུང་ངོ ། །མྱོང་བར་འགྱུར་བ་གསུམ་གྱི་གཙོ་བོ་ཇི་ལྟ་བུ་ཡིན་ཞེ་ན། བདེ་བ་མྱོང་བར་འགྱུར་བ་དང ། སྡུག་ བསྔལ་མྱོང་བར་འགྱུར་བ་དང ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །གཙོ་བོ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་འཇུག་པ་ཡིན་ནོ། །འདུན་པ་ཞེས་བྱ་བ་ནི་བྱ་བའི་བསམ་པ་གང་ཡིན་པའོ། །གཙོ་བོ་མོས་པ་ཞེས་བྱ་བ་ནི་གང་གིས་ སྤོབས་པ་སྐྱེ་བར་འགྱུར་བའི་སྤོབས་པ་ཡིན་ནོ། །དད་པ་ཞེས་བྱ་བ་ནི་དད་པ་ཅན་ཉིད་དོ། །གཙོ་བོ་བརྩོན་འགྲུས་ཞེས་བྱ་བ་ནི་སྤྲོ་བའོ། །དྲན་པ་ཞེས་བྱ་བ་ནི་དམིགས་པ་མངོན་པར་མ་བརྗེད་པ་ཉིད་དེ། སེམས་རྨོངས་པ་མེད་པའོ། །གཙོ་བོ་ཏིང་ངེ་འཛིན་ཅེས་བྱ་བ་ནི་སེམས་རྩེ་ གཅིག་པ་ཉིད་དོ། །ཤེས་རབ་ཅེས་བྱ་བ་ནི་ཆོས་རྣམ་པར་འབྱེད་པ་ཡིན་ཏེ། གང་གིས་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པའོ། །གཞན་ཡང་ས་ཆེན་པོ་པ་གཞན་བཅུ་ཡོད་ལ། ཆོས་དེ་དག་སྒྲུབ་པ་གང་ཡིན་པ་དེ་ནི་འཆི་བའི་ཚེ། གཤིན་རྗེའི་མིའི་དབང་དུ་འགྱུར་ཏེ་ འདི་ལྟ་སྟེ། མ་དད་པ་དང ། འགྱོད་པ་དང ། བརྗེད་ངས་པ་དང ། སེམས་གཡེངས་པ་དང ། ཤེས་རབ་འཆལ་པ་དང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང ། ལོག་པར་མོས་པ་དང ། རྒོད་པ་དང ། མ་རིག་པ་དང ། བག་མེད་པའོ། །ཆོས་བཅུ་པོ་འདི་དག་ནི་ ཉོན་མོངས་པའི་ས་ཆེན་པོ་རྣམས་ཡིན་ཏེ། ཉོན་མོངས་པའི་སྲིད་པ་སྐྱེད་པ་གཤིན་རྗེའི་མིས་ཐོབ་པའི་རྒྱུ་དག་ཡིན་ནོ། །ད་ནི་གཙོ་བོ་ཇི་སྐད་བཤད་པ་བསྟན་པ་འདི་རྣམས་ཀྱི་མཚན་ཉིད་བཤད་པར་བྱའོ། །དེ་ལ་མ་དད་པ་ཞེས་བྱ་བ་ནི་མོས་པ་མེད་པ་ཡིན་ཏེ། གང་གིས་ཆོས་ 69-1-245b རྣམས་ལ་མོས་པ་མེད་པའོ། །ལེ་ལོ་ཞེས་བྱ་བ་ནི་བརྩོན་འགྲུས་གཏོང་བ་ལེ་ལོ་ཉིད་ཡིན་ནོ། །བརྗེད་ངས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་མི་དྲན་པ་གང་ཡིན་པའོ། །སེམས་གཡེངས་པ་ཞེས་བྱ་བ་ནི་དམིགས་པ་དུ་མར་འགྱུར་བའོ། །ཤེས་རབ་འཆལ་པ་ཞེས་བྱ་བ་ནི་སེམས་མི་ མཁས་པའོ། །ཚུལ་བཞིན་ཡིད་ལ་མི་བྱེད་པ་ནི་ལམ་མ་ཡིན་པས་ཆོས་རྣམས་ལ་ཚུལ་བཞིན་དུ་སེམས་པར་མི་བྱེད་ཅིང་མི་གཙང་བ་ལ་གཙང་ངོ་སྙམ་དུ་སེམས་པའོ། །གཙོ་བོ་ལོག་པར་མོས་པ་ཞེས་བྱ་བ་ནི་ལོག་པར་འཛིན་པ་ལོག་པར་བཟུང་ནས་དམ་དུ་བྱེད་པའོ། །གཙོ་བོ་རྒོད་པ་ཞེས་བྱ་ བ་ནི་སེམས་རྣམ་པར་མ་ཞི་བའོ། །མ་རིག་པ་ཞེས་བྱ་བ་ནི་ཁམས་གསུམ་པའི་ཆོས་མི་ཤེས་པའོ། །བག་མེད་པ་ཞེས་བྱ་བ་ནི་གང་གིས་དགེ་བའི་ཆོས་རྣམས་མི་སྒྲུབ་པ་ཡིན་ཏེ། ཉོན་མོངས་པ་དེ་རྣམས་ནི་ས་ཆེན་པོ་པའི་ཆོས་དམད་པར་བྱ་བ་ཡིན་ནོ། །ཆོས་བཅུ་པོ་གཞན་ས་ཆུང་ངུ་ པ་ཞེས་བྱ་བ་གང་ཡིན་པ་འབྱུང་སྟེ། དེ་དག་གང་ཞེ་ན་འདི་ལྟ་སྟེ། ཁྲོ་བ་དང ། འཁོན་དུ་འཛིན་པ་དང ། སྟོན་པ་དང ། འཚིག་པ་དང ། སྒྱུ་དང ། གཡོ་དང ། ཕྲག་དོག་དང ། སེར་སྣ་དང ། ང་རྒྱལ་དང ། ལྷག་པའི་ང་རྒྱལ་ཡིན་ནོ། །གཙོ་བོ་ཆོས་བཅུ་པོ་འདི་དག་ནི་ས་ཆུང་ངུས་བསྡུས་པ་ ཡིན་ལ་མ་འོངས་པ་དང་ལྡན་པའི་རྐྱེན་ས་ཆུང་ངུ་པ་ཡིན་ནོ། །དེ་ལ་ཁྲོ་བ་ཞེས་བྱ་བ་ནི་སེམས་འཁྲུགས་ཤིང་ཁྲོས་པ་ཉིད་ཡིན་ནོ། །འཁོན་དུ་འཛིན་པ་ཞེས་བྱ་བ་ནི་དགྲ་ལ་དམ་དུ་སེམས་པ་ཉིད་ཡིན་ནོ། །སྟོན་པ་ཞེས་བྱ་བ་ནི་སྡིག་པ་གསུམ་གྱི་འཆི་བའོ། །རབ་ཏུ་འཚིག་པ་ཞེས་བྱ་བ་ ནི་ཆོས་མ་ཡིན་པ་ལ་དམ་དུ་འཛིན་པའོ། །སྒྱུ་ཞེས་བྱ་བ་ནི་སླུ་བ་ཡིན་ཏེ་གང་གིས་སླུ་བར་བྱེད་པའོ། །སྐྱེ་མཆེད་བཅུ་གཉིས་ཤེས་པར་བྱ་ཞེས་འབྱུང་བ་དེ་དག་གི་གཙོ་བོ་གང་ཡིན་ཞེ་ན། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང་ཡིད་དེ། ནང་གི་སྐྱེ་མཆེད་རྣམས་དང ། དེ་ དག་གི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང་ཆོས་ཏེ་ཕྱིའི་སྐྱེ་མཆེད་རྣམས་ཡོངས་སུ་ཤེས་པར་བྱ་ཞིང ། མཚན་ཉིད་དང ། ངོ་བོ་ཉིད་དང་འབྱུང་བ་ཤས་ཆེ་བ་རྣམ་པ་གསུམ་ཡོངས་སུ་ཤེས་པར་བྱའོ། །དེ་ལ་མིག་གི་མཚན་ཉིད་ནི་འབྱུང་བ་ཆེན་པོ་དང་བ། གཟུགས་སོ་སོར་ 69-1-246a རིག་པར་བྱེད་པ་ཡིན་ཏེ་དེའི་རྒྱུ་ནི་མིག་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རང་གི་མཚན་ཉིད་ཡུལ་གྱི་ཕྱོགས་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། དེ་ནི་མཚན་ཉིད་ཡིན་ནོ། །གཙོ་བོའི་ངོ་བོ་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། ངོ་བོ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཡིན་ ཏེ། རྒྱུ་དང་རྐྱེན་ལྔ་དག་ལས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ ། །གང་དག་ལས་འབྱུང་ཞེ་ན། མིག་དང ། གཟུགས་དང ། སྣང་བ་དང ། ནམ་མཁའ་དང་ཡིད་ལ་བྱེད་པ་དག་ལས་འབྱུང་ལ། རྣ་བའི་རྣམ་པར་ཤེས་པ་ནི་དེ་ལྟར་མི་འབྱུང་སྟེ། མུན་པའམ་མུན་པ་མ་ཡིན་པ་ལ་ ཡང་སྒྲ་ཐོས་པར་རུང་ངོ ། །དེ་ལ་སྣང་བ་གཙོ་བོ་མ་ཡིན་ཏེ་ཅུང་ཟད་ཀྱང་བྱེད་པ་མེད་དོ། །སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་ཡང་དེ་བཞིན་དུ་སྣང་བ་གཙོ་བོ་མ་ཡིན་ཏེ་ཅུང་ཟད་ཀྱང་བྱེད་པ་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་སྣང་བ་འབྱུང་བར་ཡང་འགྱུར་ལ་མི་ འབྱུང་བར་ཡང་འགྱུར་རོ། །ཇི་ལྟར་འབྱུང་བར་འགྱུར་ལ་ཇི་ལྟར་འབྱུང་བར་མི་འགྱུར་ཞེ་ན། མིག་གི་རྣམ་པར་ཤེས་པས་དོན་མྱོང་བའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་གང་ཡིན་པའི་དམིགས་པ་དེ་ལ་སྣང་བ་མེད་ན་འབྱུང་བར་མི་འགྱུར་རོ། །ལྷག་མ་རྣམས་ལ་ནི་མེད་ཀྱང་ འབྱུང་བར་འགྱུར་རོ། །ཡང་སྐྱེ་མཆེད་རྣམས་ལ་འབྱུང་བ་ཤས་ཆེ་བ་མེད་ན་མི་འབྱུང་བ་ཡོངས་སུ་ཤེས་པར་བྱའོ། །མེད་ན་མི་འབྱུང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་གི་ཕན་ཚུན་གནས་སུ་གྱུར་པ། མངོན་པར་འཕེལ་བ་དང་ཟད་པར་འགྱུར་རོ། །དེ་ལ་ མིག་ལ་ནི་མེ་དང་སའི་ཁམས་ཀྱི་ཤས་ཆེའོ། །སྣ་དང་ལུས་ལ་ནི་རླུང་གི་ཁམས་ཀྱི་ཤས་ཆེའོ། །ལྕེ་ལ་ནི་ཆུའི་ཁམས་ཀྱི་ཤས་ཆེའོ། །རྣ་བ་ལ་ནི་ནམ་མཁའི་ཁམས་ཀྱི་ཤས་ཆེ་སྟེ། དེ་ཡང་གང་ན་མགུལ་པ་དང་བུ་གའི་ནམ་མཁའ་ཤས་ཆེ་བས་ཟིལ་གྱིས་གནོན་པར་ མཐོང་ངོ ། །དེ་ལྟར་རྣ་བ་དེའི་འཛིན་པ་འབྱུང་སྟེ། དེ་ལྟར་སྐྱེ་མཆེད་རྣམས་ཀྱི་ཤས་ཆེ་བ་དང་ཆུང་བ་སོ་སོར་ཤེས་པར་བྱའོ། །ཡང་སྐྱེ་མཆེད་དེ་རྣམས་ལ་རྟོག་པར་བྱེད་དེ། ཉེ་བར་འཛིན་པ་ནི་གང་ཞིག་ཡིན། རིང་བར་འཛིན་པ་ནི་གང་ཞིག་ཡིན་ཞེ་ན། དེ་ལ་སྣ་དང་ལྕེ་ 69-1-246b དང་ལུས་ནི་ཉེ་བར་འཛིན་པ་ཡིན་ནོ། །མིག་ནི་ཧ་ཅང་རིང་བ་ཡང་མ་ཡིན། ཧ་ཅང་ཉེ་བ་ཡང་མ་ཡིན་པར་འཛིན་པ་ཡིན་ནོ། །རྣ་བ་ནི་ཧ་ཅང་རིང་བར་འཛིན་པ་མ་ཡིན་ནོ། །སྣ་ནི་ཤིན་ཏུ་ཉེ་བར་འཛིན་པ་ཡིན་ཏེ། ཤིན་ཏུ་ཉེ་བ་ནང་ན་ཡོད་པའི་སྣ་ཆུ་དྲི་མི་ཞིམ་པ་ཇི་ལྟར་མྱོང་བ་རྣམས་ ལ་སྣོམ་པར་བྱེད་དོ། །དེ་བཞིན་དུ་རྣ་བ་ཡང་ནང་དུ་ཞུགས་པའི་རླུང་གི་སྒྲ་ཐོས་སོ། །རྣམ་པར་ཤེས་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་ཤེས་པ་གཉིས་ཀྱིས་ཤེས་ཏེ། མིག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའོ། །ཡང་དག་པར་འབྲེལ་བ་དེ་དག་ཐམས་ཅད་ནི་ ཇི་ལྟར་མེ་གང་ཞིག་ལ་བུད་ཤིང་ཐ་དད་པ་ལས་མེ་ཐ་དད་པར་འགྱུར་བ་དེ་ལྟར་རྣམ་པར་ཤེས་པ་རྣམས་ཀྱང་རྒྱུ་དང་རྐྱེན་ཐ་དད་པ་ལ་རྟེན་པ་ལས་རྣམ་པར་ཤེས་པ་ཐ་དད་པར་འབྱུང་ངོ ། །དེ་ལྟར་སྐྱེ་མཆེད་རྣམས་ཀྱི་གཙོ་བོ་ཤེས་པ་གང་ཡིན་པ་དེ་ནི་བག་མེད་པ་ལ་གནས་པར་མི་འགྱུར་ ཞིང ། དེ་དེ་རྣམས་ལ་ཆགས་པར་མི་འགྱུར། སློང་བར་མི་འགྱུར། ཞེ་སྡང་འབྱུང་བར་མི་འགྱུར་རོ། །སྐྱེས་བུ་དམ་པ་ནི་འཆི་བའི་ཚེ། གཤིན་རྗེའི་མི་རྣམས་ཀྱིས་འཇིགས་པར་མི་འགྱུར་ཞིང་བཞིན་མི་སྡུག་པར་བསྒྱུར་བ་རྣམས་ཀྱིས་འཇིགས་པར་མི་འགྱུར། ལིག་རིས་ལག་པ་ ཕྱིན་ཅི་ལོག་ཏུ་བཅིངས་པར་མི་འགྱུར། གཤིན་རྗེའི་འཇིག་རྟེན་མཐོང་བར་མི་འགྱུར། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ནང་དུ་སྐྱེ་བར་མི་འགྱུར་རོ། །དེ་ཤིན་ཏུ་བདེ་བ་དང་ལྡན་པར་འགྱུར་ཞིང ། མཐའ་ལས་བྱུང་བའི་ཤིན་ཏུ་བདེ་བ་མྱོང་བར་འགྱུར་ལ་བག་ མེད་པས་ཕྲོགས་པར་མི་འགྱུར་རོ། །ཡང་སྐྱེ་མཆེད་དེ་དག་ཉིད་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་གནས་དང་རྟེན་ཟིལ་གྱིས་གནོན་ཅིང་སོ་སོར་རྟོག་པར་བྱེད་པ་ནི་བག་མེད་པའི་དབང་དུ་མི་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་བྱུང་བ་ལ་ཡང་གསོབ་གསོག་ སྙིང་པོ་མེད་པ་སྒྱུ་མ་ལྟ་བུར་རྟོག་གོ། །དེ་ཞིག་ནས་གཞན་རྣ་བའི་རྣམ་པར་ཤེས་པ་འབྱུང་བ་དེ་ཉིད་ལ་ཡང ། གསོབ་གསོག་སྙིང་པོ་མེད་པ་དང ། དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་ལ་སོ་སོར་རྟོག་པར་བྱེད་དོ། །སྐྱེ་བ་དང་འཇིག་པ་དག་ན་འཛིན་པར་བྱེད་པ། རོ་མྱང་ 69-1-247a བ་དང་བཅས་པ་རྣམས་ལ་མི་བརྟན་པ་དང་གནོད་པ་དང་བཅས་པ་དང་རྒྱུ་དང་རྐྱེན་གཞན་དང་གཞན་དག་ལས་སྐྱེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ནི་གཟུགས་རྣམས་ཀྱིས་འཕྲོགས་པར་མི་འགྱུར་རོ། །དེ་བཞིན་དུ་མྱོས་པ་མེད་པ་ནི་ལྷའི་འདོད་པ་ རྣམས་ལ་སེམས་ཀུན་དུ་གཡེང་བར་མི་འགྱུར་ན། མིའི་འདོད་པ་རྣམས་ལྟ་ཞིག་ག་ལ་འགྱུར། དེ་ནས་བརྒྱ་བྱིན་གྱིས་དེའི་ཚེ། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དགེ་བ་རྣམས་ལ་བགེགས་བྱེད་པ། །སྐྱེ་མཆེད་ཁམས་ལ་རྨོངས་པ་ཡིན། །ཆོས་རྣམས་ཀུན་ལ་བག་མེད་ པ། །རབ་ཏུ་འཇུག་པ་ཡོད་པ་ཡིན། །ཉེས་པ་གསུམ་ལ་རྣམ་ཆགས་པ། །ངན་སོང་སྒོར་ནི་ཉེ་བ་གང ། །ཤིན་ཏུ་རྨོངས་པ་སྡིག་པའི་མཆོག་།བག་མེད་རབ་ཏུ་འཇུག་པར་བྱེད། །བྱིས་པ་བག་མེད་དགའ་བ་གང ། །དེ་ནི་འཆི་བའི་ལག་ན་གནས། །བག་མེད་པ་ ལ་རྟེན་པ་གང ། །དེ་དག་ཐམས་ཅད་འཇིགས་པར་བྱེད། །ཆོས་གཅིག་ལས་ནི་རྣམ་འདས་ཤིང ། །ཆོས་གཉིས་ལ་ནི་སེམས་པ་པོ། །གནས་གསུམ་མཚན་ཉིད་རིག་པ་གང ། །སྐྱེ་བོ་དེ་ནི་བདེ་སྐལ་ལྡན། །གང་ཚེ་ལྷ་རྣམས་བསོད་ནམས་ཟད། །བག་མེད་པ་ཡིས་རྣམ་ པར་གཙེས། །བདེ་བས་རྨོངས་པ་ལྟུང་བ་གང ། །དེ་ཚེ་དེ་ལ་སུ་ཞིག་སྐྱོབ། །དེ་ཚེ་ཆོས་གཅིག་དགེ་བ་ནི། །བཟོད་པ་རྒྱ་ཆེར་ཡང་དག་ལྡན། །གང་ཚེ་ཀུན་ནས་འབྱུང་པོ་ལ། །བཟོད་དང་སྙིང་རྗེར་ལྡན་པ་ནི། །འདི་དག་འཆི་བའི་དུས་ཀྱི་ཚེ། །འཇིགས་པ་ཆེ་ལ་དཔུང་དུ་ འགྱུར། །དེ་བས་བག་མེད་བྲལ་རྣམས་ཀྱིས། །རབ་ཏུ་བསྒྲིམས་ཏེ་བསྟེན་པར་བྱ། །མ་རིག་པ་ནི་སྤངས་ན་དགེ། །རིག་པ་རྣམས་ནི་རྟག་ཏུ་བསྲུང ། །རིག་པ་མ་རིག་རྣམ་ཤེས་པ། །མི་དེ་དེ་ཡིས་གཙེ་མི་འགྱུར། །འདི་ལྟར་སྐྱེས་བུའི་དོན་ངེས་ཏེ། །གང་ཞིག་བག་མེད་ སྤོང་བ་ཡིན། །བག་ཡོད་པ་ལ་དགའ་བ་ཉིད། །དེ་ནི་སྐྱེས་བུའི་དོན་འདོད་དོ། །བག་མེད་འཆིང་བའི་ཞགས་ཡིན་ལ། །དེ་ལས་གྲོལ་བ་བག་ཡོད་པ། །དེ་དག་མཚན་ཉིད་མདོར་བསྡུ་ན། །འཆིང་བ་དང་ནི་ཐར་བར་འགྱུར། །འདི་དག་རིག་ནས་རྟག་ཏུ་ལྷ། །བག་མེད་རྣམས་ 69-1-247b ལ་ཆགས་པ་གང ། དེ་ནི་ཕྱི་ནས་འཆི་བའི་ཚེ། །དེ་ཡི་འབྲས་བུ་དེ་ཤེས་འགྱུར། །དེ་ལྟར་བརྒྱ་བྱིན་གྱིས་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་ཉིད་བག་མེད་པར་འགྱུར་བ་རྒྱ་ཆེར་ལྷ་རྣམས་ལ་སྟོན་ཏེ། གང་སྔོན་དགེ་བའི་རྩ་བ་བསྐྱེད་པ། བག་མེད་པ་ཆུང་བ་གང་ཡིན་པ་དེ་དག་ནི་ བག་མེད་པ་ལ་ཤིན་ཏུ་གནས་པར་མི་བྱེད་དེ། ཆོས་བཤད་པ་དོན་ཡོད་པར་བྱའོ་སྙམ་ནས་དེ་དག་ཉིད་ཁོང་དུ་ཆུད་པར་བྱེད་དོ། །དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ནི། ཆུ་བུར་མ་སྨིན་པ་བརྟོལ་བ་དང་གཟག་པ་དང་བསྐམ་པ་དང་གསོ་བ་བཞིན་དུ་ག་ལ་ཞིག་ཁོང་དུ་ཆུད་པར་ འགྱུར་ཏེ་མི་འགྱུར་རོ། །ལྷའི་རྒྱལ་པོ་བརྒྱ་བྱིན་དེས་གོང་ནས་གོང་དུ་ཚིག་གི་རིམ་པ་རེ་རེས་སྐྱེ་མཆེད་བཅུ་གཉིས་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་བཤད་ཅིང ། ལྷ་དེ་རྣམས་ལ་རྫུ་འཕྲུལ་རྨད་དུ་བྱུང་བ་དེ་དག་ཀྱང་བསྟན་ནས། དེ་ནས་ཡང་རིམ་གྱིས་བྱུང་བ་དྲན་པ་དང ། འབྲེལ་པ་རྣམས་ ཀྱི་མཚན་ཉིད་དང་དམིགས་པ་དང་རྒྱུ་དང་རྐྱེན་དག་བག་མེད་པ་དང་དབྲལ་བར་བྱ་བའི་དོན་དུ་ཁོང་དུ་ཆུད་པར་བྱེད་དོ། །བརྒྱ་བྱིན་དེ་སྲོག་ཆགས་གསོད་པ་སྤྲུལ་པ་བསྟན་པས་འཇིགས་ཤིང་མི་དགའ་བའི་ལྷ་དེ་དག་ཉིད་ངེས་པར་འབྱུང་བའི་ཐབས་ཀྱི་དོན་དང ། ཕན་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་ ཆོས་སྟོན་པར་བྱེད་དོ། །གཙོ་བོ་སེམས་ལས་བྱུང་བའི་གཡོ་ཞེས་བྱ་བ་ནི་དྲང་པོ་མ་ཡིན་པ་ཉིད་དེ། འཁོར་བར་ཤིན་ཏུ་འཆིང་བར་བྱེད་པ་མ་རུངས་པ་ཉིད་ཡིན་ནོ། །ཕྲག་དོག་ཅེས་བྱ་བ་ནི་གཞན་ལ་གནོད་པར་བྱེད་པའི་ངོ་བོ་ཉིད་ཡིན་ནོ། །གཙོ་བོ་སེར་སྣ་ཞེས་བྱ་བ་ནི་ནོར་རྫས་ཟད་དུ་དོགས་པས་་ འཇིགས་པ་ཉིད་དང་།སེམས་ལས་བྱུང་བ་བརྐམ་པ་ཉིད་ཡིན་ཏེ། འདི་དག་ནི་ཁམས་གསུམ་ཀུན་གྱི་ས་ལས་བྱུང་བ་ཆུང་ངུ་ཡིན་ནོ། །དེ་དག་ཀྱང་ཁམས་གསུམ་དུ་སོ་སོར་དབྱེ་ན་དུ་ཡོད་ཅེ་ན། ཁྲོ་བ་དང་འཁོན་དུ་འཛིན་པ་དང་ཕྲག་དོག་དང་སེར་སྣ་དང་སྟོན་པ་དང་སྒྱུ་དང་འཚིག་པ་ནི་ འདོད་པའི་ཁམས་སུ་འཇུག་ལ། གཡོ་གཅིག་པུ་ནི། འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་ཡང་འབྱུང་ངོ ། །ང་རྒྱལ་དང་ལྷག་པའི་ང་རྒྱལ་ནི་ཁམས་གསུམ་ཅར་དུ་འབྱུང་སྟེ། གཙོ་བོ་ཆོས་བཅུ་པོ་འདི་དག་ནི་ས་ཆུང་ངུ་ལས་བྱུང་བ་ཡིན་ནོ། །གཞན་ཡང་གཙོ་བོ་དགེ་བ་ཆོས་ 69-1-248a བཅུ་པོ་ས་ཆེན་པོ་ལས་བྱུང་བ་ཡོད་དེ། གང་ཞེ་ན་འདི་ལྟ་སྟེ། ཆགས་པ་མེད་པ་དང་ཞེ་སྡང་མེད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་དད་པ་དང་ཤིན་ཏུ་སྦྱངས་པ་དང་བག་ཡོད་པ་དང་བརྩོན་འགྲུས་དང་བཏང་སྙོམས་དང་འཚེ་བ་མེད་པ་ཡིན་ཏེ། དགེ་བ་འདི་དག་ནི་ས་ ཆེན་པོ་ལས་བྱུང་བ་ཡིན་ནོ། །དེ་ལ་འདི་དག་གི་སོ་སོའི་མཚན་ཉིད་འདི་ལྟ་སྟེ། དགེ་བའི་ཆོས་དེ་དག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་ཆགས་པ་མེད་པ་འདི་ཡིན་ཏེ། དེ་དག་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་མེད་པ་ཡང་ཡིན་ནོ། །ངོ་ཚ་ཤེས་པ་ཞེས་བྱ་བ་ ནི་བདག་ཉིད་དབེན་པར་འདུག་ཅིང་བདག་ཉིད་འཇིགས་པར་སེམས་པའོ། །ཁྲེལ་ཡོད་པ་ཞེས་བྱ་བ་ནི་ཕ་རོལ་གྱི་ཁྲེལ་ཡོད་པའོ། །དད་པ་ཞེས་བྱ་བ་ནི་འགྲོ་བའི་དང་བའོ། །ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་དགེ་བའི་སེམས་དང་ལུས་ཀྱི་སེམས་ཀྱི་གནས་ངན་ལེན་སེལ་བའི་གནས་ཡིན་ ཏེ། རབ་ཏུ་སིམ་པར་བྱེད་པའོ། །བག་ཡོད་པ་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་སྒྲུབ་པའོ། །བཏང་སྙོམས་ཞེས་བྱ་བ་ནི་བྱ་བ་དང་མི་བྱ་བ་དང་རྒྱུ་དང་རྐྱེན་དག་ལ་སྙོམས་པར་འཇུག་པ་གང་ཡིན་པའོ། །གཙོ་བོ་མི་འཚེ་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་གནོད་པ་མེད་པ་ ཡིན་ནོ། །དགེ་བ་འདི་དག་ནི་ས་ཆེན་པོ་ལས་བྱུང་བ་ཡིན་ཏེ་དེ་དག་བཤད་པ་ཡིན་ནོ། །འདི་དག་ལ་སེམས་མི་འཇུག་པ་དེ་དག་ནི་འཆི་བའི་ཚེ། གཤིན་རྗེའི་མི་རྣམས་ཀྱི་དབང་དུ་འགྲོ་ལ། དེ་དག་འཆི་བའི་དུས་དེའི་ཚེ་ཀུན་དུ་དངང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བས་ཡང་ དག་པར་མ་ཟིན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་ས་ཆེན་པོ་ལས་བྱུང་བ་རྣམས་དང ། དགེ་བ་ས་ཆེན་པོ་ལས་བྱུང་བ་རྣམས་དང ། ཆུང་ངུ་ས་ཆེན་པོ་ལས་བྱུང་བ་རྣམས་ཀྱི་རང་གི་མཚན་ཉིད་བསྡུས་པའི་མིང་ནི་བཅུ་པ་ཞེས་བྱའོ། །ཡང་གཙོ་བོ་བཅུ་ གཅིག་བསྒོམ་པ་ཞེས་བྱ་བ་གང་ཡིན་ཞེ་ན། འདི་ལ་དགེ་སློང་ལུས་དང་ལུས་ལ་རྟོག་པར་བྱེད་དོ། །བརྟགས་ནས་ཀུན་དུ་ཆགས་པར་མི་བྱེད། རྨོངས་པར་མི་བྱེད་ལ་དེ་སེམས་ལ་དམ་དུ་འཛིན་པར་མི་བྱེད་དེ། འདི་ནི་བསྒོམ་པ་དང་པོ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་ལ་ 69-1-248b གོམས་པར་བྱེད་དེ། སྔོན་འདོད་པ་ཉེ་བར་སྤྱད་པ་གང་ཡིན་པ་དེ་དག་ལ་སྨོད་པར་བྱེད། རོ་མྱོང་བར་མི་བྱེད། ཡིད་ལ་མི་བྱེད། འགྱོད་པར་བྱེད་སྐྱོན་དུ་འགྲང་བར་བྱེད་པ་འདི་ནི་བསྒོམ་པ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་བདག་བག་ཡོད་ ན། ཡུལ་ཀུན་དང་ལྡན་པའི་ཡུལ་རྣམས་ཀྱིས་མི་འཕྲོགས་ལ། བག་ལ་ཉལ་གྱི་སྦྱོར་བ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལྟར་བག་ཡོད་པ་ལ་གནས་པ་ནི། བག་ཡོད་པ་དེ་སྒོམ་པར་བྱེད་ཅིང ། གོམས་པར་བྱེད་པ་འདི་ནི་བསྒོམ་པ་གསུམ་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་ གོམས་པར་བྱེད་དེ། དགེ་བའི་ཆོས་རྣམས་ཡིད་ལ་བྱེད་ཅིང་དེ་དག་ཀྱང་གོམས་པར་བྱེད་པ་ནི། འདི་ལྟར་བདག་གི་དགེ་བའི་ཆོས་སྐྱེས་པ་འདི་དག་ནི་རྣམ་པར་སྨིན་པ་བདེ་བ་རྒྱུ་བདེ་བ་རྐྱེན་བདེ་བ་ཡིན་ཏེ། བདག་ལ་རྣམ་པར་སྨིན་པ་བདེ་བ་དེ་དག་འབྱུང་བར་འགྱུར་རོ་སྙམ་མོ། །དེ་བཞིན་དུ་ མི་དགེ་བ་རྣམས་ལ་ཡང་རྟོག་པར་བྱེད་ལ། དེའི་བསྒོམ་པ་དེ་ནི་ཡང་དག་པར་འགྱུར་ཏེ། འདི་ནི་བསྒོམ་པ་བཞི་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་བདག་ལ་ཚོར་བ་བདེ་བ་སྐྱེས་པ་དེ་ཅི་ལས་བྱུང ། རང་བཞིན་ཅི་ཡིན་རྒྱུ་ཅི་ཡིན་རྐྱེན་ཅི་ཡིན་གཞི་ཅི་ ཡིན། སྐྱེས་པ་དེས་བདག་གི་སེམས་གཡེང་བར་མི་བྱེད་དམ་ཞེས། ཚོར་བ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་གོམས་པར་བྱེད་ལ། དེ་དག་ལ་ཡང་སྙིང་པོ་མེད་པར་ལྟ་སྟེ། གསོབ་དང་གསོག་དང་སྙིང་པོ་མེད་པར་གོམས་པར་བྱེད་པ་འདི་ནི་བསྒོམ་པ་ལྔ་པ་ཡིན་ནོ། །ཡང་དགེ་སློང་དེ་ བསྒོམ་པ་གོམས་པར་བྱེད་དེ། འདི་ལྟར་འདུ་བྱེད་གང་ཡིན་པ་དེ་རྣམས་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་དང་གསོག་ཕན་ཚུན་གྱི་སྟོབས་ཀྱིས་བྱུང་བ་རྣམས་འབྱུང་སྟེ། སྟོབས་གཅིག་གིས་སྐྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་གོམས་པར་བྱེད་དོ། །དེ་དེ་རྣམས་ལ་ ཆགས་པར་མི་བྱེད་པ་འདི་ནི་བསྒོམ་པ་དྲུག་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་བདུན་པ་གོམས་པར་བྱེད་དེ། འདི་ལྟར་བདག་གི་ཡིད་ལ་བྱེད་པ་དགེ་བ་དག་སྐྱེས་སོ། །དགེ་བའི་རྒྱུས་སྐྱེས་པ་དེ་ཡིད་ལ་བྱེད་པ་གཞན་གྱིས་ཉམས་ཏེ། བདག་གི་དམིགས་པ་དེ་བརྗེད་དེ། 69-1-249a དེ་བཞིན་དུ་བདག་གི་ཡིད་ལ་བྱེད་པ་མི་དགེ་བ་སྐྱེས་ལ། དེ་ཡང་ཡིད་ལ་བྱེད་པ་དགེ་བས་ཉམས་ཏེ། བདག་གི་དགེ་བའི་ཆོས་དེ་རྣམས་ཀྱི་བར་ཆད་བྱུང་ངོ་སྙམ་མོ། །དེ་ལྟར་རྟག་ཏུ་དམིགས་པ་ཡིད་ལ་བྱེད་པ་འདི་ནི་བསྒོམ་པ་བདུན་པ་ཡིན་ནོ། །གཞན་ཡང་དགེ་སློང་ དེ་བསྒོམ་པ་བརྒྱད་པ་གོམས་པར་བྱེད་དེ། འདི་ལྟར་ཆོས་ནི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཡིན་ལ་ཆོས་འདི་དག་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འཛིན་ཏེ། ཆོས་ཐམས་ཅད་ཀྱི་འདྲེས་པ་མེད་པ་འདི་ཉིད་ནི་ཆོས་ཉིད་དུ་གནས་པ་ཡིན་ནོ། །བདག་སྐྱེས་པ་དང་གོར་མ་ཆག་པར་ འཆི་བ་ཉེ་བར་གནས་པར་འགྱུར་ཏེ། འདུས་བྱས་ཀྱི་ཆོས་ལ་གང་མཚན་ཉིད་གསུམ་མེད་པར་གྱུར་པ་གང་ཡང་མེད་དོ་སྙམ་དུ་དེ་ལྟར་སྒོམ་པ་ནི་ཆོས་ཐམས་ཅད་ཀྱི་མི་རྟག་པ་ཉིད་བསྒོམ་པ་ཡིན་ཏེ། དེ་ལྟར་བསྒོམ་པའི་དགེ་སློང་དེ་ནི་བསྒོམ་པ་བརྒྱད་པ་བསྒོམ་པ་ཡིན་ནོ། །གཞན་ཡང་དགེ་ སློང་དེ་བསྒོམ་པ་དགུ་པ་གོམས་པར་བྱེད་དེ། འདི་ལྟར་ཀུན་ནས་ཉོན་མོངས་པའི་རྩ་བ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་གཉེན་པོ་མི་གཙང་བ་དང་བྱམས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་གཉེན་པོ་ཡིན་ཏེ། དེ་ལྟར་གོམས་པར་བྱེད། རྟག་ཏུ་ཡིད་ལ་བྱེད་པ་འདི་ཡང་ བསྒོམ་པ་དགུ་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་བཅུ་པ་གོམས་པར་བྱེད་དེ། འདི་ལྟར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་བསྒོམ་སྟེ། །དེ་ཡང་འཇིག་རྟེན་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་རོ། །དེ་ལྟ་བས་ན་བདག་ཉིད་ལ་རྟག་ཏུ་ཕན་པར་འདོད་པ་རྣམས་ཀྱིས་དེ་ཉིད་བསྒོམ་པར་ བྱའོ་ཞེས་ཡང་དག་པར་དྲན་པར་བྱེད་པ་ནི་བསྒོམ་པ་བཅུ་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་བསྒོམ་པ་བཅུ་གཅིག་པ་གོམས་པར་བྱེད་དེ། འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་དེ། ཐོས་པ་སྐད་ཅིག་རེ་རེ་ལ་གོམས་པར་བྱེད་དོ། །འདི་ལྟར་གཅིག་ནས་གཅིག་ཏུ་བརྒྱུད་པ་སྐད་ཅིག་རེ་རེ་ནི་མངལ་ ནས་བྱུང་བ་དང་སྐྱེས་པ་དང་ཤི་བའི་བར་དང་མངལ་ན་གནས་པ་དང་གཞོན་ནུ་དང་ལང་ཚོ་ནས་རྒ་བའི་མཐར་ཐུག་གི་བར་དུ་དེ་ལྟར་གོམས་པར་བྱེད་པ་དགེ་སློང་དེའམ་གཞན་ཡང་རུང་སྟེ། འཆི་བའི་ཚེ་གཤིན་རྗེའི་མིའི་དབང་དུ་མི་འགྲོ་ཞིང་བཞིན་མི་སྡུག་པར་བསྒྱུར་བ་སྡིག་པ་བྱེད་པ་གཞན་དེ་དག་ 69-1-249b ཀྱང་མཐོང་བར་མི་འགྱུར་རོ། །དྲན་པ་བཅུ་གསུམ་དང་འབྲེལ་པ་ལེགས་པར་བསྒོམ་པ་གང་ཡིན་པ་དེ་དག་ནི་ཕན་པ་དང་བདེ་བ་དང་མཐར་མྱ་ངན་ལས་འདས་པར་འགྱུར་རོ། །བཅུ་གསུམ་གང་ཞེ་ན། འདི་ལ་བག་ཡོད་པ་དྲན་པ་དང་ཉེ་བར་གནས་པ་དྲན་པ་དང་གཡེང་བ་མེད་པ་དྲན་པ་ཡིན་ཏེ། དྲན་པ་དེ་དག་ལ་ཉེ་བར་གནས་ནས་འདི་ལྟ་སྟེ། བུད་མེད་ཅེས་བྱ་བའི་ལུས་ཁ་དོག་བཟང་པོའམ་ཁ་དོག་ངན་པ་མཐོང་བ་དེའི་ནང་མི་གཙང་བ་མནམ་པའི་གཞི་དང ། མི་བརྟན་པ་ཕྱི་སའི་ཁུང་ལྟར་དྲན་པ་ཉེ་བར་གནས་པ་དང ། དྲན་པ་མི་གཡོ་བ་ནི་གྲོང་ཁྱེར་གྱི་ཕྱོགས་སམ་གྲོང་གི་ཕྱོགས་ དག་ཏུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བའམ་ཡུལ་དག་ཏུ་འགྲོ་བ་ན་བུད་མེད་ཀྱི་འདུ་ཤེས་ཀྱི་དབང་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཉེ་བར་གནས་པའི་ཕྱིར་ཏེ། འདི་ནི་དྲན་པ་དང་འབྲེལ་པ་དང་པོ་ཡིན་ནོ། །གཞན་ཡང་དྲན་པ་དང་འབྲེལ་པ་ནི་ཕྱི་རོལ་གྱི་ཚལ་ཉམས་དགའ་བ་དང ། ཆུ་བོ་ཉམས་དགའ་བ་དང ། ལྟེང་ཀ་ཉམས་དགའ་བ་དང ། སྐྱེད་མོས་ཚལ་ཉམས་དགའ་བ་རྣམས་མཐོང་ནས་ཀྱང་འདི་ལྟར་དྲན་པ་ཉེ་བར་འཇོག་སྟེ། ཉམས་དགའ་བའི་ངོ་བོ་གང་ཡིན་པ་དེ་དག་གིས་དུས་ནི་ཕྱིས་འབྱུང་སྟེ། བྱིས་པའི་སེམས་རབ་ཏུ་ཆགས་པར་བྱེད་པ་དེ་དག་ནི་རྙི་རྙི་པོར་ འགྱུར་ལྷགས་པར་འགྱུར་མི་སྡུག་པར་འགྱུར་འདབ་མ་རྙིས་ཤིང་ལོ་མ་སིལ་སིལ་པོར་ལྷགས་པར་འགྱུར་རོ། །དེ་དག་དེ་ལྟར་གྱུར་གྱིས་ཀྱང་ཐམས་ཅད་དུ་འབྱུང་བར་ཡང་མི་འགྱུར་ལ། ཀྱེ་མ་འདི་དག་ལ་ཉམས་དགའ་བ་ཅི་ཞིག་ཡོད་སྙམ་སྟེ། དེ་ལྟར་དྲན་པ་དང་འབྲེལ་པར་བྱེད་དོ། ། དེ་ལྟར་དྲན་པ་ཉེ་བར་གནས་པ་བརྐམ་པ་མེད་པ་དེ་ནི་ཕྱི་ནང་གི་ཡུལ་གྱི་གཟུགས་ཀྱིས་ཉམས་པ་མེད་ཅིང་བདུད་ཀྱིས་ཀྱང་གནོད་པ་མེད་དོ། །གཞན་ཡང་དེའི་དོན་དང་ཕན་པར་བྱ་བའི་ཕྱིར་དྲན་པ་དང་འབྲེལ་པ་གསུམ་པ་དེ་དྲན་པར་བྱེད་དོ། །ཇི་ལྟར་དྲན་པར་བྱེད་དྲན་པ་དང་འབྲེལ་པའི་ དམིགས་པ་ནི་གང་ཡིན་ཞེ་ན། འདིས་སྔོན་ཟོས་པའམ་ཉལ་བའམ་དགའ་བར་བྱས་པའམ་དམིགས་པ་བསྟེན་པ་གང་ཡིན་པ་དེ་དག་དྲན་ནས་རྟོག་པར་མི་བྱེད་ཅིང་ཡིད་ལ་དམ་དུ་འཛིན་པར་མི་བྱེད་དོ། །དེ་ལྟར་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་པོ་དག་ནི་ཚིམ་པ་མེད་དོ་སྙམ་སྟེ། དེ་ལྟར་ 69-1-250a དྲན་པ་དང་འབྲེལ་བར་བྱེད་དོ། །གཞན་ཡང་དྲན་པ་དང་འབྲེལ་པ་བཞི་པ་དྲན་པར་བྱེད་དེ། གང་དུ་རྙེད་པ་དང་བཀུར་སྟི་དང་མལ་སྟན་དང་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་རབ་ཏུ་མང་པོ་ཐོབ་པ་དེར་དགའ་བ་དང་འབྲེལ་པར་མི་བྱེད་ཅིང་ཀུན་དུ་ཆགས་པར་མི་བྱེད་དོ། ། འདི་ལྟར་རྙེད་པ་དང་བཀུར་སྟི་ལྷུར་བྱེད་པས། དགེ་སྦྱོང་ཉམས་པར་འགྱུར་ལ། གང་ཟག་དེ་ཡང་པགས་པ་རལ་ནས་ཤ་རལ་བར་འགྱུར། ཤ་རལ་ནས་ཆུ་རྒྱུས་ཆད་པར་འགྱུར། ཆུ་རྒྱུས་ཆད་ནས་རུས་པ་ཆག་པར་འགྱུར། རུས་པ་ཆག་ནས་རྐང་ཡང་ཟད་པར་འགྱུར་ཏེ། རྙེད་པ་དང་བཀུར་ སྟིས་ནི་དེ་ལྟར་བྱེད་པར་འགྱུར་རོ། །རྙེད་པ་དང་བཀུར་སྟི་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བར་ཆད་བྱེད་པའི་རྒྱུ་ཡིན་ཏེ། ལེགས་པར་དྲན་པ་ཉེ་བར་གནས་པ་ནི། ཕྱོགས་གཅིག་ལ་གནས་པ་ཡིན་ནོ། །གཞན་ཡང་དྲན་པ་དང་འབྲེལ་པ་ལྔ་པ་དྲན་པར་བྱེད་དེ། གྲོང་དང་གྲོང་ཁྱེར་དང་ལྗོངས་ སུ་རབ་ཏུ་རྒྱུ་བར་མི་བྱེད། གྲོང་ཁྱེར་དག་ལ་སྟེན་པར་མི་བྱེད། ཡུལ་མི་དག་དང་འབྲེལ་པའི་གཏམ་སྨྲ་བའི་ངོ་བོར་མི་བྱེད། འདུ་འཛི་དང་དགའ་བར་གནས་པར་མི་བྱེད་དོ། །འདི་ལྟར་གྲོང་དང་གྲོང་ཁྱེར་དང་ལྗོངས་སུ་གནས་པར་བྱེད་པ་གང་ཡིན་པ་དེ་དག་ནི་བློ་གཡེངས་པར་འགྱུར་ལ་རང་གི་དོན་ ཀྱང་བྱེད་པར་མི་ནུས་སོ། །དེ་ལྟར་དེ་དག་གི་དོན་ཇི་ལྟ་བ་བཞིན་མཐོང་བ་ཉིད་ཀྱིས་དྲན་པ་སྐྱེ་བར་འགྱུར་རོ། །གཞན་ཡང་དྲན་པ་དང་འབྲེལ་པ་དྲུག་པ་དྲན་པར་བྱེད་དེ། དེ་ལྟར་སྐྱོན་དུ་ལྟ་བ་དེ་ནི་དུར་ཁྲོད་དང་ཤིང་དྲུང་དང་སོག་ཁྲོད་དང་རིའི་གསབ་གསེབ་དང་ཁང་སྟོང་དུ་སྟེན་པར་བྱེད་ཅིང་སུ་དང་ ཡང་ལྷན་ཅིག་གནས་པར་མི་བྱེད་འདྲེ་བར་མི་བྱེད་དོ། །འདི་ལྟར་འདྲེ་བར་མི་བྱེད་པའི་དགེ་སློང་དེ་ནི་དགེ་བའི་ཆོས་རྣམས་འཐོབ་པར་འགྱུར་ལ། སྤང་བར་བྱ་བ་ཡང་སྤོང་བར་འགྱུར་རོ། །གཞན་ཡང་དྲན་པ་དང་འབྲེལ་པ་བདུན་པ་དྲན་པར་བྱེད་དེ། ལྷའི་གཏམ་རྣམས་ལ་ཡང་ཆགས་པ་མི་སྐྱེད་ ལ། སེམས་ཅན་དམྱལ་བ་པའི་གཏམ་རྣམས་ལ་ཡང་ཡིད་འབྱུང་བར་མི་བྱེད་དོ། །དེ་འདི་སྙམ་དུ་དྲན་པར་བྱེད་དེ། ལྷ་རྣམས་ཀྱི་མཐའ་ནི་ལྟུང་ཞིང་གནོད་པ་དང་བཅས་ལ་གཤིན་རྗེའི་མིའི་དབང་དུ་གྱུར་པ་ཡིན་ནོ། །སེམས་ཅན་དམྱལ་བ་པ་ཡང་ལས་ཀྱིས་དྲངས་པ་ཡིན་ཏེ། རྗེས་སུ་དགའ་བར་མི་བྱ་ 69-1-250b ཞིང་གཞན་བྱེད་པ་ཡང་ཕྱིར་བཟློག་པར་བྱའོ་སྙམ་སྟེ། དེ་མཐོ་རིས་ལ་ཡང་མི་དགའ། སེམས་ཅན་དམྱལ་བ་ལ་ཡང་འཇིགས་པ་མེད་དེ། དགའ་བ་དང་འཇིགས་པ་སྤངས་པ་དེ་ནི་དགེ་བ་དྲན་པའི་ངོ་བོར་འགྱུར་ཏེ། དྲན་པ་ཉེ་བར་གནས་པ་ཡིན་ནོ། །གཞན་ཡང་དྲན་པ་དང་འབྲེལ་པ་བརྒྱད་པ་ དྲན་པར་བྱེད་དེ། བདག་གི་དྲན་པ་ཉེ་བར་གནས་པ་ནི་ལེགས་པ་ཡིན་ཏེ། མི་དགེ་བའི་ཆོས་སྣང་བ་རྣམས་ཉམས་ཤིང་ཟད་ལ་བཅོམ་ཞིང་སྤངས་པར་གྱུར་ཏོ། །གཞན་ཡང་ཡིད་ལ་མི་དགེ་བ་སྐྱེས་པ་དེས་བདག་གི་དགེ་བ་དྲན་པ་ཉམས་ཤིང་བདག་གི་ཀུན་ནས་བར་ཆད་བྱུང་སྟེ། དེ་ལ་བདག་གིས་ ཡང་དགེ་བའི་དྲན་པ་ཉིད་བསྐྱེད་པར་བྱའོ་སྙམ་ནས། དེ་ལྟར་དམིགས་པ་དང་མཚན་ཉིད་དྲན་པ་དེ་གཅིག་ནས་གཅིག་ཏུ་འགྲང་བར་བྱེད་དོ། །ཡིད་ལ་གཅིག་ཏུ་གྱུར་ཅིང་གཅིག་ཏུ་འདུས་པ་ནི་དྲན་པ་ལས་སུ་རུང་བར་འགྱུར་རོ། །དེ་ནི་ཆུ་བོའི་ཤུགས་ཀྱི་རླབས་མི་བརྟན་པ། ཡུལ་ནོར་བ་ དགྲ་ལྟ་བུ་དག་ལས་སེམས་འཛིན་པར་ནུས་སོ། །གཞན་ཡང་དྲན་པ་དང་འབྲེལ་པ་དགུ་པ་དྲན་པར་བྱེད་དེ། ཉིན་གཅིག་བཞིན་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱེད། དམ་པའི་ཆོས་ལ་རྟག་ཏུ་གུས་པར་བྱེད། བླ་མ་རྣམས་ལ་དད་པར་བྱེད་ཅིང་དེའི་བསྒྲུབ་པ་ལ་ཡང་གནས་པར་ བྱེད། བློ་ཤིན་ཏུ་མཉམ་པར་གཞོག་པར་བྱེད། གཉའ་ཤིང་གང་ཙམ་དུ་ལྟ་བར་བྱེད། སེམས་ཅན་ཐམས་ཅད་ལ་ཕན་པར་མོས་པ་དྲན་པར་བྱེད་དེ། དེའི་དྲན་པ་དང་འབྲེལ་པ་དེ་ནི་འབྲས་བུ་དང་བཅས་པ་མཐའ་མྱ་ངན་ལས་འདས་པར་འགྱུར་རོ། །གཞན་ཡང་དྲན་པ་དང་འབྲེལ་པ་བཅུ་པ་ དྲན་པར་བྱེད་དེ། བློ་གྲོས་ཤིན་ཏུ་མཉམ་པར་གཞོག་པར་བྱེད་ལ། འདི་ལྟར་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པ་དང་བཞིའོ། །དེ་དགྲ་ཆེན་པོ་དེ་དག་གིས་རྟག་ཏུ་རྣམ་པར་འཇིགས་ཏེ། དགའ་བར་མི་སེམས་སོ། །བཞི་ཞིག་ཀྱང་ཤིན་ཏུ་མི་ བརྟན་པར་མཐོང་སྟེ། ཚེ་དང་ནད་མེད་པ་དང་ལང་ཚོ་དང་ཕུན་སུམ་ཚོགས་པ་བཞིའོ། །དེ་སྔར་བསྟན་པ་བཞི་པོ་དེ་དག་ལ་རྟག་ཏུ་འཇིགས་ཤིང་མི་བརྟན་པ་གཞན་ཡང་གོམས་པར་བྱེད་པ་ནི་ཡུལ་རྣམས་ཀྱིས་འཕྲོགས་པར་མི་འགྱུར་ཞིང ། དགའ་བའི་འདོད་ཆགས་ཀྱི་དབང་དུ་མི་འགྲོ་ལ། 69-1-251a དྲན་པ་ཉེ་བར་གནས་པར་འགྱུར་ཏེ། ཉོན་མོངས་པའི་རི་ཟད་པར་ནུས་སོ། །གཞན་ཡང་དྲན་པ་དང་འབྲེལ་བ་བཅུ་གཅིག་པ་དྲན་པར་བྱེད་དེ། དགེ་འདུན་ལ་གང་ཟག་གིས་འབྱེད་པར་མི་བྱེད་ལ། ལེ་ལོ་ལ་བརྩོན་ཞིང་སྤྱོད་པར་མི་བྱེད། གང་ཟག་གིས་གང་ཟག་རབ་ཏུ་ འབྱེད་པར་བྱེད་པ་ནི་ཉམས་པར་འགྱུར་བས། གནོད་པར་མི་བྱེད་ལ་ཕན་པར་ཡང་མི་བྱེད་པ་དེ་ནི། དེ་ལྟར་སེམས་དང་བར་འགྱུར་ཞིང་དེའི་དྲན་པ་ཡང་ལས་སུ་རུང་བར་འགྱུར་ཏེ། གནོད་པ་མེད་པ་ལྷུར་ལེན་པར་བྱེད་དོ། །གཞན་ཡང་དྲན་པ་དང་འབྲེལ་བ་བཅུ་གཉིས་པ་དྲན་པར་བྱེད་དོ། ། རྟག་ཏུ་དམ་པའི་ཆོས་ཉན་པ་ལྷུར་ལེན་པར་བྱེད་དོ། །དེ་ལྷུར་ལེན་པ་དང་ལྡན་པ་དེས་ཆོས་འཛིན་པར་བྱེད་པ་གང་ཡིན་པ་དེ་དག་ཕྱིར་ཞིང་དམ་དུ་འཛིན་པར་བྱེད་དོ། །ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པའི་ཆོས་རྣམས་རྣམ་པར་ཤེས་པར་བྱེད་དེ། དེ་མར་མེས་མུན་ནག་གི་ གཟུགས་དག་མཐོང་བ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་སྒྲོན་མས་ཁ་ན་མ་ཐོ་བ་དང་བཅས་པ་དང ། ཁ་ན་མ་ཐོ་བ་མེད་པ་དག་མཐོང་ངོ ། །དེ་ལྟར་ཤིན་ཏུ་མཉམ་པར་གཞག་པའི་དྲན་པ་འབྱུང་བ་དེ་ནི་ཉོན་མོངས་པའི་དྲ་བའི་དབང་དུ་མི་འགྲོ་ཞིང་བདུད་ཀྱི་དབང་དུ་མི་འགྲོ་སྟེ། དེ་ལྟར་དྲན་པ་དང་འབྲེལ་པ་བཅུ་གཉིས་པ་ཡང་དྲན་པར་བྱེད་དོ། །གཞན་ཡང་དྲན་པ་དང་འབྲེལ་པ་བཅུ་གསུམ་པ་དྲན་པར་བྱེད་དེ། སྐད་ཅིག་སྐད་ཅིག་ལ་ལུས་དང་སེམས་དང་ཚོར་བའི་རང་གི་མཚན་ཉིད་སྒྲུབ་པའི་དྲན་པ་འབྱུང་སྟེ། དྲན་པ་ཉེ་བར་གཞག་པ་འདི་དག་སོ་སོར་ཤེས་པར་བྱེད་ ཅིང་ཡིད་ལ་ཡང་དམ་དུ་འཛིན་པར་བྱེད་དོ། །ཡིད་ལ་བྱས་པ་དེ་རྣམས་ཀྱིས་བག་མེད་པ་ལ་སྟེན་པར་མི་འགྱུར་ཞིང ། བག་ཡོད་པ་ལ་སྟེན་པར་བྱེད་པ་དེ་ནི་གཤིན་རྗེའི་མིའི་དབང་དུ་འགྲོ་བར་མི་འགྱུར་ལ་རང་དབང་དུ་འགྱུར་དྲན་པ་ཉམས་པར་མི་འགྱུར་བ་དང ། དུས་མ་ཡིན་པ་ལ་སྤྱོད་པར་མི་ འགྱུར་བ་དང ། ཡུལ་མ་ཡིན་པར་སྤྱོད་པར་མི་འགྱུར་བ་དང ། སྤྱོད་ཡུལ་མ་ཡིན་པར་སྤྱོད་པར་མི་འགྱུར་ཏེ། འབྲེལ་པ་འདི་དག་ནི་དྲན་པ་ཐམས་ཅད་ཀྱི་ནང་དུ་འབྲེལ་པ་ཡིན་ནོ། །གཞན་ཡང་སེམས་ཀྱི་ཁམས་བཅུ་བཞི་བསྒོམ་པར་བྱ་ཞེས་གང་སྨྲས་པ། ལེགས་པར་བསྒོམ་ན་ཤིན་ཏུ་སྦྱང་ 69-1-251b བ་བྱས་ཤིང་ཤིན་ཏུ་དུལ། ཤིན་ཏུ་དག་པར་འགྱུར་ལ། བག་མེད་པས་ཕྲོགས་པར་ཡང་མི་འགྱུར་རོ། །འདི་ལྟ་སྟེ། མོས་པ་དང ། བརྩོན་འགྲུས་དང་རབ་ཏུ་ཞི་བ་དང ། སློབ་དཔོན་ལ་བསྙེན་བཀུར་བ་དང ། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་དང ། སངས་རྒྱས་ཀྱི་གསུང་ལ་གོམས་པ་ དང ། ཚུལ་བཞིན་ཡིད་ལ་བྱེད་པ་ལ་གོམས་པ་དང ། རྒོད་པ་ཡོངས་སུ་སྤངས་པ་དང ། ཆོས་དང་ཆོས་མ་ཡིན་པའི་རྒྱུ་དང་འབྲས་བུ་ལ་དད་པ་དང ། སྔོན་གྱི་འདོད་པ་བརྗེད་པ་དང ། བུད་མེད་ལ་ལྟ་བ་ཡོངས་སུ་སྤངས་པ་དང ། གཉེན་ལ་ལྟ་ཞིང་ལྷག་པར་སྤྱོད་པ་མེད་པ་དང ། ཡུལ་ཐམས་ ཅད་ཡང་དག་པར་བཟུང་བ་དང ། སྐྱེ་བ་དང་འཆི་བའི་འཇིགས་པ་ཡིན་ཏེ། བཅུ་བཞི་པོ་འདི་རྣམས་ཀྱིས་སེམས་ཡོངས་སུ་བསྒོམས་པ་དེ་ནི་ཤིན་ཏུ་ཡོངས་སུ་བསྒོམས་པ་ཡིན་ལ། རྒྱུ་འདི་རྣམས་ཀྱིས་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ་ནི་འཆི་བའི་ཚེ་འགྲོ་བ་ངན་པའི་ཕོ་ཉ་མི་འབྱུང་ལ། ངན་ སོང་གི་སྒོ་ཡང་འབྱེ་བར་མི་འགྱུར། དམ་པའི་ཆོས་ལ་བླུན་པར་མི་འགྱུར། མི་མགུལ་དུ་ཐག་པས་བཅིངས་པ་ལྟར་གར་དགའ་དགུར་འགྲོ་བ་རྒྱུ་བ་རྣམས་སུ་ཁྲིད་པར་མི་འགྱུར། མི་ངན་པ་ཡིད་ཆེས་པའི་བྱ་མ་རྟ་ལྟ་བུའི་ལས་བྱེད་པར་མི་འགྱུར་རོ། །འདི་དག་ཐམས་ཅད་ནི་དམ་པའི་ཆོས་ཐོབ་པ་ ན་འདི་ལྟ་སྟེ། སེམས་ཤིན་ཏུ་དུལ་ཞིང་ཤིན་ཏུ་སྦྱང་བ་བྱས་ལ། ཤིན་ཏུ་མཐར་ཕྱིན་པ་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་ཁྲིད་པར་བྱེད་དོ། །ཕྱིས་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པར་འགྱུར་རོ། །དེ་ལྟ་བས་ན་གཙོ་བོ་འདི་དག་ལ་སེམས་ཡོངས་སུ་སྦྱང་བ་བྱས་པ་དེ་ནི་ཤིན་ཏུ་སྦྱང་བ་བྱས་པ་ ཡིན་ཏེ། གཤིན་རྗེའི་མིའི་དབང་དུ་འགྲོ་བར་མི་འགྱུར་རོ། །ཡང་བརྒྱ་བྱིན་དེ་ངན་སོང་གི་འཇིགས་པས་ཉེན་ཅིང་གཤིན་རྗེའི་མི་མཐོང་བས་ཉམ་ཐག་པའི་ལྷ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །འདི་ལྟར་བདག་གིས་ཁྱེད་ཅག་ལ་ཆོས་གཅིག་ནས་བཟུང་སྟེ། རིམ་པ་རེ་རེ་ལས་བཅུ་བཞིའི་བར་དུ་ཆོས་བསྟན་ པ་རིམ་པ་དེ་ལ་བབ་སྟེ་དངོས་པོ་བཅོ་ལྔ་བཤད་པར་བྱའོ། །བཅོམ་ལྡན་འདས་ལས་བདག་གིས་ཇི་ལྟར་ཐོས་པ་དེ་ལྟར་ཁྱེད་ཅག་ལ་ཡང་བཤད་པར་བྱའོ། །དངོས་པོ་བཅོ་ལྔ་གང་ཞེ་ན། ཁྱིམ་གྱི་གནས་ནས་བྱུང་ནས་དགེ་སྦྱོང་དུ་དམ་བཅས་པས་སྤང་བར་བྱ་ཞིང་དམད་པར་བྱ་བ་དང ། གཞན་བྱེད་པ་ 69-1-252a ཡང་ཕྱིར་བཟློག་པར་བྱ་བ་གང་ཡིན་པ་དེ་དག་ཡིན་ནོ། །འདི་ལྟ་སྟེ། དང་པོ་ཁོ་ནར་དངོས་པོ་གོས་ངུར་སྨྲིག་ཉིད་ཡོངས་སུ་ཤེས་པར་བྱ་སྟེ། གང་རྒྱགས་པ་ཡང་དག་པར་སྐྱེད་པར་མི་བྱེད་པའི་གོས་ངུར་སྨྲིག་གི་རྣམ་པ་དེ་ལྟ་བུ་བགོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གོས་ངུར་སྨྲིག་གི་ རྒྱགས་པས་མྱོས་པ་ནི་ལུང་བོང་ལྟར་སྤྱོད་ཅིང་འགྲོ་བ་འབྱེད་པར་བྱེད་པ་ཡིན་ལ། རྒྱགས་པའི་ལུས་དེ་སྒེག་པ་ལྷུར་ལེན་པར་འགྱུར་རོ། །དེ་ནི་དགེ་བའི་ཆོས་སྒྲུབ་པར་མི་བྱེད་ལ། བུད་མེད་ལ་ལྟ་བ་ལྷུར་ལེན་པར་བྱེད་དོ། །དེ་རྒོད་པ་ལ་འཇུག་པར་བྱེད་དེ།དེ་ལྟར་སེམས་ཡང་བ་གཞན་གང་ཡིན་པ་ དེ་ཡང་གོས་ཀྱིས་རྒྱགས་པར་འགྱུར་རོ། །དེ་ལྟ་བས་ན་བགོ་བར་བྱ་བ་དེ་ནི་གང་གིས་དྲོ་བ་དང་གྲང་བས་འཇིགས་པར་མི་འགྱུར་ཞིང ། གང་གིས་ལུས་གཡོག་པ་ཙམ་དུ་གྱིས་ཤིག་དང ། དེ་ནི་བག་མེད་པའི་འགྲོ་བའི་དབང་དུ་མི་འགྱུར་ཞིང ། འཆི་བའི་དུས་ན་ཡང་འགྱོད་པ་ཡོད་པར་མི་འགྱུར་ རོ། །དངོས་པོ་ཡོངས་སུ་ཤེས་པར་བྱ་བའི་འདི་ནི་ཡོངས་སུ་ཤེས་པར་བྱ་བ་དང་པོ་ཡིན་ནོ། །གཞན་ཡང་དངོས་པོ་གང་ཡོངས་སུ་ཤེས་པར་བྱ་བ་གཉིས་པ་ནི་དགེ་སྦྱོང་ཆོག་ཤེས་པར་གནས་པས་ཤེས་པར་བྱ་བ་ཡིན་ཏེ། བདག་ཤེས་པ་འམ། རབ་ཏུ་བྱུང་བ་གང་གིས་ཚུལ་ཁྲིམས་དང་ལྡན་པར་ འགྱུར་སྙམ་ནས། དེའི་རྗེས་སུ་འཇུག་པར་བྱེད་ལ་སྦྱིན་བདག་དང་སྦྱིན་པ་པོ་ལས་མལ་སྟན་དང ། ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་དང་དེ་དང་འཐུན་པ་དང་དེ་དང་འདྲ་བ་དག་ལེན་པར་མི་བྱེད་པ་དེ་ནི། དེ་ལྟར་བར་ཆད་འབྱུང་བར་མི་འགྱུར་ཏེ། འདི་ནི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གཉིས་ པ་ཡིན་ནོ། །གཞན་ཡང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་གསུམ་པ་ནི་དེའི་ཆགས་པས་མལ་སྟན་ཡིད་ལ་མི་བྱ་བ་དང་དགོན་པ་དང་ཚལ་དེ་དག་ན་གནས་པ་བཏང་ནས། གང་དུ་ཡོན་ཏན་དང་ལྡན་པར་འགྱུར་བ་མ་ཡིན་པ་བསོད་སྙོམས་སམ། ཐུག་པ་མང་པོ་སྦྱིན་པ་དེ་དག་འདོད་པས་གྲོང་ གི་ནང་ངམ། གྲོང་ཁྱེར་གྱི་ནང་དུ་གནས་པ་དེ་ནི་དེའི་བར་ཆད་ཆེན་པོ་འབྱུང་ལ། དགེ་བའི་ཆོས་མི་སྒྲུབ་པ་དེ་དང་ཆོག་མི་ཤེས་པ་དེ་དང་ཡང་དག་ལྡན་པར་འགྱུར་རོ། །དགེ་སྦྱོང་གི་མཆོག་ནི་འདི་ཡིན་ཏེ་འདི་ལྟ་སྟེ། ཆོག་ཤེས་པ་དང་བག་ཡོད་པའོ། །ཆོག་མི་ཤེས་པ་དེ་དག་ཉིད་ལ་དགའ་བ་གང་ 69-1-252b ཡིན་པ་དེ་ནི་བསླུས་པར་འགྱུར་ཞིང ། མི་ངན་པ་དག་ལ་བར་ཆད་འབྱུང་སྟེ་ངན་སྐྱུགས་ཟ་བ་དང་མཚུངས་སོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་བཞི་བཅུ་གཉིས་པ། དེ་ནས་གཞན་ཡང་དངོས་པོ་བཞི་པ་ཡོངས་སུ་ཤེས་པར་བྱ་སྟེ། དེ་ཡང་གང་ཞེ་ན་ འདི་ལྟ་སྟེ། ཁ་ཏོན་རབ་ཏུ་ཤེས་ལ། ཁ་ཏོན་འདོན་པ་དེ་དང་ཡང་དག་པར་ལྡན་པ་ཤེས་པ་དེ་ཙམ་གྱིས་ཆོག་སྟེ་ལྷག་པར་མི་བསླབ་བོ། །བདག་གིས་ལྷག་པར་སོ་སོར་ཤེས་ན། སྦྱིན་བདག་དང་སྦྱིན་པ་པོ་དག་གིས་རྣ་ལམ་དུ་ཐོས་པ་ཡིན་ནོ་སྙམ་ནས། ན་བའི་གསོས་སྨན་རྐྱེན་གྱི་ཡོ་བྱད་རྣམས་ བདག་ལ་སྦྱིན་པར་བྱེད་དོ། །དེ་བདག་ལ་བར་ཆད་དང་ལྡན་པར་འགྱུར་བས། དེ་ནི་བདག་ལ་འོས་པ་མ་ཡིན་ནོ་སྙམ་པའི་བདག་ཉིད་དེ་ནི་ཆོག་ཤེས་པ་ཡིན་ཏེ། དགེ་སློང་དེ་ལྟ་བུ་ནི་ཆོག་ཤེས་པ་ཡིན་ནོ། །གཞན་ཡང་དངོས་པོ་ལྔ་པ་ཡོངས་སུ་ཤེས་པར་བྱ་བ་ནི་གང་གིས་འདོད་པ་ཆུང་བ་དང་ཆོག་ཤེས་པ་ དང་བག་ཡོད་པ་ལ་གནས་པ་ཡིན་ཏེ། དངོས་པོ་དེ་གང་ཞེ་ན། འདི་ལ་དགེ་སྦྱོང་གང་ཞིག་དགེ་འདུན་གྱིས་མངགས་སམ་ནད་པའི་ཕྱིར་རམ་ནོར་རྫས་ཀྱི་ཕྱིར་མངགས་པའམ་སྦྱིན་པ་པོ་དང་སྦྱིན་བདག་གི་དྲུང་དུ་མངགས་པ་ལས་ཁྱིམ་ལ་ཉེ་བར་སྟེན་པར་བྱེད་ལ། དེ་སྦྱིན་བདག་དེ་དག་གི་དྲུང་ན་བཏུང་བ་ དག་ཀྱང་འཐུང་ཞིང་འདུག་ན། དེ་ནི་དེའི་ཀུན་འབྱུང་བའི་བར་ཆད་དོན་མེད་པར་གྱུར་ལ། ལུས་ཡོངས་སུ་ངལ་བ་དོན་མེད་པ་དང ། རྩོལ་བ་དོན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་དེ་མངོན་པར་འདོད་ཅིང་རོ་ལ་འཆུམས་པས་ཉམས་པ་ཁྱིམ་དེ་ཉིད་དུ་འགྲོ་སྟེ། དེ་དེར་ཡང་བ་ཉིད་ཀྱིས་འགྲོ་བར་ བྱེད་དོ། །དེས་ན་བདག་ལ་ཕན་པར་མི་བྱེད་ལ། ནད་པ་ལ་ཡང་ཕན་པར་མི་བྱེད་ཅིང ། དགེ་འདུན་གྱི་བྱ་བ་ཡང་སྒྲུབ་པར་མི་བྱེད་དོ། །རྒྱུ་ཡང་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ་འདི་ལྟ་སྟེ། ཁྱིམ་གཅིག་ཏུ་འཇུག་ཅིང་བཟའ་བཏུང་ལ་དགའ་བ་ཉིད་དང་གང་ཆུང་ཟད་སྨྲ་བ་དང་འཆལ་པ་ཡིན་ཏེ། ཆོས་གསུམ་པོ་དེ་དག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པས་སྨད་པར་བྱ་བའི་གནས་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་ཆོག་ཤེས་པ་དང ། བག་ཡོད་པ་ལ་གནས་པ་དག་གིས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་དངོས་པོ་དྲུག་པ་ཡོངས་སུ་ཤེས་པར་བྱ་བ་ནི། དགེ་སྦྱོང་འདོད་ཆེན་ཆུང་ 69-1-253a བས་སམ། རབ་ཏུ་བྱུང་བ་བསོད་སྙོམས་ལ་ཡང་དག་པར་གནས་པས། ཇི་ཙམ་དུ་ཉིན་གཅིག་འགྲངས་པའི་བསོད་སྙོམས་དེ་ཙམ་ཞིག་བླང་བར་བྱའི། སང་དག་གི་ནི་སོ་སོར་བསགས་པར་མི་བྱའོ། །དེ་ལ་མངོན་པར་ཆགས་པར་གྱུར་ན་དེའི་སེམས་དེ་ཡང་བར་འགྱུར་ཏེ། བསམ་ གཏན་དང་འདོད་པ་དག་ལ་སེམས་དང་བ་མེད་པར་འགྱུར་རོ། །བསོད་སྙོམས་འདི་དག་ཟད་པར་མ་གྱུར་ཅིག་སྙམ་ནས། དེ་ལྟར་ཆུང་ངུ་ལ་ཆགས་པ་ཡང་བར་ཆད་དུ་འགྱུར་ན། རྙེད་པ་དང་བཀུར་སྟི་དེ་དག་ལ་མངོན་པར་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་དངོས་པོ་ཡོངས་སུ་འཛིན་པ་གང་ ཡིན་པ་དེ་དག་ནི་སྲེད་པས་ལྷག་པར་བཅིངས་པ་ཡིན་ནོ། །གཞན་ཡང་དངོས་པོ་བདུན་པ་ཡོངས་སུ་ཤེས་པར་བྱ་བ་དེ་གང་ཡིན་ཞེ་ན། འདི་ལ་མ་ཐོས་པ་དང་མ་མཐོང་བའི་ཡུལ་དང་ལྗོངས་སུ་རྒྱུ་བ་རྣམས་རྒྱུ་བ་ན། རིགས་ཆེན་པོ་ལས་རབ་ཏུ་བྱུང་བའི་དགེ་སྦྱོང་འདོད་ཆེན་ཆུང་བས་སྨྲ་བར་མི་བྱ་ སྟེ། འདི་ལྟར་བདག་རིགས་ཆེ་གེ་མོ་ཞིག་ལས་རབ་ཏུ་བྱུང་ངོ་ཞེའམ། བདག་རིགས་ཆེན་པོ་ལས་རབ་ཏུ་བྱུང་ངོ་ཞེས་དེ་སྐད་བདག་ཉིད་ཀྱིས་སྨྲ་བར་མི་བྱའོ། །གཞན་ཡང་ལྷན་ཅིག་གནས་པའམ། ཉེ་གནས་ཤིག་སྨྲ་ན་ཡང་ཕྱིར་བཟློག་པར་བྱའོ། །འདི་ལྟར་དགེ་སྦྱོང་གི་དངོས་པོ་ཙམ་ཉིད་ལས་སྦྱིན་ བདག་དང་སྦྱིན་པ་པོ་དག་མལ་སྟན་དང་ན་བའི་གསོས་སྨན་གྱི་རྐྱེན་གྱི་ཡོ་བྱད་རྣམས་བདག་ལ་སྦྱིན་པར་བྱེད་དེ། དེས་ནི་བདག་དངོས་པོ་ཡོངས་སུ་འཛིན་པ་དང་ལྡན་པར་འགྱུར་ལ། ཇི་སྟེ་མ་བླངས་ན་བདག་གི་ཉེ་གནས་དེའི་ཡིད་མི་དགའ་བར་འགྱུར་རོ། །དེ་གལ་ཏེ་བདག་ལ་ཡིད་མི་དགའ་བར་བྱེད་ན་ དེ་དེ་དག་གི་བར་ཆད་དུ་འགྱུར་ཏེ། འཇིག་རྟེན་ཕ་རོལ་ལ་ཕན་པར་མི་འགྱུར་རོ། །དངོས་པོ་ཡོངས་སུ་བཟུང་བ་ཡང་དེ་ལྟར་ཡོངས་སུ་ཤེས་པར་བྱ་སྟེ། དགེ་སློང་དེ་ལྟ་བུ་ནི་འདོད་ཆེན་ཆུང་བར་འགྱུར། སྲིད་པས་མི་ཟིན་པར་འགྱུར། སེམས་གཡེངས་པར་མི་འགྱུར། དྲན་པ་ཉེ་བར་གནས་པར་འགྱུར། དམ་པའི་ ཆོས་དང་བསམ་གཏན་ལ་གནས་པའི་ཀུན་དགའ་བ་ལ་མངོན་པར་དགའ་བར་འགྱུར། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང ། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དང ། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དང ། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་འགྱུར་ཏེ། འདོད་ཆེན་ཆུང་བ་དེ་ནི་སྲིད་པའི་བཙོན་ར་ལས་འབྲོས་པར་ 69-1-253b ནུས་སོ། །གཞན་ཡང་འདི་ལ་དགེ་སློང་འདོད་ཆེན་ཆུང་བ་ཆོག་ཤེས་པ། རྙེད་པ་དང་བཀུར་སྟིའི་འཇིགས་པ་དང་བྲལ་བས་དངོས་པོ་བརྒྱད་པ་ཡོངས་སུ་ཤེས་པར་བྱ་སྟེ། དངོས་པོ་ཡོངས་སུ་ཤེས་པར་བྱ་བ་དེ་གང་ཞེ་ན། འདི་ལ་སྐྱེ་བོ་མང་པོ་འཛིན་པ་སྣོད་སྤྱད་དང་ཡོ་བྱད་མང་བ་ལྷན་ཅིག་གནས་པ་མང་ བ། རྙེད་པ་དང་བཀུར་སྟི་ལ་མངོན་པར་དགའ་བ་མང་བ། རོ་ལ་འཆུམས་པ། སྤྱན་འདྲེན་པ་ལ་ཤིན་ཏུ་ཡིད་ཞུགས་པ། གཉེན་འདུན་ལྟ་འདོད་པའི་དགེ་སྦྱོང་གིས་ཡུལ་རྒྱུ་བའི་བྱ་བའམ་ལྷན་ཅིག་གནས་པའམ་འགྲོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བག་མེད་པས་ཕྲོགས་པའི་དགེ་སློང་དེ་ཇི་ལྟར་རྙེད་ པ་དང་བཀུར་སྟི་ལ་མངོན་པར་དགའ་བ་དེ་ལྟར་དེ་ཡང་སྐྱེ་བོས་ཤེས་པར་འགྱུར་ལ། དེ་ལྟར་འགྲོགས་པ་དེ་ལ་ཡང་རྙེད་པ་དང་བཀུར་སྟིས་གོས་པར་འགྱུར་རོ། །གལ་ཏེ་བླང་བ་དག་ཇི་སྟེ་ལེན་པར་མི་བྱེད་ན། སྣོད་སྤྱད་དང་ཡོ་བྱད་མང་བ་དང ། སྤྱན་འདྲེན་པ་ལ་མངོན་པར་དགའ་བ་དེའི་ཡིད་ཀྱི་འདུན་པ་ལ་ མངོན་པར་གནོད་པར་འགྱུར་རོ། །སྦྱིན་བདག་དང་སྦྱིན་པ་པོ་རྣམས་ཀྱི་དྲུང་དུ་ཡང་སོང་ནས། དགེ་སློང་འདོད་ཆེན་ཆུང་བ་དེ་ལ་སྨོད་པར་བྱེད་དེ། འདི་ལྟར་དགེ་སློང་འདི་ནི་ཚུལ་འཆོས་པ། སྐྱེ་བོ་ཐམས་ཅད་སླུ་བར་བྱེད་པ་ཡིན་ལ་ནང་གི་ཡིད་ནི་སྡིག་པ་ཅན་ཡིན་ནོ་ཞེས་དེ་ལྟར་དེ་ལ་ཡང་གནོད་པར་བྱེད་ལ། བདག་ཉིད་ལ་ཡང་གནོད་པར་བྱེད་དོ། །དེ་ལྟ་བས་ན་འདོད་ཆེན་ཆུང་བའི་དགེ་སློང་དང་འདོད་ཆེན་ཆེ་བ་དང་ལྷན་ཅིག་ཡིད་ཀྱི་ཉེས་པས་གནས་པར་མི་བྱའོ། །གཞན་ཡང་འདི་ལྟར་འདོད་ཆེན་ཆུང་བའི་དགེ་སློང་འཁོར་བས་འཇིགས་ཤིང་སྐྲག་པ་རྙེད་པ་དང་བཀུར་སྟི་དང་བྲལ་བ། རྟག་ཏུ་སེམས་མཉམ་ པར་བཞག་པས་དངོས་པོ་དགུ་པ་ཡོངས་སུ་ཤེས་པར་བྱའོ། །དངོས་པོ་ཡོངས་སུ་ཤེས་པར་བྱ་བ་གང་ཞེ་ན། འདི་ལྟར་ཁྱིམ་ན་གནས་པ་རིག་པའི་གནས་རྣམས་ལ་གོམས་པ་གང་ཡིན་པ་དེ་དག་རབ་ཏུ་བྱུང་བར་གྱུར་ནས། དེ་རྣམས་བསྒྲག་པར་མི་བྱ་སྟེ་འདི་ལྟ་སྟེ། སྨན་པའམ། རི་མོ་མཁན་ནམ། གར་མཁན་ནམ། གཏར་མཁན་ནམ། རྣམ་པ་དེ་ལྟ་བུ་དང་འཐུན་པའམ། རིག་པའི་གནས་གཞན་དག་ཀྱང་རུང་བསྒྲག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་རྙེད་པ་དང་བཀུར་སྟི་ལ་མངོན་པར་དགའ་བར་སྦྱིན་བདག་དང་སྦྱིན་པ་པོས་མངོན་པར་ཤེས་པར་གྱུར་ན། དེ་ནི་བདག་གི་བར་ཆད་དུ་འགྱུར་ཞིང་དེ་ 69-1-254a ལ་རྣམ་པར་ཆགས་ན། དགེ་བའི་ཆོས་རྣམས་སྒྲུབ་པར་མི་འགྱུར། སེམས་རྩེ་གཅིག་ཏུ་མི་འགྱུར། བསམ་གཏན་གྱི་ཟས་རྣམས་ལ་བདག་གི་སེམས་དང་བར་མི་འགྱུར། དེ་བདག་གི་བར་ཆད་དུ་འགྱུར། བདག་དང་གཞན་ལ་ཕན་པ་ཉམས་པར་འགྱུར་རོ། །ལྷན་ཅིག་གནས་པ་ལྷུར་མི་ བྱ་སྟེ། ཡིད་དེ་དང་ཆགས་པ་དེ་ནི་ཕན་པར་མི་འགྱུར་བས་དེ་ལྟ་བས་ན་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་དགེ་སློང་འདོད་ཆེན་ཆུང་བ་བློ་དང་ལྡན་པ་རྙེད་པ་དང་བཀུར་སྟི་སྤོང་བར་འདོད་པས། དངོས་པོ་བཅུ་པ་ཡོངས་སུ་ཤེས་པར་བྱ་སྟེ། འདི་ལྟར་གྲོང་ཁྱེར་དང་ཉེ་བ་ནའམ། གྲོང་དང་ཉེ་བ་ནའམ། ་ རི་འོར་དང་ཉེ་བ་ནའམ། ཚོང་འདུས་དང་ཉེ་བའི་གཙུག་ལག་ཁང་ན་གནས་པ་གང་ཡིན་པ་འདི་དག་མཐོང་སྟེ། དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་གང་བ་དང ། ཁ་ཟས་ཀྱིས་གང་བ་དང ། ཆང་འཐུང་བས་གང་བ་དང ། ཉོ་ཚོང་བྱེད་པས་གང་བ་དང ། སྦྱོར་བ་བྱེད་པས་གང་བ་དང ། ཁང་པ་ཆུང་ངུའི་ནང་ན་ གནས་པའི་སྟེ་ན་གྲོགས་རྣམས་དང་དགེ་སློང་དག་ལྷན་ཅིག་གནས་པ་མཐོང་ན། དགེ་སློང་འདོད་ཆེན་ཆུང་བ་ཡིད་ཞི་བ། བདུད་ཀྱི་འཆིང་བ་གཅོད་པར་འདོད་པས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གྲོང་ཁྱེར་པའམ། གྲོང་མིའམ། རི་བྲགས་ན་གནས་པའམ། ཚོང་འདུས་ན་གནས་པ་དེ་དག་གིས་དགེ་ སློང་མི་བརྟན་པ་དེ་དག་ཚུལ་ཁྲིམས་འཆལ་པར་ཁོང་དུ་ཆུད་ཅིང་རིག་ནས། དགེ་སློང་གཅིག་པོ་དེ་ལ་རྙེད་པ་དང་བཀུར་སྟི་བྱེད་དོ། །དེ་གལ་ཏེ་སོ་སོར་བླངས་ན་ནི། འདོད་ཆེན་ཆུང་བར་མི་འགྱུར་ལ། ཇི་སྟེ་སོ་སོར་མ་བླངས་ན་ནི་སྦྱིན་པ་པོ་དེ་རྣམས་ཀྱི་བར་ཆད་དུ་འགྱུར་ཞིང་གཅིག་པོ་དེ་ལ་སྦྱིན་པ་བྱིན་པ་ གང་ཡིན་པ་དེ་ལ་ཞེ་སྡང་གི་སེམས་རབ་ཏུ་ཉེས་པའི་དགེ་སློང་གཞན་གང་ཡིན་པ་དེ་དག་ལ་ཡང་བར་ཆད་དུ་འགྱུར་རོ། །སྐྱོན་དེ་དག་རྟོགས་ནས། དགེ་སློང་འདོད་ཆེན་ཆུང་བས་ཀུན་དུ་སྤྱོད་པ་དང་འདྲེས་པ་རྣམས་དང་ལྷན་ཅིག་གནས་པར་མི་བྱའོ། །གཞན་ཡང་དངོས་པོ་བཅུ་གཅིག་པ་ཡོངས་སུ་ ཤེས་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པའི་ཤེས་པས་ལྟས་དག་སྟོན་པའི་ཤེས་པ་གང་ཡིན་པ་དེ་ཡང་དེས་གཞན་དག་ལ་སྨྲ་བར་མི་བྱའོ། །འདི་ལྟར་དགྲ་བཅོམ་པ་ཡིན་ནོ་སྙམ་དུ་ཤེས་ནས། དེ་ལ་རྙེད་པ་དང་བཀུར་སྟིས་མཆོད་པ་བྱེད་ལ་དེ་ནི་དེའི་བར་ཆད་དུ་འགྱུར་རོ། །འདོད་ཆེན་ཆུང་བ་སེལ་བར་མི་ 69-1-254b འགྱུར་རོ། །གཞན་ཡང་དངོས་པོ་བཅུ་གཉིས་པ་ཡོངས་སུ་ཤེས་པར་བྱ་སྟེ། འདི་ལྟར་གང་གིས་ཞིང་འདི་ལ་སྦྱིན་པ་ཆེན་པོ་སྦྱིན་པར་བྱེད་དོ་སྙམ་ནས། རྨད་དུ་བྱུང་བ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་རིང་བསྲེལ་དག་ཁྱེར་ནས། གྲོང་ཁྱེར་ནས་གྲོང་ཁྱེར་དང ། གྲོང་ནས་གྲོང་དང ། རི་བྲགས་ནས་རི་ བྲགས་དང ། ཚོང་འདུས་ནས་ཚོང་འདུས་སུ་འགྲོའོ། །དེ་ཡང་ཐོས་པ་ཉུང་བ་ཡིན་ལ། དེས་འདོད་ཆེན་ཆུང་བ་ཤིན་ཏུ་ཐོས་པ་མང་པོ་དང་ལྡན་པ་དེ་ལ་ཆེད་དུ་བརྗོད་ཅིང་གཟེངས་བསྟོད་དེ་ཡང་དག་པར་དགའ་བར་བྱས་ནས་འཇུག་པར་བྱེད་དོ། །འདི་སྙམ་དུ་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་ཐོས་པ་མང་ པོས་ཆོས་འཆད་ལ། རིང་བསྲེལ་རྣམས་ལ་ཡང་གུས་པའི་སྦྱིན་བདག་དང་སྦྱིན་པ་པོ་དག་ཡོན་འབུལ་བར་བྱེད་དེ། ནོར་རྫས་དེ་དག་བདག་གིར་བྱའོ་སྙམ་དུ་སེམས་ན། འདོད་ཆེན་ཆུང་ཞིང་ཤིན་ཏུ་ཆོག་ཤེས་པ་དེ་དེ་དང་ལྷན་ཅིག་འགྲོགས་པར་མི་བྱ་འཁོད་པར་མི་བྱའོ། །གཞན་གྱི་སྐྱོན་དེས་ཚུལ་ཁྲིམས་ འཆལ་པ་དེ་ཡང་སྦྱིན་བདག་དང་སྦྱིན་པ་པོ་དག་གིས་ཤེས་པར་འགྱུར་ཏེ་དེ་དག་གི་བར་ཆད་དུ་འགྱུར་རོ། །དེ་ལྟ་བས་ན་ཡང་དག་པ་ཡིད་ལ་བྱེད་པའམ། གཤིན་རྗེའི་གནས་ལ་འཇིགས་ཤིང་སྐྲག་པའམ། བག་མེད་པས་འཇིགས་པ་ནི་ཚུལ་ཁྲིམས་འཆལ་པ་དང་ལྷན་ཅིག་འགྲོགས་པར་མི་བྱ་གནས་ པར་མི་བྱའོ། །གཞན་ཡང་དངོས་པོ་བཅུ་གསུམ་པ་ཡོངས་སུ་ཤེས་པར་བྱ་སྟེ། དགེ་སློང་འདོད་ཆེན་ཆུང་བ་བསོད་སྙོམས་སྤྱོད་པ་བག་ཡོད་པར་གནས་པ་རོ་ལ་ཆགས་པ་རྣམ་པར་སྤངས་པས་གཞན་གྱིས་དྲོད་མི་ཟིན་པར་རྟག་ཏུ་བརྟན་པ་དང་ལྡན་པར་བྱའོ། །གཞན་ཡང་དངོས་པོ་བཅུ་བཞི་པ་ཡོངས་སུ་ཤེས་ པར་བྱ་སྟེ། ཕྱག་དར་ཁྲོད་ན་གནས་པའམ། ཕྱག་དར་རྣམས་ཀྱིས་ཆོག་ཤེས་པ་ནི་ཆོག་ཤེས་པར་བྱ་བའི་དོན་དུ་གོས་ཤིན་ཏུ་ཟད་པ་དག་གྱོན་པར་བྱེད་དོ། །གཞན་ཡང་དགེ་སློང་ཆོག་ཤེས་པ་བདུད་ཀྱི་སྡེ་འཇོམས་པར་བྱེད་པས། དངོས་པོ་བཅོ་ལྔ་པ་ཡོངས་སུ་ཤེས་པར་བྱ་སྟེ། བཅོ་ལྔ་གང་ཞེ་ན་འདི་ལྟ་སྟེ། སྡིག་ པའི་གྲོགས་པོ་སྤངས་པ། གཅིག་པུ་གནས་ཤིང་གཅིག་པུ་གནས་པར་སྟོན་པ་ནི་ཐོག་མ་མེད་པའི་དུས་ནས་ཞུགས་པ། ཉོན་མོངས་པའི་རི་སྲ་བ་སྦྱོང་བར་བྱེད་དོ། །དེ་ལྟར་ཆོག་ཤེས་པ་ནི་ཤིན་ཏུ་བདེ་བ་དང་ལྡན་ཞིང་འཆི་བའི་ཚེ་ཡང་གཤིན་རྗེའི་མིའི་དབང་དུ་འགྲོ་བར་མི་འགྱུར། གཤིན་རྗེའི་ཕོ་ཉ་ 69-1-255a གཟུགས་དང་བཞིན་དང་མིག་མི་སྡུག་པར་བསྒྱུར་བ་རྣམས་མཐོང་བར་མི་འགྱུར་ལ། ཤིན་ཏུ་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་གྱིས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟ་ཇི་ལྟར་ཆོག་ཤེས་ལ། །སྡོམ་བརྩོན་རྟག་ཏུ་སྟེན་བྱེད་པ། །དེ་ལྟ་དེ་ལྟར་ཞི་བ་ཡི། ། དྲུང་དུ་དེ་ནི་འཇུག་པར་བྱེད། །བྱ་བ་རྣམས་ལ་བྱེད་མེད་ཅིང ། །མྱ་ངན་འདས་ལ་འབད་ལྡན་པ། །དེ་ནི་བདུད་ཀྱི་ཡུལ་དག་ལ། །ནམ་ཡང་འཇུག་པར་མི་འགྱུར་རོ། །གང་གི་ཡིད་ལ་འདོད་ཆགས་བྲལ། །རྟག་ཏུ་འབད་པ་ཉིད་དག་དང ། །ཡེ་ཤེས་ལ་ནི་རྒྱུན་དུ་བརྩོན། །དེ་ནི་སྡུག་བསྔལ་ག་ལ་ འདོད། །འདས་པའི་འཇིགས་པ་ཡང་དག་དྲན། །ད་ལྟར་བྱུང་ནའང་བློ་དང་ལྡན། །མ་འོངས་ཆོག་ཤེས་ལྡན་པ་གང ། །དེ་ནི་ཉོན་མོངས་འཆིང་ལས་གྲོལ། །བག་ཡོད་པ་ལ་རྟག་ཏུ་དགའ། །སྔར་མ་དང་ནི་གཅུགས་པ་མེད། །དྲི་མེད་ཤེས་ལ་སྟེན་པ་དེ། །མྱ་ངན་འདས་པའི་མཐའ་ལ་གནས། བག་མེད་པ་ཡང་ཉམས་གྱུར་ན། །ལྷ་རྣམས་བདེ་བ་ཆེན་པོ་འཐོབ། །བག་མེད་པ་ལ་གནས་པ་གང ། །སྐྱེས་བུ་དེ་ནི་འཆི་འགྱུར་ན། །མི་གང་རྨོངས་པ་བག་མེད་པའི། །དབང་དུ་བསྟེན་པ་སྨོས་ཅི་དགོས། །གང་ཞིག་རྟག་ཏུ་ཡེ་ཤེས་ཆུས། །འཚོ་བ་རབ་ཏུ་མྱོས་པ་མེད། །བག་མེད་པ་ལས་ བག་ཡོད་པ། །འདི་ནི་མཆོག་ཏུ་འདོད་པ་ཡིན། །བག་མེད་སྡུག་བསྔལ་རྩ་བ་སྟེ། །ཉེས་པ་འཆི་བ་བཞིན་དུ་སྤོངས། །དེ་ལྟར་བརྒྱ་བྱིན་གྱིས་སྤྲུལ་པའི་གཤིན་རྗེའི་མིས་འཇིགས་ཤིང་སྐྲག་པའི་ལྷ་དེ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །གང་སེམས་རབ་ཏུ་དང་ཞིང་མངོན་པར་འདོད་པའི་ལྷ་དེ་ རྣམས་ཀྱིས་གཤིན་རྗེའི་མི་དེ་རྣམས་དང ། དེ་རྣམས་ཀྱི་གཟུགས་མི་སྣང་བར་བློས་མངོན་སུམ་དུ་མཐོང་ནས། ལྷ་དེ་རྣམས་སེམས་རངས་པར་གྱུར་ཏོ། །དེ་ནས་ཡང་འཇིགས་ཤིང་སྐྲག་ནས་ཚལ་དང་ཉེ་བའི་ཚལ་རྣམས་སུ་གབ་པའི་ལྷ་གང་ཡིན་པ་དེ་དག་གིས་ཀྱང་བརྒྱ་བྱིན་མཐོང་ནས་ག་ལ་བ་དེར་དོང་སྟེ་ ཕྱིན་པ་དང ། བརྒྱ་བྱིན་ཆོས་དེ་སྟོན་པར་བྱེད་དོ། །བརྒྱ་བྱིན་གྱིས་དེ་རྣམས་ཀྱི་སེམས་དེ་དག་རིག་ནས། ཇི་ལྟ་ཇི་ལྟར་ལྷ་དེ་རྣམས་ཀྱི་སེམས་དེ་དག་དགའ་བར་འགྱུར་བ་དེ་ལྟ་དེ་ལྟར་མཐར་གྱིས་སྤྲུལ་པ་དེ་རྣམས་མི་སྣང་བར་བྱེད་དོ། །དེ་ནས་ཡང་ཆོས་ལ་གུས་པ་སྐྱེས་པ་རྣམས་ཆོས་ཉན་པར་བྱེད་ཅིང་བརྒྱ་བྱིན་ལ་ 69-1-255b ཡང་གསོལ་བ་འདེབས་ཏེ། འདི་ལྟར་ཆོས་ཀྱི་མཐུ་འདི་ནི་བདག་ཅག་གི་མངོན་སུམ་དུ་གྱུར་ཏོ། །ཇི་ལྟ་ཇི་ལྟར་ཁྱོད་ཀྱིས་བདག་ཅག་ལ་ཆོས་འདི་དག་སྟོན་པར་མཛད་པ་དེ་ལྟ་དེ་ལྟར་གཤིན་རྗེའི་མི་འདི་དག་འབྲོས་ཤིང་མི་སྣང་བར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བའི་མཐུ་ འདི་ཐོས་པ་ཙམ་གྱིས་དེ་ལྟར་བགྱིད་ན། སྒྲུབ་པ་གང་ལགས་པ་དེ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ་འཆི་བ་མེད་པའི་གནས་སུ་མཆིའོ། །དེ་ནས་བརྒྱ་བྱིན་ཡིད་རབ་ཏུ་དགའ་ནས་བདག་གིས་ཐམས་ཅད་དུ་བྱ་བ་བྱས་པར་གྱུར་ཏོ། །བདག་གིས་ཤིན་ཏུ་བག་མེད་པ་ལ་གནས་པ་གང་ཡིན་པ་དེ་དག་བག་ ཡོད་པའི་རྙི་ལ་བཙུད་དོ་སྙམ་མོ། །ཡང་ཡིད་རབ་ཏུ་དགའ་བ་འདི་རྣམས་ལ་བདག་གིས་ཆོས་ཟབ་མོ་བླ་མ་གཞན་དག་ལས་ཇི་ལྟར་ཐོས་པ་བཞིན་བཤད་པར་བྱའོ། །ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཡིན་ཏེ། དེ་ནི་བདག་གིས་སྔོན་གྱི་ལྷ་རྣམས་ལས་བརྒྱུད་ དེ་ཐོས་སོ། །བཅོམ་ལྡན་འདས་ལས་ཀྱང་དེ་བཞིན་དུ་ཐོས་ཏེ། བདག་གིས་ཇི་ལྟར་ཐོས་པ་དེ་དེ་བཞིན་དུ་ལྷ་དེ་རྣམས་ལ་བཤད་པར་བྱའོ། །འཕགས་པའི་བདེན་པ་བཞིའི་གཏམ་དང་འདྲེས་པར་གྱུར་པ་རྣམས། འཕགས་པའི་བདེན་པ་རེ་རེ་ལ་རྣམ་པ་བཞི་བཞིར་ཕྱེ་སྟེ་བཤད་པ་དང ། དེ་བཞིན་ དུ་ལྷ་དེ་རྣམས་ལ་ཤིན་ཏུ་ཕན་པ་བྱས་པར་འགྱུར་རོ། །ཐབས་གང་ཡིན་པ་དེས་ཆོས་བཤད་དེ། ཤིན་ཏུ་ཕན་པར་བྱས་པ་དང་འཁོར་བར་ཆུད་པའི་སེམས་ཅན་རྣམས་ཀྱི་ཡིད་ཉིད་ལ་རྟག་ཏུ་འཇོག་པར་བྱེད་དོ། །དེ་ལ་དངོས་པོ་བཅོ་ལྔ་ནི་བསྟན་ཟིན་ཏོ། །ད་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ རྣམ་པ་བཅུ་དྲུག་པོ་དག་རིམ་པ་དང་འཐུན་པ་དང་སྦྱོར་བ་དང་འཕགས་པའི་བདེན་པའི་ཕྱོགས་དབྱེ་བ་དང་རང་གི་མཚན་ཉིད་དང་རྒྱུའི་མཚན་ཉིད་ཀྱིས་ལྷ་འདི་དག་ལ་བཤད་པར་བྱའོ། །དེ་ལ་རིམ་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་རྣལ་འབྱོར་པ་རང་གི་ལུས་ཀྱི་ཆ་ཤས་ལ་སེམས་སྤྲེའུ་ལྟ་བུ་འདོགས་པར་ བྱེད་དོ། །རྣམ་པར་ཤེས་པ་དགག་པའི་དོན་དུ་གཙོ་བོ་གང་གིས་འདོགས་པར་བྱེད་ཅེ་ན་དེ་ནི་ཡིད་རྩེ་གཅིག་པས་སོ། །དེ་ནས་ལུས་ཀྱི་མཚན་ཉིད་རིམ་གྱིས་སྤྱོད་པར་བྱེད་དེ། དེ་ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པ་དང་ལུང་དུ་མ་བསྟན་པའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །བདེ་བ་དང་ 69-1-256a སྡུག་བསྔལ་བ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་མཚན་ཉིད་དེ་དག་གི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་སོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་གི་རང་ གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ལྟ་བར་བྱེད་དོ། །དེ་ལྟར་རྣལ་འབྱོར་པ་དེ་ཆོས་ཤེས་བྱ་བ་ལ་ཞུགས་ཏེ། ཞི་བ་དང་རྟོགས་པར་ཆུད་པ། འདུ་བྱེད་ཐམས་ཅད་ཀྱི་རང་གི་མཚན་ཉིད་ལ་ལྟ་བར་བྱེད་ཅིང་འཕགས་པའི་བདེན་པ་བཞིའི་མཚན་ཉིད་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལ་ལྟ་བར་བྱེད་ དོ། །དྲན་པ་ཉེ་བར་གཞག་པ་ནི་འདི་དག་ཐམས་ཅད་ཡིན་ཏེ། འདི་ལྟ་སྟེ། སྐད་ཅིག་མ་གཅིག་ནས་གཅིག་ཏུ་འཇུག་པ་མི་རྟག་པ་དང་དབང་ཕྱུག་རྟག་པ་དང་བྲལ་བ་ཉིད་ཀྱིས་སྟོང་པ་དང་དབང་ཕྱུག་དང་བྲལ་བ་ཉིད་ཀྱིས་བདག་མེད་པ་དང ། ཉོན་མོངས་པ་འཇིག་པ་ཕ་རོལ་དུ་འགྲོ་བ་ཉིད་ཀྱིས་ སྡུག་བསྔལ་བ་ཡིན་ཏེ། དེ་ལྟར་དེ་དྲན་པ་ཉེ་བར་གཞག་པ་བཞི་དག་ལ་ལྟ་བར་བྱེད་དོ། །འཕགས་པའི་བདེན་པ་བཞིའི་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མཐོང་བ་དང་དྲོ་བ་ཞེས་བྱ་བ་ཆོས་ཀྱི་བློ་སྐྱེ་སྟེ། ཇི་ལྟར་མེ་འབྱུང་བ་ན་སྔར་དུ་བ་འབྱུང་ལ་ཕྱིས་མེ་འབྱུང་བ་དང་ཇི་ལྟར་གཙུབ་ཤིང་གིས་གཙུབས་པ་ ན་དྲོ་བ་སྔར་འབྱུང་ལ། ཕྱིས་མེ་འབྱུང་བར་འགྱུར་བ་དེ་ལྟར་ཉོན་མོངས་པ་དང་མི་ཤེས་པ་ཐམས་ཅད་ཀྱི་གཉེན་པོའི་རྟགས་དྲོ་བ་འབྱུང་བར་འགྱུར་རོ། །འཕགས་པའི་ཆོས་འདུལ་བ་ལ་འཕགས་པའི་བདེན་པ་བཞི་དཔྱོད་པ་རྣམ་པ་བཅུ་དྲུག་ཏུ་ཆུད་པ། དགའ་བ་དང་དང་བ་ཙམ་ཡིན་ནོ། ། དྲོ་བར་གྱུར་པའི་ཆོས་དེ་ཇི་ལྟར་འབྱུང ། གཙོ་བོ་འཕགས་པའི་བདེན་པ་བཞི་ལ་ཇི་ལྟར་འབྱེད་ཅེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པ་སྡུག་བསྔལ་བ་ནི་འདི་དག་ཡིན་ཏེ། རྒྱུ་དང་རྐྱེན་ཉིད་ཀྱིས་མི་རྟག་པ་དང་གནོད་པ་ཉིད་ཀྱིས་སྡུག་བསྔལ་བ་དང་སྐྱེས་བུ་དང་བྲལ་བ་ཉིད་ཀྱིས་སྟོང་པ་དང་རང་ དབང་དུ་མི་འཇུག་པ་ཉིད་ཀྱིས་བདག་མེད་པ་ཡིན་ཏེ། དེ་ལྟར་རྣལ་འབྱོར་པ་དེ་འཕགས་པའི་བདེན་པ་སྡུག་བསྔལ་བ་ལ་རྣམ་པ་བཞིར་འབྱེད་དོ། །འཕགས་པའི་བདེན་པ་སྡུག་བསྔལ་བའི་འོག་ཏུ་ཀུན་འབྱུང་བ་འབྱུང་ངོ ། །ཀུན་འབྱུང་བ་དེ་ལ་ཡང་རྣམ་པ་བཞིར་འབྱེད་དེ། འདི་ལྟ་སྟེ། འདུ་བྱེད་ 69-1-256b འབྲེལ་བར་འཇུག་པ་ཉིད་ཀྱིས་ཀུན་འབྱུང་བ་དང་དེ་འབྲས་བུ་དང་འཐུན་པ་ཉིད་ཀྱིས་རྒྱུ་དང་རབ་ཏུ་འབྱེད་པའི་རྣམ་པ་ཀུན་ཉིད་ཀྱིས་རབ་ཏུ་སྐྱེ་བ་དང་འབྲས་བུ་དང་མི་འཐུན་པར་འབྲེལ་པ་ཉིད་ཀྱིས་རྐྱེན་ཡིན་ནོ། །འགོག་པ་ལ་ཡང་རྣམ་པ་བཞིར་འབྱེད་དེ། གཙོ་བོ་རྣལ་འབྱོར་པ་དེ་ཇི་ལྟར་ འབྱེད་ཅེ་ན་འདི་ལྟ་སྟེ། ཉོན་མོངས་པ་ཀུན་མེད་པ་ཉིད་ཀྱིས་འགོག་པ་དང་ཉོན་མོངས་པའི་མེ་སྤངས་པ་ཉིད་ཀྱིས་ཞི་བ་དང་ཆོས་ཀུན་གྱི་གཙོ་བོ་ཉིད་ཀྱིས་གྱ་ནོམ་པ་དང་འཁོར་བ་ལས་ངེས་པར་འབྱིན་པ་ཉིད་ཀྱིས་ངེས་པར་འབྱུང་བ་ཡིན་ནོ། །གཙོ་བོ་རྣལ་འབྱོར་པ་དེ་ལམ་ལ་ཡང་ རྣམ་པ་བཞིར་འབྱེད་དེ་འདི་ལྟ་སྟེ། བྱང་གྲོལ་འཐོབ་པ་ཉིད་ཀྱིས་ལམ་དང་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་རིགས་པ་དང་འཕགས་པའི་སྐྱེ་བོ་ཐམས་ཅད་གནས་པ་ཉིད་ཀྱིས་སྒྲུབ་པ་དང་འཁོར་བའི་ཉོན་མོངས་པ་འགོག་པ་ཉིད་ཀྱིས་ངེས་པར་འབྱིན་པ་ཡིན་ནོ། །དེ་ལྟར་བདག་གིས་ རྣལ་འབྱོར་རྒྱ་ཆེན་པོ་རྣམ་པ་བཅུ་དྲུག་ཁྱེད་ལ་བསྟན་པ་ཡིན་ཏེ། དྲོ་བ་ནི་དེ་ལྟ་བུ་ཡིན་ནོ། །དེས་ན་དེའི་དྲོ་བར་གྱུར་པ་ཞེས་བྱ་བའི་ཆོས་འཕེལ་བར་གྱུར་ན། སྤྱི་བོ་ཞེས་བྱ་བའི་ཆོས་སྐྱེ་བར་འགྱུར་ཏེ། ཡོན་ཏན་དང་ལྡན་པའི་དཀོན་མཆོག་གསུམ་དང་ཕུང་པོའི་ཉེས་དམིགས་ལ་མངོན་པར་དད་པའི་ རྣལ་འབྱོར་པ་དེ། དེ་ལས་གཞན་པ་ཁྱད་པར་དུ་འཕགས་པ་སྤྱི་བོ་ལ་དཔྱོད་པར་བྱེད་དོ། །སྤྱི་བོར་གྱུར་པ་ཞེས་བྱ་བའི་ཆོས་དེ་མདོར་བསྡུ་ན་རིའི་སྤྱི་བོ་ལྟ་བུ་ཡིན་ནོ། །དེའི་འོག་ཏུ་གཙོ་བོའི་སྤྱི་བོ་འཕེལ་བ་དང་རྗེས་སུ་འཐུན་པའི་བཟོད་པ་ཞེས་བྱ་བ་དགེ་བའི་རྩ་བ་སྐྱེ་བར་འགྱུར་ཏེ། གསུམ་གྱི་སྐབས་ བདེན་པ་དེ་བཟོད་པ་ཉིད་ཀྱིས་སྤྱི་བོའི་རྣམ་པ་དང་མི་འཐུན་པའི་བཟོད་པ་ཞེས་བྱ་བའི་ཆོས་འབྱུང་སྟེ། དེ་ནི་བཟོད་པ་ཉིད་ཀྱིས་བཟོད་པ་ཞེས་བྱ་བའི་ཆོས་འབྱུང་ངོ ། །བཟོད་པ་འཕེལ་བས་སྐད་ཅིག་གཅིག་ལ་འཇིག་རྟེན་པའི་ཆོས་ཀྱི་མཆོག་འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་དེ་ དག་དུས་དེ་ལ་འབྱུང་ངོ ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་པ་དང ། དེའི་འོག་ཏུ་རྒྱུན་དུ་ཞུགས་པར་འགྱུར་ལ་དེར་ནི་བདག་གི་ལུས་དབང་དུ་ཡོད་དེ། དེ་ནི་གཤིན་རྗེའི་མི་རྣམས་མི་མཐོང་ཞིང་དེ་དག་ལ་འཇིགས་པ་མེད་དོ། །གཙོ་བོ་དེ་དག་ཐམས་ཅད་ནི་བག་ཡོད་པས་ཐོབ་པར་འགྱུར་ཏེ། 69-1-257a དེ་ལྟ་བས་ན་བག་ཡོད་པ་ལ་གོམས་པར་བྱའོ། །དེ་ནས་བརྒྱ་བྱིན་གྱིས་དེའི་ཚེ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དབུགས་འབྱུང་རྔུབ་པའི་ཆོ་ག་ཤེས། །རྣམ་པ་བཅུ་དྲུག་དེ་ཉིད་རིག་།དྲོ་བར་གྱུར་པའི་ཚུལ་ཤེས་གང ། །བཟོད་པའི་དེ་ཉིད་ཚུལ་ལ་ མཁས། །འཇིག་རྟེན་མཆོག་གི་ཆོས་ཤེས་པ། །དེ་ཡི་འོག་ཏུ་དེ་ཉིད་རིག་།ཆོས་ཉིད་རིམ་བཞིན་རིག་པ་དེ། །ཡང་དག་ལམ་ལས་གཡོ་བ་མེད། །སྦྱོར་བ་གསུམ་ལས་ངེས་གྲོལ་ཞིང ། །འཇིགས་པ་ཉམ་ང་བརྒྱད་མེད་ལ། །བརྟན་པོ་ངན་འགྲོ་བརྒྱད་མེད་པ། །རྒྱུན་དུ་ ཞུགས་ཞེས་ངེས་པར་བརྗོད། །ངེས་པར་ངན་འགྲོར་འགྲོ་བ་ཡི། །མི་དགེ་ཆོས་རྣམས་བསལ་བ་དང ། །ཐར་པའི་རྒྱུན་དུ་འགྲོ་བ་ཡི། །རྒྱུན་དུ་ཞུགས་ཞེས་བྱ་བ་ཡིན། །དེ་ལྟར་བདག་གིས་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་རྣམ་པ་བཅུ་དྲུག་ཁྱེད་རྣམས་ལ་བསྟན་པ་ཡིན་ གྱིས་དེ་གཟུང་བར་གྱིས་ཤིག་།ལམ་དེ་དག་ནི་ཞི་ཞིང་ཐར་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་ལ་འཇིགས་པ་མེད་པ་འཕགས་པའི་སྐྱེ་བོ་ཐམས་ཅད་དགྱེས་པ་ཡིན་ནོ། །དེ་ལྟ་བས་ན་ལམ་དེ་དག་ནི་ཁྱེད་རྣམས་ཀྱིས་ངེས་པར་བསྟེན་པར་བྱའོ། །འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་ འཇིགས་པ་ཁྱེད་ལ་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་བཅུ་དྲུག་རིམ་བཞིན་བསྟན་པ་ཡིན་ནོ། །གཙོ་བོ་དག་གཤིན་རྗེའི་མིས་འཇིགས་ཤིང་སྐྲག་པའི་ལྷའམ་མིས་སྲིད་པ་བར་མའི་འགྲོ་བ་དང་འབྲེལ་པ་བཅུ་བདུན་སྤང་བར་བྱ་སྟེ། སྲིད་པ་བར་མ་དེ་དག་གང་ཞེ་ན་འདི་ལྟ་སྟེ། འཆི་བའི་ཚེ་ གང་གཟུགས་སྣང་བར་འགྱུར་བ་དག་ཡིན་ནོ། །འདི་ལྟ་སྟེ། མི་གང་མིའི་འཇིག་རྟེན་ནས་འཆི་ལ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དེ་ནི་སྲིད་པ་བར་མར་མཚན་མ་སྡུག་གུ་དག་མཐོང་བར་འགྱུར་ཏེ་འདི་ལྟ་སྟེ། སྣམ་བུ་དཀར་པོའམ་སྐྱ་སྣར་ཤིན་ཏུ་སྲབ་ཅིང་འཇམ་པ་དག་འབབ་སྟེ། དེ་མ་ཐག་ ཏུ་དེའི་སྙིང་རབ་ཏུ་དགའ་ཞིང་བཞིན་གྱི་མདོག་གསལ་བར་འགྱུར་རོ། །དེའི་འོག་ཏུ་དེས་གནས་ཀུན་དགའ་ར་བ་ཉམས་དགའ་བ་དང ། ལྟེང་ཀ་ཉམས་དགའ་བ་དང ། ཆུ་བོ་ཉམས་དགའ་བ་དང ། ཡུལ་དང་ཉེ་བའི་ཚལ་ཉམས་དགའ་བ་དག་མཐོང་ངོ ། །དེའི་འོག་ཏུ་དགོད་པ་དང་རྩེ་བ་དང་གླུ་དབྱངས་ཤིན་ 69-1-257b ཏུ་ཡིད་དུ་འོང་བ་དག་ཐོས་སོ། །དེའི་འོག་ཏུ་སྔོན་མ་མྱོང་བའི་དྲི་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འཐད་པ་རྫས་དུ་མ་དག་སྦྱར་བ་ལ་སྣོམ་མོ། །དེའི་འོག་ཏུ་རེག་བྱ་ཤིན་ཏུ་འཇམ་པ་དག་ལ་རེག་པར་བྱེད་དོ། །དེའི་འོག་ཏུ་ལྷ་དང་ལྷ་མོ་དག་འབྱུང་སྟེ། དེའི་ལེགས་པར་བྱས་པའི་ལས་རྣམས་ཀྱང་ མངོན་དུ་འབྱུང་ངོ ། །གནད་ཆད་པར་གྱུར་པ་དང་ཕྱིས་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། དེའི་བཞིན་རབ་ཏུ་འཛུམ་ལ་བཞིན་གྱི་མདོག་རྣམ་པར་དག་པར་འགྱུར་རོ། །རང་གི་གཉེན་འདབ་དང་རྩ་ལག་ངུ་ཞིང་སྨྲེ་སྔགས་འདོན་པ་གང་ཡིན་པ་དེ་དག་མཚན་མ་དེ་རྣམས་ཀྱིས་ཕྲོགས་ པས་མི་ཐོས་མི་མཐོང་ལ་དེར་ཡིད་མི་འཇུག་སྟེ། ཤིན་ཏུ་བདེ་བའི་ཆོས་ཀྱིས་ཞུགས་པ་དེ་འཆི་བའི་དུས་བྱེད་དོ། །དེའི་སྲིད་པ་བར་མར་ཤིན་ཏུ་བདེ་བ་འབྱུང་བ་དང་འཐུན་པ་ལྷའི་རིས་དང་མཚུངས་པ། སོ་སོའི་མཚན་མ་རྒྱའི་འབུར་ལྟ་བུར་འབྱུང་བར་འགྱུར་རོ། །ལྷའི་རིས་ཀྱི་གཟུགས་ བརྙན་འདོད་པའི་ཁམས་ཀྱི་གནས་དྲུག་དང་མཚུངས་པ་བདེ་བ་ལ་གནས་པ་དེ་དང་འཐུན་པ་ཡུལ་དེ་དང་འཐུན་པ་རེག་བྱ་དེ་དང་འཐུན་པ་མཐོང་བ་དེ་དང་འཐུན་པ་དག་འབྱུང་ངོ ། །དེ་ཕྱིས་དེའི་འོག་ཏུ་སྲིད་པ་ལ་གནས་ལ་ལྷའི་རིས་གང་དུ་སྐྱེ་བར་འགྱུར་བ་དེ་ཤིན་ཏུ་བཟང་པོར་ མཐོང་སྟེ་ཡུལ་ལ་སྲིད་པས་དེ་དག་ལེན་པར་བྱེད་དོ། །དེ་དེར་སྐྱེ་བར་འགྱུར་ཞིང་སྲིད་པ་བར་མ་དང་པོ་མཐོང་བར་འགྱུར་རོ། །ལྷ་གཙོ་བོ་དག་གཞན་ཡང་སྲིད་པ་བར་མར་གནས་པ་དེ་གང་ཡིན་ཞེ་ན། གལ་ཏེ་འཛམ་བུ་གླིང་ནས་མི་དག་འཆི་ལ། དེ་གལ་ཏེ་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་ འགྱུར་ན་དེས་སྣམ་བུ་དམར་པོ་བུ་ག་དཀར་པོ་ཡོད་པ་ཡང་ཞིང་འཇམ་ལ་ཤིན་ཏུ་ཡིད་དུ་འོང་བ་མཐོང་ངོ ། །དེ་དེ་ལ་ཆགས་པར་འགྱུར་ཞིང་དེ་དེ་ལ་འཛིན་པར་བྱེད་དོ། །དེ་འཆི་བ་ན་ནམ་མཁའ་ལ་ལག་པ་གཡོབ་པར་བྱེད་དོ། །གཉེན་འདུན་དེ་དག་ན་རེ། ནམ་མཁའ་ཉིད་ལ་ཉུག་པར་ བྱེད་དོ་ཞེས་བརྗོད་དོ། །དེའི་འོག་ཏུ་ཡང་རླུང་འབྱུང་ལ་འཆི་བ་གང་ཡིན་པའི་དུས་སུ་གྲང་བར་འགྱུར་ཏེ་དྲོ་བར་འདོད་པའི་འདུ་ཤེས་འབྱུང་ངོ ། །དེ་ནས་དྲོ་བ་བྱུང་བ་དང་དེའི་གྲང་བ་ལྡོག་པར་འགྱུར་རོ། །རེག་པ་དེས་དེའི་བདེ་བ་འབྱུང་ལ་དེ་སེམས་བདེ་བ་དེ་ལ་དམིགས་པའི་སེམས་ཀྱིས་འཕྲོག་པར་ 69-1-258a བྱེད་དེ། ངུ་བ་དང་ཆོ་ངེས་འདེབས་པ་དང་སྐྲ་འབལ་བའི་སྒྲ་མི་ཐོས་སོ། །བརྒྱ་ལ་ལས་མི་བརྟན་པ་ཉིད་ཀྱིས་ཐོས་ན་ཡང ། དེ་ལས་ཀྱི་རླུང་གཞན་རྣམས་ཀྱིས་གཞན་དུ་ཁྱེར་བར་བྱེད་དེ། དེ་ལྟར་གཉེན་འདུན་དག་འཆི་བའི་དུས་སུ་བར་ཆད་བྱེད་པ་ཡིན་ནོ། ། དེ་ནས་བྱང་གི་སྒྲ་མི་སྙན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་དེའི་དགེ་བའི་མཚན་མ་རྣམས་འབྱུང་བར་འགྱུར་ཏེ། མཚོ་སྔོན་པོ་བྱ་ངང་པ་དང ། ཀཱ་རཎྜ་བ་དང་ངུར་པས་གང་ཞིང་མེ་ཏོག་གིས་ཡོག་པ་གཅིག་མཐོང་ནས་དེ་དེར་རྒྱུག་པར་བྱེད་དོ། །དེའི་འོག་ཏུ་དེ་སྲིད་པ་ཐ་ མ་པའི་སེམས་འབྱུང་སྟེ། དེ་ཤི་ནས་མཚོ་དེ་ཉིད་མཐོང་བ་དང ། དེ་ན་པད་མའི་ཁྲོད་ཀྱི་ནང་རྣམས་ན་རྩེ་བར་བྱེད་དོ། །དེ་གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་མའི་མངལ་དུ་སྐྱེ་བར་འགྱུར་ན། དེ་མཚོ་དེ་ནས་ཐང་ལ་འབྱུང་ངོ ། །དེས་དེར་འཁྲིག་པ་མི་གཙང་བས་ཕ་མ་སྦྱོར་བར་མཐོང་ བ་དང་ལོག་པར་མཐོང་སྟེ། ཕ་ནི་བྱ་ངང་པར་མཐོང ། མ་ནི་བྱ་ངང་མོར་མཐོང་ངོ ། །གལ་ཏེ་བདག་ཉིད་བུད་མེད་དུ་འགྱུར་ན་ནི་བདག་ཉིད་ངང་མོར་མཐོང་ངོ ། །ཇི་སྟེ་སྐྱེས་པར་འགྱུར་ན་ནི་བདག་ཉིད་ངང་ཕོར་མཐོང་སྟེ། དེས་ངང་པ་དེ་བསྐྲད་ནས་མ་དང་འཁྲིག་པའི་ཆོས་ཀྱིས་སྦྱོར་བར་ བྱེད་དེ། དེ་ལྟར་བྱང་གི་སྒྲ་མི་སྙན་དུ་སྐྱེ་བར་འགྱུར་རོ། །སྲིད་པ་བར་མ་གཉིས་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་འཛམ་བུ་གླིང་དེ་ནས་ཤི་ནས། གལ་ཏེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན། དེའི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཆི་ བའི་ཚེ་དེའི་ཁྱིམ་ཐམས་ཅད་སེར་པོར་མཐོང་ལ། སྣམ་བུ་སེར་པོ་ཁ་དོག་བཟང་པོ་སེར་པོར་སྣང་ཞིང་ཀུན་ནས་སྤྲིན་ལྟ་བུར་མཐོང་ངོ ། །དེ་སྣམ་བུ་དེ་ཉིད་ལ་ཉུག་པར་བྱེད་པ་དང ། ནམ་མཁའ་ལ་ཉུག་པར་བྱེད་དོ་ཞེས་མ་དེ་ངུ་བར་བྱེད་དོ། །དེའི་འོག་ཏུ་དེའི་སྲིད་པ་ཐ་མ་པའི་སེམས་ འབྱུང་སྟེ། དེས་བདག་ཉིད་བ་ལང་གི་གཟུགས་དང ། བ་ལང་ལོང་ལོང་པོར་འཁོད་པ་ཀུན་རྨི་ལམ་ལྟ་བུར་མཐོང་ངོ ། །དེ་གང་གི་ཚེ་ཕ་མ་དག་སྦྱོར་བར་བྱེད་པ་དང ། དེ་གལ་ཏེ་སྐྱེས་པར་འགྱུར་ན་ནི། དེ་བདག་ཉིད་ཕོ་ཁྱུ་མཆོག་བྱད་གཟུགས་ཆེན་པོ་ཁྱུ་མཆོག་གི་ཟླ་ལྟ་བུར་མཐོང་ངོ ། ། 69-1-258b ཕ་དེ་འོང་བ་དང་དེས་བསྐྲད་ནས་དེ་དང་ལྷན་ཅིག་སྦྱོར་བར་བྱེད་དེ། དེ་ལྟར་ནུབ་ཀྱི་བ་ལང་སྤྱོད་དུ་སྐྱེ་བར་འགྱུར་རོ། །ཇི་སྟེ་བུད་མེད་དུ་འགྱུར་ན་ནི། བདག་ཉིད་བ་ལང་མོར་མཐོང་སྟེ་དེ་འདི་སྙམ་དུ་སེམས་སོ། །ཁྱུ་མཆོག་འདི་གོ་འདི་ལ་ཅིའི་ཕྱིར་ཞོན། འདི་དང་བདག་ཏུ་སྦྱོར་བར་ བྱའོ་སྙམ་པ་དེ་ནི། ནུབ་ཀྱི་བ་ལང་སྤྱོད་དུ་བུད་མེད་དུ་འགྱུར་རོ། །སྲིད་པ་བར་མ་གསུམ་པ་ནི་དེ་ལྟ་བུ་ཡིན་ནོ། །གཞན་ཡང་སྲིད་པ་བར་མ་བཞི་པ་ནི་འདི་ལྟར་གལ་ཏེ་ཤར་ཕྱོགས་ཀྱི་ལུས་འཕགས་གླིང་གི་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན། དེ་འཆི་བའི་དུས་ན་སྲིད་པ་ཐ་མ་དང་ཉེ་ བའི་སེམས་ལ་སྣམ་བུ་སྔོན་པོ་མཐོང་སྟེ། དེས་ཁྱིམ་གྱི་ནང་ན་གནས་བཞིན་དུ་ནམ་མཁའ་དེ་ལ་ཀུན་ནས་ཤིན་ཏུ་སྔོ་བར་སྣང་ཞིང་སྡུག་པ་གཅིག་པ་མཐོང་ངོ ། །དེ་དེ་ལ་ནོམ་པར་བྱེད་ཅིང་བདག་གི་སྟེང་དུ་ལྷུང་བར་མ་གྱུར་ཅིག་སྙམ་བྱེད་པ་ལ། གཉེན་འདུན་དེ་དག་ན་རེ། འདི་ལྟར་ ནམ་མཁའ་ལ་རེག་པར་བྱེད་དོ་ཞེས་བརྗོད་དོ། །དེའི་འོག་ཏུ་དེའི་སྲིད་པ་ཐ་མའི་སེམས་འབྱུང་སྟེ། དེ་སྲིད་པ་བར་མ་ལ་བདག་ཉིད་རྟ་ལྟ་བུར་མཐོང་ངོ ། །དེ་ཤར་གྱི་ལུས་འཕགས་གླིང་དེ་ན་ཕ་མ་ནི་རྟ་གསེབ་དང་རྒོད་མར་སྦྱོར་བ་ལྟ་བུར་སྣང་ལ། དེ་གལ་ཏེ་སྐྱེས་པར་འགྱུར་ན་ནི་ འདི་སྙམ་དུ་སེམས་ཏེ། རྒོད་མ་འདི་དང་བདག་སྦྱོར་བ་བྱའོ་སྙམ་པའི་སེམས་འབྱུང་ང་ངོ ། །གལ་ཏེ་བུད་མེད་དུ་འགྱུར་ན་ནི་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་གསེབ་འདི་བདག་ལ་རྒལ་དུ་གཞུག་པར་བྱའོ་སྙམ་པ་དེ་ནི་བུད་མེད་དུ་འགྱུར་ཏེ། སྲིད་པ་བར་མ་བཞི་པ་ཡིན་ནོ། ། གཞན་ཡང་སྲིད་པ་བར་མ་ལྔ་པ་ནི་འདི་ལྟར་གང་གི་ཚེ་བྱང་གི་སྒྲ་མི་སྙན་དག་ནས་འཆི་བར་འགྱུར་བ་དེའི་ཚེ། དེའི་འཆི་བའི་ཡུལ་གྱི་དུས་ལ་གོང་མའི་ཆ་དང་འཐུན་པའི་མཚན་མ་ངེས་པར་རྣམ་པ་དུ་ཞིག་འབྱུང་ཞེ་ན། གཙོ་བོ་དག་དེ་གང་གི་ཚེ་འཆི་བར་འགྱུར་བ་དེའི་ཚེ། གལ་ཏེ་ ལས་ཆེན་པོ་དང་སེམས་ཀྱི་དབང་གི་ལས་ཁྱད་ཆེན་པོས་ལྷའི་འཇིག་རྟེན་དེར་སྐྱེ་ན། དེའི་མཚན་མ་འདི་དག་འབྱུང་བར་འགྱུར་ཏེ་འདི་ལྟ་སྟེ། གཅིག་པུ་སེམས་རྨི་ལམ་ལྟ་བུ་ནམ་མཁའ་ལ་ཉུག་པར་བྱེད་ཅིང་རྨི་ལམ་ལྟ་བུར་ལྟ་བ། མེ་ཏོག་ཉམས་དགའ་བ་དྲི་ཤིན་ཏུ་ཞིམ་པ་མདོག་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེ་ 69-1-259a བ་ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་འདུག་པ་ཞིག་མཐོང་ལ། དེ་དག་ལག་ཏུ་འོང་བར་མཐོང་བ་དང་དེ་དེ་རྣམས་ལ་ཆགས་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གི་མེ་ཏོག་འདི་དག་གི་ཤིང་ལྗོན་པ་གང་ཡིན་པ་དེ་དག་བལྟ་ཞིང་འཛེག་པར་བྱའོ་སྙམ་མོ། ། དེ་དེའི་འོག་ཏུ་དེ་ལ་དམིགས་པའི་སེམས་ལས་བྱུང་བ་སྲིད་པ་ཕྱི་མའི་སེམས་འབྱུང་ངོ ། །དེ་སྲིད་པ་བར་མ་ལ་ཤིང་ལྗོན་པ་སྔོན་པོ་དང་སེར་པོ་དང་དཀར་པོ་དང་མེ་ཏོག་རྣམ་པ་དུ་མ་ཡོད་པ་དེ་དག་མཐོང་བ་དང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་ཤིང་ལྗོན་པ་རྣམས་ལ་འཛེག་ པར་བྱའོ་སྙམ་ནས། དེ་ཤིང་ལྗོན་པ་དེ་དག་ལ་འཛེག་པ་ཤེས་པའམ་གལ་ཏེ་རི་རབ་དེ་ལ་འཛེག་པར་བྱེད་དོ། །དེས་ལྷའི་འཇིག་རྟེན་མེ་ཏོག་དང་འབྲས་བུས་མཛེས་པར་བྱས་པ་སྣ་ཚོགས་དེ་དག་མཐོང་ནས་འདི་སྙམ་དུ་སེམས་སོ། །ད་ནི་བདག་འདིར་འགྲོ་བར་བྱ་སྟེ། བདག་མེ་ཏོག་དང་ འབྲས་བུ་ཕུན་སུམ་ཚོགས་པའི་ཡུལ་གང་ཡིན་པ་དེ་དག་ཏུ་གནས་པར་བྱའོ་སྙམ་པ་དེ་ནི་སྐྱེ་བ་ཆུང་ངུར་འགྱུར་བ་ལྔ་པ་ཡིན་ནོ། །གཞན་ཡང་སྲིད་པ་བར་མ་འབྲིང་པོ་དྲུག་པ་ནི། བྱང་གི་སྒྲ་མི་སྙན་གྱི་མི་ཚེ་འདས་པའི་ལས་འབྲིང་པོས་དེའི་སྲིད་པ་བར་མ་པའི་མཚན་མ་འདི་དག་འབྱུང་བར་ འགྱུར་རོ། །འདི་ལྟ་སྟེ། འཆི་བའི་ཚེ་འདི་ལྟར་པད་མ་ཤིན་ཏུ་ཉམས་དགའ་བ་བུང་བ་དག་གིས་མཛེས་པར་བྱས་པ་དེ་དག་ངེས་པར་མཐོང་ལ། ཀུན་ནས་ཤིན་ཏུ་དྲི་ཞིམ་པ་ལ་ཡིད་ཆགས་པར་གྱུར་པས་འཛེག་པར་བྱེད་དོ། །གང་གི་ཚེ་འཛེགས་པར་གྱུར་པ་དེའི་ཚེ། འཛེགས་མ་ཐག་ཏུ་པད་ མ་དེ་ནམ་མཁའི་དཀྱིལ་དུ་འཕར་བར་བྱེད་དོ། །ཡང་ནམ་མཁའ་དེ་ཉིད་ལ་འཕར་བ་ན་རྨི་ལམ་ལྟ་བུར་ཤེས་སོ། །གཞན་ཡང་སྐྱེ་བའི་ཚེ་པད་མ་ཉམས་དགའ་བ་བུང་བས་མཛེས་པར་བྱས་པ་ཐམས་ཅད་དུ་ལྷག་པར་ཉམས་དགའ་བར་མཐོང་བ་དང ། དེ་འཛིན་པར་བྱེད་ལ་ད་ནི་བདག་གིས་ གནས་འདི་དག་ཐོབ་སྟེ། པད་མ་འདི་རྣམས་བདག་གིར་གྱུར་ཅིག་སྙམ་མོ། །དེའི་སེམས་བསྐྱེད་མ་ཐག་ཉིད་དུ་སྐྱེ་བར་འགྱུར་ཏེ། སྲིད་པའི་ཡན་ལག་ནི་དེ་ལྟ་བུ་ཡིན་ནོ། །དེ་ལྟར་ལྷའི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་ལས་བར་མས་སྐྱེ་བ་བར་མ་འབྱུང་བར་འགྱུར་རོ། །གཞན་ཡང་སྲིད་ 69-1-259b པ་བར་མ་པའི་འགྲོ་བ་དང་འབྲེལ་པ་བདུན་པ་ནི་འདི་ལྟ་སྟེ། གལ་ཏེ་ལས་བཟང་པོ་ཞིག་ཡིན་ན་མཐོ་རིས་སུམ་ཅུ་རྩ་གསུམ་གྱི་གནས་རྣམས་སུ་མཆོག་ཏུ་སྐྱེ་བར་འགྱུར་རོ། །དེ་བྱང་གི་སྒྲ་མི་སྙན་དག་ནས་འཆི་བ་ན། འཆི་བའི་ཡུལ་གྱི་དུས་སུ་གཞལ་མེད་ཁང་ཤིན་ཏུ་ཉམས་དགའ་བ་ དང ། ཚལ་དང་ཉེ་བའི་ཚལ་སྡུག་པ་ཤིན་ཏུ་ཉམས་དགའ་བ་དག་མཐོང་བ་དང ། དེ་རང་གི་བཞིན་དུ་དེ་དེ་དག་ལ་འཛེག་པར་བྱེད་དོ། །དེ་དེ་དག་ལ་འཛེགས་ནས་ནམ་མཁའ་ལ་འཛེག་པར་བྱེད་དོ། །དེ་འཛེག་པ་ན་རྣམ་པ་ཐམས་ཅད་དུ་ཉམས་དགའ་བ་མཐོང་བ་དང་དེ་འདི་སྙམ་དུ་ སེམས་ཏེ། ད་ནི་བདག་གནས་འདིར་འགྲོའོ་སྙམ་མོ། །དེས་སེམས་བསྐྱེད་མ་ཐག་ཉིད་དུ་དེར་སྐྱེ་བར་འགྱུར་རོ། །དེ་ལྟར་བྱང་གི་སྒྲ་མི་སྙན་དག་ནས་ལས་མཆོག་གིས་སྐྱེ་བར་འགྱུར་ཏེ། དེ་ནི་འགྲོ་བ་དང་འབྲེལ་བ་བདུན་པ་ཡིན་ནོ། །གཞན་ཡང་འགྲོ་བ་དང་འབྲེལ་པ་ བརྒྱད་པ་ནི་གལ་ཏེ་བྱང་གི་སྒྲ་མི་སྙན་དེ་དག་ཉིད་ན་འཆི་བ་དེ་འཆི་བའི་ཡུལ་གྱི་དུས་སུ་མཚན་མ་རྣམ་པ་དུ་འབྱུང་ཞེ་ན། གཙོ་བོ་དག་དེས་སྐྱེད་མོས་ཚལ་དཀྲིགས་པ་རིན་པོ་ཆེས་མཛེས་པར་བྱས་པ་ཤིན་ཏུ་ཉམས་དགའ་བ་རྣམས་མཐོང་ངོ ། །དེ་རྣམས་དྲི་ཤིན་ཏུ་ཞིམ་པ་ལ་ཡང་ སྣོམ་པར་བྱེད་དོ། །དེ་འཆི་བའི་ཡུལ་གྱི་དུས་སུ་ཚོར་བ་མི་བཟད་པ་མི་འབྱུང་སྟེ། དེའི་ཚོར་བ་ཞན་པ་ཉིད་ཀྱིས་སེམས་རྙོག་པ་ཅན་དུ་མི་འགྱུར་ལ་དེ་བློ་གསལ་བས་འཆི་བའི་དུས་བྱེད་དོ། །དེས་སྲིད་པ་ཐ་མ་ཐོབ་ནས་དེ་ནས་ཡང་དེ་བཞིན་དུ་གཞལ་མེད་ཁང་དང་ར་བ་དེ་དག་མཐོང་བ་དང་ དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གཞལ་མེད་ཁང་འདི་དག་གི་ནང་དུ་འཇུག་པར་བྱའོ་སྙམ་ནས་དེ་དག་གི་ནང་དུ་ཞུགས་པ་དང་སྲིད་པ་བར་མ་ལ་གནས་པ་དེས་ཀུན་དུ་རྒྱུ་བའི་ལྷ་རྣམས་རྣམ་པར་རྒྱུ་བ་དང་རྒྱུག་པ་དང་རི་བོའི་གསབ་གསེབ་ཀྱི་ནང་དང་ཟོམ་དག་ལ་འཁོད་པ་དང་ཕན་ཚུན་ ཕྲད་པ་དང ། གཞན་དུ་འགྲོ་བ་བདག་མཐོང་ངོ ། །དེའི་འོག་ཏུ་བདག་ཉིད་མཐོང་ངོ ། །མཐོང་བ་དང་དེ་ནས་འཇུག་པར་བྱེད་དེ། ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་ཕྱོད་ཕྱོད་པོར་མཐོང་ངོ ། །དེའི་འོག་ཏུ་མཐོ་རིས་ཀྱི་ཉམས་དགའ་བ་གཞལ་མེད་ཁང་ཉམས་དགའ་བ་དུ་མ་དང་འདོད་ 69-1-260a པ་འབྱོར་པ་དེ་དག་ཐམས་ཅད་མཐོང་ངོ ། །དེ་དག་མཐོང་བ་དང་དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་འདིའི་ནང་དུ་འཇུག་པར་བྱའོ་སྙམ་མོ། །དེ་སེམས་བསྐྱེད་མ་ཐག་ཉིད་དུ་དེར་སྐྱེ་བར་འགྱུར་ཏེ། སྲིད་པའི་ཡན་ལག་ལ་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་བར་འགྱུར་རོ། ། དེ་ལྟར་འདི་ནི་མཆོག་དང་འབྲིང་དང་ཆུང་ངུ་དང་གསུམ་གྱིས་སྐྱེ་བར་འགྱུར་རོ། །དེ་སྐྱེ་བ་ན་ཚལ་དང་ཉེ་བའི་ཚལ་དང ། སྐྱེད་མོས་ཚལ་ཁྱད་པར་དུ་འཕགས་པ་དག་མཐོང་བ་དང་དེ་དག་ལ་འདོད་པར་བྱེད་དེ། དེ་ལྟར་བྱང་གི་སྒྲ་མི་སྙན་དག་ནས་འདིར་སྐྱེ་བར་འགྱུར་རོ། །བྱང་གི་སྒྲ་མི་སྙན་ན་ གནས་པ་འདིར་སྐྱེས་པ་དེ་དག་ཐམས་ཅད་ཀྱི་རྒྱུ་འཐུན་པའི་འབྲས་བུས་བློ་འབྱུང་བ་ནི་ཤིན་ཏུ་འདོད་པ་ལ་ཆགས་པ་ཡིན་ཏེ། དེ་དག་ཡུལ་ལ་ལྷག་པར་ཆགས་པ། བྲོ་གར་དང་གླུ་དབྱངས་དང་དགོད་པ་དང་རྩེ་བ་དང་ཁ་ཟས་དང་གནས་མལ་ལ་ལྷག་པར་དགའ་བ་དང ། རིའི་རྩེ་མོ་ལ་ ལྷག་པར་རྒྱུ་བ་གླུ་ལེན་པ་ལ་ལྷག་པར་དགའ་བ་ཡིད་ཤིན་ཏུ་མྱོས་པ་ཡིན་ཏེ་ཐམས་ཅད་དེ་ལྟ་བུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་གནས་པའི་ངོ་བོ་ཉིད་ཀྱིས་གོམས་པའི་མི་རྣམས་ཡང་གོམས་པར་བྱེད་པ་ན། སྲེད་པའི་སྟོབས་རབ་ཏུ་ཆེ་བ་ཡིན་ནོ། །གཙོ་བོ་དག་བྱང་གི་སྒྲ་མི་ སྙན་དག་ནས་མི་འདིར་སྐྱེས་པ་རྣམས་འཆི་བའི་དུས་སུ་མཚན་མ་འབྱུང་བ་དང་བསིལ་བ་དང་གནས་ནི་དེ་ལྟ་བུ་ཡིན་ནོ། །འདི་ལྟར་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ནས་མི་དག་འཆི་བ་ན་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་དང ། སྐྱེས་ནས་མྱོང་བར་འགྱུར་བས་ལྷ་རྣམས་ཀྱི་ ནང་དུ་ཇི་ལྟར་སྐྱེ་བར་འགྱུར། དེ་འཆི་བ་ན་དེའི་འགྲོ་བ་བར་མ་ནི་ཇི་ལྟ་བུ་ཡིན། སྲིད་པ་ཕྱི་མར་འགྲོགས་པ་དང་མཚན་མ་ནི་ཅི་དག་འབྱུང ། སྲིད་པ་བར་མའི་མཚན་མ་རྨི་ལམ་ལྟ་བུ་ཕྱོད་ཕྱོད་པོ་དག་ཇི་ལྟར་མཐོང་ཞེ་ན། གཙོ་བོ་དག་འདི་ལ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ནས་འཆི་སྟེ།ངེས་ པར་འཆི་བའི་དུས་བྱེད་ལ། ལེགས་པར་བྱས་པའི་ལས་ཀྱིས་རྐྱེན་རྣམས་ཁྱེར་བ་ན། སྒྲ་ངར་ངར་པོར་ལྷག་པར་འབྱུང་བར་མི་འགྱུར། གནད་ཀྱི་སྡུག་བསྔལ་མི་འབྱུང ། དེའི་དབང་པོ་ཡང་གསལ་བར་འགྱུར་རོ། །དེའི་འོག་ཏུ་ཆུ་ཀླུང་སྔོན་པོ་གསལ་བ་བཻ་ཌཱུརྱའི་མདོག་ལྟར་ 69-1-260b འདུག་པ་ཞིག་མཐོང་བ་དང་དེ་དེར་གནས་པར་བྱ་བའི་ཕྱིར་འཇུག་པར་བྱེད་ཅིང་དེ་ལག་རྐྱལ་བྱེད་དོ། །ཆུ་ཀླུང་དེ་ཡང་རེག་ན་ཧ་ཅང་གྲང་བ་ཡང་མ་ཡིན་ལ་ཧ་ཅང་དྲོ་བ་ཡང་མ་ཡིན་ནོ། །དེ་ཆུ་དེས་ཁྱེར་བ་དང་ཇི་ལྟ་ཇི་ལྟར་འགྲམ་དུ་རྒྱུག་པ་དེ་ལྟ་དེ་ལྟར་སྐྱེ་བ་དང་ཉེ་བར་འགྱུར་རོ། ། ཉོན་མོངས་པ་དག་གིས་སྐྱེ་བ་དེས་ཐང་ལ་བུད་མེད་ཤིན་ཏུ་བལྟ་ན་སྡུག་པ་ཆ་བྱད་དང་རྒྱན་བཏགས་པ་གླུ་ལེན་བྲོ་རྡུང་བ་རྣམས་མཐོང་ངོ ། །དེ་དག་མཐོང་ནས་འཁྲིག་པར་བྱ་བའི་བློ་འབྱུང་སྟེ། དེ་འཁྲིག་པར་བྱ་བའི་དོན་དུ་དེར་འགྲོ་བར་བྱེད་དོ། །དེ་གང་གི་ཚེ་ཞོན་པ་དང་དེའི་ཚེ་དེ་སྐྱེ་བར་འགྱུར་ ཏེ། ལྷའི་བདེ་བ་རྣམས་ཀྱང་མྱོང་ངོ ། །གང་སྲིད་པ་བར་མ་རྨི་ལམ་ལྟ་བུ་ཕྱོད་ཕྱོད་པོ་རྣམ་པ་དུ་མ་ལས་སད་ནས་གཟུགས་གསལ་བར་མཐོང་བ་ལྟར་དེ་སྐྱེ་བར་འགྱུར་ཏེ། དེ་ནི་འགྲོ་བ་བར་མ་བཅུ་པ་ཡིན་ལ། ལས་བར་མ་དང་ཆུང་ངུས་སྐྱེ་བ་ནུབ་ཀྱི་བ་ལང་སྤྱོད་རྣམས་ཀྱི་སྣང་བ་གཅིག་ ཡིན་ནོ། །སྲིད་པ་བར་མར་མཐོང་བ་གཅིག་དང་སྐྱེ་བ་གཅིག་གི་རིམ་པ་ནི་ཐམས་ཅད་འཐུན་ལ། བྱང་གི་སྒྲ་མི་སྙན་དག་གི་ལྟར་མི་འབྱུང་སྟེ་མཚན་ཉིད་གསུམ་ཀུན་འཐུན་ནོ། །གཙོ་བོ་དག་ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་འཆི་བའི་དུས་ཀྱི་ཚེ། མཚན་མའམ་འཇིག་རྟེན་གྱི་ ཁམས་སམ་འཆི་བའི་ཡུལ་གྱི་དུས་སུ་སྐྱེ་བར་འགྱུར་བ་ན། རང་གི་མཚན་མ་དག་ཇི་ལྟར་མཐོང་བར་འགྱུར་ཞེ་ན། སྲིད་པ་ཐ་མའི་སེམས་ལ་ལན་ཀན་བྲེས་པའི་གནས་དེ་ཉིད་ཉམས་དགའ་ལ། བ་དན་དང་རྒྱལ་མཚན་བསྒྲེང་བ་ཞིག་ཀྱང་མཐོང་ལ། དེ་སྲིད་པ་བར་མའི་ཁྱིམ་དེར་ དགའ་བ་སྐྱེས་ནས། ཡུལ་ནས་ཡུལ་དུ་རྒྱུག་པར་བྱེད་པ་དེའི་ཚེ་སྐྱེ་བའི་སྲིད་པ་དང་ལྷན་ཅིག་ཉེ་བར་འགྱུར་རོ། །དེས་གནས་དེའི་ཕྱི་རོལ་ན་གླུ་དབྱངས་ཀྱི་སྒྲ་དང་ཡང་དག་པར་ལྡན་པའི་བུད་མེད་ཆ་བྱད་མང་པོ་ཐོགས་པ་རྟག་ཏུ་གླུ་ལེན་ཞིང་བྲོ་རྡུང་བ་རྨི་ལམ་ལྟ་བུ་ཞིག་དང ། དེ་བཞིན་དུ་ སྐྱེས་པ་གླུ་ལེན་བྲོ་རྡུང་བ་ཞིག་མཐོང་བ་དང་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གནས་འདིར་སོང་ལ་སྐྱེས་པ་དང་བུད་མེད་དེ་དག་ལ་བལྟ་ཞིང་དེ་བཞིན་དུ་ལྷན་ཅིག་གླུ་བླང་བྲོ་བརྡུང་ངོ ། །འདི་ལྟར་སྐྱེས་པ་གླུ་ལེན་བྲོ་རྡུང་བ་འདི་དག་ནི་ཤིན་ཏུ་ཡིད་དུ་འོང་ཞིང་ཤིན་ཏུ་རྣར་སྙན་པ་ཡིན་ཏེ། 69-1-261a བདག་སོང་ལ་དེ་རྣམས་དང་ལྷན་ཅིག་འདྲེ་བར་བྱའོ་སྙམ་མོ། །དེས་འདི་ལྟར་བདག་འདྲེས་པར་གྱུར་ཏོ་སྙམ་དུ་ཤེས་པ་དང་ཇི་ལྟར་གཉིད་ལས་སད་པ་དེ་ལྟར་དེ་དེར་སྐྱེ་བར་འགྱུར་ལ། དེའི་སྐྱེས་པ་དེ་དག་དང་བུད་མེད་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། །མཐོ་རིས་ཀྱི་ཚལ་ དང་ཉེ་བའི་ཚལ་ཕུན་སུམ་ཚོགས་པར་བདག་ཉིད་སྐྱེས་པར་མཐོང་སྟེ། དེ་དེ་ལྟར་སྐྱེ་བར་འགྱུར་རོ། །གནས་གཞན་བཅུ་གཅིག་པ་ནི་དེ་ལྟ་བུ་ཡིན་ཏེ། དེ་ལྟར་མིའི་གནས་བཞི་པ་དང་གཞན་ཡང་འཇིག་རྟེན་མཐའ་ཡས་པའི་སྐྱེ་བ་འབྱུང་བར་འགྱུར་རོ། །གཙོ་བོ་དག་འགྲོ་བ་བར་མི་ འབྱེད་པ་འདི་ནི་ཕྲ་བ་སྟེ། ཕྱི་རོལ་པའི་ཤེས་པ་འཇིག་རྟེན་པའི་ལྟ་བ་དང་ཡང་དག་པར་ལྡན་པ་གང་ཡང་རུང་བ་དག་གིས་དེ་དག་ཤེས་པར་མི་ནུས་སོ། །ལས་མི་དགེ་བས་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་མི་དགེ་བ་དེ་ཟད་པར་འགྱུར་ལ། ཉེས་པར་བྱས་པའི་ལས་ཀྱི་མཐའ་ སྤྱད་པ་དེ་ཟད་ནས་འགྲོ་བ་གཞན་དུ་སྤྱད་པ་ལེགས་པར་བྱས་པ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ། ཕ་མ་ལྟ་བུར་ཤིན་ཏུ་ཡིད་དུ་འོང་བ། སོ་སོ་ཡང་དག་པར་མྱོང་བར་འགྱུར་བས་གང་གི་ཚེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་ཚེ། མཚན་མ་འདི་ཅི་དག་ ཅིག་འབྱུང་སྲིད་པ་ཐ་མའི་སེམས་ལ་མཚན་མ་ཇི་ལྟ་བུ་དག་འབྱུང་བར་འགྱུར་ཞེ་ན། གཙོ་བོ་དག་དེ་ལ་གང་གི་ཚེ་ཡི་དགས་འཆི་ཞིང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དེའི་ཚེ། དེའི་ལུས་བཀྲེས་པ་དང་སྐོམ་པས་གདུངས་པ་སེམས་རྟག་ཏུ་ཕྲག་དོག་དང་སེར་སྣས་ཉམས་པ། རྟག་ཏུ་ཁ་ཟས་ལ་བརྐམ་པར་གྱུར་པ། རྟག་ཏུ་བཏུང་བ་ལ་ཆགས་པ་གང་ཡིན་པ་དེ་བཟའ་བ་དང་བཏུང་བ་ལ་མ་གཏོགས་པར་གཞན་དུ་རྒྱུག་པ་དེ་ཉུང་བར་འགྱུར། དེའི་ལུས་བསིལ་བར་འགྱུར་ཞིང་ལྷག་པར་སྲ་བར་མི་འགྱུར་ལ། དེའི་སྤུ་ཡང་རིང་ཞིང་སྡུག་པར་ མི་འགྱུར། སྲིན་བུས་གང་བ་དེ་དག་ཐམས་ཅད་ཞིགས་པར་འགྱུར། དེའི་བཞིན་གྱི་མདོག་ཀྱང་གསལ་བར་འགྱུར། དེ་ལ་རླུང་བསིལ་ཞིང་བདེ་བ་རྣམས་རེག་པར་འགྱུར་རོ། །དེའི་འོག་ཏུ་སྲིད་པ་ཐ་མ་པའི་མཚན་མ་དང་ཉེ་བར་གྱུར་ཅིང ། བཀྲེས་པ་དང་སྐོམ་པ་ཤིན་ཏུ་ 69-1-261b ཆུང་བར་གྱུར་པ་དང་འཕྲལ་ལ་དབང་པོ་རྣམས་ཚིམ་པར་འགྱུར་ལ། བྱ་རོག་དང་འུག་པ་གང་དག་གིས་རྟག་ཏུ་མིག་རྣམས་ཟ་བར་བྱེད་པ་དེ་རྣམས་མི་སྣང་བར་གྱུར་ཏོ། །དེའི་འོག་ཏུ་སྲིད་པ་བར་མ་ལ་ཟས་དང་སྐོམ་གྱི་ཚོགས་མཐོང་བ་དང་དེའི་བློ་སྔོན་གོམས་པའི་འཕེན་པ་ སྐྱེས་པས་རྒྱུག་པར་བྱེད་ཀྱང ། སེམས་ཀྱིས་མཐོང་བར་ཟད་ཀྱི། ཟ་བར་ཡང་མི་བྱེད་ལ་འཐུང་བར་ཡང་མི་བྱེད་དེ། དེ་ནི་མཐོང་བ་ཁོ་ན་ཙམ་དུ་ཟད་དོ། །ཇི་ལྟར་རྨི་ལམ་ན་དངོས་པོ་མཐོང་བ་ལ་མཁོ་བ་མེད་ལ། འཐུངས་ཀྱང་ངོམས་པ་མེད་པ་དེ་བཞིན་དུ་དེས་དེ་མཐོང་ ཞིང་དེས་བལྟས་ཀྱང་དེ་ཚིམ་པར་མི་འགྱུར་ཏེ། མཐོང་བ་ཁོ་ནས་དེ་སྙིང་དགའ་བར་མཐོང་ངོ ། །ཇི་ལྟར་སད་པའི་དུས་སུ་གཟུགས་བདེན་པ་རྣམས་ཁོང་དུ་ཆུད་པ་དེ་ལྟར་མཐོ་རིས་ཀྱི་ངོ་བོ་ཤིན་ཏུ་ཉམས་དགའ་བ་རྣམས་མཐོང་བ་དང་དེ་ནས་ཡང་ཡིད་དུ་འོང་བ་དེ་རྣམས་ལ་དེ་རྒྱུག་པར་ བྱེད་དོ། །དེ་ལྟར་ལེན་པ་ཡང་བྱེད་དེ་ད་ནི་བདག་གིས་ཡུལ་འདི་དག་ཐོབ་པར་བྱའོ་སྙམ་ནས་དེ་དག་ལེན་པར་བྱེད་དོ། །ཉེ་བར་བླངས་མ་ཐག་ཏུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འགྲོ་བ་བར་མ་བཅུ་གཉིས་པ་ནི་དེ་ལྟ་བུ་ཡིན་ནོ། །གཙོ་བོ་དག་གཞན་ཡང་གཏི་མུག་ཟད་ནས་ ངོ་མཚར་ཆེ་བའི་འགྲོ་བ་བར་མ་བཅུ་གསུམ་པ་ཇི་ལྟ་བུ་ཡིན་ཞེ་ན། གཏི་མུག་ཀུན་དུ་མང་བ་དུད་འགྲོ་རྣམ་པ་དུ་མ་དག་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ཚེ་རབས་འབུམ་ཕྲག་བྱེ་བ་དུ་མར། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་ཉེས་པར་བྱས་པའི་ ལས་དག་ཉེ་བར་སྤྱད་ནས། འདི་ལྟར་ཡང་བསྐལ་པ་དུ་མར་ལས་ཀྱི་འཁོར་བ་མི་བཟད་པ་ཤིན་ཏུ་དཔྱད་པར་དཀའ་བ་ཐོག་མ་མེད་པའི་དུས་ནས་ཡ་ཡོར་འདུག་པ་ཕན་པར་མི་བྱེད་པས་སེམས་ཅན་རྣམས་འཁྱམ་པར་བྱེད་དོ། །དུད་འགྲོ་རྣམ་པ་དུ་མ་དག་ནི་ཟས་དུ་མ་དང་འགྲོ་བ་དུ་མ་དང་ ལུས་དུ་མ་དང་གནས་དུ་མ་དང་སེམས་ཀྱི་ས་བོན་དུ་མ་དང་ལས་དུ་མ་བྱེད་པ་གང་ཡིན་པ་དེ་དག་གི་ཉེས་པར་བྱས་པའི་ལས་ཟད་པ་ནི་ཡིད་ཆེས་པར་དཀའ་སྟེ། ཇི་ལྟར་ཆུ་ཐིགས་པར་བཅུས་པས་རྒྱ་མཚོ་སྐམས་པར་འགྱུར་བ་ཡིད་ཆེས་པར་དཀའ་བ་དེ་ལྟར་ལས་ཀྱི་རྒྱ་མཚོའི་ཐིགས་པར་བཅུས་ 69-1-262a པ་ཡང་ངོ་མཚར་ཆེ་བ་ཡིན་ནོ། །དེ་གང་གི་ཚེ་དུད་འགྲོ་དག་ལས་ཡོངས་སུ་ཐར་ན། དེ་ལྷའི་རིས་གཉིས་པོ་རྒྱལ་ཆེན་བཞི་པའམ། སུམ་ཅུ་རྩ་གསུམ་པ་གང་ཡང་རུང་བར་སྐྱེ་བར་འགྱུར་རོ། །དེ་དུད་འགྲོའི་ཉམ་ང་བ་ཆེན་པོ་ལས་འཆི་ཞིང་ཐར་བར་འགྱུར་བ་དེའི་ཚེ། བདེ་བ་ཆེན་པོ་ཉེ་བར་གནས་པའི་མཚན་མ་རྣམ་པ་དུ་མ་དང་དངོས་པོ་དུ་མ་དང་ལྡན་པའི་མཚན་མ་ལ་དམིགས་པ་བཤད་པར་མི་ནུས་སོ། །སེམས་ཅན་དམྱལ་བ་པ་མཐོ་རིས་སུ་སྐྱེ་བར་འགྱུར་བ་ནི་ངོ་མཚར་མི་ཆེའི། །ཡི་དགས་དང་དུད་འགྲོ་དག་མཐོ་རིས་སུ་སྐྱེ་བ་ནི་ངོ་མཚར་ཆེའོ། ། དེ་ཅིའི་ཕྱིར་ཞེ་ན། ཡི་དགས་པས་དུད་འགྲོ་གཏི་མུག་མང་བའི་ཕྱིར་ཏེ། གཞན་ལ་ཉེས་པ་མང་པོ་བྱེད་ལ། དེ་དག་ཚེ་གཅིག་གིས་འབུམ་ཕྲག་དུ་མ་སྦྱོར་བ་དང་བསྐལ་པའམ་བསྐལ་པ་བརྒྱའམ་བསྐལ་པ་འབུམ་ཕྲག་ཏུ་སྦྱོར་བར་བྱེད་པ། ལས་ཀྱི་ལུ་གུ་རྒྱུད་ཀྱིས་ཚེ་གཅིག་ ནས་གཅིག་ཏུ་བརྒྱུད་པ་དེ་དག་པས་ནི་སེམས་ཅན་དམྱལ་བར་སྐྱེས་པ་ཆེས་སླའི། ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེས་པ་ནི་མི་རུང་སྟེ། རྒྱུ་དེས་ན་སེམས་ཅན་དམྱལ་བར་སྐྱེས་པ་ཆེས་རུང་གི་དུད་འགྲོ་ནི་མི་རུང་ངོ ། །དེ་ལྟར་དེ་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ལས་གལ་ཏེ་ ཐར་ན། དེ་དག་གིས་འདི་དག་ཕལ་ཆེར་མཐོང་ནས་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ། འཆི་བའི་དུས་སུ་གཏི་མུག་སྲབས་པར་འགྱུར་ཞིང་ཤེས་པ་ཆུང་ངུ་འབྱུང་བར་འགྱུར་བ་ནི། འདི་ལྟར་སྔོན་བྱུང་བ་པས་དེ་བས་ཁྱད་པར་དུ་འབྱུང་བའམ་རྣོ་བར་འབྱུང་ངོ ། །དེ་འཆི་བའི་དུས་ཀྱི་ཚེ། རི་སྣང་བར་གྱུར་པ་མཐོང་བ་དང་ལྕུག་མ་འཕྱང་བ་དང་འབབ་ཆུས་གང་བ་རྣམ་པ་སྣ་ཚོགས་དག་མཐོང་ངོ ། །ཁ་ཟས་འབྱུང་བ་གང་ཡིན་པའི་ཁ་ཟས་དེ་ཡང་རི་དེ་ལ་མཐོང་ངོ ། །ཀུན་རྫོབ་ཀྱི་ཤེས་པས་དེའི་འདོད་པ་བདེ་བ་གང་ཡིན་པ་དེ་དག་ཚལ་དེ་ནའམ་རི་དེ་ལ་མཐོང་ངོ ། །དེའི་ ཚེ་དེ་ཁ་ཟས་ཀྱི་དོན་དུའམ་དེར་འགྲོ་བའམ་དེ་ལ་རྟེན་པའི་ཕྱིར་རྒྱུག་པར་བྱེད་པ་དེ་ཡང་རྨི་ལམ་ལྟ་བུར་མཐོང་སྟེ། དེ་ཇི་ལྟ་ཇི་ལྟར་རྒྱུག་པ་དེ་ལྟ་དེ་ལྟར་དེའི་སྐྱེ་བའི་སྲིད་པ་ཉེ་བར་འགྱུར་རོ། །དེ་གང་གི་ཚེ་སྐྱེ་བ་ཉེ་བར་གནས་པར་འགྱུར་བ་དེའི་ཚེ། གཟུགས་གུ་ལུ་ལུ་བྱེད་པ་ 69-1-262b དག་མཐོང་ངོ ། །སྔོན་ཚེ་རབས་འབུམ་དུ་མ་མཐོང་བ་གང་ཡིན་པ་དེ་དག་ལ་འདི་ཅི་ཞིག་འདི་གང་ཞིག་ཡིན་སྙམ་དུ་དེའི་རྣམ་པར་ཤེས་པ་ལ་ངོ་མཚར་ཆེར་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་གཞན་པ་ཉིད་ཀྱིས་མ་གོམས་པའི་ཕྱིར་རོ། །ངོ་མཚར་དུ་གྱུར་པ་དེ་ནི་བདག་འདིར་ འགྲོ་བར་བྱ་བའམ། འགྲོ་བར་མི་བྱ་སྙམ་དུ་དེ་ལ་དམིགས་པར་ཡང་བྱེད་ལ། འདི་དག་ཐམས་ཅད་བདག་དབང་བར་བྱའོ་སྙམ་དུ་ཡང་སེམས་ཏེ། ལེགས་པར་བྱས་པའི་ལས་དེ་དང་རྐྱེན་དེས་དེ་ལྟར་བློ་སྐྱེད་དོ། །སེམས་བསྐྱེད་མ་ཐག་ཉིད་དུ་ལྷའི་འཇིག་རྟེན་དེར་སྐྱེ་བར་འགྱུར་ ཏེ། སྲིད་པ་བར་མར་འགྲོ་བ་དང་འབྲེལ་བ་བཅུ་གསུམ་པ་ནི་དེ་ལྟ་བུ་ཡིན་ནོ། །གར་མཁན་རྣམས་ཀྱི་ནང་ན་ཤིན་ཏུ་དཀའ་བ་ཤིན་ཏུ་རྨད་དུ་བྱུང་བ་ཤིན་ཏུ་རྣམ་པར་རིག་པར་དཀའ་བ་འདི་ཡིན་ཏེ་འདི་ལྟ་སྟེ། ལས་ཀྱི་གར་མཁན་ལས་གཞི་སྣ་ཚོགས་ཀྱི་གར་ཆེན་པོ་སེམས་ཀྱི་གར་དག་ ལྟད་མོའི་གཞིའི་འཁོར་བ་ན་གར་བྱེད་དོ། །བརྒྱ་བྱིན་དེས་དེ་སྐད་སྨྲས་པ་དང་ལྷ་རྣམས་ཤིན་ཏུ་གུས་པའི་ཡིད་སྐྱེས་ནས་འདི་སྐད་སྨྲའོ། །འདི་ལྟར་བརྒྱ་བྱིན་བདག་ཅག་ལ། །འཇིག་རྟེན་འདི་དང་ཕ་རོལ་དུ། །སྐྱེ་དགུ་རྣམས་ལ་ཕན་མཛད་པ། །རྒྱལ་པོ་ཕ་དང་མ་དང་མཚུངས། ། གང་གིས་བག་མེད་རྣམ་བྲལ་ཞིང ། །ཐམས་ཅད་དུ་ནི་འབྱུང་མི་འགྱུར། །མཐའ་ལས་བྱུང་བ་ཐར་བར་འགྲོ། །བདག་ཅག་ལ་ནི་ཆོས་སྟོན་མཛད། །ཁྱོད་ཀྱི་ལས་དང་འབྲས་བུར་བཅས། །མངོན་སུམ་ཡང་དག་རབ་ཏུ་བསྟན། །སྐྱེ་དང་འཆི་བའི་ངོ་བོ་དག་།བརྒྱ་བྱིན་འཇིག་ རྟེན་བཀའ་མཆིད་སྟོན། །ཁྱོད་ཀྱིས་དེ་ཉིད་རྣམ་པར་བསྟན། །བདག་ཅག་ལ་ནི་ལེགས་པར་མཛད། །བདག་ཅག་གང་དག་ཡིད་རྨོངས་པ། །ཡེ་ཤེས་མཁས་པ་ཉིད་དུ་མཛད། །བུད་མེད་འདོད་ཆགས་ཡིད་ཞེན་ཅིང ། །རྟག་ཏུ་འདོད་པ་ཚོལ་རྣམས་ལ། །རྒྱུ་དང་འབྲས་བུ་ཡང་ དག་འབྱུང ། །དེ་ནི་ཁྱོད་ཀྱིས་རབ་ཏུ་བསྟན། །བརྒྱ་བྱིན་ལོང་བའི་མིག་དང་འདྲ། །ནད་པ་རྣམས་ལ་སྨན་པ་ལྟར། །ཁྱོད་ཀྱིས་ཆོས་ལམ་བསྟན་པ་གང ། །བདག་ཅག་ལ་ནི་སྨན་པར་མཛད། །ཇི་ལྟ་ཇི་ལྟར་བརྒྱ་བྱིན་ཁྱོད། །ཕན་པའི་ཆོས་ནི་སྟོན་མཛད་པ། །དེ་ལྟ་དེ་ལྟར་ 69-1-263a གཤིན་རྗེའི་མི། །ཕན་མེད་མིག་ཅན་ཉམས་པར་འགྱུར། །དེ་ལྟར་བརྒྱ་བྱིན་དེས། དུད་འགྲོ་རྣམས་ཀྱི་སྲིད་པ་བར་མ་བཤད་ནས། ཡང་སྲིད་པ་བར་མར་འགྲོ་བ་དང་འབྲེལ་བ་བཅུ་བཞི་པ་སྟོན་པར་བྱེད་དོ། །འདི་ལྟར་སེམས་ཅན་དམྱལ་བ་པ་དག་རེས་འགའ་ ལེགས་པར་བྱས་པའི་ལས་ཀྱི་རྐྱེན་དང ། ལེགས་པར་བྱས་པའི་ལས་ཀྱི་རྒྱུ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ། ཤིན་ཏུ་བསིལ་བ་ཤིན་ཏུ་ཕན་པར་འདོད་པ། དམའ་བ་དང་མཐོ་བར་འགྱུར་བའི་རྒྱུ་གང་གིས་གལ་ཏེ་སྡུག་བསྔལ་དཔེ་མེད་པ་ལས་གྲོལ་ནས། བདེ་བ་དཔེ་མེད་ པར་ཇི་ལྟར་སྐྱེ་བར་འགྱུར། དེའི་ཡང་སོས་དང་ཐིག་ནག་དང་བསྡུས་གཞོམ་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་ལ་སོགས་པ་སེམས་ཅན་དམྱལ་བ་ཆེན་པོ་དང ། འདི་ལྟར་སེམས་ཅན་དམྱལ་བའི་འཁོར་དུ་གཏོགས་པའི་རྣམ་པར་སྨིན་པ་ཤིན་ཏུ་ཚ་བ་སྤུ་ཤིན་ཏུ་ཟིང་ཞེས་བྱེད་པ་མེ་འབར་ བ་[\[]འཁྲུགས་[\]]པ་དང་བཅས་པ་དག་ནས། སེམས་ཅན་དམྱལ་བ་པ་འཆི་བ་རྣམས་དང་འཆི་བ་དེ་དག་གི་ལས་ཟད་ནས་འཆི་བ་རྣམས་ཀྱི་མཚན་མ་ཇི་ལྟར་འབྱུང་བར་འགྱུར། སྲིད་པ་བར་མ་ནས་སྲིད་པ་བར་མར་ཇི་ལྟར་སྐྱེ་བ་དང་འཆི་བར་འགྱུར། ཇི་ལྟར་ན་ལས་ཀྱི་རྐྱེན་གྱི་དབང་གིས་ ཤིན་ཏུ་སྡུག་བསྔལ་དང་ལྡན་པའམ་ཤིན་ཏུ་བདེ་བ་དང་ལྡན་པར་འགྱུར་ཞེ་ན། གཙོ་བོ་དག་སེམས་ཅན་དམྱལ་བ་པ་ངན་སོང་ཟད་པ་དེའི་འཆི་བ་ནི། དེ་གང་གི་ཚེ་རྫ་མའི་ནང་དུ་བཅུག་སྟེ་འཆི་བར་བྱེད་དོ། །དེ་བཅུག་པ་ཙམ་ཉིད་ཀྱིས་དབུ་བ་བཞིན་དུ་སོ་སོར་ཞུ་བར་བྱེད་ཀྱང་ལུས་ གཞན་དུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་དེ་ལན་ཅིག་ཁོ་ནར་ཐོ་བས་གསོད་ཅིང་འཆི་བའི་དུས་བྱེད་ཀྱང་ལུས་གཞན་དུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་ལུང་བའི་ནང་དུ་འཇུག་པར་བྱེད་ལ། དེ་བཅུག་པ་ཙམ་ཉིད་ཀྱིས་སྲོག་འཇིག་པར་བྱེད་ཀྱང་ལུས་གཞན་དུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་ བ་ཚཝའི་ཆུ་བོའི་ནང་དུ་འཇུག་པར་བྱེད་ལ། དེ་ལན་ཅིག་ཁོ་ནར་རབ་ཏུ་ཞུ་བར་བྱེད་ཀྱང་དེའི་ལུས་གཞན་དུ་སྐྱེ་བར་མི་འགྱུར་རོ། །གལ་ཏེ་ཕུར་བུ་རྣམས་ཀྱིས་བཏབ་ལ་དེ་ཕུར་བུ་རྣམས་ཀྱིས་བཏབ་སྟེ། ཉམས་པ་ཉིད་ཀྱིས་འཆི་བར་འགྱུར་ཡང ། དེའི་ལུས་ཡང་སྐྱེ་བར་མི་འགྱུར་རོ། ། 69-1-263b གལ་ཏེ་བྱ་རྒོད་དམ་ཁཝ་རྣམས་ཀྱིས་བཟུང་ནས་ཟ་བར་བྱེད་ཀྱང་དེ་ཡང་འབྱུང་བར་མི་འགྱུར་རོ། །གལ་ཏེ་སེང་གེ་དང་སྟག་དང་དྲེད་དང་གུང་དང་གཟིག་རྣམས་ཀྱིས་འཛིན་པར་བྱེད་ལ། བཟུང་ནས་ཀྱང་གལ་ཏེ་ཟ་བར་བྱེད་ན་དེ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟར་སེམས་ཅན་དམྱལ་བ་པ་ དེ་ལས་རྣམ་པར་ཟད་ནས་འཆི་བར་འགྱུར་རོ། །དེ་འཆི་བའི་དུས་ལ་བབ་པའི་ཚེ། གཤིན་རྗེའི་མི་གནོད་པར་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་མི་སྣང་བར་འགྱུར་རོ། །སེམས་ཅན་དུ་བགྲང་བ་མ་ཡིན་པ་དེ་དག་ཇི་ལྟར་མར་དང་སྙིང་པོ་ཟད་ན་མར་མེ་མེད་པར་འགྱུར་བ་དེ་བཞིན་དུ་ལས་ཟད་ ན། སེམས་ཅན་དམྱལ་བ་ལ་གནོད་པ་བྱེད་པ་གཤིན་རྗེའི་མི་རྣམས་འབྱུང་བར་མི་འགྱུར་རོ། །ཇི་ལྟར་འཛམ་བུ་གླིང་དུ་ཉི་མ་ནུབ་ན་དེའི་ཚེ་མུན་པ་ཡང་འབྱུང་བ་དེ་ལྟར་ལས་བྱས་པ་ཟད་ན། བཞིན་གྱི་མདོག་དང་མིག་མི་སྡུག་པར་བསྒྱུར་བ་གཟུགས་དེ་དག་ཐམས་ཅད་ཀྱང་མི་སྣང་བར་འགྱུར་ རོ། །ཇི་ལྟར་གང་གི་ཚེ་རྩིག་པ་ཞིག་ན་དེའི་ཚེ་རི་མོ་ཡང་འཇིག་པར་འགྱུར་བ་དེ་བཞིན་དུ། གང་གི་ཚེ་ལས་ཀྱི་རྩིག་པ་ཞིག་ན། དེའི་ཚེ་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཤིན་རྗེའི་མི་གཟུགས་མི་སྡུག་པར་བསྒྱུར་བ་དེ་དག་ཀྱང་འཇིག་པར་འགྱུར་རོ། །དེ་དག་ནི་བཅོམ་ལྡན་འདས་ ཀྱིས་གསུངས་པ་ཡིན་ཏེ། དེ་ལྟར་སེམས་ཅན་དམྱལ་བ་དེ་དག་སེམས་ཅན་དམྱལ་བ་ཟད་ནས་ཐར་བར་འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་གསུམ་པ། དེ་ནས་བརྒྱ་བྱིན་གྱིས་དེའི་ཚེ་ལྷ་དེ་རྣམས་ལ་འདི་ལྟར་ ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་མི་དག་སྲོག་གཅོད་པ། །དགྲ་རྣམས་ལས་ནི་ཐར་བ་རྣམས། །བདེ་བ་འདོད་པ་ཐབས་ཀུན་གྱིས། །མཛའ་བཤེས་མང་པོ་མངོན་དུ་འཕྲད། །དེ་ལྟར་དམྱལ་བ་སྟོབས་པོ་ཆེ། །ལས་འདི་དག་ལས་ངེས་གྲོལ་བ། །ལྷ་ཡུལ་ཞི་བར་འགྲོ་ བ་ཡི། །ལས་རྣམས་ལེགས་པར་བྱས་པས་ཐོབ། །དེ་ནི་ཡོན་ཏན་དུ་མས་བརྒྱན། །ལྷ་ཡི་གནས་སུ་ཁྲིད་བྱེད་ལ། །ཇི་ལྟར་ལེགས་པར་བྱས་པའི་ལས། །དེ་མ་ཟད་པར་དགའ་བར་བྱེད། །དེ་ནི་དེ་ནས་ཟད་དང་ཕྱིར། །དབང་མེད་མི་དག་ལྟུང་བར་འགྱུར། །མར་མེའི་སྙིང་ 69-1-264a པོ་ཟད་པ་གང ། །མར་མེ་འཆི་བར་འགྱུར་བ་ལྟར། །ལས་ཀྱི་རླུང་ལས་ཡང་དག་བྱུང ། །དེ་ནི་དམའ་དང་མཐོན་པོར་མཐོང ། །རླུང་ཞུགས་དབང་གིས་འཁྲུལ་པ་ཡི། །འཇིག་རྟེན་འདི་ནི་ཡོངས་སུ་འཁོར། །ཤེས་པའི་དབང་དུ་གྱུར་པ་གང ། །དེ་ནི་འཁོར་ བར་མི་འཇུག་གོ། །ཇི་ལྟར་པད་མའི་རྩ་རྒྱུད་ཀྱིས། །རི་མཆོག་རི་རབ་མི་འགུལ་ལྟར། །དེ་ནི་ལས་ཀྱི་ཞགས་པ་ཡིས། །ནམ་ཡང་འདྲེན་པར་མི་འགྱུར་རོ། །དེ་ལྟར་དེ་ནི་མགོན་བྲལ་ཞིང ། །མྱ་ངན་བྲལ་ལ་ཉོན་མོངས་བྲལ། །རི་རབ་ཀྱི་ནི་རྩེ་མོ་ལྟར། །བརྟན་པོ་དག་ཏུ་ འཁོར་མི་འགྱུར། །དེ་ལྟར་བརྒྱ་བྱིན་དེས་ལྷ་དེ་རྣམས་ལ་ཚིགས་སུ་བཅད་པ་སྨྲས་ནས། སེམས་ཅན་དམྱལ་བ་པ་སེམས་ཅན་དམྱལ་བ་ལས་ཐར་བ་དེའི་སྲིད་པ་བར་མའི་མཚན་མ་སྔོན་ཆད་མ་མཐོང་བ་རྣམས་ལ་བརྟགས་ན། ནམ་མཁའ་ལ་རླུང་ཤིན་ཏུ་བསིལ་བ་ལུས་ལ་རེག་པར་ བྱེད་དེ་རེག་ན་ཤིན་ཏུ་བདེ་བ་ཤིན་ཏུ་དྲི་ཞིམ་པ། བརྟེན་ན་ཤིན་ཏུ་བདེ་བ་སྒྲ་སྙན་པ་ཐོས་ཏེ་འདི་ལྟ་སྟེ། པི་བང་གི་སྒྲའམ་དེ་ལས་གཞན་པའི་རྒྱུད་ལས་བྱུང་བའི་སྒྲ་དེ་ལྟར་རླུང་དག་གི་སྒྲ་ཐོས་སོ། །དྲི་ཡང་ཤིན་ཏུ་ཡིད་དུ་འོང་བ་ལ་སྣོམ་མོ། །གཟུགས་ཀྱང་ཤིན་ཏུ་ཡིད་དུ་འོང་བ་ དག་མཐོང་སྟེ། འདི་ལྟ་སྟེ། ཚལ་དང་ཉེ་བའི་ཚལ་དང་ལྟེང་ཀ་དང་འབབ་ཆུའི་དངོ་དང་པད་མའི་ཚལ་ཤིན་ཏུ་དྲི་ཞིམ་ཞིང་རྒྱ་ཆེ་བ་དག་མཐོང་ངོ ། །རྣ་བས་ཀྱང་གླུ་དབྱངས་ཀྱི་སྒྲ་ཤིན་ཏུ་ཡིད་དུ་འོང་བ་དག་ཐོས་སོ། །བདག་ཉིད་ཀྱི་བྱད་གཟུགས་ཤིན་ཏུ་ཆེ་ལ་རབ་ཏུ་གཟི་བརྗིད་དང་ ལྡན་པ། ལྷག་པར་དྲི་ཞིམ་པ་ཕྲེང་བས་བརྒྱན་པ་མཐོང་ངོ ། །ཀུན་ཏུ་ཐོགས་པ་མེད་ཅིང་ནམ་མཁའ་ཤིན་ཏུ་དྲི་མ་མེད་པ་ཐམས་ཅད་ལ། གཟའ་དང་སྐར་མ་དང་རྒྱུ་སྐར་གསལ་བ་རྣམས་ཀྱིས་ཁྱབ་པར་མཐོང་ངོ ། །མཚོ་དག་ན་ཡང་བྱ་ངང་པ་དང་ཀཱ་རཎྜ་བར་འདྲེས་པའི་སྒྲ་དག་ཐོས་སོ། ། དེ་ནས་ཡང་སྲིད་པ་བར་མར་ཞུགས་ཏེ། སྲིད་པ་འབྱུང་བའི་པི་བང་དང་གླིང་བུ་དང་རྔ་དང་གླུ་དབྱངས་ཀྱི་སྒྲ་དག་ཐོས་པ་དང་ལོ་བྱེ་བ་ཕྲག་དུ་མར་མ་མྱོང་བའི་དེའི་ཡིད་ལ་རབ་ཏུ་དགའ་བར་འགྱུར་བ། ཐམས་ཅད་དུ་མཚན་མ་བཟང་པོ་རྣམས་འབྱུང་བར་འགྱུར་བ་དང ། མཛའ་བཤེས་ 69-1-264b དང ། གཉེན་འདབ་དང ། རྩ་ལག་དག་དང་ཕྲད་པ་ལྟ་བུར་བདག་ཉིད་སེམས་ལ་ཉིན་གཅིག་བཞིན་སྙིང་རབ་ཏུ་དགའ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་སྲིད་པར་སྐྱེ་བར་འགྱུར་བ་དེ་འདིའམ་གཞན་རྒྱལ་ཆེན་བཞིའི་ལྷའི་རིགས་སུ་སྐྱེས་པ་དང་ཚལ་དང་ཉེ་བའི་ཚལ་ཤིན་ཏུ་ཉམས་དགའ་བ་ དང་དྲི་ཤིན་ཏུ་ཞིམ་པ་དང་ཚལ་དང་རིན་པོ་ཆེ་སྣ་བདུན་གྱི་ཚལ་དང་བུད་མེད་ཀྱང་ངོ་བོ་ཉིད་ཀྱིས་ཡིད་དུ་འོང་བ་གང་ཡིན་པ་དག་མཐོང་ངོ ། །དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་འདིར་སྐྱེ་བར་བྱའམ་ཐོབ་པར་བྱའོ་སྙམ་མོ། །དེས་སེམས་བསྐྱེད་མ་ཐག་ཉིད་དུ་སྐྱེ་བར་འགྱུར་ལ་སྲིད་ པའི་ཡན་ལག་གི་རིམ་པ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་འབྱུང་ངོ ། །དེ་ལྟར་སྲོག་ཆགས་དག་སེམས་ཅན་དམྱལ་བ་ལས་ཐར་ཅིང་ངན་པ་བྱས་པ་ལས་ཡོངས་སུ་ཐར་ནས་བདེ་བ་དཔེ་མེད་པ་ཐོབ་པར་འགྱུར་ཏེ། སྲིད་པ་བར་མའི་འགྲོ་བ་བཅུ་བཞི་པ་ནི་དེ་ལྟ་བུ་ ཡིན་ནོ། །སྲིད་པ་བར་མར་འགྲོ་བ་དང་འབྲེལ་པ་བཅོ་ལྔ་པ་ཇི་ལྟར་ཤེས་པར་བྱ། །གང་གི་ཚེ་མི་དག་ལས་ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་དེའི་ཚེ་མཚན་མ་ཅི་དག་འབྱུང ། མངོན་པར་འདོད་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་གང་གི་ཚེ་འཆི་བའི་དུས་སུ་མི་དག་ཉིད་ལས་ ཤི་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེ་ན། དེའི་མཚན་མ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ཇི་ལྟར་རི་བརྩེགས་པ་ཆེན་པོའི་གྲིབ་མ་རྡོ་ཐལ་གྱིས་བསྐུས་པའི་ཐང་ལ་འབབ་པ་དེ་ལྟར་གྲིབ་མ་ལྟ་བུ་ཞིག་བབ་པ་དང་འདི་སྙམ་དུ་སེམས་ཏེ། བདག་གི་སྟེང་དུ་ཐམས་ཅད་འབབ་བོ་སྙམ་ ནས། དེ་ལག་པ་གཉི་གས་རི་འབབ་པ་ཕྱིར་འཕུལ་བར་བྱེད་ལ། འབབ་པ་ན་ལག་པ་གཉི་གས་འཛིན་པར་བྱེད་ཅིང་ལག་པ་གཡོབ་པར་བྱེད་པ་དང་དེའི་གཉེན་འདུན་དག་ན་རེ་འདི་ལྟར་ནམ་མཁའ་ལ་རེག་པར་བྱེད་དོ་ཞེས་བརྗོད་དོ། །དེའི་འོག་ཏུ་སྣམ་བུ་དཀར་པོ་ཞིག་མཐོང་ནས། དེའི་ སྟེང་ན་ཡང་སྣམ་བུ་དམར་པོ་ཞིག་ཡོད་པར་མཐོང་ངོ ། །དེའི་འོག་ཏུ་སྲིད་པ་ཐ་མ་པའི་སེམས་ལ་ཇི་ལྟར་སྣང་བ་མཐོང་བ་དེའི་མི་གསལ་བ་དེ་དག་ལས་རྨོངས་པར་འགྱུར་ཏེ། ཇི་ལྟར་རྨི་ལམ་ན་གཟུགས་དག་ལ་བློ་རྨོངས་པ་ཇི་ལྟར་དེ་\ུ0f8\ུ0f7ཅངས་པར་འགྱུར་རོ། །དེ་ཕ་མ་གཉིས་འཁྲིག་པའི་ 69-1-265a ཆོས་དང་ལྡན་པར་གྱུར་པ་ན། གལ་ཏེ་སྐྱེས་པར་འགྱུར་ན་ནི་དེ་ལོག་པར་མཐོང་བར་འགྱུར་ཏེ། མ་ལ་ནི་ཆུང་མའི་འདུ་ཤེས་སྐྱེའོ། །ཕ་ལ་ནི་དགྲའི་འདུ་ཤེས་སྐྱེའོ། །དེ་འདི་སྙམ་དུ་སེམས་ཏེ།བདག་འདིའི་དྲུང་དུ་འགྲོའོ་སྙམ་ནས། དེ་མ་དེ་ལ་འཁྲིག་པའི་ཕྱིར་ཕྲད་ པར་བྱེད་དོ། །ཇི་སྟེ་བུད་མེད་དུ་འགྱུར་ན་ནི་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཁྱིམ་ཐབ་འདི་འདིས་ཕྲོགས་སོ་སྙམ་ནས། དེ་ལ་ཞེ་སྡང་སྐྱེད་པར་བྱེད་དོ། །དེ་མ་དེ་སྐྱེས་པ་དེ་དང་འབྱེད་པར་འདོད་ཅིང་བདག་ཉིད་དེ་དང་ཕྲད་པར་བྱེད་དོ། །དེའི་ཚེ་སྲིད་པ་བར་མ་པའི་རྣམ་པར་ཤེས་པ་ འགག་ཅིང་སྐྱེ་བའི་སྲིད་པའི་རྣམ་པར་ཤེས་པ་འབྱུང་སྟེ། དེ་མ་ཐག་པའི་རྐྱེན་གྱིས་རྒྱའི་འབུར་ལྟར་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །མི་དག་ལས་ཤི་ནས་མི་རྣམས་ཀྱི་ནང་དུ་སྐྱེ་བའི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ནོ། །གཞན་ཡང་འགྲོ་བ་དང་འབྲེལ་པ་བཅུ་དྲུག་པ་ནི་འདི་ལྟར་ལྷ་དག་ཉིད་ལས་ འཆི་བ་ན། གཙོ་བོ་དག་གང་གི་ཚེ་ལྷ་ལས་ཤི་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་ཚེ། དེ་ལ་འདི་ལྟར་ལྷ་གཞན་སེམས་ཅན་དམྱལ་བ་དང་ཡི་དགས་དང ། དུད་འགྲོའི་ནང་དུ་སྐྱེ་བ་རྣམས་ཀྱི་སྡུག་བསྔལ་དེ་དག་འབྱུང་བར་མི་འགྱུར་ལ། ཆུང་མས་འདོར་བའི་སྡུག་བསྔལ་མི་འབྱུང ། རྒྱན་འཕྲོག་པར་མི་བྱེད། ལྷའི་བུ་གཞན་སྟན་དེ་ལ་འདུག་པར་མི་མཐོང་སྟེ། སྡུག་བསྔལ་མི་བཟད་པ་དེ་དག་མཐོང་བར་མི་འགྱུར་རོ། །དེ་ཤི་བའི་སྟན་དེ་ལ་ལྷ་གཞན་དག་སྐྱེ་བར་འགྱུར་ལ། དེའི་འགྲོ་བ་ལྷའི་ནང་དུ་སྐྱེ་བ་ཆེས་བཟང་བར་འགྱུར་རོ། །འདི་ལྟར་གལ་ཏེ་རྒྱལ་ཆེན་བཞི་པ་ དག་ལས་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་བ་དེའི་མཚན་མ་ཤིན་ཏུ་ཉམས་དགའ་བ་བཟང་པོ་དག་མཐོང་བར་འགྱུར་ཏེ། འདི་ལྟར་དེས་སྔོན་གར་ཡང་མ་ཐོས་པའི་རྣམ་པ་གང་ཡིན་པའི་རྣམ་པ་དེ་ལྟ་བུའི་གླུ་དབྱངས་ཐོས་ལ། དེ་བཞིན་དུ་ཡུལ་ལྔའི་མཚན་མ་བཟང་པོ་མཐོང་ངོ ། ། དེའི་འོག་ཏུ་དེའི་སྲིད་པ་ཐ་མ་པའི་སེམས་འབྱུང་སྟེ། དེས་སྲིད་པ་བར་མ་ལ་བུད་མེད་ཤིན་ཏུ་བཟང་མོ་ལྷག་པར་བལྟ་ན་སྡུག་པ། བྱད་གཟུགས་རབ་ཏུ་བཟང་བ་རྣམས་ཀྱི་ལག་ན་རོལ་མོ་རྣམ་པ་སྣ་ཚོགས་ཐོགས་པ་མཐོང་ངོ ། །འབབ་ཆུ་དང་སྐྱེད་མོས་ཚལ་ཡོན་ཏན་སྣ་ཚོགས་དང་ལྡན་ཞིང་ 69-1-265b དེ་ལྟར་ཡིད་དུ་འོང་བ་སྔོན་གར་ཡང་མ་མཐོང་བ་སྲིད་པ་བར་མའི་གང་ཡིན་པ་དེ་དག་དེས་རྨི་ལམ་ལྟ་བུར་མཐོང་ངོ ། །དེ་གང་གི་ཚེ་སྐྱེ་བའི་སྲིད་པ་དང་ཉེ་ཞིང་ཕྲད་པར་འགྱུར་བ་དེའི་ཚེ་སད་པའི་དུས་ལྟར་འདོད་པ། ཤིན་ཏུ་ཉམས་དགའ་བ། འདོད་པའི་ཡོན་ཏན་ལྔ་འབྱོར་བ་དེས་སྔོན་ནམས་ ཀྱང་མ་མཐོང་བ་དེ་རྣམས་གསལ་བར་མཐོང་ངོ ། །དེ་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་ཨེ་མ་ངོ་མཚར་ཆེ་བ་རྣམ་པ་འདི་ལྟ་བུ་སྔོན་བདག་གིས་གར་ཡང་མ་མཐོང་སྟེ། ད་ནི་བདག་འདིར་འཇུག་པར་བྱའོ་སྙམ་སེམས་སོ། །དེས་སེམས་བསྐྱེད་མ་ཐག་ཉིད་དུ་དེར་སྐྱེ་བར་འགྱུར་ཏེ། སྲིད་པ་ བར་མར་འགྲོ་བ་དང་འབྲེལ་པ་བཅུ་དྲུག་པ་ནི་དེ་ལྟ་བུ་ཡིན་ནོ། །གཙོ་བོ་དག་གཞན་ཡང་སྲིད་པ་བར་མར་འགྲོ་བ་དང་འབྲེལ་བ་བཅུ་བདུན་པ་ཇི་ལྟར་འབྱུང་ཞེ་ན། དེ་ལྟར་ལྷའི་རིས་གཞན་གང་དང་གང་དག་ནས་ཆེས་དམའ་བར་སྐྱེ་བར་འགྱུར་བ་དེ་ནི་ལྟེང་ཀ་དང་ཆུ་དངོ་དང་འབབ་ཆུ་ཆུང་བ་དག་མཐོང་བ་ དང ། ཇི་ལྟར་དེ་ལ་འདོད་པ་དེ་ལྟར་བཀྲེས་པས་མངོན་པར་ཉམས་པར་འགྱུར་ཞིང་དེ་དེར་སྐྱེ་བར་འགྱུར་རོ། །དེ་ལྟར་ལྷ་རྣམས་ཀྱི་སྲིད་པའི་ཡན་ལག་ལ་རྣམ་པ་གཉིས་སམ། རྣམ་པ་གཅིག་ཏུ་འགྲོ་བ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གཞན་ཡང་སྲིད་པ་བར་མར་འགྲོ་བ་དང་འབྲེལ་བ་ ནི་གལ་ཏེ་ཤར་གྱི་ལུས་འཕགས་པོའི་མི་དག་ནུབ་ཀྱི་བ་ལང་སྤྱོད་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་འཆི་བའི་དུས་གང་ཞིག་ལ་མཚན་མ་རྣམ་པ་ཇི་ལྟ་བུ་དག་འབྱུང་བར་འགྱུར། གལ་ཏེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་ཤར་གྱི་ལུས་འཕགས་སུ་སྐྱེ་བར་འགྱུར་ན། དེ་གཉིས་འཆི་བའི་དུས་སུ་མཚན་མ་རྣམ་པ་ ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། གཙོ་བོ་དག་ཕན་ཚུན་སྐྱེ་བ་དག་གི་མཚན་མ་ནི་དེ་བཞིན་དུ་འབྱུང་སྟེ། འདི་ལྟ་སྟེ། སྲིད་པ་ཐ་མ་པའི་དུས་སུ་ཕུག་གི་སྒོ་ཆེན་པོ་རིབ་རིབ་པོར་བསྒྲིབས་པ་ཞིག་མཐོང་ལ། དེ་ནས་བ་དན་སྐར་མདའ་ལྟ་བུར་ཤིན་ཏུ་བཟང་བ། ལ་ལ་ནི་དམར་པོ།ལ་ལ་ནི་དམར་་ སྐྱ་དག་ཅིག་བྱུང་བ་དང ། དེ་ལག་པ་གཉིས་ཀྱིས་དེ་ལ་འཛིན་པར་བྱེད་དོ། །དེས་ཇི་ལྟ་ཇི་ལྟར་བ་དན་དེ་ལ་བཟུང་བ་དེ་ལྟ་དེ་ལྟར་མི་དེ་ཡང་ཕུག་གི་ནང་དུ་འཇུག་པར་བྱེད་ལ། སྲིད་པ་ཐ་མ་པ་བཏང་སྟེ། ཤི་ནས་སྲིད་པ་བར་མ་ལ་གནས་ཏེ། བ་དན་དེ་ཉིད་ལ་འཛིན་པར་འདོད་པ་ཀུན་དུ་ 69-1-266a རྒྱུག་པར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་རྒྱུག་པ་དེ་ལྟ་དེ་ལྟར་དེའི་སྐྱེ་བའི་སྲིད་པའི་ཉེ་བར་གནས་པར་འགྱུར་ལ། དེས་སྔ་མ་བཞིན་དུ་ཁྱུ་མཆོག་པ་དང་ལྷན་ཅིག་འཁོད་པ་དང ། གསེབ་དང་རྒོད་མར་ལྷན་ཅིག་འཁོད་པར་མཐོང་བ་དང ། དེ་དེར་ཀུན་དུ་འདོད་ཆགས་སྐྱེད་པར་ བྱེད་དོ། །གཙོ་བོ་དག་འགྲོ་བ་དང་འབྲེལ་པ་བཅུ་བདུན་པ་ནི་དེ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་ཤེས་པས་ཤིན་ཏུ་བག་ཡོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བག་མེད་པ་ནི་གང་ཡང་འཁོར་བ་ལས་འགྲོལ་བ་མེད་ལ། འཇིག་རྟེན་པའི་ལེགས་པ་གང་ཡང་འཐོབ་པར་མི་འགྱུར་རོ། །བག་ མེད་པ་ནི་ལེགས་པ་ཐམས་ཅད་དོན་མེད་པར་བྱེད་པ་ཉིད་ཡིན་ཏེ། དེ་ལྟ་བས་ན་ལེགས་པ་ཐམས་ཅད་དོན་དུ་གཉེར་བའི་ལྷའམ་མི་ཤེས་རབ་དང་ལྡན་པར་གྱུར་པས་ཡོངས་སུ་སྤང་བར་བྱ་བ་བག་མེད་པ་དེ་རབ་ཏུ་འབད་པས་ཡོངས་སུ་སྤོངས་ཤིག་།གཙོ་བོ་དག་དེ་ལྟར་སྲིད་པ་བར་མར་འགྲོ་བ་ དང་འབྲེལ་པ་བཅུ་བདུན་པ་དག་སྲེད་པའི་ངོ་བོ་ཉིད་ལ་རྟོག་པར་འདོད་ཅིང་དེ་ཁོ་ན་ཚོལ་བར་འདོད་པའི་ལྷའམ་མིས་ཤེས་པར་བྱ། དཔྱད་པར་བྱ། བརྟག་པར་བྱའོ། །གཙོ་བོ་དག་གཞན་ཡང་རིམ་པ་བརྒྱད་བརྩིས་ནས་ཆོས་ཉི་ཤུའི་བར་དུ་བསྟན་པ་གང་ཡིན་པ་དེ་དག་གི་ནང་ནས་བཅུ་བདུན་གྱི་བར་ ནི་བསྟན་ཟིན་ཏོ། །གཙོ་བོ་དག་ད་ནི་འགྲོ་བ་དང་འབྲེལ་པ་དག་ལས་གཞན་པའི་ཁམས་བཅཝ་བརྒྱད་བསྟན་པ་ཁམས་དེ་དག་གི་རིམ་པ་ལ་བབ་པས་རིམ་པ་དེ་བསྟན་པར་བྱའོ། །དེ་ལ་ཁམས་ཞེས་བསྟན་པ་གང་ཡིན་པ་དེ་གང་ཞེ་ན། དེ་ལ་མོས་པ་རྣམ་པ་དུ་མ་དག་གི་ཁམས་རྣམ་པ་དུ་མར་ འགྱུར་རོ། །སྐྱོན་གསུམ་གྱིས་བསྒྲིབས་པའི་སེམས་ཅན་ནི་ཕུང་པོ་གསུམ་ལ་གནས་ལ། གསུམ་གྱིས་སོ་སོར་དབང་བསྒྱུར་ཏོ། །ཕྲ་མོ་ལ་མོས་པའི་སེམས་ཅན་བྱེད་པ་སྣ་ཚོགས། རང་བཞིན་སྣ་ཚོགས། ལས་སྣ་ཚོགས་འགྲོ་བ་སྣ་ཚོགས་བདེ་བ་དང་སྡུག་བསྔལ་མྱོང་བ་སྣ་ཚོགས། བྱད་གཟུགས་ སྣ་ཚོགས། དབང་སྣ་ཚོགས་པ་དེ་དག་ཐམས་ཅད་ནི་སེམས་ཀྱི་རང་བཞིན་སེམས་ཀྱི་ཁམས་ལ་རག་ལས་པ་ཡིན་ལ། སྲིད་པའི་རིས་སུ་སྲིད་པ་སྣ་ཚོགས་ཉིད་འབྱུང་བ་ཡིན་ཏེ། དེ་ལྟར་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཁམས་ནི་མཐའ་ཡས་སོ། །ལྷ་དང་མི་དང་དུད་འགྲོ་དང་ཡི་དགས་དང་སེམས་ཅན་ 69-1-266b དམྱལ་བ་རྣམས་ཀྱི་འགྲོ་བ་རགས་རིམ་གྱིས་མདོར་བསྡུ་ན། བགྲང་བར་གཏོགས་པའི་ཁམས་བཅཝ་བརྒྱད་ནི་སེམས་ཀྱི་སྐྱོན་ལ་རག་ལས་པ་ཡིན་ཏེ། ཁམས་བཅཝ་བརྒྱད་དུ་བསྡུ་བ་དེ་དག་ཐམས་ཅད་ནི་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཁམས་དང་པོ་ནི་འདོད་ཆགས་ཀྱི་ཤས་ཆེ་བའི་ཁམས་ཡིན་ནོ། ། དེ་ལ་འདོད་ཆགས་ཀྱི་ཤས་ཆེ་བའི་ཁམས་དག་ནི། ལྷ་དང་མི་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་བུད་མེད་ང་རྒྱལ་སྤྱོད་པ་ཀུན་ཡིན་ལ། དེ་དག་གི་ཞེ་སྡང་དེ་ནི་ཆུང་བ་ཡིན་ཏེ། འདི་ནི་ཁམས་དང་པོ་ཡིན་ནོ། དུད་འགྲོ་སྤྱི་རྣམས་ཀྱི་ནང་ན་རྨ་བྱ་དང ། མཆིལ་པ་དང ། ཁུ་བྱུག་དང ། ཕུག་རོན་དང ། བཱ་ན་པི་ཀ་དང ། པུ་ཤུད་དང ། བུང་བ་དང ། ཉ་དང ། ཁྱིམ་བྱ་དང ། བ་ལིན་ད་ཀ་ལ་སོགས་པའི་དུད་འགྲོར་གཏོགས་པ་ནི་འདོད་ཆགས་ཀྱི་ཁམས་ཤས་ཆེ་བ་ཡིན་ནོ། །དུད་འགྲོར་གཏོགས་པའི་འདོད་ཆགས་ཀྱི་ཁམས་འབྲིང་པོའི་ཤས་ཡོད་པ་གང་ཞེ་ན། འདི་ལྟ་སྟེ། རྟ་དང ། བྱི་ལ་དང ། སྐྱུགས་པ་ཟ་བ་དང ། བོང་བུ་དང ། མ་ཧེ་དང ། ཕག་དང ། གླང་པོ་ཆེ་དང ། རྔ་མོ་དང ། ཁྱི་དང ། ད་ར་དང ། བྱ་རོག་དང ། བྱ་ནེའུ་ལེ་དང ། འུག་པ་དང ། ཚད་པ་བྱེའུ་དང ། ཡ་ཏི་ཀ་ལ་སོགས་པ་དག་ནི་འདོད་ཆགས་འབྲིང་པོར་སྤྱོད་པ་ཡིན་ཏེ། སེམས་ཀྱི་ཁམས་ གཉིས་པ་ཡིན་ནོ། །དེ་ལ་དུད་འགྲོ་དེ་དག་གི་འདོད་ཆགས་ཀྱི་ཁམས་ཆུང་བ་གང་ཞེ་ན། འདི་ལྟ་སྟེ། སེང་གེ་དང ། སྟག་དང ། དྲེད་དང ། གུང་དང ། ར་དང ། གླ་བ་དང ། བྱ་ཀ་ལན་ད་ཀ་དང ། ཝ་དང ། ས་ཀོའུ་ཤི་དང ། ས་ལི་ལེ་དང ། མཛོ་དང ། ཆུ་སྲིན་དང ། ཆུ་སྲིན་དྷུན་དྷུ་གསོད་དང ། ཙུ་ ལུན་ད་ལ་སོགས་པ་དུས་སུ་འཁྲིག་པར་བྱེད་པ་དེ་དག་ནི། དུས་སུ་འཁྲིག་ཏུ་འགྲོ་བ་ཡིན་ནོ། །དུས་མ་ཡིན་པར་འདོད་ཆགས་སྤྱོད་པ་ཆུང་བ་ཡིན་ཏེ། དེ་དག་ནི་དུད་འགྲོའི་ཁམས་གསུམ་པ་ཡིན་ནོ། །དེ་དག་མ་གཏོགས་པ་གཞན་རྣམ་པ་དུ་མ། ཚེ་དུ་མ། མིང་དུ་མ་གང་ཡིན་པ་དེ་དག་ ནི་བཤད་པར་མི་ནུས་ཤིང་བགྲང་བར་མི་ནུས་སོ། །ཡང་དུད་འགྲོ་དེ་དག་གི་ནང་ཉིད་ན་ཞེ་སྡང་ཆེ་བ་གང་ཡིན་ཞེ་ན། གང་ཞེ་སྡང་ལྷག་པར་ཆེ་བ་ཉིད་ཡིན་ལ་འདོད་ཆགས་ཆེ་བ་མ་ཡིན་ཏེ། འདི་ནི་ཁམས་བཞི་པ་ཡིན་ནོ། འདི་ལྟ་སྟེ། སེང་གེ་དང ། སྟག་དང ། གུང་དང ། སྦྲུལ་དང ། ནེའུ་ལེ་དང ། སྲོག་ 69-1-267a ཆགས་རླུང་འགམ་དང ། ཀབ་ཏབ་བྱ་དང ། སྲིན་གྱི་མེ་ད་དང ། ཀ་ཀོ་ད་ར་ད་དང ། ཙི་ལིན་ད་ཀ་དང ། འོལ་བ་དང ། པྲ་རོ་ཧི་ན་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་བྱིས་པ་གསོད་དང་ཕག་ལ་སོགས་པ་ནི་ཞེ་སྡང་གི་ཁམས་ལྷག་པར་ཆེ་བ་ཡིན་ནོ། །ཁམས་ལྔ་པ་ནི་གང་ཡིན། དུད་འགྲོ་དེ་ དག་ཉིད་ཀྱི་ནང་ན་ཞེ་སྡང་འབྲིང་དུ་སྤྱོད་པ་གང་ཞེ་ན། བ་ལང་དང ། ཡུ་བ་བིན་ད་ཀ་དང ། ཀ་པ་ལིང་ཀ་དང ། ས་ལིན་དྷ་ཀ་དང ། ཀཱ་ཌོ་ད་ར་དང ། ིད་ཏྱ་ཧ་ཀ་དང ། རྨ་བྱ་དང ། ཁྱིམ་བྱ་དང ། བྱི་ལ་དང ། བྱི་བ་ལ་སོགས་པ་ནི་ཞེ་སྡང་འབྲིང་དུ་སྤྱོད་པ་ཡིན་ནོ། །དེ་ལ་ཁམས་ལྔ་པ་དུད་འགྲོ་དེ་ དག་ཉིད་ཀྱི་ནང་ན་ཞེ་སྡང་ཆུང་ངུ་སྤྱོད་པ་གང་ཡིན་ཞེ་ན། འདི་ལྟ་སྟེ། ངང་པ་དང ། ཆུ་སྐྱར་དང ། སྲོག་ཆགས་ཀད་ཏྱ་དང ། ཤ་བ་དང ། ཁུ་བྱུག་དང ། མཆིལ་པ་དང ། བཞད་དང ། བོང་བུ་དང ། རུས་སྦལ་དང ། རི་བོང་གསོད་དང ། སྲོག་ཆགས་སཱུཀྴྨ་ཙ་ར་དང ། ུ་ཙ་ཙ་ཀ་དང ། ར་ཤ་ཤ་ཀ་ དང ། སྦལ་པ་ལ་སོགས་པ་ནི་ཞེ་སྡང་ཆུང་ངུ་སྤྱོད་པ་ཡིན་ནོ། །དེ་ལ་ཁམས་དྲུག་པ་གང་ཞེ་ན། ཡི་དགས་རྣམས་ཀྱི་ནང་ན་ཡི་དགས་རྫུ་འཕྲུལ་ཆེན་པོ་འདོད་ཆགས་སྤྱོད་པ་གང་ཡིན་པ་དེ་དག་ཡིན་ནོ། །ཁམས་བདུན་པ་ནི་དུད་འགྲོའི་ནང་དུ་གཏོགས་པ་ལྷ་མ་ཡིན་འདོད་ཆགས་ཀྱི་ཁམས་ ལྷག་པར་ཆེ་བ་གང་ཡིན་པ་དེ་དག་ཡིན་ནོ། །ཁམས་བརྒྱད་པ་ནི་འདོད་ཆགས་འབྲིང་དུ་སྤྱོད་པ་དུད་པ་ཟ་བ་གང་ཡིན་པ་དེ་དག་ཡིན་ནོ། །ཁམས་དགུ་པ་ནི་འདོད་ཆགས་ཆུང་ངུར་སྤྱོད་པ་གཏོར་མ་ཟ་བ་གང་ཡིན་པ་དེ་དག་ཡིན་ནོ། །ཁམས་བཅུ་པ་ནི་ལྷ་རིལ་བ་སྤྱི་བླུགས་ནས་འཐུང་བ་གང་ཡིན་ པ་དེ་དག་ནི་ལྷ་གཞན་དག་པས་འདོད་ཆགས་སྤྱོད་པ་ཆུང་བ་ཡིན་ལ། ཞེ་སྡང་ཆེ་བ་ཡིན་ཏེ། གཡུལ་འགྱེད་པ་ལ་བརྐམ་ཞིང་རྟག་ཏུ་བརྩོན་པ། ལྷ་མ་ཡིན་གྱི་གཡུལ་འགྱེད་པར་འདོད་པ་དེ་དག་ནི་འདོད་ཆགས་ལྷག་པར་ཆུང་བ་ཡིན་ནོ། །ཁམས་བཅུ་པ་འདི་ལྟར་ཕྲེང་ཐོགས་རྣམས་ནི་ འདོད་ཆགས་འབྲིང་དུ་སྤྱོད། ཞེ་སྡང་འབྲིང་དུ་སྤྱོད་པ་ཡིན་ཏེ། ཁམས་འབྲིང་པོ་ཡིན་ནོ། །རྟག་ཏུ་མྱོས་གནས་པ་རྣམས་ནི་འདོད་ཆགས་ཀྱི་ཁམས་ལྷག་པར་ཆེ་བ་ཡིན། ཞེ་སྡང་གི་ཁམས་ཆུང་བ་ཡིན་ཏེ། ཐམས་ཅད་དུ་མངོན་པར་བརྩོན་པ་ཡིན་ནོ། །ཁམས་བཅུ་གཅིག་པ་ཀུན་དུ་རྒྱུ་བ་ 69-1-267b དག་ནི་ཞེ་སྡང་གི་ཁམས་ལྷག་པར་ཆེ་ལ་འདོད་ཆགས་ཆུང་བ་ཡིན་ནོ། །ཁམས་བཅུ་གཉིས་པ་ནི་སུམ་ཅུ་རྩ་གསུམ་པ་འདོད་ཆགས་སྤྱོད་པ་ཀུན་ཡིན་ལ། ཞེ་སྡང་ཆུང་ངུ་སྤྱོད་པ་རྣམས་ཡིན་ནོ། །ཁམས་བཅུ་གསུམ་པ་ནི་བྱང་གི་སྒྲ་མི་སྙན་པ་འདོད་ཆགས་ཀྱི་ཁམས་ཆེ་བ་ཀུན་ཡིན་ནོ། ། ཁམས་བཅུ་བཞི་པ་ནི་ནུབ་ཀྱི་བ་ལང་སྤྱོད་པ་ཞེ་སྡང་སྤྱོད་པ་ཀུན་ཡིན་ནོ། །ཁམས་བཅོ་ལྔ་པ་ནི་ཤར་གྱི་ལུས་འཕགས་པོ་རྣམས་འདོད་ཆགས་དང་ཞེ་སྡང་འདྲེས་པར་ཆེ་སྟེ། ཁམས་མཉམ་པ་ཡིན་ནོ། །ཁམས་བཅུ་དྲུག་པ་ནི་འཛམ་བུའི་གླིང་གི་མི་རང་བཞིན་སྣ་ཚོགས། སྤྱོད་པ་སྣ་ཚོགས། མོས་པ་སྣ་ཚོགས་པ་རྣམས་ཡིན་ནོ། །ཁམས་བཅུ་བདུན་པ་ནི་ལྷ་གཞན་དང་སེམས་ཅན་དམྱལ་བ་འདོད་ཆགས་སྤྱོད་པ་ཐམས་ཅད་ཡིན་ཏེ། འདི་ལྟར་དེའི་གནས་དག་ན་ཡང་སེམས་ཅན་དམྱལ་བ་པ་རྣམས་བུད་མེད་དག་ལ་མངོན་པར་འདོད་དོ། །འདི་ལྟར་ལས་བྱས་པའི་སེམས་ཅན་དམྱལ་ བ་པ་རྣམས་དང ། ལྷའི་གནས་བཞི་རྣམས་ནི་འདོད་ཆགས་ལྷག་པར་ཆེ་བ་ཡིན་ནོ། །སེམས་ཅན་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཁམས་ཡིན་པ་དེ་ཉིད་གནས་ཡིན། དེ་ཉིད་མོས་པ་ཡིན་ཏེ། ཐམས་ཅད་མདོར་བསྡུ་ན། དེ་དག་ཉིད་ཁམས་བཅཝ་བརྒྱད་ཡིན་ནོ། །གང་ན་ འདོད་ཆགས་དང་ཞེ་སྡང་སྤྱོད་པ་དེ་ན་གཏི་མུག་ལ་གནས་ལ། དེ་ལྟར་འདོད་ཆགས་དང་ཞེ་སྡང་དག་ནི་གཏི་མུག་ལ་རག་ལས་པ་ཡིན་ཏེ། རྨོངས་པ་མེད་ན་ཆགས་པའམ་གཡོ་བ་མེད་དོ། །གཙོ་བོ་དག་དེ་ལྟར་སྐྱོན་གསུམ་གྱི་བྱེ་བྲག་ཐ་དད་པ་བཞིའི་སྐྱོན་གྱིས་ཁམས་འབྱུང་བར་འགྱུར་རོ། ། གཙོ་བོ་དག་ཡང་ཁམས་བཅཝ་བརྒྱད་ཡོད་དེ། འདི་ལྟ་སྟེ། མིག་གི་ཁམས་དང ། གཟུགས་ཀྱི་ཁམས་དང ། མིག་གི་རྣམ་པར་ཤེས་པའི་ཁམས་དང ། རྣ་བའི་ཁམས་དང ། སྒྲའི་ཁམས་དང ། རྣ་བའི་རྣམ་པར་ཤེས་པའི་ཁམས་དང ། སྣའི་ཁམས་དང ། དྲིའི་ཁམས་དང ། སྣའི་ རྣམ་པར་ཤེས་པའི་ཁམས་དང ། ལྕེའི་ཁམས་དང ། རོའི་ཁམས་དང ། ལྕེའི་རྣམ་པར་ཤེས་པའི་ཁམས་དང ། ལུས་ཀྱི་ཁམས་དང ། རེག་བྱའི་ཁམས་དང ། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང ། ཡིད་ཀྱི་ཁམས་དང ། ཆོས་ཀྱི་ཁམས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་ 69-1-268a ཁམས་ཏེ། གཙོ་བོ་དག་གཞན་འདི་དག་ཀྱང་ཁམས་ཡིན་ནོ། །འདི་དག་ནི་གནོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་ཅིང ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད་པ་ཡིན་ཏེ། ལྷའམ་མི་བག་ཡོད་པས་ཡུལ་དེ་དག་ལ་བསམས་ནས་བསྲུང་བར་བྱའོ། །གང་ གཉི་ག་འཛིན་པ་བག་མེད་པའི་མི་རྣམས་ཀྱི་སྲིད་པ་བར་མ་པ་བཅུ་དགུ་ནི་འདི་ལྟ་སྟེ། བསམ་གཏན་བཞིར་ཉེ་བར་འགྲོ་བ་གནས་གཙང་མ་དང་བཅས་པ་བཅུ་དྲུག་དང ། འདོད་པའི་ཁམས་སུ་ཉེ་བར་འགྲོ་བ་གསུམ་སྟེ། འདི་ལྟ་སྟེ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། མི་རྣམས་ སོ། །ཡི་དགས་རྣམས་ནི་དེ་དག་དང་འབྲེལ་པ་ཡིན་ཏེ། སེམས་ཅན་དམྱལ་བ་མྱོང་བར་བྱེད་པ། སྡུག་བསྔལ་མང་པོ་ལྷག་པར་མྱོང་བ་ཡིན་ནོ། །འདོད་པའི་ཁམས་ན་གནས་ཐ་དད་པ་ཉི་ཤུ་ཡོད་དེ། ཁ་ཅིག་དག་རྣམ་པ་བཅུར་ཡང་འཆད་དོ། །གཙོ་བོ་དག་དངོས་པོ་ཐ་དད་པ་དེ་དག་ ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཀྱིས་བརྒྱ་བྱིན་གྱི་ཁ་ནས་ཆོས་དེ་དག་ཐོས་ནས། ཡང་བརྒྱ་བྱིན་ལ་མངོན་པར་བསྟོད་ཅིང་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཐམས་ཅད་མཆོག་ཏུ་ཞི་བྱེད་པ། །བརྒྱ་བྱིན་ཁྱོད་ཀྱི་ཆོས་འདི་བཤད། །འཇིགས་དང་དངངས་པ་བྱུང་ བའི་ཚེ། །སྒྲུབ་ལ་བདག་ཅག་གནས་པར་བགྱི། །ཆོས་གང་འཆད་པར་མཛད་པ་ནི། །གཞན་ལ་ཕན་པར་བཞེད་པ་ལགས། །མྱ་ངན་འདས་འགྲོ་སྟོན་པ་པ་པོ། །དེ་ནི་ཕ་དང་དེ་ནི་མ། །ལེགས་པར་གསུངས་པའི་ཚིག་གཅིག་པོ། །སྟོན་པ་གང་ཞིག་སྟོན་མཛད་པ། །དེ་ནི་འགྲོ་ གཞན་ལམ་ཤེས་ཤིང ། །ལུས་ཅན་རྣམས་ཀྱི་མགོན་དུ་འགྱུར། །ལེགས་པར་གསུངས་པའི་ཚིག་ལ་ནི། །བརྒྱ་བྱིན་རིན་ཐང་མ་མཆིས་ཏེ། །གང་ཞིག་ནོར་གྱིས་མི་རྙེད་པ། །ཞི་བའི་ཚིག་དེ་རྙེད་པ་ལགས། །ནོར་རྫས་ཐུན་མོང་སྤྱོད་པར་མཐོང ། །ཆོས་དག་གི་ནི་བློ་མི་ འཕེལ། །མི་ཡི་ནོར་རྫས་ཟད་འགྱུར་གྱི། །ཆོས་ཀྱི་ནོར་རྫས་རྣམས་མི་ཟད། །སྐྱེ་བའི་ཚེ་རབས་སྟོང་དག་ཏུ། །ཆོས་གཅིག་རྗེས་སུ་འགྲོ་བར་བྱེད། །གོམ་པ་གཅིག་པུ་འགྲོ་བྱེད་ཀྱང ། །ནོར་ནི་རྗེས་སུ་འགྲོ་མི་འགྱུར། །རྒྱལ་པོ་ཆོམ་རྐུན་ཆུ་རྣམས་ཀྱིས། །མི་རྣམས་ཀྱི་ 69-1-268b ནི་ནོར་རྫས་འཕྲོག་།ཆོས་ཀྱི་ནོར་ནི་དེ་རྣམས་ཀྱིས། །ནམ་ཡང་དབྲོག་པར་མི་ནུས་སོ། །དེ་ལྟར་བརྒྱ་བྱིན་དེ་ལ་ལྷ་དེ་རྣམས་ཀྱིས་མངོན་པར་མཆོད་དོ། །མཆོད་ནས་ཀྱང་དེ་ནས་ཡང་བརྒྱ་བྱིན་གྱི་མདུན་དུ་འཁོད་དོ། །བརྒྱ་བྱིན་གྱིས་ཀྱང་སྙིང་གི་ལས་གྱ་ནོམ་པ་དེ་དག་ བྱས་ནས། ལྷའི་བདེ་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པ་དང་མི་བརྟན་པ་དང་བདག་མེད་པ་བསྟན་ཅིང ། སྤྲུལ་པ་དེ་ཡང་མི་སྣང་བར་བྱས་སོ། །དེ་ནས་ཡང་ལྷ་ཡིད་མྱ་ངན་ལས་འདས་པ་རིས་འཐུན་པར་སྤྱོད་པའི་གནས་དེ་དག་ཉིད་དུ་ཕྱིན་པ་དེ་ཐམས་ཅད་ཇི་སྲིད་དུ་འདོད་པ་ སྡུག་པ། ཡིད་དུ་འོང་བ་སོ་སོ་ཡང་དག་པར་མྱོང་བ། བདེ་བ་འགྲུབ་པའི་ལས་དེ་དག་ཟད་པ་དང་སྤངས་པ་དང་གཏུགས་པར་མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་སྔར་བསྟན་པ་དེ་དང་རྒྱུ་འཐུན་པར། དེ་དག་ཕལ་ ཆེར་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །གང་དག་མི་རྣམས་ཀྱི་ནང་དུ་སྐྱེས་པ་དེ་དག་ཆོས་བཟང་པོ་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པར་འགྱུར་ལ། རྟག་ཏུ་དགོན་པར་གནས་པ་དང་རྟག་ཏུ་འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་ཡིན་ནོ། །དེ་དག་ཆོས་ཐོས་ནས་ཀྱང་རབ་ཏུ་ འབྱུང་བར་བྱེད་དོ། །ཁ་ཅིག་ནི་རྒྱུན་དུ་ཞུགས་པར་འགྱུར་བ་ནས་དགྲ་བཅོམ་པའི་བར་དུ་འགྱུར་བར་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་འཁོར་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། སྐྱེས་བུ་དམ་པ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ། དྲང་ པོ་དྲང་པོའི་རང་བཞིན་ཅན་གཞན་ལ་གནོད་པ་མེད་པ། རྟག་ཏུ་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་ལ་ལྟ་བ། ཚུལ་ཁྲིམས་ཐམས་ཅད་དུ་ཡོངས་སུ་དག་པ། རྟག་པར་ཤིན་ཏུ་དགའ་བ། གཡོ་སྒྱུ་རྣམ་པར་སྤངས་པ། གསེར་བཙོ་མ་ལྟར་ཀུན་ནས་སྐྱོན་མེད་པ། ཡང་དག་པར་ལྟ་ 69-1-269a བ། ཡང་དག་པར་ལྟ་བས་སྔོན་འདྲེན་པ་ཚུལ་ཁྲིམས་གཙང་བ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་གང་གིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པས་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། དགོན་པ་དག་ན་དགེ་སློང་མང་པོ་བདུད་ཀྱི་འཆིང་བ་རྟག་ཏུ་ གཅོད་པར་འདོད་པ་རྣམས་བསམ་གཏན་བྱེད་ལ། དེ་དག་ཚ་བས་གདུངས་པར་གྱུར་ཏེ། ཚ་བས་གདུངས་པ་རྣམས་སམ་སྐོམ་གྱིས་གདུངས་པ་རྣམས་ལ་ཤ་ཁ་ར་དང ། ཆུ་བྱིན་ནམ་རྔ་མ་བྱིན་ནམ། རྔ་མའི་བསིལ་ཡབ་ཡུ་བ་ཅན་སྦྱིན་པར་བྱེད་པ་དེ་ལྟ་བུ་ནི་སྦྱིན་པ་བྱིན་པ་ཡིན་ ནོ། །སྲོག་གཅོད་པ་སྤངས་པ་རྣམ་པ་གང་ཡིན་ཞེ་ན། འདི་ལ་ཁྱིམ་ལ་སྟེན་པ་གང་གིས་འབྱོར་པ་དང་ལྡན་པ་དག་གི་དོན་དུ་འདི་ལྟར་དེ་དག་རྩེད་མོ་བྱེད་པར་འགྱུར་རོ་སྙམ་ནས། སྟེན་པ་པོས་ཁུ་བྱུག་གམ་རྨ་བྱ་ཚལ་ན་འདྲིས་པ་དེ་དག་དེ་ནས་བཟུང་སྟེ། མི་མཐོང་བ་དང་འཆི་བར་ འགྱུར་བའི་བྱ་དེ་དག་ཟོང་གིས་བླུས་ནས་ཐར་བར་བྱེད་ལ། དེ་དག་ཀྱང་སླར་ཚལ་གྱི་ནང་ཉིད་དུ་དོང་སྟེ། དེ་ན་གནས་ལ་དེ་ནས་ཡང་འཚོ་བར་བྱེད་ཅིང་བདེ་བ་དག་ལ་ཉེ་བར་སྤྱོད་དུ་འཇུག་པ་ཡིན་ཏེ། དེ་ལྟ་བུ་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །ཇི་ལྟར་ན་མ་བྱིན་པར་ལེན་པ་དག་ལས་ ལྡོག་པ་ཡིན། ཇི་ལྟར་ན་མ་བྱིན་པ་ལེན་པ་ཡོངས་སུ་སྤོང་བ་ཡིན་ཞེ་ན། འདི་ལ་ལས་ཀྱི་འབྲས་བུ་ཆུང་ངུ་ལ་འཇིགས་པར་ལྟ་བ་ཡིན་ཏེ། འདི་ལྟར་དེ་ནི་རྫིང་ངམ་ལྟེང་ཀའམ་ཆུ་ཀླུང་གི་ངོགས་སམ་རྣམ་པ་དེ་ལྟ་བུ་གཞན་གང་ཡང་རུང་བ་དག་ཏུ་ཚངས་པ་མཚུངས་པར་སྤྱོད་པ་སྡོམ་བརྩོན་ཅན་ གཞན་ལ་ཕན་པར་བྱ་བའི་ཕྱིར། སོ་ཤིང་ངམ་སྦྲང་རྩིའི་ཆུ་སྦྱར་བ་དེ་དག་དེས་སྤོང་བར་བྱེད་ཅིང་རྐུ་སེམས་དང་ལྡན་པར་གྱུར་ནས་ལེན་པར་མི་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ནི་མ་བྱིན་པར་ལེན་པ་ལས་ལྡོག་པ་ཡིན་ནོ། །དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པ་ རྣམས་ཀྱི་ནང་དུ་ལྷ་འཁོར་ན་གནས་པ་ཞེས་བྱ་བ་དེ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་འདོད་པ་ཐམས་ཅད་འབྱོར་ཏེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཚལ་དང་ཉེ་བའི་ཚལ་རྣམས་ཀྱི་ནང་ན། བྱ་རྣམ་པ་སྣ་ཚོགས་སྒྲ་འབྱིན་པ་རྣམས་དང ། པད་མའི་རྫིང་རྣམས་ཀྱི་ནང་ན་བུང་བའི་ 69-1-269b ཚོགས་སྒྲ་འབྱིན་པ་རྣམས་དང ། བྱ་ཀཱ་རཎྜ་བ་དང་ངང་པ་སྒྲ་སྐད་འབྱིན་པ་རྣམས་དང་ཚལ་རྣམས་ཀྱི་ནང་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པས་བརྒྱན་པ་རྣམས་དང ། ལྟེང་ཀ་རྣམས་ཀྱི་ནང་ན་ཡང་བཻ་ཌཱུརྱ་སྔོན་པོ་བཅག་འཕྲོ་ལྟ་བུའི་ཆུས་ཤིན་ཏུ་གང་བ་རྣམས་དང ། རིའི་རྩེ་མོ་རྣམས་ཀྱང་རིན་པོ་ཆེ་སྣ་ བདུན་གྱི་རྡོ་རབ་ཏུ་གསལ་ལ་གསེར་དང་དངུལ་དང་ཤེལ་དང་ཨན་ད་རྙིལ་གྱི་རིའི་ཕུག་རྣམས་ཀྱི་ནང་དང ། བྱ་རྣམ་པ་སྣ་ཚོགས་སྒྲ་རྣམ་པར་འབྱིན་པ་རྣམས་ཀྱི་ནང་ན་རྩེ་བར་བྱེད་དོ། །དེ་དག་གི་ཁ་དོག་དང་སྒྲོ་གཤོག་ཀྱང་རིན་པོ་ཆེ་སྣ་བདུན་ལྟར་འདུག་པ་ཡིན་ཏེ། སྒྲ་རྣམ་པ་སྣ་ཚོགས་འབྱིན་ཅིང་ཉམས་ དགའ་བ་རྣམས་རྣ་ཁུང་དུ་སྒྲ་འབྱིན་པ། ཕན་ཚུན་འཐུན་པ་རྣམ་པ་དུ་མ་སྙན་པར་འབྱིན་པ། དེ་དག་ཐམས་ཅད་རྣར་སྙན་པར་འབྱིན་ཏེ། གང་གིས་ཚལ་དང་ཉེ་བའི་ཚལ་དེ་དག་ཉིད་སྒྲ་འབྱིན་པ་ལྟ་བུར་འབྱིན་ཏེ། ཚལ་དང་ཉེ་བའི་ཚལ་དེ་དག་ཁ་ཅིག་ན་ཀུན་ནས་སྒྲ་དི་རི་རིར་འབྱིན་ཏེ། ཤིན་ཏུ་ཉམས་དགའ་་ བ་ཡང་ཡིན་ནོ། །ཚལ་དེ་རྣམས་ཀྱི་ནང་ན་ཟས་ཀྱི་ཚོགས་དང་སྐོམ་གྱི་ཚོགས་ཀུན་ལས་ཤིན་ཏུ་ཞིམ་པ་རབ་ཏུ་འབབ་སྟེ། ལྷ་དེ་རྣམས་ཀྱང་རབ་ཏུ་དགའ་བ་སྐྱེད་ན་མི་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། རྣམ་པ་དེ་ལྟ་བུའི་ཚལ་དང་ཉེ་བའི་ཚལ་དེ་རྣམས་ཀྱི་ནང་ན། བྱད་གཟུགས་སྣ་ཚོགས་ཆ་བྱད་སྣ་ཚོགས་་ ལུས་ལ་རྒྱན་རྣམ་པ་སྣ་ཚོགས་ཐོགས་པ་རྣམས་ལན་བརྒྱའམ་སྟོང་དུ་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་གི་ནང་ན་ལས་བཟང་པོ་ལེགས་པར་བྱས་པ། རང་གི་འོད་དང་གཟི་བརྗིད་མཆོག་དང་ལྡན་པ་བདེ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་ལ་ འདོད་པ་རྣམ་པ་ཐམས་ཅད་མྱོང་བར་བྱེད་དོ། །དེ་བདེ་བའི་རྣམ་པ་དེ་ལྟ་བུའི་མྱོས་པས་མྱོས་པ་མངོན་པར་མཐོང་ནས། ཡིད་དུ་དགའ་བ་དེ་རྣམས་ཀྱིས་ལྷ་དེ་ཡོངས་སུ་བསྐོར་ཏེ། དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ལྟར་དེ་དག་དེ་བཞིན་དུ་དགའ་ཞིང་རྩེ་ལ་དགའ་དགུར་སྤྱོད་པ་ན། འདི་སྙམ་དུ་སེམས་ཏེ་ བདག་ཅག་བཻ་ཌཱུརྱའི་ནོར་བུས་ལན་ཀན་བྲེས་པའི་ཚལ། ཀུན་ནས་ནོར་བུའི་ལྗོན་ཤིང་བཀྲ་བ་སྣ་ཚོགས་སུ་ཕྱེ་བ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བྱ་སྣ་ཚོགས་སྒྲ་འབྱིན་པས་ཀུན་ཏུ་གང་བ་རྣམས་སུ་འདོང་བར་བྱའོ་སྙམ་མོ་ཚལ་དེ་ན་ལྷ་རབ་ཏུ་དགའ་བ། ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རྣམས་སིལ་སྙན་ཡན་ལག་ལྔ་ 69-1-270a དང་ལྡན་པས་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །ཚལ་དེའི་ནང་ན་ཆུ་གནས་པ་ཞེས་བྱ་བའི་རྫིང་ཡོད་དེ། ཤིན་ཏུ་ཉམས་དགའ་ལ་ཆུ་རབ་ཏུ་དང་བ་ཡིན་ཏེ། དེའི་འགྲམ་ན་ལྷ་དེ་རྣམས་རྩེ་བར་བྱེད་དགའ་བར་བྱེད་དོ། །དེ་ནས་ལྷའི་བུ་གསར་དུ་སྐྱེས་པ་དེ་ལྷ་དེ་རྣམས་དང་ལྷན་ཅིག་་ རྫིང་དེ་ཉིད་ཀྱི་དྲུང་དུ་འགྲོ་བར་བྱེད་དོ། །དེ་ནས་ལྷ་དེ་རྣམས་ཀྱིས་ཀྱང་དེ་རིག་ནས་དགོད་ཅིང་རྩེ་ལ་འགྲོས་འཆོས་པས་ལྷ་དེ་དག་ག་ལ་བ་དེར་འདོང་བར་བྱེད་དེ། དེའི་རྫིང་ཆུ་གནས་པ་དག་ན་ཕན་ཚུན་གྲོགས་སུ་གྱུར་པ་དག་དང་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །རྫིང་དེ་ལ་ཡང་མཐུ་འདི་ལྟ་བུ་ཡོད་ དེ། ཇི་ལྟར་འདོད་པ་དང་ཆུའི་རྣམ་པ་ཇི་ཙམ་དུ་འདོད་པ་རྣམ་པ་དེ་ཙམ་དུ་དེ་འགྱུར་རོ། །གལ་ཏེ་འདོད་ན་དེ་ཆང་མདོག་དང་དྲི་དང་རོ་གསལ་ཞིང་ཤིན་ཏུ་ཞིམ་ལ་བུང་བའི་ཚོགས་དང་ལྡན་པར་འགྱུར་ཏེ། འདོད་པ་ཇི་ལྟ་བ་བཞིན་དུ་འགྱུར་ཞིང ། བདུད་རྩི་དང་འཐུན་པར་འགྱུར་རོ། །མདོག་དང་རོ་དང་དྲི་ཤིན་ཏུ་ ཞིམ་པོ་དང་ལྡན་པ་ཆུ་གནས་པའི་རྫིང་དེ། བདུད་རྩི་ཤིན་ཏུ་ཞིམ་པ་ཤིན་ཏུ་འཇམ་པ་མདོག་ཟླ་བ་ལྟ་བུས་ཀུན་ཏུ་གང་བ་ཡིན་ནོ། །དེ་ནས་འདི་སྙམ་སེམས་ཏེ། འདི་ལྟར་རྫིང་འདི་ཤིང་ལྗོན་པས་གང་བར་གྱུར་ཅིག་སྙམ་ན། དེ་ཤིང་ལྗོན་པ་ཡོན་ཏན་མཆོག་དང་ལྡན་པ་དང་ཤིང་ལྗོན་པ་དྲིལ་བུ་གཡེར་ཀའི་དྲ་བས་ གཏིབས་ཤིང་ལོ་མ་ལས་རོལ་མོ་འབྱུང་བ་རྣམས་ཀྱིས་དེ་བཞིན་དུ་གང་བར་འགྱུར་རོ། །རླུང་གི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་ལྗོན་པ་དེ་རྣམས་ལས་སིལ་སྙན་ཡན་ལག་ལྔ་དང་ལྡན་པའི་རྣམ་པ་ཇི་སྙེད་པ།རྣམ་པ་དེ་སྙེད་ཀྱི་སྒྲ་འབྱིན་པར་འགྱུར་རོ། །དེ་ནས་ཡང་ལྷ་དེ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ ཅག་རྫིང་དེ་དག་གི་ནང་དུ་འཇུག་པར་བྱའོ་སྙམ་པ་དང ། ལྷ་དེ་དག་གིས་སེམས་བསྐྱེད་མ་ཐག་ཏུ་དེར་འཇུག་པར་བྱེད་དོ། །དེ་དག་ཞུགས་པ་དང་ནང་དུ་ཆུ་འབྱུང་བར་འགྱུར་ལ། ནང་དུ་ཞུགས་པ་རྣམས་ཀྱིས་རྫིང་དེ་ཉིད་ཀྱི་ནང་ན་ནོར་བུའི་ལན་ཀན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་ལོ་མ་རྣམས་ཀྱིས་ཁེབས་པའི་གཞལ་ མེད་ཁང་ལ་ལ་ནི་བཻ་ཌཱུརྱ་ལས་བྱས། ལ་ལ་ནི་གསེར་ལས་བྱས། ལ་ལ་ནི་དངུལ་ལས་བྱས། ལ་ལ་ནི་ཤེལ་ལས་བྱས། ལ་ལ་ནི་ཨན་ད་རྙིལ་ལས་བྱས། ལ་ལ་ནི་འདྲེན་མར་བྱས་པ་དག་མཐོང་ངོ ། །ཁང་པ་དང་ཚལ་དེ་རྣམས་ཀྱི་ནང་ན་ཐགས་སུ་མ་བཏགས་པའི་སྟན་ཁྲ་བོ་ཤིན་ཏུ་ཡིད་དུ་འོང་བ་བསམས་ 69-1-270b པ་བཞིན་དུ་སྡུག་པའི་མལ་སྟན་སྣ་ཚོགས་བཏིང་བའི་སྟེང་ན། ལྷ་དང་ལྷ་མོ་དང་ལྷའི་བུ་མོའི་ཚོགས་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་རྣམས་ས་ཕྱོགས་དེར་ཡང་དགའ་ཞིང་ཤིན་ཏུ་སྡུག་པ་རྣམ་པ་དུ་མ། འདོད་པའི་ཡོན་ཏན་ངོམས་མི་མྱོང་བ་འཐབ་མོ་དང་ཕྲག་དོག་གི་ སྐྱོན་རྣམས་ཀྱིས་སྐྱོ་བ་མེད་པ་ཤིན་ཏུ་སྙིང་དུ་སྡུག་ཅིང་ཡོན་ཏན་དང་ལྡན་པ་ཕན་ཚུན་གྲོགས་སུ་གྱུར་པ་རྣམས་དང་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དེ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་ལྷན་ཅིག་དགའ་བར་བྱེད་དོ། །དེ་དག་ཀྱང་དེ་ནས་ལངས་ནས་ཚལ་ཤིན་ཏུ་སྡུག་པ་ཞེས་བྱ་བ་ག་ལ་བ་དེར་འདོང་ བར་བྱེད་དོ། །ཚལ་དེ་ཡང་བྱ་མད་ཏ་དིན་ད་སྒྲ་སྙན་པ་མང་པོ་འབྱིན་པ། འབབ་ཆུ་དང་ཆུ་ཀླུང་དང་ལྟེང་ཀ་དང་འབབ་ཆུའི་ངོས་ཀུན་ཏུ་གང་བ་བྱ་ཁྲི་སྙེད་སྒྲ་ཅ་ཅོ་འབྱིན་པས་ཀུན་ནས་ཡོངས་སུ་གང་ཞིང ། སྒྲ་སྙན་པའི་ཅ་ཅོས་ཀུན་ཏུ་སྙན་པ་ཡིན་ནོ། །ཚལ་གང་ན་ཤིང་ལྗོན་པ་ཉི་མའི་འོད་ལྟར་རྣམ་པར་ གསལ་བའི་ཚལ་ཡོན་ཏན་སྣ་ཚོགས་དང་ལྡན་པ། བྱའི་ཚོགས་ཀུན་ནས་ལང་ལོང་འཕུར་བ། འབབ་ཆུ་འབུམ་སྙེད་ཀྱིས་བརྒྱན་པ་དེ་ན། ལྷ་རང་གི་འོད་དང་ལྡན་པ་དེ་རྣམས་ལྷ་མོ་དག་དང་ལྷན་ཅིག་ལྷའི་ཡོན་ཏན་སྣ་ཚོགས་པའི་ཡུལ་རྣམས་ཀྱིས་དགའ་བར་བྱེད་དོ། །མི་ཤེས་པ་རྣམས་ཀྱི་དགའ་ བའི་ནང་ན་མཆོག་འདི་ཡིན་ཏེ་འདི་ལྟ་སྟེ། བུད་མེད་ལ་དགའ་བ་ཞེས་བྱ་ལ་ཞགས་པ་དེས་བཅིངས་པའི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་འཁོར་བ་ན་དགའ་བར་བྱེད་དོ། །ལྷ་དེ་དག་དེ་རྣམས་དང་ལྷན་ཅིག་ཕན་ཚུན་དགའ་བ་རབ་ཏུ་མང་པོ་སྣ་ཚོགས་དང་ལྡན་པས་ཡུན་རིང་དུ་ཤིན་ཏུ་དགའ་བར་བྱས་ ནས་རི་རབ་ཀྱི་རྩེ་མོ་མད་ཏ་ཀ་ཊ་མ་ཞེས་བྱ་བ་ག་ལ་བ་དེར། ལྷ་མོ་རང་གི་འོད་དང་ལྡན་པ་བྱད་གཟུགས་ཆེ་ཞིང་བཟང་ལ་རྒྱན་སྡུག་གུ་ཐོགས་པ་འབྲང་བ་རྣམས་དང་ལྷན་ཅིག་གཞལ་མེད་ཁང་གི་ནང་དུ་ཞུགས་ནས་ནམ་མཁའི་དཀྱིལ་ནས་འདོང་བར་བྱེད་དེ། ནམ་མཁའི་དཀྱིལ་དུ་ཞུགས་པ་གོས་རླུང་གིས་ བུད་པ་དེ་རྣམས་རི་རབ་ཀྱི་རྩེ་མོ་མད་ཏ་ཀ་ཊ་མ་དེར་གཞལ་མེད་ཁང་གི་དགའ་སྤྱོད་བྱེད་དུ་འདོང་བར་བྱེད་དོ། །དེ་དག་ན་གཞལ་མེད་ཁང་གི་དབྱིབས་སྡུག་པ་ལྷའི་པད་མའི་རྫིང་དང་ལྟེང་ཀས་མཛེས་པར་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་རིའི་ཟོམ་གསལ་བ། ཐགས་སུ་མ་བཏགས་པའི་རྫས་ཀྱིས་ཉེ་ 69-1-271a བར་མཛེས་པར་བྱས་པ། ཀུན་ནས་མཆོག་ཏུ་ལེགས་པ་དང་ལྡན་པ་མད་ཏ་ཀ་ཊ་མ་དེའི་གནས་དཔེ་མེད་ཅིང་ཤིན་ཏུ་མཐོ་ལ་བརྩེགས་པ་དག་དེ་རྣམས་ཀྱིས་མཐོང་ལ། དེ་རྣམས་ཀྱི་ནང་ན་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ལྟར་དེ་དག་རྩེ་བ་ན། རེ་ཞིག་ན་གློ་བུར་དུ་དེ་ དག་ཐམས་ཅད་ཀྱི་གཟི་འབར་ལ། ཉི་མའི་མདོག་དང་འཐུན་པའི་འོད་ཀྱི་རྣམ་པ་དེ་ལྟ་བུ་ཞིག་བྱུང་སྟེ། དེ་ནས་ཡང་ཇི་ལྟར་ལྷ་རྣམས་ཤིན་ཏུ་དངངས་ལ་ཁས་བུབ་ཏུ་གྱུར། མིག་བཙུམས་ནས་ལྷུང་བ་ཡོན་ཏན་འབུམ་དང་ལྡན་པའི་འོད་དེ་ལྟ་བུ་ཞིག་བྱུང་སྟེ། འདི་ལྟར་འོད་ཀྱི་རྣམ་པ་འདི་ལྟ་བུ་སྔོན་་ ནམ་ཡང་མ་མཐོང་ངོ ། །འོད་དེ་ཡང་ཡུད་ཙམ་ཞིག་ཏལ་གྱིས་བྱུང་ནས་ནུབ་སྟེ། ཇི་ལྟར་འཛམ་བུ་གླིང་ན་སྐར་མདའ་ལྟུང་བ་ཡུད་ཙམ་ཞིག་ཏལ་གྱིས་བྱུང་ནས་ནུབ་པ་དང ། སེམས་ཅན་དག་ཀྱང་ཤིན་ཏུ་དངངས་པར་གྱུར་པ་དེ་ལྟར་ལྷ་དེ་རྣམས་ཀྱིས་འོད་དེ་བྱུང་བ་མཐོང་ནས། ལྷའི་ཚོགས་རྣམས་དང་ལྷན་ ཅིག་དངངས་པར་གྱུར་ལ། དེ་ནས་ཡང་ཡུན་རིང་ཞིག་ལོན་པ་དང་དབུགས་བྱུང་ངོ ། །དབུགས་བྱུང་བ་དེ་དག་ཐམས་ཅད་ཡུད་ཙམ་གྱིས་ངོ་མཚར་ཆེར་སྐྱེས་ཏེ། གང་གིས་བདག་ཅག་ཐམས་ཅད་དངངས་ལ་དེ་ནས་ཡང་འོད་དེ་ཉིད་མི་སྣང་བར་གྱུར་པ་རྣམ་པ་དེ་ལྟ་བུའི་འོད་དེ་ཅི་ཞིག་ཡིན་སྙམ་མོ། །ངོ་མཚར་ ཆེར་སྐྱེས་པ་དེ་དག་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངོ་མཚར་སྐྱེས་ཤིང་དངངས་པ་དེ་དག་བརྒྱ་བྱིན་ག་ལ་གནས་པ་དེར་དོང་ནས་དེ་དག་གིས་བརྒྱ་བྱིན་མངོན་པར་མཐོང་བ་དང་མགོ་བོས་ཕྱག་འཚལ་ཏེ། ཀུན་ནས་ཡོངས་སུ་བསྐོར་ཏེ་འཁོད་ དོ། །དེ་ནས་བརྒྱ་བྱིན་གྱིས་མདུན་ན་འདོན་པའི་ལྷ་གང་ཡིན་པ་དེ་རྣམས་རྩེ་བར་བྱེད་དགའ་བར་བྱེད་ཕྲེང་བ་དང་རྒྱན་དང་པད་མའི་ཕྲེང་བ་སྣ་ཚོགས་ཐོགས་པ། བཞིན་འཛུམ་ལ་ནོར་བུས་ལྟོ་སྔོ་བསངས་སུ་འདུག་པ། མདོག་གསེར་བཙོ་མའི་འོད་ལྟར་གསལ་བའི་ལྷའི་ཚོགས་དེ་དག་ཐམས་ཅད་བརྒྱ་བྱིན་ གྱི་མདུན་ན་རྩེ་བར་བྱེད་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ནས་འཁོར་ན་གནས་པའི་ལྷ་གང་ཡིན་པ་དེ་རྣམས་ནི་དགའ་བར་མི་བྱེད་དགའ་དགུར་སྤྱོད་པར་མི་བྱེད། བརྒྱ་བྱིན་ལ་མངོན་པར་སྟོད་པར་མི་བྱེད། གླུ་མི་ལེན་བྲོ་མི་རྡུང་ལྷ་གཞན་ལ་ཚིག་ཅུང་ཟད་ཀྱང་སྨྲ་བར་མི་བྱེད་དོ། །དེ་ 69-1-271b ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་འཁོར་ན་གནས་པ་དེ་རྣམས་ལ་འདི་སྐད་སྨྲས་སོ། །ཀྱེ་གཙོ་བོ་དག་ཅི་སྟེ་གླུ་མི་ལེན་བྲོ་མི་རྡུང་དགོད་པར་མི་བྱེད། དེ་ནས་འཁོར་ན་གནས་པའི་ལྷ་རྣམས་ཀྱིས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །བརྒྱ་བྱིན་བདག་ཅག་གིས་གང་སྔོན་གར་ཡང་མ་མཐོང་བ་མཐོང་སྔོན་མ་ཐོས་པ་ ཐོས་སོ། །དེ་ནས་བརྒྱ་བྱིན་གྱིས་དེ་དག་ལ་འདི་སྐད་སྨྲས་སོ། །འཁོར་ན་གནས་པ་རྣམས་ཀྱིས་ངོ་མཚར་ཞིག་མཐོང་བ་དེ་ཅི་ཡིན། དེ་ནས་འཁོར་ན་གནས་པའི་ལྷ་རྣམས་ཀྱིས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །བརྒྱ་བྱིན་འདི་ནི་བདག་ཅག་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་རིའི་རྩེ་མོ་མད་ཏ་ཀ་ཊ་མར་ མཆིས་པ་དང་བདག་ཅག་རྣམས་ཀྱིས་ནམ་མཁའ་ལས་ཇི་ཙམ་དུ་གང་གིས་རིའི་རྩེ་མོ་དེ་རབ་ཏུ་འབར་བ་ལྟ་བུའི་འོད་ཀྱི་རྣམ་པ་དེ་ལྟ་བུ་བྱུང་བ་ཞིག་མཐོང་སྟེ། དེ་ལ་བདག་ཅག་ངོ་མཚར་སྐྱེས་ན་བརྒྱ་བྱིན་དེ་ཅིར་འགྱུར། དེ་ནས་བརྒྱ་བྱིན་གྱིས་དེ་ཐོས་ནས་ཡུད་ཙམ་ཞིག་བསམས་ཏེ། ལྷ་དེ་རྣམས་ལ་འདི་ སྐད་སྨྲས་སོ། །ལྷ་དག་རེས་འགའ་འོད་དེ་ལྟ་བུ་འབྱུང་བ་ཡོད་དེ། བདག་གིས་འདིའི་ངོ་མཚར་གཉིས་པ་དེ་ཐོས་སོ། །གང་གི་ཚེ་བདག་གིས་ངོ་མཚར་དང་པོ་དེ་ཐོས་པ་དེས། བདག་གིས་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་ངོ་མཚར་བ་དེ་ཅི་ལགས་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་ འདས་ལ་དེ་སྐད་ཅེས་ཞུས་པ་དང་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ནི་ངན་སོང་གི་སྒོ་བཅད་པ་ཡིན་པས་འཇིགས་པར་མ་བྱེད་ཅིག་།འཁོར་བར་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ་འདི་ལྟ་སྟེ། མི་རྟག་པ་ཞེས་བྱ་བ་ཡིན་ནོ། །གང་ཡིན་པ་དེ་ངས་ཁྱོད་ལ་བཤད་ཀྱིས་ ཉོན་ཅིག་།ལྷ་འཐབ་བྲལ་ཞེས་བྱ་བ་དག་ཡོད་དེ་དེ་དག་གི་དྲུང་ན་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་བོང་སྐྱེད་དང་མདོག་དང་དབྱིབས་དང་ལོངས་སྤྱོད་རྣམས་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་དག་གང་གི་ཚེ་ལས་ཡོངས་སུ་ཟད་པ་དང་དེ་ནས་ལྟུང་བར་འགྱུར་ཏེ། དེ་དག་དཔག་ཚད་འབུམ་ཕྲག་དུ་མ་དག་ནས་ ལྟུང་བ་ན་འོད་དེ་ཆུང་ངུར་འགྱུར་རོ། །ཇི་ལྟར་མར་མེ་ཟད་པའི་དུས་སུ་འོད་ཆུང་ཞིང་མི་གསལ་བར་འགྱུར་བ་དེ་ལྟར་དེ་ནམ་མཁའ་ལ་འཆི་བའི་དུས་ན། འོད་དེ་རྣམ་པ་དེ་ལྟ་བུར་ཆུང་བར་འགྱུར་རོ། །བརྒྱ་བྱིན་གང་གི་འོད་རབ་ཏུ་གསལ་བ་དེ་དག་ནི་བརྗོད་པར་མི་ནུས་ཤིང ། །སུམ་ཅུ་རྩ་གསུམ་པ་ 69-1-272a རྣམས་ཀྱིས་བལྟ་བར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་འཇུག་པའི་ཡུལ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟར་འཐབ་བྲལ་གྱི་ལྷའི་འོད་གང་ཡིན་པ། སུམ་ཅུ་རྩ་གསུམ་པའི་ལྷས་གང་ཡང་བལྟ་བར་ཡང་མི་ནུས་ཏེ། དེ་ནི་གཞན་གྱི་ལས་ཀྱི་ འབྲས་བུ་སུམ་འགྱུར་དུ་འབྱུང་ལ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་འབྲས་བུ་ནི་གཞན་གྱི་ཉིས་འགྱུར་དུ་འབྱུང་ངོ ། །དེ་དག་བདག་གིས་དེ་བཞིན་གཤེགས་པ་ལས་དེ་སྐད་ཐོས་པ་འདི་དག་ཁྱོད་ལ་བསྟན་པ་ཡིན་ནོ། །གཙོ་བོ་དག་དེའི་ཚེ་སྐྱོ་བ་སྐྱེས་ཏེ། ལྷ་དེ་འཆི་བ་ན་ནམ་མཁའ་དེ་དཔག་ ཚད་འབུམ་ཕྲག་དུ་མ་དག་ནས་འོད་འབྱུང་བ་གང་ཡིན་པ་དེ་དག་ལྷ་ཁྱེད་ཀྱིས་མཐོང་བ་དང ། དེ་ལ་འཇིགས་པར་མ་བྱེད་ཅིག་།དེ་ནས་བརྒྱ་བྱིན་གྱིས་དེའི་ཚེ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟ་ཇི་ལྟར་བདེ་ཆེན་དང ། །ཇི་ལྟ་ཇི་ལྟར་ལོངས་སྤྱོད་པ། །དེ་ལྟ་དེ་ལྟར་སྡུག་བསྔལ་ཆེ། ། ངེས་པར་མཐར་ནི་ལྟུང་བར་འགྱུར། །ལས་དང་འཐུན་པར་འབྲས་བུ་ནི། །རྟག་ཏུ་དེ་བཞིན་གཤེགས་པས་གཟིགས། །ལས་ཀྱིས་ལྷག་པར་ཁྱད་འཇུག་ལ། །འབྲས་བུའང་དེ་བཞིན་ཁྱད་འཇུག་གོ། །ཇི་ལྟར་གོང་ནས་གོང་དག་ཏུ། །ལས་རྣམས་ཀྱི་ནི་འབྲེལ་བ་མཐོང ། །དེ་ལྟར་གོང་ནས་ གོང་དག་ཏུ། །འབྲས་བུའང་དེ་ལྟར་འབྲེལ་པ་ཡིན། །སྐྱེ་བར་འགྱུར་བ་འདི་རྣམས་ཀྱི། །ལས་ནི་ངེས་པར་གནས་པ་སྟེ། །སྐྱེ་ལས་མཆོག་ཉིད་ལུས་དང་མདོག་།སྟོབས་དང་ཚེ་རྣམས་འཐོབ་པར་འགྱུར། །ལས་ཟད་ནས་ནི་ལྟུང་འགྱུར་ཏེ། །འདི་དག་ཐམས་ཅད་ངེས་པར་ལྟུང ། ། ས་བོན་ངེས་པར་ཚིག་པ་ལ། །ནམ་ཡང་སྐྱེ་བ་ཡོད་མ་ཡིན། །མར་མེ་རྟག་ཏུ་སྐད་ཅིག་ལྟར། །སེམས་ཀྱང་སྐད་ཅིག་འབྲེལ་པར་མཐོང ། །རྒྱུ་སྟེ་སེམས་དང་འཐུན་པར་ནི། །ལས་ཀྱང་དེ་བཞིན་སྐད་ཅིག་གོ། །མི་རྟག་ལས་ལས་གང་སྐྱེས་པ། །དེ་ནི་སྐྱེ་འཇིག་ཆོས་ཅན་ཡིན། ། ཟག་དང་བཅས་པའི་བདེ་བ་དེ། །རྟག་ཏུ་སྔོན་མེད་ཕྱིས་མི་འབྱུང ། །སྐྱེ་མེད་འཇིག་མེད་བདག་ཉིད་གང ། །ཉོན་མོངས་ལས་གྲོལ་དེ་བདེའོ། །གང་ཞིག་ཐོབ་ནས་འཁོར་བ་ཡི། །ཡུལ་ལས་གནོད་མེད་ངེས་པར་འགྲོ། །གང་ཞིག་སྲིད་བྲལ་འདོད་མེད་ལ། །སྲིད་པའི་སྐྱོན་ལས་ 69-1-272b རྣམ་གྲོལ་བ། །ལུས་ཅན་གྱི་ནི་བདེ་བ་དེ། །ཕ་རོལ་གནས་པའི་སྐྱོབ་པ་ཡིན། །ཅུང་ཟད་ཟག་བཅས་བདེ་བ་གང ། །དེ་དག་ཐམས་ཅད་སྐད་ཅིག་དགོངས། །གང་ཞིག་དེ་ལས་རྣམ་གྲོལ་བ། །དེ་དག་ཐམས་ཅད་བརྟན་པར་བདེ། །དེ་ལྟར་བརྒྱ་བྱིན་དེས། འཁོར་ན་གནས་པའི་ལྷ་ དེ་རྣམས་ལ་དེ་ཁོ་ན་ཉིད་སྟོན་པར་བྱེད་དོ། །བསྟན་ནས་ཡང་དེ་རྣམས་དབུགས་ཕྱུང་སྟེ་རང་གི་གནས་སུ་གཏོང་བར་བྱེད་དོ། །ཆོས་འདི་སྐད་ཀྱང་བསྟན་ཏེ། འདི་ལྟར་དུས་ཐམས་ཅད་དུ་བག་ཡོད་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཀྱང་ཁ་ཅིག་རང་གི་གནས་དེར་དོང་སྟེ། དེ་ནས་ཡང་ཡུལ་ གྱི་དབང་དུ་གྱུར་པ་རྣམས། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །སིལ་སྙན་དང་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱིས་སྙན་པར་བྱས་པའི་ཚལ་དང་གནས་རྣམས་ན་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་ཟད་པར་མ་ གྱུར་པ་དེ་སྲིད་དུ། དགའ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཕྱིས་ལས་དེ་ཟད་ནས། ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན། སེམས་ཅན་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་ཁ་ ཅིག་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེ་བར་གྱུར་ན། ལས་དེ་དང་རྒྱུ་འཐུན་པར་དེ་རྟག་པར་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་ཏེ། རྫུ་འཕྲུལ་ཆེ་བ་དང་སྐྱེ་བོ་ཐམས་ཅད་དགའ་བ་དང་ནད་མེད་པ་དང་སྡུག་བསྔལ་མེད་པ་དང་རིགས་བཙུན་ཞིང་ཆེ་བར་སྐྱེ་བ་དང་སྐྱེས་ཕན་ཆད་མཆོག་ཏུ་ བདེ་ལ་བལྟ་ན་སྡུག་པར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མཐོ་བར་སྤྱོད་པ་ཞེས་བྱ་བ་ཇི་ལྟར་ འདུག་པ་མཐོང་ངོ ། །གནས་དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་ལྟ་བ་རྟག་ཏུ་ལས་ཀྱི་འབྲས་བུ་ལ་ཡང་དག་པར་ལྟ་བ། རྟག་ཏུ་ཡང་དག་པའི་ལྟ་བར་སྔོན་དུ་འདྲེན་པ་གང་ 69-1-273a གིས་ནོར་གྱི་སྦྱིན་པ་བྱིན་པ་དང ། བསོད་ནམས་དག་བྱས་པས་སྐྱེ་བར་འགྱུར་ཏེ། འདི་ལྟ་སྟེ། ཚུལ་ཁྲིམས་ཕྱོགས་གཅིག་བསྲུངས་ལ་ཚུལ་ཁྲིམས་ཁ་ཅིག་སྲུང་བ་དང་དེའི་འོག་ཏུ་ཚུལ་ཁྲིམས་ཐམས་ཅད་སྲུང་བའི་དགེ་འདུན་ལམ་དུ་ཞུགས་པ་དག་ལ་ལྷམ་མམ་སྣོད་སྤྱད་དག་སྦྱིན་ པར་བྱེད་པ་དང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་པ་ཡིན་ཏེ་འདི་ལྟ་སྟེ། འགྲོ་ལྡིང་བའམ་རི་ཁྲོད་པའམ་སྐྲ་འཕྱང་བས་འབྲོག་དགོན་པ་དག་ཏུ་མི་གསད་པའི་ཕྱིར་བཟུང་བ་དེ་དག་ཐར་བར་བྱེད་པ་དང ། འབྲོག་དགོན་པ་དག་ཏུ་ཆོམ་རྐུན་པ་རྣམས་ཀྱིས་བཅོམ་པའི་ནོར་རྫས་ཁྱེར་ཏེ་འོངས་པ་དེ་ དག། རྒྱལ་པོར་གྱུར་གྱིས་ཀྱང་མ་བྱིན་པར་ལེན་པའི་འཇིགས་པས་རྒྱལ་པོའི་སྐལ་བ་ལེན་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་འདི་ནི་མ་བྱིན་པར་ལེན་པ་སྤོང་བ་ཡིན་ནོ། །ཇི་ལྟར་ན་སྲོག་གཅོད་པ་སྤོང་བ་ཡིན་ཞེ་ན། འདི་ནི་འདི་ལྟར་དེ་རྒྱལ་པོར་གྱུར་ལ། ཉེས་བྱེད་བྱེད་པ་གཞན་གྱིས་བཟུང་སྟེ་ཕུལ་ བ་དེ་ཡང་དེ་ལས་ཀྱི་འབྲས་བུ་ལ་འཇིགས་ནས་གསོད་པར་མི་བྱེད་པ་ཡིན་ཏེ། དེ་ནི་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མཐོ་བར་སྤྱོད་པ་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེའི་ལས་ཀྱི་མཐའ་ལེགས་པར་བྱས་ཤིང་སྤྱད་་ པས་ལྷ་མོ་སུམ་སྟོང་དག་དེའི་རིམ་གྲོ་བྱེད་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་ཆ་བྱད་དང་རྒྱན་བཏགས་པ། ལག་ན་སིལ་སྙན་རྣམ་པ་སྣ་ཚོགས་དང ། ལག་ན་མཁོ་བ་རྣམ་པ་སྣ་ཚོགས་དང ། ལག་ན་རོལ་མོ་རྣམ་པ་སྣ་ཚོགས་ཐོགས་ལ། གླུ་དབྱངས་རྣམ་པ་སྣ་ཚོགས་ཀྱིས་བསྟོད་ཅིང་ལྷ་ དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེས་ཀྱང་དེ་རྣམས་མཐོང་ནས་ལྷ་མོ་དེ་རྣམས་ག་ལ་བ་དེར་འགྲོ་བར་བྱེད་དོ། །དེ་རྣམས་ཀྱང་ཤིན་ཏུ་གུས་པས་དེའི་དྲུང་དུ་འདོང་བར་བྱེད་དོ། །དེ་ལྟར་ཕན་ཚུན་སྙིང་དུ་སྡུག་པ་དེ་དག་ཐམས་ཅད་སྐྱེད་མོས་ཚལ་རྟག་ཏུ་དགའ་བ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་ དོ། །སྐྱེད་མོས་ཚལ་རྟག་ཏུ་དགའ་བ་ཞེས་བྱ་བ་དེ་ཡང་ཀུན་ནས་བཻ་ཌཱུརྱ་དང ། དངུལ་དང ། གསེར་གྱི་ཤིང་ལྗོན་པས་ནི་བརྒྱན། འབབ་ཆུ་དང ། ལྟེང་ཀ་དང ། པད་མའི་ཚལ་གྱིས་མཛེས་པར་བྱས་ཤིང ། ཆུ་བོ་དུ་མ་བརྒྱ་སྙེད་ནི་ལེགས་པར་འབབ། དྲིལ་བུ་གཡེར་ཀའི་དྲ་བ་རྣམ་པ་སྣ་ 69-1-273b ཚོགས་ཀྱིས་ནི་གཏིབས། ཀུན་ནས་བྱའི་རིགས་དུ་མ་ལྡིང་ཞིང་སྒྲ་སྙན་པའི་རྣམ་པ་མང་པོ་སྟོང་སྙེད་ནི་འབྱིན། སྐྱེད་མོས་ཚལ་དེ་ལྷའི་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ནི་ཁྱབ་སྟེ། ལྷ་དེ་རྣམས་དང་ཚལ་དེ་ཕན་ཚུན་མཛེས་པ་ཡིན་ནོ། །ཚལ་དེའི་དབུས་ན་རྩེ་བའི་རི་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱི་རི་ཡོད་ དེ། དེ་ན་ཡང་རིན་པོ་ཆེའི་རི་དགས་རྣམ་པ་དུ་མ་ཡོད་ལ། དེ་དག་འདི་ལྟ་བུར་མཛེས་པ་ཡིན་ཏེ་འདི་ལྟ་སྟེ། རྩིབ་ལོགས་ནི་པད་མ་རཱ་གའི་མདོག་ལྟར་དམར་ལ། རྒྱབ་ནི་དངུལ་ལྟར་དཀར། ལྟོ་ནི་གསེར་ལྟར་སེར། རྐང་པ་ནི་བྱི་རུ། རཝ་ནི་ཤེལ་ལྟ་བུ་ཡིན་ལ། ཁ་ཅིག་ནི་མདོག་འཐུན་ཏེ། ལུས་ཐམས་ཅད་དངུལ་གྱི་མདོག་དང ། དེ་བཞིན་དུ་གསེར་གྱི་མདོག་ཏུ་འདུག་གོ། །དེ་ལྟར་ཚལ་དེ་ན་རི་དགས་རྒྱུ་བ་རྣམས་ཀྱི་ལུས་ཀྱི་རྣམ་པ་དག་གིས་ཀུན་ནས་མཛེས་པ་ཡིན་ནོ། །ལྷའི་ཚོགས་དེ་རྣམས་དང་ལྷན་ཅིག་སྤྱོད་པར་བྱེད་ལ། རི་དགས་དེ་རྣམས་ཀྱང་ལྷ་མོ་དེ་རྣམས་དང་ལྷན་ ཅིག་གླུ་ལེན་པར་བྱེད་དེ། ཇི་ལྟར་གླུ་ལེན་པ་དེ་ལྟར་ལྷ་མོ་དེ་རྣམས་ཀྱང་ཤིན་ཏུ་འཐུན་ཞིང་སྙན་ལ་མཆོག་ཏུ་ཡིད་དུ་འཐད་པའི་གླུ་ལེན་ནོ། །དེ་ནི་ལྷ་དེ་རྣམས་ཡུན་རིང་དུ་རྣམ་པ་དུ་མ་དགའ་བར་བྱས་ནས། འབབ་ཆུ་འབབ་པ་གཞན་ག་ལ་བ་དེར་ལྷན་ཅིག་རྒྱུ་བར་བྱེད་ཅིང ། རི་རབ་ཀྱི་རྩེ་མོ་ ཆུ་བོ་སྨན་ལྗོངས་ཞེས་བྱ་བ་དེར་ཤིང་རྟ་རྣམ་པ་སྣ་ཚོགས་ལ་ཞོན་པ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་གླུ་དབྱངས་ཉེ་བར་ལེན་ཞིང་འདོད་པ་དམ་པ་དང་ལྡན་ལ། ཤིན་ཏུ་དགའ་བ་སྐྱེས་པ་ལེགས་པ་མཆོག་དང་ལྡན་པ་རྣམས་འདོང་བར་བྱེད་དོ། །དེར་ཕྱིན་ནས་ཀྱང་ཆུ་ཀླུང་དང ། འབབ་ཆུ་ དང ། ཆུ་བོ་སྨན་ལྗོངས་ཀྱི་རི་རབ་ཀྱི་རྩེ་མོ་དེར་ཡང་དགའ་བར་བྱེད་དོ། །ཆུ་བོའི་ནང་རྣམས་དང ། འབབ་ཆུའི་ནང་རྣམས་དང ། པད་མའི་རྫིང་གི་ནང་རྣམས་ན། རོལ་མོའི་སྒྲ་རྣར་གྲག་ཅིང་ཤིན་ཏུ་རྒྱགས་པར་གནས་པ། རྟག་ཏུ་རྩེ་བ་རྟག་ཏུ་བདེ་བ་རྟག་ཏུ་རྒྱ་ཆེ་བ་ལྷ་དང་ལྷ་མོའི་ཚོགས་ཕན་ཚུན་ འཐུན་པ་རྣམས་ཀྱིས་གང་བ། མེ་ཏོག་ཕྲེང་བ་དང་ཕྱེ་མ་དང་བྱུག་པས་ལུས་བསྐུས་པ། པད་མའི་ཕྲེང་བ་ས་མགོ་དཀྲིས་པ་དག་དགའ་བར་བྱེད་དེ། ལས་ལེགས་པར་བྱས་པས་བསྒྱུར་བ་རྣམས་དེའི་སྟོབས་དང་དེ་སོ་སོར་འབྲང་བ། ལྷ་དང་འཐུན་པ་བདེ་བ་དཔེ་མེད་པས་རྩེ་བར་བྱེད་དོ། །དེར་ 69-1-274a འདི་ནི་ཕྱོགས་གཅིག་བསྟན་པར་ཟད་ལ། ཐམས་ཅད་ནི་མི་ཀུན་གྱིས་བརྗོད་པར་མི་ནུས་ཏེ། འདི་ལྟར་ལྷའི་བདེ་བ་དེ་བརྗོད་པར་མི་ནུས་ཤིང་འདི་ལྟར་ལྷའི་བདེ་བ་དེ་ནི་གཞན་དང་མི་འདྲ་བ་དཔེ་མེད་པ་ཡིན་ནོ། །ལས་ལེགས་པར་བྱས་པའི་རྒྱུ་ལས་བྱུང་བ། རིས་འཐུན་པའི་དབང་ གིས་སྟེན་པ་དག་དེ་ལྟར་བདེ་བ་དུ་མ་མྱོང་ངོ ། །འདོད་པའི་ཡོན་ཏན་ལྔ་ལ་དགའ་བ་དེ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་ཟད་པ་དང ། སྤངས་པ་དང ། གཏུགས་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ། །དེ་ཕྱིས་ལྷའི་རིས་དེ་ནས་འཆི་བར་འགྱུར་ ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་ན་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་མཆོག་ཏུ་བདེ་བར་འགྱུར་ཞིང་དབེན་པ་ན་གནས་ པ་དང ། རི་ཁྲོད་ན་གནས་པ་དང ། གཟི་ཆེ་བ་དང ། རྒྱ་ཆེ་བ་དང ། རྒྱལ་པོའམ། བློན་པོ་ཆེན་པོར་འགྱུར་བ་མཐོང་ངོ ། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་ པས་ལྷ་རྣམས་ཀྱི་གནས་གཟི་བརྗིད་མཆོག་ཅེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ཇི་ལྟར་གནས་པ་བརྟགས་ན། སེམས་ཅན་དགེ་བ། བློ་གྲོས་རྒྱ་ཆེ་བ་གང་གིས་སྦྱིན་པ་བྱིན། བསོད་ ནམས་བྱས། ཚུལ་ཁྲིམས་རྣམ་པ་བདུན་ཡང་བསྲུངས། སྡིག་པའི་གྲོགས་པོ་དང་ཏོམ་ཅོལ་དུ་མི་འདྲེ། སྡིག་པ་དང་བཅས་པའི་ཚུལ་ཁྲིམས་མི་སྲུང ། བསོད་ནམས་ཀྱང་ཇི་ལྟ་བ་བཞིན་དུ་བྱེད། གཅིག་ཁོ་ནར་འབད་ཅིང་ཡིད་དྲང་བའི་རང་བཞིན་ཅན། མདོག་གསེར་སྦྱངས་པ་དང་ འཐུན་པ་ཡིན་ཏེ། ཚུལ་ཁྲིམས་རྣམ་པ་དུ་བསྲུངས་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དག་སྤངས་པ་ཡིན་ནོ། །འདི་ལ་གཡུལ་ཆེན་པོར་ཞུགས་པ་ན། གང་དྲུང་དུ་འོངས་པའི་སྡོམ་པའི་འཛེམ་པས་དེ་སྲོག་ཀྱང་བཏང་ནས་གསོད་པར་མི་བྱེད་དོ། །དེ་ལྟར་སྲོག་ 69-1-274b གཅོད་པ་སྤངས་པ་ཡིན་ནོ། །ཇི་ལྟར་ན་མ་བྱིན་པ་ལེན་པ་སྤངས་པ་ཡིན་ཞེ་ན། འདི་ནི་རིའི་རྩེ་མོ་ཡང་སྙིལ་བར་བྱེད་པ། ཕ་རོལ་གྱི་དཔུང་འཇོམས་ཤིང ། སེམས་ཅན་ཐམས་ཅད་གཞན་གྱི་ནོར་རྫས་འཕྲོག་པ་ན། དེ་བཀྲེས་ཤིང་སྐོམ་ལ། སྲོག་ཆད་ལ་ཐུག་གིས་ཀྱང་སྡོམ་པ་བླངས་ པའི་འཛེམ་པས་མ་བྱིན་པར་ལེན་པར་མི་བྱེད་དོ། །ཇི་ལྟར་ན་སྦྱིན་པ་གཏོང་བ་ཞིང་གང་ལ་ཞེ་ན། འདི་ནི་སངས་རྒྱས་མཆོད་ཅིང་ཆོས་མཉན་པའི་དོན་དུ་སེམས་བཟང་པོ་བསྒོམས་པའི་ཡིད་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་བློས་མར་མེ་འབུལ་བར་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་ རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན། གཟི་བརྗིད་མཆོག་གི་ལྷའི་གནས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་གཟི་བརྗིད་ཀྱི་ཕྲེང་བ་ཅན་བྱད་གཟུགས་ཆེ་ལ་ཤིན་ཏུ་སྡུག་པ་དེ་ལས་ལེགས་པར་བྱས་པ་དེས་རྒྱུ་དང་འཐུན་པར་འབྲས་བུ་མྱོང་བར་འགྱུར་རོ། །རྣ་བས་སིལ་ སྙན་ཡན་ལག་ལྔ་དང་ལྡན་པ་ཡང་དང་ཡང་དུ་ཐོས་སོ། །སྣས་ཀྱང་མེ་ཏོག་མན་དཱ་ར་བ་དང ། པད་མ་དང ། ུད་པ་ལ་སྔོན་པོ་དང ། རིན་པོ་ཆེ་སྣ་བདུན་གྱི་དྲི་ཡང་དང་ཡང་དུ་སྣོམ་མོ། །ལྕེས་ཀྱང་བདུད་རྩིའི་རོ་ཞིམ་པོ་ལྷའི་ཆང་རྒྱུན་དུ་འཐུང་ངོ ། །མིག་གིས་ཀྱང་རི་སུལ་གྱི་ངོས་སྣ་ཚོགས་ དང ། རིན་པོ་ཆེ་སྣ་བདུན་གྱི་གཟུགས་དག་མཐོང་ངོ ། །ལུས་ཀྱིས་ཀྱང་ལྷའི་རེག་བྱ་ཤིན་ཏུ་དྲི་ཞིམ་པའི་ཐགས་སུ་མ་བཏགས་པའི་གོས་རྣམས་གྱོན་ལ། པད་མ་དང ། ུད་པ་ལའི་ལོ་མ་མེ་ཏོག་ཕྲེང་བ་དང ། བྱུག་པ་སྣ་ཚོགས་དག་ལ་རེག་པར་བྱེད་དེ། དེ་ལྟར་དེ་ལས་ལེགས་པར་ བྱས་པ་དག་གི་འབྲས་བུ་ལ་སྤྱོད་པར་བྱེད་དོ། །ལྷ་མོ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་བ་དེ་གསེར་བཙོ་མ་ལྟ་བུའི་ཚལ་དང ། ནགས་ཚལ་རྣམས་དང ། དྲིལ་བུ་གཡེར་ཀའི་སྒྲ་དྲག་ཏུ་འཁྲོལ་བ་རྣམས་དང ། དངུལ་གྱི་ལྕུག་མའི་ཚོགས་རླུང་གིས་བསྐྱོད་པའི་ནང་ན་བདེ་བ་མཆོག་རྣམས་མྱོང་ངོ ། ། ལྷ་དག་གླུ་དབྱངས་ལེན་པ་ན། རོལ་མོ་ཇེང་དང ། རྔ་དང ། གླིང་བུ་དང ། གླུ་སྙན་པ་དང་འབྲེལ་པ་དག་ཐོས་སོ། །ཤིན་ཏུ་བདེ་བ་དང་ལྡན་པ་ལྷའི་ཕྲེང་བ་དང ། གོས་གྱོན་པ་གསེར་རྣམ་པ་དུ་མས་གང་བའི་རི་སུལ་རྣམས་དང ། རི་རབ་དང ། རི་བོའི་རྩེ་མོ་བཻཌཱུརྱདང ། གསེར་དང ། དངུལ་དང་། 69-1-275a ན་ད་རྙིལ་དང ། རིན་པོ་ཆེ་མཐོན་ཀ་ཆེན་པོ་དང ། ཤེལ་ལས་གྲུབ་པ་རྣམས་ཀྱང་མཐོང་ངོ་།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་བཞི་པ།རིའི་རྩེ་མོ་མེ་ལོང་ལྟ་བུར་གྱུར་པ་དེ་དག་ལ། གཅིག་གི་གཟུགས་བརྙན་ གཅིག་གི་ནང་དུ་སྣང་ངོ ། །ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་ཡང་རི་མེ་ལོང་ལྟ་བུ་དེ་རྣམས་ཀྱི་ནང་ན་ལན་བརྒྱ་འམ་སྟོང་དུ་སྣང་ངོ ། །དེ་གཟུགས་བརྙན་དེ་རྣམས་ལ་བདག་ཉིད་ལྟ་བར་བྱེད་ལ། བལྟས་ནས་ཀྱང་བརྒྱ་འགྱུར་དུ་རབ་ཏུ་དགའ་བ་སྐྱེའོ། །ལྷ་མོ་རྣམས་ཀྱང་དེ་ བཞིན་དུ་དགའ་བ་སྐྱེ་སྟེ། ཀྱེ་མ་འདི་ལྟར་བདག་ཅག་བྱད་གཟུགས་ཆེ་ཞིང་བཟང་བ་དང་ལྡན་པར་རྟག་པར་ཤིན་ཏུ་བདེ་བ་རྣམས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་རྙེད་ནས་རྩེ་བར་བྱའོ། །ལྷའི་འདོད་པའི་ཡོན་ཏན་ལྔས་བསྐྱེད་པའི་བདེ་བ་ལ་ཉེ་བར་སྤྱད་པར་བྱའོ་སྙམ་མོ། །དེ་ལྟར་ཡིད་གཡེངས་ པ་དེ་དག་རི་ནས་རི། རི་འོར་ནས་རི་འོར་དུ་འདོང་སྟེ། སྲེད་པའི་དུག་གིས་མྱོས་པའི་མི་ལྟར་ཡིད་རྟག་ཏུ་མ་བསྡམས་པ། བག་མེད་པས་ཉམས་པའི་ལྷ་དང་ལྷ་མོ་རྣམས་དང་ལྷན་ཅིག་རིའི་རྒྱལ་པོ་དེ་ལ་རྒྱུ་བར་བྱེད་དོ། །བཟའ་བཏུང་བདུད་རྩིའི་རྣམ་པ་སྣ་ཚོགས་ཀྱིས་མྱོས་པ་ཕན་ཚུན་དགའ་ བའི་དབང་དུ་གྱུར་པ། ཕན་ཚུན་ཡིད་གཅུགས་པ། ཕན་ཚུན་སྙིང་འབྲེལ་པ་དག་།ཚལ་དང་ནགས་ཚལ་བྱ་སྣ་ཚོགས་སྒྲ་དི་རི་རི་འབྱིན་པ་རྣམ་པ་དུ་མ་རྣམས་ཀྱི་ནང་ན་དགའ་བར་བྱེད་དེ། དེ་ལྟར་རྟག་པར་རྒྱུ་བ་ཆ་བྱད་དང ། ཕྲེང་བ་དང་གོས་གྱོན་པ་མགོ་ལ་མེ་ཏོག་ཕྲེང་བ་བཏགས་པ། རྒྱན་ ཕྲེང་འཕྱང་བ་དེ་དག་དཔག་བསམ་གྱི་ཤིང་གི་ཚལ་ནས། དཔག་བསམ་གྱི་ཤིང་གི་ཚལ་རྣམས་ཀྱི་ནང་ན་རྒྱུ་བར་བྱེད་དོ། །དེ་ལྟར་ཡོངས་སུ་རྒྱུ་བ་ན་ཤིན་ཏུ་བདེ་བ་དང་ལྡན་པ་དེ་དག་།རེས་འགའ་ཆུ་བོ་ཆང་ཆུ་ལྟར་འབབ་པ་ཞེས་བྱ་བར་ཨུདཔ་ལ་དམར་པོ་དང ། པད་མ་དང ། མེ་ཏོག་ཀུ་མུ་དས་ ཁེབས་པ། བྱ་ཀཱ་རཎྜ་བ་དང ། ངང་པ་དང་ངུར་པས་མཛེས་པ་དེར་འཇུག་པར་བྱེད་ལ། ཆུ་བོའི་འགྲམ་དེ་དག་ན་ལྷ་ཕན་ཚུན་གྲོགས་སུ་གྱུར་པ་དེ་རྣམས་ཆང་འཐུང་བར་བྱེད་ཅིང ། བྱ་བ་ལྟ་ན་སྡུག་པ་རྣམས་དང་ཡང་ལྷན་ཅིག་རྩེ་བར་བྱེད་དོ། །དེ་ནས་སྲིད་པས་མྱོས་པའི་ལྷ་དེ་རྣམས་ཀྱང་ཡང་ 69-1-275b དང་ཡང་དུ་ཆང་འཐུང་བ་ཉིད་ཀྱིས་བརྒྱ་འགྱུར་དུ་མདངས་འབར་ཏེ། ཡུལ་ལྔའི་ཡམ་སྲེག་ཤིང་ལས་བྱུང་བའི་སྲེད་པའི་མེས་བསྲེག་པར་བྱས་ཀྱང ། འདོད་པའི་སྲེད་པས་གདུངས་པ་ངོམས་མི་མྱོང་ངོ ། །ཀུན་ནས་འདོད་པའི་ཞགས་པས་བཅིངས་པ། རྒྱལ་པོ་ལ་གནོད་པ་བྱེད་བྱེད་པའི་མི་ བཙོན་རར་བཅུག་པ་ལྟ་བུ་དེ་རྣམས་ལྷའི་འཇིག་རྟེན་འབུམ་ཕྲག་དུ་མ་མཐོང་བ་ཉམས་དགའ་བ་ན་རྟག་ཏུ་རྒྱུ་བར་བྱེད་དོ། །ཆང་ཆུ་ལྟར་འབབ་པའི་ངོགས་དེ་དག་ན་རྩེ་བའི་ལྷ་དེ་རྣམས་དང ། བྱ་རྟག་པར་རབ་ཏུ་མྱོས་ཤིང་སྙིང་ཤིན་ཏུ་དགའ་བ་གང་ཡིན་པ་དེ་རྣམས། པད་མ་དང་ཨུད་པ་ལའི་ཚལ་ དེ་དག་ན་དགའ་བར་བྱེད་དོ། །ཆུ་དམར་པོ་ལ་སྤྱོད་པ་ཞེས་བྱ་བ་ཕན་ཚུན་གྲོགས་སུ་གྱུར་ཅིང ། སྒྲོ་གཤོག་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལྟ་བུར་རང་གི་འོད་དང་ལྡན་པ་དེ་རྣམས་ཀྱིས་ལྷ་རབ་ཏུ་མྱོས་པ་དེ་རྣམས་མངོན་པར་མཐོང་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ལྷ་རྣམས་རྟག་པར་ རབ་ཏུ་དགའ། །བདག་ཅག་རྟག་པར་རབ་ཏུ་དགའ། །ལྷ་རྣམས་དང་ནི་བྱ་རྣམས་ཀྱི། །བྱེ་བྲག་དག་ནི་མི་དམིགས་སོ། །དེ་དག་ཆོས་སྤྱོད་མ་མཐོང་སྟེ། །ནམས་ཀྱང་ཐར་པ་སྤྱོད་པ་མེད། །གལ་ཏེ་དེར་གྱུར་ལྷ་རྣམས་དང ། །བྱ་གྱུར་དེ་རྣམས་མཚུངས་པ་ཡིན། །གང་ཞིག་བག་མེད་རྣམ་ གྲོལ་ཞིང ། །གང་ཞིག་ཆོས་ལ་རྟག་ཏུ་དགའ། །འཇིག་རྟེན་ན་ནི་ལྷ་དེ་དག་།བག་ཡོད་གནས་པ་དམ་པས་མཁྱེན། །གལ་ཏེ་ལྷ་རྣམས་རྩེ་དགའ་དང ། །གལ་ཏེ་བདག་ཅག་རྩེ་དགའ་ན། །ལྷ་དང་མཁའ་ལ་རྒྱུ་བ་རྣམས། །བྱེ་བྲག་ཡོད་པར་མི་འགྱུར་རོ། །ལས་རྣམས་ཀྱི་ནི་བྱེ་ བྲག་གིས། །སྐྱེ་བའི་ཆོས་དག་བྱེ་བྲག་འགྱུར། །ཆོས་མ་ཡིན་པར་ལྟུང་བ་དག་།གར་ཡང་སྐྱེ་བ་ལེགས་མི་འགྱུར། །གང་ཞིག་འཁོར་བ་འདི་དག་ཀུན། །མཐར་ནི་ཟད་པར་མི་རིག་པ། །ལྷ་དེ་དང་ནི་བློ་རྨོངས་པ། །བྱ་རྣམས་དང་ནི་རྟག་ཏུ་མཚུངས། །སྐྱེ་སྡུག་རྒ་བའི་སྡུག་བསྔལ་ དང ། །འཆི་བ་ཉིད་ཀྱི་སྡུག་བསྔལ་དང ། །སྡུག་དང་བྲལ་བར་བཅས་པ་ཡི། །སྡུག་བསྔལ་འདི་དག་བརྒྱུད་པ་ཡིན། །དྲི་མེད་ཆོས་ཀྱི་སྤྱོད་ཡུལ་ལ། །གང་ཞིག་དེ་ལྟར་བློ་གནས་པ། །འཇིག་རྟེན་ན་ནི་ལྷ་དེ་དག་།བག་ཡོད་གནས་པ་དམ་པས་མཁྱེན། །གང་ཞིག་སྐྱེ་བའི་རྒྱུ་ལས་བྱུང་། 69-1-276a སྡུག་བསྔལ་ཡིན་པར་ལེགས་རིག་པ། །འདོད་པ་ཕན་མེད་བྱེད་རྣམས་ལ། །ལྷ་དེ་དག་ནི་ཆགས་མི་བྱེད། །མཛའ་བཤེས་གཉེན་འདུན་རང་གི་འཁོར། །མང་པོ་རྣམས་དང་བྲལ་བ་ན། །གང་ཞིག་འཁོར་བར་སྐྱོ་མི་བྱེད། །ལྷ་དེ་དག་ནི་བྱ་དང་མཚུངས། །བག་མེད་ དེ་ཉིད་གཟིགས་པ་ཡིས། །ཆང་འཐུང་ཅུང་ཟད་ཐ་གིར་གཟིགས། །ཆང་འཐུང་བ་ནི་འཇུ་འགྱུར་གྱི། །བག་མེད་འཇུ་བར་མི་འགྱུར་རོ། །བག་མེད་ཉམས་པའི་མི་དག་ནི། །འཁོར་བ་ལྔར་ནི་འཁྱམ་པར་བྱེད། །དེ་བས་ཆང་གི་བག་མེད་ལས། །རྣམ་པ་ཀུན་གྱིས་ཁྱད་པར་ཆེ། ། ཆང་ཞིམ་གྱིས་ནི་ཉིན་གཅིག་ཏུ། །ལུས་ཅན་རྣམས་ནི་བག་མེད་བྱེད། །བསྐལ་པ་བྱེ་བར་འཁྱམ་པ་ན། །བག་མེད་བྱང་བར་མི་འགྱུར་རོ། །བག་མེད་པ་དང་བྲལ་བ་གང ། །དེ་དག་འཆི་མེད་གནས་སུ་འགྲོ། །གང་ཞིག་བག་མེད་དབང་དུ་སོང ། །མི་དེ་སྲིད་པར་རྟག་ཏུ་འགྲོ། ། ཕན་པར་བྱེད་པ་མི་ཡིས་ནི། །བག་མེད་པ་དག་སྤང་བར་གྱིས། །འདི་ལྟར་ཉོན་མོངས་བག་མེད་པ། །སངས་རྒྱས་ཀྱིས་ནི་མི་བཟད་བསྒྲགས། །འདི་ལྟར་སེམས་ཡང་བྱ་དག་ཀྱང ། །བག་མེད་པ་ལ་མི་དགའ་ན། །ཅི་ཕྱིར་ལྷ་རྣམས་བག་མེད་པ། །དེ་ནི་ཁྱད་པར་སྤོང་མི་བྱེད། །དེ་ལྟར་ ལེགས་པར་བྱས་པས་བསྐུལ་བས། ལྷ་རྣམས་ལ་ཕན་པར་བྱ་བའི་ཕྱིར་དེ་ཁོང་དུ་ཆུད་པར་བྱ་བའི་དོན་དུ་བྱ་གང་ཡིན་པ་དེ་དག་ཕ་མ་ལྟར་འདོམས་པར་བྱེད་ཀྱང་བག་མེད་པས་སེམས་ཕྲོགས་པའི་ལྷ་དེ་རྣམས་བདག་ལ་ཕན་པར་སྟོན་པ་འཛིན་པར་མི་བྱེད་དོ། །དེ་ནས་ཡང་རྩེ་བ་ལ་གནས་པའི་ ལྷ་ཤིན་ཏུ་སྐྱིད་པར་གནས་པ། རྟག་ཏུ་ཡིད་རབ་ཏུ་དགའ་བ། སིལ་སྙན་དང ། རོལ་མོའི་སྒྲ་འབྱིན་པ། ཡིད་ཆགས་སུ་རུང་བ་སྣ་ཚོགས་དང་ཆས་ཏེ།ཚལ་གཞན་མ་ཏ་ལ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཚལ་མ་ཏ་ལར་ཕྱིན་ནས་ལྷ་ཕན་ཚུན་གྲོགས་སུ་གྱུར་ལ། ཤིན་ཏུ་སྐྱིད་ཅིང་ཡིད་རབ་ཏུ་དགའ་བ་དེ་རྣམས་རིན་པོ་ཆེ་སྣ་བདུན་གྱི་ལྕུག་མ་དང ། ལོ་མ་ཕན་ཚུན་འབྲེལ་ཅིང་མེ་ཏོག་གི་སྙེ་མ་འཕྱང་ལ། བུང་བ་འབུམ་སྙེད་འཁོད་པའི་ནང་དང ། རིན་པོ་ཆེ་སྣ་བདུན་གྱི་ཚལ་རྣམས་ཀྱི་ནང་ན་རང་གི་ལྷ་མོ་རྣམ་པ་དུ་མས་གང་བ་རྣམས་དང་ལྷན་ཅིག་གླུ་དབྱངས་ 69-1-276b ཤིན་ཏུ་སྙན་པ་གང་གི་ཚལ་དང ། ཉེ་བའི་ཚལ་ཐམས་ཅད་གླུ་ལེན་པ་ལྟ་བུའི་བྲག་ཅའི་སྒྲས་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །གླུ་དབྱངས་ལེན་པའི་སྒྲ་དང ། བུང་བ་སྒྲ་འབྱིན་པ་དང ། བྱ་རྣམས་ཀྱང་སྒྲ་འབྱིན་པ་རྣམ་པ་དེ་ལྟ་བུར་སྙན་ཅིང་འཐུན་པའི་སྒྲ་དེ་དག་ཉིད་ གཅིག་ཏུ་འདུས་ཏེ་འབྱུང་བ་དེས། རི་རབ་ཤིན་ཏུ་ཉམས་དགའ་བ་དེ་ཡང་རྣས་འཐད་པའི་གླུ་དབྱངས་དང ། མཐོང་ན་དགའ་བ་དེས་ཡང་ཉིས་འགྱུར་དུ་དགའ་བར་གྱུར་ལ། དེ་ལ་ལྷ་རྣམས་ལྷ་མོའི་ཚོགས་བྱད་གཟུགས་དང ། ཆ་བྱད་དང་འཛུམ་པ་དང་གཡེར་བག་ཅན་དང ། ལྷན་ཅིག་ འདོད་པའི་ཚོགས་ལ་ཉེ་བར་སྤྱོད། རྩེ་བར་བྱེད། དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་རྣམས་གནས་དེ་དག་ན་ཇི་སྲིད་དུ་འདོད་པ། སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་པ་དང ། སྤངས་པ་དང ། གཏུགས་པར་ མ་གྱུར་པ་དེ་སྲིད་དུ་དགའ་བར་བྱེད། རྩེ་བར་བྱེད་དོ། །འདི་ལྟ་སྟེ། ཟད་པར་གྱུར་ན། དེ་ཕྱིས་ལྷའི་རིས་འདོད་པ་དང ། བདེ་བའི་ཚོགས་དུ་མ་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་ དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་ཤིན་ཏུ་བདེ་བར་འགྱུར་ཏེ། ཡིད་རྩེ་བར་དགའ་བ་དག་ཐམས་ཅད་མགུ་ཞིང་རབ་ཏུ་དགའ་བ་དང ། བྱད་གཟུགས་སྡུག་པ་དང ། ཇི་ལྟར་འདུག་པ་མཐོང་ངོ ། །དེ་ནས་ཡང་ དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་གཟི་ཕྲེང་འབར་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། དགེ་ཞིང་ལེགས་པའི་སྐྱེས་བུ་གང་གིས་ལྷའི་ནང་དུ་ངེས་པར་སྐྱེ་བར་འགྱུར་བའི་བསོད་ནམས་དག་བྱས་པས་འགྱུར་ཏེ། འདི་ལྟ་སྟེ་སྐྱེས་བུ་དགེ་བ། གཡོ་སྒྱུ་མེད་པ། གཞན་ལ་གནོད་པ་མེད་པ། དམ་པའི་ཆོས་རྟོགས་པ། 69-1-277a སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་ཡང་དག་པའི་ལྟ་བས་སྔོན་དུ་འདྲེན་པ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྟག་ཏུ་སེམས་གུས་པར་གྱུར་པ། རྟག་ཏུ་ཡིད་བརླན་པ་གང་གིས་བསོད་ནམས་བྱས་པས་འགྱུར་རོ། །དེ་རྣམ་པ་དུ་ཞེ་ན། འདི་ནི་དགེ་འདུན་གྱི་གནས་ཁང་ ངམ་མཆོད་རྟེན་ཉམས་པ་བཅོས་ཏེ། གནས་ཁང་ངམ་མཆོད་རྟེན་གང་ཡིན་པ་དེ་དག་བརྟན་པར་བྱེད་པའམ་དེ་བཞིན་དུ་རྩིག་རྨང་འཆོས་སམ། དེ་བཞིན་དུ་སངས་རྒྱས་ཀྱིའམ་མཆོད་རྟེན་གྱིའམ་དགེ་འདུན་གྱི་ནོར་རྫས་ལ་མེ་ཤོར་ན་སྲོག་ལ་མི་ལྟ་བར་མེའི་ནང་དུ་ཞུགས་ཏེ་ཞི་བར་བྱས་ནས་མེ་དེ་ལས་ ཐར་བར་བྱེད་པའམ་དེ་བཞིན་དུ་མི་དག་ལ་མེས་སྲེག་པ་ན། སེམས་ཅན་ལ་བརྩེ་བའི་སྙིང་རྗེས་ཐར་བར་བྱེད་པ་རྣམ་པ་དེ་ལྟ་བུ་ནི་བསོད་ནམས་བྱེད་པ་ཡིན་ནོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་ལས་ལྡོག་པ་རྣམ་པ་དུ་ཞེ་ན། གང་ཞིག་ལམ་དུ་ཞུགས་པ་ན། གསེར་རམ་དངུལ་ ལམ། རིན་པོ་ཆེའམ་གཞན་དེ་དང་འཐུན་པ་ལྷུང་བ་གང་ཡིན་པ་དག་ལམ་དུ་རྙེད་པ་དང ། ཀྱེ་སུའི་ཡིན། ཀྱེ་འདི་སུའི་ཡིན་ཞེས་དེ་སྒྲོགས་པར་བྱེད་ལ། དེ་གལ་ཏེ་ལ་ལ་ཞིག་གིས་འདི་ནི་བདག་གི་ཡིན་ནོ་ཞེས་སྨྲས་ཏེ། དེ་ཡང་རང་གི་ཡིན་པར་གྱུར་ན། དེ་ལ་སྦྱིན་པར་བྱེད་དོ། །ཇི་སྟེ་ སུ་ཡང་འདོད་པ་མེད་ལ་སུ་ཡང་སྨྲ་བ་མེད་ན། འདི་ལྟར་འདི་ནི་བདག་གིས་ཞག་བདུན་གྱི་བར་དུ་བཅངས་ལ། དེ་ནས་ཡང་ཡུལ་ཕྱོགས་དེ་ན་འདུག་པ། རྒྱལ་པོའམ་བློན་པོ་ཆེན་པོ་དག་ལ་སྦྲན་ནས་འཕྲོག་པར་མི་བྱེད་ལ། སྒྲོགས་པར་བྱེད་དོ། །དེའི་ཚེ་ཆོས་དང་མི་ལྡན་པས་འཕྲོག་ པར་བྱེད་ན། དེ་དག་ལ་སྦྲན་པར་མི་བྱ་ཞིང་ཕྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་དག་ལ་དབུལ་བར་བྱ། དེ་བཞིན་དུ་བསྟབས་པར་བྱ་སྟེ། དེ་ལྟ་བུ་ནི་མ་བྱིན་པར་ལེན་པ་མི་བྱེད་པ་ཡིན་ནོ། །སྲོག་གཅོད་པ་སྤངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་ལམ་དུ་ཞུགས་ནས་འགྲོ་བའི་ལམ་དག་ ན། སྲིན་བུ་མར་ཀོ་ཏ་ཀ་དང ། སྦལ་པ་དང་སྡིག་སྦྲུལ་དག་གིས་ཁེབས་ན། སེམས་ཅན་ལ་སྙིང་བརྩེ་བས་དེ་དག་གི་སྟེང་དུ་འགྲོ་བར་མི་བྱེད་དེ། ལས་ཀྱི་འབྲས་བུའི་དེ་ཁོ་ན་ལ་ལྟ་བ། འཁོར་བའི་ཉེས་དམིགས་ཤེས་པ། སྐྱེ་བ་དང་འཆི་བ་ལ་སྤྱོད་པ་དེས། དོན་གྱི་འབྲས་བུ་མང་པོ་ 69-1-277b དག་ཀྱང་དང་དུ་བླངས་ནས། ལམ་གཞན་ནས་བསྐོར་ཏེ་འགྲོ་བ་ཡིན་ཏེ། དེ་ལྟ་བུ་ནི་སྲོག་གཅོད་པ་སྤངས་པ་ཡིན་ནོ། །སྡོམ་པ་བླངས་པའི་མི་དེ་ནི་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་གཟི་ཕྲེང་འབར་བ་ཞེས་བྱ་བའི་ནང་དུ་སྐྱེ་བར་འགྱུར་ རོ། །དེར་སྐྱེས་ནས་ཀྱང་ཤིན་ཏུ་བདེ་བ་ལ་རྟེན་ཅིང་བདེ་བ་དང་ལྡན་པ། རང་གིས་བྱས་པའི་ལས་ལ་སྤྱོད་པ་དེའི་བདེ་བ་གང་ཡིན་པ་དེ་དག་ནི་བརྗོད་པར་མི་ནུས་སོ། །ཕྱོགས་འགའ་ཞིག་བརྗོད་ན་འདི་ལྟར་གནས་དེ་ནི་ཀུན་ནས་འོད་འབར་བ་ཡིན་ཏེ། དེའི་ཁྱད་པར་ཉི་མའི་འོད་དང་ འཐུན་ལ་མཐོང་བ་འཐུན་ཡང་འོད་དེ་མི་བཟོད་པ་མ་ཡིན་པ་དེ་ལྟར་དེའི་ལས་བདེ་བའི་རྒྱུར་གྱུར་པའི་མཐུས་འབར་བ་ཡིན་ནོ། །དེ་ན་རང་གི་འོད་དང་ལྡན་པ་དེ་དགའ་བར་བྱེད་དེ། ལྷ་མོ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དེ། གསེར་དང ། བཻ་ཌཱུརྱ་དང ། ཤེལ་དང ། ན་ད་ རྙིལ་གྱི་གཞལ་མེད་ཁང་བཟང་པོ་རྣམས་ཀྱི་ནང་ན། འདོད་པ་དུ་མ་ལ་སེམས་གཏད་པ་རྣམས་དགའ་བར་བྱེད་དེ། རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་དོ། །དེ་ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང ། ལོ་མ་རྒྱས་པ་དང ། རྟག་ཏུ་བྱའི་ཚོགས་སྒྲ་སྙན་པ་འབྱིན་པས་མཛེས་པར་བྱས་ པའི་ཚལ་གྱི་ནང་དག་ན། རྣ་བ་དང ། མིག་གིས་བསྟེན་པའི་ཡུལ་ཉམས་དགའ་བ་དག་མཐོང་ཞིང་ཐོས་སོ། །དེ་ལྟར་དེ་ཚལ་གྱི་ནང་མིག་བཙུམས་པ་དང་ཕྱེ་བ་ལྟ་བུ་ཞེས་བྱ་བ་ཤིང་ལྗོན་པ་དེ་དག་མིག་བཙུམས་པ་དང་ཕྱེ་བ་ལྟ་བུ་མཐོང་སྟེ། མཐུ་དང་སྟོབས་ཤིན་ཏུ་ཆེ་བ་དེས་རྣམ་པ་དེ་ལྟ་ བུའི་ཚལ་གྱི་ནང་རྣམས་ན་དགའ་བར་བྱེད་དོ། །དེ་ནས་ཡང་ལྷ་དང་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང ། མིག་དང་སྙིང་ལྟད་མོས་གཡེངས་པ་དག་ཚལ་གླུ་དབྱངས་ལེན་པའི་ཀུན་དགའི་ར་བ་ཞེས་བྱ་བ་དེར་འགྲོ་བར་བྱེད་དོ། །དེའི་ཕྱི་བཞིན་དུ་ཡང་ལྷ་འབུམ་ཕྲག་དུ་མ་རི་རབ་ཀྱི་ གཤོང་དག་ན་སིལ་སྙན་དང་སྒྲ་དབྱངས་སྣ་ཚོགས་འབྱིན་ཅིང་འདོང་བར་བྱེད་དོ། །ཕན་ཚུན་བྲག་ཅ་འབྱུང་བའི་སྒྲ་འབྱིན་པ་དེ་དག་རི་རབ་ཀྱི་ནང་གི་ཁྲོད་ནས་ཀུན་ནས་གླུ་དབྱངས་འབྱུང་བ་ལྟ་བུར་བྱེད་ཅིང་འགྲོ་བར་བྱེད་དོ། །དེ་ལྟར་དེ་འགྲོ་བ་ན་ལྷ་གཞན་ཚལ་དང་ཉེ་བའི་ཚལ་རྣམས་ཀྱི་ནང་ 69-1-278a ན་རྩེ་ཞིང་དགའ་བར་བྱེད་པ་གང་ཡིན་པ་དེ་དག་སྒྲ་ཤིན་ཏུ་སྙན་ཞིང་ཡིད་འཕྲོག་པ་དེ་ཐོས་ནས། བརྒྱ་བྱིན་གཉིས་པ་ལྟ་བུ་གཞན་འདི་སུ་ཞིག་ཡིན་སྙམ་ནས་འགྲོ་བར་བྱེད་དོ། །ཤིན་ཏུ་མགུ་བ་དེས་དེ་མངོན་པར་མཐོང་ནས་ཡིད་ངོ་མཚར་ཆེར་སྐྱེས་པ་དེའི་དྲུང་དུ་རྒྱུག་པར་བྱེད་ དོ། །ལྷ་ཕན་ཚུན་དགའ་བ་སྐྱེས་པ་དེ་རྣམས་ཀྱིས་དེ་མངོན་པར་མཐོང་ནས་ཁྱེད་ཚུར་ཤེག་ཁྱེད་ཚུར་ཤེག་འདི་ནི་བདག་ཅག་ཐམས་ཅད་པས་ལུས་ཤིན་ཏུ་ཆེ་ལ། བརྒྱ་བྱིན་ལྟ་བུ་གཞན་ཞིག་བདག་ཅག་གི་གནས་འདིར་བྱུང་ངོ་ཞེས་བརྗོད་དོ། །དེ་ནས་ལྷ་གཞན་དག་ཀྱང་རིངས་པར་ལྷ་དེ་དག་ ག་ལ་བ་དེར་དོང་སྟེ། ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་བཀུར་སྟི་བྱས། བྲོ་དང་གླུ་དང ། དགོད་པ་དང་སྒེག་པ་དང་རབ་ཏུ་དགའ་བའི་ཡིད་དང ། དེ་ལ་མཆོད་པ་བྱས་པའི་ཡིད་ཀྱིས་ཚལ་རབ་ཏུ་དགའ་བ་ཞེས་བྱ་བ་ག་ལ་བ་དེར་སྐྱེད་མོས་ཚལ་གྱི་དགའ་སྤྱོད་བྱེད་དུ་འདོང་བར་བྱེད་དོ། ། ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་བ་རྣམས། དགོད་ཅིང་བྲོ་རྡུང་བཞིན་དུ། དེ་ནས་ཡང་སྙིང་བསྙེན་བཀུར་བྱ་བ་ལ་ཞུགས་པ་དེ་དག་སླར་ལོག་སྟེ་དེ་ཉིད་ལ་ལྟ་བར་བྱེད་དོ། །དེ་ནས་དེས་ཀྱང་དེ་རྣམས་མངོན་པར་མཐོང་ནས་ཡིད་རབ་ཏུ་དགའ་བས་སྨྲས་པ། སྙིང་གཅུགས་པར་སྡུག་པ་ཁྱེད་རྣམས་ ཀྱིས་བདག་དྲངས་ཏེ། ཁྱེད་ཀྱིས་བདག་གི་མདུན་དུ་དགའ་བ་འདི་ལྟ་བུ་སྦྱར་ན། ཀྱེ་བདག་ཅག་གང་དུ་འདོང ། དེ་ནས་ལྷ་དེ་རྣམས་ཀྱིས་གསར་དུ་སྐྱེས་པའི་ལྷ་དེ་ལ་འདི་ལྟར་བདག་ཅག་འདི་རྣམས་ནི་ཚལ་རབ་ཏུ་དགའ་བའི་ཀུན་དགའ་ར་བ་ཞེས་བྱ་བ་ལྷའི་མཆོག་ཏུ་ཉམས་དགའ་བའི་ཚལ་དེར་བདག་ཅག་ འདོང་བར་བྱ་སྟེ། དེར་འདོད་པའི་ཡོན་ཏན་ལྔ་ལྷག་པར་སྤྱད་པར་བྱའོ། །དེ་ནས་ལྷ་དེས་སྔོན་མ་མཐོང་བའི་ཚལ་དེར་ཡང་ཡིད་ལྟད་མོ་ལ་ཞུགས་པར་ཡང་དང་ཡང་རིངས་པར་གྱུར་པའི་ཡིད་ཉིད་ཀྱིས་ཚལ་རབ་ཏུ་དགའ་བའི་ཀུན་དགའ་ར་བ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ཚལ་དེ་རྒྱང་ རིང་པོ་ཞིག་ན་ཉི་མའི་ཚལ་ལྟ་བུ་ཀུན་ནས་འོད་ཟེར་བཟང་པོས་རབ་ཏུ་འབར་བ་ལྟ་བུར་མཐོང་ངོ ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེས་ཚལ་དེ་མངོན་པར་མཐོང་ནས་ཡང་དང་ཡང་མཆོག་ཏུ་དགའ་བ་སྐྱེས་པར་གྱུར་པའི་ཡིད་ཀྱིས་ཚལ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་དགའ་བ་རྣམ་པ་དུ་མ་ཡོད་པ་ 69-1-278b ཚལ་བཞི་དག་དང་འཐུན་པ། ལེགས་པར་འབྱུང་བའི་ཚལ་དེར་ཕྱིན་པ་དང་བྱ་འབུམ་སྙེད་རྣམ་པར་སྒྲ་སི་ལི་ལི་འབྱིན་ཏེ། ཁ་ཅིག་ནི་སྒྲ་འབྱིན་པར་བྱེད། ཁ་ཅིག་ནི་འབོད་པར་བྱེད། ཁ་ཅིག་གིས་ནི་རྣམ་པ་དུ་མར་ཡོངས་སུ་བསྐོར་ནས་ཡིད་རབ་ཏུ་དགའ་བས་སྒྲ་འབྱིན་པར་བྱེད་དེ། དེ་ལྟར་ཚལ་དེ་ རྣམས་ན་སྒྲ་འབྱིན་པར་བྱེད་དོ། །ཡང་ཕྱོགས་གཞན་ཞིག་ན་རི་སུལ་རྣམ་པ་སྣ་ཚོགས་ཡོད་པར་གསེར་གྱི་རྡོ་ལེབ་རྣམ་པ་དུ་མ་ལ་ཆུ་འབབ་པས་ཕོག་པའི་ཆུ་སྒྲ་དེ་དང ། བྱ་ངང་པ་དང ། ངུར་པ་དང ། ཀཱ་རཎྜ་བ་དག་ཆུ་འགྲམ་རྣམས་ན་སྒྲ་འབྱིན་ཏེ། ཆུ་བོ་དེ་རྣམས་ཀྱི་བྱ་དག་དེ་ལྟར་རྣམ་པ་དུ་མར་སྒྲ་ འབྱིན་པ་ཐོས་སོ། །དེ་ནས་དེ་དག་གིས་ཀྱང་ཆུ་འབབ་པའི་སྒྲ་མངོན་པར་བརྟགས་ནས་ཆུ་འགྲམ་དེ་དག་ན་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར་བའི་ལྷ་དེ་དག་དགའ་བར་བྱེད། རྩེ་བར་བྱེད་དགའ་དགུར་སྤྱོད་པར་བྱེད་ལ། ཚལ་དང་ཉེ་བའི་ཚལ་དག་ན་ཡང་མཆོག་ཏུ་བདེ་བ་མྱོང་བར་བྱེད་དོ། །དེ་ནས་ ཡང་འདོད་པ་ལྔ་ལས་བྱུང་བའི་བདེ་བ་མྱོང་བར་བྱེད་ལ། ཡང་དཔག་བསམ་གྱི་ཤིང་གི་དྲུང་དུ་རྒྱུག་པར་བྱེད་དོ། །ཤིང་དེ་དག་ཀྱང་མངོན་པར་མཐོང་སྟེ། ཁ་ཅིག་ནི་ཟླ་བའི་འོད་ལྟར་ལྷན་པ་དང་ཁ་ཅིག་ནི་ཉི་མའི་འོད་ལྟར་གསལ་བ་ཡིན་ཏེ། ཤིང་དེ་རྣམས་ཀྱི་དྲུང་དག་ཏུ་ཡང་ལྷ་དེ་ལྷ་རྣམས་ ཀྱིས་བསྐོར་ནས་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ཡུལ་ལྔའི་བདེ་བ་རྣམ་པ་དུ་མ་མྱོང་བར་བྱེད་དེ། འདོད་པའི་བདེ་བ་གང་བརྗོད་པར་ཡང་མི་ནུས་སོ། །དེ་དཔག་བསམ་གྱི་ཤིང་གི་ཚལ་དེར་ཡང་བདེ་བ་རྣམ་པ་མང་པོ་དུ་མ་མྱོང་ནས་པད་མའི་ཚལ་བྱ་ངང་པ་དང ། ངུར་པ་དང་ཀཱ་རཎྜ་བས་བརྒྱན་པ་ ག་ལ་བ་དེར་བརྒྱ་བྱིན་བཞིན་དུ་མཆོག་ཏུ་དགའ་བའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའི་ལྷ་དེ་ཡང་ཡིད་རབ་ཏུ་དགའ་བས་འདོང་བར་བྱེད་དོ། །དེ་ནས་དེར་ཡང་ལྷའི་འདོད་པའི་བདེ་བ་སྤྱད་ནས། རི་བོའི་རྩེ་མོ་མཐོ་བརྩེགས་ཞེས་བྱ་བའི་རི་བོའི་རྩེ་མོ་ག་ལ་བ་དེར་འདོང་བར་བྱེད་དོ། །གླུ་ལེན་བྲོ་རྡུང་ འཛུམ་ཞིང་སྒེག་པར་ལྷ་དང་ལྷ་མོ་གྲོགས་སུ་གྱུར་པ་ཕན་ཚུན་ཡིད་གཅུགས་པ། གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང་སྙིང་དུ་སྡུག་པ་རྣམས་ཤིན་ཏུ་བདེ་བ་མྱོང་བར་བྱེད་དོ། །རི་བོའི་རྩེ་མོ་མཐོ་བརྩེགས་ཞེས་བྱ་བ་རྩེ་མོ་སྣ་ཚོགས་པ་དེ་ལ་འཛེགས་ནས། ཡོན་ཏན་ཐམས་ཅད་དང་ལྡན་པ། འབབ་ 69-1-279a ཆུ་དང་མཚེའུ་དང་ལྟེང་ཀ་སྣ་ཚོགས་ཀྱིས་བརྒྱན་པ་དང་ལྷའི་པད་མའི་ཚལ་དང་ལྡན་ཞིང་དེས་ཀྱང་བརྒྱན་པ། པད་མའི་ཚལ་དེ་ན་ཡང་པད་མ་མང་པོས་མཛེས་པར་བྱས་པ། བྱའི་ཚོགས་འབུམ་ཕྲག་དུ་མ་ལྡིང་བ། ཤིན་ཏུ་བདེ་བ་དང་ལྡན་ཞིང་ཡིད་ཤིན་ཏུ་བདེ་ལ་མཆོག་ཏུ་དགེ་སྟེ། ལེགས་པ་མཆོག་གིས་ཤིན་ཏུ་འབར་བ་རྣམས་མཐོང་ནས། ལྷ་དེ་རྣམས་དང་ལྷན་ཅིག་སྐྱེད་མོས་ཚལ་དང ། ཉེ་བའི་ཚལ་དང ། བུང་བ་སྦྲང་རྩི་འབྱུང་བའི་ཚལ་དང་དཔག་བསམ་གྱི་ཤིང་གི་ཚལ་དང་བྱ་སྣ་ཚོགས་སྒྲ་འབྱིན་པར་བྱེད་པ་རྣམས་ཀྱི་ནང་ན་དགའ་བར་བྱེད། རྩེ་བར་བྱེད་དགའ་དགུར་ སྤྱོད་པར་བྱེད་དོ། །རི་བོའི་རྩེ་མོ་མཐོ་བརྩེགས་རི་ཟོམ་སྣ་ཚོགས་ཡོད་པ་དེ་ན་ལས་ལེགས་པར་བྱས་པ་དེ་དེར་ཡང་ཡུན་རིང་དུ་རྩེས་ན། དེ་ནས་ཡང་ལྷ་དེ་རྣམས་དང་ལྷན་ཅིག་སྐྱེད་མོས་ཚལ་གྱི་དགའ་སྤྱོད་བྱེད་དུ་རང་གི་གནས་དེ་ཉིད་ལ་རྟོག་པར་བྱེད་དེ། གསར་དུ་སྐྱེས་པའི་ཡིད་ལྟད་མོ་ལ་ཞུགས་པ་ ལྷ་ཕྱི་བཞིན་འབྲང་བ་སྟོང་སྙེད་ཀྱིས་བསྐོར་ཅིང ། ཐམས་ཅད་དུ་ཡང་དེ་དག་ཉིད་ཀྱིས་ཡོངས་སུ་བསྐོར་བ་རྣམས་བརྒྱ་བྱིན་བལྟ་བའི་ཕྱིར་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཁང་བཟངས་ལན་ཀན་སྣ་ཚོགས་ཀྱིས་བསྐོར་བ་སྔར་བསྟན་ པ་དང་འཐུན་པ་ཆོས་བཟང་དུ་ཕྱིན་པ་དང ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷ་དེ་མངོན་པར་མཐོང་ནས་རིམ་གྲོ་བྱས་ཤིང་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ལེགས་བྱས་འབྲས་བུ་སྟེ། །ད་ལྟར་ལེགས་པར་གནས་པ་ཡིན། །དེ་ནི་ཟད་ནས་ལྷ་ཡུལ་ནས། །ཁྱོད་ནི་ལོག་པར་ལྟུང་བར་ བྱེད། །ལས་ཀྱིས་ཉམས་ཏེ་ལྟུང་བ་དག་།གང་དང་གང་དུ་སྐྱེ་འགྱུར་གང ། །དེ་ནི་ཕྱིས་ནི་གདུང་མེད་པར། །ཁྱོད་ཀྱིས་དེ་ལྟར་བྱ་བ་ཡིན། །བདེ་ལ་སེམས་ནི་ཆགས་གྱུར་ཅིང ། །བག་མེད་པ་ཡིས་ཉམས་གྱུར་ནས། །མ་བྱས་བདུད་ཀྱི་དབང་གྱུར་པ། །ལྷ་རྣམས་སེམས་ཅན་དམྱལ་བར་འགྲོ། །གཅིག་ གིས་ལྟུང་བ་མཐོང་ནས་སུ། །སྐྱེ་བོ་ཇི་སྟེ་ཡིད་མི་འབྱུང ། །བདག་ཀྱང་ལྟུང་བ་འདི་དག་གིས། །རྣམ་པ་ཀུན་དུ་ལྟུང་དུ་དོགས། །གང་ཞིག་རིང་ནས་འཇིགས་མཐོང་སྟེ། །སྒྲུབ་པ་དག་ལ་འབད་བྱེད་པ། །དེ་ནི་འཆི་བའི་དུས་ཀྱི་ཚེ། །གནོད་དང་བྲལ་ཏེ་འཇིགས་པ་མེད། །གང་ཞིག་རིང་ནས་བག་མེད་པས། ། 69-1-279b བློ་ངན་འཇིགས་པར་མི་སེམས་པ། །ཕྱི་ནས་ཉོན་མོངས་བྱུང་ཚེ་དེ། །ཕྱི་ནས་གདུང་བས་སྲེག་པར་འགྱུར། །ལྷ་ཡུལ་ནས་ནི་ངེས་པར་གོ། །ཀུན་ནས་དངོས་པོ་ལྷུང་བར་འགྱུར། །འདོད་པའི་དབང་གྱུར་དེ་རིག་ན། །འདི་ལ་ནམས་ཀྱང་ལྟུང་བ་མེད། །སེམས་ཅན་འདོད་པས་བསླུས་པ་དང ། །འདོད་པས་ རྣམ་པར་རྨོངས་པ་དང ། །འདོད་པའི་ཞགས་པས་དྲངས་གྱུར་པ། །དེ་དག་རྟག་ཏུ་དམྱལ་བར་ལྟུང ། །རྟག་ཏུ་ཉོན་མོངས་འདི་རིག་ནས། །བདག་ལ་ཕན་པར་བྱེད་པའི་ཡིད། །ཤིན་ཏུ་དུལ་བའི་ཡིད་ཀྱིས་ནི། །ལྷ་རྣམས་གདུང་བར་མི་འགྱུར་རོ། །ཡིད་ཀྱི་དུག་དང་འདོད་ཤུགས་ཀྱིས། །རྣམ་པ་ཀུན་དུ་ ཟིན་པ་གང ། །འཆི་བདག་དབང་གྱུར་རྨོངས་པ་དེ། །སྐྱེ་བོ་འདོད་པའི་མེ་ཡིས་ཉམས། །འཆི་བའི་ཚེ་ན་གཉེན་འདབ་དང ། །མཛའ་བཤེས་རྩ་ལག་གཉེན་འདུན་དང ། །འབྲལ་བའི་སྡུག་བསྔལ་གང་བྱུང་བ། །དེ་ནི་བཤད་པར་མི་ནུས་སོ། །དེ་ནི་འཆི་བར་ཉེ་གྱུར་ཏེ། །རི་བོ་བཞིན་དུ་ལྟུང་བ་ན། །བཟློག་པར་་ མི་ནུས་སྟོབས་ལྡན་པ། །མི་རྣམས་ཀྱིས་ནི་འདྲེན་པར་བྱེད། །སྡུག་པ་དང་ནི་འདུ་གྱུར་ལ། །རྣམ་པ་ཀུན་དུའང་འབྲལ་བར་གྱུར། །དེ་ནི་རིག་ནས་ལྷ་མཆོག་གིས། །བག་མེད་རྣམས་ལ་ཆགས་མ་བྱེད། །དབང་པོ་རྟག་ཏུ་འདོད་རྣམས་ཀྱིས། །འདིར་ནི་ནམས་ཀྱང་ངོམས་མི་མྱོང ། །ཇི་ལྟར་མེར་ནི་ མར་བླུགས་བཞིན། །སྲེད་པ་རྟག་ཏུ་འཕེལ་བར་གྱུར། །འདི་ལྟར་སྒོ་རྣམས་སྣ་ཚོགས་ཀྱིས། །སྲེད་པའི་འཇིག་རྟེན་འཇིག་བྱེད་པ། །མི་རྣམས་རྟག་ཏུ་སེམས་དམྱལ་དང ། །ཡི་དགས་དུད་འགྲོའི་ནང་དུ་འཁྱམ། །འཆི་དང་སྐྱེ་བོའི་འཕྱང་མོ་ལ། །མི་མཁས་སྐྱེ་བོ་ཉོན་མོངས་པ། །དེ་ནི་རིག་ ནས་སྲེད་བྲལ་ཏེ། །འགྲོ་བ་མཆོག་ཏུ་དེ་འགྲོའོ། །བརྟན་པོ་བཅིངས་ལས་ངེས་གྲོལ་བ། །མྱ་ངན་བྲལ་ཞིང་གནོད་དང་བྲལ། །གང་ཞིག་སྲེད་པའི་དབང་མི་འགྲོ། །དེ་ནི་རྟག་ཏུ་བདེ་བར་འདུག་།གང་དག་གནས་སྐབས་ཐམས་ཅད་དུ། །ཡེ་ཤེས་ལ་ནི་ཡིད་ཉེ་བ། །མཁས་པ་དེ་ནི་སྐྱེ་བ་ ཡིན། །སྡུག་བསྔལ་ཞགས་པས་དེ་མི་འཆིང ། །གང་དག་ཡིད་ལ་མཚན་མ་མེད། །གང་དག་སྲེད་པས་ཡིད་བྱུང་བ། །དེ་ནི་དགོན་པའི་དྲི་མ་བྲལ། །བདེ་བ་འབྱུང་བའི་མཆོག་ཅིག་ཐོབ། །གང་དག་སྡུག་བསྔལ་མི་སྐྱོ་ཞིང ། །གང་དག་བདེ་ལ་ཆགས་མི་བྱེད། །བདེ་སྡུག་ལས་ནི་གྲོལ་བ་དེ། །མྱ་ 69-1-280a ངན་འདས་པའི་གྲོང་ཁྱེར་འགྲོ། །བྱམས་པ་དང་ནི་སྙིང་རྗེ་ཡིས། །མི་རྣམས་རྟག་ཏུ་སེམས་ལྡན་པ། །རྒྱུ་འབྲས་དེ་ཉིད་ཤེས་པ་དེ། །སྡུག་བསྔལ་ཞགས་ལས་ངེས་པར་འབྱུང ། །གང་དག་ཀུན་ཏུ་རྟོག་པ་ལ། །ཡིད་མི་དགའ་སྟེ་སྐྱོན་སྤངས་པ། །དེ་དག་སྐྱོན་གྱི་འཇིགས་ལས་གྲོལ། ། གནས་མཆོག་དམ་པར་འགྲོ་བར་འགྱུར། །འདུ་བ་དག་ལ་འབྲལ་བ་ཡོད། །ལང་ཚོ་ལ་ཡང་རྟག་ཏུ་རྒ། །འཚོ་བ་ལ་ཡང་རྟག་ཏུ་འཆི། །གཞི་འདི་དག་ནི་རྟག་ཏུ་གནས། །ལྷ་ཡུལ་ནས་ནི་ལྟུང་བ་དེ། །མི་བཟད་ཁད་ཀྱིས་མངོན་དུ་འོང ། །དེ་ནི་བསམས་ཏེ་བག་མེད་པ། །ཁྱོད་ཀྱིས་ནམས་ཀྱང་བསྟེན་མི་བྱ། ། རྨོངས་པ་གང་ཞིག་ཐབས་མེད་པས། །བདེ་བ་རྟག་ཏུ་ཚོལ་བྱེད་པ། །བྱེ་མ་རྣམས་ལས་འབྲུ་མར་ལྟར། །དེ་ནི་རྟག་ཏུ་རྙེད་མི་འགྱུར། །བག་མེད་རྟག་ཏུ་དགའ་བ་གང ། །དེ་ལ་བདེ་བའི་སྐལ་བ་མེད། །སྡུག་བསྔལ་ཤིང་གི་དྲུང་གཅིག་པོ། །ཤིན་ཏུ་མི་བཟད་བག་མེད་ཡིན། །ཆོས་དང་ཆོས་མིན་ ངེས་པ་ཉིད། །འདི་སྟེ་བདག་གིས་ཁྱོད་ལ་བསྟན། །ཁྱོད་ཀྱི་ཡིད་ཀྱིས་དེ་ཟུང་ཤིག་།ཕྱིས་ནི་གདུང་བར་མ་བྱེད་ཅིག་།རྨོངས་པ་གང་ཞིག་བླ་མའི་ཚིག་།ཕན་པ་ཉིད་ནི་འཛིན་མི་བྱེད། །ཕྱིས་དེ་ཉོན་མོངས་བྱུང་བའི་ཚེ། །རང་གི་སེམས་ཀྱིས་གདུངས་པར་བྱེད། །བྱེ་བ་ཐེར་འབུམ་སྟོང་ཕྲག་དང ། །ས་ ཡ་དང་ནི་དུང་ཕྱུར་དག་།གྲངས་མེད་པ་ཡི་ལྷ་རྣམས་ནི། །བག་མེད་པ་ཡིས་རྣམ་པར་བསླུས། །ངེས་པར་མི་རྟག་མེ་ཡིས་སུ། །བསྐལ་མཐར་རི་མཆོག་འདི་སྲེག་ན། །དབུ་བ་ཆུ་ཤིང་ལྟ་བུ་ཡི། །ལྷ་རྣམས་གང་ཞིག་སྨོས་ཅི་དགོས། །འདུ་བྱས་སྐྱེ་དང་གཡོ་བ་གང ། །དེ་ནི་སྲེད་ པར་ཅུང་ཟད་མེད། །གང་ཞིག་རྟག་པའམ་བདེ་འགྱུར་བ། །དེ་ཡི་གནས་ནི་ཡོད་མ་ཡིན། །ཇི་ལྟར་བག་མེད་པ་ཡིས་འཕྲོགས་པ་ཡི། །གསར་བྱུང་ལྷ་དེ་ལ་ནི་ཐབས་དུ་མས། །བརྒྱ་བྱིན་དེས་ནི་དེ་སྐད་ཕན་བཏགས་ཀྱང ། །དེ་ལྟར་ཚིག་གཅིག་ཙམ་ཡང་མ་ཟིན་ཏོ། །དེ་ནས་བརྒྱ་བྱིན་ གྱིས་དེ་རིག་ནས་མི་སྨྲ་བར་འདུག་གོ། །ལྷ་དེས་ཀྱང་བརྒྱ་བྱིན་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ། སིལ་སྙན་དང་རོལ་མོའི་སྒྲ་དང་གླུ་དབྱངས་སྣ་ཚོགས་ལ་ཡིད་ཆགས་པའི་ལྷ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། ལྷ་དེ་རྣམས་ཉིད་དང་ལྷན་ཅིག་རང་གི་གནས་ག་ལ་བ་དེར་འདོང་བར་བྱེད་དོ། ། 69-1-280b ནགས་ཚལ་དང ། པད་མ་དང ། ཆུའི་ལྟེང་ཀ་དང ། པད་མའི་ཚལ་རྣམས་ཀྱིས་བརྒྱན་པ་དང ། ལྷའི་རོལ་མོའི་སྒྲ་འབྱིན་པ་ཤིན་ཏུ་ཉམས་དགའ་བ་དང ། འབབ་ཆུ་འབུམ་སྙེད་ཀྱིས་བརྒྱན་པ་དང ། བྱ་སྒྲ་འབྱིན་པ་ཤིན་ཏུ་ཡིད་དུ་འོང་བ་དག་མཐོང་ངོ ། །དེ་ལྷ་རྣམས་ཀྱིས་མཆོད་ཅིང་ བདེ་བ་དུ་མ་དག་མྱོང་བ་ན། རིའི་གསབ་གསེབ་དེ་དག་ན་རིན་པོ་ཆེའི་འོད་ཀྱི་ཕྲེང་བ་ལང་ལོང་འབར་བ། ཤིན་ཏུ་བདེ་བ་རྣམ་པ་དུ་མ་དག་མཐོང་བ་དང་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འདོང་བར་བྱེད་དོ། །བག་མེད་པ་རྣམ་པ་དུ་མས་ཡིད་ཕྲོགས་པ། འདོད་པ་ལ་སེམས་ཆགས་པ་ རྣམས་འདོད་པའི་མེས་བསྲེགས་པ་ན། ཡིད་འབྱུང་བའི་རྟེན་དབང་པོ་ལྔ་ལས་བྱུང་བའི་མེ་ལྕེ་ལྔ་པོ་དེས་སྲེག་པར་བྱེད་ཀྱང་མི་རིག་སྟེ། དགྲ་ལྟར་མི་མངོན་ལ། བཤེས་གཉེན་གྱི་གཟུགས་ཅན་དགྲ་མ་རུངས་པ་དེ་དང་ཡང་ལྷན་ཅིག་དགའ་བར་བྱེད་དོ། །དེ་ལྟར་ལྷ་དེ་ཇི་སྲིད་དུ་ འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ། ལྷ་དེ་རྣམས་དང་ལྷན་ཅིག་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དེ། དུག་གི་ཆུ་བོས་དེད་པར་བྱེད་དོ། །དེ་དག་ཟད་ནས་ ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་ལས་ལེགས་པར་བྱས་པ་གཞན་ཞིག་གིས་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རྟག་ཏུ་བདེ་བ་དང་ལྡན་པར་འགྱུར་ ཞིང་བྱད་གཟུགས་བཟང་པོ་དང་ལྡན་པ་དང ། ཡོན་ཏན་དུ་མ་དང་ལྡན་པའི་རིགས་སུ་སྐྱེ་བ་དང ། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བ་དང་ཚེ་གཅིག་གི་བར་དུ་རྒྱལ་པོའི་ཡང་གནང་ཆེན་བྱེད་པར་འགྱུར་བ་མཐོང་ངོ ། །དེ་ནས་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས། ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མ་འདྲེས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ ། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ 69-1-281a ཤེས་པས་བརྟགས་ན། དགེ་བ་སེམས་བཟང་པོ་དང་ལྡན་པ་རྒྱུ་དང་འབྲས་བུ་ལ་ཤིན་ཏུ་ཡིད་ཆེས་པ་གང་གིས་ཚུལ་ཁྲིམས་རྣམ་པ་བདུན་བསྲུངས་པ། སེམས་ལ་སྙིང་རྗེས་བརླན་པའི་ཡིད་དང་ལྡན་པ། སྡིག་པའི་གྲོགས་པོ་དང་མི་འདྲེ་བ། མི་དགེ་བ་སྤྱོད་ པ་དང་ལྷན་ཅིག་སྨྲ་བར་མི་བྱེད་པ། དཀོན་མཆོག་གསུམ་ལ་རྟག་ཏུ་དད་པ་དང་ལྡན་པ། ཡིད་ཞི་ཞིང་ཡིད་ཤིན་ཏུ་མཉམ་པར་བཞག་པ་བློ་མ་གཡེངས་ཤིང་མ་འདྲེས་པར་གནས་པ། ཡ་མཚན་ཅན་འདོད་ནས་རིགས་ནས་རིགས་སུ་མི་འགྲོ་བ། སེམས་ཅན་ཐམས་ཅད་ལ་སྙན་པར་སྨྲ་བ། དུས་སུ་སྨྲ་བ། བདེན་པར་སྨྲ་བ། བླ་མ་རྣམས་ལ་རིམ་གྲོར་བྱེད་པ་དང ། དམ་པའི་ཆོས་ཉན་ཅིང་ལྟ་བའི་ངང་ཚུལ་ཅན་དུ་གྱུར་པ། སྦྱིན་པ་དང་ཚུལ་ཁྲིམས་ཅི་ནུས་སུ་བསྲུང་བར་འགྱུར་ཏེ། དེ་ལམ་དུ་འགྲོ་བ་ན་གཞན་གྱི་རྩཝ་ཙམ་ཡང་རྐུ་སེམས་དག་གིས་ལེན་པར་མི་བྱེད་ལ་ སྦལ་པ་དང ། སྲོག་ཆགས་དུན་དྷུ་བྷ་རྣམས་ལ་ཡང་ལྟ་ཞིང་རྟོག་པར་བྱེད་དེ། འདི་ལྟར་བདག་གིས་དེ་དག་གསད་པར་མི་བྱའོ་སྙམ་ནས་གང་གི་ཕྱིར་སྲོག་ཆགས་ཐམས་ཅད་ཀྱི་གཅེས་ཆེན་དམ་པ་ནི་སྲོག་ཡིན་ཏེ། གཞི་དེ་ཡིད་ལ་རྩེ་གཅིག་ཏུ་བྱས་ནས་སྲོག་ཆགས་ རྣམས་ལ་རབ་ཏུ་འབད་དེ་སྲུང་བར་བྱེད་དོ། །ཇི་ལྟར་ན་སྲོག་གཅོད་པ་སྤངས་པ་ཡིན་ཞེ་ན། ཁ་ཟས་ཀྱི་བདེ་བར་བྱ་བའི་དོན་དུ་གལ་ཏེ་ཤའམ་ཁ་ཟས་གཞན་ཞིག་བླངས་པ་དང་གང་གིས་དེའི་སྲོག་ཆད་དེ་གཞན་དུ་འགྱུར་བ་དེ་ཡང་ཚ་བའི་རྐྱེན་ནམ། ཡུན་རིང་དུ་ལོན་པའི་རྐྱེན་ གྱིས་སྲིན་བུས་གང་ལ་སྲིན་བུ་དེ་དག་དེ་ནས་ཕྱུང་ན་ནི་གོར་མ་ཆག་པར་འཆི་བར་འགྱུར་བས་བདག་ནི་ཤི་ཡང་བླའི། སྲོག་ཆགས་འདི་དག་ནི་འཆི་བར་མི་འགྱུར་ཞིང་སྲོག་ཆགས་རྣམས་ཀྱི་སྲོག་ཆད་པར་མ་གྱུར་ཅིག་སྙམ་ནས། དེ་བདག་ཉིད་ཀྱི་སྲོག་ཡོངས་སུ་གཏོང་ བར་བྱེད་ཀྱི། ཁ་ཟས་དེ་དག་ལས་སྲིན་བུ་འབྱིན་པར་མི་བྱེད་དེ། དེ་ལྟར་སྐྱེས་བུ་དམ་པ་དེ་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་རྒྱུ་ཚོལ་བ་ལྷུར་བྱེད་པ་ཡིན་ནོ། །ཇི་ལྟར་ན་མ་བྱིན་པར་ལེན་པ་སྤངས་པ་ཡིན་ཞེ་ན། དེ་ལྟར་སྐྱེས་བུ་དགེ་བ་སེམས་ཅན་ཐམས་ཅད་ 69-1-281b ལ་ཕན་པ་ལྷུར་བྱེད་པ་དེ་གཞན་གྱི་བདག་ཉིད་ཀྱི་དོན་དུ་ཡོངས་སུ་བཟུང་བ་དེ་ལས་མ་བྱིན་པར་ལེན་པར་འགྱུར་རོ་སྙམ་ནས། ཞིང་ངམ་ཀུན་དགའ་ར་བའམ་གྲོང་རྡལ་དག་ལ་གདབ་པར་བསྡོགས་པའི་བ་ལང་གི་ལྕི་བའི་ཐལ་བ་ཙམ་ཡང་ལེན་པར་མི་བྱེད་པ་ཡིན་ཏེ། དེ་ལྟར་མ་བྱིན་ པར་ལེན་པ་ཤིན་ཏུ་ཕྲ་མོ་ཡང་སྤོང་བར་བྱེད་ལ་ཚུལ་ཁྲིམས་མ་འདྲེས་པ། མ་ནོགས་པ་སྡིག་པ་མེད་པ་སྐྱོན་མེད་པ་ལ་སྤྱོད་དོ། །དེ་དེ་ལྟར་སྤྱོད་སྤྱོད་པ་ལས་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་མ་འདྲེས་པའི་གནས་ སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཤིན་ཏུ་བདེ་བ་དང་ལྡན་པ། ལུས་ཉི་མ་བས་ལྷག་ལ་རང་གི་འོད་དང་ལྡན་པའི་ལྷ་དེ་ལས་ལེགས་པར་བྱས་ཤིང་བྱས་པ་བསགས་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་བའི་འབྲས་བུས་ལྷའི་བདེ་བ་དུ་མ་དག་མྱོང་བར་བྱེད་དོ། །ལྷའི་ ཕྲེང་བ་དང་གོས་གྱོན་པ། ལྷ་འབུམ་སྙེད་ཀྱིས་ཡོངས་སུ་བསྐོར་བ་དེ་རིན་པོ་ཆེ་སྣ་བདུན་གྱི་ཚལ་དང་ནགས་ཚལ་བསྟེན་པར་བྱ་བ་རྣམས་ཀྱི་ནང་ན་ལྷའི་ཚོགས་དང་ལྷན་ཅིག་དགའ་བར་བྱེད་དོ། །དེ་ལྟར་ཤིན་ཏུ་བདེ་བ་དང་ལྡན་པ་ཡོངས་སུ་སྤྱོད་པ་དེ་རེས་འགའ་ཚལ་རོ་བརྒྱ་མཆོག་ གིས་བསྟེན་པ་ཞེས་བྱ་བ་ག་ལ་བ་དེར་འདོང་བར་བྱེད་དོ། །དེས་དེ་མངོན་པར་མཐོང་ནས་ལྷག་པར་དགའ་བ་སྐྱེས་ཏེ། ལྷ་དེ་རྣམས་ཀྱིས་མཐོང་བ་དང་ཀྱེ་གང་གི་ཚལ་འདི་ཚལ་གཞན་དག་པས་ལྷག་པར་མཛེས་ལ། མེ་ཏོག་དང ། འབྲས་བུ་དང ། རི་སུལ་དང ། སྨན་ལྗོངས་ དང ། ལྟེང་ཀ་དང ། འབབ་ཆུའི་དངོ་དང ། བྱ་སྒྲ་འབྱུང་བ་དང ། ས་རྣམ་པར་ཕྱེ་བ་དང ། རི་དགས་དང ། རི་དགས་ལས་ཁྱད་པར་འཕགས་པའི་རྒྱུ་གང་ཡིན་ཞེས་སྨྲས་སོ། །སྔོན་གྱི་ལྷ་གཞན་ཞིག་གིས་ཚིག་དེ་ཐོས་ནས་སྨྲས་པ། འདི་ལྟར་བདག་ཅག་གིས་གཞན་དང་གཞན་དག་ ལས་འདི་སྐད་ཅེས་ཐོས་ཏེ། འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་གླིང་བཞི་དང ། གླིང་བར་རྣམས་སུ་ལོ་འབུམ་ཕྲག་དུ་མར་སྤྱོད་ཀྱང་འདོད་པ་རྣམས་ཀྱིས་ངོམས་པ་མེད་དོ། །འདོད་པ་རྣམས་ཀྱིས་ངོམས་པ་མེད་པ་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལམ་ན་འཁོར་ 69-1-282a ལོས་དྲངས་ནས་ལྷའི་འཇིག་རྟེན་འདིར་འོངས་ཏེ། དེ་མིའི་བགྲང་བའི་ཚུལ་གྱིས་ལོ་འབུམ་ཕྲག་དུ་མར་ཉེ་བར་འཚོ་ཡང་འདོད་པ་རྣམས་ཀྱིས་ངོམས་པ་མེད་དོ། །དེ་གར་ཡང་འདོད་པས་ཆོག་མི་ཤེས་ནས་ལྷའི་འཇིག་རྟེན་འདིར་འོངས་ཏེ། བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་ འདུག་ཀྱང་འདོད་པ་རྣམས་ཀྱིས་ངོམས་པ་མེད་དོ། །དེ་གང་གི་ཚེ་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱེད་དུ་འགྲོ་ལ། དེ་འདུག་པའི་དགའ་སྤྱོད་བྱེད་དུ་ཚལ་འདིར་འགྲོ་སྟེ། ཚལ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཞིང་བསྟེན་པ་དུ་མ་དང་ལྡན་པ་ཡིན་ནོ། །རྒྱུ་དེས་ན་ཡོན་ཏན་དུ་མ་དང་ལྡན་པའི་ཚལ་ འདི་ནི་ད་དུང་དུ་ལྷག་པར་ཉམས་དགའ་བ་ཡིན་ནོ། །རྒྱལ་པོ་ང་ལས་ནུ་བརྒྱ་བྱིན་གྱི་སྟན་ལ་འདུག་པ་དེ་ཡང་རང་གིས་བྱས་པའི་ལས་ཟད་པ་དང་ལྷའི་གནས་དེ་ནས་ལྷུང་ངོ་ཞེས་བདག་ཅག་གིས་གཞན་དང་གཞན་དག་ལས་ཐོས་ཏེ། གཞན་དུ་ན་བདག་ཅག་གིས་ཚལ་འདི་ མངོན་སུམ་དུ་མཐོང་བ་ནི་མ་ཡིན་ནོ། །དེ་ལྟར་ཚལ་འདི་ནི་ད་དུང་དུ་འདི་ལྟར་ཤིན་ཏུ་འབྱོར་པ་ཡིན་ནོ། །དེ་ནས་ལྷ་དེ་རྣམས་ཀྱིས་ཚིག་དེ་ཐོས་པ་དང ། ངོ་མཚར་དང་བྲལ་བ་རབ་ཏུ་དགའ་བའི་ཡིད་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་ སྤྱོད་པར་བྱེད་ལ། འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་དུ་མ་དང་ལྡན་པའི་ཡིད་ཀྱི་ཚལ་དེར་འགྲོ་བར་བྱེད་དོ། །དེ་ལྟར་འགྲོ་བ་ན་དེའི་བྱ་ཤིན་ཏུ་རྩེ་བ་ཞེས་བྱ་བ་ལས་ལེགས་པར་བྱས་པས་བསྐུལ་བ་དེས་ལྷ་དེ་ལ་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། དེ་ཡི་རྒྱུ་སྟེ་སྲེད་པ་ཡིས། །འདོད་པ་ རྣམས་ལ་ངོམས་མི་མྱོང ། །སྲེད་པས་ངོམས་པ་སྐྱེད་བྱེད་པ། །ཡིད་ཉིད་ངོམས་པར་མི་བྱེད་དོ། །འཆི་བ་ཉེ་བར་གནས་པ་འདི། །སྐྱེ་བོ་ཀུན་གྱིས་ཤེས་པར་བྱ། །དེ་བས་དེ་ཡི་ལན་བྱ་བ། །ཐབས་རྣམས་ཀུན་གྱིས་མི་ནུས་སོ། །ཤིན་ཏུ་དུས་ནི་རིང་ནས་ཀྱང ། །བདེ་བ་དུ་མ་དག་ སྤྱད་ནས། །ངེས་པར་ལྷུང་བར་འགྱུར་བས་ན། །དེ་ལྟ་བས་ན་ཆོས་ལ་འབོད། །ཆོས་གཅིག་ཁོ་ན་སྐྱབས་ཀྱི་མཆོག་།ཆོས་གཅིག་ཁོ་ན་རྟེན་གྱི་མཆོག་།ཆོས་ཀྱིས་སྲོག་ནི་འཚོ་འགྱུར་ལ། །ཆོས་མ་ཡིན་པས་འཆི་བར་འགྱུར། །ཆོས་སྤྱོད་ཆོས་ལ་སྤྱོད་བྱེད་ཅིང ། །ཆོས་ཉིད་ལ་ 69-1-282b ནི་སྟེན་བྱེད་ན། །དེ་ནི་བདེ་ལས་བདེ་འགྱུར་ལ། །སྡུག་བསྔལ་རྗེས་སུ་མཐོང་མི་འགྱུར། །ཆོས་མ་ཡིན་པར་སྤྱོད་པའི་མི། །གང་ཚེ་ཆོས་མིན་སྟེན་བྱེད་ན། སེམས་ཅན་དམྱལ་བར་དེ་རྟག་ཏུ། །ཡང་དང་ཡང་དུ་སྡུག་བསྔལ་འགྱུར། །ཇི་ཙམ་གནས་རྣམས་བསྟན་པ་ནི། །དེ་ཙམ་བརྒྱ་བྱིན་ཡུལ་ཡིན་ ལ། །བརྒྱ་བྱིན་གནས་ནི་གཞན་མེད་དེ། །འདི་ལྟར་དེ་དག་ངེས་པ་ཡིན། །སུམ་ཅུ་རྩ་གསུམ་ཀུན་ནས་སུ། །གང་ན་ལྷ་རྣམས་འཆི་མེད་དང ། །ལོག་པར་ལྟུང་བའི་ལས་མེད་པ། །དེ་ནི་ཕྱོགས་འགའ་ཡོད་མ་ཡིན། །རྒྱུ་རྣམས་དུ་མར་འགྲོ་བ་དང ། །སྙིང་པོ་ངེས་པ་སྣ་ཚོགས་པ། །བརྒྱ་བྱིན་ཆོས་ནི་ སྟོན་བྱེད་ཀྱང ། །ལྷ་རྣམས་སྟེན་པར་མི་བྱེད་དོ། །མཁས་པ་ལས་ནི་ཀཽ་ཤི་ཀ། །མཛོད་ཡིན་ཕྱིར་ན་ལུས་ཡིན་ལ། །པད་མ་ལ་ནི་དགའ་བས་ན། །སྡིག་པའང་རྣམ་པར་སྤོང་བར་བྱེད། །དེ་ནི་དམ་ཆོས་རྟག་ཏུ་འཆད། །ལྷ་རྣམས་ཀྱི་ནི་ཕ་འདྲ་ཡང ། །བག་མེད་པ་ཡིས་སེམས་འཁྲུགས་ཤིང ། །རྨོངས་ པ་དེ་དག་འཛིན་མི་བྱེད། །དེ་ལྟར་ལྷ་དེ་དག་དང་བྱ་རྣམས་ཀྱིས་བརྗོད་པ་ཐོས་པར་གྱུར་དུ་ཟིན་ཀྱང ། །ངོ་བོ་ཉིད་ཀྱིས་བག་མེད་པས་ཀུན་ནས་ཕྲོགས་པའི་སེམས་ཡིན་པའི་ཕྱིར་སྐྱོ་བ་སྐྱེ་བར་ཡང་མི་འགྱུར་རོ། །དེས་དེ་དག་རྣམས་ལ་བརྩི་བགྲང་ཡང་མ་བྱས་པར་སླར་ཉིད་ཀྱང་ད་ལྟར་བའི་ཡུལ་གྱི་བདེ་ བ་རྣམས་ཀྱིས་དགའ་བར་བྱེད་ཀྱི། གཞན་མཐོང་བ་ནི་མ་ཡིན་ནོ། །ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པ་སོ་སོར་མྱོང་བར་འགྱུར་བའི་ལེགས་པར་བྱས་པའི་ལས་དེ་དག་རྣམས་ཟད་པར་མ་གྱུར་པའི་དུས་དེ་སྲིད་དུ། ལྷའི་རིགས་དེ་དག་རྣམས་སུ་འདོད་པའི་ཡུལ་ལྔ་ལ་ དགའ་བར་བྱེད་དོ། །ཕྱི་ནས་ནི་ལྷའི་འཇིག་རྟེན་དེ་དག་ལས་འཆི་འཕོ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་ཇི་ལྟར་ལས་ཀྱི་ཉེ་བར་འགྲོ་བར་འགྱུར་བའི་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་འཐུན་པར་གྱུར་པ་མི་རྣམས་ཀྱི་ནང་དུ་སྐྱེས་པར་ གྱུར་ན། དེ་རྟག་ཏུ་ཡང་མཆོག་ཏུ་སྐྱིད་པར་འགྱུར་བ་དང་མཆོག་ཏུ་དགེ་ལེགས་དང་ལྡན་པ་དང་ལོངས་སྤྱོད་མཆོག་དང་ལྡན་པ་དང་ཤིན་ཏུ་གཟུགས་བཟང་བ་དང ། སྐྱེ་བོ་རྣམས་ཐམས་ཅད་བྱམས་པར་ཡང་ལས་དེའི་རྒྱུ་འཐུན་པས་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་ 69-1-283a པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ས་ལ་ཀུན་དུ་ལྟ་བར་བྱེད་པ་ན། ས་གཅིག་གི་ས་ཕྱོགས་ཀྱང་རུང་སྟེ། སུམ་ཅུ་རྩ་བཞི་པར་གྱུར་པ་ནི་དེས་མཐོང་བ་མེད་དོ། །ཇི་སྲིད་དུ་ལྷ་དང་བཅས་པའི་ས་རྣམས་ནི་སུམ་ཅུ་རྩ་གསུམ་པོ་དེ་དག་ཙམ་དང་ལྡན་པ་ཡིན་གྱི་འདི་ དག་རྣམས་ཀྱི་ས་གཞན་འགའ་ཞིག་ཀྱང་ཡོད་པ་ནི་མ་ཡིན་ནོ། །བརྒྱ་བྱིན་ཡང་དེ་སྙེད་ཅིག་ལ་ནུས་པ་དང་ལྡན་པ་ཡིན་ཞིང་དེ་ཙམ་ལ་སྟོབས་དང་ལྡན་པ་ཡིན་ནོ། །དེ་དག་ལས་དགའ་བར་འགྱུར་བ་གཞན་ནི་མེད་དོ། །འདིས་དང་པོར་ལྷའི་རིས་འདི་དག་རྣམས་ལ་ཀུན་དུ་ལྟ་བར་བྱེད་དེ། རྒྱུ་དང་འབྲས་ བུ་ཆ་འདྲ་བར་རྗེས་སུ་འབྲེལ་བར་ལས་ཀྱི་འབྲས་བུ་མཐོང་བ་དང་ཡང་དག་པར་ལྡན་པ་དེ་ས་རྣམས་ཐམས་ཅད་སོ་སོ་སོ་སོ་ལ་ཡང་ཀུན་དུ་བལྟས་ནས། འཁོར་བ་ལ་ཀུན་ནས་ཡིད་འབྱུང་བར་འགྱུར་ཏེ། འཆི་འཕོ་དང་སྐྱེ་བ་དང་སྡུག་པ་རྣམས་དང་རྣམ་པར་འབྲལ་བ་དང་མི་འཐུན་པ་རྣམས་དང་ ཀུན་དུ་ཕྲད་པ་དང ། རྒ་བ་དང ། ན་བ་དང ། འཆི་བ་རྣམས་ཀྱི་ངམ་གྲོག་ཏུ་གྱུར་པ། ཤིན་ཏུ་ཉམ་ང་བའི་འཇིགས་པ་དུ་མ་རྣམས་ལ་ངེས་པར་ཞུགས་པ་ཡིན་པར་མངོན་དུ་ལེགས་པར་མཐོང་བའི་ཕྱིར་རོ། །རྣམ་པ་གཅིག་ལ་ཡང་སྡུག་བསྔལ་གྱི་ཆུ་བོ་དུ་མ་རྣམས་ཡིན་ཞིང་སྲེག་བཞིན་ པ་རྣམས་ཀུན་ནས་མངོན་པར་མཐོང་བས་ངེས་པར་སྐྱོ་བ་སྐྱེ་བ་ཡིན་ཏེ། ཀྱེ་མ་བདག་ཅག་གི་འཇིག་རྟེན་ནི་ཤིན་ཏུ་ཉམ་ཐག་པ་ལ་ཞུགས་ནས་བགྲོད་པ་ཡིན་ནོ། །འདི་ལྟ་སྟེ་སྐྱེ་བ་དང་རྒ་བ་དང་ན་བ་དང ། འཆི་བའི་འཇིགས་པའི་ངམ་གྲོག་རྣམས་སུ་བྱིང་བར་གྱུར་ཏོ། །འོན་ཀྱང་ཀུན་དུ་རྟོགས་ པ་ཡང་མ་ཡིན་ནོ། །འཁོར་བ་ལས་ནི་ངེས་པར་འབྱུང་བར་བྱ་བའི་ཐབས་ཀྱང་ཡོད་པ་མ་ཡིན་ནོ། །གང་དག་བདེ་བ་དང ། རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། ཡོངས་སུ་མི་འགྱུར་བར་གྱུར་པ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། བྱིས་པ་རྣམས་ནི་ཕལ་ཆེར་རྨོངས་པའི་ཕྱིར་ན། ཀུན་དུ་ རིག་པ་ཡང་མ་ཡིན་པས་ལུས་ཀྱི་དོན་དུ་ཉེས་པར་སྤྱད་པ་མང་པོ་རྣམས་རབ་ཏུ་འབྱིན་པར་བྱེད་དོ། །འོན་ཀྱང་ལུས་ནི་རྣམ་པར་འཇིག་པར་འགྱུར་བ་ཡིན་ནོ། །ཉེས་པར་སྤྱོད་པའི་ལས་དེ་དག་རྣམས་ནི་ཕྱི་བཞིན་ཁོ་ནར་རྗེས་སུ་འབྲེལ་བར་འགྱུར་བ་ཡིན་ནོ། །དེ་ནས་དེའི་ཚེ་ན་དགེ་སློང་དེས་ཚིགས་ 69-1-283b སུ་བཅད་པ་བརྗོད་པ་ཇི་ལྟར། མལ་ཆ་སྟན་སོགས་བསྙེན་བཀུར་གྱིས། །མ་ལུས་བཅོམ་པར་གྱུར་པ་ཡང ། །བདག་གིར་བྱེད་མཁན་བདག་ལུས་ལས། །ནམ་ཡང་འགའ་ཞིག་གིས་བྱས་མིན། །བྱས་པ་ཆུད་གཟོན་མི་བཟད་པ། །རྟག་པར་གླགས་ནི་ཚོལ་བྱེད་པའི། །ལུས་པོ་དགྲ་བོའི་དོན་དུ་ནི། །མཁས་ རྣམས་སྡིག་པ་ག་ལ་བྱེད། །ནང་གི་ཚང་དང་དོན་མེད་པ། །མང་པོ་རྣམས་ནི་རྟག་འབྱེད་ཅིང ། །མི་གཙང་ཕུང་པོར་གྱུར་པ་ལ། །ལུས་ཞེས་མངོན་པར་བརྗོད་པ་ཡིན། །འཆི་བ་ཉེ་བར་གནས་པ་བཞིན། །དེ་ཉིད་སྤྱོད་པ་པོར་རིག་བྱ། །གསོན་པ་སྐད་ཅིག་ལས་གོང་དུ། །འགྲོ་བ་མེད་ཅིང་འགག་པ་དང ། །སྐད་ ཅིག་རེ་རེར་ལུས་འདི་ནི། །རྙིང་པར་འགྱུར་ཞིང་སླར་ལྡོག་མེད། །དེ་ལྟ་ན་ཡང་སེམས་མེད་པའི། །བྱིས་པ་ལང་ཚོའི་རྒྱགས་པས་བསླུས། །ནོར་སྟོང་རྒྱགས་པས་དྲེགས་པ་ཡིས། །བདག་ལ་ཕན་པ་མིན་རྣམས་བྱེད། །དེ་ནི་འཆི་བར་ཉེར་ཕྱོགས་ན། །དེ་བཞིན་དེ་ཡང་སྡིག་པས་ས་སྲེག་།གང་ལ་ རྟག་པར་སྦྱིན་གཏོང་དང ། །ཉེར་ལོངས་སྤྱོད་པའི་སེམས་མེད་པའི། །ནོར་དེ་འཇུངས་པས་ཡོངས་བསྲུངས་ནས། །དེ་དག་ཆུད་ནི་འཛའ་བ་ཡིན། །གང་ཞིག་དམ་པའི་སེམས་ཀྱིས་ཟ། །བླ་མ་རྣམས་ལའང་སྦྱིན་བྱེད་པའི། །ནོར་དེ་རྣམས་ནི་མཛེས་པར་མཐོང ། །བཟློག་པ་རྣམས་ནི་རྩཝ་དང་མཚུངས། །སྦྱིན་པ་དྲི་མ་ མེད་སྦྱིན་ན། །འཇིག་རྟེན་འདི་དང་ཕ་རོལ་དུའང ། །ནོར་དེ་ཉམ་ཆུང་རྣམས་ཀྱི་སྟོབས། །དམུས་ལོང་རྣམས་ལ་མིག་བཞིན་ནོ། །ཚུལ་ཁྲིམས་རྣམ་བདུན་བཟང་པོ་སྟེ། །གོ་འཕང་སླུ་བ་མེད་པ་ཡིན། །ཚུལ་ཁྲིམས་ཀྱིས་ནི་བསྲུངས་གྱུར་པའི། །སྐྱེས་བུ་ལྷ་ཡི་ནང་དུ་འགྲོ། །མཆོག་ཏུ་རྒྱ་ཆེའི་ཤེས་ལྡན་པ། ། རྟག་ཏུ་ཉོན་མོངས་འཇོམས་ལ་དགའ། །དེས་ན་འཆི་བ་ཀུན་བཅད་ནས། །འཕོ་བ་མེད་པར་འགྲོ་བ་ཡིན། །སྲིད་མཚོ་ཤིན་ཏུ་འཇིགས་ཆེན་ལ། །དེ་ལྟར་ས་ཟམ་དེ་དག་མཐོང ། །བཞོན་པ་དེ་དག་ལ་ཞོན་པས། །སེམས་ལྡན་ཕ་རོལ་ཕ་རོལ་སྒྲོལ། །དེ་ལྟར་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་ཀྱི་འབྲས་བུ་མངོན་པར་ ཤེས་པར་འགྱུར་བ་དེ་ཁོ་ན་ཉིད་མཐོང་བ་དང་ལྡན་པ་རབ་ཏུ་འགྲོ་བར་འདོད་པའི་དགེ་སློང་དེས། དེ་དག་རྣམས་ལེགས་པར་མངོན་པར་མཐོང་བ་ཡིན་ནོ། །ཇི་ལྟར་དགེ་སློང་དེས་གཞན་བཅཝ་བརྒྱད་པ་འདི་ལ་ཀུན་དུ་གནས་ནས་འཁོར་བ་རྣམས་ཐམས་ཅད་ངེས་པར་ཡིད་འབྱུང་ངོ ། །མྱ་ངན་ལས་འདས་པ་ལ་སྤྱོད་པར་ 69-1-284a འགྱུར་རོ། །བདུད་ཀྱི་ཡུལ་ལ་འདོད་པར་མི་འགྱུར་རོ། །གཞི་དེ་དག་རྣམས་རིག་པར་གྱུར་ནས་ཀྱང་ས་བླ་པའི་ལྷ་རྣམས་ཀྱིས་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ལ་མངོན་དུ་ཤེས་པར་བྱེད་དོ། །དེ་དག་རྣམས་ཀྱིས་ཀྱང་འཇིག་རྟེན་སྐྱོང་བར་བྱེད་པ་བཞི་པོ་རྣམས་ལའོ། །དེ་དག་གིས་ཀྱང་རྒྱལ་ཆེན་ རིགས་བཞི་པ་རྣམས་ལའོ། །དེ་དག་གི་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་གསུམ་པ་རྣམས་ལའོ། །དེ་དག་རྣམས་ཀྱིས་ཀྱང་འཐབ་བྲལ་བ་རྣམས་ལའོ། །དེ་ལྟར་ཇི་སྲིད་དུ་འོད་གསལ་བ་རྣམས་ཀྱི་བར་དུ་ཀུན་ཏུ་རིག་པར་བྱེད་དོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ས་རྣམས་རྫོགས་སོ།། །།སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ལས་ཀྱི་འབྲས་བུ་དང་བཅས་པའི་འཐབ་བྲལ་བ་རྣམས་དང ། འཇིག་རྟེན་སྐྱོང་བ་རྣམས་གང་ཡིན་པ་དེ་ནི་རྟག་ཏུ་རྒྱུ་དང་འབྲས་བུ་ལས་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། སྤྲོ་བ་མི་ལྡོག་པའི་སུམ་ཅུ་རྩ་གསུམ་པ་རྣམས་ ལ་ཀུན་དུ་ལྟ་བ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྟེང་གི་ལྷ་གཟི་བརྗིད་དང་བརྩོན་འགྲུས་དང་སྤྲོ་བ་དང་འོད་དང་ཚེ་ཚད་ཀྱིས་ལྷག་པར་གནས་པ་རྣམས་སུ་ཡིན་ན། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་སྔོན་གྱི་ཐབས་ཀྱིས་ཆེས་ཁྱད་པར་དུ་འཕགས་པར་གྱུར་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཆེས་ བླ་ལྷག་པ་ནི་འཐབ་བྲལ་བ་ཞེས་བྱ་བ་ཡིན་པར་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་ངོ ། །དེ་ལྟར་ཡང་ཚུལ་ཁྲིམས་རྣམ་པ་སྣ་ཚོགས་ཀྱིས་དེར་སྐྱེས་ཏེ། སྲོག་གཅོད་པ་མ་བྱིན་པར་ལེན་པ་འདོད་པ་ལོག་པར་གཡེམ་པ་རྣམ་པར་སྤངས་ཤིང་ལེགས་པར་བསྒོམས་ལ། མ་ཉམས་པ། མ་ རལ་བ། མ་ཟགས་པ། བརྟན་པ། འཕགས་པའི་སྐྱེ་བོ་ཐམས་ཅད་དགྱེས་པ་རྟག་ཏུ་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པ་དང་ལྡན་པས་དེའི་རྗེས་ཐོགས་སུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་རྩ་ལག་ཏུ་གྱུར་པ་འཁོར་བའི་རྒྱ་མཚོའི་ཟམ་པར་གྱུར་པའི་ཚུལ་ཁྲིམས་ཀྱི་ཟམ་པ་དེ་ལ་ཞོན་པ་སྲིད་ པའི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་བའི་རྣལ་འབྱོར་པ་དེ་ཁོ་ན་ཉིད་སེམས་པ་པོ་རང་གི་ཚུལ་ཁྲིམས་རྣམ་པ་བདུན་དང་ལྡན་པའི་དམན་པ་དང་བར་མ་དང་ཁྱད་དུ་འཕགས་པ་ནི་སྔ་མ་བཞིན་ཏེ། ལས་དང་ཆོས་ཀྱི་རྣམ་པར་སྨིན་པའི་འཐབ་བྲལ་གྱི་ལྷ་རྣམས་ལ་འདི་ལྟ་སྟེ། རིའི་རྒྱལ་པོ་རི་རབ་ལྷུན་ 69-1-284b པོའི་དྲུང་ན་འཐབ་བྲལ་གྱི་ལྷ་རྣམས་ཇི་ཙམ་གྱིས་འཕང་དུ་མཐོ་བ་དང ། དབྱིབས་ཅི་ལྟ་བུ་དང་གཟི་བརྗིད་ཅི་ལྟ་བུ་དང་མཐོ་བའི་གནས་ཀྱིས་ཁྱད་པར་ཅི་ལྟ་བུས་རབ་ཏུ་གནས་པ་དང ། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་རྣམས་ཀྱང་ཅི་ཙམ་ཅིག་ཡོད་པ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་སྟེ་ཅི་ ལྟར་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་རྣམ་པར་སྤོང་བ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་ཤིང་གཞན་རྣམས་ལ་ཡང་བསྟན་ཅིང་བཀོད་ལ། རང་དང་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་སེམས་ཅན་རྣམས་ཀྱིས་གནས་དེ་འཐོབ་བོ། །དེའི་འཕང་དུ་མཐོ་བ་ ལ་ཀུན་དུ་ལྟ་བར་བྱེད་པ་ན་ཇི་ལྟར་དྲུག་ཅུ་རྩ་བརྒྱད་ཀྱིས་ལྷག་པའི་དཔག་ཚད་སྟོང་ཕྲག་བརྒྱར་མཐོ་བར་འཇུག་པ་ཡིན་ཏེ། འཐབ་བྲལ་ནི་ལྷུན་པོ་ལས་ཉིས་འགྱུར་གྱི་ཚད་ཀྱིས་མཐོ་བ་དེ་དག་གིས་ཇི་སྙེད་ཅིག་ཡོད་པ་དེས་ཇི་ལྟ་བ་བཞིན་དུ་ས་རྣམས་མཐོང་བ་ནི་ས་རྣམས་ཀྱང་ཉི་ཤུ་རྩ་བདུན་ཏེ། དཔག་ཚད་ སྟོང་ཕྲག་ལྔར་འཐབ་བྲལ་དེ་ནམ་མཁའ་ལ་ཀུན་དུ་གནས་ཏེ་སྤྲིན་བཞིན་དུ་ཉེ་འཁོར་རླུང་གིས་འདེགས་སོ། །ཇི་ལྟར་ས་འདི་འདེགས་པ་རྩ་བ་ནས་རླུང་གིས་དང་ཆུས་ཀྱང་འཛིན་ནོ། །ཆུ་ཀླུང་གིས་འཛིན་ནོ། །དེ་ཁོ་ན་བཞིན་དུ་རླུང་འཁྲིགས་པ་ཞེས་བྱ་བས་ཕྱོགས་གཅིག་ནས་གང་གིས་འཐབ་བྲལ་གྱི་ལྷ་ རྣམས་ཀྱི་ཕུང་པོ་སྤྲིན་དང་འདྲ་བར་འདེགས་པའི་ས་ཉི་ཤུ་རྩ་བདུན་དུ་འགྱུར་བ་ནི་འདི་ལྟ་སྟེ། རབ་ཀྱི་ཤུགས་ཀྱི་བདག་དང ། རྒྱུན་གནས་ན་རྣམ་པར་རྒྱུ་བ་དང ། བརྩེགས་པ་རྒྱུ་བ་དང ། ཡིད་ཀྱི་རྒྱན་དང ། རབ་ཏུ་རྣམ་པར་འདྲེས་པའི་ཁོར་ཡུག་ན་རྒྱུ་བ་དང ། རླུང་རྒྱུ་བ་དང ། རབ་ཏུ་མཐོ་བ་དང ། འབྲས་བུ་དང་ལྡན་པ་དང ། གཅིག་ཏུ་དགའ་བ་དང ། འགྲོ་བ་དང་ཡང་དག་པར་ལྡན་པ་དང ། འོད་ཟེར་བརྒྱ་འཕྲོ་བ་དང ། བསྡམས་པར་རྒྱུ་བ་དང ། རྟག་ཏུ་བདེ་བ་དང ། བདེ་བ་རབ་ཏུ་འཕེལ་བ་དང་ལྡན་པ་དང ། རིའི་ཚོགས་ན་རྒྱུ་བ་དང ། རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བ་དང ། ཟླ་བ་མཐོང་བར་འདོད་པའི་ཚལ་དང ། ཁོར་ཡུག་ལ་གནས་པ་དང ། བསམ་ གཏན་སྒྲའི་བྱ་བས་དབེན་པ་དང ། ང་རྒྱལ་ལྡོག་པ་དང ། འཇུག་པའི་སྤྱོད་པ་དང ། ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བ་དང ། རང་གི་ཡུལ་བར་རྒྱུ་བ་དང ། རང་ལུས་ཀྱི་རྒྱགས་པ་དང ། ང་རྒྱལ་རྟགས་ཀྱི་གཟི་བརྗིད་དང ། སྐྱེད་མོས་ཚལ་གྱི་མཆོག་དང ། ནགས་ཚལ་གྱི་འོད་ཟེར་ཞེས་བྱ་བ་སྟེ་ས་ཉི་ཤུ་རྩ་བདུན་པོ་དེ་དག་གོ།། །། 69-1-285a འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་ལྔ་པ། དེ་རྣམས་སུ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་ཞེས་བྱ་བ་རྒྱལ་སྲིད་བྱེད་པ་ནི་ཇི་ལྟར་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་བརྒྱ་བྱིན་ཡིན་པ་ དེ་ལྟར་མུ་སུ་ལུན་དྷ་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཡིན་ཏེ་ཆོས་ལ་ཆོས་ཀྱི་རྗེས་སུ་འཇུག་པ་བརྒྱ་བྱིན་པས་སྟོང་འགྱུར་གྱིས་ཆོས་དང་ཆེ་བ་དང་བདེ་བས་མཐོ་བ་དེའི་ལུས་ཀྱི་ཚད་ནི་དཔག་ཚད་ལྔ་པ་འོད་ཀྱི་རང་བཞིན་ནོ། །བརྒྱ་བྱིན་ནི་རྒྱང་གྲགས་གཅིག་ཡིན་པར་འདོད་དོ། །འཐབ་ བྲལ་བ་རྣམས་ཀྱི་རྒྱལ་པོ་བྱེད་པ་རྒྱལ་པོ་མུ་སུ་ལུན་དྷ་ནི་ཀཽ་ཤི་ཀ་ལས་ཁྱད་པར་དུ་འཕགས་ཏེ་དེའི་ལུས་གཅིག་གི་ལུས་ཀྱི་ཡན་ལག་དེ་ཡང་བརྒྱ་བྱིན་སྟོང་གིས་ཀྱང་བསྒྲུན་དུ་མེད་དེ། རྒྱུའི་ཁྱད་པར་གྱིས་འབྲས་བུ་ཡང་ཁྱད་པར་དུ་བྱས་པའི་ཕྱིར་རོ། །དེ་ལྟར་གྱུར་པ་ཡང་འདིར་ཇི་ ལྟ་བར་དགེ་སློང་གིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར་ཁུ་རུ་ཆུང་བའི་གྲུ། །འཕྱོ་ཞིང་གཏིང་དུ་མི་ནུབ་པ། །དེ་བཞིན་སྡིག་ཆུང་སྐྱེས་བུ་ནི། །སྟེང་ནས་གཏིང་དུ་འབྱིན་པ་མིན། །ཇི་ལྟར་ལྗོན་ཤིང་བརྟན་འགྱུར་ལྟར། །ལྷ་ཡི་འཇིག་རྟེན་འདི་ཡང་ ཡིན། །དེ་ལྟར་དགེ་སློང་དེ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ལས་དང་འབྲས་བུའི་རྒྱུ་རྐྱེན་གྱིས་བདེ་བ་ཐོབ་པའི་བྱ་བ་ལ་རྣམ་པར་ལྟ་བར་བྱེད་པ་ནི་འཐབ་བྲལ་གྱི་ལྷ་རྣམས་ན་རི་ཆེན་པོ་བཞིར་ཇི་ལྟ་བར་དེས་མཐོང་སྟེ། རི་ཐམས་ཅད་ཀྱང་དཔག་ཚད་སྟོང་ཕྲག་བཅུ་པའོ། །དེ་ལ་རི་རྣམས་ཀྱི་མིང་ནི་ འདི་ཡིན་ཏེ། འདི་ལྟ་སྟེ་རབ་ཏུ་གཙང་བ་དང་རབ་ཏུ་དང་བ་དང་རབ་ཏུ་དང་བ་ཆེན་པོ་དང་བར་ཡངས་པ་ཞེས་བྱ་བ་དང་སྟེ་རི་ཆེན་པོ་དེ་རྣམས་སོ། །ས་གཞན་གྱི་རི་ནི་མ་གཏོགས་པའོ། །རི་རྣམས་ཀྱང་རྣམ་པ་དུ་མར་ཁ་དོག་དང་དབྱིབས་དུ་མ་ལས་ཡོན་ཏན་དུ་མའི་བདག་ཉིད་ཆེན་པོ་འཛིན་ པའི་རི་སྟོང་ཕྲག་དུ་མ་ལྷའི་མེ་ཏོག་དང་ལྡན་པ་ཉེ་འཁོར་འཐབ་བྲལ་བའི་ལྷས་ཀུན་དུ་གང་བའོ། །དེ་ལས་ཉི་ཤུ་རྩ་བདུན་པོ་རྣམས་ལ་རྣམ་པ་སྣ་ཚོགས་པའི་རིས་གང་བ་སྣ་ཚོགས་པའི་འབབ་ཆུ་དང ། ཆུ་ཀླུང་དང་རྫིང་བུ་དང་ཉེ་བའི་ནགས་དང་ཤིང་བརྒྱ་སྟོང་ཕྲག་དུ་མས་ཁྱབ་པ་ 69-1-285b དབྱིབས་དང་དྲི་དང་ཁ་དོག་དང་རོ་དུ་མར་བྱ་བ་ཕུན་སུམ་ཚོགས་པ་ལྗོན་ཤིང་དང་པད་མའི་མཚེའུ་རྣམ་པ་དུ་མ་གང་གི་ཁྱད་པར་གྱི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རི་དང་ཆུ་ཀླུང་དང ། རྫིང་བུ་དང་ནགས་དང་ཉེ་བའི་ནགས་དེ་དག་དེ་བཞིན་དུ་ཆུང་ཟད་ཀྱང་ཁྱད་པར་མེད་པ་ནི་ཇི་ལྟར་མིའི་ཤིང་དང་ ཆུ་ཀླུང་དང་རྫིང་བུ་དང ། ནགས་དང་ཉེ་བའི་ནགས་ཀྱི་དགའ་བ་དེ་ལྟར་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་དགའ་བ་ཡང་ཁྱད་པར་མེད་དོ། །འཐབ་བྲལ་བ་རྣམས་དང་གང་ཅུང་ཟད་ཁྱད་པར་གྱི་རྒྱུ་ནི་རྒྱུ་འབྲས་མང་བ་ཉིད་དོ། །དེ་ནི་ལེགས་པར་བྱས་པའི་བསོད་ནམས་དུ་མའི་རྒྱུ་འཐུན་པའི་ ལས་དེའི་འབྲས་བུའོ། །གང་ཡང་དགེ་བའི་ལས་ཀྱི་སྤྲུལ་པ་དེ་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །ལས་སྣ་ཚོགས་ཀྱི་རྒྱུ་འཐུན་པ་ལས་བྱུང་བ་རྒྱུ་གང་གིས་ངེས་པར་སྟོན་པ་ཡང་དེ་སེམས་ཅན་ཐམས་ཅད་ཀྱིས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། །རྒྱུའི་མིང་ཡང་མེད་པའི་ལས་ རྣམས་ལས་བྱུང་བ་དེ་སེམས་ཅན་ཐམས་ཅད་ཀྱིས་བརྗོད་པར་མི་ནུས་པའི་ཕྱིར་རོ། །གང་གི་ཕྱིར་ལས་རྣམས་ཀྱི་རྒྱུའི་ཚད་ཀྱི་མིང་མེད་པའི་ཕྱིར་རོ། །གང་གིས་སྐལ་བ་མཚུངས་པར་གྱུར་པ་ལྷའི་རྫས་དང་ཡང་དག་པར་རབ་ཏུ་ལྡན་པར་གྱུར་པ་དེ་རྣམས་ཀྱི་བརྒྱ་སྟོང་གི་ཕྱོགས་ གཅིག་ཕལ་ཆེར་བདག་གིས་འདིར་བརྗོད་དེ། རྒྱུ་གང་གིས་ཚུལ་ཁྲིམས་མི་སླུ་བ་ཡིན་པའི་གོ་སྐབས་ཀྱི་འབྲས་བུ་དེ་ཅི་ནས་ཀྱང་བསྟན་པར་བྱ་བ་ཡིན་ཏེ།རྒྱུ་གང་གི་ཕྱིར་ན་ཚུལ་ཁྲིམས་སྤྱོད་པ་དེ་དག་རབ་ཏུ་སྤྲོ་བ་སྐྱེད་པ་ཡིན་ལ་གང་ཡང་ཡེ་ཤེས་དང་ལྡན་པ་དེ་དག་བཅུ་འགྱུར་གྱིས་རབ་ ཏུ་སྤྲོ་བར་བྱེད་དེ། རྒྱུ་གང་གིས་ཚུལ་ཁྲིམས་དང་ཤེས་རབ་དག་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱིས་ནི་ལྷར་སྐྱེ་ལ་ཤེས་རབ་ཀྱིས་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་པས། དེ་ལྟར་ཚུལ་ཁྲིམས་ཀྱི་ཡོན་ཏན་བརྗོད་ན་ཤེས་རབ་ཅན་རྣམས་འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་གང་ལ་རྣམ་པ་འདི་ལྟ་བུའི་འབྲས་བུ་འབྱུང་ན་ཤེས་རབ་ཀྱིས་བདག་ཅག་ལ་ཅིར་ཡང་འགྱུར་རོ་ཞེས་སོ། །གཞན་ཡང་རབ་ཏུ་སྤྲོ་བ་བསྐྱེད་པས་ཤེས་རབ་རྩོམ་པའི་རྩོལ་བ་བྱེད་ལ་བྱས་པས་ཀྱང་སྲིད་པ་ལ་ཆགས་པའི་བསྔགས་པར་མི་འགྱུར་རོ། །གཞན་ཡང་རྒྱུ་མཚན་ 69-1-286a གཞན་གྱིས་ཀྱང་སྟེ་ཇི་ལྟར་གང་ལ་རྣམ་པ་འདི་ལྟ་བུར་ཡུན་རིང་དུ་གནས་པ་གནོད་པ་ཉུང་བ་རྣམས་ལ་ཡང་རྣམ་པར་འཇིག་པ་འབྱུང་ན། གང་ཡང་མི་རྣམས་བརྒྱལ་བའི་འདོད་པ་ནི་ཉེས་དམིགས་དང་ལྡན་པ་དང་མནོག་ཆུང་བ་གཡོ་བ་ཉེ་བར་འཚེ་བ་ཐུན་མོང་བ་རྒྱ་ཆེན་ པོ་དང ། ཆོམ་རྐུན་དང་ཆུ་དང་རྒྱལ་པོའི་ཆད་པ་ལ་སོགས་པའི་རྒུད་པ་དུ་མ་ཐབས་མ་ཡིན་པའི་གཞིར་གྱུར་པ་ལ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་རྒྱུ་འདིས་ཀྱང་མཐོ་རིས་ཀྱི་གཏམ་མངོན་པར་བརྗོད་དོ། །གཞན་ཡང་རྒྱུ་མཚན་འདིས་ཡིན་ཏེ་གང་དག་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ རྣམས་འདི་ལྟར་རྒྱུ་གཞན་ནི་ཅི་ཡང་མེད་ཀྱིས་དབང་ཕྱུག་གིས་སྤྲུལ་པའོ་སྙམ་དུ་སེམས་པ་དེ་དག་གིས་སྤྲུལ་པ་འགག་པར་བྱ་བའི་དོན་དུ་འབྲས་བུ་བཤད་དེ། རྒྱུ་མེད་པར་སྐྱེ་བར་འགྱུར་བའི་ལས་རྣམས་ཀྱི་འབྲས་བུ་ནི་ཡོད་པ་མ་ཡིན་ནོ། །གཞན་གྱི་བཀའ་དྲིན་གྱིས་དང་རྒྱུ་ འབྲས་དག་འདོད་རྒྱལ་བ་མ་ཡིན་གྱིས་འདྲ་བ་ཡིན་ནོ། །གཞན་གྱི་རྒྱུ་གཞན་དུ་འགྱུར་བ་མ་ཡིན་ནོ། །ལེགས་པར་བྱས་པའི་ལས་རྒྱུར་གྱུར་པས་དམྱལ་བར་སྐྱེ་བར་འགྱུར་བ་ནི་མེད་དོ། །མཛེས་པ་མ་ཡིན་པའི་ལས་རྒྱུར་གྱུར་པས་མཐོ་རིས་སུ་སྐྱེ་བར་འགྱུར་བ་ནི་མེད་དོ། དེས་ན་དེ་ལྟར་རྒྱུ་འབྲས་ཀྱི་གཞིར་གྱུར་པས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་དང་བསྒོམ་པ་དང་ངེས་པ་ལ་གནས་པའི་ངོ་བོའི་ལས་རྣམས་ཀྱི་མཐོ་རིས་ཀྱི་གཏམ་འདི་ཡིན་ནོ། །གཉིས་དག་གི་གཏམ་བྱ་བར་མི་ནུས་ཏེ་བདེ་བ་དང་སྡུག་བསྔལ་གཉིས་ཀྱིའོ། །དམྱལ་བའི་སྡུག་ བསྔལ་དང་ལྷ་རྣམས་ཀྱི་བདེ་བའོ། །དེ་ལས་འདི་ནི་དེའི་ཕྱོགས་གཅིག་གི་ལས་རྣམས་ཀྱི་དཔེ་བརྗོད་པ་ཡིན་ནོ། །གཞན་ཡང་དགེ་སློང་ལས་དང་འབྲས་བུའི་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ལ་ཀུན་དུ་ལྟ་བར་བྱེད་པ་ན། །དེས་ཐོས་པ་ལས་བྱུང་ བའི་རང་བཞིན་གྱི་ཤེས་རབ་ཀྱིས་འཐབ་བྲལ་བ་རྣམས་ཀྱིས་རབ་ཀྱི་ཤུགས་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཡོད་པ་མཐོང་ངོ ། །དེར་ལས་གང་གིས་སེམས་ཅན་སྐྱེ་བ་ཡང་དེས་ཐོས་པ་ལས་བྱུང་བའི་རང་བཞིན་གྱི་ཤེས་རབ་ཀྱིས་མཐོང་བ་ནི་ཇི་ལྟར་སྐྱེས་བུ་དམ་པ་གང་གིས་ཚུལ་ཁྲིམས་ 69-1-286b ལ་སྤྱོད་པ་དང ། ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་སེམས་དྲང་བ་དང་དྲང་པོའི་རང་བཞིན་ཅན་དང་གཡོ་མེད་པ་དང་གཞན་གདུང་བར་མི་བྱེད་པ་དང ། ཡང་དག་པའི་ལྟ་བ་ཅན་ཡང་དག་པའི་ལྟ་བ་སྔོན་དུ་བཏང་བས་རྟག་ཏུ་ཡང་རྨོངས་པ་མ་ཡིན་པའི་བློས་མི་རྟག་པ་དང་ སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་འཇིག་རྟེན་འདི་ལ་ལྟ་བ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་རྗེས་སུ་དྲན་པ་ལ་ཞུགས་པ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སྲུང་བར་གྱུར་པ་ནི་སྔ་མ་བཞིན་ནོ། །འདོད་པ་ལོག་པར་གཡེམ་པ་ཡང་མི་སྟེན་ཏེ། ཡིད་ལས་བྱས་ནས་བྱུང་ བ་ནི་ཇི་ལྟར་གཞན་དང་ལྡན་པས་ཀུན་དུ་ལྡན་ནས་འཁྲིག་པས་རྟག་ཏུ་མངོན་པར་ཞེན་ཅིང་ཀུན་ནས་རབ་ཏུ་འཇུག་པ་འདི་ནི་འདོད་པ་ལ་ལོག་པར་གཡེམ་པར་བརྗོད་དོ། །སྐྱེས་བུ་དམ་པ་དེས་དེ་ལྟར་ཐོས་ནས་གལ་ཏེ་གཞན་དང་ལྡན་པས་ཀུན་ནས་ལྡན་པ་མཐོང་ན་དེ་ལ་མི་སེམས་ཀུན་དུ་མི་རྟོག་ཡིད་ ལ་མི་བྱེད་དོ། །ཡང་གང་དག་གིས་སེམས་ཤིང་ཀུན་དུ་རབ་ཏུ་རྟོག་པར་བྱེད་པ་དེ་དག་ཀྱང་རབ་ཏུ་འགོག་པར་བྱེད་ཅིང་དེ་དག་ལ་ཡང་ལས་ཀྱི་འབྲས་བུ་ཉེ་བར་སྟོན་པར་བྱེད་དེ། ཁྱོད་ཀྱང་མ་བྱེད་ཅིག་དེས་དམྱལ་བར་སྐྱེ་བར་འགྱུར་བས་མ་བྱེད་ཅིག་ཅེས། དེ་ལྟར་ལས་དང་འབྲས་བུའི་དེ་ ཁོ་ན་ཉིད་སྟོན་པ་པོ་གཞན་གྱིས་མི་འཕྲོགས་པ་གཞན་གྱིས་མི་བཀྲི་བ་དེ་ནི་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་འཐབ་བྲལ་གྱི་ལྷ་ལས་འཐབ་བྲལ་གྱི་ས་རབ་ཀྱི་ཤུགས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཡིན་ནོ། །དེར་སྐྱེས་པ་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་ འདོད་པ་ལ་ལོག་པར་གཡེམ་པའི་འཇིགས་པས་འཇིགས་པ་རྣམས་སོ། །དེ་དེར་སྐྱེས་པ་ན་ལྷ་དང་ལྷ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ནས་སྐྱེས་པ་ཙམ་ཉིད་ན་དེ་བཞིན་དུ་གླུ་ལེན་པར་བྱེད་དེ། ཇི་ལྟར་ལེགས་པར་གཉིད་ལོག་པར་རྔས་ལེགས་པར་སློང་བར་བྱེད་པ་དེ་བཞིན་དུ་དེ་སྐྱེས་པ་ ཙམ་ཉིད་ན་རྫུས་ཏེ་སྐྱེས་པ་དེ་ལྟར་གླུ་དང་རྔ་སྒྲ་ཡན་ལག་བརྒྱད་དང་ལྡན་པ་ཀུན་ནས་བསྒྲགས་པས་དྲན་པ་རྙེད་པར་འགྱུར་བ་ལ་འདི་ལྟ་སྟེ། བརྗོད་པའི་ཚད་དང་ལྡན་པ་དང་སྙན་པར་གྱུར་པ་དང་ལྡན་པ་དང་དགེ་ལེགས་དང་ལྡན་པ་དང་ཟབ་པ་དང་ལྡན་པ་དང་སྐྱེ་དགུ་ཐམས་ཅད་དགའ་བར་བྱེད་ 69-1-287a པ་དང ། དཔག་ཚད་སྟོང་ཕྲག་བརྒྱད་ཅུར་རྣམ་པར་ཉམས་པ་མེད་པར་ཀུན་དུ་སྒྲོགས་པའི་སྒྲ་དང་ཆོས་ཀྱི་ཚིག་དང་ལྡན་པ་དང་ཀུན་ནས་མ་འདྲེས་པ་དང་སྟེ། ཤིན་ཏུ་བར་ཡང་ལེགས་པར་བྱས་པའི་ལས་སྤྱད་པ་པོ་རྣམ་པ་དེ་ལྟ་བུ་ཡན་ལག་བརྒྱད་དང་ལྡན་པའི་གླུས་སད་ པར་བྱེད་དོ། །དེའི་རང་གི་ལུས་ལས་བྱུང་བའི་འོད་དཔག་ཚད་ལྔར་ཁྱབ་པའོ། །སྔོན་པོ་སེར་པོ་དམར་པོ་དཀར་པོ་འཇའ་ཚོན་གྱི་ཁ་དོག་ལྟ་བུའོ། །དེ་ལངས་པ་ཙམ་ཉིད་ན་འོད་དེ་འབྱུང་ངོ ། །དེ་ཡང་ཇི་ལྟར་རང་གི་ཆ་བྱད་ཀྱིས་ཉི་མ་དང་ཟླ་བ་ལྟར་མཛེས་ལ། དེ་ལངས་ པ་ན་ལྷ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཏེ་རབ་ཏུ་དགའ་བས་གཟི་བརྗིད་ཀྱི་ནགས་ཞེས་བྱ་བ་དེར་འགྲོའོ། །ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འཐབ་བྲལ་བ་དེ་ལ་ཡང་མེ་ཏོག་གི་རིགས་མི་རྙིངས་པ་འདི་དག་ཡོད་དེ། འདི་ལྟ་སྟེ་མིག་གི་བདུད་རྩིའི་མེ་ཏོག་དང་དྲིའི་བདུད་ རྩི་དང་ཁ་དོག་དང་དྲིར་བཅས་པ་ཐོས་ན་དགའ་བ་འདི་དག་གང་གི་ནུས་པར་འགྱུར་བ་འདི་ནི་ཡུལ་ཕྱོགས་གང་དང་གང་དུ་དེའི་མིང་གཟུང་བར་བྱས་པའི་ཡུལ་དེ་དང་དེར་མེ་ཏོག་གིས་ནམ་མཁའ་ལས་དྲི་འབྱིན་ནོ། །ཟླ་བ་ལས་ལྷག་པའི་ཁ་དོག་ཞེས་བྱ་བའི་མེ་ཏོག་དང་ཐམས་ཅད་དུ་རྒྱུ་བ་ཞེས་ བྱ་བའི་མེ་ཏོག་སྟེ་དེ་དག་རྣམས་ནི་ཤིང་གི་འདབ་མ་ལ་མེ་ཏོག་དེ་རྣམས་སྐྱེའོ། །དེ་བོས་པ་ན་མེ་ཏོག་དེ་རྣམས་ཕྱི་བཞིན་ཁོ་ནར་འོང་སྟེ། གང་ལ་ལྷ་དེ་རྣམས་ཀྱི་འདོད་པས་འགྱུར་བ་ཡིན་ནོ། །ཞོན་པའི་བཞོན་པ་རྣམས་ནི་ལྗོན་ཤིང་གི་བཞོན་པ་ལ་ཞོན་ཏེ་མེ་ཏོག་གི་ཁྱིམ་ནང་ན་ གནས་ནས་གང་དུ་འདོད་པ་དེར་ལྷ་རྣམས་ནམ་མཁའ་ལ་འགྲོ་བར་བྱེད་དོ། །ཇི་ལྟར་གཞལ་ཡས་ཁང་ནས་ཀུན་དུ་རྒྱུ་བའི་ལྷ་དེ་ལྟར་འཐབ་བྲལ་བའི་ལྷ་རྣམས་མེ་ཏོག་གི་ཁྱིམ་ལ་གནས་ནས་འགྲོ་སྟེ་འཇིག་རྟེན་མ་ལུས་པ་མིག་བཙུམ་ཙམ་ལ་འོད་འབར་བ་དང་བཅས་པར་གྱུར་པར་མཐོང་ངོ ། ། འོན་ཀྱང་ངལ་བར་མི་འགྱུར་རོ། །བར་མེད་པར་འབྲེལ་བའི་ཁྱིམ་དགའ་བ་ཞེས་བྱ་བའི་ཤིང་གང་དག་གི་ནང་ཡང་དེ་བཞིན་དུ་དགའ་བ་ཡིན་ཏེ། གང་ལ་ནང་དུ་ལྷ་རྣམས་རྗེས་སུ་ཞུགས་ནས་དགའ་བར་བྱེད་པའི་ནགས་དང ། རྫིང་བུ་དང་ཉེ་བའི་ནགས་དེ་དག་ཐམས་ཅད་ལས་ཆེས་ཁྱད་ 69-1-287b པར་དུ་དགའ་བར་གྱུར་པའི་ལྗོན་ཤིང་གང་དང་གང་དག་ལ་གཟི་བརྗིད་འདི་དག་ཡོད་དེ། གལ་ཏེ་ལྷ་རྣམས་འདོད་པར་གྱུར་ན་འཐབ་བྲལ་གྱི་ས་དེ་ཐམས་ཅད་ཀྱི་དཔལ་རྣམས་ཐམས་ཅད་གནས་དེར་འོང་བར་འགྱུར་རོ། །ཤིང་དེ་དག་གི་གཟི་བརྗིད་ཀྱིས་དེ་ཡང་ལྗོན་ཤིང་ལ་དགའ་སྟེ་ལྷ་དེ་ རྣམས་ཡན་ལག་བརྒྱད་པའི་རྔ་སྐད་མཚུངས་པ་མེད་པས་ལྗོན་ཤིང་དེ་དག་རྣམས་ལ་དགའ་བར་བྱེད་པ་ན་ཡང་དྲི་འབྱུང་ཞེས་བྱ་བའི་ཤིང་གང་དག་ལ་མཐུ་འདི་དག་ཡོད་པ་ཡིན་ཏེ། ལྷ་རྣམས་ཀྱིས་མངོན་པར་འདོད་པར་གྱུར་པའི་དྲིའི་རྣམ་པ་དེ་སྲིད་ཁོ་ནའི་དྲི་ཅན་དུ་ཤིང་དེ་འགྱུར་རོ། ། མེ་ཏོག་གི་ཁྱིམ་དགའ་བ་ཞེས་བྱ་བའི་ཤིང་གང་ལ་ནང་གི་ཁྱིམ་དང་ལྡན་པར་ལྷ་རྣམས་དང་ནགས་དང་ཉེ་བའི་ནགས་དང་རྫིང་བུར་དགའ་བར་བྱེད་ལ། དེ་ནི་སྔོན་པོ་སེར་པོ་དམར་པོའི་མདོག་དང ། རྣམ་པ་སྣ་ཚོགས་པའི་དྲི་དང་ཁ་དོག་ཕུན་སུམ་ཚོགས་པ་དེ་ལ་གང་གི་ཚེ་ལྷ་དེ་ འཇུག་པར་བྱེད་པ་དེའི་ཚེ་ཤིང་དང་མེ་ཏོག་གང་དག་རྣམས་ཁ་དོག་ཐམས་ཅད་པར་འགྱུར་རོ། །ཁ་དོག་དེར་ལྷ་འགྱུར་རོ། །དེའི་ཁ་དོག་ཏུ་ལྷ་འགྱུར་རོ། །དེ་ཐམས་ཅད་མི་འགྱུར་བའི་གོས་ཅན་དུ་མི་འགྱུར་ཏེ། ཤིང་དང་མེ་ཏོག་རྣམས་ཀྱི་མཐུས་སོ། །ནམ་མཁའ་ ལ་རྒྱུ་བ་ཞེས་བྱ་བའི་ཤིང་གང་གིས་མིག་བཙུམ་ཙམ་ལ་ནམ་མཁའ་ལ་དཔག་ཚད་བརྒྱ་སྟོང་དུ་འགྲོའོ། །འདོད་པས་འགྲོ་བ་ཉི་མ་དང་མཚུངས་པའི་གཟི་བརྗིད་ཅན་རྣམས་སོ། །དེ་ལྟར་གསར་དུ་སྐྱེས་པའི་ལྷ་དེ་ལྷ་དང་ལྷ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ནས་རྣམ་པ་དུ་ མའི་ཕྲེང་བ་དང ། ཕྱེ་མ་དང་བྱུག་པའི་དཔལ་གྱིས་ཤིན་ཏུ་བརྒྱན་པས་ཤིང་ལ་ཀུན་དུ་འགྲོ་བར་བྱེད་དོ། །དེའི་མདུན་ན་དེའི་ཚེ་ན་ལྷ་མོ་རྣམ་པ་སྣ་ཚོགས་ཀྱི་གོས་རིན་པོ་ཆེ་རྣམ་པ་དུ་མ་འབར་བ་རབ་ཏུ་དགའ་བ་ཆེས་ལྷག་པའི་ལུས་ཅན་རྣམས་མདུན་ན་གར་དང་གཡོ་བ་དང་ འགྱིང་བ་དང་གླུའི་སྒྲ་སྣ་ཚོགས་པས་དཔག་ཚད་སྟོང་ཕྲག་དུ་མ་གང་བར་བྱེད་དོ། །དེ་ཡང་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་དང་ལྡན་པས་དེ་དག་རྣམས་ཀྱི་བློ་ན་དེ་ལྟར་རྣམ་པར་སྣང་སྟེ། གང་ཡང་ཅུང་ཟད་ཙམ་གྱིས་འདྲ་བ་དང་སྔར་མཐོང་བ་རྣམས་དཔེར་བྱས་པར་ 69-1-288a ཟད་དོ། །ཇི་ལྟར་ཟླ་བའི་ཕྱི་ན་སྐར་མ་རྣམས་འགྲོ་བ་དེ་ལྟ་བུ་ལས་བརྒྱ་སྟོང་གིས་ལྷ་འདི་མཛེས་ཏེ་རྣམ་པ་སྣ་ཚོགས་པའི་སྒྲ་འབྱིན་པ་དང ། གླུ་དང ། དགོད་པ་དང ། འགྱིང་བ་དང ། གླུ་མཁན་དང་བཅས་པས་གང་ན་ནགས་དེ་ཡོད་པ་དེར་འགྲོའོ། །ནགས་ དེའི་ཉེ་འཁོར་ན་བྱ་བརྒྱ་སྟོང་གིས་ཀུན་དུ་གང་བ་འབབ་ཆུ་དང ། རྫིང་བུ་དུ་མས་ཉེ་བར་མཛེས་པར་གྱུར་པ་ཉེ་འཁོར་མཆོག་ཏུ་དགའ་བ། ཉི་མ་བརྒྱ་སྟོང་བས་ལྷག་པར་གསལ་བར་བྱེད་དོ། །གང་ལ་དེ་ལྟར་ཅུང་ཟད་ཙམ་འདྲ་བའི་སྒོ་ནས་དཔེར་བརྗོད་བྱས་ཏེ། ཇི་ལྟར་མི་རྣམས་ན་ནགས་ མཆོག་ཏུ་དགའ་བར་གྱུར་པ་དང ། འབབ་ཆུ་དང ། འཇུག་ངོགས་དང ། རྫིང་བུ་འཇུག་ངོགས་མཛེས་པ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་ནགས་དང ། ཉེ་བའི་ནགས་རྣམས་ཀྱི་ཁྱད་པར་གྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །ཡང་དེ་བཞིན་དུ་གང་རྒྱལ་ཆེན་རིས་བཞིའི་ནགས་ ཀྱིས་ཀྱང་གང་ཡང་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནགས་དང ། ཉེ་བའི་ནགས་ཀྱི་དགའ་བར་གྱུར་པ་གང་ཡིན་པ་དེའི་ཁྱད་པར་གྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ལྟར་གོང་ནས་གོང་གི་ཁྱད་པར་གྱི་རིམ་པས་དགེ་བའི་ལས་དང་མི་དགེ་བའི་ལས་རྣམས་ལས་གོང་ནས་གོང་ གི་དགའ་བ་ནི། དགེ་བ་དང་ཡང་དག་པར་རབ་ཏུ་ལྡན་པའི་སེམས་རྩེ་གཅིག་པས་ལས་གཞན་མི་བྱེད་པར་མཐོང་ཞིང་དགེ་ལ་ལེགས་པས་རིགས་པ་གྲོལ་བའི་སྤོབས་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱིས་ཀྱང་ཕྱོགས་གཅིག་ཀྱང་བརྗོད་པར་བྱ་མི་ནུས་ སོ། །དེ་ཅིའི་ཕྱིར་ཞེ་ན། མི་རྟོག་པའི་ཡུལ་གྱི་ཡུལ་རྟོགས་པ་མ་ཡིན་པ་འདི་མི་རྣམས་ཐམས་ཅད་དང ། དེ་བཞིན་དུ་དབང་པོ་དང་བཅས་པའི་སུམ་ཅུ་རྩ་གསུམ་པ་རྣམས་ཐམས་ཅད་ཀྱིས་ལོ་སྟོང་ཕྲག་བརྒྱར་ཡང་མཚེ་མའི་ལྷ་རྣམས་ཀྱི་བདེ་བའི་ཕྱོགས་གཅིག་ཙམ་ ཡང་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་རྣམས་ཐམས་ཅད་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཡུལ་མ་ཡིན་པ་དང་མཐོང་བའི་ཡང་མ་ཡིན་པའི་ཕྱིར་ཏེ། གང་ལ་དཔེར་བརྗོད་དུ་བྱས་པ་ནི་ནམ་ཡང་མཐོང་བ་ཡང་མ་ཡིན་ལ་ཆུང་ཟད་ཀྱང་ཐོས་པ་ཡང་ 69-1-288b མ་ཡིན་གྱི་ཕྱོགས་གཅིག་ཙམ་འདིར་བསྔགས་པ་བརྗོད་པ་ཡིན་ནོ། །དགེ་བའི་ཆོས་ལ་བརྩོན་པའི་དོན་དུ་བསྔགས་པ་བརྗོད་དེ། དགེ་བའི་ཆོས་བྱས་ཤིང་བསགས་པ་མྱོང་བར་འགྱུར་བར་ངེས་པ་བསམ་གྱིས་མི་ཁྱབ་པ་དགའ་བ་དང་བདེ་བ་ཐམས་ཅད་ཀྱི་ཡང་ཕྱོགས་གཅིག་ཙམ་མཐོང་ ལ་ཕྱོགས་གཅིག་པུ་ཞིག་བསྔགས་པར་ཟད་དོ། །ཇི་ལྟར་མཁས་ཤིང་ཐམས་ཅད་ལ་བྱང་བའི་རི་མོ་མཁན་ནམ་རི་མོ་མཁན་གྱི་སློབ་མས་ཀྱང་རུང་སྟེ་ཟླ་བ་དང་མཚུངས་པའམ་ཡང་ན་ཉི་མ་བྲིས་ལ། དེས་དེའི་འོད་བྲི་བར་བྱ་མི་ནུས་ལ་ཟེར་མ་མ་ཡིན། ནམ་མཁའ་ལ་འགྲོ་བ་དང་འོང་བའི་ སྤྱོད་པ་ཡང་མ་ཡིན། གཟི་བརྗིད་མ་ཡིན་ལ་འཇམ་པ་དང་གདུག་པ་ཡང་མ་ཡིན་གྱི། ཟླ་བའི་རྣམ་པ་ཙམ་འབའ་ཞིག་མངོན་པར་བྲིས་པར་ཟད་དོ། །དེ་བཞིན་དུ་འདིར་ཡང་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བསྔགས་པ་ཡང་བརྗོད་པར་མི་ནུས་སོ། །དགའ་བ་ཡང་བརྗོད་པར་མི་ནུས་སོ། །མཐུ་སྟོབས་དང་ནགས་དང་ཉེ་བའི་ནགས་དང་དཔལ་མ་ཡིན་ནོ། །རི་མ་ཡིན་རང་བཞིན་མ་ཡིན་ནོ། །ཡུལ་གྱི་བདེ་བ་རྣམས་ཀྱང་མ་ཡིན། འོད་དང་ཕྲེང་བ་དང་ལྷ་མོ་དང་མཉམ་པར་བགྲོད་པའི་བདེ་བ་ཡང་མ་ཡིན་གྱི་ཅུང་ཟད་མངོན་པར་བརྗོད་པ་ཙམ་ཅིག་འདིར་བྱས་སོ། །འདྲ་བ་ནི་ཅུང་ ཟད་ཙམ་ཅིག་ཀྱང་མ་བྱས་སོ། །སླར་ཡང་ལྷ་དེ་སྐྱེད་མོས་ཚལ་དེ་དག་ཉིད་ཀྱི་ལྟད་མོ་རྣམ་པ་དུ་མར་དགའ་བ་འདོད་པ་དུ་མ་དང་ལྡན་པའི་ཕུན་སུམ་ཚོགས་པ་འཇུག་ངོགས་དང ། སྐྱེད་མོས་ཚལ་དུ་མ་དང་ལྡན་པའི་སའི་ཆ་རྣམས་ལ་རྗེས་སུ་ལྟར་འགྲོ་བར་བྱེད་དོ། །འདོད་པའི་ཡོན་ཏན་ལྔ་ལ་རྣམ་ པར་ཆགས་པའི་ཡིད་ཅན་གནས་པ་མེད་པའི་ཤུགས་ཀྱིས་གཡོ་བའི་ཀུན་དུ་རྟོག་པའི་ཆུ་རླབས་ཀྱིས་བསྐྱོད་པའི་སྲིད་པའི་ཆུ་བོས་ཁྱེར་བར་གྱུར་པས་ཐམས་ཅད་ལས་མཐོང་ན་དགའ་བར་གྱུར་པ་ནི་ལྷའི་རིས་དེར་རྗེས་སུ་མཐོང་བ་ལ་ནགས་དེ་ནི་འདོད་པའི་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་སྟེ་ཆུ་ཀླུང་དང ། འབབ་ཆུ་དང་ཤིང་དང་ཤིང་གེལ་བ་དང་འཁྲི་ཤིང་གི་ཁང་བུས་གང་བ་སྒྲ་དུ་མ་འབྱིན་པའི་བྱ་བརྒྱ་སྟོང་གིས་ཀུན་དུ་གང་བ་དེར་ཉེ་བར་འགྲོའོ། །ཉེ་བར་སོང་ནས་ཀྱང་ཉེ་འཁོར་དེ་ན་སྔར་མ་མཐོང་བའི་མཆོག་ཏུ་ཕུན་སུམ་ཚོགས་པ་དེ་དང་ཕྲད་ནས་ཀྱང་དེ་ལྷ་མོའི་ཚོགས་དང་བཅས་པས་ཡོངས་སུ་ 69-1-289a བསྐོར་ནས་ཆུ་ཀླུང་གི་གླེའི་མུ་ཏིག་གི་ཕྱེ་མའི་བྱེ་མ་ལ་གསེར་དང་དངུལ་དང་ཨིན་དྲ་ནཱི་ལའི་མདོག་དང་མཚུངས་པའི་སྒྲོ་ཅན་གྱི་བྱས་གང་བ་ཆུ་ཀླུང་ཆེན་པོའི་ངོས་ན་རྣམ་པ་སྣ་ཚོགས་པའི་སྒྲ་འབྱིན་པའི་ལྗོན་ཤིང་གིས་གང་བ་ཆུ་ཀླུང་གི་འགྲམ་གྱི་གད་པ་དགའ་བ་རབ་ཀྱི་མཆོག་ཏུ་སྐྱིད་པའི་ ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་དགའ་ཞིང་རྩེ་བར་བྱེད་ལ། ཞབས་འབྲིང་དུ་མ་ཡང་བྱེད་པས་དུས་ཤིན་ཏུ་རིང་བར་དེ་དེ་ན་དགའ་བར་བྱས་ནས་གང་ན་རིན་པོ་ཆེའི་འགྲམ་ཞེས་བྱ་བའི་ནགས་ཡོད་པ་དེར་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་འགྲོའོ། །དེས་ནགས་དེ་མཐོང་བ་ ལས་གཞིའི་ཆ་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་འོད་གསལ་བ་གང་ལ་རིན་པོ་ཆེའི་རང་བཞིན་དུ་གྱུར་པ་ཐམས་ཅད་དགའ་བའི་རིའི་རྩེ་མོ་དང ། ཆུ་ཀླུང་གི་འགྲམ་དང་འབབ་ཆུ་དང་རྫིང་བུ་དང་པད་མའི་རྫིང་བུ་དུ་མ་དགའ་བར་གྱུར་པ་ལ་བུང་བ་བརྒྱ་སྟོང་གིས་ཉེ་བར་མཛེས་པར་བྱས་པས་གཞི་ ཀུན་གྱི་ཆ་ཤས་ནི་མཆོག་ཏུ་དགའ་བར་གྱུར་པ་དང་རིའི་གསེབ་དག་མཐོང་ངོ ། །དེས་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུའི་དབང་པོ་དང་ལྡན་པ་དེ་རིན་པོ་ཆེའི་ཉེ་བའི་གནས་ལ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་དབུས་ན་རྩེ་ཞིང་དགའ་ལ་ཀུན་དུ་སྤྱོད་དེ། འཐབ་བྲལ་བ་རྣམས་དང་ རྗེས་སུ་འཐུན་པའི་བདེ་བ་དགེ་བའི་རྩ་བས་བསྐྲུན་པ་ལ་ཉེ་བར་ལོངས་སྤྱོད་པར་རྒྱུ། དགེ་བའི་རྩ་བ་དེ་དང་འཐུན་པར་དེའི་འབྲས་བུ་རྣམས་ཀྱང་རྣམ་པ་དུ་མར་དེ་བཞིན་དུ་འགྱུར་རོ། །དེ་ན་ཡང་རྣམ་པ་བརྒྱ་སྟོང་དུ་མའི་རྣམ་པར་རྟོག་པའི་བདེ་བ་ཐམས་ཅད་ལས་འཕགས་པ་ཉམས་སུ་མྱོང་ངོ ། ། དེ་ལ་ཡང་འདོད་པའི་ཡོན་ཏན་ལྔ་སྤྱད་ནས་གང་ན་འཇུག་ངོགས་མེད་པ་མ་ཡིན་པ་ཞེས་བྱ་བ་འཐབ་བྲལ་བ་རྣམས་ཀྱི་སའི་ཆ་དེར་འགྲོའོ། །དེ་ན་ཡང་དགའ་བའི་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་ཉེ་བར་བགྲོད་དོ། །དེ་ལ་ཡང་རྒྱུ་རྣམ་པ་སྣ་ཚོགས་པའི་ལྷའི་གླུ་མཁན་གྱི་གླུ་དང་ཡང་དག་པར་ ལྡན་པའི་བདེ་བ་ཉམས་སུ་མྱོང་ངོ ། །གང་ཡང་བརྗོད་པར་མི་ནུས་པ་ནི་སྲེད་པ་དང་ལྡན་པའི་མེས་སྙིང་ཚིག་པ་རྣམས་ཀུན་དུ་རྟོག་པའི་ཤུགས་ཀྱིས་ཀུན་དུ་འཁྲུལ་པའི་བློ་གར་ཡང་གནས་པ་མེད་པས་ཡུལ་ལ་གདུང་བར་སྨིག་རྒྱུ་བའི་སེམས་སྤྲེའུ་ཡིས་ལྷའི་བདེ་བའི་འབྲས་བུ་ 69-1-289b ལ་སྤྱོད་པ་བག་མེད་པས་བུད་མེད་ལྟ་བ་ལ་ཆེད་ཆེར་བྱེད་པ་དང ། རྟག་ཏུ་དགའ་བ་དུ་མའི་ཆུ་གང་དག་གིས་ཀྱང་རྟག་ཏུ་འཁོར་བར་བྱེད་པ་ཡིན་ནོ། །འཐབ་བྲལ་གྱི་ལྷའི་རིས་རྣམས་ཀྱི་ཉེ་འཁོར་དུ་རིན་པོ་ཆེའི་པད་མ་ཕུན་སུམ་ཚོགས་པ་འབྱུང་བ་ནི་ཐུན་མོང་པ་མ་ཡིན་པ་མཆོག་ ཏུ་དགའ་བའི་ཡུལ་གྱི་བདེ་བ་རྣམ་པ་དུ་མ་གཞན་གྱི་མཐུ་སྟོབས་ཀྱིས་དབྲོག་ཏུ་མེད་པས་ཀྱང་དབང་པོ་རྣམས་མི་ཚིམ་མོ། །ཅི་ལྟ་ཅི་ལྟར་དགའ་བ་དེ་ལྟ་དེ་ལྟར་ཡོངས་སུ་སྨིན་ལ་དགའ་བར་གྱུར་པའི་པད་མ་གང་དག་ཁོ་ན་བསམས་པ་དེ་ལྟ་དེ་ལྟར་ཉིད་དུ་འབྱུང་སྟེ་ལེགས་པར་བྱས་པ་ ལས་བྱས་པའི་ཕྱིར་རོ། །དེ་ནས་མུ་སུ་ལུན་དྷ་འདི་སྙམ་དུ་སེམས་ཏེ་མ་ལ་བདག་ལྷ་འདི་དག་རྣམས་དང་ལྷན་ཅིག་ཏུ་ནམ་མཁའ་ལ་གནས་པར་བྱའོ་སྙམ་མོ། །དེ་ནས་སེམས་བསྐྱེད་པ་ཙམ་ཉིད་ཀྱིས་འཐབ་བྲལ་བའི་ལྷའི་མངའ་བདག་མུ་སུ་ལུན་དྷ་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ ནས་ལྷའི་ཚོགས་ཐམས་ཅད་དང་བཅས་པ་ནམ་མཁའི་དཀྱིལ་དུ་འཕགས་སོ། །དེ་ནམ་མཁའ་ལ་དེ་ལྟར་འགྲོ་སྟེ་དེ་དང་ལྷ་དེ་རྣམས་དེ་ལྟར་ཅུང་ཟད་ཀྱང་མི་གཡོ་ཞིང་མི་བརྗོད་ལ་ལུས་ཀྱི་ཆ་འགའ་ཞིག་ཆུང་ཟད་ཀྱང་གཞན་དུ་འགྱུར་བ་ཡང་མེད་པར་རོ། །དེ་ནས་ལྷ་ཐམས་ཅད་ཀྱང་པད་ མ་ལ་ཞོན་ནས་ནམ་མཁའ་ལ་འགྲོའོ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཡོངས་སུ་བསྐོར་ནས་གར་དང་ལྡན་པ་དགོད་པ་དང་ལྡན་པ་ཀུན་ཏུ་སྤྱོད་པ་དང་ལྡན་པ་ལྷའི་བདེ་བས་ཡོངས་སུ་རྒྱས་པར་འདོད་པའི་ཡོན་ཏན་ལྔས་ལེགས་པར་གཏད་ཅིང་ཡང་དག་པར་ལྡན་པར་གྱུར་པ་དེ་ལྟར་སྐྱིད་ པར་གྱུར་པའི་ལྷ་པད་མའི་འདབ་མ་དག་ལ་ཞོན་ནས་འགྲོ་སྟེ། ཇི་ལྟར་ཡང་དག་པའི་གནས་དེ་ལྟར་མནན་ན་ནེམ་ལ་བཏེག་ན་འཕར་བར་གྱུར་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་དུ་གྱུར་པའི་པད་མའི་འདབ་མ་རྣམས་ལ་ཞོན་ནས་གོང་མ་གོང་མའི་འདབ་མ་རྣམས་ལྷུང་བ་དེ་མཛེས་པ་ནི་ཇི་ལྟར་མི་ རྣམས་ཀྱི་ཡུལ་ན་ནང་ནུབ་ཀྱི་ཐུན་མཚམས་ཀྱི་དུས་ན་ཐམས་ཅད་ཟངས་བཞིན་དུ་ནམ་མཁའ་ཤིན་ཏུ་རྣམ་པར་སྣང་བ་ལ་པད་མ་དེ་ཡང་དེ་ལྟར་ཤིན་ཏུ་འབར་རོ། །ལྷ་དེ་ཐམས་ཅད་ཕན་ཚུན་དུ་བདེ་བ་དང་ལྡན་པས་གང་ན་ཀུ་བེ་རའི་ཚོགས་ཀྱི་ནགས་ཞེས་བྱ་བའི་ནགས་ན་ཤིན་ཏུ་འཇམ་ཞིང་ 69-1-290a མཐོ་བའི་རིའི་རྩེ་མོ་དེར་དགའ་བར་རྒྱུར་འགྲོ་བར་བྱེད་དོ། །དེ་ནས་རི་དེའི་རྩེ་མོ་ལ་ལྷ་དེ་དག་གིས་སླེབས་ནས་རིན་པོ་ཆེ་བདུན་གྱི་འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་དུ་མས་ཉེ་བར་མཛེས་པར་གྱུར་པ་པད་མའི་ནགས་ཡོངས་སུ་རྒྱས་པར་མཛེས་པར་གྱུར་པ་ནི་ཉི་མ་ བརྒྱའི་འོད་ཟེར་བས་ཆེས་ལྷག་པར་གྱུར་པའི་འོད་ཀྱི་གཟི་བརྗིད་ཅན་དེ་ན། ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རིན་པོ་ཆེའི་རང་བཞིན་དུ་མ་ཉི་མ་དང་མདོག་མཚུངས་པའི་ཤིང་གིས་ཉེ་བར་མཛེས་པར་འཇམ་ཞིང་མཐོ་བའི་རི་དེ་དང་པད་མ་དེར་ལྷ་དེ་དག་རྣམས་ཀྱིས་ཕྱིན་ནས་རི་དེའི་ནགས་ ན་གར་བྱེད་ཅིང་ཕན་ཚུན་དུ་ཀུན་དུ་སྤྱོད་དོ། །དེ་ནས་ཡང་འདབ་མ་སྟོང་ཕྲག་བརྒྱ་པའི་པད་མ་ལའོ། །དེ་རྣམས་པད་མ་དེ་དག་རྣམས་ལ་ཀུན་དུ་ཞུགས་ནས་ཕྱིར་ཡང་འཇམ་ཞིང་མཐོ་བའི་རི་དེ་ལ་འཛེག་གོ། །བདེ་བ་ལ་སྤྱད་པའི་དོན་དུ་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ ཡང་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་ནས་གང་ན་ལྷ་དེ་དག་རྣམས་དགའ་དགུར་ཀུན་ཏུ་སྤྱོད་པ་དེར་འགྲོའོ། །ལྷ་དེ་དག་རྣམས་ཀྱིས་ཀྱང་དེ་མངོན་དུ་ལེགས་པར་མཐོང་ནས་ཡིད་རབ་ཏུ་དགའ་བར་གྱུར་པའི་ཡིད་དང་ལྡན་པས་གར་བྱེད་པར་གྱུར་དགོད་པར་ཡང་བྱེད་ཅིང་ཀུན་ དུ་སྤྱོད་པར་ཡང་བྱེད་དོ། །འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་དེ་ཡང་དེ་ལྟར་རབ་ཀྱི་མཆོག་ཏུ་ཡིད་དགའ་སྟེ། ལྷ་རྣམས་རང་གི་ལས་དབང་པོར་གྱུར་པ་རང་གི་ལས་ཀྱི་འབྲས་བུའི་སྐྱེ་གནས་པ་དེ་ལས་དེ་དག་རྣམས་ཀྱིས་ལྷ་དམན་པ་དང་བར་མ་དང་ཁྱད་དུ་འཕགས་པ་ དམན་པ་དང་བར་མར་སྐྱེད་པ་དང ། དམན་པ་དང་བར་མའི་གཟུགས་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་བདེ་བའོ། །འཐབ་བྲལ་གྱི་ལྷ་ཐམས་ཅད་པས་དམན་པའི་བདེ་བ་གང་ཡིན་པ་དེ་ཡང་བཅུ་དྲུག་ཆར་བགྲང་བའི་རིམ་པས་ཀྱང་བརྒྱ་བྱིན་ལ་ནམ་ཡང་མི་འགྱུར་ ལ། རེ་ཞིག་བརྒྱ་བྱིན་དེ་ཉིད་ཀྱི་བདེ་བ་ཡང་བརྗོད་པར་མི་ནུས་ན། ཅི་ཡང་བརྒྱ་ཕྲག་སུམ་འགྱུར་དུ་ལས་ཀྱི་མཐའ་ལ་སྤྱད་པའི་འཐབ་བྲལ་བ་རྣམས་ཀྱི་རྫོགས་པར་བརྗོད་པར་ནུས་སམ། དེ་ཉིད་ནི་དགེ་བ་ཀུན་དུ་རྒྱས་པའི་ལེགས་པར་བྱས་པའི་ལས་རྣམས་ཀྱི་ཡང་འབྲས་བུ་ 69-1-290b དེ་འབའ་ཞིག་དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་རྣམས་རབ་ཏུ་དགའ་བ་བསྐྱེད་པར་བྱ་བའི་དོན་དུ་འཐབ་བྲལ་གྱི་ལྷ་འདི་རྣམས་ཀྱི་ཕུན་སུམ་ཚོགས་པའི་དགའ་བ་རྣམ་པ་དུ་མའི་སྒོ་ནས་བསྔགས་པ་ཡིན་གྱི། སྲིད་པ་འབའ་ཞིག་མངོན་པར་ཞེན་པས་ནི་མ་ཡིན་ནོ། །གཞན་ཡང་ འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་རྣམ་པ་སྣ་ཚོགས་པ་བརྒྱ་སྟོང་དུ་མའི་རྣམ་པར་རྟོག་པ་ཡོན་ཏན་དུ་མ་དང་ལྡན་པའི་དཔེ་མེད་པའི་བདེ་བ་པད་མ་འདི་རྣམས་དང་འཇམ་ཞིང་མཐོ་བ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རི་དེ་ལ་རྙེད་ནས། གཞན་ཡང་འཐབ་བྲལ་གྱི་མངའ་བདག་འདི་ ལྟར་རྗེས་སུ་རྣམ་པར་སེམས་པར་བྱེད་དེ། མ་ལ་བདག་གང་ཡང་པད་མ་ཆེན་པོ་འདིའི་ནང་དུ་འཇུག་པར་བྱ་བ་ཡིན་ཏེ་བདེ་བའི་མཆོག་གིས་གནས་པར་བྱ་བའི་དོན་དུ་ལྷའི་ཚོགས་ཐམས་ཅད་ཀྱི་ས་དང་བཙུན་མོའི་འཁོར་རྣམས་དང་བཅས་པ་རྣམས་ཀྱིས་སོ། །དེ་ནས་འཐབ་བྲལ་ གྱི་མངའ་བདག་མུ་སུ་ལུན་དྷ་ལྟེ་བ་ལ་གནས་པ་ཙམ་ཁོ་ནས་དེའི་ལེགས་པར་བྱས་པའི་ལས་ཀྱིས་སྙིང་པོ་དེ་ཕྱིར་ཞིང་ཉིད་དུ་ཁ་བྱེའོ། །ལྟེ་བ་དེ་ཡང་གང་དེའི་ལྟེ་བ་དེ་ཐམས་ཅད་ཀྱི་ནང་དུ་འགྱུར་རོ། །དེ་ནས་ལྟེ་བ་དེའི་ཉེ་འཁོར་ཀུན་ལས་གཞན་དུ་གྱུར་པའི་བུག་པ་བྱུང་ལ་རྣམ་པ་དེ་ ལྟ་བུའི་འོད་རྣམས་ཀྱང་པད་མ་ཆེན་པོ་དེའི་ལྟེ་བ་ལས་ཀུན་ནས་བྱུང་བའི་ལྷ་དེ་དག་རྣམས་ཀྱིས་རྣམ་པ་ཇི་ལྟ་བུའི་གཞན་དུ་སྔར་མ་མཐོང་བ་དང་མ་ཐོས་པ་དག་སྟེ། ཉེ་འཁོར་དུ་ཡང་དེ་དཔག་ཚད་བརྒྱ་བས་ཆེར་ལྷག་པའི་འོད་ཟེར་འབྱུང་བ་ལ་འོད་ཁ་དོག་དུ་མ་འབར་བ་ལྟ་བུར་སྣང་བའོ། ། དེ་ནས་ལྷ་དེ་རྣམས་དང་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ཡང་གཅིག་ཏུ་ངོ་མཚར་བའི་ཅ་ཅོའི་སྒྲ་ཀུན་ཏུ་འབྱིན་པ་ནི་འོད་འདི་དག་རྣམས་པད་མ་གང་གི་ལྟེ་བ་ལས་བྱུང་བར་གྱུར། དེ་ནས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་གིས་ལྷ་དེ་དག་རྣམས་ལ་འདི་སྐད་དུ་བགྲོས་པར་ གྱུར་ཏེ། ལྷ་དག་པད་མ་ཆེན་པོ་འདིའི་འོད་ཟེར་རྣམ་པ་འདི་ལྟ་བུ་ཀུན་ནས་བྱུང་ཞིང་འཕྲོ་བ་ལ་ཇི་ལྟ་བ་བཞིན་དུ་ལྟོས་དང ། དེས་སླར་སྨྲས་པ་ཇི་ལྟ་བ་བཞིན་དུ་བདག་ཅག་གིས་མཐོང་སྟེ། འདི་དག་མཆོག་ཏུ་ངོ་མཚར་ཆེ་བའི་འོད་བྱེད་པའོ། །དེ་ནས་ཡང་འཐབ་བྲལ་ 69-1-291a བ་རྣམས་ཀྱི་མངའ་བདག་གིས་ཡང་འགྲོ་བར་བྱེད་དེ། ཇི་ལྟར་གང་ཡང་ཉུང་ངུ་ན་བདག་ཅག་ཡུལ་ལྗོངས་དང་བཅས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་པད་མ་ཆེན་པོ་འདིའི་ནང་གི་ལྟེ་བ་དུས་རིང་དུ་བལྟ་བར་བྱའོ། །དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ཡིད་འཐུན་པར་གྱུར་ པས་དེ་ལ་གསོལ་པ། ཇི་ལྟར་འཐབ་བྲལ་བའི་མངའ་བདག་གིས་གསུངས་པ་དེ་ལྟར་བདག་ཅག་རྣམས་ཀྱིས་བྱ་བ་ཡིན་པས་ན་དེ་ལྟར་བདག་ཅག་རྣམས་ཀྱི་འཁོར་དང་བཅས་པ་པད་མ་ཆེན་པོ་འདིའི་ནང་དུ་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར་བ་འཐུན་པར་བདག་ཅག་འཐབ་བྲལ་གྱི་མངའ་བདག་དང་ བཅས་པ་པད་མ་ཆེན་པོ་འདིའི་ནང་གང་ཡིན་པ་དེར་འཇུག་པར་བྱའོ། །དེ་ནས་ལྷ་དེ་དག་རྣམས་དང་མུ་སུ་ལུན་དྷ་དེ་ཡང་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་གང་ན་ལྟེ་བ་ཡོད་པ་དེར་ལེགས་པར་སོང་སྟེ། པད་མའི་ནང་ལྟ་བར་བྱེད་པ་ནི་ངོ་མཚར་བའི་དོན་དུའོ། །དེ་ ནས་སྙིང་པོ་དེའི་བུག་པ་དེར་ཕྱིན་ནས་བུག་པ་དེ་ཉིད་དུ་ཞུགས་ཏེ། ཇི་ལྟར་བཙོ་མའི་གསེར་མཆོག་གི་མདོག་ཉི་མའི་འོད་དང་ལྷན་ཅིག་ཏུ་ཕན་ཚུན་སྤྲོས་པར་གྱུར་པ་ན་ནམ་མཁའ་ལ་ཉི་མའི་ཟླ་དང་ལྡན་པར་གྱུར་པ་དེ་བཞིན་དུ་པད་མ་ཆེན་པོ་དེའི་གཟི་བརྗིད་ཀྱི་ཁྱད་པར་མཐོང་བས་ལྷ་དེ་དག་རྣམས་ཀྱིས་ འོད་ཟེར་དེ་དག་རྣམས་མ་བཟོད་ནས་མིག་ཀུན་ནས་བཙུམས་པར་གྱུར་པ་དང ། མཆོག་ཏུ་དགའ་བའི་ཡིད་ཀྱིས་ནང་དུ་ཞུགས་པར་ཡང་གྱུར་ལ། རྣམ་པ་འདི་ལྟ་བུའི་འོད་མཚུངས་པ་མེད་པ་འདི་ནི་གང་ཡང་བདག་ཅག་རྣམས་ཀྱིས་སྔར་ནམ་ཡང་མཐོང་མ་མྱོང་ངོ་ཞེས་ཅ་ཅོའི་སྒྲ་ཡང་སྒྲོགས་སོ། ། དེ་ནས་ཡང་ལྷ་དེ་དག་རྣམས་ཆེས་རིངས་པར་མུ་སུ་ལུན་དྷ་དང་པོར་བྱས་ནས་རྗེས་སུ་འཇུག་པར་བྱེད་ལ། མུ་སུ་ལུན་དྷ་ཡང་མཆོག་ཏུ་རངས་པའི་ཡིད་ཀྱིས་ཡིད་ཚིམ་པ་མེད་པས་ལྷ་དེ་དག་རྣམས་དང་པད་མའི་ནང་དུ་འཇུག་གོ། །དེ་ཞུགས་པ་ན་མཐོང་བ་དེའི་ནང་ན་རིན་པོ་ཆེ་བརྒྱ་སྟོང་དུ་མ་འོད་རྣམ་པ་གསལ་ བར་བྱེད་པའི་སྐྱེད་མོས་ཚལ་བརྒྱ་ཕྲག་དུ་མ་དང་ལྡན་པ། འོད་དང་ལྡན་པའི་ཁང་བཟངས་བརྒྱ་སྟོང་དུ་མ་དང་འོད་འབར་བའི་ལྗོན་ཤིང་བརྒྱ་སྟོང་དུ་མ་དང་ལྡན་པ། རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་སྐྱེད་ཤིང་གི་ནགས་དང་ཉེ་བའི་ནགས་བརྒྱ་སྟོང་དུ་མས་ཉེ་བར་མཛེས་པར་གྱུར་པ་མདོག་དང་དབྱིབས་དུ་ 69-1-291b མ་དང་ལྡན་པའི་རྣམ་པར་རྟོག་པ་རྒྱ་ཆེ་བ་བརྒྱ་སྟོང་གི་བྱའི་ཚོགས་ཀྱིས་ཀྱང་གང་བ་རྩེད་མོའི་རི་བརྒྱ་ཕྲག་དུ་མ་དང་ལྡན་པ། རྫིང་བུ་བརྒྱ་ཕྲག་དུ་མ་དང་ལྡན་པ། གཞལ་མེད་ཁང་བརྒྱ་ཕྲག་དུ་མ་དང་ལྡན་པ། འབབ་ཆུ་བརྒྱ་ཕྲག་དུ་མ་དང་ལྡན་པ། ཆུ་མིག་དང་རྫིང་བུ་དང་ཆུ་ཀླུང་དང་ཚང་ཚིང་དང་ ཁྲད་ཁྲོད་བརྒྱ་ཕྲག་དུ་མ་དང་ལྡན་པ། ཇི་སྐད་དུ་བརྗོད་པའི་དངོས་པོ་ཐམས་ཅད་ཀྱང་རིན་པོ་ཆེ་བདུན་གྱི་རང་བཞིན་ལས་བྱས་པའི་མདོག་དང་དབྱིབས་དང་ཚད་ཀྱི་རྣམ་པ་མངོན་པར་དགའ་བ། ཇི་ལྟར་དེ་ཡང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷས་ཀྱང་སྔར་མ་མཐོང་ན། འཐབ་བྲལ་གྱི་ལྷ་གཞན་ གྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ལས་པད་མ་གང་གི་ནང་གི་མཚེའུ་རྣམས་ནི་རབ་ཏུ་དང་བའི་ལྷ་རྫས་ཀྱི་ཆུ་ཡིན་ལ་དེ་དག་གི་འགྲམ་རྣམས་ལ་ལ་ནི་ཤེལ་གྱི་རང་བཞིན་ནོ། །ལ་ལ་ནི་དངུལ་གྱི་རྡོ་དང་བྱེ་མའོ། །འགའ་ཞིག་ནི་གསེར་བཙོ་མའི་རང་བཞིན་ནོ། །ཡང་ལ་ལ་ནི་ཨིན་དྲ་ནཱི་ལའི་རང་བཞིན་ ནོ། །ལ་ལ་ནི་པད་མ་རཱ་གའི་རང་བཞིན་ནོ། །འགའ་ཞིག་ནི་ཆ་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བར་བྱས་པ་རྣམས་ཏེ། དེ་བཞིན་དུ་གང་ཡང་པད་མའི་རྫིང་བུ་དེ་རྣམས་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་པད་མ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་རྣམས་སོ། ། འགའ་ཞིག་ནི་ཁ་དོག་གཅིག་པའི་པད་མས་ཉེ་བར་མཛེས་པར་གྱུར་པའོ། །འགའ་ཞིག་ནི་རྣམ་པ་དུ་མའི་མདོག་གི་འདབ་མའི་པད་མས་ཉེ་བར་མཛེས་པ་ལ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོའི་མདོག་གི་མཚོ་ལས་སྐྱེས་པའི་པད་མས་ཉེ་བར་མཛེས་པར་བྱས་པའོ། །དེ་ལ་ གང་འདབ་མ་སྔོན་པོ་དེ་ནི་དྲི་མ་མེད་པའི་ཨིན་དྲ་ནཱི་ལའི་རང་བཞིན་ནོ། །གང་སེར་པོ་དེ་ནི་གསེར་གྱི་རང་བཞིན་ནོ། །གང་དཀར་པོ་དེ་ནི་དངུལ་གྱི་རང་བཞིན་ནོ། །གང་དམར་པོ་དེ་ནི་པད་མ་རཱ་གའི་རང་བཞིན་རྣམས་ཏེ། དེ་ལྟར་པད་མ་ཆེན་པོ་དེའི་ནང་ན་རྣམ་པ་དུ་མའི་པད་མ་ཡོད་དོ། །དེ་ནས་ ལྷ་དེ་རྣམས་རབ་ཏུ་དགའ་བའི་ཡིད་ཀྱིས་བུང་བ་བརྒྱ་སྟོང་གིས་ཡོངས་སུ་གང་བའི་པད་མ་དེར་ཉེ་བར་བཟུང་ནས་གཞན་ཡང་གང་ན་དེ་དག་དགའ་བ་ཆེན་པོར་གྱུར་པའི་ནགས་དང་ཉེ་བའི་ནགས་དེ་དང་ལེགས་པར་ལྡན་པ་གང་ཡིན་པའི་དགའ་བ་ཆེན་པོ་དེར་འགྲོའོ། །རྣམ་པ་སྣ་ཚོགས་པའི་རྔ་སྒྲ་ 69-1-292a སྒྲོགས་པའི་གླུ་སྒྲས་རྣར་སྙན་པས་ཡིད་ཚིམ་པ་མེད་པར་རབ་ཏུ་དགའ་བའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཀུ་ཅོའི་སྒྲས་ཡིད་ཚིམ་པ་མེད་པ་དེ་རྣམས་ཀྱིས་བགྲོད་པའི་ནགས་དེ་ནི་རྣམ་པ་སྣ་ཚོགས་པའི་བྱ་བརྒྱ་སྟོང་གིས་དགའ་བར་གྱུར་པའི་སྒྲ་སྣ་ཚོགས་འབྱིན་པ་རིན་པོ་ཆེ་ སྣ་བདུན་གྱིས་ཉེ་བར་མཛེས་པའི་ས་གཞིའི་ཆ་ཀུན་ཀྱང་མནན་ན་ནེམ་ཞིང་བཏེག་ན་འཕར་བ་མཆོག་ཏུ་འཇམ་པ་དེ་དག་རྣམས་ལ་ཡང་རྣམ་པར་རྒྱུ་བར་བྱེད་པ་ན། ཐམས་ཅད་ནས་ཀྱང་ཡིད་ཀུན་དུ་རངས་ཤིང་དགའ་བ་ནི་གོང་མ་གོང་མ་དེ་དག་རྣམས་མཐོང་བ་ན་དགའ་བར་འགྱུར་ཞིང ། ཕན་ཚུན་དུ་གྲོགས་ ཀྱི་བྱ་བ་དང་ལྡན་པ་དང་ཕན་ཚུན་དུ་ཀུན་ནས་ཆགས་པའི་ཡིད་དང་ལྡན་པ་དག་གིས་ཀྱང་དགའ་བར་ཡང་འགྱུར་རོ། །ཉེ་བའི་ནགས་དེ་ལ་ཡང་དུས་ཤིན་ཏུ་ཡུན་རིང་དུ་བག་མེད་པར་གནས་པའི་ཕན་ཚུན་མཆོག་ཏུ་ཀུན་དགའ་བའི་བག་མེད་པར་གནས་ནས། གཞན་ཡང་གང་ན་སྐྱེད་མོས་ཚལ་ གྱི་ཕྲེང་བ་ཞེས་བྱ་བའི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཡོད་པ་དེར་འགྲོ་བར་བྱེད་དོ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པས་སྣ་ཚོགས་པའི་རོལ་མོ་དང་གླུས་རབ་ཏུ་དགའ་བ་དང་ལྡན་པའི་ཡིད་ཅན་རྣམས་འདོད་པ་དྲུག་ལ་རྣམ་པར་ཆགས་པས་ལྟ་བ་ལ་བརྐམ་པར་གྱུར་པ་རྒྱགས་པ་ལ་དོན་གཅིག་པས་ བག་མེད་པར་རྣམ་པར་སྤྱོད་པར་ཡང་བྱེད་པ་དང་རྩེ་བར་གྱུར་ཅིང ། ཀུན་དུ་སྤྱོད་པར་ཡང་གྱུར་པ་རྣམས་ཀྱིས་དེར་ཉེ་བར་ཕྱིན་ནས་ཀྱང་འོད་ཟེར་རྣམས་མཐོང་བར་གྱུར་པ་ནི་ཇི་ལྟར་ཉི་མའི་ཕྲེང་བ་རྣམས་གང་ཡིན་པ་དེ་ལྟར་འོད་རྣམས་ཡིན་པར་རྟོགས་སོ། །དེ་སྲིད་ཀྱི་འོད་ཟེར་འབར་བ་ཉིད་ཡིན་ པའི་ཡུལ་ཕྱོགས་ཀྱི་ཉེ་འཁོར་ན་ཡོན་ཏན་གཞན་ཡང་ལྷ་དེ་དག་གིས་མཐོང་བ་རྣམས་ལ་འདི་ལྟ་སྟེ། སེར་པོ་དང་དམར་པོ་དང་དཀར་པོ་རྣམས་དུ་མ་ཉིད་མཐོང་བའི་ཡུལ་ཕྱོགས་དེ་དག་གི་ས་གཞིའི་ཆ་དེ་དག་རྣམས་ཀུན་ནས་དགའ་བ་དེ་རྣམས་ལ་ཡང་དེ་རྣམ་པ་དུ་མར་མངོན་པར་དགའ་བར་བྱས་ ནས་གང་ན་རྩེད་མོའི་རི་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དོ། །སླར་ཡང་ཡུལ་གྱི་བདེ་བ་ངོམས་མི་ཤེས་པས་དེ་དག་རྣམས་ཀྱང་རྩེད་མོའི་རི་རྣམས་རིན་པོ་ཆེ་བདུན་གྱི་ཁམས་ཀྱིས་རྣམ་པར་བརྒྱན་པ་ལ་གནས་དུ་མ་ཡོད་པ་རྣམས་སོ། །དེ་ན་ཡང་ལྗོན་ཤིང་བརྒྱ་ཕྲག་དུ་མ་རྣམ་པར་འགྱུར་བ་དང་ལྡན་ 69-1-292b པ་ལ་བྱའི་ཚང་དགའ་བར་གྱུར་པ་དང་ལྡན་པ་འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་དང་ནགས་དང་ཉེ་བའི་ནགས་དང་རི་དང་སྨན་ལྗོངས་དང་རི་ལོགས་དང་རི་རྩཝ་དང་ཀླུང་ན་རི་དགས་ཀྱི་ཚོགས་དང ། པད་མའི་མཚེའུས་རྣམ་པར་བརྒྱན་པའི་རྩེད་མོའི་རི་སླེབས་ནས་འཕྱོས་ཏེ་ལྷ་རྫས་ཀྱི་འདོད་པའི་ ཡོན་ཏན་ལྔ་དང་བཅས་ཤིང་ལྡན་པར་གྱུར་པ་ཕན་ཚུན་ལྷན་ཅིག་ཏུ་ལྷ་རྫས་ཀྱི་ཆ་བྱད་དུ་མས་རྣམ་པར་གསལ་བ་དང་བཅས་པ། རྒྱན་དང་ཆ་བྱད་ཀྱིས་མཛེས་པའི་ལྷའི་བུ་མོས་ཡོངས་སུ་བསྐོར་བ་དེ་ལ་ཡང་དུས་ཤིན་ཏུ་ཡུན་རིང་པོར་ཡུལ་གྱི་བདེ་བ་ངོམས་མི་ཤེས་པ་རྣམས་ཀྱིས་དགའ་བར་བྱེད་ དོ། །གཞན་ཡང་གང་ན་གཞལ་ཡས་ཁང་གི་ཁང་བུའི་ཕྲེང་བ་ཡོད་པ་དེར་ཉེ་བར་འགྲོའོ། །ཁྱད་པར་དུ་ངོམས་མི་ཤེས་པའི་ཡུལ་གྱི་བདེ་བ་ལ་དགའ་བར་གནས་པར་བྱ་བའི་ཕྱིར་ཏེ། ངོམས་མི་ཤེས་པའི་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་ མས་ལྷའི་འདོད་པ་ཀུན་དུ་གསལ་བར་བྱེད་པ་སྲེད་པའི་མེས་ལེགས་པར་གསལ་བར་བྱས་པས་རྣམ་པ་དུ་མར་དགའ་བར་བྱེད་ཅིང ། ལྷ་དང་ལྷ་མོ་རྣམས་ཀྱི་ཚོགས་ཀྱིས་རྣམ་པ་དུ་མར་རབ་ཏུ་དགའ་བར་བྱེད་པ་ནི་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་དང་བཅས་པ་དེ་དག་རྣམས་པད་མའི་ ནང་ཉི་མ་བརྒྱ་སྟོང་བས་ཆེས་ལྷག་པའི་གཟི་བརྗིད་དང་ལྡན་པ་མཆོག་ཏུ་ཞི་ཞིང་གདུག་པ་དང་བྲལ་བ་དེ་ལ་ཕན་ཚུན་དུ་དགའ་བར་གྱུར་པ།མཆོག་ཏུ་བལྟ་བར་དགའ་བ་མཆོག་ཏུ་དབང་པོ་ལྔ་བདེ་བར་གནས་པར་གྱུར་པ་རྣམས་ནི་མཆོག་ཏུ་དགེ་བ། མཆོག་ཏུ་མཛེས་པ། འཕགས་ པའི་སྐྱེ་བོ་རྣམས་ཤིན་ཏུ་དགྱེས་པའི་དགེ་བའི་རྩ་བ་ལེགས་པར་རྣམ་པར་དག་པའི་འབྲས་བུར་གྱུར་པ་རྣམ་པར་རྟོག་པ་དུ་མས་ཡུལ་དུ་མའི་བདེ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་དོ། །ཕན་ཚུན་དུ་འདྲུལ་བར་བྱེད་པ་དང་ཕན་ཚུན་དུ་སྨྲ་བར་བྱེད་པ་ལ་ཞུགས་པའི་ཡིད་ཅན་རྣམས་ཕན་ཚུན་ དུ་གུས་པར་བྱེད་པ་ལེགས་པར་སྐྱེས་པས་ངོམས་པ་མེད་པའི་སེམས་ཀྱིས་དེ་རྣམས་དེ་ལྟར་པད་མ་འདིའི་ནང་ན་དུས་ཡུན་རིང་པོར་དགའ་བར་བྱེད་དོ། །དེ་ནས་དུས་ནམ་ཞིག་ན་ཡུལ་གྱི་བདེ་བས་མ་ངོམས་པར་ཡང་ཅི་དགའ་བར་གྱུར་ནས་ཕྱིར་བྱུང་ནས། སྙིང་པོའི་སྒོ་དེ་ཉིད་ནས་ཇི་ལྟ་ 69-1-293a བའི་ནང་དུ་རྗེས་སུ་ཞུགས་ཏེ། དེ་བཞིན་དུ་ཕྱིར་བྱུང་ནས་དེ་མངོན་པར་མཐོང་ནས་དུས་ཡུན་རིང་པོར་ཕྱིར་མི་འབྱུང་ངོ ། །ཡང་དེ་ཁོ་ན་ཉིད་མཐོང་བ་ཞེས་བྱ་བའི་བྱ་འཇམ་ཞིང་མཐོ་བའི་རི་དེའི་སྟེང་ན་གནས་པ་དེས་དེ་མཐོང་ནས་ཚིགས་སུ་བཅད་པ་སྨྲས་པ་ནི་ཇི་ལྟར། གཟུགས་རྣམས་སྐད་ཅིག་འདི་དག་གི། ན་ཚོད་དེ་བཞིན་སྐད་ཅིག་ཡིན། །དེ་བཞིན་བདེ་བ་ཟད་ཀྱང་ནི། །བློ་གྲོས་མེད་པས་གོ་བ་མིན། །དགེ་བའི་མཚན་ཉིད་དུ་མ་དེའི། །སྐྱེ་བ་འདི་དག་ཐམས་ཅད་དེ། །གང་ཚེ་དུས་ཀྱི་འཁོར་ལོ་ཡིས། །རིམ་པར་གཤགས་ནས་ རྣམ་པར་འཇིག་།བརྒྱ་ཕྲག་དུ་མའི་མཚན་ཉིད་ཀྱི། །ཇི་ལྟར་སྔོན་གྱི་དེ་ཉིད་དང ། །དེ་ལྟར་སྐྱེ་བ་འདི་དག་ཀྱང ། །འཆི་བདག་རྒྱལ་པོས་ཕམ་པར་བྱེད། །རྟག་ཏུ་བདེ་བས་གནས་པ་ཡི། །བག་མེད་ཡིད་ཅན་དེ་དག་རྣམས། །འཆི་བདག་བདུད་ཀྱི་ཞགས་པ་ འདིས། །རྩོམ་པས་བདེ་བ་འཇོམས་བྱེད་ཡིན། །བདེ་བ་སྣང་བ་སྟོབས་དང་ཤུགས། །འཐུན་པ་རྣམ་པར་འབྲལ་བྱེད་པོ། །འཆི་བདག་རྒྱལ་པོ་སྟོབས་ལྡན་པ། །འདི་ནི་ཉེ་བར་འདྲེན་པ་ཡིན། །གང་ཞིག་ཉེ་བར་འོང་བ་པོ། །དེ་དག་བག་མེད་ཅེས་བྱ་རྣམས། །གསོན་ པ་བདེ་བ་དང་བཅས་པ། །རིངས་པར་འཇོམས་པར་བྱེད་པ་ཡིན། །བག་མེད་པས་ནི་ཕྲོགས་པའི་ལྷ། །དུས་རིང་དུ་ནི་འདི་ཉམས་པ། །བདེ་བ་དུ་མས་བསླུས་པ་ཡི། །ཡོངས་སུ་རྟོགས་པ་མ་ཡིན་ནོ། །གལ་ཏེ་ཉི་མའི་འོད་ཟེར་ལས། །དབང་པོ་བརྐམ་པར་འགྱུར་ བའི་སེམས། །གཤིན་རྗེའི་འཇིག་རྟེན་འོངས་གྱུར་པ། །དེ་ཚེ་དེ་འབྲས་ཤེས་པར་འགྱུར། །ལུས་དང་སྟོབས་དག་རྙིང་བ་དང ། །དེ་བཞིན་བདེ་བའང་སྐད་ཅིག་པ། །དེ་ལྟ་ན་ཡང་ཆགས་ཡིད་ཅན། །ལེགས་པར་རྟོགས་མིན་མིག་མེད་པས། །རྟག་ཏུ་བདེ་བས་གནས་ པ་ཡི། །དགའ་བ་ལས་ཀྱང་དགའ་བར་འགྲོ། །གང་ཚེ་འདི་དག་གར་འགྲོ་ཡང ། །འཆི་བདག་རྒྱལ་པོས་འཇོམས་པར་བྱེད། །རྒས་པས་འཐུང་བའི་རྒྱལ་པོ་ཡིས། །རྨོངས་པ་གང་ཡང་ལུས་པ་མེད། །ཕྱིས་དེ་འཆི་བའི་དུས་ན་ནི། །རང་སེམས་མེ་ཡིས་གདུང་བར་ 69-1-293b བྱེད། །ཡུལ་རྣམས་ཀྱིས་ནི་དབང་པོ་རྣམས། །ཚིམ་པ་སྐྱེ་བར་འགྱུར་མ་ཡིན། །གལ་ཏེ་ཡེ་ཤེས་གསལ་བྱེད་ཀྱིས། །གང་ཕན་པ་ནི་མི་འཕེན་ན། །རྣམ་རྟོག་བརྒྱ་ཡི་དྲི་མ་ཡིས། །ཡུལ་རྣམས་ཀྱང་ནི་བསྟེན་པ་ན། །རླུང་གིས་བསྐྱོད་པའི་མེ་བཞིན་དུ། །ཀུན་དུ་ གཡོ་བས་རབ་ཏུ་འཇུག་།བརྩོན་པའི་ཤུགས་ཀྱིས་དེ་རྟོགས་ནས། །རྟག་ཏུ་མེ་འབར་འདོད་པ་ཡི། །ཡུལ་སྡོམ་ཤེས་རབ་ལྡན་པ་ཡི། །དེ་ཉིད་དཔྱོད་པ་པོ་ཡིས་རྟོགས། །གང་དག་རྟག་ཏུ་འཁྲུལ་པའི་ཡིད། །རྟག་ཏུ་ཡུལ་ལ་མཆོག་འཛིན་ཏེ། །བློ་བྲལ་དགའ་བ་དེ་ ཐམས་ཅད། །ཐམས་ཅད་གཏི་མུག་བྱེད་པ་ཡིན། །ལོག་པའི་བློ་ཡིས་བསྟེན་འགྱུར་བས། །ཡུལ་གྱི་མེ་ནི་འཕེལ་འགྱུར་ཏེ། །ཇི་ལྟར་བུད་ཤིང་དང་ལྡན་པའི། །མེ་ནི་རླུང་གིས་བུས་པ་ལྟར། །མི་གཡོ་འདོད་ཆགས་དབང་འགྲོ་བ། །རྟག་ཏུ་འདོད་དབང་རྗེས་འགྲོ་བའི། ། ལྷ་དེ་འདོད་ཆགས་ཀྱིས་བསླུས་ནས། །ལྷ་ཡི་འཇིག་རྟེན་དག་ནས་ལྷུང ། །དམ་པའི་ཡིད་ལ་ལེགས་ཡོན་ལྡན། །བདེ་གང་དང་པོར་བྱུང་བ་འདི། །རྣམ་པར་ཞིག་ནས་དེ་གར་སོང ། །གསོན་པ་སྐད་ཅིག་གཡོ་བ་སྟེ། །ཇི་ལྟར་དེ་ནི་རྣམ་འཇིག་པ། །སྲོག་ནི་གཡོ་བ་སྐད་ ཅིག་པ། །གལ་ཏེ་དེ་འཇིག་གང་གི་ཕྱིར། །དེ་བཞིན་དུ་ནི་སྲོག་འདི་ལ། །དུས་ནི་རིང་པོ་མིན་པར་ཡང ། །འབྱུང་བར་འགྱུར་ཏེ་ཐེ་ཙོམ་མེད། །ཡུལ་འདི་དག་གིས་མང་དུ་དགའ། །ཡིད་ནི་དེ་ལ་རྟག་ཏུ་སོང ། །དེ་དང་བྲལ་བར་གྱུར་པ་ཡིས། །སྡུག་བསྔལ་ཡང་ནི་རིག་ པ་མིན། །ལྷ་ཡི་འདོད་ཡོན་ལྡན་པ་ཡི། །གང་དེ་བདེ་བ་འདི་དག་རྣམས། །བྲལ་བར་འགྱུར་བའི་སྡུག་བསྔལ་གྱི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །དྲི་མ་གཉིས་གསུམ་བཅོམ་པའི་ཕྱིར། །ཇི་ལྟ་ཉིད་དུ་སྐྱེ་བ་མིན། །སྲིད་ལྡན་དེ་ལྟར་ཚིམ་པ་མེད། །འདོད་པ་ དག་ལས་རྒྱལ་བ་མིན། །མ་དཔྱད་པ་ཡི་སེམས་ཀྱིས་ནི། །རྟག་ཏུ་འདོད་པ་རྗེས་སྟེན་པ། །དུས་རིང་རྗེས་སུ་འབྲེལ་པ་ཡི། །སྡུག་བསྔལ་ཉིད་ནི་ཞི་བ་མིན། །རྨོངས་པ་མྱུར་དུ་ཆགས་པར་བྱེད། །སྡུག་བསྔལ་ཉིད་ནི་ཤེས་པ་མིན། །ཕྱི་ནས་སྡུག་ཕོངས་གྱུར་པ་ 69-1-294a ན། །གང་འབྲས་བུ་ཡིན་ཤེས་པར་འགྱུར། །འདོད་པ་ཡུད་ཙམ་བཟང་བ་སྟེ། །འདི་ནི་མཆོག་ཏུ་མི་བཟད་པའོ། །འདི་དག་ཕོ་ཉ་འོང་བ་སྟེ། །འོང་བས་ཕན་པ་མིན་པ་བྱེད། །གང་དེ་ལོང་བ་ཡིད་ཆེས་པ། །ཤེས་པའི་མིག་མེད་པས་བྱས་སོ། ། འོབས་དང་གཡང་དང་འདྲ་བ་ཡི། །མི་དེ་དམྱལ་བར་འགྲོ་བ་ཡིན། །རྟག་ཏུ་མི་ལ་ཕན་བྱེད་པའི། །བག་ཡོད་པ་ནི་གྲོགས་ཀྱི་མཆོག་།བག་མེད་པ་ནི་དགྲ་ཡི་མཆོག་།དེ་ཕྱིར་གྲོགས་ཉིད་མཆོག་ཡིན་ནོ། །ཐམས་ཅད་དུ་ནི་རྗེས་འགྲོ་འདི། །དེ་ནི་མི་བཟད་དག་གི་ མཆོག་།ངན་འགྲོ་རྣམས་ཀྱི་ལམ་གྱི་མཆོག་།འདི་ནི་བག་མེད་ཅེས་བྱར་བརྗོད། །བག་མེད་པས་ནི་བག་མེད་པའི། །ཡུལ་གང་ལ་ནི་ཆགས་བྱེད་པ། །རྨོངས་པའི་ཡིད་ཅན་མི་དེ་ནི། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །གང་དག་འཇིགས་སྡུག་ཡོད་མིན་ཞིང ། ། ཤེས་པས་ཀུན་ལྟའང་མེད་པར་ནི། །བདེ་བ་དོན་དུ་གཉེར་བའི་ལྷ། །དེ་ནི་ཕྱུགས་དང་མཚུངས་པར་མཐོང ། །ཟས་དང་འཁྲིག་པ་ལ་དགའ་བ། །ཕྱུགས་རྣམས་ཀྱི་ནི་སྙིང་དུ་འོང ། །དགའ་བ་དེ་ཡིས་ལྷ་རྣམས་གང ། །འགྲོ་བ་དེ་ནི་ཕྱུགས་དང་མཚུངས། །སེམས་ཀྱི་ ཁྱད་པར་གྱུར་པ་ཡིས། །ལས་ཀྱི་ཁྱད་པར་དེ་བཞིན་ནོ། །ལས་ཡོན་ཉམས་པ་དག་གིས་ནི། །ཁྱད་པར་དམིགས་པ་མ་ཡིན་ནོ། །རོལ་པས་རྣམ་པར་རྩེ་བ་ཡིས། །འཆི་བདག་ཁ་ན་གནས་པ་ཡིན། །འཆི་བདག་དུས་སུ་ལེགས་ཕྱིན་པས། །གདུལ་དཀས་འབྲས་བུ་ཤེས་ པར་འགྱུར། །ཇི་སྲིད་འཆི་བ་མ་བྱུང་ཞིང ། །ཇི་སྲིད་བློ་ནི་མ་འཁྲུགས་པ། །བློ་ལྡན་ཡིད་རབ་བརྩོན་པས་ནི། །དེ་སྲིད་ཆོས་ལ་དགའ་བར་གྱིས། །གསོན་པ་ཐམས་ཅད་འཇིག་བྱེད་དང ། །བདེ་བ་ཐམས་ཅད་ཟད་བྱེད་ཅིང ། །སྡུག་པ་ཀུན་དང་འབྲལ་བྱེད་པའི། །འཆི་བདག་ འདི་ནི་འོང་བ་ཡང ། །དེ་ཚེ་སྒྲ་ཆེན་པོས་ནས་ནི། །འཆི་བདག་མཆོག་ཏུ་མི་བཟད་ལ། །ཆོས་སྤངས་པ་ཡི་སྐྱབས་གཞན་མེད། །དེ་ཕྱིར་ཆོས་ལ་དགའ་བར་གྱིས། །བག་མེད་སྙིང་གི་ལུས་ཅན་རྣམས། །དེ་དག་འཆི་བདག་རྣམས་ཀྱིས་ཁྱེར། །བག་མེད་པས་ནི་བཅོམ་གྱུར་ 69-1-294b པ། །སྔ་ཕྱིར་འཆི་བདག་གིས་རབ་འཇོམས། །ཆོས་ཀྱིས་འཚོ་དང་བདེ་བ་རྣམས། །དེ་ཉིད་ཡང་དག་རབ་བརྗོད་པ། །མཐོ་རིས་ལམ་ནི་རབ་སྟོན་པའི། །བག་ཡོད་པ་ཞེས་བརྗོད་པ་ཡིན། །དེ་དག་དོན་དང་དོན་མིན་དང ། །བཅིངས་དང་ཐར་པའང་དེ་བཞིན་དུ། ། བག་ཡོད་བག་མེད་ཅེས་བྱ་དང ། །ཡོན་ཏན་སྐྱོན་ཞེས་ཀྱང་མཚུངས་སོ། །རྣམ་པར་རྨོངས་པའི་ཡིད་ཀྱི་ལྷས། །དེ་ལྟར་རྣམ་པར་མི་ཤེས་སོ། །དགྲ་དང་ལྷན་ཅིག་དགའ་བ་དང ། །ཤེས་རབ་ཉམས་པར་བྱེད་པ་ཡང ། །དེ་ཁོ་ན་ཉིད་མཐོང་བ་ཞེས་བྱ་བའི་བྱས་ལྷ་ དེ་རྣམས་མངོན་པར་ཀུན་དུ་མཐོང་ནས། དེ་ལྟར་ཡང་དག་པ་རྣམ་པ་དུ་མའི་སྒོ་ནས་རྗེས་སུ་སྟོན་ཡང་ལེགས་པར་རྟོགས་པ་ཡང་མ་ཡིན་ཏེ། བག་མེད་པས་ཀུན་ནས་ཕྲོགས་པའི་སེམས་ཡུལ་ལ་ཆེད་ཆེར་བྱེད་པས་འདོད་པའི་ཡོན་ཏན་ལྔས་ཉེ་བར་ཕྲོགས་པའི་ཡིད་ཅན་རྣམས་ ཀྱིས་ནི་དེ་ཁོ་ན་ཡང་དག་པར་མི་ཤེས་ལ། གང་དག་ཅི་ནས་ཀྱང་སྐྱེ་བོ་ཐམས་ཅད་ཀྱིས་མྱོང་བར་འགྱུར་བའི་འཆི་འཕོ་དང་སྐྱེ་བའི་འཇིགས་པ་དེ་ནི་ངེས་པ་ཁོ་ནར་རབ་ཏུ་འཇོམས་པ་ཅན་གྱི་འདུས་བྱས་ཐམས་ཅད་ལ་འབྱུང་བར་འགྱུར་རོ། །གཞན་ཡང་ལྷ་དེ་དག་རྣམས་ཉིད་དེའི་ཚེ་དེ་ ཁོ་ན་ལྟར་པད་མ་དེ་ལ་གནས་ནས་འཇམ་ཞིང་མཐོ་བའི་རིའི་མཆོག་དེ་ཉིད་དང ། དེ་བཞིན་དུ་སྙིང་པོའི་འདབ་མ་དེ་ལ་མི་གཡོ་བར་ལེགས་པར་གནས་ཏེ་གང་ན་ནང་ཡངས་པ་ཞེས་བྱ་བའི་མཚོ་ཡོད་པ་དེར་ཉེ་བར་འགྲོ་སྟེ། རྣམ་པ་སྣ་ཚོགས་པའི་གླུ་དང་རྔ་སྒྲ་དང་ལྡན་པ་དང་རོལ་ཆ་ འཛིན་པའི་མཁན་པོ་དང་གར་དང་དགོད་པ་དང་འགྱིང་བ་དང་གླུ་ཉེ་བར་ལེན་པ་དང་བཅས་པས་དེ་རྣམས་ནང་ཡངས་པ་ཞེས་བྱ་བའི་མཚོ་དེར་ཉེ་བར་འགྲོའོ། །མཚོ་དེའི་ཉེ་འཁོར་ན་ཡང་ཁང་བཟངས་ལྔ་བརྒྱས་ཉེ་བར་བསྐོར་བ་རིན་པོ་ཆེ་སྣ་བདུན་གྱི་ལན་ཀན་མང་པོ་ཆེས་རྣམ་པར་བཀྲ་ བའི་ཡོན་ཏན་གྱིས་ཆེས་གསལ་བར་བྱེད་པ་ཉེ་འཁོར་ཡང་ཤིན་ཏུ་དགའ་བས་ལྷ་རྣམས་རྩེ་བའི་ས་དང་མངོན་པར་ལྡན་པར་གྱུར་པ། ཁང་བཟངས་རྣམ་པ་དུ་མ་ལ་ཁ་ཅིག་ནི་སྐར་ཁུང་དང་བཅས་པ་སྟེགས་བུ་དང་བཅས་པ་སྟེང་ཡོངས་སུ་རྒྱས་པ། མཆོག་ཏུ་རབ་ཏུ་དགའ་བའི་ 69-1-295a ཟས་དང་སྐོམ་དང་སྟན་རྣམ་པ་དུ་མ་དང་བཅས་པ་རྣམས་ཕན་ཚུན་དུ་ཀུན་ནས་ཆགས་པའི་ཡིད་ཀྱིས་རྟག་པར་ཡང་ཟས་ལ་ཆེད་ཆེར་བྱེད་པའི་དགའ་བས་གནས་པ་དང ། ལྷ་དང་ལྷ་མོའི་ཚོགས་རྣམས་རྟག་ཏུ་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་མང་དུ་དགའ་བ་དེ་དག་ རྣམས་དེ་ལྟར་དགའ་ཞིང་བདེ་བས་གནས་པ་རྣམས་ཆགས་པའི་ཡིད་དང་ལྡན་པས་ལྷན་ཅིག་ཁོ་ནར་པད་མའི་སྙིང་པོའི་ནང་དུ་ལེགས་པར་རབ་ཏུ་གནས་ཤིང་ནམ་མཁའ་ལ་ཀུན་དུ་གནས་ཏེ། འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ལྷའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཏེ། གང་ན་ནང་ཡངས་པ་ཞེས་བྱ་བའི་མཚོ་ཡོད་པ་དེར་ཉེ་བར་འགྲོའོ། །དེར་ཉེ་བར་ཕྱིན་པ་དང་དེ་ལ་མང་དུ་དགའ་བར་བྱེད་པ་དང ། ཀུན་དུ་སྤྱོད་པར་བྱེད་པའི་ལྷ་གང་ཡིན་པ་དེ་དག་རྣམས་མངོན་པར་མཐོང་ཞིང་རྣམ་པ་སྣ་ཚོགས་པའི་རྔ་དང་རོལ་མོའི་སྒྲ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་ མུ་སུ་ལུན་དྷ་དེ་མཐོང་ནས་ཤིན་ཏུ་ཡང་བཅུ་འགྱུར་གྱིས་རབ་ཏུ་དགའ་བར་གྱུར་པའི་ཡིད་ཅན་དེ་དག་རྣམས་ཁང་བཟངས་ཐམས་ཅད་ནས་དང ། ཁང་བུའི་ཕྲེང་བ་ཐམས་ཅད་ནས་དང་པད་མའི་རྫིང་བུ་ཐམས་ཅད་ནས་དང ། གནས་གཞན་ཐམས་ཅད་ནས་ཀྱང་ལྷ་དེ་དག་རྣམས་ལྷན་ ཅིག་ཁོ་ནར་ལངས་ནས་སྙན་ཞིང་སྒྲ་དང་རྣམ་པར་འགྱུར་བ་དང་ལྡན་པའི་ཡིད་ཆེས་རབ་ཏུ་དགའ་བས།གང་ན་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ནམ་མཁའ་ལ་རྒྱུ་བས་གནས་པ་དེར་ཐམས་ཅད་འཁོད་པར་གྱུར་ལ། ཐབས་ཅིག་ཏུ་ལེགས་པར་སྐྱེས་པའི་གུས་པ་དང་དགའ་ བ་དང་ལྡན་པས་དེ་དེ་ན་དེ་ལྟར་ནམ་མཁའ་ལ་ལེགས་པར་གནས་པ་མངོན་པར་མཐོང་ནས་ཐལ་མོ་སྤྱི་བོར་སྦྱར་ནས་ལུས་ཀུན་གྱིས་ཕྱག་འཚལ་ཏེ། ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་མུ་སུ་ལུན་དྷ་དེ་མདུན་དུ་བྱས་ནས་གར་དང་ལྡན་པས་གང་ན་མཚོ་ནང་ཡངས་པ་ཞེས་བྱ་བ་ཡོན་ ཏན་ཐམས་ཅད་ཕུན་སུམ་ཚོགས་པ་གཞལ་ཡས་ཁང་གི་ཕྲེང་བ་དུ་མ་རྣམ་པ་སྣ་ཚོགས་པས་རྣམ་པར་བརྒྱན་པ། ཆགས་པར་གྱུར་པའི་སྒྲའི་ཁྱད་པར་སྣ་ཚོགས་སྒྲོགས་པ། ལྗོན་ཤིང་བརྒྱ་སྟོང་དུ་མ་དང་ལྡན་པ་ཉི་མ་བརྒྱ་སྟོང་བས་ཆེས་ལྷག་པའི་འོད་འབར་བའི་ལྷའི་ཚོགས་ཀྱིས་ 69-1-295b ཡོངས་སུ་བསྐོར་ཞིང་རྟག་ཏུ་སྤྲོ་བའི་འཐབ་བྲལ་བའི་ལྷ་རྣམས་ཀྱིས་ས་དེ་དག་ཏུ་སླེབ་ནས། འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་དེ་ས་གཞི་ལ་ལེགས་པར་བཞུགས་པ་ལ་རབ་ཏུ་དགའ་བ་མཆོག་དང་ལྡན་པའི་ལྷ་རྣམས་ཀྱིས་བསྟོད་པར་འགྱུར་ཞིང ། དེས་ལྷ་ དེ་རྣམས་ཀྱང་ཚིག་རྣམ་པ་དུ་མས་མགུ་བར་བྱས་ནས་གང་ན་མཚོའི་འཇུག་ངོགས་ཡོད་པ་དེར་དེ་དག་རྣམས་ལེགས་པར་འགྲོའོ། །དེ་དག་རྣམས་དེར་ཉེ་བར་སོང་ནས་དེ་དག་ཀྱང་མཐོང་ན་ཡིད་འཕྲོག་པ་ཞེས་བྱ་བའི་ཁང་བཟངས་ཡོད་པ་དེར་འཇུག་གོ། །དེར་ཞུགས་པ་ན་ཡང་རིན་ པོ་ཆེ་སྣ་བདུན་གྱི་འོད་ཀྱི་ཕྲེང་བ་དང་ལྡན་པའི་ཆ་ཤས་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བས་ཡོན་ཏན་དུ་མའི་དཔལ་སྟོང་ཕྲག་དང་ལྡན་ཞིང་ལྷ་དང་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་མཚུངས་པར་མཆོད་པར་བྱེད་དེ། འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེ་དེར་ལེགས་པར་ཞུགས་ པའི་ཚེ་ནི་ལྷ་རྫས་མཆོག་གི་དཔལ་མཆོག་དང་ལྡན་པའི་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བཀྲ་བར་བྱས་པའི་སེང་གེའི་ཁྲི་ལ་ཐམས་ཅད་ཀྱི་བདེ་བ་སྟོན་པའི་ལྷའི་རྒྱལ་པོ་དེ་ལེགས་པར་བཞུགས་ཏེ། མཆོག་ཏུ་དགའ་བས་ལྷག་པར་དགའ་བ་ཆེས་རྒན་པའི་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ ཞིང་མདུན་དུ་བདར་ནས་ལྷ་བརྒྱ་སྟོང་དུ་མས་ཉེ་བར་མཛེས་པར་གྱུར་པ་ན། དེ་ནས་ལྷའི་རྒྱལ་པོ་དེ་ཉིད་ཀྱིས་དེ་དག་རྣམས་ན་སོ་ཆེས་ལྷག་པས་རྒན་པའི་ལྷ་དེ་རྣམས་ལ་དྲིས་པ། བདག་ཅག་གི་བླ་མའི་མཆོག་དུས་རིང་པོ་ནས་མཇལ་བའི་འཐབ་བྲལ་གྱི་མངའ་བདག་ཅིའི་ཕྱིར་པད་ མ་ལ་ལེགས་པར་ཞོན་ནས་འདིར་བྱོན། དེ་ནས་མུ་སུ་ལུན་དྷ་དེས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་ཁྱེད་རྣམས་ངས་ངོ་མཚར་ཆེ་བ་པད་མའི་ནང་དུ་མཐོང་ནས་ངེད་ལྷ་དང་ལྷ་མོའི་ཚོགས་ཐམས་ཅད་ཀྱིས་ཀུན་ཏུ་གང་བ་པད་མ་གང་ལ་ཞོན་ནས་འདིར་འོངས་ལ། དེར་ ཡང་རྒྱ་ཆེར་འཐབ་བྲལ་གྱི་བདག་པོ་དེ་ལ་ཤིན་ཏུ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རྣམ་པ་དུ་མའི་སྒོ་ནས་མཁྱེན་པར་བྱེད་དེ། རྒན་པའི་མཆོག་དེ་དག་ཐམས་ཅད་ཀྱིས་སྔར་བཞིན་ནོ། །དེ་ནས་དེ་ཐོས་པ་དང་ལྷ་གང་དག་ཆེས་ལྷག་པར་བལྟ་ན་སྡུག་ཅིང་མཐོང་བ་ནི་ཆེས་ 69-1-296a དགེ་ལེགས་སུ་འགྱུར་བ་དེ་དག་གིས་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དེ་ལ་སྐྱེས་པའི་རབས་དེ་དག་ངེས་པར་མཁྱེན་པར་བྱེད་དེ། ལྷ་ཉིད་ཀྱི་ཞལ་སྔ་ནས་ཇི་ལྟ་བ་བཞིན་དུ་གསན་ལགས་དང ། གང་གི་བདག་ཉིད་ཆེན་པོ་དེ་དང་གང་དག་གི་ཡང་གཟི་བརྗིད་ ཆེན་པོ་དང་ལྡན་པ་དེའི་ནང་ཡིན་ལ། པད་མ་ཆེན་པོ་དེའི་ནང་ནི་དེ་སྲིད་ཅིག་གི་འདོད་པར་བྱ་བ་མཆོག་དང་ལྡན་པ་དང ། ཡོན་ཏན་དུ་མ་དེ་སྲིད་དང་ལྡན་པའི་རྣམ་པ་དེ་ལྟ་བུ་འཐབ་བྲལ་བ་རྣམས་ཀྱི་ལྷའི་རིས་འདི་རྣམས་ན་རྣམ་པ་དེ་ལྟ་བུ་ལས་རྫས་གཞན་ཡོད་པ་ནི་མ་ཡིན་ཏེ། ཅི་ ལྟར་དེའི་ནང་དུ་འདི་ལྟར་ཐོས་ཏེ། ཇི་ལྟར་གྲགས་པ་གསེར་ཐུབ་ཞེས་བྱ་བའི་བཅོམ་ལྡན་འདས་བླ་ན་མེད་པ་སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་འཇིག་རྟེན་དུ་བྱུང་བར་གྱུར་ལ། དེས་བསྟན་པར་གྱུར་པའི་ཆོས་ནི་དང་པོར་དགེ་བ། བར་དུ་དགེ་ བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ་འབའ་ཞིག་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་པར་མཛད་དེ། ཇི་ལྟར་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀུན་དུ་འབྱུང་བའོ། །འདི་ནི་གཟུགས་འགོག་པའོ། ། འདི་ནི་གཟུགས་འགོག་པར་འགྲོ་བའི་ལམ་མོ་ཞེས་དེ་ལྟར་རྟོགས་པར་བྱེད་པའི་ཆོས་དང་པོ་དང་ཐ་མ་དང་བར་དུ་དགེ་བ་བསྟན་པར་གྱུར་ཏོ། །དེའི་གསུང་རབ་ཀྱིས་འཛམ་བུའི་གླིང་གི་ཡུལ་ལྗོངས་སྟོང་ཕྲག་བརྒྱའི་སྐྱེ་བོ་རབ་ཏུ་མང་པོ་རྣམས་ཀྱིས་བདེན་པ་མཐོང་བར་འགྱུར་ཞིང་ ཁྱད་པར་དུ་འཕགས་པའི་འབྲས་བུ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་དང་རིམ་གྱིས་ཇི་ལྟ་བ་བཞིན་དུ་ཕྱིར་མི་ལྡོག་པ་དང ། རྒྱུན་དུ་ཞུགས་པ་དང་དེ་བཞིན་དུ་བསམ་གཏན་བཞི་པ་ཐོབ་པ་དང་བསམ་གཏན་གསུམ་པ་ཐོབ་པ་དང་ཇི་སྲིད་དུ་བསམ་གཏན་དང་པོ་ཐོབ་པའི་བར་དུ་སྐྱེས་བུའི་ མཛད་པ་དག་མཛད་ནས། སྐྱེ་བོ་ལྷག་མ་རྣམས་ཀྱང་དགེ་བའི་རྩ་བ་བཅུ་ལ་སྤྱོད་པས་ཆོས་པར་གྱུར་པའི་ཡུལ་ལྗོངས་པ་བྱེ་བ་ཕྲག་སྟོང་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ་ལ་བཀོད་ནས་གཟིགས་པ་གཞན་གང་ཞིག་ནི་ངའི་གདུལ་བྱར་གྱུར་པ་ཡིན་ན། དེས་མི་ལས་ཤིན་ 69-1-296b ཏུ་འདས་པའི་ལྷའི་མིག་གིས་གཟིགས་པ་ནི། ཇི་ལྟར་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ནང་ན་ངའི་གདུལ་བྱའི་ལྷ་ཡོད་པ་ནི་དེ་དག་གི་མངའ་བདག་ཏུ་གྱུར་པ་སོའུ་མྱོའི་མིང་ཅན་དེའི་ཡང་དགེ་བ་རྣམས་ནི་ནང་དུ་ནུབ་པར་གྱུར་ཅིང་བག་མེད་པས་ཀྱང་བག་མེད་པར་གནས་པ་དེ་དང་ཉེ་བར་ གནས་པའི་ལྷ་གཞན་རྣམས་ལས་ཀྱང་གང་དག་དབང་པོ་ཡོངས་སུ་སྨིན་པ་རྣམས་ཀྱང་བག་མེད་པས་བག་མེད་པར་གནས་པར་གྱུར་ལ། དེ་དག་ལ་ཐུགས་བརྩེ་བའི་ཕྱིར་བཅོམ་ལྡན་འདས་གསེར་ཐུབ་དེ་འཇིག་རྟེན་འདིར་བཞུགས་པར་གྱུར་ཏེ། ལྷ་རྣམས་ལ་ཕན་པར་བཞེད་ པས་དང་འཐུན་པར་མཛད་པའི་དོན་གྱི་ཕྱིར་དང ། སྡུག་བསྔལ་ཟད་པའི་དོན་དུ་དང ། བག་མེད་པས་འདྲེ་བ་དང་བྲལ་བར་བྱ་བའི་ཕྱིར་ཏེ། ཟག་པ་ཟད་པ་སྟོང་ཕྲག་ལྔས་ཡོངས་སུ་བསྐོར་ནས་དེ་འཐབ་བྲལ་ན་གནས་པ་རྣམས་ཐམས་ཅད་བས་ཀྱང་མང་བས་ཆེས་ལྷག་པ་ཉིད་ཀྱི་ འོད་ཕལ་པོ་ཆེ་ཆེས་ལྷག་པར་འཕྲོ་བར་མཛད་པར་གྱུར་ཏོ། །དེ་མངོན་པར་མཐོང་ནས་ཀྱང་ལྷ་རྣམས་གང་དག་གིས་ནམ་ཡང་ཐམས་ཅད་མཁྱེན་པ་སྔར་མ་མཐོང་བ་དེ་དག་རྣམས་ཆེས་ལྷག་པར་ཡང་ངོ་མཚར་སྐྱེས་ཏེ། སྔར་མེད་པའི་ལྷ་ཉིད་ཀྱི་གཟུགས་འདི་ནི་ཡོན་ཏན་དུ་ མས་ལྷག་པའི་གཞན་རྣམས་དང་འདྲ་བ་མ་ཡིན་པའི་གཟུགས་འདིས་ནི་ལྷའི་འཇིག་རྟེན་འདི་མ་ལུས་པ་འོད་འདིས་ཀུན་དུ་བཀང་ངོ ། །དེ་དང་ཐག་ཉེ་བར་སོང་ནས་དེ་ཐོས་པས་ཀྱང་མངོན་པར་མཐོང་ནས། ལྷ་དེ་དག་རྣམས་མཆོག་ཏུ་ངོ་མཚར་བ་སྐྱེས་པར་གྱུར་ཏོ། །གང་ཡང་ དེའི་ཆ་བྱད་ནི་ཇི་ལྟ་བུ་ཞིག་འཛིན་པ་ཡིན་ཞེས་ཏེ། གང་དག་རྣམས་ལྷ་འདི་དང་བསྙེན་ནས་གནས་པར་གྱུར་ཏོ། །དེ་ནས་ལྷ་དེ་དག་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་པད་མའི་རྫིང་བུ་སྤངས་ནས་གང་ན་བཅོམ་ལྡན་འདས་གསེར་ཐུབ་ཡོད་པ་དེར་བལྟ་བར་བྱ་བའི་དོན་དུ་ཉེ་བར་ འགྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་མངོན་པར་གཟིགས་པ་དང་ནམ་མཁའ་ལ་འཕགས་ནས་བཞུགས་པར་གྱུར་ཏོ། །བཞུགས་ནས་ཀྱང་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་པར་གྱུར་ཏེ། ཡོན་ཏན་དུ་མའི་རྣམ་པར་རྟོག་པ་འབྱུང་བ་ 69-1-297a རྣམས་སོ། །དེ་ཡང་ལུས་ཀྱི་སྟོད་ནས་ཆུ་འབབ་པ་རྣམས་ནི་མདོག་དང་རོ་དང་དྲི་ཕུན་སུམ་ཚོགས་པ་རྣམ་པ་དེ་སྲིད་དང་ལྡན་པའི་ཁྱད་པར་གང་དག་གིས་ལྷའི་ཆུ་གང་ཡིན་པ་རྣམས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །ལུས་ཀྱི་ སྟོད་ཀྱི་ཉེ་འཁོར་དག་ནས་རྣམ་པ་དུ་མར་རབ་ཏུ་འབར་བར་བྱེད་པའི་ཁ་དོག་དུ་མ་དང་ལྡན་པའི་མེས་ཁྱབ་པར་གྱུར་པ་ལ་འདི་ལྟ་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལེ་བརྒན་གྱི་མདོག་དང་ལྡན་པ་རྣམས་སོ། །ཡང་རྫུ་འཕྲུལ་གཞན་ཡང་བཅོམ་ལྡན་འདས་དེས་མཛད་པར་ གྱུར་པ་རྣམས་ལ་འདི་ལྟ་སྟེ། གཅིག་ཏུ་གྱུར་ནས་བརྒྱ་ཕྲག་རྣམས་སུ་འགྱུར་བ་དང ། བརྒྱ་སྟོང་དུ་འགྱུར་ཞིང་ལྷའི་འཇིག་རྟེན་འདི་མ་ལུས་པར་གང་བར་བྱེད་དོ། །འོད་ཟེར་རྣམས་དང་བདག་གི་དངོས་པོ་ཡང་སླར་ཡང་གཅིག་ཏུ་འགྱུར་རོ། །གཞན་ཡང་བཅོམ་ལྡན་འདས་ ཀྱིས་མཆོག་ཏུ་གྱུར་པའི་རྫུ་འཕྲུལ་འདིར་མཛད་པར་གྱུར་པ་ལ་ཇི་ལྟར་ལྷའི་ས་དེ་དག་རྣམས་གང་ཡིན་པ་དེའི་ཕྱག་གཅིག་གིས་བཏེག་ནས་ལག་པའི་མཐིལ་དུ་འཇོག་གོ། །ནགས་དང་ཉེ་བའི་ནགས་དང་རྫིང་བུ་དང་འབབ་ཆུ་དང་ལྡན་པའི་ལྷའི་ཚོགས་དང་བཅས་པ་ནམ་མཁའ་ལ་ འཕེན་པར་བྱེད་ཅིང ། ཇི་ལྟ་ཇི་ལྟར་མིག་གི་ཡུལ་ལས་ཤིན་ཏུ་འདའ་བར་བྱེད་དེ། ཕྱིར་ཡང་དེ་ཁོ་ན་བཞིན་དུ་བཤིག་ནས་སླར་ལེགས་པར་འཇོག་གོ། །གཞན་ཡང་བཅོམ་ལྡན་འདས་དེས་རྫུ་འཕྲུལ་ཆེན་པོ་དག་མཛད་པར་གྱུར་ཏེ། དེ་ཡང་རི་རྣམས་གང་དག་ལས་ཆེས་ ཆེ་བའི་ཚད་དང་ལྡན་པ་དེ་རྣམས་བཅོམ་ལྡན་འདས་ཀྱིས་རྩ་བ་ནས་བཏེག་ནས་ནམ་མཁའ་ལ་རྣམ་པར་འཕེན་པར་བྱེད་དེ། ནགས་དང་ཉེ་བའི་ནགས་དང་བཅས་པ་དང་རྫིང་བུ་དང་འབབ་ཆུ་དང་སྨན་ལྗོངས་དང་ལྡན་པ་དང་ལྷའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་རྣམས་ ཀྱིས་ཇི་ལྟར་གང་དུ་ཕྱིན་པ་ཡང་མི་ཤེས་པར་བྱེད་དོ། །ཕྱིར་ཡང་དེ་ཁོ་ན་བཞིན་དུ་འབེབས་པར་བྱེད་ན་ཡང་ཅི་འདིར་རྐང་པ་ཡང་ཀུན་དུ་བསྐྱོད་པར་གྱུར་ཏམ་ཞེས་དེ་ལྟར་ཚོགས་པ་རྣམས་ཇི་ལྟ་བ་བཞིན་དུ་མི་ཤེས་པར་བྱེད་དོ། །གཞན་ཡང་བཅོམ་ལྡན་འདས་འདིས་རྫུ་འཕྲུལ་ 69-1-297b མཛད་པར་གྱུར་ཏེ། རྣམ་པ་དུ་མ་དང་ཁ་དོག་དུ་མ་དང་རྣམ་པར་རྟོག་པ་དུ་མ་དང་ཆ་བྱད་དུ་མ་དང་ཡོན་ཏན་སྣ་ཚོགས་པ་དང་ལྡན་པའི་གཟུགས་སུ་བདག་ཉིད་ཀྱི་དངོས་པོ་བྱེད་པ་ནི་རིའི་རྩེ་མོ་རྣམས་སུ་མཐོང་ལ། ནགས་གཞན་དང་གཞན་གྱི་ནང་དུ་ཡང་མཐོང་ལ་པད་མའི་རྫིང་བུ་ རྣམས་ཀྱི་ནང་དུ་ཡང་མཐོང་ངོ ། །ཁང་བཟངས་ཀྱི་ཕྲེང་བ་རྣམས་ལ་ཡང་མཐོང་ངོ ། །ལྗོན་ཤིང་གི་རྩེ་མོར་ཡང་མཐོང་ངོ ། །གཙང་པོའི་འགྲམ་དང་མཚེའུ་རྣམས་ལ་ཡང་མཐོང་ལ་སྐྱེད་མོས་ཚལ་དང་ཉེ་བའི་ནགས་སུ་ཡང་མཐོང་ཞིང་ཐམས་ཅད་དུ་བསམ་གཏན་དང་ལྡན་པར་གྱུར་ པ་སྟེ། རྣམ་པ་དུ་མར་ཡང་ནམ་མཁའ་ལ་གཟིམས་ཆ་ལ་ལོངས་སྤྱོད་པར་མཛད་ཅིང་ཕྱིར་ཡང་བཞུགས་པར་མཛད་དེ། སླར་ཡང་ནམ་མཁའ་ལ་འཆག་པ་ལ་ཀུན་དུ་སྦྱོར་བ་མཛད་དོ། །ཕྱིར་ཡང་བཞུད་པར་མཛད་ཅིང་བཞུགས་པར་ཡང་མཛད་དོ། །གཞན་ཡང་བཅོམ་ལྡན་ འདས་ཀྱིས་རྫུ་འཕྲུལ་འདི་མཛད་པར་གྱུར་ཏེ། གང་དག་གི་ཁྱད་པར་གྱིས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་འདི་ཇི་ལྟ་བ་བཞིན་དུ་མཛེས་པ་མ་ཡིན་པའི་རྣམ་པ་དེ་སྲིད་ཀྱི་གསུང་དབྱངས་ཀྱིས་ཆོས་རྣམས་བསྟན་པར་གྱུར་ལ་ཅི་ལྟར་མིའི་རྔ་སྒྲའི་ཁྱད་པར་གྱིས་མི་རྣམས་ཀྱི་ནང་ན་བྱ་རོག་གི་ སྒྲ་མི་མཛེས་པ་དེ་ལྟར་ལྷའི་ཚོགས་ཐམས་ཅད་མི་མཛེས་པར་གྱུར་ཏོ། །དེ་ཐོས་ནས་ཀྱང་ལྷ་གང་དག་རྣམས་གླུའི་མྱོས་པས་རྒྱགས་པ་དེ་ཐམས་ཅད་ཀྱང་ལེགས་པར་མྱོས་པ་དང་བྲལ་བར་འགྱུར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མཛད་པར་གྱུར་ཏེ། འདི་ལྟ་སྟེ། ནམ་མཁའ་ལ་ལྷའི་བུ་མོ་དང་ལྷ་རྣམས་རྣམ་པ་དེ་སྲིད་དག་སྤྲུལ་པ་གང་དག་གི་ཁྱད་པར་གྱིས་འཐབ་བྲལ་གྱི་ལྷ་འདི་དག་རྣམས་སྲིན་བུ་མེ་ཁྱེར་དང་འདྲ་བ་ཙམ་དུ་ཡང་མི་འགྱུར་ཏེ། ཚད་དང་ཁ་དོག་དང་དབྱིབས་དང་གཟུགས་དང་ཆ་བྱད་དང་རྒྱན་དང་ཉེ་བའི་ནགས་རྣམས་ཀྱི་བདེ་བའི་ཁྱད་པར་ ཅན་གྱི་སྤྲུལ་པའི་ལྷ་དེ་རྣམས་མཐོང་ནས་བདག་ཅག་རང་རྣམས་རྩཝ་དང་འདྲ་བར་ཤེས་པར་གྱུར་ནས་སྤུ་དུ་མ་ལངས་པ་དང ། འཐབ་བྲལ་གྱི་ལྷ་རྣམས་ངོ་ཚ་བ་དང་བཅས་པར་གྱུར་ཅིང་ཁ་ཉེན་པ་དང་བཅས་པར་གྱུར་པ་དང ། གཟུགས་ལང་ཚོ་དང་འདོད་པས་རྒྱགས་པ་དང་བྲལ་བ་ལེགས་ 69-1-298a པར་སྐྱེས་སོ། །དེ་ལྟར་འཐབ་བྲལ་གྱི་ལྷ་དེ་དག་གི་།བཅོམ་ལྡན་འདས་དེས་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་བསམ་པ་མཁྱེན་པ་དང་རྒྱུ་འབྲས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང་ཆགས་པ་མེད་པར་མཁྱེན་པ་པོ་འཇིག་རྟེན་ལ་ཕན་པར་ཞུགས་ པ་མཆོག་ཏུ་ཐུགས་རྗེ་ཆེན་པོ་དང་ལྡན་པས། གང་ན་སོའུ་མྱོ་ཞེས་བྱ་བ་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཡོད་པ་དེར་ཡང་ཆོ་འཕྲུལ་དེ་དག་རྣམས་མཛད་པར་གྱུར་པ་ན། ད་ལྟར་སོའུ་མྱོ་ཞེས་བྱ་བའི་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཀྱང་མཆོག་ཏུ་བག་མེད་པར་གྱུར་པ་རྣམས་ ཇི་ལྟ་བ་བཞིན་དུ་ཐམས་ཅད་དུ་ཉེ་བར་བཅོམ་པར་འགྱུར་རོ། །དུས་དེ་དག་གི་ཚེ་ན་ཡང་འཐབ་བྲལ་གྱི་མངའ་བདག་སོའུ་མྱོ་ཞེས་བྱ་བ་དེ་དང ། ལྷའི་ཚོགས་ཐམས་ཅད་ཀྱང་པད་མ་ཆེན་པོ་འདི་ལས་བྱུང་སྟེ་གནས་པ་ནི་ཇི་ལྟར་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ཁྱོད་སྐྱེད་མོས་ ཚལ་གྱི་ལྟད་མོ་ལ་འགྲོ་བ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་པད་མ་ཆེན་པོ་དེའི་ནང་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དག་རྣམས་ཀྱིས་ནི་སོའུ་མྱོའི་རྒྱགས་པ་དང་བྲལ་བར་བྱ་བའི་དོན་དུ་ཡིན་ཞིང ། པད་མ་ཆེན་པོ་འདིའི་ནང་དུ་སྤྲུལ་པ་འདི་དག་རྣམས་གང་ཡིན་པ་འདི་དག་ཐམས་ ཅད་ནི་འཐབ་བྲལ་གྱི་མངའ་བདག་ཁྱོད་ཀྱིས་སྔར་མ་མཐོང་བ་དེ་དག་རྣམས་ཡིན་ཏེ། སྐྱེད་མོས་ཚལ་དང་རྫིང་བུ་དང་ཆུ་ཀླུང་དང་རི་དང་ཁང་བཟངས་དང་སྤྱོད་ཡུལ་རྣམས་དགའ་བའི་རྣམ་པར་རྟོག་པ་དུ་མ་དང་ལྡན་པ་དེ་དག་རྣམས་ནི་སོའུ་མྱོ་དེའི་བག་མེད་པ་དང་འདྲེ་བ་བྲལ་བར་བྱ་བའི་དོན་ དུའོ། །དེ་ནས་པད་མ་ཆེན་པོ་འདིའི་ནང་དུ་ཞུགས་པ་རྣམས་དང ། སྤྲུལ་པ་ཐམས་ཅད་ཀྱང་བརྗོད་ནས་གང་ན་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་སོའུ་མྱོ་ཡོད་པ་དེའི་པད་མ་དེའི་སྟེང་དུ་བརྟོལ་ལོ། །བརྟོལ་ནས་སྟེང་དུ་ངེས་པར་བྱུང་བའི་པད་མའི་འདབ་མ་བྱེ་བ་ཕྲག་བརྒྱ་སྟོང་པ་ ལ་གནས་པར་གྱུར་པ་ལ་དེའི་སྙིང་པོ་འདི་ལ་ནི་བཅོམ་ལྡན་འདས་ལེགས་པར་བཞུགས་སོ། །འདབ་མ་རྣམས་ལ་ཡང་ཉན་ཐོས་རྣམས་རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་བྱེད་པ་རྣམས་དེ་དག་ལ་ལ་ནི་ནམ་མཁའི་དཀྱིལ་དུ་འཕགས་པར་བྱེད་དེ་ཕྱིར་ཡང་པད་མའི་ནང་དུ་རྗེས་སུ་ཞུགས་སོ། ། 69-1-298b གཞན་ཡང་ཉན་ཐོས་གཞན་དག་རྣམས་ནི་གླང་པོ་ཆེ་དང་རྟའི་རྒྱབ་ཏུ་ཞོན་ནས་ནམ་མཁའི་དཀྱིལ་དུ་འཕགས་ཏེ་འབྱུང་ངོ ། །གཞན་ཡང་མཆོག་ཏུ་དྲི་ཞིམ་པ་རྣམ་པ་སྣ་ཚོགས་པའི་ཆར་གྱི་རྒྱུན་ཀུན་དུ་འབེབས་པར་བྱེད་དེ་ཉན་ཐོས་དེ་དག་རྣམས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་བྱེད་དོ། ། དེ་ནས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་སོའུ་མྱོ་ཡིད་རབ་ཏུ་དང་བ་དང་ལྡན་པ་སྔོན་ལེགས་པར་བྱས་པའི་ལས་རྣམས་ཀྱིས་བསྐུལ་བས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟ་བུ་འདི་དག་རྣམས་གང་གི་མཐུ་སྟོབས་ཡིན་ན། གང་དག་གི་ཁྱད་པར་གྱིས་བདག་ཅག་རྣམས་གཟུགས་དང་ མཐུ་སྟོབས་ཀྱིས་ཀྱང་ཆུང་ཟད་ཀྱང་མ་ཡིན་ཞེས་སོ། །དེ་ནས་གང་དུ་ལས་བྱས་པ་ལྷའི་སྤྱན་གྱིས་ཀུན་ནས་གཟིགས་པའི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་བཀའ་སྩལ་པ། སོའུ་མྱོ་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་རྣམས་དང་བདུད་དང་བཅས་པ་དང་དགེ་སྦྱོང་དང་བྲམ་ཟེའི་རིགས་ དང་བཅས་པའི་སྐྱེ་དགུ་རྣམས་ཀྱི་དང་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འདིས་འཇིག་རྟེན་འདི་རྣམས་ཐམས་ཅད་ལ་ཆོས་སྟོན་པར་མཛད་པ་ཡིན་ཏེ། དང་པོར་ དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འབའ་ཞིག་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་སྟོན་པར་བྱེད་པ་ནི་གཅིག་ཏུ་ངེས་པར་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །གང་དག་ཅེ་ན། འདི་དག་ནི་གཟུགས་སོ། འདི་དག་ནི་གཟུགས་ ཀུན་འབྱུང་བ་རྣམས་སོ། །འདི་དག་ནི་གཟུགས་འགོག་པའོ། །འདི་དག་ནི་གཟུགས་འགོག་པར་འགྲོ་བའི་ལམ་རྣམས་ཡིན་ནོ། །འདི་ནི་ཁྱེད་རྣམས་ལ་སྟོན་པར་མཛད་པ་པོ་ཡིན་ཏེ་ལྷ་རྣམས་ཀྱི་ཆོས་ཀྱི་དོན་དུ་དང ། ཕན་པར་བྱ་བའི་དོན་དང་བདེ་བར་བྱ་བའི་དོན་དུ་སྐུ་འདི་ འཐབ་བྲལ་གྱི་ལྷའི་རིས་སུ་བྱོན་པ་ཡིན་ནོ། དེ་ནས་གསུངས་པ་དེ་རྣམས་ལ་ཅུང་ཟད་ཅིག་ཐོས་ནས་འཐབ་བྲལ་གྱི་མངའ་བདག་སོའུ་མྱོས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་བླ་མ་བདག་གིས་ཉེ་བར་བསྟེན་པར་བགྱི་ལགས་ན་ཇི་ལྟར་འདིའི་མཆོད་པ་རྣམས་བགྱི། འདི་མཆོད་ 69-1-299a པའི་དབང་དུ་བྱས་པའི་ལོ་རྒྱུས་རྣམས་ཀྱང་བདག་ཅག་གིས་མངོན་པར་མི་འཚལ་ལགས་སོ། །དེ་ནས་དགེ་སྦྱོང་དེས་སོའུ་མྱོ་དེ་ལ་སྨྲས་པ། དེ་བཞིན་གཤེགས་པ་ལ་ཉེ་བར་བསྟེན་པར་གྱིས་ཤིག་།སོའུ་མྱོ་ཉེ་བར་བསྟེན་པ་ན་ཡང་དབུ་རྒྱན་དང་རྒྱན་རྣམས་དང་བྲལ་བ་དང་ ལེགས་པར་དུལ་བའི་ཆ་བྱད་རྣམས་ཀྱིས་དང ། དབང་པོ་རྣམས་རབ་ཏུ་དང་བར་གྱུར་པ་དང་ཡིད་མཉམ་པར་བཞག་པར་གྱུར་པས། པུས་མོ་དག་གི་ལྷ་ང་ས་ལ་སོ་སོར་བཙུགས་ཏེ། མགོ་བོས་རྒྱལ་པོ་བཞིན་དུ་མངོན་པར་ཕྱག་འཚོལ་ལ་ཆོས་གོས་ཕྲག་པའི་ཕྱོགས་གཅིག་ཏུ་བྱས་ཏེ་ མགོ་བོས་ཀུན་ནས་བཏུད་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གནས་པར་བྱའོ། །དབང་པོ་ལེགས་པར་ཁ་བྱེ་བ་དང་ལྡན་པའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་དགེ་སྦྱོང་དེའི་སྤྱན་སྔ་ནས་ཀུན་དུ་སྤྱོད་པ་ལེགས་པ་འདི་དག་རྣམས་ཀྱི་དོན་ཉེ་བར་རྙེད་ནས། འཐབ་བྲལ་བ་རྣམས་ ཀྱི་མངའ་བདག་ལྷ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་དབུ་རྒྱན་དང་བྲལ་བ་དང་རྒྱན་དང་མཛེས་པའི་ཆ་བྱད་ཀུན་ནས་སྤངས་པ་དང ། དབང་པོ་རྣམས་ཤིན་ཏུ་དུལ་ལེགས་པར་དུལ་བ་ཞི་བར་གྱུར་པའི་ཡིད་ཀྱིས། བཅོམ་ལྡན་འདས་གང་པད་མ་ཆེན་པོའི་སྙིང་པོ་ལ་ཉན་ཐོས་རྣམས་ཀྱིས་ ཡོངས་སུ་བསྐོར་བར་གྱུར་པ་ནི་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ཟླ་བ་ལྟ་བུ་དང་ཐམས་ཅད་ནས་ཡོངས་སུ་བསྐོར་བར་གྱུར་པའི་རིའི་རྒྱལ་པོ་རི་རབ་ལྷུན་པོ་ལྟ་བུ་དང ། མཚོ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་རྒྱ་མཚོ་དང་འདྲ་བའི་རྒྱལ་པོ་ཆེན་པོ་བརྒྱད་ཅུ་རྩ་བཞིས་ཡོངས་ སུ་བསྐོར་བའི་འཁོར་ལོས་སྒྱུར་བ་དང་འདྲ་བ་འོད་ཟེར་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཉི་མ་དང་འདྲ་བ། དེ་ལྟ་བུར་བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མཆོག་ཏུ་མཚུངས་པ་མེད་པའི་གཟི་བརྗིད་དང་ལྡན་པའི་འོད་རྣམ་པར་འཕྲོ་བར་གྱུར་པས་རྣམ་ པར་གསལ་བར་པད་མའི་སྙིང་པོ་ལ་བཞུགས་སོ། །དེ་ནས་སོའུ་མྱོ་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་གང་ན་བཅོམ་ལྡན་འདས་བཞུགས་པ་དེར་ཐལ་མོ་སྤྱི་བོར་སྦྱར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བག་མེད་ 69-1-299b པ་དང་ཇི་ལྟ་བ་བཞིན་དུ་བྲལ་བ་མཆིས་ལགས་སམ། དེ་ནས་སྟེང་ན་གནས་པའི་སོའུ་མྱོ་དེ་ལ་བཅོམ་ལྡན་འདས་གསེར་ཐུབ་ཀྱིས་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་གསུང་དབྱངས་ཀྱི་ཁྱད་པར་གྱིས་འཐབ་བྲལ་གྱི་འཇིག་རྟེན་དེ་ཐམས་ཅད་ཇི་ལྟ་བར་ཡོངས་སུ་བཀང་བས་འདི་སྐད་ཅེས་བཀའ་སྩལ་ ཏོ། །སོའུ་མྱོ་ངས་ཇི་ལྟ་བ་བཞིན་དུ་ཆོས་བཤད་པར་བྱ་སྟེ། དང་པོར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་འབའ་ཞིག་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ་ལེགས་པར་བཤད་པར་བྱའོ། །དེ་ལེགས་པར་རབ་ཏུ་ཡིད་ལ་ གྱིས་ལ་ཉོན་ཅིག་དང་ངས་བཤད་ཀྱིས་དེ་སྐད་ཅེས་གསུངས་པ་དང ། ལྷ་དེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ནོ། །བཅོམ་ལྡན་འདས་ཀྱིས་སོའུ་མྱོ་ལ་སོགས་པའི་ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་གསུངས་སོ། །རྒྱུ་དགུ་དང་རྐྱེན་དགུ་དང་རྒྱུ་མཚན་དགུས་བག་མེད་པ་སྟེན་ཅིང་གོམས་པར་བྱས་ལ་ལན་མང་ དུ་བྱས་པས་ནི་བྱིས་པའི་སྐྱེ་བོ་ཐམས་ཅད་འཇོམས་ཤིང་བརླག་པར་འགྱུར་ལ། ལུས་ཞིག་ནས་ཀྱང་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་འགྱུར་བ་དང ། རྒྱུ་གང་ཡོད་པས་སྡུག་བསྔལ་ཡང་ཀུན་དུ་འཕེལ་བར་བྱེད་ཅིང་འཁོར་བའི་འཆིང་བ་ཡིན་པ་དང་ མྱ་ངན་ལས་འདས་པའི་མཐར་ཐུག་པར་མི་འགྱུར་བ་དང ། འདོད་ཆགས་དང་མི་འབྲལ་བ་དང་བདེ་བ་མ་ཡིན་པ་དོན་མ་ཡིན་ནོ། །རྒྱུ་དགུས་བག་མེད་པ་གང་ཞེ་ན། འདི་ལ་བུད་མེད་རྣམས་ལ་ལྟ་བ་ལ་བསྟེན་པར་གྱུར་པ་ཡིན་ཏེ། དང་བ་མ་ཡིན་པའི་ལུས་དང་ངག་དང་ཡིད་རྣམས་ཀྱིས་དབང་ པོ་མ་བསྡམས་པ་ཉེ་བར་སྟེན་པར་བྱེད་དོ། །ཡང་དག་པས་བསྐྱེད་པ་མ་ཡིན་པའི་ལུས་དང་ངག་དང་ཡིད་ཅན་གྱིས་སྤྱོད་ཡུལ་མ་ཡིན་པ་ལ་སྤྱོད་པ་དམ་པའི་ཆོས་རྣམས་ཉན་པའི་རང་བཞིན་ཅན་མ་ཡིན་པ་རྣམས་རྒོད་པ་རྣམས་ཀྱི་དབང་པོ་རྣམས་རྒོད་པས་མ་བསྡམས་པའི་རྒྱུ་གཅིག་ལས་བག་མེད་ པའི་བག་མེད་པས་བག་མེད་པ་པོའི་སེམས་ཅན་རྣམས་ལུས་ཀྱིས་ལེགས་པར་སྤྱོད་པར་མི་བྱེད། ངག་གིས་ལེགས་པར་སྤྱོད་པ་མ་ཡིན། ཡིད་ཀྱིས་ལེགས་པར་སྤྱོད་པ་མ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་མ་ཡིན་པས་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་ 69-1-300a སྤྱོད་ལ། །བྱས་ཤིང་བསགས་པའི་ལས་ཀྱང་བྱེད་པར་འགྱུར་རོ། །བློ་གྲོས་ངན་པ་དེ་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་འགྱུར་ཏེ། བག་མེད་པས་རྣམ་པར་ཉམས་པའི་ཕྱིར་རོ། །དེའི་ཕྱིར་ན་སྐྱེས་བུ་དམ་པ་ རྟག་ཏུ་དགེ་བ་འདོད་པ་རྣམས་ཀྱིས་བག་མེད་པ་ཡོངས་སུ་སྤང་བར་བྱ་སྟེ་འདི་ནི་བག་མེད་པའི་རྒྱུ་དང་པོའོ། །གཞན་ཡང་སོའུ་མྱོ་བག་མེད་པ་ནི་རྒྱུ་གང་གིས་བག་མེད་པ་རབ་ཏུ་འཇུག་པ་དེ་ནི་དགེ་བའི་རྩ་བའི་ཕྱོགས་འཇོམས་པར་བྱེད་པའི་མི་འཐུན་པའི་ཕྱོགས་རྣམས་ཡིན་ཏེ། དེ་བཞིན་དུ་སེམས་ གཡོ་བར་གྱུར་པས་མིག་གིས་གཟུགས་རྣམས་མཐོང་ནས་ཀུན་དུ་རྟོག་པར་བྱེད་ལ། ཡིད་ཀྱིས་ཀྱང་ཡང་དང་ཡང་དུ་སེམས་པར་བྱེད་དེ། དེ་ཁོ་ན་ལ་ཆགས་པར་གྱུར་ཏེ་ཡིད་གཞན་དུ་འཇུག་པར་མི་བྱེད་དོ། །དེའི་རང་བཞིན་ཅན་དུ་ཡང་འགྱུར་ཏེ་རྟག་ཏུ་མི་དགེ་བ་སྤྱོད་པར་འགྱུར་རོ། །དྲན་པ་ཉེ་ བར་མ་བཞག་པར་འགྱུར་རོ། །བློ་རྣམ་པར་གཡེང་བར་འགྱུར་རོ། །དེ་ལུས་ཞིག་པ་ན་ཐབས་མ་ཡིན་པའི་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །བག་མེད་པའི་རྒྱུ་ལས་འདི་ནི་བག་མེད་པའི་རྒྱུ་གཉིས་པའོ། །གཞན་ཡང་བག་མེད་པའི་རྒྱུ་ནི་འདི་ལྟ་སྟེ་ཡང་དག་པ་མ་ཡིན་པ་ཀུན་དུ་འདྲེས་པ་མ་ཡིན་ ཞིང་སྔོན་ཐོས་པ་ཡང་མ་ཡིན་པ་རྣམས་འབའ་ཞིག་ཡིད་ཀྱིས་ཀུན་དུ་རྟོག་པར་བྱེད་དོ། །འདོད་ཆགས་ལ་རྟེན་པའམ། ཞེ་སྡང་ལ་རྟེན་པའམ། གཏི་མུག་ལ་རྟེན་པས་ཀྱང་རུང་སྟེ། དེས་དེ་དག་རྣམས་ལ་སེམས་པར་གྱུར་པ་ན་དེ་ལ་སོང་བའི་ཡིད་ཅན་དེ་ལ་སོང་བའི་སེམས་ཀྱིས་ཆོས་གཞན་ རྣམས་ལ་སེམས་པར་མི་བྱེད་དོ། །དེའི་ཡིད་རྣམ་པར་གཡེང་བར་འགྱུར་ཏེ། བག་མེད་པའི་རྒྱུ་གསུམ་པ་འདི་གང་གིས་ཀུན་ནས་བཅིངས་ནས་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་ཉེས་པར་སྤྱད་པ་རྣམས་ལ་སྤྱོད་པར་བྱེད་དེ། དེ་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་ དམྱལ་བ་རྣམས་སུ་སྐྱེའོ། །བག་མེད་པས་རྣམ་པར་ཉམས་པར་བྱས་པ་འདི་ནི་རྒྱུ་གསུམ་པའོ། །གཞན་ཡང་བག་མེད་པའི་རྒྱུ་བཞི་པས་སེམས་ཅན་གང་དག་བག་མེད་པ་རྣམས་ནི་ལུས་ཞིག་ནས་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །བག་མེད་པའི་ 69-1-300b རྒྱུ་འདི་ཡང་སོའུ་མྱོ་གང་ཞེ་ན། འདི་ལྟ་སྟེ་ལྷ་མོ་རྣམས་ལ་ལྟ་བ་ལ་ཆེད་ཆེར་བྱེད་པའོ། །དེ་ཡང་ཡང་དག་པ་མ་ཡིན་པར་གྱུར་པའི་གཟུགས་མཐོང་བས་ཀྱང་དགའ་བ་དང ། སེམས་གཡོ་བར་གྱུར་པས་རབ་ཏུ་རྟོག་པར་བྱེད་དོ། །ཀུན་དུ་རྟོག་པར་བྱེད་དོ། །དེ་ཡང་གླེང་བསླངས་ལ་དགའ་ བར་ཀུན་དུ་གནས་པའི་བློས་ཇི་ལྟ་བུར་ཡང་ཀུན་དུ་རྟོག་པར་བྱེད་དོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས་ཀྱང་ལེགས་པར་སྤྱོད་པར་མི་བྱེད་དོ། །དེ་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བར་སྐྱེ་བར་འགྱུར་ཏེ། འདི་ནི་བག་མེད་པའི་རྒྱུ་བཞི་པའོ། །གཞན་ཡང་བག་མེད་པའི་རྒྱུ་ ལྔ་པ་འདི་ལྟ་སྟེ། ཚལ་རབ་ཏུ་དགའ་བའམ། རྫིང་བུ་དགའ་བའམ། ནགས་དང་ཉེ་བའི་ནགས་དགའ་བར་གྱུར་པའམ། པད་མའི་རྫིང་བུ་དགའ་བ་རྣམས་མཐོང་ནས་དེ་དག་རྣམས་ལ་དགའ་ཞིང་དགའ་བས་དེ་དག་རྣམས་ལ་ཡང་རྩེ་དགའ་ལ་མཆོག་ཏུ་བྱེད་པར་འགྱུར་རོ། །དགེ་བ་རྣམས་སེམས་ པར་མི་བྱེད་དོ། །མཉམ་པར་གཞག་པའི་དྲན་པ་ཅན་དུ་མི་འགྱུར་ཏེ་བག་མེད་པ་རྣམས་ལ་སྟེན་པའོ། །བག་མེད་པས་རྣམ་པར་སད་པར་བྱས་པའི་ཕྱིར་ལུས་ཞིག་ནས་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་བག་མེད་པའི་རྒྱུ་ལྔ་པ་ནི་སོའུ་མྱོ་འདི་ ནི་སྡིག་པའི་གྲོགས་པོ་རྣམས་ལ་སྟེན་པར་འགྱུར་ལ་དེ་དང་བསྟེན་པས་ཀྱང་རྣམ་པ་དེ་ལྟ་བུ་ཁོ་ནའི་རང་བཞིན་ཅན་དུ་སློབ་ལ་སྤྱོད་ཡུལ་རྣམས་ལ་ལྷན་ཅིག་ཏུ་སྤྱོད་པར་འགྱུར་རོ། །ཉེས་པར་སྤྱོད་པ་རྣམས་སྤྱོད་པར་འགྱུར་རོ། །བྱ་བ་ངན་པ་རྣམས་རྗེས་སུ་སྒྲུབ་པར་བྱེད་དོ། །སྡིག་པའི་གྲོགས་པོ་ རྣམས་ལ་སྟེན་པ་པོ་དེ་བག་མེད་པས་གནས་པར་གྱུར་པ་རྣམས་ནི་བག་མེད་པའི་སྐྱོན་གྱིས་ལུས་ཞིག་ནས་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་ཡིན་ནོ། །གཞན་ཡང་སོའུ་མྱོ་བག་མེད་པའི་རྒྱུ་ནི་འདི་ལྟ་སྟེ་སྤྱོད་པ་རྣམ་པ་དུ་མ་བྱེད་པར་གྱུར་ལ་བློ་མང་བ་ཡིན། ལུས་ ཀྱི་ལེགས་པར་བྱ་བ་རྣམས་རྩོམ་པ་མ་ཡིན། ངེས་པ་མེད་པ་དང་བློ་གང་དུ་ཡང་གནས་པ་མེད་པ་ཡིན་ཏེ། དེས་དོན་གཅིག་ལ་ཡང་ངེས་པར་རྩོམ་པ་ཡང་མ་ཡིན་ནོ། །དེའི་ལུས་ཀྱི་ལས་རྣམས་ཐམས་ཅད་ངེས་པ་ཁོ་ནར་ལེ་ལོ་ཅན་དུ་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་ 69-1-301a མཐའ་ཐམས་ཅད་ཉམས་པར་འགྱུར་ཏེ། སྦྱིན་པ་མི་གཏོང་བསོད་ནམས་མི་བྱེད་ལེགས་པར་བསམ་པར་བྱ་བ་རྣམས་མི་སེམས་སོ། །ཚུལ་ཁྲིམས་ཉམས་པ་དེ་བག་མེད་པའི་རྐྱེན་རྣམས་ཀྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་བག་ མེད་པའི་རྒྱུ་དྲུག་པ་རྣམས་ནི་འདི་ལྟ་སྟེ། ཡང་དག་པའི་མཐོང་བ་འཕགས་པའི་བདེན་པ་བཞི་པོ་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམས་ཀྱང་སུན་བཏོན་ནས། ཚུལ་བཞིན་མ་ཡིན་པ་ལྟ་བའི་རང་བཞིན་ཅན་དུ་འགྱུར་རོ། །དེ་བག་མེད་པ་དེས་དེའི་ཡིད་བག་མེད་པར་འགྱུར་ཞིང་ རྣམ་པར་གཡེང་བས་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་འདི་དག་ནི་བག་མེད་པའི་རྒྱུ་དྲུག་པ་ཡིན་ནོ། །གཞན་ཡང་བག་མེད་པའི་རྒྱུ་རྣམས་ཀྱིས་ཇི་ལྟར་རྟག་པ་ཁོ་ནར་ཡང་རོ་ལ་གང་དང་གང་དུ་ཡང་སྲེད་པར་གྱུར་ནས་དེ་དང་དེར་ཡང་རོས་འཆིང་བར་འགྱུར་ཞིང ། དེ་ཉིད་ལ་ཆགས་པར་ཡང་བྱེད་དོ། །ཡིད་དེ་ལ་འགྲོ་བར་འགྱུར་བ་དང ། དེའི་རང་བཞིན་ཅན་དང ། དེ་ལྟར་གྱུར་པའི་ཡིད་ཅན་དུ་འགྱུར་གྱི། དེ་གཞན་དུ་ནི་ཆུང་ཟད་ཀྱང་མི་སེམས་སོ། །ལེགས་པར་སྤྱོད་པར་མི་བྱེད་དོ། །རང་བཞིན་གྱིས་ཞི་བར་འགྱུར་བ་མ་ཡིན་ཀུན་ནས་བསྡམས་པའི་རང་ བཞིན་ཅན་མ་ཡིན་ནོ། །དེ་རོ་རྣམས་ལ་མངོན་པར་སྲེད་པ་རྣམས་ཀྱིས་བསླུས་པ་དེ་ལྟར་གྱུར་པའི་གཤིས་ཅན་ལེགས་པར་བྱ་བ་མི་རྟག་པ་དང་སྡུག་བསྔལ་བ་དང ། སྟོང་པ་དང་བདག་མེད་པ་དང་བཞི་པོ་རྣམས་སྐད་ཅིག་ཙམ་ཡང་སེམས་པར་མི་བྱེད་དོ། །རང་ལ་ཕན་པ་རྣམས་མི་བྱེད་དོ། ། སོའུ་མྱོ་དེ་ནི་ལུས་ཞིག་ནས་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟར་ན་བག་མེད་པའི་རྒྱུར་གྱུར་པ་བདུན་པ་ཡིན་ནོ། །སོའུ་མྱོ་གཞན་ཡང་ཤིན་ཏུ་བག་མེད་པའི་རྒྱུར་གྱུར་པ་བརྒྱད་པ་ཡོད་དེ། བདེ་བ་འདི་གང་ཇི་སྲིད་དུ་ཐོབ་པར་གྱུར་པ་རྣམས་ལ་དེ་སྲིད་ ཉིད་དུ་ཀུན་དུ་ཞེན་པར་བྱེད་དེ། དེ་རྟག་པ་དང་བརྟན་པ་དང་ཐེར་ཟུག་ཏུ་མཐོང་ལ་རྣམ་པར་འགྱུར་བའི་ཆོས་ཅན་དུ་དེ་མ་རྟོགས་པས་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པར་སྤྱོད་པར་མི་འགྱུར་རོ། །དོན་རྣམས་དང་དོན་མ་ཡིན་པ་རྣམས་ཤེས་པ་མ་ཡིན་ནོ། །ཆོས་དང་ཆོས་མ་ཡིན་པའི་ 69-1-301b རྒུད་པར་ལྟུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས་བློ་འཇུག་པར་འགྱུར་བ་མ་ཡིན་ནོ། །དམྱལ་བ་དང་ཡི་དགས་དུད་འགྲོ་རྣམས་ཀྱི་འགྲོ་བ་བརྒྱ་སྟོང་དུ་མ་རྣམས་སུ་སྡུག་བསྔལ་གྱི་རྣམ་པར་རྟོག་པ་དུ་མ་སོ་སོར་ཉམས་སུ་མྱོང་བ་ཡིད་ལ་སེམས་པར་ཡང་མི་བྱེད་དོ། །ཤིང་བཞིན་དུ་འཆི་བདག་ ལས་བཟློག་པའི་ཐབས་ཀྱང་ཚོལ་བར་མི་བྱེད། འཁོར་བའི་སྐྱེ་བོ་ཐམས་ཅད་རབ་ཏུ་འཇོམས་པའི་བདེ་བ་ངན་པ་རྣམས་ལ་དེ་ལྟར་རབ་ཏུ་ཆགས་པ་རྣམས་ཕྱིས་འཆི་བདག་གི་དུས་སུ་ཕྱིན་ནས་ལོངས་སྤྱོད་ངན་པ་རྣམས་ལ་ཆགས་པའི་རྣམ་པར་བརྐམ་པ་དེ་རྗེས་ལ་འགྱོད་པའི་མེས་སྲེག་པར་བྱེད་དོ། ། ལུས་ཞིག་ནས་ཀྱང་ཐབས་མ་ཡིན་པས་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །སོའུ་མྱོ་གཞན་ཡང་བག་མེད་པའི་རྒྱུ་དགུ་པ་ཡོད་དེ། ཇི་ལྟར་ལྷ་དང་མི་རྣམས་སྲེད་པ་དང་ལྡན་པས་རྣམ་པ་སྣ་ཚོགས་པའི་བདེ་བ་ལ་ཆགས་པའི་ཡིད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྒྲུབ་པར་ མི་བྱེད་དེའི་རང་བཞིན་ཅན་ཡང་མ་ཡིན་ལ། དེ་དག་གི་ཚིག་རྣམས་ཉན་པར་མི་བྱེད་འཕགས་པའི་གདུལ་བྱར་རྗེས་སུ་གནས་པ་ཡང་མ་ཡིན། དོན་དང་དོན་མ་ཡིན་པ་རྣམས་མི་ཤེས་སོ། །དེ་དག་རྗེས་སུ་རྗོད་པར་བྱེད་པའི་རང་བཞིན་ཅན་མ་ཡིན་ནོ། །སྒྲུབ་པ་ལ་འཇུག་པར་འགྱུར་བ་མ་ཡིན། འཇིག་རྟེན་པ་རྣམས་ལ་མཆོག་ཏུ་འཇིགས་པར་སྟོན་པ་ཡིན། རྒུད་པའི་སྡུག་བསྔལ་རྣམས་རིག་པ་ཡང་མ་ཡིན་ལ། རང་གི་དོན་རྣམས་ལས་ནི་ཉམས་ཤིང་རང་གི་སེམས་ཀྱིས་བསླུས་པ་རྣམས་ནི་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །སོའུ་མྱོ་འདི་ནི་དབང་ཕྱུག་ དང་རྟག་པ་དང་བརྟན་པ་དང་ཐེར་ཟུག་ནི་མ་ཡིན་གྱི་རྣམ་པར་འགྱུར་བའི་ཆོས་ཅན་རྣམས་ཡིན་ལ། ཇི་ལྟར་འཐབ་བྲལ་གྱི་མངའ་བདག་སོའུ་མྱོ་ཁྱོད་ཁོ་ན་བཞིན་དུ་བརྒྱ་སྟོང་ཕྲག་དུ་མ་རྣམས་བྱུང་བ་ལ་དེ་དག་རྣམས་གར་སོང ། འདིར་ཡང་རང་གིས་བྱས་པའི་ལས་རྣམས་ཀྱི་འབྲས་ བུའི་བགོ་སྐལ་ལ་སྤྱོད་པས་ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་ཀྱི་ཞགས་པས་ཀུན་ནས་བཅིངས་ནས་འཁོར་བ་རྣམས་ན་འཁོར་ཏེ། ལེགས་པར་བྱས་པའི་ལས་རྣམས་ཀྱིས་ནི་ལྷ་དང་མི་རྣམས་སུ་སྐྱེའོ། །མི་དགེ་བ་རྣམས་ཀྱིས་ནི་དམྱལ་བ་དང་ཡི་དགས་དང་དུད་ 69-1-302a འགྲོ་རྣམས་སུ་སྐྱེའོ། །དེ་ལྟ་བས་ན་སོའུ་མྱོ་བག་མེད་པ་རྣམས་ཀྱིས་གནས་པར་འགྱུར་བར་མི་བྱ་སྟེ། གལ་ཏེ་མི་ཐོབ་པར་འདོད་པ་རྣམས་ཀྱིས་སོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་ལོངས་སྤྱོད་དང་གསོན་པ་ཡང་མི་རྟག་པས་ན་དེ་རྣམས་བདག་ཉིད་ཀྱི་ ཡིད་ལ་བྱས་ལ་བག་མེད་པས་གནས་པར་མི་བྱའོ། །བག་མེད་པའི་རྒྱུ་གང་གིས་ལྷ་བརྒྱ་སྟོང་ཕྲག་དུ་མ་རྣམས་ལོག་པར་ལྟུང་ངོ ། །དེའི་ཕྱིར་བག་མེད་པ་ཇི་ལྟ་བས་འགྲོ་བར་མི་བྱ་སྟེ། འདི་དག་རྣམས་ནི་བླུན་པོ་རྣམས་ཀྱི་ལམ་ཡིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ནི་མ་ཡིན་ཏེ། གང་ གི་ཕྱིར་སྐྱེས་པ་ཐམས་ཅད་ནི་ངེས་པར་འཆི་བ་མདུན་ན་རྣམ་པར་གནས་པ་ཁོ་ནའོ། །དེ་བཞིན་དུ་རྒ་བ་དང ། དེ་བཞིན་དུ་ནད་རྣམས་དང ། དེ་བཞིན་དུ་སྡུག་པ་དང་བྲལ་བ་དང ། དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་རྣམས་ལ་ཉེ་བར་ལོངས་སྤྱོད་པ་མི་སླུ་བ་འདི་དག་རྣམས་ནི་རྟག་ཏུ་ རྗེས་སུ་འབྲེལ་པའི་ཕྱིར་ན་སྲོག་ཆགས་ཐམས་ཅད་རླག་པར་བྱེད་པའོ། །དེ་ནས་དེའི་ཚེ་ལྷ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུངས་པ་འདི་ལྟར། བག་མེད་པ་ཡི་ལྗོན་ཤིང་ལ། །ཡལ་ག་རྣམ་གསུམ་རབ་ཏུ་གནས། །རྒ་ནད་དང་ནི་འཆི་བ་སྟེ། །རྟག་ཏུ་དེ་ཡི་ སྟེང་ན་གནས། །སྐྱེས་བུ་སྤྱོད་པ་དམ་ལྡན་པ། །རྒས་སོགས་ཀྱིས་ནི་གནོད་པ་མེད། །བློ་ལྡན་རྟག་པར་བྱེད་གནས་ནི། །ནམ་ཡང་བག་མེད་ཀྱིས་མི་རྒ། །སྐྱོན་རྣམས་རྟག་ཏུ་འཇོམས་པ་དང ། །བག་མེད་མཆོག་འཛིན་པ་ཡང་མིན། །དེ་ནི་སྐྱོན་དང་འཇིགས་གྲོལ་ ནས། །བདེ་བ་བླ་ན་མེད་པ་ཐོབ། །བག་མེད་པས་བྱས་བདེ་རྣམས་གང ། །དེ་ནི་འཇིགས་བཅས་མཐར་ལེགས་མིན། །གང་ཡང་དེ་ལས་རྣམ་གྲོལ་བ། །དེ་བདེ་རྟག་ཏུ་འགྱུར་བ་མེད། །བརྒྱ་ཕྲག་ཐེར་འབུམ་ཕྲག་ཏུ་ཡང ། །བག་མེད་པས་ནི་རྣམ་ཉམས་བྱས། ། དེ་ལྟ་ན་ཡང་མི་དབང་འགྲོ། །དེ་ལ་དང་པོ་ཁོ་ནར་གནས། །ཕྱིན་ཅི་ལོག་ནི་རྣམ་བཞིའི་ཡང ། །བག་མེད་པ་ནི་སྟེང་ན་གནས། །གནས་པའི་བག་མེད་པ་དེས་ཀྱང ། །འཇིག་རྟེན་དགྲ་རྣམས་བཞི་འཇོམས་སོ། །གང་ལ་རྣམ་རྟོག་དུ་མ་ཡི། །འཇིགས་པ་དུ་མའི་ 69-1-302b གཡང་ས་ཡི། །འཁོར་བར་འཁོར་བའི་སྡུག་བསྔལ་དེ། །བག་མེད་པ་ཡི་བྱ་བ་ཡིན། །བག་མེད་གཅིག་དང་བྲལ་བ་ཡིས། །བདེ་བ་འཕོ་བ་མེད་པ་འཐོབ། །ཆོས་རྣམས་ཀུན་དང་ཟག་མེད་པ། །བག་མེད་པ་ཡིས་རྣམ་པར་འཇོམས། །ལྷ་རྣམས་ཀྱི་ཡང་བག་མེད་པ། ། གོང་ནས་གོང་དུ་འཕེལ་བ་ཡིན། །བག་མེད་པ་ཡིས་ཀུན་རྨོངས་ལྷ། །ཇི་ལྟར་མྱ་ངན་འདས་པར་འགྲོ། །དེ་ལ་དེ་དག་སོའུ་མྱོ་ཡིད། །རྣམ་རྟོག་དུ་མས་སོམས་ལ་ནི། །ཇི་ལྟར་ཕྱིན་ནས་མི་གདུང་བ། །དེ་ལྟར་བདག་ལ་ཕན་པས་གནོས། །ལྷ་གང་གི་ནི་བདེ་བ་གང ། ། གཞན་ཡང་ཅུང་ཟད་གང་ཕྱིས་ནི། །དེ་ཀུན་མི་རྟག་ཤེས་བྱ་སྟེ། །འདུས་བྱས་ལ་ནི་འདི་དག་འབྱུང ། །དངོས་གང་འདུས་བྱས་ནང་འདུས་པ། །ངེས་པར་དེ་ནི་རྣམ་པར་འཇིག་།འབྱུང་ཞིང་རྣམ་འཇིག་མི་རྟག་བདེ། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །སྐྱེས་བུ་ བག་མེད་པས་ཉམས་པ། །གང་ཞིག་བློ་ལ་དེ་དག་བྱེད། །དེ་ནི་འབྲལ་བ་ཀུན་བྱུང་ནས། །སྡུག་བསྔལ་གྱིས་ནི་ཡོངས་སུ་གདུང ། །དེ་ལྟར་ཚུལ་དུ་མས་བཅོམ་ལྡན་འདས་དེས་སོའུ་མྱོ་དེ་གདུལ་བར་བྱ་བའི་དོན་དུ། འཇིག་རྟེན་གྱི་མིག་དེ་ལྷའི་ཚོགས་རྣམས་ཀྱིས་ཡོངས་ སུ་བསྐོར་ནས་འདུལ་བར་མཛད། བག་མེད་པ་རྣམས་ཡང་གོ་བར་མཛད་དོ། །མི་བཟོད་པའི་འཆིང་བ་གང་གིས་ལྷ་རྣམས་རང་དབང་མེད་པར་ལྟུང་ངོ ། །དེ་ནས་ལྷའི་རྒྱལ་པོས་བཅོམ་ལྡན་འདས་དེའི་སྤྱན་སྔ་ནས་ཆོས་བསྟན་པ་དེ་རྣམས་ཉེ་བར་ཐོས་པ་དང ། ལྷ་སྟོང་ཕྲག་ ཉི་ཤུ་དང་བཅས་པ་རྣམས་རྒྱུན་དུ་ཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ངས་གདུལ་བྱའི་བྱ་བ་བྱས་ན་ལྷག་མ་གཞན་ལ་ཕན་པའི་བྱ་བར་གྱུར་པ་གཞན་ཅི་ཡོད་ཅེས་དཔྱོད་པར་མཛད་དེ། དེ་ནས་ཡང་མ་འོངས་པ་མཁྱེན་པ་དང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་དཔྱོད་ པར་མཛད་དེ། བདག་གིས་བསྒྲུབ་པར་བྱ་བ་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་གྱུར་པ་དང ། སྡུག་བསྔལ་གྱི་མཐའ་མར་བྱེད་པར་གྱུར་པ་གང་ཡིན་པ་མ་འོངས་པའི་དུས་ན་གཞན་ཅི་ཞིག་ཡོད། དེ་ནས་སླར་ཡང་པད་མའི་ནང་གང་ཡིན་པ་དེར་བཅོམ་ལྡན་འདས་དེས་རྫུ་ 69-1-303a འཕྲུལ་གྱི་དབང་གིས་སྤྲུལ་པ་རྣམས་མཛད་དོ། །དེ་ཁོ་ན་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བཞག་པར་གྱུར་ལ་བྱའི་ཚོགས་རྣམས་གང་ཡིན་པ་དེ་དག་གིས་ཀྱང་ཚིགས་སུ་བཅད་པ་རྣམས་འཆད་པར་བྱེད་ལ། དེ་རྣམས་དེ་ལྟར་ཀུན་ནས་རྫོགས་པར་གྱུར་པ་ དང ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ཉིད་ཀྱི་སྟོབས་ཀྱིས་ཇི་ལྟར་མ་འོངས་པའི་དུས་ན་སོའུ་མྱོ་འཆི་འཕོས་ནས། མུ་སུ་ལུན་དྷ་ཞེས་བྱ་བའི་གཟུགས་སུ་འཐབ་བྲལ་བའི་མངའ་བདག་འབྱུང་སྟེ། བག་མེད་པས་གནས་པ་འབྱུང་བར་འགྱུར་རོ། །དེ་སེམས་ཅན་བཟང་པོ་ འབྱུང་བར་འགྱུར་ལ། དེ་ནམ་ཞིག་ན་སྐྱེད་མོས་ཚལ་གྱི་ས་རྣམས་སུ་འགྲོ་བར་འགྱུར་ཏེ། འཇམ་ཞིང་མཐོ་བའི་རི་དེའི་སྟེང་གི་པད་མ་ཆེན་པོ་དེར་འགྲོ་བར་འགྱུར་རོ། །དེ་སྙིང་པོ་ལ་ལེགས་པར་འདུག་པར་འགྱུར་རོ། །དེ་ངས་སྤྲུལ་པའི་འོད་འདི་ཡོད་པའི་ནང་དེར་ འགྲོ་བར་འགྱུར་ལ། དེ་ཅ་ཅོའི་སྒྲ་དང་ལྡན་པས་ནང་འདི་ལ་ལེགས་པར་ལྟའོ། །དེ་མཆོག་ཏུ་དགའ་བར་འགྱུར་བའི་པད་མ་ཆེན་པོ་འདིའི་ནང་ནས་འབྱུང་བར་བྱེད་པར་འགྱུར་རོ། །ཕྱིར་ཡང་ཞུགས་པར་འགྱུར་རོ། །ལྷ་གཞན་རྣམས་ལ་ཡང་ལེགས་པར་གོ་བར་བྱེད་ དོ། །དེ་ལ་ལྷ་གང་དག་ཐོས་པ་བརྒྱུད་པས་མངོན་པར་དགའ་བའི་ཆོས་རྣམས་སྟོན་པའི་རྣམ་པར་བཤད་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལ་གོ་བར་བྱེད་པ་ཡིན་ནོ། །དེ་རྣམས་ཐོས་པ་ཙམ་ཉིད་ཀྱིས་མུ་སུ་ལུན་དྷ་སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་དང་བ་ཐོབ་ པར་འགྱུར་རོ། །སངས་རྒྱས་ལ་རབ་ཏུ་དད་པ་དེས་མྱ་ངན་ལས་འདས་པ་མཐར་བྱེད་པར་འགྱུར་རོ། །གཞན་ཡང་རབ་ཏུ་དང་བ་སྐྱེས་པས་དུས་མི་རིང་བ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་བར་འགྱུར་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་དེའི་དྲུང་དུ་ཆོས་རྣམས་ཉན་པར་ འགྱུར་རོ། །དེ་ལ་མུ་སུ་ལུན་དྷ་ཐོས་པ་བརྒྱུད་པ་འདི་དག་རྣམས་ནི་བདག་ཅག་གི་སྔོན་གྱི་ལྷ་རྣམས་ཀྱི་དྲུང་དུ་འདི་དག་རྣམས་ཐོས་ལ་དེ་ཇི་ལྟ་བུ་ཁོ་ནར་བདག་ཅག་གིས་ཐོས་པ་དེ་དེ་ལྟ་བུ་ཁོ་ན་བཞིན་དུ་འདི་ཐམས་ཅད་ཤིན་ཏུ་ངོ་མཚར་བ་སྐྱེས་པར་གྱུར་ཏོ། །ངེད་རྣམས་ 69-1-303b ཀྱིས་ལེགས་པར་བསྟན་པ་འདི་དག་རྣམས་ཁྱོད་ཀྱིས་པད་མ་ཆེན་པོའི་ནང་དུ་མཐོང་བ་ལས་ཀྱང་བཅོམ་ལྡན་འདས་འཁྲུངས་པར་གྱུར་པ་འདི་ནི་ཤཱཀྱ་ཐུབ་པ་བླ་ན་མེད་པའོ། །དེའི་ཕྱིར་ན་ཐེ་ཚོམ་མེད་པས་ཁྱོད་ཆོས་ཉོན་ཅིག་དང ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ དེས་དེ་བཞིན་དུ་ཁྱོད་ངེས་པར་ལེགས་པ་འཐོབ་བོ། །ལྷ་དེ་དག་རྣམས་ཀྱི་རྩ་ནས་མུ་སུ་ལུན་དྷས་ཐོས་པས་ཡང་དག་པར་དགའ་བ་སྐྱེས་པ་དང ། གུས་པ་ལེགས་པར་སྐྱེས་ཏེ་ཇི་ལྟར་བདག་གིས་ཐོས་པ་བརྒྱུད་པ་གསེར་ཐུབ་ཀྱིས་གསུངས་པའི་མདོ་འདི་དག་གིས་ཀྱང་ལྷ་རྣམས་ ཀྱི་ནང་དུ་ཡིད་རབ་ཏུ་ཚིམ་པ་སྐྱེས་ན། ཇེ་དང་པོ་དངོས་ཁོ་ནར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གང་ཆོས་ཀྱི་ཚིག་རྣམས་བདག་གིས་མཉན་ན་ལྟ་བ་དག་ལ་སྨོས་ཀྱང་ཅི་དགོས་ཞེས། དེས་དེ་ལྟར་རིག་ནས་ལྷ་སྟོང་ཕྲག་བརྒྱད་ཅུ་པོ་རྣམས་དང་གང་ན་བཱ་རཱ་ཎ་སཱི་ཞེས་བྱ་བ་ཡོད་པ་དེར་འགྲོ་ བར་བྱེད་པ་ན། དེས་བཅོམ་ལྡན་འདས་བལྟ་བས་ཆོག་མི་ཤེས་པ་མཐོང་བར་གྱུར་པ་ནི་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ཀྱིས་བརྒྱན་པའི་སྐུ་གསེར་གྱི་ཕུང་པོའི་མདོག་འདྲ་བར་འོད་འབར་བར་གྱུར་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕན་པར་ མཛད་པ་ལ་རབ་ཏུ་ཞུགས་པ། འཇིག་རྟེན་པ་རྣམས་ཀྱི་མིག་ཏུ་གྱུར་པས་འཁོར་བརྒྱ་ཕྲག་དུ་མ་རྣམས་ལ་འཕགས་པའི་བདེན་པ་བཞིའི་གཏམ་དང་ཡང་དག་པར་ལྡན་པ་སྟོན་པར་མཛད་དོ། །དེ་ནས་མུ་སུ་ལུན་དྷ་གང་ན་བཅོམ་ལྡན་འདས་བཞུགས་པ་དེར་སོང་ངོ ། །ཕྱིན་ ནས་ཀྱང་སྟོང་ཕྲག་བརྒྱད་ཅུ་དང་བཅས་པའི་ལྷ་རྣམས་ཀྱིས་ཞབས་གཉིས་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མུ་སུ་ལུན་དྷ་དང་ཐབས་ཅིག་ཏུ་གྱུར་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། མུ་སུ་ལུན་དྷ་བདེ་བར་འོངས་སམ། གང་ཡང་བཅོམ་ལྡན་འདས་གསེར་ཐུབ་ཀྱི་ཆོས་ ཀྱེ་མདོ་ཇི་ལྟ་བ་བཞིན་དུ་རྟོགས་སམ། ཇི་ལྟ་བ་བཞིན་དུ་མུ་སུ་ལུན་དྷ་སྟོང་ཕྲག་པས་ལྷག་པར་རབ་ཏུ་དང་བ་ལེགས་པར་སྐྱེས་པར་གྱུར་ནས་འདི་སྙམ་དུ་སེམས་སོ། །ཀྱེ་མའོ་ཤིན་ཏུ་ངོ་མཚར་ཏོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་ཡེ་ཤེས་རྟོགས་པ་ལ་ཐོགས་ 69-1-304a པ་མི་མངའ་བའི་གང་ཞིག་བདག་ལ་བྱུང་བ་དེ་དག་རྣམས་བཅོམ་ལྡན་འདས་འདིས་ཇི་ལྟ་བ་བཞིན་དུ་ལེགས་པར་མཁྱེན་ནོ། །དེ་ནས་གཞན་ཡང་མུ་སུ་ལུན་དྷས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ནས་ལྷ་སྟོང་ཕྲག་བརྒྱད་ཅུ་པོ་རྣམས་དང་ ཐབས་ཅིག་ཏུ་གྱུར་པས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། མུ་སུ་ལུན་དྷས་ཆོས་བཤད་པར་བྱ་བ་རྣམས་ནི་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ་འབའ་ཞིག་པ་ ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་རྣམས་ངས་བཤད་པར་བྱ་སྟེ། འདི་ལྟ་སྟེ། ལྷའི་འགྲོ་བ་པ་རྣམས་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་དེ། དེ་ལེགས་པར་རབ་ཏུ་ཡིད་ལ་བྱས་ཏེ། ཉོན་ཅིག་དང ། ངས་ བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ལྷ་རྣམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ལྷའི་སྐྱེ་བོ་རྣམས་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་དག་རྣམས་གང་ཞེ་ན། འདི་ལྟར་བཅུ་གཉིས་པོ་འདི་དག་ནི་མུ་སུ་ལུན་དྷ་ལྷ་རྣམས་ཀྱི་ལམ་དུ་གྱུར་པ་གང་ལ་མངོན་པར་ཞུགས་ཏེ་རབ་ཏུ་གནས་པར་གྱུར་པའི་སྐྱེས་བུ་རྣམས་ནི་ལྷའི་ཡུལ་དུ་ལེགས་པར་ཕྱིན་པར་འགྱུར་རོ། །དཔེར་ན་ལམ་རྣམས་ལ་ཀུན་ནས་བརྟེན་ཅིང་ལམ་རྣམས་ཀྱི་རྒྱལ་པོས་ནི་འཇིགས་ པ་དང་བྲལ་ཞིང་དོགས་པ་དང་བྲལ་བས་ཉམས་པ་མེད་པར་ལུས་དང་ངག་དང་ཡིད་སྙོམས་ཤིང་མི་ངལ་བར་སྐྱེས་བུ་རྣམས་གྲོང་ཁྱེར་དུ་ལེགས་པར་འཇུག་པར་བྱེད་པ་ཡིན་ལ།དེ་བཞིན་དུ་ལམ་བཅུ་གཉིས་པོ་འདི་རྣམས་ཀྱི་བཞོན་པ་ལ་སྐྱེས་བུ་དམ་པ་རྣམས་ལེགས་པར་ཞོན་ནས་ལྷ་ རྣམས་ཀྱི་འཇིག་རྟེན་དུ་འགྲོའོ། །བཅུ་གཉིས་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ། རེ་ཞིག་དང་པོ་ཁོ་ནར་བདེན་པའི་ལམ་མོ། །མུ་སུ་ལུན་དྷ་བདེན་པ་དེ་ལ་ཡང་ཡོན་ཏན་ལྔ་སྟེ་གང་གི་ཕྱིར་བདེན་པར་སྨྲ་བའི་སྐྱེས་བུ་རྣམས་ལ་ཡང་སྐྱེ་བོ་ཐམས་ཅད་ཀྱིས་ཡིད་ཆེས་པའི་གནས་སུ་ 69-1-304b བྱེད་པར་འགྱུར་རོ། །རྟག་ཏུ་དབང་ཆེ་བར་ཡང་འགྱུར་རོ། །བཞིན་དང་མདོག་ཀྱང་རྟག་པར་རབ་ཏུ་དང་བར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་སྨོད་པར་མི་བྱེད་དོ། །དེ་དག་ནི་མཐོང་བའི་ཆོས་ཀྱི་འབྲས་བུ་རྣམས་ཡིན་ལ། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་པ་ལྷ་རྣམས་ཀྱི་ནང་དུ་ སྐྱེ་བར་འགྱུར་རོ། །ཚིགས་སུ་བཅད་པ་ཡང་འདི་ཡིན་ཏེ། བདེན་པར་སྨྲ་བ་རྟག་ཏུ་དུལ། །ལྷ་རྣམས་ཀྱིས་ཀྱང་ཡོངས་བསྐོར་དང ། །འཇིག་རྟེན་དགའ་བར་འགྱུར་བ་དང ། །ཕྱི་ནས་ལྷ་ནི་རངས་པར་འགྱུར། །མུ་སུ་ལུན་དྷ་འདི་དག་རྣམས་ནི་མཐོ་རིས་ཀྱི་ལམ་དང་པོ་ ཡིན་ནོ། །གཞན་ཡང་མུ་སུ་ལུན་དྷ་མཐོ་རིས་ཀྱི་ལམ་རྣམས་ལ་འདི་ལྟ་སྟེ། སྦྱིན་པ་མ་ཉམས་པ་དང་ཉེས་པ་ཅན་མ་ཡིན་པ་དང་སྲིད་པར་ཡོངས་སུ་འཇུག་པ་མ་ཡིན་པ་སེམས་ཀྱིས་ལེགས་པར་བསམས་པ་འདི་ནི་མཐོ་རིས་ཀྱི་ལམ་གཉིས་པ་ཡིན་པ་གང་གིས་ལྷའི་འཇིག་རྟེན་དུ་ སྐྱེ་བར་འགྱུར་བ་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ་རྣམས་ཡིན་ལ། མདོར་བསྡུ་ན་སྦྱིན་པའི་ཡོན་ཏན་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། འཇིག་རྟེན་པ་རྣམས་འཐུན་པར་འཛིན་པར་འགྱུར་རོ། །རྟག་ཏུ་སེམས་བསྒོམས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ ན་སེམས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་དེ། ཕྱི་མར་ཡང་ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་རོ། །འདི་ནི་ལྷའི་འཇིག་རྟེན་པ་རྣམས་ཀྱི་ལམ་གཉིས་པའོ། །འདི་ལ་ཡང་ཚིགས་སུ་བཅད་པ། སྦྱིན་པ་བྱིན་པས་འཐུན་གྱུར་ཞིང ། །སེམས་ཀྱི་རྒྱུད་ཀྱང་ཚིམ་པར་བྱེད། ། ཕྱིས་དེ་ལོངས་སྤྱོད་ལྡན་པར་འགྱུར། །སྦྱིན་པའི་འབྲས་བུ་འདི་འདྲ་ཡིན། །གཞན་ཡང་མུ་སུ་ལུན་དྷ་མཐོ་རིས་ཀྱི་ལམ་གསུམ་པ་འདི་ལྟ་སྟེ་བཟོད་པའོ། །བཟོད་པ་དང་ལྡན་པའི་སྐྱེས་བུ་རྣམས་ལ་ནི་ཡོན་ཏན་འདི་དག་རྣམས་ཡིན་ཏེ། འདི་ལྟ་སྟེ། འཐབ་པ་དང་རྩོད་པ་དང་ འགྱེད་པར་མི་འགྱུར་རོ། །འདི་ནི་ཡོན་ཏན་དང་པོ་ཡིན་ནོ། །འདིའི་ནོར་རྣམས་དབྲོག་པར་བྱར་མི་ནུས་སོ། །སྐྱེ་བོ་ཐམས་ཅད་དང་འཐུན་པར་འགྱུར་རོ། །ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ། །འདི་ལ་ཡང་ཚིགས་སུ་བཅད་པ། བཟོད་པའི་སྤྱོད་ 69-1-305a དང་ཡང་དག་ལྡན། །གྲོགས་ལྡན་ཅིས་ཀྱང་འཇིགས་པ་མེད། །འཇིག་རྟེན་འདིར་ནི་འཐུན་འགྱུར་ཞིང ། །ཕྱི་ནས་ལྷ་རྣམས་དག་ཏུ་དགའ། །གཞན་ཡང་མུ་སུ་ལུན་དྷ་མཐོ་རིས་ཀྱི་ལམ་རྣམས་ལ་བཞི་པ་འདི་ལྟ་སྟེ། ཚིག་སྙན་པའོ། །སྙན་པ་ལས་ ཀྱང་ཡོན་ཏན་དྲུག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། སྐྱེ་བོ་རྣམས་ཐམས་ཅད་དགའ་བར་འགྱུར་བ་དང ། བདག་ཉིད་སུ་ལ་ཡང་མི་འཇིགས་པ་དང ། རྟག་ཏུ་བདེ་བས་དགའ་བ་དང ། རབ་ཏུ་དང་བ་དང ། དོགས་པ་རྣམས་མེད་པ་དང ། ཉེ་བར་སྟེན་པར་གྱུར་པ་དང་རྣམས་ཏེ་ཡོན་ཏན་ དྲུག་པོ་དེ་དག་ཡིན་ནོ། །ཚིག་སྙན་པར་གྱུར་པ་འདི་ལ་ཡང་ཚིགས་སུ་བཅད་པ། འཇིག་རྟེན་པ་འདི་དགར་གྱུར་དང ། །འདིར་ཡང་སྙན་པ་མངོན་པར་འཕེལ། །བཞིན་ནི་བལྟ་བར་འོས་འགྱུར་ཞིང ། །ལྷ་ཡི་འཇིག་རྟེན་དུ་ཡང་འགྲོ། །གཞན་ཡང་མུ་སུ་ལུན་དྷ་ལྷའི་འཇིག་རྟེན་ པ་རྣམས་ཀྱི་ལམ་ལྔ་པ། འདི་ལྟ་སྟེ། ཐམས་ཅད་ལ་ཡང་དེ་སྙིང་བརྩེ་བ་དང་ལྡན་པའོ། །བརྩེ་བ་དང་ལྡན་པའི་སྐྱེས་བུ་རྣམས་ནི་མྱ་ངན་ལས་འདས་པའི་མཐར་བྱེད་པར་འགྱུར་ཏེ། དེའི་ཉི་མ་རེ་རེ་ཞིང་འཁོར་མཐའ་ཡས་པ་དང་ཡོན་ཏན་ཚད་མེད་པར་འགྱུར་རོ། །ཚིགས་ སུ་བཅད་པ་ནི་འདི་ཡིན་ཏེ། འཇིག་རྟེན་སྐྱེ་བོ་ཐམས་ཅད་ཀྱི། །དེ་ནི་ཕ་འདྲ་མ་འདྲ་ཉིད། །རྟག་པར་སྙིང་རྗེ་རིན་ཆེན་ནི། །གང་དག་ཡིད་ལ་གནས་པའི་མཆོག་།གཞན་ཡང་མུ་སུ་ལུན་དྷ་ལྷའི་ལམ་དྲུག་པ་གང་དག་གིས་སྐྱེས་བུ་རྣམས་ལྷའི་འཇིག་རྟེན་དུ་སྐྱེད་མོས་ཚལ་ གྱི་ལྟད་མོ་བཞིན་དུ་འགྲོ་བར་འགྱུར་བ་ནི་འདི་ལྟ་སྟེ། སེམས་རབ་ཏུ་མཉམ་པར་བཞག་པའི་ཕྱིར་ན་སྐྱེས་བུ་རྣམས་ལེགས་པར་བྱ་བ་རྣམས་བྱེད་པར་འགྱུར་བ་ཡིན་ཞིང་ལེགས་པར་བསམ་པ་སེམས་པར་བྱེད་པ་ཡིན། ངག་རྣམས་ལེགས་པར་འགྱུར་བ་ཡིན་ནོ། །དེ་ དག་རྣམས་ནི་མདོར་བསྡུ་ན་ལེགས་པར་སེམས་མཉམ་པར་བཞག་པ་རྣམས་ཀྱི་ཡོན་ཏན་ཡིན་ནོ། །འདི་ལ་ཡང་ཚིགས་སུ་བཅད་པ། སེམས་ནི་རབ་ཏུ་མཉམ་བཞག་པ། །རྟག་ཏུ་ཆོས་ནི་རྗེས་མཐོང་ཞིང ། །ཉེས་པའི་དབང་གིས་མི་འགྲོ་སྟེ། །ཉི་ལ་མུན་པ་སྐྱེ་མིན་ 69-1-305b བཞིན། །མུ་སུ་ལུན་དྷ་དེ་དག་རྣམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། སེམས་རབ་ཏུ་མཉམ་པར་བཞག་པའོ། །གཞན་ཡང་ལྷའི་ལམ་བདུན་པ་རྣམས་གང་ལ་ཞུགས་ནས་སྐྱེས་བུ་རྣམས་ལྷའི་འཇིག་རྟེན་དུ་ཕྱིན་པར་བྱེད་པ་རྣམས་ནི་འདི་ལྟ་ སྟེ། ཡང་དག་པའི་ལྟ་བ་ལ་གནས་པའི་སྐྱེས་བུ་རྣམས་མྱ་ངན་ལས་འདས་པ་ཉིད་ལ་ཡང་གནས་པར་གྱུར་ན་ལྷའི་འཇིག་རྟེན་དུ་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཅུང་ཟད་གང་བྱེད་པ་དེ་དག་རྣམས་ཐམས་ཅད་ཀྱང་ཕན་པའི་དོན་ཁོ་ན་ ཡིན་པས་མྱ་ངན་ལས་འདས་པ་རྟོགས་པའི་དོན་དུ་འགྱུར་རོ། །ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཡང་འདི་ལ་ཚིགས་སུ་བཅད་པར་གྱུར་པ་ནི། ཡང་དག་ལྟ་བས་ཕུལ་བྱུང་བ། །གང་གི་སེམས་ལ་འབྱུང་འགྱུར་བ། །ཁྱིམ་པ་ཡིན་ཡང་འཁོར་བ་ཡི། །འཆིང་ བ་ལས་གྲོལ་དེ་ཤེས་བྱ། །གཞན་ཡང་ལྷའི་ལམ་བརྒྱད་པ་རྣམས་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ལ་མདོར་བསྡུ་ན་སྐྱོན་གསུམ་མི་འབྱུང་སྟེ། སྐྱེས་བུ་དམ་པ་རྣམས་སྤོང་བར་མི་འགྱུར་བ་དང ། བསླབ་པ་མཚུངས་པ་ཡིན་ཞེས་བྱས་ནས་ ཞལ་སྔ་ནས་ཡིད་ཆེས་པའི་གནས་སུ་ཡང་འགྱུར་རོ། །གཞན་ཡང་སྐྱོན་ཁྱད་པར་ཅན་རྣམས་འབྱུང་བར་མི་འགྱུར་བ་ཡིན་ནོ། འདི་ལ་ཡང་ཚིགས་སུ་བཅད་པ་ནི། སྡིག་པའི་གྲོགས་པོ་མི་སྟེན་པའི། །སྐྱེས་བུ་བདེ་བའི་སྐལ་ལྡན་ཡིན། །སྡིག་པའི་གྲོགས་པོ་ ལེགས་བསྟེན་པས། །དོན་མིན་ཀུན་གྱི་མཆོག་ཏུ་འགྱུར། །གཞན་ཡང་མུ་སུ་ལུན་དྷ་ལམ་དགུ་པ་འདི་ལྟ་སྟེ། དམ་པའི་ཆོས་ཉན་པར་བྱེད་པའོ། །དམ་པའི་ཆོས་ལ་ཡང་མདོར་བསྡུ་ན་ཡོན་ཏན་བདུན་ཡོད་དེ། འདི་ལྟར་མ་ཐོས་པ་རྣམས་ཐོས་པར་བྱེད། ཐོས་པ་ རྣམས་རྟས་པར་བྱེད། གང་ཡང་ཐ་མལ་པའི་སྡིག་པར་གྱུར་པ་དེ་དག་རྣམས་སྤོང་བར་བྱེད་དོ། །འཕགས་པ་རྣམས་ལ་ལྟ་བའི་རང་བཞིན་ཅན་དུ་འགྱུར་རོ། །སངས་རྒྱས་ལ་ཕྱིར་ཞིང་ཉིད་དུ་རབ་ཏུ་དང་བ་སྐྱེ་བར་འགྱུར་བ་ཡིན་ནོ། །འདིའི་ཚེ་དག་ཀྱང་འཕེལ་བར་འགྱུར་བ་ཡིན་ 69-1-306a ནོ། །ལུས་ཞིག་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ཡིན་ནོ། །འདི་ལྟར་ཡིན་པ་ལ་ཡང་ཚིགས་སུ་བཅད་པ། སྐྱེས་བུས་མ་ཐོས་ཐོས་པར་བྱེད། །ཐོས་པ་ཡང་ནི་བརྟན་པར་འགྱུར། །སྡིག་པ་སྤོང་བར་བྱེད་པ་ཡིན། །ཕྱི་མར་ལྷར་ནི་སྐྱེ་ བ་ཡིན། །གཞན་ཡང་མུ་སུ་ལུན་དྷ་ལྷའི་ལམ་བཅུ་པ་ནི་འདི་ལྟ་སྟེ། སེམས་འཇམ་པོར་འགྱུར་བའོ། །དེ་ལ་ཡང་ཡོན་ཏན་བཞི་ནི་འདི་ལྟ་སྟེ། ཞེ་སྡང་བར་མི་བྱེད་དོ། །གལ་ཏེ་བརྒྱ་ལ་ཞིག་བྱས་ན་ཡང་དེ་བརྟན་པར་མི་བྱེད་དོ། །ཁྲོ་བས་ཤིན་ཏུ་གནོད་པར་མི་འགྱུར་རོ། ། ལུས་ཞིག་ནས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཚིགས་སུ་བཅད་པ་ཡང་འདི་ཡིན་ཏེ། སེམས་གང་དགེ་བ་དྲི་མེད་ལྡན། །ཞེ་སྡང་གིས་ནི་གནོད་བྱེད་མིན། །བརྣབ་སེམས་དྲི་མ་འབྱུང་མིན་ཏེ། །ལྷ་ཡི་འཇིག་རྟེན་དུ་ཡང་སྐྱེ། །གཞན་ཡང་མུ་སུ་ལུན་དྷ་ལྷའི་ལམ་ རྣམས་ལས་བཅུ་གཅིག་པ་ནི་འདི་ལྟ་སྟེ། ལས་དང་འབྲས་བུ་ལ་དད་པའི་སྟོབས་བསྐྱེད་པའོ། །ལས་ཀྱི་འབྲས་བུ་རྣམས་ལ་དད་པའི་སྟོབས་སྐྱེད་པའི་སྐྱེས་བུ་རྣམས་ནི་སྡིག་པ་ཐམས་ཅད་རྣམ་པར་སྤངས་པར་འགྱུར་རོ། །ཁ་ན་མ་ཐོ་བ་ཅུང་ཟད་ཙམ་རྣམས་ལ་ཡང་འཇིགས་པར་ ལྟ་བར་འགྱུར་རོ། །དེས་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་ཡང་ཀུན་ནས་རིག་པར་འགྱུར་རོ། །འདི་ལྟ་སྟེ། འདུས་བྱས་རྣམས་བྱེད་པར་མི་འགྱུར་རོ། །དེ་ལེགས་པར་བྱས་པའི་ལས་ལ་གོམས་པའི་དབང་གིས་ལུས་ཞིག་ནས་བདེ་འགྲོ་ མཐོ་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཚིགས་སུ་བཅད་པ་ཡང་འདི་ཡིན་ཏེ། གང་གི་ལས་འབྲས་རྣམ་སྨིན་ཤེས། །རྟག་ཏུ་ཕྲ་མོ་ལེགས་མཐོང་བ། །འདི་ནི་སྡིག་པས་གོས་མིན་ཏེ། །འདམ་གྱི་པད་མ་ཇི་བཞིན་ནོ། །གཞན་ཡང་མུ་སུ་ལུན་དྷ་མཐོ་རིས་ ཀྱི་ལམ་གང་དག་ལ་མངོན་པར་ཞུགས་ནས་སྐྱེས་བུ་ལྷ་རྣམས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ནི་འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་རབ་ཏུ་དང་བ་ཕྱིན་ཅི་མ་ལོག་པའོ། །དཀོན་མཆོག་གསུམ་ལ་རབ་ཏུ་དང་བའི་ཕྱིན་ཅི་མ་ལོག་པ་དེ་ནི་ཡོན་ཏན་བརྒྱ་ཕྲག་དུ་མ་དང་ལྡན་པ་ཡིན་པ་ 69-1-306b གང་གི་ཕྱིར་ན་ཡོན་ཏན་དུ་མ་དང་ལྡན་པ་དེས་ཀྱང་ཡོན་ཏན་རྣམས་ཟིལ་གྱིས་མནན་ནས་རྣམ་པར་རྒྱལ་བས་གསལ་ཞིང་མཛེས་སོ། །འདི་ལྟ་སྟེ། སྐྱེས་བུ་དེ་དག་རྣམས་ནི་མྱ་ངན་ལས་འདས་པའི་མཐར་ཕྱིན་པར་འགྱུར་རོ། །སྔོན་དུ་ལྷ་དང་མི་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་ བར་འགྱུར་ཏེ། ལམ་བཅུ་གཉིས་པོ་འདིས་སྐྱེས་བུ་རྣམས་སམ། ལྷ་གང་དག་བག་མེད་པ་དང་ལྡན་པ་མ་ཡིན་པ་དེ་དག་རྣམས་ཀྱང་མཐོ་རིས་སུ་འགྲོའོ། །བག་མེད་པ་ལ་ཞུགས་པའི་སྐྱེས་བུ་རྣམས་ནི་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་བདེ་བ་རྣམས་ ཀྱང་མི་ཐོབ་པའོ། །དེ་ལྟ་བས་ན་མུ་སུ་ལུན་དྷ་ཇི་ལྟ་བུ་ཁོ་ནར་སྔོན་གྱི་དྲང་སྲོང་གསེར་ཐུབ་དེས། འཐབ་བྲལ་བ་རྣམས་ཀྱི་བདག་པོ་སོའུ་མྱོ་དེ་ལ་ཆོས་བསྟན་པའི་ཆོས་དེ་ཉིད་ཁོ་ན་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཡིན་པ་ཡང ། ཇི་ལྟ་བ་བཞིན་དུ་ཁྱོད་ ཀྱི་ཚེ་ཆེས་རྒན་པ་རྣམས་ཀྱི་དྲུང་ནས་ཐོས་པ་ཡིན་ནོ། །འདི་ལ་ཡང་ཚིགས་སུ་བཅད་པར་གྱུར་པ་ནི། དཀོན་མཆོག་གསུམ་ལ་རབ་དད་པ། །འབྱུང་འགྱུར་འབྲས་བུ་དུ་མ་དང ། །མྱ་ངན་འདའ་བར་འགྱུར་བ་སྟེ། །སྔོན་དུ་ཉེ་བར་མཐོ་རིས་སྐྱེ། །ལམ་ བཅུ་གཉིས་པོ་དེ་དག་རྣམས་བར་མ་ཆད་པས་དེར་རྟག་ཏུ་འགྲོ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ནས་མུ་སུ་ལུན་དྷས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས། ལྷ་བརྒྱ་སྟོང་ཕྲག་བརྒྱད་ཅུ་པོ་རྣམས་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་ གྱུར་ཏོ། །དེ་ནས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། ཚིགས་སུ་བཅད་པ་འདི་དག་རྣམས་སྨྲས་ཏེ། ཇི་ལྟར། དེ་བཞིན་གཤེགས་པ་ཁྱོད་དྲིན་གྱིས། །ངན་སོང་འཇིགས་ པ་ལས་བདག་གྲོལ། །ལྷ་ནི་འདི་རྣམས་ཐམས་ཅད་ཀྱང ། །མགོན་པོ་ཁྱོད་ཀྱི་ཆོས་ཀྱིས་བསྒྲལ། །སྲིད་པའི་བཙོན་ར་རྒྱ་ཆེན་ལ། །ལྷ་དང་བཅས་པ་རབ་ཞུགས་པ། །བདེར་གཤེགས་བསྟན་པ་གང་ལ་བདག་།བདག་གི་སྐྱེ་བ་དེང་འབྲས་བཅས། ། 69-1-307a དེ་སྐད་ཅེས་སྨྲས་ནས། མུ་སུ་ལུན་དྷ་བཱ་རཱ་ཎ་སཱི་ནས་འཕགས་ནས། ལྷའི་ཚོགས་དང་བཅས་པ་རྣམས་ནམ་མཁའི་དཀྱིལ་དུ་འཕགས་ཏེ། དེ་རྣམས་གང་ན་འཐབ་བྲལ་བ་རྣམས་ཀྱི་ས་རྣམས་ཡོད་པ་དེར། ལྷ་དེ་ཐམས་ཅད་ཉིད་རབ་ཏུ་ ཞུགས་ནས། དེ་རྣམས་དེ་རེ་ཞིག་གི་ཚེ་དགའ་དགུར་གྱུར་པས་ཀྱང་ཀུན་ཏུ་སྤྱོད་དེ། ཇི་སྲིད་དུ་དེ་དག་རྣམས། སྐྱེ་བ་གཅིག་གི་དབང་དུ་བྱས་པའི་ཚེ་མ་ཟད་ཀྱི་བར་དུའོ། །དེ་ཟད་ནས་ཕྱིས་ཀྱང་གང་གིས་སྡིག་པའི་སྒོ་རྣམས་བཅད་པའི་མི་རྣམས་སུ་དེ་སྐྱེའོ། །སྐྱེས་ ནས་ཀྱང ། མཆོག་ཏུ་གཞོན་ཤ་ཆགས་པ་དང ། གཟུགས་དང་ལང་ཚོ་ཕུལ་དུ་ཕྱིན་པ་དང་འབྱོར་ཅིང་ཡང་ཡུལ་ལྗོངས་ལ་དབང་བར་འགྱུར་རོ། །གང་དག་རྒྱུན་དུ་ཞུགས་པ་མ་ཡིན་པ་དེ་དག་རྣམས་ནི་ཚེ་འཕོས་ནས། ཇི་ལྟར་ཆོས་རྣམས་ཀྱིས་ཉེ་བར་འགྲོ་བར་འགྱུར་བ་ དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེའོ། །དེ་དག་རྣམས་ནས་འཕོས་ནས་གལ་ཏེ་ཡང་མི་རྣམས་དང་སྐལ་བ་མཚུངས་པར་མིར་སྐྱེས་ན་ཡང ། དེ་རྣམས་དེ་བཞིན་དུ་གཞོན་ཤ་ཅན་དུ་འགྱུར་ཞིང་རྒྱན་དང་ཆ་ལུགས་ལ་མཆོག་ཏུ་དགའ་བར་ཡང་ འགྱུར་ཏེ། དེའི་རྒྱུ་འཐུན་པའི་ལས་རྣམས་ཀྱིས་སོ།། །། 70-1-1b ༄##། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་རྩ་དྲུག་པ། གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་ བྲལ་བའི་ས་རྣམས་ལ་རྣམ་པར་ལྟ་བར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བར་གྱུར་པ་ནི་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ཇི་ལྟ་བ་བཞིན་དུ་ཡོད་པ་ བཞོན་པ་རྒྱ་ཆེ་བ་ལ་རྣམ་པར་རྒྱུ་བ་ཞེས་བྱ་བའོ། །དེར་ཡང་ལས་གང་གིས་སེམས་ཅན་སྐྱེ་བར་འགྱུར་བ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་པས་མཐོང་སྟེ་སྐྱེས་བུ་དམ་པ་ གང་དག་གིས་དགེ་བའི་བཤེས་གཉེན་བདག་ཉིད་ལ་བདེ་ལེགས་སྟོན་པར་བྱེད་པས་ནི་དཔེ་མེད་པའི་ཡུལ་གྱི་ཡོན་ཏན་དང་ལྡན་པ་ཡང་གང་ཁོ་ན་བདག་གིས་གཟུགས་མཐོང་བ་དེ་ ཉིད་ནི་འདོད་པ་སྡུག་པ་ཡིད་དུ་འོང་བ་གཞན་རྣམས་དང་འདྲ་བ་མ་ཡིན་པ་རྣམས་མཐོང་ངོ ། །གང་ཡང་རྣ་བས་ཐོས་པ་རྣམས་ནི་རྣམ་པ་སྣ་ཚོགས་པའི་གླུ་རྣམས་དང་།བྱའི་སྒྲ་དང་ 70-1-2a ཆུ་ཀླུང་དང་འབབ་ཆུ་དང ། མཚེའུ་ལ་སོགས་པའི་སྒྲ་རྣམས་ཏེ། དེ་རྣམས་ནི་འདོད་པ་སྡུག་པ་ཡིད་དུ་འོང་བ་གཞན་རྣམས་དང་མི་འདྲ་བ་མཚུངས་པ་མེད་པར་གྱུར་པས་ཡིད་ཚིམ་པ་མེད་པར་བྱེད་པ་རྣམས་ཡིན་ནོ། །དེ་ བཞིན་དུ་བདག་གིས་སྣས་སྣོམ་པ་རྣམས་གང་ཡིན་པ་དེ་རྣམས་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམ་པ་དུ་མར་གཞན་རྣམས་དང་འདྲ་བ་མ་ཡིན་པར་གྱུར་པ་སྔ་ན་མེད་པ་ཡིད་ཚིམ་པ་མེད་པར་བྱེད་པ་རྣམས་བདག་གིས་སྣོམ་མོ། །གཞན་ཡང་ བདག་གི་ལྕེས་རོ་རྣམ་པ་དུ་མ་མྱོང་བར་བྱེད་པ་ན་དེ་རྣམས་ཀྱང་རྣམ་པ་དུ་མར་གཞན་དང་མི་འདྲ་བ་ཡིད་ངོམས་པ་མེད་པར་བྱེད་པ་རྣམས་སོ། །གང་ཡང་བདག་གི་ལུས་ཀྱིས་རེག་བྱ་རྣམས་ལ་རེག་པར་བྱེད་པ་ན་རྣམ་པ་སྣ་ཚོགས་ཤིང་རྣམ་པ་དུ་ མར་གཞན་དང་མཚུངས་པ་མ་ཡིན་པ་ཡུལ་གྱི་བདེ་བ་གང་ཅུང་ཟད་ཀྱང་མ་ལུས་པ་ཐམས་ཅད་ནགས་འདི་དག་རྣམས་ན་མེད་པ་མ་ཡིན་ཏེ། ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་རྣམས་རྣམ་པ་དུ་མར་ཕུན་སུམ་ཚོགས་པ་རྣམ་པར་བརྟག་པར་བྱ་བ་དུ་མར་ གཞན་རྣམས་དང་མཚུངས་པ་མ་ཡིན་པའི་ལྷ་རྣམས་སུ་སྐྱེའོ། །ལྷ་རྣམས་ཀྱིས་ནགས་རྣམས་མཐོང་བས་ནི་མ་ཡིན་གྱི་ནགས་འདི་དག་ཏུ་ཞུགས་པ་ཙམ་ཉིད་ན་ལྷ་ཁྱེད་རྣམས་འདིར་ཤིན་ཏུ་ངོ་མཚར་བར་གྱུར་པར་མཐོང་བ་ཡིན་ལ། གང་ཡང་ལྷ་ རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་སྔོན་དུ་བྱས་ནས་ལྷ་འདི་དག་རྣམས་ནང་རྣམས་སུ་འཇུག་པར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཡང་བྱེ་བ་སྟོང་ཕྲག་ས་ཡ་ཕྲག་དགུའི་རྒྱན་དང་ཆ་བྱད་རྣམ་པ་སྣ་ཚོགས་པའི་གཟུགས་དང་ལང་ཚོ་དང་གླུ་དང་རོལ་མོའི་ 70-1-2b ཡོན་ཏན་རྣམས་དང་ལྡན་པའི་ལྷའི་བུ་མོ་རབ་ཏུ་དགའ་བར་གྱུར་པའི་བཞིན་མངོན་དུ་བསྟན་པར་གྱུར་པ་བྱེ་བ་སྟོང་ཕྲག་ས་ཡ་ཕྲག་དགུས་མངོན་པར་མཆོད་པར་བྱེད་པར་གྱུར་པའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པར་བྱེད་པ་རྣམས་ཡིན་ཞིང ། ལྷ་ དེ་དག་རྣམས་ཀྱིས་མངའ་བདག་མུ་སུ་ལུན་དྷ་དེ་ལ་ནི་ཅི་ནས་ཀྱང་ལྷ་རྣམས་ཀྱིས་ལེགས་པར་ལྟ་བར་བྱེད་པ་ཡིན་ཏེ་རྒྱུ་གང་གིས་ཡིན་ན་ཡུལ་རྣམས་དེའི་ཡིན་པའི་ཕྱིར་དང ། དེ་ཡང་བདག་ཅག་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པ་ཕ་བཞིན་དང་མ་བཞིན་དུ་འཐབ་བྲལ་གྱི་ ས་རྣམས་སུ་ལེགས་པ་སློབ་པར་བྱེད་པ་ཡིན་ནོ། །དེ་དག་རྣམས་ཐོས་ནས་ལྷ་གསར་དུ་སྐྱེས་པ་དེ་དག་ཕྱིར་ཡང་ལྷའི་བུ་མོ་དེ་དག་གིས་ཡོངས་སུ་བསྐོར་བའི་ལྷ་ཉིད་ལ་ལྟ་བར་བྱེད་དེ། དམན་པ་དང་བར་མའི་གཟུགས་དང་ཆ་བྱད་དང་རྒྱན་ཅན་སྐྱེའོ། །རེ་རེ་ཞིང་འདོད་པའི་ ཡོན་ཏན་དང་བདེ་བའི་ཟས་ཀྱིས་གནས་པ་འདོད་པའི་ཡོན་ཏན་ལྔའི་ཟས་དང་ལྡན་པ་རྣམས་ཀྱིས་མངོན་པར་མཐོང་ནས་རྩེ་བར་བྱེད་པར་འགྱུར་བ་དང ། ལྷ་མོ་དེ་དག་རྣམས་དང་ལྷ་གཞན་རྣམས་ཀྱིས་ཀྱང་ངག་སྙན་པས་མཉེས་པར་བྱེད་པར་འགྱུར་ལ། དེ་ན་ཡོན་ཏན་སྟོང་ཕྲག་ དུ་མ་དང་ལྡན་པ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་ཤིང་གི་ཕྲེང་བ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་མཛེས་པར་བྱས་པ་དཔག་བསམ་གྱི་ཤིང་གི་ནགས་ལ་གཞན་རྣམས་ལ་གང་དང་གང་དག་བསམས་པ་དེ་དང་དེ་དག་རྣམས་དཔག་ བསམ་གྱི་ཤིང་དེ་རྣམས་ལས་བྱུང་ངོ ། །དེ་ལྟར་ཡོན་ཏན་ཕུན་སུམ་ཚོགས་པའི་ཤིང་དེ་དག་རྣམས་ལ་གསར་དུ་སྐྱེས་པའི་ལྷས་ཤིང་དེ་དག་ཡོན་ཏན་ཕུལ་དུ་བྱུང་བ་རྣམས་དུ་མར་ཕུན་སུམ་ཚོགས་པའི་ཡུལ་གྱི་ལོངས་སྤྱོད་རྣམས་གང་ཡིན་པ་ཁོ་ནས་དགའ་བའི་ནགས་རྣམས་མངོན་ པར་མཐོང་ནས་མིག་གི་རྒྱུ་བ་ཕྱིར་མི་ཟློགས་པའི་ཤིན་ཏུ་བར་ཡང་དགའ་བ་འདི་དག་རྣམས་ལ་རྟག་པར་རྒྱུན་མི་ཆད་པར་རབ་ཏུ་ལྟ་བར་གྱུར་པས་དེ་དག་རྣམས་དང་བཅས་པ་ནགས་ཆེན་པོ་དེའི་ནང་དུ་ལེགས་པར་གཞུག་པར་བྱེད་ལ། བཟའ་བ་དང་བཏུང་བའི་ཆུ་ཀླུང་བརྒྱ་སྟོང་ཕྲག་མང་ 70-1-3a པོ་དང་ལྡན་པ་ཁ་དོག་སྣ་ཚོགས་པའི་བྱ་རྣམས་ཀྱིས་ཉེ་འཁོར་ན་ཅ་ཅོའི་སྒྲ་རབ་ཏུ་འབྱིན་པ་དང་ཤིན་ཏུ་མཉན་པར་འོས་པའི་ལྷ་མོའི་ཚོགས་ཀྱིས་གླུ་མཆོག་གི་སྒྲ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པའི་བྱའི་སྒྲ་རྣམས་དང་འདྲེས་པས་ཡིད་འཕྲོག་པར་བྱེད་དོ། ། གཞན་ཡང་ལྷ་གཞན་རྣམས་ཞུགས་པར་གྱུར་པ་ན་ལྷ་གསར་དུ་སྐྱེས་པ་དེས་མཐོང་བ་ནི་ཤིན་ཏུ་ངོ་མཚར་བར་གྱུར་པའི་པད་མའི་ཚལ་རིང་དུ་ནི་དཔག་ཚད་གསུམ་མོ། །རྒྱར་ནི་དཔག་ཚད་གཉིས་པའི་པད་མ་ཆེན་པོའི་ནགས་རྣམས་ནི་དབྱིབས་དུ་མ་དང་གཟུགས་དུ་མས་ ཉེ་བར་མཛེས་པར་གྱུར་པ་ལ་འདི་ལྟ་སྟེ། སྟོན་ཀའི་དུས་ན་ནམ་མཁའ་དྲི་མ་དང་བྲལ་བ་ལ་རབ་ཏུ་འབར་བའི་གཟའ་དང་སྐར་མས་མཛེས་པ་བཞིན་དུ་དེའི་ཉེ་འཁོར་རྣམས་ན་ཡང་ལྷ་དང་ལྷ་མོའི་ཚོགས་ཕལ་ཆེ་བར་གྱུར་པ་བརྒྱ་སྟོང་གིས་ཡོངས་སུ་གང་བར་གྱུར་པ་དང ། རབ་ཏུ་དགའ་བའི་ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ནི་གར་རྣམས་དང ། རྒོད་པར་བྱེད་པ་རྣམས་ཀྱིས་ཀྱང་རྔ་སྒྲ་ཡན་ལག་ལྔ་དང་ལྡན་པས་ཕན་ཚུན་ཐབས་ཅིག་ཏུ་དགའ་བར་གྱུར་ཅིང ། ཕན་ཚུན་དུ་ལེགས་པར་གཏམ་འདྲེ་བ་འབྱུང་བའི་ཡིད་ཅན་རྣམས་ཕན་ཚུན་དུ་ཡུད་ཙམ་ ཅིག་ཀྱང་ཀུན་ཏུ་ཆགས་པ་དང ། དགའ་བ་དང་ཡང་བྲལ་བར་འགྱུར་བ་མ་ཡིན་ནོ། །དེ་ལྟར་གྱུར་པའི་ཡིད་དེ་ལྟ་བུར་གྱུར་པའི་སེམས་ཀྱིས་ངལ་བར་གྱུར་པ་ཡང་མེད་པ་བློ་ཡང་དེ་དག་སྐྱེ་བའི་ཡིད་དེས་ཀུན་ཏུ་དྲངས་པ་རྣམས་ཀྱི་ཉེ་འཁོར་ན་ཆེས་རབ་ཏུ་དགའ་བའི་ལྷའི་ཚོགས་ ཀྱིས་ཡོངས་སུ་བསྐོར་བའོ། །གཞན་ཡང་ལྷ་དེས་མཐོང་བ་ནི་པད་མའི་ནགས་དེ་དག་རྣམས་ན་རྣམ་པ་སྣ་ཚོགས་པའི་བྱ་རྣམས་ཆུ་ལ་རྒྱུ་བ་དག་ཀྱང་ཕན་ཚུན་དུ་དགའ་ཞིང་ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །ཕན་ཚུན་དུ་ཆགས་པའི་ཡིད་ཅན་དེ་དག་རྣམས་ཀྱང་དེ་བཞིན་དུ་ཕན་ ཚུན་དུ་གྲོགས་ཀྱི་བྱ་བ་ཡང་རྗེས་སུ་བྱེད་དོ། །དེ་དག་རྣམས་དེ་བཞིན་དུ་ལྷ་རྣམས་ཀྱི་རྗེས་སུ་བྱ་བ་ཡང་བྱེད་ལ། ལྷ་རྣམས་ཇི་ལྟ་བ་བཞིན་དུ་དེ་དག་རྣམས་དེ་ལྟ་བ་བཞིན་དུ་ངུར་པ་དང ། བྱ་ཀ་དམ་པ་དང་བྱ་ཀཱ་རཎ་ཌ་བ་པ་དང ། དེ་དག་རྣམས་ལྷན་ཅིག་ཏུ་པད་ 70-1-3b མའི་ནགས་དེ་ལ་རྣམ་པ་དུ་མ་དགའོ། །དེ་མཆོག་ཏུ་དགའ་བའི་དང་བར་གྱུར་པ་ཅན་གྱི་ཆུ་དེ་འཇུག་ངོས་རྣམས་ན་ལྷ་དེ་རྣམས་ལ་ལ་ནི་གསེར་གྱི་འདབ་མ་ཅན་གྱི་པད་མ་བླངས་ནས་བདུད་རྩི་འཐུང་ཞིང་གླུ་ཡང་ལེན་པར་བྱེད་དེ། ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་ བསྐོར་ནས་རྣམ་པ་སྣ་ཚོགས་པའི་ལྷའི་བདེ་བ་རྣམས་དང་ཡང་དག་པར་ལྡན་ནོ། །ཡང་གཞན་རྣམས་ནི་དངུལ་གྱི་རང་བཞིན་གྱི་བདུད་རྩི་བླངས་ནས་སོ་པད་མ་རཱ་ག་དང་མཚུངས་པའི་མདོག་ཅན་རང་གི་ལས་རྣམས་དང་རྗེས་སུ་འཐུན་པ་རྣམས་འཐུང་བར་བྱེད་དེ། དགའ་ བ་དང་ལྡན་པས་ཇི་སྲིད་དུ་སེར་པོ་རྣམས་ཀྱང་ངོ ། །ཡང་ལྷ་གཞན་ནི་ཤེལ་གྱི་རང་བཞིན་གྱི་པད་མའི་འདབ་མ་རྣམས་ལ་བདུད་རྩི་མཆོག་ཏུ་དྲི་ཞིམ་པ་དང་ལྡན་པ་མཆོག་ཏུ་ཕུན་སུམ་ཚོགས་པ་མཆོག་ཏུ་བསིལ་བར་གྱུར་པ་ལྷན་ཅིག་སྤྱོད་པ་རྣམས་དང ། ལྷན་ཅིག་ ཏུ་རང་གི་ལས་དང་འདྲ་བའི་རྩི་རྣམས་འཐུང་བར་བྱེད་དོ། །ཡང་ལྷ་གཞན་རྣམས་ནི། པད་མའི་ནགས་དེ་དག་ཉིད་ཁོ་ན་ན་བལྟ་བར་བྱ་བའི་ཆེས་མཆོག་ཏུ་དགའ་བའི་ཡུལ་ལྔའི་ཡོན་ཏན་རྣམས་དང་ཡང་དག་པར་ལྡན་པ་ཨིན་དྲ་ནཱི་ལའི་རང་བཞིན་གྱི་མདོག་དང་ ལྡན་པའི་མེ་ཏོག་པད་མའི་འདབ་མ་ལ་གནས་པའི་བདུད་རྩི་བླངས་ནས་འཁོར་དགའ་བ་རྣམས་དང་དགའ་བར་བྱེད་དོ། །ལྷ་གཞན་རྣམས་ཀྱང་ལྷའི་མེ་ཏོག་རྣམས་ཀྱིས་ལེགས་པར་རྒྱས་པ་ལྷའི་བདུད་རྩི་དང་ལྡན་པའི་ཤིང་རྣམས་ཀྱི་ནང་དུ་སོང་བར་གྱུར་པ་དང ། རྒྱགས་ ཤིང་བག་མེད་པས་རྣམ་པར་རྒྱུ་བས་ནགས་གཞན་གྱི་གསེབ་ཏུ་རྣམ་པར་རྒྱུ་བ་རྣམས་སྣ་ཚོགས་པར་དགའ་བའི་འཁོར་རྣམས་དང་བཅས་པའི་ལྷ་རྫས་ཀྱི་རོ་དང་དྲི་དང་ཁ་དོག་དུ་མ་ཕུན་སུམ་ཚོགས་པ་དང་ལྡན་པའི་འབྲས་བུ་གཞིབས་ནས་དེའི་ནང་དུ་སོང་ནས་རོ་གཞན་འཐུང་བར་ བྱེད་ཅིང ། གླུ་ཡང་ལེན་པར་བྱེད་དེ་མཆོག་ཏུ་དགའ་བའི་ཡིད་དང་ལྡན་པས་སོ། །ཡང་ལྷ་གཞན་རྣམས་ནི་གསེར་དང་དངུལ་དང་ཤེལ་དང་ཨིན་དྲ་ནཱི་ལའི་རང་བཞིན་དེ་དག་རྣམས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གིས་གང་བས་གཡོགས་པ་འཁྲི་ཤིང་གི་ཕུག་ཏུ་གྱུར་པ་ 70-1-4a ལ། འཁྲི་ཤིང་གི་བླ་རེ་བྲེས་པའི་ཁང་པ་ལ་འཁོར་དང་བཅས་པ་རྣམས་དགའ་ཞིང་ལྷ་མོ་རྣམས་དང་བཅས་པ་གླུ་ལེན་པར་ཡང་བྱེད་དོ། །ཡང་ལྷ་གཞན་དག་རྣམས་ནི་ཆུ་ཀླུང་གི་འགྲམ་རྣམས་ལ་བརྟེན་ནས་བྱས་ཀུན་ཏུ་སྒྲ་སྒྲོགས་པ་དང་ལྡན་པ་མནན་ན་ ནེམ་ལ་བཏེག་ན་འཕར་བའི་ས་གཞིའི་ཆ་རེག་ན་འཇམ་པར་གྱུར་པ་ལ་སྐྱེས་པ་ཤིང་རྣམས་ཀྱི་མེ་ཏོག་ཁ་དོག་ལྔ་དང་ཡང་དག་པར་ལྡན་པའི་ཕྲེང་བར་བྱ་བའི་ཕྲེང་བ་རྣམས་ལེན་ལ། ཁ་ཅིག་ནི་སིལ་མ་དང་ཡང་དག་པར་ལྡན་པའི་མེ་ཏོག་རྣམས་ཡོངས་སུ་བླངས་ནས་ལྷན་ ཅིག་ཏུ་སྤྱོད་པ་རྣམས་དང ། བདག་ཉིད་ཀྱང་སྣོམ་པར་བྱེད་དོ། །ལྷ་གཞན་རྣམས་ནི་དེ་དང་ཉེ་བ་ན་རོལ་མོའི་སྒྲ་དག་བྱེད་དོ། །ཡང་ལྷ་གཞན་དག་རྣམས་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྡོ་བ་སྣ་ཚོགས་པར་གྱུར་པ་རྣམས་ལ་འདི་ལྟ་སྟེ་ཨིན་དྲ་ནཱི་ལ་དང་ཤེལ་དང ། གསེར་ དང་དངུལ་གྱི་རང་བཞིན་རྣམས་ལ་དགའ་བར་བྱེད་ཅིང་ཀུན་ཏུ་སྤྱོད་པར་ཡང་བྱེད་དེ། ཇི་སྲིད་དུ་འདོད་ཅིང་སྡུག་ལ་ཡིད་དུ་འོང་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་རྣམས་ཟད་པར་མ་གྱུར་གྱི་བར་དུའོ། །དེ་དག་རྣམས་ཟད་ནས་སླར་ཡང་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བ་ཡིན་ནོ། །དེ་རྣམས་ནས་འཕོས་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་རྣམས་ཀྱིས་གལ་ཏེ་མི་རྣམས་དང་སྐལ་བ་མཚུངས་པར་གྱུར་པའི་མིར་སྐྱེས་ན་ཡང་དེ་དག་ཏུ་གཞོན་ཤ་ཅན་དང ། མཆོག་ཏུ་གཟུགས་དང་ལང་ཚོ་དང་ལྡན་པ་དང ། ཡིད་དགའ་བ་དང ། ལོངས་སྤྱོད་དང ། ཡུལ་ལྗོངས་རྣམས་ལ་ཡང་དབང་བར་འགྱུར་བ་ཡིན་ཏེ། ལས་དེ་རྣམས་ཀྱི་རྒྱུ་འཐུན་པའི་དབང་གིས་སོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལ་རྣམ་པར་ལྟ་ བར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཐབ་བྲལ་བ་རྣམས་ཀྱིས་རྒྱུན་གནས་ན་རྣམ་པར་རྒྱུ་བ་ཞེས་བྱ་བ་ཡོད་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེར་ཡང་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ 70-1-4b ཀྱིས་མཐོང་བ་གང་དག་དྲང་པོར་གྱུར་ཅིང་དྲང་པོའི་རང་བཞིན་ཅན་དད་པའི་སྟོབས་ཅན་དུ་གྱུར་པས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་རྣམས་རྣམ་པར་སྤངས་ཤིང་ཀུན་ནས་ཡོངས་སུ་དག་པར་གྱུར་ལ། འདོད་པས་ལོག་པར་གཡེམ་པ་ཡང་མི་སྟེན་ཅིང ། གོམས་ པར་མི་བྱེད་ལ་ལན་མང་དུ་བྱེད་པར་མི་འགྱུར་བ་ནི་འདི་ལྟ་སྟེ། བུད་མེད་རྣམས་ཀྱི་མིག་ལ་བརྟེན་ནས་མ་ཡིན་ཞིང ། མིག་གིས་གཟུགས་ལ་ཡང་འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་ལྟ་བར་མི་བྱེད་དོ། །སེམས་རྒྱུད་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཟིལ་ གྱིས་ནོན་པར་གྱུར་ན་དེ་ཡང་ཕྱིར་སྤོང་བར་བྱེད་དོ། །ཀུན་ཏུ་རྟོག་པར་མི་བྱེད་དོ། །དུག་བཞིན་དུ་ཡོངས་སུ་སྤོང་བར་བྱེད་དོ། །སྐྱེས་བུ་དམ་པ་དེ་དག་རྣམས་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་རྣམས་ལས་འཐབ་བྲལ་བ་རྣམས་ཀྱི་ནང་གང་ན་རྒྱུན་གནས་ན་རྒྱུ་བ་ཞེས་ བྱ་བ་ལྷ་དེའི་སར་སྐྱེ་བའོ། །དེར་སྐྱེས་པ་འདིའི་ཡང་ཉི་མ་དང་མཚུངས་པའི་གཟི་བརྗིད་ཀྱི་དགེ་བ་ཤར་བའི་འབྲས་བུ་ལ་ལོངས་སྤྱོད་པ་དཔེ་མེད་པའི་བདེ་བ་དང་ལྡན་པ་དེ་ལྷ་རྫས་ཀྱི་ཡུལ་དུ་མ་ཉེ་བར་སྟེན་པ་རྣམས་ཏེ། དང་པོ་ཁོ་ན་ཉིད་དུ་སྐྱེས་པའི་སེམས་ཀུན་ཏུ་དགའ་ཞིང་རབ་ ཏུ་དགའ་བའི་ཡིད་ཀྱིས་ཇི་ལྟར་བདག་གཅིག་པུ་གནས་ཞེས་དེའི་སེམས་བསྐྱེད་པ་ཙམ་ཉིད་ན་ནགས་དེ་དག་རྣམས་ཀྱི་ནང་ཀུན་ནས་འོང་བ་ན་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་དང་ལྡན་པ་མགོ་ལ་པད་མའི་ཕྲེང་བའི་འོད་རྣམ་པར་འབར་བ་རྣམ་པ་སྣ་ཚོགས་པའི་གོས་ཁ་དོག་ སྣ་ཚོགས་པ་ཅན་བགོས་པ་རྣམས་གང་ན་ལྷ་དེ་ཡོད་པ་དེར་མྱུར་བར་འོང་བར་འགྱུར་རོ། །འོངས་ནས་ཀྱང་སྒྲིན་པོར་གྱུར་པ་རྒྱན་དང་ཆ་ལུགས་སྟོང་ཕྲག་བརྒྱས་མངོན་པར་བརྒྱན་པ་རྣམས་ལྷ་གསར་དུ་སྐྱེས་པ་དེ་དང་ཉེ་བར་འོངས་ཏེ། དེ་ཡོངས་སུ་བསྐོར་ནས་རོལ་མོས་བྲེལ་ བའི་ཡིད་ཅན་དང་མཆོག་ཏུ་གླུ་ལ་ཆགས་པའི་ཡིད་ཅན་གྱིས། ལྷ་དེ་ཉེ་བར་སྒྱུར་ཞིང་རྣམ་པ་དུ་མར་ཡིད་ཀྱི་རྗེས་སུ་འཐུན་པས་ཤིན་ཏུ་ཡོན་ཏན་ཕུན་སུམ་ཚོགས་པ་གཞན་གྱི་སྙིང་དབང་དུ་གྱུར་པའི་ལྷ་མཆོག་ལ་ལྷའི་བུ་མོ་དེ་དག་ཉེ་བར་སྟེན་པར་བྱེད་དོ། །དེས་ཀྱང་ལྷའི་ 70-1-5a བུ་མོ་དེ་དག་རྣམས་མཐོང་བ་དང་སྔ་ནས་མ་མཐོང་བའི་ཀུན་ཏུ་འདོད་ཆགས་སྐྱེས་ནས་དཔྱོད་པར་བྱེད་དེ། འདི་དག་སུ་ཡིན་ཅི་ལས་འོངས་ཞེས་སོ། །དེ་ནས་དེའི་དྲུང་དུ་འོངས་པ་མངོན་པར་མཐོང་ནས། རྣམ་པ་སྣ་ཚོགས་པའི་རྣམ་པར་འདོད་ཆགས་ པའི་བག་ཆགས་སྟོང་ཕྲག་དུ་མའི་རྣམ་པར་རྟོག་པ་དང ། རྒྱན་རྣམ་པ་སྣ་ཚོགས་པ་རྣམ་པར་གསལ་བའི་རིན་པོ་ཆེས་ལུས་ལ་ལམ་མེར་གྱུར་པ་གསེར་བཙོ་མའི་རྣ་གདུབ་ཀྱིས་འགྲམ་པའི་ངོས་ལ་ཐུག་པར་གྱུར་པ། རྣམ་པར་རྟོག་པ་དུ་མ་དང་ལྡན་པའི་རོལ་ཆས་ལག་པ་ བྲེལ་བ་རྣམས་ཏེ། དཔེ་རྣམ་པ་དེ་ལྟ་བུ་རྣམས་གང་ཡིན་པ་དེ་སྲིད་ཀྱིས་ནི་སུམ་ཅུ་རྩ་གསུམ་པའི་ལང་ཚོ་ལ་བབ་པའི་གླུ་མཁན་མ་རྣམས་ཀྱང་དཔེ་མེད་པ་ཡིན་ན། གང་ཡང་ཡོན་ཏན་རྣམ་པ་སུམ་འགྱུར་གྱི་ཡོན་ཏན་དང་ལྡན་པའི་དགེ་བའི་ལས་དུ་མ་ཡོངས་སུ་དག་པ་ལས་ ལེགས་པར་སྐྱེས་པའི་འཐབ་བྲལ་གྱི་ལྷ་མོ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། སུམ་ཅུ་རྩ་གསུམ་པའི་ལྷ་མོ་རྣམས་དང་མི་རྣམས་ཀྱི་གླུ་མཁན་གྱི་ཁྱད་པར་གང་ཡིན་པས་ཇི་ལྟར་གླུ་ལེན་པའི་ཁྱད་པར་ཡོད་པ་དེ་ལྟར་གཟུགས་དང་ལང་ཚོ་ལ་བབ་པ་དང་ཚད་དང་རོལ་མོའི་བདེ་བ་ རྣམས་དང ། ནགས་དང་ནགས་འདབ་དང་པད་མའི་བདུད་རྩི་དང་འབབ་ཆུ་དང་ཁང་པ་དང་མཚེའུ་དང་གཞལ་ཡས་ཁང་རྣམས་ཀྱིས་དེ་ལྟར་ཁྱད་པར་གོང་ནས་གོང་དུ་འཕགས་པས། ཇི་སྲིད་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གོང་དུ་འཕགས་པའི་གཟུགས་ དང ། ལང་ཚོ་དང་སྤྲོ་བས་ཆེས་དགའ་བར་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་འབྲས་བུ་ལྕི་བར་གྱུར་པས་དང ། སེམས་དང་ཚུལ་ཁྲིམས་དྲི་མ་མེད་པའི་ཁྱད་པར་རྣམས་ལས་ཡིན་ནོ། །དེ་ལྟར་ཡིན་དང་འཐབ་བྲལ་གྱི་ལྷ་མོ་རྣམས་ནི་དཔེ་མེད་ པ་ཡིན་ནོ། །དེ་རྣམས་ཐམས་ཅད་ཀྱང་འདིར་མི་རྟག་པ་འབའ་ཞིག་གི་དབང་དུ་བྱས་པ་ཡིན་ལ།འདོད་པ་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་པ་ཡང་དེ་དག་གི་བདེ་བའི་ཕྱོགས་གཅིག་ལ་གནས་པར་བྱ་བའི་དོན་དུ་མངོན་པར་བསྔགས་པ་ཡིན་ཞིང་དེའི་རྒྱུས་ཀྱང་གང་དག་ 70-1-5b བློ་གྲོས་དམན་པ་རྣམས་སྲིད་པ་ལ་མངོན་པར་ཞེན་པས་ཚུལ་ཁྲིམས་ལ་སྤྱོད་པར་བྱེད་དེ་རྒྱུ་གང་གིས་གང་དག་སྲིད་པ་ལ་སྲེད་པའི་བློ་དམན་པ་ཚུལ་ཁྲིམས་ལ་སྤྱོད་ལ། ཇི་ལྟར་ཚུལ་ཁྲིམས་དེས་བདག་ཅག་རྣམས་ལྷར་སྐྱེ་བར་འགྱུར་རོ་ཞེས་སྙམ་པའི་བློ་དེ་བཟློག་པར་བྱ་བའི་ དོན་དུ་འདི་དག་རྣམས་མི་རྟག་པ་དང ། འཕོ་བར་འགྱུར་བ་དང ། འཐུན་པ་རྣམས་དང་རྣམ་པར་འབྲལ་བར་འགྱུར་བའི་སྐྱོན་རྣམས་བརྗོད་དོ། །སྲིད་པ་ལ་མངོན་པར་སྲེད་པའི་རྒྱུ་ཅུང་ཟད་ཙམ་པོ་གང་ཡིན་པས་ཀྱང་དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི་བར་ཆད་བྱེད་ པར་འགྱུར་རོ། །སྟེང་དང་འོག་དང་ཐད་ཀར་བསྡུས་པ་ནི་གནས་རྣམས་ན་གང་དག་རྟག་པ་དང་ཐེར་ཟུག་དང ། རྣམ་པར་མི་རྟོག་པར་འགྱུར་བའི་གོ་སྐབས་དེ་ནི་ཡོད་པ་མ་ཡིན་ནོ། །རྒྱུ་འདིས་ཀྱང་མཐོ་རིས་འདི་དག་རྣམས་ཀྱི་བསྔགས་པ་བརྗོད་ཀྱི་སྲིད་པ་ལ་སྲེད་པ་འབའ་ ཞིག་གིས་ནི་མ་ཡིན་ནོ། །དེ་ནས་ཡང་ལྷའི་བུ་མོ་དེ་དག་ལྷ་དེ་དག་ལ་ཉེ་བར་བརྟེན་ནས་རྣམ་པར་རྟོག་པ་དུ་མས་གླུ་ལེན་ཅིང་འཇོ་ཞིང་སྒེག་པར་ཡང་བྱེད་དོ། །དེ་ནས་གསར་དུ་སྐྱེས་པས་སྔར་མ་མཐོང་བ་རྣམས་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ རྣམས་ནི་གང་ཡིན་ཅི་ཞིག་རྟོགས་ནས་འདིར་འོངས་ཏེ། གང་དག་གིས་བདག་ལ་སྟེན་པར་བྱེད། དེ་ནས་སེམས་བསྐྱེད་པ་ཙམ་ཉིད་ན་དེ་ལྟར་ལེགས་པར་བྱས་པའི་ལས་ཀྱིས་བསྐུལ་ནས་གཞོན་ནུ་མ་དེས་འདི་སྐད་ཅེས་སྨྲས་ཏེ། ཇི་ལྟར་ཁྱོད་བདག་ཅག་ལ་དབང་ཆེ་བ་ དང ། ཁ་དྲག་པར་ཡང་གྱུར་ཏེ་གསར་པ་ཁྱོད་ལ་ཕན་པ་དང ། བདེ་བ་ལ་གནས་པར་བྱ་བའི་དོན་དུ་རྗེས་སུ་སྤྱོད་ཅིང་ཞབས་འབྲིང་བྱེད་པ་ཡིན་ལ། ཁྱོད་ནི་བདག་གི་ཇོ་བོ་ཡིན་ན་བདག་ཅག་ཅིའི་ཕྱིར་སྨྲ་བར་མི་བྱེད། དེ་ནས་དེས་ཀྱང་དེ་བཞིན་དུ་དེ་དག་རྣམས་གོ་ ནས་སྨྲས་པ། གལ་ཏེ་ཇི་ལྟར་ཁྱེད་རྣམས་ཇི་ལྟ་བ་བཞིན་དུ་གལ་ཏེ་ངའི་ཡིན་པར་གྱུར་ན། དེ་དག་རྣམས་ཀྱིས་ཅིས་ཀྱང་བདག་ནགས་དང་ཉེ་བའི་ནགས་རྣམས་ཀུན་ཏུ་ལྟ་བའི་དོན་དུ་འབད་པར་བྱེད་པར་འགྱུར་བ་ཡིན་ལ། ཡིན་པའི་རྒྱུ་མཚན་ཡང་གང་ཡིན་ 70-1-6a ན་བདེ་བའི་རྒྱུར་འགྱུར་བས་ན་མཐོ་རིས་ཀྱི་འཇིག་རྟེན་འདིར་སྐྱེས་པ་ཡིན་ནོ། །དེ་ནས་གཞོན་ནུ་མ་དེ་དག་གིས་དེ་ལ་རྗེས་སུ་འཕྱངས་ཤིང་འཁྱུད་དེ། རྣམ་པ་དུ་མར་ཉེ་བར་བསྐྱོད་ནས་སླར་ཡང་དེས་ལྷ་ལ་འདི་སྐད་སྨྲ་ཞིང་གནས་ཏེ། གཞོན་ནུ་ནགས་ དང་ཉེ་བའི་ནགས་རྣམ་པ་དུ་མ་དག་རྣམས་རྣམ་པ་སྣ་ཚོགས་པའི་ལྷའི་ཚོགས་ཀྱིས་ལེགས་པར་གང་བ་མཐོང་ན། དགའ་བ་རྣམ་པ་སྣ་ཚོགས་པ་དང་བྱ་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་སྒྲ་ཐོས་ན་ཡིད་འཕྲོག་པ་དང ། སྣ་ཚོགས་པའི་འབབ་ཆུ་དང ། མཚེའུ་ཕུན་སུམ་ ཚོགས་པ་དང་ལྡན་པས་མཛེས་པ། རིན་པོ་ཆེ་སྣ་བདུན་གྱི་རི་སྣ་ཚོགས་པ་བརྒྱ་སྟོང་གི་ཕུང་པོ་མཐོན་པོ་འབར་བ་དང ། སྨན་ལྗོངས་དང་རི་ཁྲོད་ཀྱི་ཆ་ཤས་མཛེས་པ་སྣ་ཚོགས་པ་དང ། བྱ་རྣམ་པ་སྣ་ཚོགས་པའི་སྐད་ཀུན་ཏུ་འབྱིན་པ་དང ། རྫིང་བུ་རྣམས་ཀྱི་ས་ གཞིའི་ཆ་ཤས་ལེགས་པ་རྣམས་དང་དེ་དག་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་རྣམས་སུ་ལྷ་ཁྱོད་ཉིད་བདག་ཅག་རྣམས་དང་ལྷན་ཅིག་དགའ་ཞིང་ཀུན་ཏུ་སྤྱོད་པ་དང ། རྣམ་པ་དུ་མར་རྒྱགས་པས་གནས་ཉེ་བར་བསྟེན་པར་གྱིས་ཤིག་།དེ་ནས་གསར་དུ་སྐྱེས་པའི་ལྷས་ དེ་དག་རྣམས་ཀྱི་དྲུང་ནས་དེ་ལྟར་ཐོས་ནས་འདི་སྐད་སྨྲས་ཏེ། ཇི་ལྟར་འདོད་པར་དེ་དག་རྣམས་བྱ་ལ་རག་མོད་དེ་དེ་སྐད་སྨྲས་ནས་དེའི་རྗེས་ལ་སྟན་ལས་ལངས་ཏེ་བདེ་བ་ཐམས་ཅད་ལ་སྤྱད་པའི་དོན་དུ་རང་དབང་དུ་གྱུར་པའི་ལྷ་མོ་དེ་དག་རྣམས་ནགས་དང་ཉེ་བའི་ནགས་ཐམས་ ཅད་དུ་འགྲོ་བར་བྱེད་དེ། གླུ་དང་རྔ་སྒྲ་དང་རོལ་མོ་སྣ་ཚོགས་པ་ལག་ན་ཐོགས་པ་བག་མེད་པའི་ས་པ་རྣམས་བག་མེད་པའི་སའི་དོན་དུ་ཉེ་བར་ཀུན་ཏུ་འགྲོ་བར་བྱེད་དོ། །དེ་ནས་དེ་དག་ཉིད་ཀྱི་སྔོན་དུ་བདེ་བས་གནས་པའི་དབང་དུ་བྱས་ནས་འགྲོ་བར་གྱུར་པ་རྣམས་དེ་ནས་ མཉམ་དུ་འགྲོགས་པའི་ལྷའི་བུ་མོ་རྣམས་ལྷ་མོ་གཞན་དང་ལྷན་ཅིག་རྩེ་བར་བྱེད་ལ། དེ་དག་ཕན་ཚུན་དུ་བརྔོས་པར་གྱུར་པས་ལྷ་དེ་དང་ཡང་ཕན་ཚུན་དུ་ལེགས་པར་མཐོང་ནས་ལྷ་དེ་དགའ་བ་ཉིད་སྐྱེས་ལ། འཐུན་པ་ཀུན་ཏུ་སྐྱེ་ཞིང་དེ་དག་རྣམས་ཀྱང་ཕན་ཚུན་ 70-1-6b ལྷན་ཅིག་ཏུ་སྟེ། ལྷ་དང་ལྷ་མོ་དེ་དག་ཀྱང་ཕན་ཚུན་ལྷན་ཅིག་ཏུ་ཡིད་ཀུན་ཏུ་འདྲེས་པའི་ཚོགས་དེ་དག་ཐམས་ཅད་མ་ལུས་པ་རྣམས་གང་ན་རྩེད་མོའི་ནགས་ཞེས་བྱ་བའི་ནགས་དཔག་ཚད་སྟོང་ཕྲག་གསུམ་ཡོད་པ་དེར་འགྲོའོ། །ནགས་དེ་ན་ཡང་བརྒྱ་སྟོང་བྱེ་བ་ཁྲག་ ཁྲིག་དུ་མའི་ཚོགས་པ་རྣམས་ཀྱིས་ལེགས་པར་གང་བ། གང་གི་དགའ་བའི་ཁྱད་པར་གྱི་དབང་དུ་བྱས་ན་ནི་དགའ་བའི་ཚལ་ཞེས་བྱ་བའི་ནགས་ཆེས་འཇིགས་པའི་འབྲོག་དགོན་པ་དང་འདྲ་བ་ཡིན་ནོ། །རྒྱུན་གནས་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ཀྱི་སའི་རྩེད་མོའི་ནགས་ནི་དེ་ ལྟར་དགའ་བ་ཡིན་ནོ། །དེ་ནས་ལྷ་དེ་སྔ་ནས་མ་མཐོང་བའི་དགའ་བ་དེ་དག་རྣམས་དང ། སྔར་མ་མཐོང་བ་རྣམས་དང ། སྔར་མ་ཐོས་པ་རྣམས་རྣམ་པར་རྟག་ཏུ་མེད་པ་དང་དཔེ་མེད་པར་རྗེས་སུ་མངོན་པར་མཐོང་ནས་བཞིན་རབ་ཏུ་དགའ་བའི་མིག་དང་ལྡན་པ་ལ་ལྷ་ གསར་དུ་སྐྱེས་པ་དེ་ལ་ལྷ་མོ་དེས་སྨྲས་པ། ཇི་ལྟར་བདག་ཅག་ལྷན་ཅིག་སྤྱོད་པ་དང་བཅས་པའི་སྔ་ན་མེད་པ་འདི་དག་རྣམས་ཅི་ཡིན། གཞན་ཡང་ལྷ་དེ་ལྷའི་ཕྲེང་བའི་མཆོག་རྣམས་འཆང་བ་ལྷ་རྫས་ཀྱི་ཙན་དན་གྱི་གཟུགས་ཀྱི་ལུས་ནམ་མཁའ་ལ་ཁང་བུ་ལ་ལྷན་ ཅིག་སྤྱོད་པ་དང་བཅས་པས་གླུ་ལེན་པར་བྱེད་པ་དང ། རྒོད་པར་གྱུར་པ་དང་འགྱིང་བར་གྱུར་པས་གླུ་དང་བཅས་པས་རོལ་མོའི་སྒྲ་རྣམས་བྱེད་པས་གང་ན་རྒྱལ་པོ་མུ་སུ་ལུན་དྷའི་གནས་དེར་སོང་ངོ ། །གཞན་ཡང་ལྷ་གཞན་རྣམས་ནི་ནམ་མཁའི་ཁང་བུའི་སྤྱོད་ཡུལ་ ན་ལྷ་རྫས་ཀྱི་པད་མ་ལག་ན་ཐོགས་པ་ལྷ་རྫས་ཀྱི་སྟན་ལ་འདུག་པ། ནམ་མཁའ་ལ་དགའ་བར་གྱུར་པས་འགྱིང་ཞིང་འགྲོ་བར་བྱེད་དོ། །ལྷ་གཞན་དག་ཀྱང་ལག་ན་པི་བང་ཐོགས་ནས་ཐམས་ཅད་དུ་འགྲོ་བ་དང ། རྒྱུ་བ་ཤིན་ཏུ་ཕྲ་བ་བརྒྱ་ཕྲག་དུ་མ་རྣམས་བརྟོལ་ཞིང་ ཉམས་པ་མེད་པར་དེ་དག་རྣམས་གང་ནས་རྒྱལ་པོ་ཆེན་པོ་མུ་སུ་ལུན་དྷའི་གནས་དེར་རབ་ཏུ་དགའ་བའི་ཡིད་ཀྱིས་ལེགས་པར་ཉེ་བར་འགྲོ་བར་བྱེད་དོ། །ཡང་ལྷ་གཞན་རྣམས་ནི་ནམ་མཁའ་ལ་ལེགས་པར་གནས་ནས་ལྷ་རྫས་ཀྱི་མེ་ཏོག་གི་ཆར་འབེབས་ཤིང་གླུ་ལེན་པ་དང་ 70-1-7a ཡང་ལྡན་པས་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པ་གང་ན་མུ་སུ་ལུན་དྷའི་གནས་ཡོད་པ་དེར་ཉེ་བར་བདེ་བར་འགྲོའོ། །དེ་ལྟར་རྣམ་པ་དུ་མར་ཡང་རྣམ་པར་རྟོག་པ་དུ་མ་དག་གིས་དགའ་བ་དུ་མ་རྣམས་ཆེར་ཉེ་བར་སྐྱེས་པ་མཐོང་བ་ན་ལྷ་གསར་དུ་སྐྱེས་པ་དེར་འགྲོ་བར་ བྱེད་དེ་ལྷ་མོ་དེ་དག་གི་ཚོགས་དེ་དག་རྣམས་དང་ལྷ་དུ་མས་འཐུན་པ་དང་སྙན་པའི་ཚིག་རྣམ་པ་དུ་མ་རྗོད་པར་བྱེད་ཅིང་འགྲོའོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེས་ཤིན་ཏུ་རིང་བ་ནས་ཉི་མ་བརྒྱ་སྟོང་དང་མཚུངས་པའི་འོད་རྣམས་གང་དག་མཐོང་བ་ནི། གང་དག་ལྷ་ཡིན་པ་དེ་དག་རྣམས་ ཀྱིས་ཀྱང་མིག་དག་གིས་བལྟ་བར་བྱ་མི་ནུས་པ་རྣམས་དང ། མཉན་པར་བྱ་བ་རྒྱ་ཆེན་པོའི་སྒྲ་རྣམས་ཀྱང་ཐོས་པར་གྱུར་ཏེ་དགའ་བ་དང ། གསལ་བ་དང་མ་འདྲེས་པ་དང་མཚུངས་པའི་སྒྲ་རྣམས་ཕྱོགས་བཞིར་ཉེ་བར་རྙེད་ནས་ལྷ་དེ་ཡིད་ཆེས་ཤིན་ཏུ་དགའ་བ་དེས་ལྷན་ ཅིག་སྤྱོད་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདིར་ཆེས་ལྷག་པར་དགའ་བར་གྱུར་པའི་གནས་འོད་མངོན་པར་གསལ་བ་དང་ལྡན་པར་མཐོང་བ་འདི་ཅི་ཡིན། གང་ཡང་འདིར་རྣམ་པ་འདི་ལྟ་བུའི་ཅ་ཅོ་རྒྱ་ཆེན་པོ་སྙན་ཞིང་སྙོམས་ལ་རྣམ་པར་འདྲེས་པའི་སྒྲའི་ཚོགས་ རྣམས་དང་གར་ཡང་ཐོས་པར་འགྱུར་རོ། །དེ་ནས་ལྷན་ཅིག་སྤྱོད་པ་དེ་དག་གིས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ཇི་ལྟར་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་འདི་ནི་མདུན་དུ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་ཅིང ། པད་མ་བརྒྱ་ཕྲག་དང་ལྷའི་བུ་མོ་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ལྷའི་ཚོགས་ཐམས་ཅད་ཀྱིས་མངོན་པར་སྟོད་པར་བྱེད་པ་ནི། དགའ་ལྡན་གྱི་མངའ་བདག་རབ་ཏུ་ཞི་བ་བཞིན་དུ་རྩེ་ཞིང་དགའ་ལ་ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །དེ་ནས་ཡང་ལྷ་གསར་དུ་སྐྱེས་པ་དེ་ངོ་མཚར་བ་གཞན་ཡིད་ལ་ སྐྱེས་ཏེ། གཞན་རབ་ཏུ་ཞི་བ་ཞེས་བྱ་བ་གཞན་གང་ལ་རྣམ་པ་འདི་ལྟ་བུའི་ས་དག་ཡོད་པར་གྱུར་པའི་དེ་གང་ཡིན་ན་ཞེས་ལྷ་དེས་ལྷན་ཅིག་སྤྱོད་པ་དེ་དག་རྣམས་ལ་སླར་སྨྲས་པ། གང་ལ་རྣམ་པ་འདི་ལྟ་བུའི་ས་ཡོད་པའི་རབ་ཏུ་ཞི་བ་ཞེས་བྱ་བ་དེ་ནི་གང་ཡིན་ལ་ངེས་པར་དེ་ 70-1-7b གང་ན་གནས་པ་ཡིན། དེས་ནི་བདག་ཅག་རྣམས་འདིར་ཀུན་ནས་མངོན་པར་མཐོང་བ་ཡིན་ལ་བདག་ཅག་གིས་མ་མཐོང་ངོ ། །དེས་ཚིག་དེ་དག་རྣམས་ཐོས་ཞིང་དྲན་པར་ཡང་བྱས་ནས་གསར་དུ་སྐྱེས་པ་འདིས་བདག་ཉིད་ཆེན་པོ་ཇི་ལྟ་བ་བཞིན་དུ་ཀུན་ནས་ཤེས་པར་བྱས་ནས་ སྨྲས་པར་གྱུར་པ། རབ་ཏུ་ཞི་བ་བདག་ཅག་རྣམས་ཀྱིས་བལྟ་བར་བྱའོ། །དེ་ལ་སླར་ཉིད་བོས་ནས་འདི་སྐད་ཅེས་བརྗོད་དེ་ཇི་ལྟར་དགའ་ལྡན་ཞེས་བྱ་བའི་ལྷ་རྣམས་གང་དག་བདག་ཅག་གི་སྟེང་ན་གནས་པ་ཡིན་ཏེ། གང་དག་གི་ཁྱད་པར་གྱིས་ཀྱང་བདག་ཅག་རྣམས་བརྒྱ་སྟོང་གི་ཆ་ ཙམ་དུ་ཡང་མི་འགྱུར་ཞིང་རིམ་པ་ཐམས་ཅད་དང ། བདེ་བ་རྣམས་ཐམས་ཅད་ལས་དང་འབྲས་བུའི་འབྲེལ་པ་ཐམས་ཅད་ཀྱིས་ཀྱང་དེ་འཐབ་བྲལ་གྱི་ལྷ་དེ་རྣམས་ཅུང་ཟད་ཙམ་ཡང་མ་ཡིན་ནོ། །འདི་དག་རྣམས་ཀྱང་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་པས་ཀྱང་ཆེས་ ལྷག་པའི་གཟི་བརྗིད་ཅན་ནོ། །དེ་ཡང་བདག་ཅག་རྣམས་ཀྱི་གོང་ན་གནས་སོ། །ལྷ་གང་དག་རྣམས་སམ་དེ་དག་རྣམས་ཀྱིས་ཀྱང་རུང་དེ་ལ་འགྲོ་བར་བྱ་བའི་ཡུལ་མ་ཡིན་གྱི། ལྷ་གང་དག་གཙོ་བོར་གྱུར་པ། ཤིན་ཏུ་སྟོབས་ཆེ་བ་དེ་དག་རྣམས་ལས་འགའ་ཞིག་གནས་ དེར་འགྲོ་བར་བྱེད་དོ། །ཐམས་ཅད་ཀྱིས་ནི་གནས་དེར་འགྲོ་ནུས་པ་མ་ཡིན་ནོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེ་འདི་སྙམ་དུ་སེམས་པར་གྱུར་ཏེ། ཨེ་མ་བདག་ཅག་རྣམས་ཀྱི་བདེ་བ་ནི་ཅི་ལྟ་བུ་ཞིག་ཡིན་ན་ལྷ་དེ་དག་རྣམས་ནི་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་གི་དྲུང་ ན་ཡང་བླ་ལྷག་པར་གྱུར་ཏོ། །དེ་ནས་དེ་ལྟར་འདི་དག་རྣམས་ཡུད་ཙམ་ཞིག་བསམས་ནས་ཡང་སླར་ཡང་གཡོ་བའི་སེམས་དང་ལྡན་པའི་ཕྱིར་དང་ཡུལ་ལ་ཤིན་ཏུ་ཁ་ཕྱོགས་པས་ཕྲོགས་པའི་ཡིད་ཀྱིས་ཀྱང་དགའ་བ་དེ་དག་རྣམས་ལ་ལྷ་དེ་དག་རྣམས་མངོན་པར་ལྟ་བར་རྩོམ་པར་ བྱེད་པ་ན། ཀུན་ནས་མཆོག་ཏུ་སྙིང་ཆེས་དགའ་བའི་རྣམ་པ་གང་དང་གང་གིས་དེ་དེ་ལྟར་རྣམ་པ་ཐམས་ཅད་མཐོང་བར་གྱུར་པ་ན་དལ་བུས་རིམ་གྱིས་ཡུལ་དེར་ཕྱིན་པར་གྱུར་ཏོ། །ཡུལ་གང་ན་རྒྱལ་པོ་མུ་སུ་ལུན་དྷ་དེ་དགའ་བར་བྱེད་དེ་ལྷ་བརྒྱ་སྟོང་ཕྲག་བྱེ་བ་དུ་མ་རྣམས་ 70-1-8a ཀྱིས་ཡོངས་སུ་བསྐོར་བ་པད་མ་བརྒྱ་ཕྲག་དང་ལྷའི་བུ་མོ་མང་པོ་རྣམས་ཀྱིས་ཀྱང་དཔལ་ཤིན་ཏུ་འབར་བར་གྱུར་པ། མཚུངས་པ་མེད་པའི་གཟུགས་དང་ཆ་བྱད་དགའ་ཞིང་འཚེར་ལ་གཞོན་པ། གཟི་བརྗིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དེ་ བཞིན་དུ་དཔེ་མེད་པར་རྣམ་པར་འབར་རོ། །ལྷ་དེ་དག་རྣམས་ཐམས་ཅད་ཀྱང་དེའི་འོད་ཀྱིས་མངོན་པར་ཟིལ་གྱིས་གནོན་པར་བྱེད་དེ། དཔེར་ན་ཉི་མས་གཟའ་དང་སྐར་མ་དང་རྒྱུ་སྐར་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ནས་རྣམ་པར་སྣང་བར་བྱེད་དོ། །འཐབ་བྲལ་གྱི་མངའ་ བདག་དེ་གཟི་བརྗིད་མཆོག་དང་ལྡན་པའི་སེང་གེའི་ཁྲི་ཆེ་ཞིང་ཤིན་ཏུ་བཟང་བ་རེག་པར་འཇམ་པར་གྱུར་པ་འོད་མཐའ་ཡས་པ་དང་ལྡན་པའི་རིན་པོ་ཆེའི་རང་བཞིན་ལ་འདུག་པར་གྱུར་ནས་ཤིན་ཏུ་ངོ་མཚར་བའི་གཟུགས་དང་ཆ་བྱད་དང་གཟི་བརྗིད་ཕུན་སུམ་ཚོགས་པའི་ཤིན་ཏུ་ རྣར་སྙན་པར་གྱུར་པའི་གླུ་རྣམས་དང་རྔ་སྒྲ་རྣམས་དང་འཇོ་སྒེག་གི་ཁྱད་པར་དུ་མས་ཤིན་ཏུ་ལྷག་པར་ཡང་སྙིང་དང་རྣ་བའི་ཁུང་རྒྱས་པས་ཡུལ་དེ་ན་གནས་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་རྣམ་པ་ཇི་ལྟ་བུ་རྣམས་ནི་འགའ་ལ་ཡང་ཡོད་པ་མ་ཡིན་ནོ། །ཇི་ ལྟར་བརྒྱ་བྱིན་གྱི་དཔལ་རྣམས་ཡང་ཅུང་ཟད་ཀྱང་མ་ཡིན་ཏེ། དེའི་ལུས་གང་ཡིན་པ་ལས་འོད་ཟེར་གྱི་རྒྱལ་པོ་ལྔ་བརྒྱ་ཀུན་ནས་འཕྲོ་བས་མཆོག་ཏུ་གསལ་བར་བྱེད་པ་དང་ལྡན་ལ། བརྒྱ་བྱིན་གྱི་ནི་ཕྲག་པ་གཉིས་ལས་མཆོག་གཉིས་འཕྲོ་བའོ། །དེའི་ དབང་པོ་དྲུག་པོ་རྣམས་ནི་རིས་འཐུན་པ་རྣམས་སུ་སྐལ་བ་མཉམ་པ་ལས་དང་དགེ་བའི་ཆོས་རྣམས་ཀྱི་མཐའ་ལས་བྱུང་བ་ཡིན་པས་བརྒྱ་བྱིན་གྱི་དྲུང་ན་ཡོན་ཏན་རྣམས་བརྒྱ་ལོག་ཏུ་འགྱུར་རོ། །དེས་ན་བརྒྱ་བྱིན་གྱི་དཔེར་མི་བཟོད་དོ། །དེའི་གཟུགས་དང་དེའི་བདེ་བ་དང ། དེའི་ཡུལ་དང་དེའི་འཁོར་དཔེ་མེད་པ་རྣམས་ཡིན་པའི་གང་དག་གཟི་བརྗིད་དམན་པའི་ལྷ་དེ་དག་ཐམས་ཅད་ཀྱི་ཁྱད་པར་གྱིས་ཀྱང་བརྒྱ་བྱིན་ཅུང་ཟད་ཀྱང་མ་ཡིན་ན་མུ་སུ་ལུན་དྷ་ནི་འོད་ཟེར་གྱི་ཕུང་པོ་རང་གི་ནང་གི་ནང་དང་ཕྱི་རོལ་རྣམས་ཀྱང་མཆོག་ཏུ་གཙང་བར་གྱུར་པ་དེ་ལྟ་བུ་ 70-1-8b ལ་ཇི་ལྟར་དཔེར་བྱ་བར་ནུས་ཏེ་མི་ནུས་སོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེའི་གཟུགས་དང་དབང་ཕྱུག་དང་རྒྱགས་པ་དང་འོད་ཀྱི་རང་བཞིན་རྣམས་རྒྱང་རིང་བ་ནས་དང་ལྷན་ཅིག་ཏུ་མཐོང་བ་ཉིད་ཀྱིས་དེ་འདི་ལྟར་ཉམས་དམའ་བར་གྱུར་ཏེ། ཀྱེ་མ་མ་ལ་བདག་ཅག་རྣམས་ལ་ འོད་ཡོད་པ་འདིས་ནི་བརྒྱའི་ཆར་ཡང་སྟོང་གི་ཆར་ཡང ། བརྒྱ་སྟོང་གི་ཆར་ཡང་མི་ཕོད་དེ་མཆོག་ཏུ་དགེ་བའི་ལས་ཀྱི་མཐའ་ལ་སྤྱད་པ་འདི་ནི་ངེས་པ་ཁོ་ནར་ལྷ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་ཡིན་ནོ། །འདིའི་ཡང་གཟི་བརྗིད་རྣམས་འདི་ཡིན་ན་རབ་ཏུ་ཞི་བ་ཞེས་བྱ་ བ་གཞན་གཟི་བརྗིད་མཆོག་དང་ལྡན་པ་གཟུགས་ཕུན་སུམ་ཚོགས་པ་གང་ཡིན་པ་བདག་གིས་ཐོས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་འདི་དག་རྣམས་ཀྱི་ལས་ཀྱི་ལམ་གོང་ནས་གོང་དུ་ཆེས་ཁྱད་པར་དུ་འཕགས་པ་རྣམས་ལ་འཇུག་པའི་ཕྱིར་རོ། །དེ་ནས་དེ་ལྟར་ ངེས་པར་བཟུང་ནས་གཞན་ཡང་དལ་བུས་གླུ་དང་རྔ་སྒྲ་དང་རོལ་མོའི་སྒྲ་སྒྲོགས་པ་ལྷག་མ་རྣམས་ཉན་པར་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེ་བརྒྱ་ལ་ཅིག་ན་ཡང་འཐབ་བྲལ་གྱི་མངའ་བདག་དེ་དང་ཉེ་བར་རིམ་གྱིས་སླེབ་པར་གྱུར་པ་ན་ཇི་ལྟར་དེ་དག་གཙོ་བོར་གྱུར་པ་རྣམས་ དང ། གཟུགས་དང་ཆ་བྱད་དང་མདངས་དང་འོད་དང་ཚད་དང་ཤིན་ཏུ་མཉན་པ་བླ་ལྷག་པ་ཇི་ལྟ་བུ་དང་ལྡན་པའི་ལྷའི་བུ་མོ་བདུན་སྟོང་གིས་གང་དང་ཐག་ཉེ་བ་ན་ལྷག་པར་སྙན་པའི་གླུ་ལེན་ཅིང་འཇོ་སྒེག་པ་དང ། བཞད་གད་དང་གཡོག་གི་བྱ་བ་རྣམས་ཀྱང་བྱེད་ལ་ལྷའི་བུ་མོའི་ ཚོགས་གཞན་རྣམས་ནི་གྲངས་ཡོད་པ་མ་ཡིན་ནོ། །ཤེས་བཞིན་དུ་ཡང་ཐག་ཉེ་བ་དང ། རིང་བའི་ཡུལ་དུ་དགའ་ཞིང་བདུད་རྩི་རྣམས་ཀྱང་འཐུང་བར་བྱེད་དོ། །ཕན་ཚུན་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་གཅིག་པ་རྣམས་ཐམས་ཅད་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ གཅིག་པུ་མུ་སུ་ལུན་དྷ་དང་ལྷན་ཅིག་ཏུ་དགའ་བར་བྱའི་གཞན་རྣམས་དང་ནི་མ་ཡིན་ནོ། །གཞན་རྣམས་འགའ་ཞིག་གིས་ཀྱང་འགལ་བར་མི་བྱེད་པར་བདག་གཅིག་པུ་ཁོ་ན་ཚུལ་ཐམས་ཅད་ཀྱིས་འཐུན་པར་བྱའོ། །ཇི་ལྟར་བདག་གིས་གྲོང་པའི་ཆོས་ཀྱི་ཡང་ཐ་མལ་པའི་ 70-1-9a ཀུན་ཏུ་སྦྱོར་བའི་ཆོས་ཀྱིས་འཐབ་བྲལ་བའི་བརྗོད་པ་དང་ལྡན་པས་ཀུན་ཏུ་སྦྱོར་བ་ཐོབ་པར་འགྱུར་ན་ཞེས་རྒྱུ་འདིས་ལྷའི་བུ་མོ་རྣམས་ཀུན་ཏུ་རྟོག་པས་ངེས་པར་འོང་བར་འགྱུར་ཏེ། རེ་རེ་ཞིང་ཐམས་ཅད་ཀྱང་ཇི་ལྟར་བདག་ཁོ་ནས་ཐམས་ཅད་ཀྱིས་འཐུན་པར་ བྱའོ། །བདག་ཉིད་ཐམས་ཅད་ཀྱིས་ངས་ལྷ་ཉིད་དང་ལྷན་ཅིག་ཏུ་དགའ་བར་བྱའོ། །རྒྱུ་འདིས་བདག་མུ་སུ་ལུན་དྷ་དང་ལྷན་ཅིག་ཏུ་དགའ་བར་བྱའི་གཞན་རྣམས་དང་ནི་མ་ཡིན་ལ་བདག་གཅིག་པུས་སྡུག་པར་ལྟའི་གཞན་འགའ་ཞིག་གིས་ཀྱང་དེ་ལྟར་རྗེས་སུ་འཐུན་པས་ ནི་མ་ཡིན་ནོ། །བདག་གིས་གྲོང་པའི་ཆོས་ཀྱི་ཡང་ཐ་མལ་པའི་ཀུན་ཏུ་སྦྱོར་བའི་ཆོས་ཀྱིས་འཐབ་བྲལ་བའི་བརྗོད་པ་དང་ལྡན་པས་ཀུན་ནས་སྦྱོར་བ་ཇི་ལྟ་བ་འཐོབ་པར་འགྱུར་བ་ཡིན་ནོ། །རྒྱུ་འདིས་དེ་དག་རྣམས་ཐམས་ཅད་དེ་བཞིན་དུ་ཀུན་ནས་འོང་བར་འགྱུར་རོ། ། རེ་རེ་ཞིང་ཐམས་ཅད་ཀྱང་ངས་འདི་ལ་འཐུན་པ་ཐམས་ཅད་བྱའོ། །ངས་བདག་ཉིད་ཐམས་ཅད་ཀྱིས་ལྷ་དང་གཉིས་རྒྱུ་འདིས་ལྷན་ཅིག་ཏུ་དགའ་བར་བྱའོ། །སླར་ཡང་ལྷ་གསར་དུ་སྐྱེས་པ་དེ་གང་ན་མུ་སུ་ལུན་དྷ་ལྷ་རྣམས་ཀྱི་བདག་པོ་ཡོད་པ་དེར་ཉེ་བར་ལེགས་ པར་འགྲོའོ། །དེ་དང་ཤིན་ཏུ་ཐག་ཉེ་བར་ཕྱིན་ནས་མཐོང་བ་ལྷ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་བའི་དབུས་ན་ཡང་ཆེས་གསལ་བར་གྱུར་པའི་དཔལ་དང་ལྡན་པ་རྣམ་པ་དུ་མ་ནས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ཚིག་རྣམས་ཀྱིས་དགའ་བར་བྱེད་དོ། ། དེས་ལྷ་རྣམས་དང་གསར་དུ་སྐྱེས་པ་ཡང་མི་རྟོགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་བརྒྱ་ལ་ཞིག་ན་ལྷ་གསར་དུ་སྐྱེས་པ་དེ་མཐོང་ན་གང་ན་ལྷ་གསར་དུ་སྐྱེས་པ་ཡོད་པ་དེར་བཞིན་མངོན་དུ་བསྒྱུར་ནས་མིག་གཏོད་པར་བྱེད་དོ། །ལྷ་གཞན་རྣམས་ཀྱིས་ ཚིག་སྙན་པ་ཇི་ལྟ་བུ་དང་ལྡན་པས་གསར་དུ་སྐྱེས་པའི་ལྷ་དེ་ལ་སྐུལ་བར་བྱེད་དེ། གཟིགས་པར་མཛད་པ་འདི་ནི་ཇི་ལྟ་བ་བཞིན་དུ་ལྷ་རྣམས་ཀྱི་རྒྱལ་པོ་ཡིན་ནོ། །དེ་ཡིན་པས་ན་ཕྱག་ལེགས་པར་འཚལ་བར་གྱིས་ཤིག་།དེ་ལྟར་དེ་བཞིན་དུ་ལྷ་གསར་དུ་སྐྱེས་པ་དེ་དང་ 70-1-9b ཉེ་བར་སོང་ནས་དེའི་སྤྱན་སྔར་རབ་ཏུ་ལེགས་པར་བསྐུལ་བ་དང་ཕྱག་འཚལ་བར་བྱེད་དོ། །དེ་ནས་དེས་དེ་ལྟར་ཤེས་ནས་མུ་སུ་ལུན་དྷས་ཕྱིར་ལ་སྨྲས་པ། གསར་དུ་སྐྱེས་པ་ཇོ་བོ་ཁྱོད་འཐབ་བྲལ་གྱི་ལྷ་རྣམས་སུ་སོང་དང་འཐབ་བྲལ་གྱི་ལྷ་འདི་རྣམས་ནི་དགའ་བར་ འགྱུར་བ་ཡིན་ཏེ། ཆེས་རབ་ཏུ་སེམས་དགའ་བ་རྣམས་དགེ་བའི་ལས་ཀྱི་ཚོགས་རྣམས་ཀྱི་ལས་ཀྱིས་འདིར་སྐྱེས་པ་ཡིན་པས་ན་དེས་ན་བདེ་བར་འོངས་སམ། དེ་ལྟར་ཡིན་པ་ཡང་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པས་དུས་ཤིན་ཏུ་རིང་པོར་བག་ཡོད་པས་ལྷའི་ འཇིག་རྟེན་འདི་ན་གནས་པ་ཡིན་ནོ། །དེ་ནས་དེའི་དུས་ན་འཐབ་བྲལ་གྱི་མངའ་བདག་གིས་ཚིགས་སུ་བཅད་པ་ཇི་ལྟ་བ་བཞིན་དུ་བརྗོད་པ། ལྷ་ནི་སྐྱེས་པར་འགྱུར་བ་ཡི། །དགའ་བ་གང་ན་སྐྱེས་པ་དེས། །འཆི་འཕོ་བ་ཡི་སྡུག་བསྔལ་གྱི། །བཅུ་དྲུག་ཆར་ཡང་མི་ ཆོག་གོ། །མནོག་ཆུང་འབྲས་བུ་དུ་མ་ཡིས། །རྟག་ཏུ་སྐྱེས་བུ་སླུ་བ་པོ། །དྲི་ཟའི་གྲོང་ཁྱེར་དང་འདྲ་བ། །འདོད་པ་མྱང་བ་ཙམ་བཟང་བའི། །གང་དེ་སེམས་ཅན་འཇོམས་དེ་དག་།བློ་ལྡན་གྱིས་ནི་ཡིད་མ་རྟོན། །དེ་ལྟར་འཐབ་བྲལ་གྱི་བདག་པོ་དེས་ལྷ་གསར་དུ་སྐྱེས་ པ་དེ་ལ་རྗོད་པར་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེས་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་ལགས་བདག་གིས་འདིར་ཉེས་དམིགས་ཇི་ལྟ་བར་མི་ཤེས་དོན་དང་ཕན་ཚུན་གྱི་དགོས་པ་ཡང་རིག་ཅིང་ཤེས་པ་མ་ཡིན་པ་འདི་ཇི་ལྟ་བར་ལྷ་རྣམས་ཐམས་ཅད་ལ་འགྱུར་བ་ཡིན་ ལ་དེ་ལྟར་བདག་ཀྱང་ཡིན་ནོ། །དེ་ནས་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷས་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་པ། ཇི་ལྟར། འཆི་བདག་དུས་ནི་འབྱུང་བ་ན། །འགའ་ཞིག་འགར་ཡང་བདེ་བ་མིན། །དེ་བཞིན་དུ་ནི་འགྲོ་ན་ཡང ། །འགའ་ཞིག་རྗེས་ སུ་འགྲོ་བ་མིན། །སེམས་སྣ་ཚོགས་ཤིང་སེམས་ཅན་གཞན། །ཁམས་སྣ་ཚོགས་དང་དེ་བཞིན་གཞན། །དེས་ན་རྣམ་པ་སྣ་ཚོགས་པའི། །སྲིད་པའི་འཆིང་བའི་ལས་རྣམས་བྱེད། །གང་ཚེ་སྐྱེས་པ་དེ་ཚེ་ནས། །མི་ནི་འཆི་བདག་དབང་དུ་འགྲོ། །སྣ་ཚོགས་རྨོངས་ 70-1-10a པར་ལྟུང་བ་ཡི། །འཇིགས་པ་དེ་ཡང་མ་རིག་གོ། །གང་ཚེ་འཆི་འཕོ་བྱུང་བ་ནི། །སྲིད་པ་འཇིག་པར་བྱེད་པའི་མཆོག་།འཇིགས་གང་འཆི་བདག་ཆེ་འོངས་པ། །རྨོངས་པ་བདག་གིས་དེ་ཚེ་རྟོགས། །བག་ཡོད་ལ་དགའ་སྐྱེ་བ་ནི། །ཡང་དང་ཡང་ དུ་འབྱུང་བ་མིན། །ལྷ་ནི་ཡུལ་རྣམས་ཀྱིས་རྨོངས་པ། །ཡིད་མེད་པས་ཀྱང་རྟོགས་པ་མིན། །ཡུལ་གྱི་ཆགས་པས་ཀུན་ལྟ་བའི། །སྲེད་པའི་དུག་གིས་རྨོངས་བྱས་པ། །རྟོགས་མིན་རྟག་ཏུ་ལྷ་ཡི་ནི། །འཆི་འཕོ་དེ་ནི་འཇིགས་ཆེན་ཡིན། །འཆི་བས་ཐ་ མར་དེ་བཞིན་དུ། །སྡུག་བསྔལ་ལུས་ཅན་རྣམས་ལ་སྐྱེད། །ཇི་ལྟར་སྐྱེས་པས་ལྷ་རྣམས་ལ། །འཆི་འཕོ་ཀུན་ཏུ་ངེས་པར་འབྱུང ། །ལས་ཀྱི་རླུང་གིས་ཀུན་ཏུ་འཁོར། །སྦྱོར་བས་ཀྱང་ནི་སྡུག་བསྔལ་ནས། །སྐྱེས་བུ་ལྷུང་བྱེད་འཆི་བདག་སྒྲས། །སེམས་ ནི་ཀུན་ཏུ་བསླུས་པ་ཡིན། །ཕ་མེད་མ་ཡང་མེད་པ་དང ། །བཤེས་མེད་གཉེན་འདུན་མེད་པར་ནི། །ལྷན་ཅིག་རང་དབང་མེད་ཅེས་སྨྲ། །དེ་ལྟར་སྐྱེས་བུ་དུས་ཀྱིས་བསྐུལ། །ལྷན་ཅིག་འགྲོགས་མིན་སྐྱེ་བོ་འདི། །སྐྱེ་བོ་ཐ་མལ་པ་ཡིས་བསླུས། །ཡིད་ཀྱི་ཞགས་ པ་འབའ་ཞིག་གིས། །སྐྱེ་བོ་སླུ་བར་བྱེད་པ་ཡིན། །སྐྱེ་བོ་རང་གི་སྐྱེ་བོ་འདིར། །སྤུན་ནམ་སྐྱོབ་བྱེད་འགའ་ཡོད་མིན། །འཆི་བདག་དུས་ནི་བྱུང་བ་ན། །རང་སྐྱེའང་ཇི་ལྟར་སྐྱེ་བོ་ཡིན། །ལྷ་རྣམས་གང་གིས་མཐོང་བ་ཡིན། །བདེ་བ་འདི་དག་བདེ་འབྱུང་བ། །དེ་ནི་ རབ་ཀྱི་ཤུགས་འགྲོ་བའི། །འཆི་བདག་རྒྱལ་པོས་འཕྲོག་པར་བྱེད། །རྟག་ཏུ་འདོད་པའི་རྗེས་འགྲོ་བ། །ཡུལ་གྱི་འཁྲུལ་པས་བརྐམ་པ་ཡིན། །ངེས་པར་སྡུག་བསྔལ་ཆེ་འབྱུང་བ། །གང་ཡང་རྟོག་པར་འགྱུར་མ་ཡིན། །དེ་ལྟར་ལྷ་གསར་དུ་སྐྱེས་པ་དེ་མུ་སུ་ལུན་ དྷ་དེས་ཡང་དག་པ་ཇི་ལྟ་བས་ཆོས་ཉིད་ལ་རྗེས་སུ་བཟུང་ངོ ། །དེ་ནས་ལྷ་དེས་དེ་དག་རྣམས་ཐོས་ནས་ཡུད་ཙམ་ཅིག་སྐྱོ་བས་གནས་པར་གྱུར་ནས། ཕྱི་ནས་སླར་ཡང་གར་དང་གླུ་དང་རྒོད་པར་བྱེད་པ་དང་རྒྱགས་པ་རྣམས་ཀྱིས་ཀུན་ནས་ཁྲིད་པར་བྱེད་དེ། རྒྱུ་གང་གི་ཕྱིར་ན་ 70-1-10b བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་ཀྱི་སྙིང་མི་རྟག་པ་ཡིན་པའི་ཕྱིར་ཏེ། ཁྱད་པར་དུ་ཡང་གང་གི་ཚེ་བདེ་བར་གྱུར་པ་རྣམས་དང་སྲིད་པ་རྣམས་ཀྱི་དབང་གིས་རྗེས་སུ་འཇུག་པར་འགྱུར་བ་དེའི་བརྒྱ་འགྱུར་གྱིས་ཀྱང་ཆེས་རྩབ་ཧྲལ་ཅན་དུ་འགྱུར་བ་ཡིན་ནོ། །རྒྱུ་ འདི་དག་གིས་ན་བག་མེད་པས་གནས་པའི་ལྷ་རྣམས་ཀྱི་སྙིང་ལ་ཆོས་ཀྱི་ཆ་ཤས་ཅུང་ཟད་ཙམ་ཡང་ལེགས་པར་འཇུག་པར་མི་འགྱུར་རོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེ་མུ་སུ་ལུན་དྷའི་གནས་དེ་ལས་ཕྱིར་ཡང་རྩེད་མོའི་ནགས་སུ་བདག་ཉིད་ཀྱི་སྐྱེ་བོ་དེ་དག་རྣམས་ཉིད་ཀུན་དང་བཅས་ པ་རྣམས་དང ། དེ་བཞིན་དུ་གར་བྱེད་པར་འགྱུར་བ་དང་དགའ་བར་གྱུར་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཡུལ་གྱི་བདེ་བ་རྣམས་དང་ཡང་དག་པར་ལྡན་པས་དེ་ཁོ་ན་བཞིན་དུ་ཕྱིར་ཡང་རྒྱུན་གནས་ན་རྣམ་པར་རྒྱུ་བའི་ས་དེ་དག་རྣམས་ཀུན་ཏུ་འགྲོ་བར་བྱེད་དོ། །དེས་ བདེ་བའི་ས་དེ་དག་རྣམས་རྗེས་སུ་ཐོབ་ནས་ཀྱང་དེ་དག་ཉིད་དུ་ལྷ་གཞན་དག་རྣམས་དང་ལྷན་ཅིག་དགའ་བར་བྱེད་པ་དང་ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །དེ་ལྷ་གཞན་དེ་དག་རྣམས་དང་ལྷན་ཅིག་དགའ་བར་གྱུར་པ་ལས་ཁྱོགས་ཀྱི་ཁང་བུ་ཡངས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་ གྱི་ས་ལ་རིམ་གྱིས་འགྲོ་བར་བྱེད་དོ། །དེ་ན་ནི་དགའ་བ་འདི་དག་རྣམས་ཡོད་དེ་ཇི་ལྟར་ཁྲག་ཁྲིག་ཕྲག་ཉི་ཤུར་རྣམ་པ་སྣ་ཚོགས་པ་དང ། ཁ་དོག་དང་དབྱིབས་སྣ་ཚོགས་པའི་སྐྱེད་མོས་ཚལ་དང ། པད་མའི་རྫིང་བུ་དང་མཚེའུ་དང་ནགས་དང་ནགས་འདབ་དང་བྱའི་ཚོགས་ དང་འབབ་ཆུ་དང་རིའི་རྩེ་མོ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དང ། དེ་འདྲ་བའི་རྣམ་པར་རྟོག་པའི་ཁྱོགས་ཀྱི་ཁང་བུ་རྣམས་ཡིན་ཏེ། ལྷ་དེ་དག་རྣམས་ཀྱིས་ལེགས་པར་བྱས་པའི་ལས་ཀྱིས་གལ་ཏེ་ལྷ་རྣམས་ཀྱི་ཡིད་ཀྱིས་ཀུན་ཏུ་རྟོག་པར་བྱེད་པ་ནི་ཁྱོགས་ཀྱི་ཁང་བུ་དེ་དག་ དང་ནགས་ཚལ་དང་ནགས་འདབ་དང་མཚེའུ་དང་བཅས་པ་རྣམས་ཇི་ལྟ་བ་བཞིན་དུ་ནམ་མཁའི་དཀྱིལ་དུ་འཕགས་ན་ཅི་མ་རུང་དེ་དག་གི་སེམས་བསྐྱེད་པ་ཙམ་ཉིད་ན་ཁང་བུ་དེ་དག་རྣམས་དང ། ནགས་ཚལ་དང་ནགས་འདབ་དང་མཚེའུ་དང་འབབ་ཆུ་དང་ལྗོན་ཤིང་དང་པད་ 70-1-11a མའི་རྫིང་བུ་རྣམས་དང་ཡང་དག་པར་ལྡན་པ་རྣམས་ནམ་མཁའ་ལ་ཀུན་ཀྱང་འཕགས་པ་ནི་བྱ་བཞིན་ནོ། །དེ་ནས་འདི་བཞིན་དུ་ལྷ་རྣམས་ཡིད་ལ་ཀུན་ཏུ་སེམས་པར་བྱེད་དེ། ཇི་ལྟར་ཁྱོགས་ཀྱི་ཁང་པ་ཆེན་པོ་འདི་དག་རྣམས་བདག་ཅག་བདེ་བས་ གནས་པའི་དོན་དུ་མི་གཡོ་བར་གནས་པར་གྱུར་མོད། དེ་དག་གི་སེམས་བསྐྱེད་པ་ཙམ་ཉིད་ཀྱིས་དེ་བཞིན་དུ་འགྱུར་རོ། །གལ་ཏེ་གཞན་ཡང་འདི་ལྟར་སོ་སོར་ཀུན་ཏུ་རྟོག་པར་བྱེད་དེ།ཟས་དང་སྐོམ་གྱི་ཆུ་བོ་རྣམ་པ་དུ་མ་རབ་ཏུ་འབབ་པར་གྱུར་ལ་རག་ དེས་དེ་བཞིན་དུ་སེམས་བསྐྱེད་པ་ཙམ་ཉིད་ཀྱིས་རོ་དང་ཁ་དོག་དང་དྲི་ཡོངས་སུ་གང་བ་ལྷ་དེ་དག་རྣམས་ཀྱིས་ལེགས་པར་བྱས་པའི་ལས་ཀྱི་དབང་གིས་འབབ་པར་གྱུར་ཏེ་ལེགས་པར་བྱས་པའི་ལས་རྣམས་ཡུལ་དུ་གྱུར་པའི་མི་རྣམས་ཀྱང་རྟོགས་པར་འགྱུར་བ་ནི་མ་ཡིན་ ནོ། །གཞན་ཡང་གལ་ཏེ་ལྷ་དེ་དག་རྣམས་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཇི་ལྟར་དཔག་ཚད་བརྒྱར་ཡང་གཞལ་ཡས་ཁང་དེ་དག་རྣམས་ཁ་འབྱེ་བར་འགྱུར་གྲང ། དེ་དག་རྣམས་ཀྱི་སེམས་བསྐྱེད་པ་ཙམ་ཁོ་ནས་ཁ་འབྱེད་པར་འགྱུར་ཏེ། རྣམ་པ་དུ་ མར་དགའ་བའི་མཚེའུ་སྤྲོ་བ་དང་འབབ་ཆུ་དང་ཆུ་ཀླུང་དང་ཚང་ཚིང་དང་ཁང་པ་དང་སྟེང་ཁང་དང་བཅས་པའི་ཁང་པས་ཀྱང་ཕུན་སུམ་ཚོགས་པར་གྱུར་པ་དང་སྣ་ཚོགས་པའི་ནགས་ཚལ་དང་ནགས་འདབ་དང་པད་མའི་ཚལ་རྣམས་དང་ལྗོན་ཤིང་ཕུན་སུམ་ཚོགས་པ་ཡང་དེ་བཞིན་དུ་ཁ་ འབྱེ་བར་འགྱུར་ལ། ལྷ་དེ་དག་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་ཡིད་ཆེས་མཆོག་གི་རབ་ཏུ་དགའ་བར་འགྱུར་ཏེ། ཇི་ལྟར་བདེ་བར་གནས་པ་རྣམས་ཀྱིས་བདག་ཅག་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་ཡིད་ཆེས་མཆོག་གི་རབ་ཏུ་དགའ་བར་འགྱུར་བ། དེ་ནི་ཇི་ལྟར་བདེ་བར་གནས་པ་ རྣམས་ཀྱིས་བདག་ཅག་རྣམས་གནས་པར་བྱའོ་ཞེས་མཆོག་ཏུ་ཡིད་རབ་ཏུ་དགའ་བ་རྣམས་ལྷ་གཞན་རྣམས་དང་ལྷན་ཅིག་ཏུ་གང་ན་ཁང་བུ་དེ་དག་རྣམས་ཡོད་པ་ལ་རྣམ་པ་དུ་མས་བདག་ཅག་རྣམས་དང་ཐབས་ཅིག་ཏུ་དགའ་བར་བྱའོ། །འདིར་ནི་རྣམ་པ་དུ་མར་ལྷ་གང་ཡིན་པ་འཐབ་ 70-1-11b བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དེའི་སྲིད་པར་རྩེད་མོའི་ནགས་སུ་རྣམ་པ་དུ་མར་དགའ་བར་བྱེད་པར་འགྱུར་བའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་འདིར་ནི་ཁང་བུ་འདི་དག་རྣམས་སུ་ཞུགས་པར་གྱུར་ན་ཅི་མ་རུང ། དེ་ནས་སེམས་བསྐྱེད་པ་ཙམ་ཁོ་ནས་རྒྱུན་གྱི་ནགས་ན་རྣམ་པར་ རྒྱུ་བའི་ལྷ་དེ་དག་རྣམས་ནམ་མཁའ་ལ་རྣམ་པ་སྣ་ཚོགས་པའི་བཞོན་པ་རྣམས་ཀྱིས་འགྲོ་བར་བྱེད་པ་ལ་འདི་ལྟ་སྟེ། ངང་པའི་བཞོན་པ་དང་རྨ་བྱའི་བཞོན་པ་དང་ཁུ་བྱུག་གི་བཞོན་པ་དང་མེ་ཏོག་གི་བཞོན་པ་དང་ངང་ངུར་གྱི་བཞོན་པ་དང་ཤང་ཤང་ཏེའུའི་བཞོན་པ་དང ། ལྗོན་ ཤིང་གི་བཞོན་པ་རྣམས་ཏེ་རྣམ་པ་དེ་ལྟ་བུའི་བཞོན་པས་གང་ན་ཁང་བུ་དེ་དག་རྣམས་ཡོད་པ་དེར་འགྲོ་བར་འགྱུར་ཏེ། མཆོག་ཏུ་རབ་ཏུ་དགའ་བའི་ཡིད་ཀྱིས་རོལ་མོ་དང་རྔ་སྒྲ་དང་གླུ་རྣམས་ཀྱིས་དགའ་བར་གྱུར་པ་རྣམ་པ་སྣ་ཚོགས་པའི་ཆ་བྱད་ཅན་གྱི་ལྷའི་བུ་མོ་སྒྲིན་པ་ རྣམས་ཀྱིས་རྗེས་སུ་འབྲང་བར་བྱེད་པའི་རྒོད་པར་བྱེད་པ་དང ། འགྱིང་བར་བྱེད་པ་དང་དོ་ཤལ་དང་པད་མ་འཕྱང་བ་རྣམས་ཀྱི་མཆན་ཁུང་ལྕོང་བ་དང་བཅས་པས་ཕྱི་བཞིན་འབྲང་བར་གྱུར་པ་མཆོག་ཏུ་གཞོན་ཤ་ཅན་མཆོག་ཏུ་དགའ་བ་དང་ལྡན་པས་གར་དང་རྔ་སྒྲ་ དང་རོལ་ཆ་དང་གླུ་མཆོག་ལེན་པ་དང་ལྡན་པའི་ལྷའི་ས་བས་མངོན་པར་བསྟོད་པ་དང་ལྡན་པས་གང་ན་ཁྱོགས་ཀྱི་ཁང་བུ་ཡོད་པ་དེར་ལེགས་པར་ཉེ་བར་འགྲོ་བའོ། །ནམ་མཁའི་དཀྱིལ་དུ་མངོན་པར་བྱུང་ནས་གང་ན་རྩེ་དགའ་ཆེན་པོའི་ཁང་བུ་རྣམས་ལེགས་པར་ གནས་ནས་ལྷ་རྣམས་རྩེ་དགའ་བར་བྱེད་པ་དེར་འོངས་པར་གྱུར་ཏོ། །དེ་ནས་དེ་དག་ཕན་ཚུན་དུ་རབ་ཏུ་དགའ་བའི་ཡིད་ཅན་རྣམས་དེ་ལྟར་རྩེ་བར་གྱུར་པ་རྣམས་བག་མེད་པར་གནས་པ་རྣམས་སེམས་རྣལ་དུ་མི་གནས་པ་རྣམས་ནི་བག་མེད་པས་གནས་པ་རྣམས་ལ་ འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་འདི་ལྟར་ཀུན་ཏུ་ལྟ་བར་བྱེད་དེ། ལྷ་བག་མེད་པས་བག་མེད་པར་གནས་པ་རྣམས་ལ་ཇི་ལྟ་བ་བཞིན་གྱི་ཐབས་སུ་གྱུར་པ་ཅི་ཞིག་ཡོད་ན་གང་བདག་གིས་དམན་པ་ལ་ཁ་ཕྱོགས་པ་བག་མེད་པས་གནས་པའི་ལྷ་དེ་དག་རྣམས་ 70-1-12a ལ་རྗེས་སུ་འཐུན་པའི་ཐབས་གང་ཡིན་པ་བདག་གིས་བྱའོ། །དེ་ནས་བརྟགས་པའི་བློ་དང་ལྡན་པ་དེས་རྣམ་པར་དཔྱད་ནས་ལྷ་གཞན་རྣམས་ལས་གང་དག་དེ་དང་ལྷན་ཅིག་རྗེས་སུ་སྤྱོད་པའི་རྒྱུན་དུ་ཞུགས་པ་དེ་དག་རྣམས་དང་ལྷན་ཅིག་ཏུ་ལེགས་པར་འགྲོ་ བར་བྱེད་དེ། ཇི་ལྟར་ལྷ་རྒྱུན་གྱི་གནས་ན་རྒྱུ་བ་འདི་དག་རྣམས་ལ་ཇི་ལྟ་བ་བཞིན་དུ་ཇི་ལྟར་ཕན་པར་འགྱུར་བ་ཡིན། བླ་ན་མེད་པའི་དགེ་བའི་ཆོས་རྣམས་ཀྱིས་ཇི་ལྟར་བདག་དང་གཞན་ལ་ཕན་པ་བྱས་པར་འགྱུར་བ་ཡིན་པ་དང ། གང་ཡང་བདག་གིས་བར་ཆད་དུ་མི་ འགྱུར་བ་དང ། གལ་ཏེ་ཡང་ལྷ་དེ་དག་རྣམས་གྲོགས་པོའི་མཆོག་ཏུ་འགྱུར་བ་ནི་གང་དག་གིས་སྒྲོལ་བ་ལ་ངེས་པར་སྦྱོར་བའོ། །ཡང་གང་དག་གིས་སྡིག་པ་ཉེ་བར་སྟོན་པ་དེ་དག་རྣམས་ནི་དགྲ་བོ་ཡིན་ཏེ། གང་གིས་དམྱལ་བཀུན་ནས་སྒྲུབ་པའི་ལས་རྣམས་བྱེད་པའི་ ཕྱིར་རོ། །ལྷ་དེ་ཉིད་ཀྱིས་དེ་ལྟར་རྒྱུན་དུ་ཞུགས་པ་རྣམས་དང་ལྷན་ཅིག་ཏུ་གྲོས་བྱས་ནས་གང་ན་ཁྱོགས་ཀྱི་ཁང་བུ་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དེ། རྫུ་འཕྲུལ་གྱི་རང་བཞིན་གྱི་གཞལ་ཡས་ཁང་གཞན་ཞིག་བཟུང་བ་ན་ནི་ཆུ་ཀླུང་དང་མཚེའུ་དང་ལྗོན་ཤིང་དང་ འབབ་ཆུ་དང་ནགས་དང་ཉེ་བའི་ནགས་རྣམས་མཆོག་ཏུ་ཕུན་སུམ་ཚོགས་པ་དགའ་བ་དུ་མ་ཉིད་དང་ཡང་དག་པར་ལྡན་པ་དེ་འདྲ་བའི་དགའ་བའི་ཁྱད་པར་གྱིས་རྒྱུན་གྱི་གནས་ན་སྤྱོད་པ་རྣམས་ཀྱི་རྣམ་པར་གསལ་བ་གང་དག་ཡིན་པ་དེ་དག་རྣམས་ནི་བརྒྱའི་ཆ་དང་སྟོང་གི་ཆར་ཡང་མི་ཕོད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལེགས་པར་བྱས་པའི་ལས་ཅན་རྣམས་ཀྱི་མངའ་བདག་ཡིན་པའི་ཕྱིར་ཏེ། ལེགས་པར་སྤྱོད་པའི་ལས་ཀྱི་མཐའ་ལ་སྤྱོད་པའི་འཐབ་བྲལ་བའི་ལྷ་རྣམས་ཐམས་ཅད་ཀྱི་ནང་ན་གང་ཡང་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་ནི་ལེགས་པར་བྱས་པའི་ ལས་ཀྱི་མངའ་བདག་ཡིན་པའི་ཕྱིར་དང ། གང་ཡང་ལེགས་པར་བྱས་པའི་ལས་རྣམས་ཆེས་བླ་ལྷག་པར་གྱུར་པ་ཡིན་པའི་ཕྱིར་རོ། །དེའི་རྫུ་འཕྲུལ་རྣམས་ཀྱང་ལྷག་པ་ཡིན་ནོ། །རྒྱུ་འདི་དག་རྣམས་ཀྱི་ཕྱིར་ན་འཐབ་བྲལ་བའི་གཞལ་ཡས་ཁང་ཐམས་ཅད་ལས་ 70-1-12b ཁང་བུ་དེའི་སྟེང་ན་དགའ་བས་རྣམ་པར་གསལ་ཏེ་ལྷམ་མེའོ། །དཔེར་ན་ཉི་མའི་དྲུང་དུ་ནི་གཞལ་ཡས་ཁང་ཐམས་ཅད་ཀྱིས་ཆར་མི་ཕོད་ཅིང་མཛེས་པ་ཡང་མ་ཡིན་ནོ། །ཁང་བུ་དེའི་ཁྱད་པར་རྣམས་ལས་ནི་ཁང་པ་གཞན་དེ་དག་རྣམས་ཀྱིས་ཆར་ཡང་མི་ཆོག་གོ། །དེ་ སྣ་ཚོགས་པའི་ཡོན་ཏན་གྱི་རྣམ་པ་ཕུན་སུམ་ཚོགས་པ་དེ་སྲིད་དང་ལྡན་པའི་ཁང་པ་དེས་ནམ་མཁའི་དབྱིངས་གང་ན་རྒྱུན་གྱི་གནས་ན་རྣམ་པར་རྒྱུ་བའི་ལྷ་དག་དགའ་བར་བྱེད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་པ་ན་ལྷ་གང་དག་རྒྱུན་དུ་ཞུགས་པ་ཡིན་པ་དེ་དག་རྣམས་ནི་ འཐབ་བྲལ་བའི་མངའ་བདག་ལེགས་པར་མངོན་སུམ་དུ་མཐོང་ནས། བག་མེད་པ་རྣམས་དགའ་བ་དམན་པར་འགྱུར་རོ། །ལྷ་གང་དག་བག་མེད་པས་བག་མེད་པར་རྒྱུ་བ་དེ་དག་རྣམས་ནི་ཁང་པ་དེ་དག་རྣམས་སུ་ཀུན་ནས་རིངས་ཕབ་པར་ཞུགས་ནས་དེ་དག་རྣམས་གང་རྒྱལ་པོ་ མུ་སུ་ལུན་དྷ་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བའོ། །དེ་ནས་སྟོང་ཕྲག་བརྒྱར་ཡང་དེ་རྫུ་འཕྲུལ་བྱེད་པར་གྱུར་ཏེ། དེ་ཇི་ལྟར་ལྷ་གང་དག་ཁང་བུ་ན་ཞུགས་པ་རྣམས་ཁོ་ནས་ཐམས་ཅད་དུ་མི་མཐོང་བ་ཉིད་དུ་བྱས་ཏེ། དེ་ཁོ་ན་གཞལ་ཡས་ཁང་ན་གནས་པ་ ཐམས་ཅད་དུ་ཡང་མི་མཐོང་བར་གྱུར་ཏོ། །ལྷ་ཉིད་ཀྱིས་རང་གི་རྫུ་འཕྲུལ་རྣམས་ཀྱིས་དེ་དག་རྣམས་དེ་ལྟར་བཀག་ནས་ཕན་ཚུན་དུ་མི་མཐོང་ངོ ། །བགད་པ་དང་འཇོ་སྒེག་དང་རྩེད་མོ་རྩེ་བ་རྣམས་ལས་ཅུང་ཟད་ཙམ་ཡང་ཐོས་པར་མི་འགྱུར་ཏེ། རྫུ་འཕྲུལ་དེ་དག་ རྣམས་ཀྱི་མཐུ་སྟོབས་ཀྱིས་དེ་དག་རང་བཞིན་དེ་བཞིན་དུ་གྱུར་ནས་ཕན་ཚུན་དུ་དེ་དག་རྣམས་དེ་ལྟ་བུར་གྱུར་ཏེ། དེ་དག་ཐམས་ཅད་ཇི་ལྟར་ཁང་བུ་གང་ཡིན་པ་འདིར་སུ་དག་ལྷ་དེ་དག་རྣམས་ཇི་ལྟ་བརཐག་ཉེ་བར་གྱུར་པ་རྣམས་དང ། གང་ཡང་བདག་ཅག་དང་ལྷན་ ཅིག་ཏུ་གཞལ་ཡས་ཁང་འདིར་ཞུགས་པར་གྱུར་པ་དེ་དག་ཐམས་ཅད་གང་དུ་སོང་བར་གྱུར་པ་ཞེས་ཐམས་ཅད་དུ་བྱས་ཀྱང་མཐོང་བར་མི་འགྱུར་བ། དེ་ལྟར་གོང་ནས་ལྷ་དེ་གང་ན་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་ཡོད་པ་དེར་ལེགས་པར་ཉེ་བར་སོང་བ་ན་དེ་གཅིག་པུ་ཞིག་མཐོང་ 70-1-13a བར་གྱུར་ཏོ། །གང་ཡང་ལྷ་དེས་རྒྱུན་དུ་ཞུགས་པར་གྱུར་པ་དེ་རྣམས་མཐོང་བར་འགྱུར་གྱི་ལྷ་གཞན་རྒྱུན་དུ་ཞུགས་པ་མ་ཡིན་པ་རྣམས་ཕན་ཚུན་དུ་མི་མཐོང་ངོ ། །དེ་ལྟར་རྫུ་འཕྲུལ་གྱིས་བཀབ་པས་དེ་ངོ་མཚར་བ་དང་བཅས་ཤིང་འཇིགས་པ་ དང་ཡང་བཅས་པར་གྱུར་ནས་མུ་སུ་ལུན་དྷ་ལ་འདི་སྐད་སྨྲས་སོ། །ལྷ་ཇི་ལྟར་གང་དག་གཞལ་ཡས་ཁང་དུ་ཞུགས་པའི་ལྷ་དེ་དག་རྣམས་ཐམས་ཅད་འཁོར་དང་བཅས་པ་མ་མཐོང་བ་དེ་དག་རྣམས་གར་སོང ། དེ་ནས་མུ་སུ་ལུན་དྷས་དེ་ལ་འདི་སྐད་ཅེས་སྨྲས་ཏེ། ལྷ་གང་དག་བག་མེད་པས་བག་མེད་པར་རྒྱུ་བ་དེ་དག་རྣམས་ཐམས་ཅད་ལས་ཀྱི་བྱ་བས་ཤི་འཕོས་ནས་ཇི་ལྟར་ལས་ཀྱིས་ཉེ་བར་འགྲོ་བ་ཀུན་ཏུ་འབྱུང་སྟེ། དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མིའི་འགྲོ་བ་རྣམས་སུ་སྐྱེས་སོ། །གཞན་ཡང་གང་དག་བག་མེད་པར་ གྱུར་པ་རྣམས་དང་བག་མེད་པས་གནས་པ་རྣམས་ཀྱང་རུང་སྟེ། དེ་དག་རྣམས་ནི་ཕྱིར་ཞིང་ཡང་བག་མེད་པས་ཉེ་བར་བཅོམ་པ་དང ། ཡུལ་རྣམས་ཀྱི་སྲེད་པས་ཀྱང་ཉེ་བར་བརླག་པར་འགྱུར་རོ། །གང་དག་འདོད་པའི་ཡོན་ཏན་ལྔ་ལ་རབ་ཏུ་ཞེན་པར་གྱུར་པ་རྣམས་ནི་ཀུན་ ཏུ་རྟོག་པའི་རྩེད་མོ་ཅན་གྱི་ཡུལ་གྱི་མི་རྣམས་རང་གི་སེམས་ཀྱི་སྲུབ་ཤིང་ལས་ཀུན་ཏུ་བྱུང་བ་ལས་ཀྱི་རླུང་གིས་བཏབ་ནས། སྲིད་པའི་རྩེ་མོ་ལྔ་འབར་བས་འཐབ་བྲལ་གྱི་སྲིད་པ་རྣམས་སུ་བསགས་ནས་ཕྱི་ནས་ནི་རྣམ་པ་སྣ་ཚོགས་པའི་ཟེར་ཟུག་གིས་དམྱལ་བ་རྣམས་སུ་སྲེག་ པར་བྱེད་དེ་བཟང་པོ་མ་ཡིན་པའི་སེམས་ཀྱིས་ཡོངས་སུ་བསླུས་པ་ཤིན་ཏུ་རྣམ་པར་ཉམས་པ་རྣམས་ལུས་ཞིག་ནས་དེར་སྐྱེའོ། །དེས་ན་དེ་ལྟར་བག་མེད་པའི་སྐྱོན་རྣམས་ནི་སྐྱོན་ཐམས་ཅད་ཀྱི་སྟེང་ན་བླ་ལྷག་པ་ཡིན་ནོ། །བག་མེད་པའི་སྐྱོན་གྱིས་རྣམ་པར་ཉམས་པའི་རྒྱུ་ གང་གིས་དགེ་བའི་ཆོས་ཐམས་ཅད་མི་མཐོང་བའི་ལྷ་གང་དག་རྣམས་ཀྱིས་སེམས་བཟང་པོས་བདག་ཉིད་ཀྱིས་བདག་ཉིད་འདུལ་བར་མི་བྱེད་པ་དེ་དག་རྣམས་ནི་རང་གི་སེམས་ཀྱིས་བསླུ་ནས་ཕྱི་ནས་དེ་ནི་གདུང་བར་འགྱུར་བ་ཁོ་ན་ཡིན་ནོ། །དེ་ནས་འཐབ་བྲལ་གྱི་མངའ་བདག་མུ་སུ་ 70-1-13b ལུན་དྷ་དེའི་སྤྱན་སྔར་དེས་གཏམ་དེ་དག་རྣམས་རྙེད་ནས་ལྷ་དེ་དག་ཕན་ཚུན་དུ་སྐྱོ་བ་དང་བཅས་པ་དང་འཇིགས་པ་དང་ལྡན་པས་འདི་སྐད་ཅེས་སྨྲས་ཏེ། ལྷ་དབང་སྐད་ཅིག་ཁོ་ན་ལ་ཇི་ལྟར་ལྷ་དེ་དག་དང་བྲལ་ཞིང་ཐམས་ཅད་འཆི་འཕོས་ཏེ། ལྷ་དེ་དག་རྣམས་ཐམས་ཅད་ལ་ འདིར་ཅི་ཞིག་བྱུང་ནས་མེད་པར་གྱུར་ནས་རྒྱུན་གྱི་གནས་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ཀྱི་ས་འདི་དག་ཐམས་ཅད་ཀུན་ཏུ་སྟོངས་པར་གྱུར། སྡུག་བསྔལ་རྣམས་ལས་འཆི་འཕོ་བ་ཞེས་བྱ་བའི་སྡུག་བསྔལ་རྣམས་ནི་ཆེན་པོ་ཡིན་པས་ཐབས་མ་ཡིན་པར་མི་འགྱུར་བ་གང་ཡིན་པ་ དང ། བདག་ཅག་རྣམས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་མི་འགྱུར་བ་དང ། སྡུག་པ་རྣམས་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱིས་ཀྱང་བདག་ཅག་རྣམས་ལ་གནོད་པར་མི་འགྱུར་བ་དང ། དམྱལ་བ་རྣམས་དང ། ཡི་དགས་རྣམས་དང ། དུད་འགྲོ་རྣམས་ སུ་ཡང་བདག་ཅག་རྣམས་སྐྱེ་བར་མི་འགྱུར་བ་དེ་སྐལ་བ་ཆེན་པོ་དང་ལྡན་པས་ཉེ་བར་བསྟན་དུ་གསོལ། དེ་ནས་དེའི་ཚེ་ལྷ་རྣམས་ཀྱི་བདག་པོས་ཇི་ལྟ་བ་བཞིན་དུ་ཚིགས་སུ་བཅད་པས་བརྗོད་པ། ཀྱོག་པོའི་ལམ་ལ་སྤྱོད་པ་ཡི། །མིས་ནི་བཟང་པོ་མཐོང་བ་མིན། །ཆུ་ནི་ བསྲུབས་པར་གྱུར་ན་ཡང ། །མེ་ནི་ནམ་ཡང་སྲིད་པ་མིན། །རྒྱུ་མེད་དེ་ལ་འབྲས་བུ་ནི། །ནམ་ཡང་ཅུང་ཟད་འབྱུང་བ་མིན། །བག་མེད་ཡོན་ཏན་གྱིས་འགའ་ཞིག་།མཐར་ཐུག་ལེགས་པར་འཇུག་པ་མིན། །ལྷ་གང་སྐྱེ་བ་བག་མེད་པས། །ཉེ་བར་འཇོམས་པར་ འཇུག་བྱེད་པ། །དེ་ནི་ལེགས་བྱས་ཟད་ནས་ནི། །རྨོངས་པ་ལོག་པར་ལྟུང་བར་སྐྱེ། །དགའ་བར་གྱུར་པའི་འདོད་པ་ལ། །གང་ཞིག་དེ་ལྟའི་བློ་སྐྱེ་བ། །ཕྱིས་དེ་སྡུག་བསྔལ་དང་ཕྲད་ནས། །རྨོངས་པ་སེམས་ནི་གདུང་བར་བྱེད། །འདོད་པའི་མེ་ཡིས་བསྲེགས་པ་ དང ། །ཡུལ་རྣམས་ཀྱིས་ནི་རྨོངས་པས་ཀྱང ། །གང་ཞིག་བདེ་རྣམས་བླ་མེད་པ། །མཐར་ཐུག་བདེ་བར་འགྱུར་བ་མིན། །འཇིག་རྟེན་འདོད་པས་བདེ་གང་དང ། །གང་ཡང་སྲེད་བྱུང་བདེ་བས་ནི། །ནང་གི་བདག་ཉིད་འདི་གཅིག་གི། །བཅུ་དྲུག་ཆར་ཡང་མི་ཆོག་སྟེ། ། 70-1-14a ཆུ་ཆེན་ཤིན་ཏུ་སྦྱངས་ལས་སྐྱེ། །དཀར་ཞིང་འཁོར་བ་ལས་ཐར་བྱེད། །སྲེད་ཟད་བདེ་བ་མཐོང་བ་པོ། །དཔག་མེད་བདེ་བ་སྒྲུབ་བྱེད་ཡིན། །བདེ་བ་དོགས་པ་མེད་པ་ཡི། །སྐྱོན་མེད་ངེས་པར་སྦྱར་ལྡན་པ། །བདེ་གང་བསམ་གཏན་ལས་སྐྱེས་ ཡིན། །གང་ཡང་སྲེད་པས་མི་འཆིང་ཞིང ། །རྟོག་པ་ཡིས་ཀྱང་མི་འཚེ་བར། །དེ་ཡི་མིང་གིས་སྨོས་ཅི་དགོས། །དེ་ཐོབ་སྲིད་པའི་ཕ་རོལ་ཏུ། །རྟག་ཏུ་བདེ་བར་འགྱུར་བ་ཡིན། །གང་གི་སྙིང་ལ་འདོད་གནས་པས། །དེ་སྲིད་བདེ་བར་འགྱུར་མིན་ཏེ། །དེ་ནི་ སྡུག་བསྔལ་ཀུན་སྐལ་འོས། །དམྱལ་བར་ཉེ་བར་རྒྱུག་པ་ཡིན། །ལས་ཀྱི་ཞགས་པས་དེ་དྲངས་ནས། །ལྷན་ཅིག་སྦྱོར་བར་བྱེད་པ་ཡི། །སྡུག་བསྔལ་དེ་ལས་རྣམ་གྲོལ་དུ། །སྐྱེ་བོ་འགས་ཀྱང་ནུས་མ་ཡིན། །འཁོར་བར་འགྲོ་དང་འོང་བ་རྣམས། །མཐོང་ བ་ལས་ཀྱི་རྒྱུ་ལས་བྱུང ། །འགྲོ་དང་འོང་བ་རྟག་ཏུ་ཡང ། །ལས་སྐྱེས་རྒྱུ་ལས་བྱུང་བ་ཡིན། །འདོད་པ་ལ་ནི་ཆགས་བྱེད་པའི། །བྱིས་པས་འཆི་འཕོ་ལེགས་རྟོགས་མིན། །སྐྱེ་བ་ལས་ཀུན་འབྱུང་བ་ཡི། །འཆི་འཕོའི་མཐར་དེ་དམ་པས་གཟིགས། །བདེ་ བ་རྗེས་སུ་བསྟེན་པ་ཡིས། །བྱིས་པ་རྣམས་ནི་ངོམས་པ་མེད། །བྱིས་པ་རྟག་ཏུ་ངོམས་མེད་པས། །རྟག་ཏུ་རང་ཉིད་འཇོམས་སུ་འགྲོ། །ཐོག་མ་བར་དང་མཐར་དགེ་མིན། །འཇིག་རྟེན་འདི་དང་ཕྱི་མར་མིན། །སྐྱོན་རྣམས་སྟེན་པ་མ་རིག་ལས། །ཀུན་ནས་རབ་ ཏུ་འཇུག་པར་མཐོང ། །གང་ཚེ་ལས་ཟད་མི་མཐོང་བས། །འཇིག་རྟེན་འདི་ནས་འོག་ལྟུང་བ། །རྨོངས་པའི་བདག་ཉིད་བག་མེད་པས། །ཡུལ་རྣམས་སྟེན་པས་དེ་ཚེ་རིག་།ཚེ་འདི་ཤིན་ཏུ་མྱུར་འགྲོ་བ། །བྱིས་པ་རྣམས་ཀྱིས་རྟོགས་པ་མིན། །ཕྱི་ནས་སྡུག་ བསྔལ་བྱུང་བ་ཡིས། །སོ་སོར་རེག་འགྱུར་སྡུག་བསྔལ་བས། །གལ་ཏེ་སྡུག་བསྔལ་ལ་ཁྱོད་འཇིགས། །གལ་ཏེ་འཆི་བདག་ལ་འཇིགས་ནའང ། །བློ་ལྡན་རྟག་ཏུ་དམ་ཆོས་ཀྱིས། །དེ་བཞིན་བདེ་བའང་འཐོབ་པར་འགྱུར། །དེ་ལྟར་མུ་སུ་ལུན་དྷའི་ཁ་ནས་བརྗོད་ 70-1-14b པ་རྣམས་ལྷ་དེ་དག་རྣམས་ཀྱིས་ཐོས་ནས་བག་མེད་པས་གནས་པར་གྱུར་པའི་དུས་དེ་དག་ཀྱང་འདས་པ་དང ། གཞན་ཡང་མུ་སུ་ལུན་དྷ་ལ་དེ་དག་རྣམས་ཀྱིས་འདི་སྐད་ཅེས་སླར་བརྗོད་དེ་ལྷའི་དབང་པོ་ཇི་ལྟར་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པར་ལྷ་རྣམས་ཉིད་ཐམས་ ཅད་མཐོང་བར་མ་གྱུར་ལགས་ན་དེ་དག་རྣམས་སྐད་ཅིག་གཅིག་ལ་ཐམས་ཅད་ཀྱང་འཆི་འཕོས་སམ་ཤི་བར་གྱུར་ཏམ། གཞན་དག་ཏུ་སོང་བར་གྱུར་པ་དེ་ཅི་ནས་ཀྱང་བདག་ཅག་རྣམས་ལ་ལྷའི་དབང་པོ་བཤད་དུ་གསོལ། དེ་ནས་གཞན་ཡང་ལྷ་དེ་དག་རྣམས་ལ་མུ་ སུ་ལུན་དྷས་ཕྱིར་ལ་སྨྲས་པ། ཇི་ལྟ་བ་བཞིན་དུ་འདིར་ལས་ཀྱི་དབང་གིས་འོང་བ་དེ་ལྟ་བ་བཞིན་དུ་ཅིས་ཀྱང་སླར་འགྲོ་བར་བྱ་དགོས་སོ། །ལས་ཟད་པ་ན་ངེས་པར་མྱང་བར་བྱ་བའི་དོན་ཡིན་པས་ན་སྲོག་ཆགས་སུ་གཏོགས་པ་ཐམས་ཅད་ཀྱིས་ཕན་ཚུན་དུ་འདུས་པ་ དང་འབྲལ་བ་ལས་བྱུང་བའི་སྡུག་བསྔལ་ནི་ངེས་པར་མྱོང་བར་འགྱུར་བ་རྒ་བ་དང་ནད་རྣམས་དང ། འཆི་བ་དང་གསུམ་པོ་དེ་དག་རྣམས་རེ་རེ་ཞིང་ཡང་ཕུན་སུམ་ཚོགས་པར་འགྱུར་བ་རྣམས་འབྱུང་བར་འགྱུར་ཏེ། གསོན་པ་རྣམས་ཀྱི་སྲོག་དང་ནད་མེད་པ་དང་ལང་ཚོ་ལ་བབ་ པ་རྣམས་ལའོ། །དེ་ལ་གང་དག་སྐྱེས་བུའམ་ལྷ་རྣམས་ཀྱང་རུང་སྟེ་བག་མེད་པར་མ་གྱུར་པ་དང ། བག་མེད་པས་གནས་པ་མ་ཡིན་པ་དང ། གང་དག་དང་པོ་ནས་བག་མེད་པ་དེ་དག་གིས་གནས་པ་མ་ཡིན་པ་དང ། གང་དག་དང་པོ་ཉིད་ནས་འཇིགས་པ་དེ་དག་ རྣམས་སོ་སོར་རིག་པར་བྱའོ། །ཇི་ལྟར་དེ་དག་རྣམས་ཀྱིས་གསོན་པ་དང་ནད་མེད་པ་དང་ལང་ཚོ་རྣམས་འཇོམས་པར་བྱེད་པ་ངེས་པ་ཁོ་ནར་འབྱུང་བར་འགྱུར་རོ། །མ་འོངས་པ་ན་འཆི་བདག་གི་དུས་དེ་བྱུང་བར་གྱུར་པ་ན། བཟློག་པའི་ཐབས་ནི་རྣམ་པ་གསུམ་ཡིན་པ་ལས་ འདི་ལྟ་སྟེ། སྦྱིན་པས་དང་ཚུལ་ཁྲིམས་ཀྱིས་དང་ཤེས་རབ་ཀྱིས་དང་སྟེ། བཟློག་པའི་ཐབས་ནི་གསུམ་པོ་དེ་དག་རྣམས་ཡིན་ནོ། །འཇིགས་པ་ཆེན་པོ་རྣམ་པ་གསུམ་པོ་དེ་དག་རྣམས་ནི་རྣམ་པར་རྟོག་པ་དུ་མའི་རྣམ་པར་རྟོག་པའི་རང་བཞིན་རྣམས་རྟག་པར་རྒྱུན་དུ་ 70-1-15a ཕྱི་བཞིན་རྗེས་སུ་འབྲང་བ་རྣམས་གང་དག་གིས་མི་སྤོང་བ་དེ་དག་རྣམས་ཕྱིས་འཆི་བའི་དུས་སུ་ཕྱིན་པ་ན་ཡོངས་སུ་དག་པའི་དབང་པོ་ཐམས་ཅད་བཞིན་དང ། མིག་ར་ར་པོར་གྱུར་པས་རང་གི་སྐྱེ་བོ་དང་གཉེན་དང་འཁོར་དང་སྡེ་ཚན་ཐམས་ཅད་ཡོངས་སུ་ སྤངས་ནས་འཆི་འཕོ་བར་འགྱུར་བ་ན། སྡུག་པ་རྣམ་པ་དུ་མ་དང་འབྲལ་བའི་མེས་སྲེག་པར་གྱུར་པས་མཆོག་ཏུ་སྡུག་བསྔལ་བར་འཆི་བདག་གིས་ངེས་པར་འཁྲིད་པར་བྱེད་དོ། །གང་གི་ཚེ་འདོད་པའི་ཡོན་ཏན་ལྔ་ཀུན་ཏུ་འབྱུང་བའི་རྣམ་པར་རྟོག་པ་དུ་མ་དེ་དང་དེ་དག་ རྣམས་ཀྱིས་རབ་ཏུ་གར་བྱེད་པ་དང་རྒོད་པ་དང་འགྱིང་བག་དང་ཀུན་ཏུ་སྤྱོད་པ་དང་ནགས་ཚལ་དང ། སྐྱེད་མོས་ཚལ་རྣམས་ཀྱི་ལོངས་སྤྱོད་བག་མེད་པ་དུག་གི་གྲོགས་པོའི་བདེ་བ་རྣམས་ཀྱིས་དེ་དག་གི་ཚེ་དགྲ་བཞིན་དུ་འབིགས་པར་བྱེད་དོ། །གང་དག་གི་འབྲས་བུ་ དེས་ཕྱིས་འགྱོད་པའི་མེས་གདུང་བར་བྱེད་དེ། ཅི་ཞིག་བདག་གིས་བསྒྲུབས་པར་གྱུར་ན་གང་ཡང་ཤེས་རབ་དང་སྦྱིན་པ་དཀའ་ཐུབ་ཀྱི་ཚུལ་ཁྲིམས་རྣམས་ཀྱིས་ནི་རྗེས་སུ་མ་བསྒྲུབས་ཤིང་བག་མེད་པས་བདག་བག་མེད་པར་གནས་པར་གྱུར་པས་མཆོག་རྣམས་ནི་རྗེས་ སུ་མ་བསྒྲུབས་སོ། །རང་གི་སྐྱེ་བོ་དང་གཉེན་བཤེས་ཀྱི་ཚོགས་རྣམས་ཀྱིས་ང་གཅིག་པུ་ཞིག་སྤངས་ཤིང་མཆོག་ཏུ་དགའ་བར་གྱུར་པ། བདག་ཅག་གི་ལྷའི་འཇིག་རྟེན་གྱི་དགའ་བར་གྱུར་པའི་ཡུལ་དུ་མ་དེ་དག་རྣམས་དང་བདག་འབྲལ་བར་འགྱུར་བ་ཞེས་དེ་དེ་ལྟར་ རྗེས་སུ་གདུང་བར་བྱེད་དོ། །ཕྱི་ནས་ཇི་སྲིད་དུ་སྟོབས་དང་ལྡན་པའི་འཆི་བདག་རྒྱལ་པོ་གཞན་འདིས་ལྷ་རྣམས་ཐམས་ཅད་རབ་ཏུ་མ་བཅོམ་ཞིང་དུས་དེ་མ་ཡིན་པ་དེ་སྲིད་དུ་ནད་རྣམས་དང་རྒུད་པ་དུ་མ་རྣམས་ངེས་པར་རྟོགས་པར་བྱས་ལ་ཅི་ནས་ཀྱང་བག་མེད་པ་གཞོམ་ པར་བྱ་སྟེ། དེ་ལྟར་བག་མེད་པ་སྤངས་པ་རྣམས་ནི་བདེ་ལེགས་ཀྱི་མཆོག་ཏུ་འགྱུར་རོ། །ཕྱི་ནས་འཆི་བདག་གི་དུས་ན་གདུང་བའི་མེས་སྲེག་པར་ཡང་མི་འགྱུར་ཏེ། རྒུད་པ་ཐམས་ཅད་འབྱུང་བའི་དུས་སུ་ལམ་འདི་དག་ནི་མཆོག་ཏུ་མཛེས་པའོ། །འདི་ལྟ་ 70-1-15b སྟེ། སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་ཀྱང་གཞན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་རྣམས་ནི་དུས་དེའི་ཚེ་ན་སྐྱབས་སུ་འགྱུར་རོ། །ཇི་སྲིད་དུ་འདི་སླུ་བར་མི་བྱེད་པ་ཡིན་པ་དང་བསྲན་མི་ནུས་པ་དང་ཐབས་མེད་པར་གྱུར་པ་ནི་སྐྱེ་བོ་ཐམས་ཅད་ཀྱི་སྲོག་ འཕྲོག་པའི་འཆི་བདག་ཡིན་ལ། ཅིའི་ཕྱིར་ན་དེ་བཟློག་པ་ལ་ལྷ་དག་བརྩོན་པར་མི་བྱེད་པ་ཡིན། གང་དག་ཕན་པ་མ་ཡིན་པ་བྱེད་པས་བཟུང་བ་གཡང་ས་དང་དུག་ཆེན་པོ་དང་མེ་དང་མཚུངས་པ་ཡང་གང་བག་མེད་པ་རྣམས་ཡིན་ནོ། །དེ་ནས་ལྷ་གཞན་ཡང་ལྷ་ གང་དག་བག་མེད་པའི་དབང་གིས་འགྲོ་བའི་ལྷ་དེ་དག་རྣམས་ནི་བག་མེད་པའི་དགྲ་དེས་ཤིན་ཏུ་ལེགས་པའི་བུད་མེད་ལ་ལྟ་བ་ལ་ཆེད་ཆེར་བྱེད་པས་ནགས་ཚལ་དང་ནགས་འདབ་དང ། མཚེའུ་རྣམས་ལ་རྩེ་བ་ལ་ཆེས་དགའ་བ་རིའི་རྩེ་མོ་ལ་རྣམ་པར་རྒྱུ་བར་བྱེད་པ་རྣམས་ ནི་དངོས་པོ་ཐམས་ཅད་མི་རྟག་པ་ལ་རྟག་པའི་བློ་སྐྱེད་པར་བྱེད་དེ། ཇི་ལྟར་རྟག་པར་བདག་ཅག་ལྷའི་བུ་མོ་འདི་དག་རྣམས་དང་ལྷན་ཅིག་ཏུ་དགའ་བར་བདག་གིས་བྱའོ། །རྟག་ཏུ་ཡང་ལང་ཚོ་འདི་དག་འབྱུང་བར་འགྱུར་ཞིང་བདག་ཅག་རྣམས་ལ་ནམ་ཡང་འབྲལ་བ་ འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཡུལ་རྣམས་ཀྱི་བདེ་བ་ལ་ཤིན་ཏུ་འཆུམས་པ་ལ་རྟག་པར་རབ་ཏུ་འཇོམས་པར་བྱེད་པ་རྣམས་ཀྱི་མཆོག་ཐོགས་པ་མེད་པའི་འགྲོས་དང་ལྡན་པ་བཟློག་ཏུ་མེད་པའི་འཆི་བདག་ལྷན་ཅིག་ཏུ་འབྱུང་བར་འགྱུར་བ་ལ་དེའི་ཚེ་ལྷའི་བུ་མོ་རྣམས་ ཀྱིས་ཡོངས་སུ་སྐྱོབ་པར་འགྱུར་བ་མ་ཡིན་ནོ། །གང་ཡང་འདི་དག་རྣམས་བློས་ཡོངས་སུ་མ་བརྟགས་པར་རྟག་ཏུ་མཉམ་པར་བགྲོད་པར་བྱེད་ལ། དེའི་ཚེ་གང་རྗེས་སུ་སྤྱད་པར་འགྱུར་བ་དེ་དག་ཐམས་ཅད་ནི་གསོག་དང་གསོབ་དང་སྙིང་པོ་མེད་པ་ཡིན་ནོ། །དེ་ བག་མེད་པས་རྣམ་པར་བཅོམ་ནས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བའོ། །གཞན་ཡང་གཏི་མུག་གིས་བཅོམ་པའི་ལྷ་རྣམས་ཐོག་མ་མེད་པ་ནས་འཇུག་པའི་འཆི་འཕོ་བ་དང་སྐྱེ་བའི་སྡུག་བསྔལ་གྱིས་ལན་ཅིག་མ་ཡིན་པར་རབ་ཏུ་བཅོམ་ཡང་བློ་གྲོས་ 70-1-16a མེད་པས་འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་རོ། །དེ་ནས་ལྷའི་བདག་པོ་མུ་སུ་ལུན་དྷས་དེ་སྐད་ཅེས་ལྷ་རྣམས་ལ་ཆོས་ཀྱི་དོན་དང་ཡང་དག་པར་ལྡན་པའི་ཚིག་བརྗོད་པས་དེ་ལ་ལྷ་གང་དག་རང་གི་བློ་སྐྱོན་མེད་པས་དེ་དག་རྣམས་ཚིག་གི་བདུད་རྩིའི་ རོ་དེ་ལ་དམིགས་པས་ཀྱང་ཆགས་པ་དང་བྲལ་བའི་བློ་སྐྱེས་པར་གྱུར་ནས་དེ་དག་གིས་ལྷའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་པ་ནི་ཇི་ལྟར། ཕན་པ་གང་ཡང་དེ་བཞིན་ཡང ། །གང་ཡང་རྣམ་གསུམ་དང་ལྡན་པ། །དེ་ཁོ་ན་ཡི་ཚིག་གང་ནི། །ཕན་པ་མཛད་པའི་ལྷ་ ཡིས་གསུངས། །གང་ཞིག་ཞི་བདག་འཛིན་བྱེད་པ། །བདེ་བ་དམ་པ་རབ་ཏུ་འཐོབ། །བདེ་བ་ལས་ཀྱང་ཆེས་བདེ་བ། །ངེས་པར་རྟག་ཏུ་འགྲུབ་པར་འགྱུར། །གང་དག་དེ་ལས་བཟློག་པ་ཡང ། །བག་མེད་པ་ཡིས་ཉེར་བཅོམ་ལྷ། །རྨོངས་པ་ཡི་ནི་བདག་ཉིད་དེ། ། དམྱལ་བར་སྐྱེ་བར་འགྱུར་བ་ཡིན། །དེ་ལྟར་ལྷ་དེས་ལྷ་གཞན་ལ་བརྗོད་ནས་གཞན་ཡང་ལྷ་དེ་ཀུན་ནས་སྐྱོ་བའི་ཡིད་ཀྱིས་ལྷའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲས་པ། ཇི་ལྟར་ལྷ་དབང་རྣམ་པ་ཐམས་ཅད་དུ་བདག་ཅག་ཐེ་ཚོམ་དུ་གྱུར་ཏེ་ཁང་བུར་ཞུགས་པའི་ལྷ་དེ་རྣམས་ ཅི་ཞིག་ནོངས། དེ་ལྟར་ཀུན་ནས་སྐྱོ་བའི་ཡིད་མངོན་པར་མཐོང་བ་དང ། བག་ཡོད་པར་གནས་པ་ཡང་ཡིད་ཀྱིས་ཀུན་ཏུ་མཐོང་ནས་དེ་བཞིན་དུ་རྟོགས་པས་དེའི་དབང་དུ་བྱས་པ་སྤངས་ཏེ། སླར་ཡང་ལྷ་དེ་དེ་དག་ཉིད་ཕན་ཚུན་དུ་ལེགས་པར་སྟོན་པར་བྱེད་དོ། །དེ་ནས་ དེ་དག་རྣམས་ཕན་ཚུན་དུ་མངོན་པར་མཐོང་ནས་རྗེས་སུ་འཐུན་པར་སྤྱོད་པའི་ཚོགས་ཀུན་དང་མཆོག་ཏུ་དགའ་བ་དང་ལྡན་པར་གྱུར་ཏོ། །དེ་ནས་དེ་དག་ཉིད་ཁོ་ན་ཡིད་རབ་ཏུ་དགའ་བ་རྣམས་ལ་གཞན་ཡང་མུ་སུ་ལུན་དྷས་བརྗོད་པ། ཇི་ལྟར་ལྷ་རྣམས་ཕན་ཚུན་དུ་མ་ མཐོང་བ་ནི་ངའི་རྫུ་འཕྲུལ་གང་དག་གི་སྟོབས་ཀྱིས་བཀབ་པར་གྱུར་པ་ཡིན་ལ། ཡང་གང་གི་ཚེ་ཤུགས་ཆེན་པོ་དང་ལྡན་པ་རབ་ཏུ་འཇིགས་པ་རབ་ཏུ་འཇོམས་པའི་འཆི་བདག་རྒྱལ་པོ་དེ་འོང་བར་གྱུར་ནས་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེས་པར་གྱུར་པ་དེའི་ཚེ་ 70-1-16b འགའ་ཞིག་ཀྱང་ཕན་ཚུན་དུ་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་ཡང་མི་མཐོང་ངོ ། །དེས་ན་དེ་དག་རྣམས་རྟོགས་པར་གྱིས་ལ་བདག་ཉིད་བག་མེད་པར་གནས་པར་མ་བྱེད། སེམས་བྲེལ་དོག་ཅན་དུ་མ་བྱེད། བག་ཡོད་པར་གནས་པར་གྱིས། ཡུལ་རྣམས་ལ་ཡིད་ མཆོག་ཏུ་སོང་བར་མ་བྱེད་པར་དེ་ལྟ་བུའི་བློས་རྗེས་སུ་བསྒྲུབ་པར་གྱིས་ཤིག་།དེ་བཞིན་དུ་ཇི་ལྟ་བར་བཤད་པ་དང་ལྷ་རབ་ཏུ་མང་པོ་རྣམས་ཡིད་མཆོག་ཏུ་སྐྱོ་བའི་དབང་གིས་རྒྱུན་དུ་ཞུགས་པ་ཐོབ་པར་གྱུར་ཏོ། །དེ་ནས་མུ་སུ་ལུན་དྷ་དེ་ལྟར་རིག་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་ བྱ་བ་ནི་བྱས་སོ་ཞེས་ཡིད་ལ་བསམ་པ་ཡོངས་སུ་རྫོགས་ནས་སླར་ཡང་རྩེད་མོའི་ནགས་གང་ན་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དོ། །གང་ལ་རྒྱུན་གནས་ན་རྣམ་པར་རྒྱུ་བ་ཞེས་བྱ་བའི་ལྷ་མཆོག་ཏུ་བག་མེད་པས་གནས་པ་རྣམས་ཏེ། མཆོག་ཏུ་དགེ་ བའི་ཡིད་ཅན་ནི་གང་དག་དེ་ན་རྒྱུན་དུ་ཞུགས་པ་རྣམས་གནས་སོ། །གང་ཡང་རྣམ་པ་ཐམས་ཅད་དུ་སེམས་ཡང་བར་གྱུར་པ་བག་མེད་པས་མཆོག་ཏུ་བག་མེད་པ་ལ་རྗེས་སུ་ཆགས་པ་བག་མེད་པས་མྱོས་པ་རྣམས་དེ་བཞིན་དུ་ནགས་དང ། ཉེ་བའི་ནགས་དང་ མཚེའུ་དང་སྐྱེད་མོས་ཚལ་དང་ནགས་ཁྲོད་རྣམས་སུ་ལྷན་ཅིག་སྤྱོད་པ་དང་བཅས་པ་རྣམས་དགའ་བར་བྱེད་དོ། །འཆི་བདག་གི་འཇིགས་པ་རྣམས་མི་འགྲང་བར་དེ་དག་རྣམས་དེ་སྲིད་དུ་དགའ་བར་བྱེད་ཅིང་རྩེ་བར་ཡང་བྱེད་དོ། །པད་མའི་ཚལ་ནས་པད་མའི་ཚལ། རིའི་ རྩེ་མོ་གནས་རྣམས་ནས་གནས་རྣམས་སུ་དགའ་ཞིང་རྩེ་བར་ཡང་བྱེད་དེ། ཕན་ཚུན་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་འཐུན་པས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་དགེ་བའི་ལས་རྣམས་ཟད་པར་མ་གྱུར་གྱི་བར་དེ་སྲིད་དུའོ། །དེས་དེ་དག་རྣམས་ཟད་པ་དང་ གཞན་ཡང་དོན་བྱས་པ་མ་ཡིན་པའི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེའོ། །གལ་ཏེ་ཡང་ལས་གཞན་གྱིས་མི་རྣམས་དང་སྐལ་བ་འཐུན་པར་མིར་སྐྱེ་བར་གྱུར་ན་ཡང་དེ་རྟག་ཏུ་སྐྱིད་ཅིང་དོན་ཆེན་པོར་འགྱུར་རོ། །མཆོག་ཏུ་གཟུགས་བཟང་བ་མཆོག་ཏུ་ལོངས་ 70-1-17a སྤྱོད་ཆེ་བ་སྐྱེ་བོ་ཐམས་ཅད་དགའ་ཞིང་སྙིང་དུ་སྡུག་ལ་ཡིད་དུ་འོང་བ་རང་བཞིན་གྱིས་ཆོས་ལ་དགའ་བ་ཡིད་གར་དང་གླུ་དང་འཇོ་སྒེག་དང་སྐྱེ་བོ་རྣམས་ལ་དགའ་བར་གྱུར་པས་ལྷ་ཁང་དང་སྐྱེད་མོས་ཚལ་དང་མཚེའུ་དང་པད་མའི་ཚལ་རྣམས་ལ་སྤྱོད་ཅིང་རྒྱུ་བར་འགྱུར་རོ། །རྒྱལ་ པོར་གྱུར་པའམ་དེ་དག་དང་འདྲ་བའི་ཕུན་སུམ་ཚོགས་པ་དང་ལྡན་པ་དང་འཚེ་བ་མེད་པ་དང་ཐམས་ཅད་དུ་གྲོགས་པོ་དང་གཉེན་བཤེས་དང་རང་གི་སྐྱེ་བོ་རྣམས་བྱམས་པར་ཡང་འགྱུར་རོ། །རྟག་ཏུ་བདེན་པར་སྨྲ་བ་དང་རྟག་ཏུ་སེམས་ཀྱི་རྒྱུད་དྲང་བ་དང་རྟག་པར་ཡང་དགའ་བའི་སྐྱེས་བུ་ དེ་རྣམས་དང་ལྷན་ཅིག་ཏུ་དགའ་བར་འགྱུར་ཞིང་སེམས་དྲང་པོས་སྤྱོད་པ་ཐམས་ཅད་མ་ཉམས་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དེ་ལྟར་དེ་སྐལ་བ་འཐུན་པ་རྣམས་སུ་འགྲོ་བ་ནི་དེའི་རྒྱུ་འཐུན་པའི་ལས་ཀྱིས་ཡིན་ནོ། །གཞན་ཡང་དགེ་སློང་ལས་ཀྱི་ འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་རྣམས་འཐབ་བྲལ་བ་རྣམས་ཀྱི་ས་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དེ་ཇི་ལྟར་ཡོད་པ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་འཐབ་བྲལ་བ་རྣམས་ཀྱིས་བརྩེགས་པ་རྒྱུ་བ་ཞེས་བྱ་བའོ། །དེར་ལས་གང་གིས་སེམས་ཅན་སྐྱེ་བར་འགྱུར་ བ་ཡང་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་མཐོང་སྟེ། ཇི་ལྟར་སྐྱེས་བུ་དམ་པ་གང་དག་རྟག་ཏུ་ཡང་ལས་ཀྱི་འབྲས་བུས་འཇིགས་པར་གྱུར་པ་དྲང་པོར་གྱུར་པ་དྲང་པོའི་རང་བཞིན་ཅན། ཡང་དག་པའི་ལྟ་བས་ཡང་དག་པའི་ལས་བྱེད་པ་སྡིག་པའི་གྲོགས་པོ་ཡོངས་སུ་ སྤོང་བས་རྟག་ཏུ་ཡང་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་རྗེས་སུ་དྲན་པ། ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ལ་ཡང་འཇིགས་པར་ལྟ་བས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་རྣམ་པར་སྤངས་པར་གྱུར་པ་རྣམས་ཀྱིས་འདོད་པ་ལ་ལོག་པར་གཡེམ་པ་ཡང་སྤངས་པ་ཡིན་ ཏེ། དེ་བཞིན་དུ་ཡང་ཇི་ལྟར་འགྲོ་བར་གྱུར་པ་ན་བུད་མེད་རྣམས་ཀྱི་གར་དང་གླུའམ་རྒྱན་ནམ་སྒྲ་རྣམས་ཐོས་ནས་མྱོང་བར་བྱེད་ཅིང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་དེ་ལ་བློ་རྗེས་སུ་སོང་ནས་ཡང་དག་པའི་སེམས་མ་ཡིན་པའི་སྐྱོན་དེ་དག་རྣམས་དེས་དེ་བཞིན་དུ་ 70-1-17b རྟོགས་ནས་རྣམ་པ་ཐམས་ཅད་དུ་ཀུན་ཏུ་རྟོག་པར་མི་བྱེད་དོ། །དེ་དེ་བཞིན་དུ་འདོད་པ་ལ་ལོག་པར་གཡེམ་པ་ཡོངས་སུ་སྤོང་བ་ལ་ཞུགས་པ་རྣམས་ནི་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལས་བརྩེགས་པ་རྒྱུ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །དེར་སྐྱེས་པ་ན་ཡང་ འདིའི་ལེགས་པར་བྱས་པའི་ལས་ལ་སྤྱད་པས་བདེ་བ་རྒྱ་ཆེན་པོ་མྱོང་བའི་སྐལ་བ་ཅན་རང་གི་འོད་དང་ལྡན་པ་ཡུལ་ལྔའི་འདོད་པའི་བདེ་བ་ལ་རྣམ་པར་ཆགས་པའི་ཀླུང་ན་བརྩེགས་པ་ཞེས་བྱ་བའི་རི་ནི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱི་གནས་ལ་མཆོག་ཏུ་ དགའ་བས་གང་བ་ནི། བྱའི་ཚོགས་རྩེ་ཞིང་ལེགས་པར་རྒྱུ་བའི་རྐང་པ་བསྟེན་པར་འོས་པ། སྤྱོད་པ་དང་ཆ་བྱད་དང་དབྱིབས་དུ་མ་དང་ལྡན་པ། བརྒྱ་སྟོང་གིས་ཀུན་ཏུ་གང་བ་མཆོག་ཏུ་བལྟ་བར་དགའ་བ། རྣམ་པ་དུ་མར་ཁ་དོག་དུ་མ་སྤྱོད་ཡུལ་དུ་མ་དབྱིབས་ དུ་མའི་རི་དགས་རྣམས་ཀྱིས་ཡོངས་སུ་གང་བའི་རི་དེ་མཆོག་ཏུ་དགའ་བའི་འབབ་ཆུ་དང་ཆུ་ཀླུང་དང་མཚེའུ་དང་ཚང་ཚིང་དང་འཁྲི་ཤིང་གི་ཁང་བུ་དང་འབྲས་བུ་དང ། མེ་ཏོག་གི་ཤིང་གིས་ཀུན་ཏུ་གང་ཞིང་དཔག་བསམ་གྱི་ཤིང་གིས་ཉེ་བར་མཛེས་པར་གྱུར་པ་ཉེ་འཁོར་དུ་དཔག་ ཚད་སུམ་བརྒྱ་པ། ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ཉེ་འཁོར་ཀུན་ཏུ་གང་བ་ཉེ་འཁོར་ན་མཆོག་ཏུ་ཡིད་འཕྲོག་པའི་ལྷ་མཆོག་གི་ཚོགས་རྣམས་གནས་པའི་རི་དེ་ལ་ཀུན་ཏུ་རྟོག་པ་ན། ནགས་དང་ཉེ་བའི་ནགས་རྣམས་ནི་ཆ་ཤས་རྣམ་པར་ཕྱེ་ཞིང་རྣམ་པར་བཀྲ་བའོ། །རི་དེའི་ ཉེ་འཁོར་ན་རིན་པོ་ཆེ་སྣ་བདུན་གྱི་གཞི་རབ་ཏུ་རྣམ་པར་ཕྱེ་བ་ངོས་གཅིག་ནི་ཨིན་དྲ་ནཱི་ལའི་རང་བཞིན་ཏེ་ཉེ་འཁོར་དེ་ལས་བྱུང་བའི་འོད་རྣམས་ནི་དཔག་ཚད་སྟོང་ཕྲག་དྲུག་ཅུར་ངེས་པར་འཕྲོའོ། །ཇི་ལྟར་འོད་འབྱིན་པས་ནམ་མཁའ་ཐམས་ཅད་སྔོན་པོར་མངོན་པར་འགྱུར་རོ། ། ལྷ་གང་དག་རྒྱན་དང་ཆ་བྱད་རྣམ་པ་སྣ་ཚོགས་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་ལ་སོགས་པའི་ཆ་ཤས་རྣམ་པར་བཀྲ་བའི་ལུས་དང་ལྡན་པ་ཡིན་ཏེ། དེ་དག་རྣམས་ནམ་མཁའ་ལས་ཀླུང་ན་བརྩེགས་པའི་རིའི་ངོས་ལ་འགྲོ་བར་བྱེད་དེ། དེའི་ཚེ་དེ་དག་རྣམས་ཐམས་ 70-1-18a ཅད་ཟིལ་གྱིས་མནན་པའི་ཕྱིར་ན་རྣམ་པ་སྣ་ཚོགས་པར་མི་འགྱུར་རོ། །ལྷ་དེ་དག་རྣམས་ཐམས་ཅད་ཁ་དོག་གཅིག་པ་མཆོག་ཏུ་སྔོ་བའི་མདོག་ཏུ་འགྱུར་རོ། །རི་དེའི་ངོས་གཅིག་དེ་ལྟ་བུར་འགྱུར་རོ། །གཞན་ཡང་ཀླུང་ན་བརྩེགས་པའི་རི་དེའི་ངོས་གཞན་ གཉིས་པ་ནི་འདི་ལྟ་སྟེ་ཤེལ་གྱི་རང་བཞིན་ནོ། །དེ་དག་རྣམས་ཐམས་ཅད་ལ་ཡང་རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་པའི་ལྷ་རྣམས་ཡོད་དེ་ཆ་ཤས་རྣམ་པར་བཀྲ་བ་རྣམས་གང་གི་ཚེ་རི་དེའི་ལོགས་ལ་འགྲོ་བར་འགྱུར་རོ། །དེའི་ཚེ་ཐམས་ཅད་ཀྱང་ཤེལ་གྱི་ཁ་དོག་ཏུ་འགྱུར་ ཏེ་དེ་དག་འཐུན་པའི་གཟུགས་རྣམས་དང་དེ་དང་མཉམ་པའི་ཆ་ཤས་རྣམས་སུ་འགྱུར་རོ། །ཡང་ཀླུང་ན་བརྩེགས་པའི་རི་དེའི་ལོགས་གཞན་གསུམ་པ་ནི་དངུལ་གྱི་རང་བཞིན་ཡིན་ཏེ། དེའི་འོད་རྣམས་ནི་དཔག་ཚད་ལྔ་བརྒྱར་ངེས་པར་འཕྲོ་བའོ། །མཆོག་ཏུ་དཀར་ བ་དང་མཆོག་ཏུ་འབར་བ་དང་ལྡན་པ་བལྟ་བར་མཆོག་ཏུ་སྡུག་པའི་ལོགས་དེ་ལ་ཡང་ལྷ་གང་དག་ཉེ་བར་འགྲོ་བ་རྣམས་དེ་ཁོ་ན་བཞིན་དུ་རྣམ་པར་བཀྲ་བའི་རྒྱན་དང་ཆ་བྱད་དུ་གྱུར་པ་ལས་ཁ་དོག་གཅིག་ཏུ་འབར་ཏེ་མཆོག་ཏུ་དཀར་བ་དང་མདོག་མཆོག་ཏུ་འོད་གསལ་བའི་རི་དེ་དང་ ཁ་དོག་མཚུངས་པར་འགྱུར་རོ། །ཡང་རི་དེའི་ལོགས་གཞན་བཞི་པ་ནི་འཛམ་བུའི་ཆུ་བོའི་གསེར་གྱི་རང་བཞིན་ཉེ་འཁོར་ན་ཉི་མ་ལྟར་སྣང་བ་ཤིན་ཏུ་ཡང་གཟི་བརྗིད་དང་ལྡན་པར་དེའི་འོད་དཔག་ཚད་སྟོང་དུ་འཕྲོ་བ་ནི་གཅིག་ཏུ་འབར་ཞིང་འཁྲིགས་པ་བཞིན་དུ་སྟེ་དེས་ནམ་མཁའ་ རྣམ་པར་གསལ་བར་བྱེད་དོ། །ལྷ་གང་ཡང་དེའི་ངོས་ཀྱི་ནམ་མཁའ་ལ་ཀུན་ནས་གནས་ནས་འགྲོ་བར་བྱེད་པ་དེ་དག་ཐམས་ཅད་དེའི་འོད་ཀྱིས་གསེར་བཙོ་མའི་རང་བཞིན་གྱི་མདོག་ཅན་དུ་འགྱུར་རོ། །གཞན་ཡང་ཀླུང་ན་བརྩེགས་པའི་རི་དེའི་ངོས་ལྔ་པ་ནི་པད་མ་རཱ་གའི་ འོད་དང་མཚུངས་པར་སྣང་བ་སྟེ། ལོགས་དེའི་ཉེ་འཁོར་རྣམས་ནི་མཆོག་ཏུ་དམར་བ་རྣམ་པར་སྣང་བར་བྱེད་པས་དེའི་འོད་ཟེར་རྣམས་ནི་དཔག་ཚད་སྟོང་དུ་ངེས་པར་འཕྲོ་བའོ། །ངོས་དེ་ལ་ཡང་ལྷ་གང་དག་འགྲོ་བར་བྱེད་པ་དེ་དག་ཐམས་ཅད་རྣམ་པ་སྣ་ཚོགས་པའི་ 70-1-18b གཟུགས་སུ་ཡང་གྱུར་ནས་ཁ་དོག་ཤིན་ཏུ་དམར་པོར་སྣང་བར་འགྱུར་རོ། །གང་ཡང་རིན་པོ་ཆེ་དམར་པོ་གང་དག་ལུས་ལ་ལེགས་པར་བཏགས་པར་གྱུར་པ་དེ་དག་རྣམས་ནི་བརྒྱ་འགྱུར་གྱིས་ཀྱང་ཆེས་ལྷག་པའི་རིན་པོ་ཆེ་རྣམས་སུ་འགྱུར་ཏེ། རི་དེའི་ལོགས་ཀྱི་འོད་ཀྱི་ཁྱད་ པར་གྱིས་ཡིན་ནོ། །གཞན་ཡང་རི་དེའི་ངོས་དྲུག་པ་ནི་རྡོ་རྗེ་དང་མཚུངས་པའི་ཁ་དོག་རྣམས་ཏེ་དེའི་འོད་རྣམས་ཀྱང་དཔག་ཚད་སྟོང་དུ་ཁྱབ་པར་འགྲོ་བའོ། །ཉེ་འཁོར་ཀུན་ནས་ཀྱང་འཇའ་ཚོན་ལྟ་བུའི་འོད་བྱེ་བ་ཕྲག་འཕྲོ་བར་འགྱུར་རོ། །ངོས་དེ་ལ་ལྷ་གང་ཞིག་འགྲོ་ བར་བྱེད་པ་དེ་དག་ཀྱང་དེ་བཞིན་དུ་འཇའ་ཚོན་དང་མཚུངས་པའི་ཁ་དོག་ཏུ་འགྱུར་ཏེ་ཀླུང་ན་བརྩེགས་པའི་རི་དེའི་གཟི་བརྗིད་ཀྱིས་ཡིན་ནོ། །གཞན་ཡང་རི་དེའི་ངོས་བདུན་པ་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་ཡིན་ཏེ། སྣ་བདུན་ཉིད་ཁོ་ནའི་རིན་པོ་ཆེས་རྣམ་པར་བཀྲ་བའི་ངོས་ དེར་ལྷ་གང་དག་འགྲོ་བར་བྱེད་པ་དེ་དག་ཐམས་ཅད་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ལུས་བརྒྱན་པར་འགྱུར་རོ། །གོས་རྣམས་ཀྱང་རྣམ་པ་སྣ་ཚོགས་པར་འགྱུར་རོ། །ངོས་དེའི་འོད་རྣམས་ཀྱང་དཔག་ཚད་སྟོང་དུ་ཡིན་ཏེ། དེ་ལྟར་ན་ཀླུང་ན་བརྩེགས་པའི་རི་ དེའི་ཉེ་འཁོར་ན་དཔལ་གྱིས་རྣམ་པར་གསལ་བ་ཡིན་ནོ། །དེ་བཞིན་དུ་རི་རྣམས་ཀྱི་རྒྱལ་པོ་སྟེང་གི་རི་རབ་ལྷུན་པོ་ཡང་དེ་ལྟར་ཡིན་ལ། རི་རྣམས་ཀྱི་རྒྱལ་པོ་རི་རབ་ལྷུན་པོ་དེས་ཀྱང་རི་ཀླུང་ན་བརྩེགས་པའི་འོད་ཟེར་རྣམས་སམ་དགའ་བར་འགྱུར་བའམ། རིན་ པོ་ཆེའི་འོད་རྣམས་སམ། དགའ་བར་གྱུར་པ་རིན་པོ་ཆེའི་འོད་རྣམས་ཀྱང་རུང་སྟེ། བརྒྱའི་ཆར་ཡང་མི་ཕོད་ལ་སྟོང་གི་ཆར་ཡང་མི་ཕོད་དོ། །རི་དེ་ནི་དེ་སྲིད་དུ་དགའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ལས་ཀྱི་སྟོབས་ཀྱི་སྟེ་འཐབ་བྲལ་བ་རྣམས་ ལེགས་པར་བྱས་པ་ཆེས་ལྷག་པ་དང་ཡོངས་སུ་དག་པའི་ལས་ཅན་ཡིན་པའི་ཕྱིར་ཏེ་རྒྱུ་འདིས་ན་ཐམས་ཅད་ལས་ཉེ་འཁོར་ཀུན་ཏུ་ཆེས་དགའ་བ་ཡིན་ནོ། །གཞན་ཡང་རི་དེའི་ཉེ་འཁོར་ན་མཆོག་ཏུ་རྣམ་པར་དག་པའི་གཟི་བརྗིད་མཆོག་དང་ལྡན་པ་ཐམས་ཅད་དང་། 70-1-19a བཅས་པས་མུ་ཏིག་མཆོག་གི་དྲ་བས་ཡོངས་སུ་གཡོགས་པའི་རི་དེ་ནི་ལེགས་པར་བྱས་པའི་ལས་ལས་ཀུན་ཏུ་བྱུང་བས་མུ་ཏིག་གི་ཕྲེང་བའི་ཚོགས་བྲེས་པས་དེ་བཞིན་དུ་རྣམ་པར་མཛེས་པ་ནི་ཇི་ལྟར་ཡིད་སྨོན་གྱིས་ཀུན་ནས་བསམས་པའི་གྲོང་ཁྱེར་ཆེན་པོ་མུ་ ཏིག་གི་ཕྲེང་བས་བྲེས་པས་དེ་བཞིན་དུ་སྒྲ་འབྱིན་ཏོ། །དྲ་བ་དེ་རྒྱ་ཆེན་པོར་གྱུར་པའི་ལོགས་ལ་ཡང་རྣམ་པ་སྣ་ཚོགས་པའི་བྱའི་ཚོགས་བརྒྱ་སྟོང་གནས་ལ་ལོགས་དེ་ལ་གནས་པའི་བྱ་རྣམས་ཀྱིས་ཀྱང་ལྷ་གང་དག་བག་མེད་པར་གྱུར་པ་དང ། བག་མེད་པར་སྤྱོད་པའི་ལྷ་དེ་ རྣམས་ལ་བྱ་དེས་འབོད་པར་བྱེད་དེ། བྱ་དེ་རྣམས་ཀྱང་བརྗོད་པ་རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་ལྷ་དེ་དག་རྣམས་ལ་རྗོད་པ་བྱེད་པ། ཇི་ལྟར། རྣམ་པ་སྣ་ཚོགས་ལས་དབང་གིས། །འགྲོ་བའི་སྐྱེ་བ་འདི་ལྷས་ཐོབ། །དེ་ཐོབ་གང་ཞིག་ཆོས་མི་ཤེས། ། ཕྱིས་ནས་དེ་ནི་གདུང་བར་འགྱུར། །ཚལ་དང་སྐྱེད་ཚལ་དགའ་བ་འདིར། །འཁྲི་ཤིང་སྟེགས་བུ་དཀྱིལ་འཁོར་དུ། །གང་འདི་འཇིག་རྟེན་རྣམ་བཀྲ་བ། །དེ་ཀུན་དགེ་བ་ལས་སྐྱེས་འབྲས། །གང་དང་གང་གིས་ཇི་ལྟར་ཡང ། །མཛེས་པར་འགྱུར་བའི་ལས་བྱས་པ། ། དེ་དང་དེ་ཡིས་དེ་བཞིན་དུ། །འབྲས་རྣམས་དེ་རྗེས་འཇུག་པར་མཐོང ། །ལྷ་རྣམས་ལ་ནི་སོ་སོར་ཡང ། །དམན་པར་མཆོག་གི་བདེ་བ་མཐོང ། །གང་དང་གང་གིས་བྱས་ཅི་ལྟར། །དེ་དང་དེ་འབྲས་དེ་བཞིན་ནོ། །གཏི་མུག་དབང་གིས་འགྲོ་བའི་ལྷ། །རྨོངས་པ་སྣ་ཚོགས་ཆ་བྱད་ ཅན། །ཡིད་ནི་ཤིན་ཏུ་འཁྲུལ་པ་ཡི། །རྨོངས་པས་འཇིག་ཆེན་མ་མཐོང་ངོ ། །རྣམ་རྨོངས་བག་མེད་པ་ཡིས་གང ། །རང་ལ་ཕན་པ་བྱེད་མ་ཡིན། །འདོད་དགའ་རྣམ་པ་སྣ་ཚོགས་པའི། །རྣམ་པ་སྣ་ཚོགས་འབྲས་འདོད་པ། །ལས་རྣམས་ཀྱང་ནི་མི་བྱེད་པའི། ། ལྷ་དེའི་སེམས་ནི་རྨོངས་པ་ཡིན། །འབྲས་བུ་གང་དག་ཡིད་འོང་བའི། །སྣ་ཚོགས་ངེས་པར་འབྱུང་འགྱུར་གང ། །དེ་ཡིས་མར་མེ་སྤངས་ནས་ནི། །འོད་ལ་མཆོག་ཏུ་ལྟ་བར་བྱེད། །གང་ཡང་འབྲས་བུ་དང་འདྲ་བར། །འདོད་པའི་ལྷ་ནི་དམ་པ་མཆོག་།གང་ཡང་རྒྱུ་ 70-1-19b འབྲས་དེ་ཉིད་ཤེས། །བདེ་བ་ཡི་ནི་སྐལ་ལྡན་ཡིན། །ས་བོན་མེད་པའི་འབྲས་བུ་མིན། །མར་མེ་མེད་པར་གང་ལ་འོད། །ཚུལ་ཁྲིམས་མེད་ལ་མཐོ་རིས་མེད། །ཤེས་རབ་མེད་ལ་གྲོལ་ལམ་ཅི། །གལ་ཏེ་གྲོལ་ན་དེ་བདེ་ཡིན། །འདོད་པ་སྤངས་པ་སྐྱོབ་པ་ཡིན། །འདོད་ པའི་སྲེད་ལས་རྣམ་གྲོལ་དང ། །ང་ཡི་མེད་པའང་བློ་ལྡན་ཡིན། །གལ་ཏེ་ལས་སྐྱེས་བདེ་འདི་རྣམས། །དེ་ཀུན་རྙོག་དང་བཅས་པ་ཡིན། །མཐར་ཐུག་པ་ནི་གང་ཡིན་པ། །དེ་ཀུན་དྲི་མ་མེད་པར་དྲན། །མི་རྣམས་བསྐལ་པ་བརྒྱར་ཡང་ནི། །ཡུལ་གྱིས་ངོམས་པ་ཡོད་མ་ ཡིན། །བདེ་བ་གང་ཡིན་དེ་རྣམས་ལ། །ཡུལ་རྣམས་སྟེན་ལ་ངོམས་ཡོད་མིན། །བསྟེན་པར་གྱུར་ན་རྟག་པར་འདོད། །ཕྱིར་ཞིང་ཕྱིར་ཞིང་འཕེལ་བར་འགྱུར། །དེ་འཕེལ་བ་ནི་དུག་དང་མཚུངས། །ལོག་པར་ལྟ་བར་གྱུར་པ་ཡིན། །རྒུད་པ་ལ་མཁས་འཇིགས་རུང་ བ། །རྟག་པར་ལྟུང་བའི་རྒྱུ་དུ་མ། །དེ་དག་ཡོངས་སུ་མ་སྤངས་ནའང ། །མིག་བྲལ་ཕལ་ཆེར་ལྟུང་བ་ཡིན། །སྐྱོན་དང་ཡོན་ཏན་ཡོངས་ཤེས་པ། །དེ་དག་མཁས་པའི་མཚན་ཉིད་ཡིན། །སྐྱོན་ཡོན་ཡོངས་སུ་མི་ཤེས་པ། །དེ་དག་རྨོངས་པའི་བྱེད་པ་ཡིན། །ཡོན་ ཏན་ལ་ནི་ཡོན་ཏན་བློ། །སྐྱོན་རྣམས་ལ་ཡང་དེ་བཞིན་ནོ། །སྐྱོན་ཡོན་དེ་ཉིད་ཤེས་པ་དེ། །རྟག་ཏུ་བདེ་བའི་སྐལ་ལྡན་ཡིན། །དེ་ལ་དེ་དག་ཡུལ་རྣམས་ཀྱི། །སྐྱོན་ཡོན་ཤེས་པར་དེ་འདིར་འདོད། །ཤེས་རབ་ཡོངས་སུ་སྤངས་ནས་ནི། །ཡུལ་རྣམས་ལྷ་ཡིས་ཇི་ ལྟར་སྟེན། །དེ་ལྟར་བྱ་དེ་དག་རྣམས་མུ་ཏིག་གི་དྲ་བའི་གསེབ་ཏུ་སོང་ནས་ཕན་པའི་དོན་དུ་རྗོད་པར་བྱེད་དེ་ལྷ་དེ་དག་རྣམས་ཉིད་ལ་ཕན་པའི་དོན་དུའོ། །གཞན་ཡང་རི་དེ་ཉིད་ཀྱི་ཉེ་འཁོར་གྱི་སྟེང་ན་འོད་ཀྱི་ཕྲེང་བ་རྣམ་པར་བཀྲ་བའི་ཆུན་པོ་སྦྲེལ་བར་གྱུར་པ་རྣམས་ནི་ དུ་མར་མཛེས་པ་དང ། ཉེ་འཁོར་ན་འབར་བ་དེ་བཞིན་དུ་སྟེང་དུ་ཡང་གསལ་བར་བྱེད་དེ་ཇི་ལྟར་འཛམ་བུའི་གླིང་པས་ཁ་དོག་གསུམ་པ་རྣམས་དབང་པོའི་གཞུ་ཞེས་མངོན་པར་བརྗོད་པ་ཡིན་ལ་དེའི་ལོགས་རྣམས་ལ་ཡང་གལ་ཏེ་ལྷ་རྣམས་ལྟ་བར་བྱེད་ན་རིན་པོ་ཆེ་ 70-1-20a རྣམ་པ་སྣ་ཚོགས་པའི་འོད་ཀྱི་གཟི་བརྗིད་ཀྱིས་དེ་ལ་ཡང་རབ་ཏུ་དགའ་བར་འགྱུར་རོ། །དེ་ནས་ལོགས་དེ་དག་ལས་ལྷ་གང་དག་གིས་རི་དེའི་ལོགས་རེ་རེ་ཞིང་བལྟས་པ་ན་རིན་པོ་ཆེ་དུ་མ་འོད་འབྱིན་པ་ཤིན་ཏུ་དགའ་བ་ངོ་མཚར་ཤིན་ཏུ་ཆེ་བ་རྣམས་མཐོང་ ངོ ། །ལོགས་རེ་རེར་ལྷ་དེ་དག་རྣམས་ལོགས་རེ་རེར་ཞིང་ཡང་དགའ་བར་བྱེད་དེ་རྣམ་པ་དུ་མར་ལས་སྣ་ཚོགས་པ་བྱས་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱེད་དོ། །རི་དེ་ན་རི་རབ་ལྷུན་པོ་བཞིན་དུ་གཞན་ཡང་ནགས་འདི་དག་རྣམས་ཡོད་དེ་འདི་ལྟ་སྟེ། མཛེས་ པའི་རྒྱན་ཞེས་བྱ་བའི་ནགས་ཚལ་དང ། རྩེད་མོ་དགའ་བ་ཞེས་བྱ་བའི་ནགས་ཚལ་དང ། ཉིན་མོར་བྱེད་པས་དགའ་བ་ཞེས་བྱ་བའི་ནགས་ཚལ་དང ། བདུད་རྩིས་མཛེས་པ་ཞེས་བྱ་བའི་ནགས་ཚལ་དང ། ནགས་བཞི་པོ་དེ་རྣམས་དང་ཉེ་བའི་ནགས་དང ། འབབ་ ཆུ་དང་མཚེའུ་དང ། པད་མའི་ཚལ་དང་ཆུ་ཀླུང་དང་ཚང་ཚིང་དང ། ཁྲད་ཁྲོད་རྣམས་ན་བྱ་རྣམ་པར་སྒྲ་འདོན་པ་དང་རྣམ་པར་བཀྲ་བའི་མེ་ཏོག་ལེགས་པར་བཀྲམ་པ་ལྗོན་ཤིང་ལ་བྱའི་ཚོགས་རྣམ་པར་སྒྲོགས་པ་དང ། ཁང་བཟངས་དང་ཁྱོགས་ཀྱི་ཁང་བུའི་ཕྲེང་བ་ རྣམས་དང་ཀུན་ལྡན་པ་ཡིན་ནོ། །རི་དེ་དང་ནགས་དེ་དག་རྣམས་སུ་རྒྱུན་གནས་ན་རྒྱུ་བའི་ལྷ་དེ་དག་རྣམས་ཅི་ནས་ཀྱང་སོང་ནས་འཁོར་དང་བཅས་པ་རྣམས་རྟག་པར་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་དཔེ་མེད་པ་རྣམས་ལ་དགའ་ཞིང་མགུ་བར་ཀུན་ཏུ་སྤྱོད་དེ། ནགས་བཞི་པོ་དེ་ དག་གི་ཉེ་འཁོར་རྣམས་ནི་མཆོག་ཏུ་དགའ་བར་གྱུར་པའོ། །དེ་ལ་ནགས་གཅིག་ནི་འཛམ་བུའི་ཆུ་བོའི་གསེར་གྱི་རང་བཞིན་ཏེ། ནགས་དེའི་འདབ་མ་རྣམས་ནི་བཻ་ཌཱུརྱའི་རང་བཞིན་ལ་མེ་ཏོག་རྣམས་ཀྱང་པད་མ་རཱ་གའི་མདོག་དང་འདྲ་བའོ། །ཡང་ནགས་གཞན་འདི་ནི་དངུལ་གྱི་ རང་བཞིན་ཡིན་ལ་དེའི་འདབ་མ་རྣམས་ནི་གསེར་བཟང་པོའི་མདོག་ཅན་ཡིན་ཞིང་མེ་ཏོག་ཀྱང་རྣམ་པ་དུ་མར་མཆོག་ཏུ་དྲི་ཞིམ་པོར་གྱུར་པ་གང་དག་དཔག་ཚད་བརྒྱར་དྲི་རྣམས་འགྲོ་བར་འགྱུར་ཏེ། དྲི་རྣམས་གང་དག་བསྣམས་པར་གྱུར་པའི་ལྷ་དེ་དག་རྣམས་དེ་ཤིན་ཏུ་ཆེ་བའི་མཆོག་ 70-1-20b ཏུ་རབ་ཏུ་དགའ་བ་ལྷག་པར་འགྱུར་རོ། །ནགས་གསུམ་པ་ནི་བཻ་ཌཱུརྱའི་རང་བཞིན་ནོ། །དེའི་ལོ་མ་རྣམས་ནི་དངུལ་གྱི་རང་བཞིན་ཡིན་ལ་མེ་ཏོག་ཀྱང་དྲི་དུ་མ་དང་ལྡན་པ་རྣམ་པ་སྣ་ཚོགས་པའི་ཁ་དོག་གོ། །ནགས་བཞི་པ་ན་རྣམ་པ་དུ་མར་འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་དང་བྱ་ རྣམ་པར་སྒྲ་འབྱིན་པ་སྟོང་ཕྲག་བརྒྱའི་ཡོན་ཏན་ཕུན་སུམ་ཚོགས་པའི་ནགས་དེ་རྣམས་ན་ཡང་སྣ་ཚོགས་པའི་བྱ་རྣམ་པར་བཀྲ་བ་རྣམས་ཀུན་ནས་སྒྲ་སྒྲོགས་པ་ནི་ཇི་ལྟར་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་དབུས་ཀྱི་བརྒྱ་བྱིན་བཞིན་ཏེ། དེ་ལྟར་ཡང་ཤིན་ཏུ་འཐབ་བྲལ་ཞེས་བྱ་བ་ ཆེས་ལྷག་པའི་མདོག་དང་སྟོབས་དང་གཟི་བརྗིད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དགེ་བའི་ལས་ཀྱི་མཐའ་དུ་མ་ལ་སྤྱད་པའི་ཕྱིར་མཆོག་ཏུ་གཟི་བརྗིད་ཆེ་བ་དང་ལྡན་པ་རི་དེ་ཉིད་ལྷ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས། ཡུལ་མང་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ལ་རྣམ་ པ་དུ་མར་དགའ་བར་བྱེད་དེ། ལྷ་ཤིན་ཏུ་འཐབ་བྲལ་ནི་མཆོག་ཏུ་རྫུ་འཕྲུལ་ཆེ་བ་དང་མཐུ་སྟོབས་མཆོག་དང་ལྡན་པ་ཡིན་ནོ། །དེ་རང་གི་ལས་ཀྱིས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་དགའ་བར་གྱུར་པའི་ཡུལ་ལྔ་པོ་དེ་རྣམས་ཀྱི་དབང་པོ་དྲུག་གི་བདེ་བ་ལས་ དེ་ཉེ་བར་ལོངས་སྤྱོད་དོ། །ཤིན་ཏུ་འཐབ་བྲལ་གྱི་ལྷ་རྣམས་ནི་ཆེས་ཆེ་བ་ཡིན་ཏེ་དེའི་ལེགས་པར་བྱས་པའི་ལས་རྣམས་ཀྱིས་རི་དེ་རྣམ་པ་དེ་སྲིད་དུ་དགའ་བར་འགྱུར་བ་ཡིན་ནོ། །དགའ་བར་འགྱུར་བ་དེ་དག་རྣམས་མངོན་པར་མཐོང་ནས་ཀྱང་དུས་ཐམས་ཅད་དུ་རབ་ཏུ་དགའ་བ་ ཞེས་བྱ་བའི་བྱའི་ཚོགས་རྣམས་ཀྱིས་དེ་དག་དང་ལྷན་ཅིག་སྐྱེས་པའི་དབྱངས་ལས་ཀྱིས་བྱས་པའི་མངོན་པར་དགའ་བར་འགྱུར་བའི་ཚིགས་སུ་བཅད་པ་དང་ལྡན་པས་ཚིགས་སུ་བཅད་པ་རྣམས་བརྗོད་པ་ནི། ཇི་ལྟར། སེམས་ལྡན་མི་ཡི་ཤེས་རབ་ཀྱིས། །ཡིད་ལ་སྨོན་ དགུ་བརྒྱ་ཡིས་ཀྱང ། །བདེ་དེ་བྱ་བར་མི་ནུས་ཏེ། །ཇི་ལྟར་ལས་བྱུང་བདག་ཉིད་ཆེ། །ཤིན་ཏུ་ཆེ་དང་མཆོག་ཏུ་ཆེ། །དགའ་བ་ལས་ཀྱང་མཆོག་དགའ་དེ། །རྙེད་པ་སྐྱེས་བུ་བྱེད་འབྲས་ཏེ། །དེ་ནི་ཚུལ་ཁྲིམས་མཛེས་པ་ཡིན། །ཆུ་བོ་འགྱུར་ལྡོག་འགྲོ་བ་ཡི། ། 70-1-21a ཡུལ་གྱི་སྒོ་ཡི་འགྱུར་ལྡོག་ལས། །གང་དག་འདི་ལས་སེམས་འདུལ་བའི། །ལྷ་དེ་བདེ་བའི་སྐལ་ལྡན་ཡིན། །བསོད་ནམས་བདག་ཉིད་ཀྱིས་བྱས་པ། །བདག་ཉིད་ལ་ནི་སྒྲུབ་པར་བྱེད། །བདེ་བའམ་གལ་ཏེ་སྡུག་བསྔལ་གང ། །བདག་ཉིད་ཁོ་ནས་ཉེར་ ལོངས་སྤྱོད། །སྐྱེས་བུ་རྟག་ཏུ་སྡིག་བྱེད་པ། །དགྲ་བཞིན་དུ་ཡང་བདག་ཉིད་གནས། །དགེ་བ་བྱེད་པ་དེ་བཞིན་དུ། །བདག་ལ་གྲོགས་བཞིན་རབ་ཏུ་སྒྲུབ། །ཆུ་བོ་ཡི་ནི་རྒྱུན་བཞིན་དུ། །སྐྱེ་བས་སྐྱེས་བུ་ལ་རབ་འཇུག་།གང་ཡིད་ཚུལ་ཁྲིམས་ལ་དགའ་བ། །བསོད་ནམས་ གཟི་བརྗིད་དྲི་མེད་ལྡན། །མུན་ཚོགས་ཕལ་ཆེན་ལ་གནས་ནས། །དོན་མིན་པ་ནི་རབ་སྒྲུབ་པ། །གང་ཞིག་སྡིག་ལ་དགའ་བའི་བློས། །རྟག་ཏུ་ཡུལ་ལ་ཆེད་ཆེར་འཛིན། །ཡུལ་ན་དགའ་བའི་འགྱུར་ལྡོག་གིས། །རྟག་ཏུ་ཆགས་པའི་རྗེས་སུ་འབྲང ། །གང་བློ་ཆོས་ལ་ མི་གནས་པ། །མི་དེ་སྡུག་བསྔལ་སྐལ་ལྡན་ཡིན། །གང་ཕྱིར་བདེ་ཆོས་ཉེ་འཁོར་ལས། །སྡུག་བསྔལ་བདུད་ཀྱི་ཆོས་འདི་ཡིན། །སྐྱེ་བོ་དེ་ཉིད་ཤེས་པ་ཡིས། །བདེ་སྡུག་མཚན་ཉིད་དེར་ཤེས་བྱ། །གང་ཡང་བདེ་བ་དེ་འདོད་པས། །དམ་ཆོས་རྗེས་སུ་སྤྱད་པར་གྱིས། ། སྡུག་བསྔལ་གང་ཞིག་མངོན་ཞེན་འདིས། །ཆོས་དེ་བྱེད་ལས་ཡིན་པར་འདོད། །སྡུག་བསྔལ་རྣམ་པ་སྣ་ཚོགས་དང ། །རྒྱུ་མེད་བདེ་བ་མཐོང་བ་མིན། །བདེ་སྡུག་ཐ་དད་གྱུར་ཏེ་ལྟར། །རྩོལ་བས་རང་ཕན་ཆོས་ལ་སྤྱོད། །གང་གི་རྣམ་རྟོག་དུ་མ་དང ། །གང་ཡང་རྣམ་པ་དུ་ མ་ཡི། །སྐྱེ་བ་རབ་ཏུ་ཐོབ་པ་འདི། །དེ་ཀུན་ལས་ལས་སྐྱེས་པའི་འབྲས། །གང་ཞིག་ཆོས་རྣམས་མི་འདོད་པ། །སྐྱེ་བ་འབྲས་བུས་སྟོང་པ་ཡིན། །ཆོས་ཀྱི་མཐོ་རིས་དག་ཏུ་འབབ། །ཆོས་སྤྱོད་པ་ནི་བདེ་དང་ལྡན། །དེ་ལྟར་དེ་ཀུན་འཐོབ་ནུས་པ། །དམ་ཆོས་ དབང་བྱས་འབྲས་བུ་ཡིན། །སྐྱེས་བུ་ངན་པ་ཆོས་མི་འཛིན། །དམྱལ་བར་ཉེ་བར་འགྲོ་བ་ཡིན། །ཤི་བར་གྱུར་པ་མཆོག་ཡིན་གྱི། །ལུས་ལ་སྨོན་པ་དེ་ལྟར་མིན། །ཆོས་སྤངས་པ་ཡི་སྐྱེས་བུ་ནི། །རྟག་ཏུ་འཁོར་བར་འཁྱམ་པར་འགྱུར། །ཆོས་ཀྱི་མིག་དང་མི་ལྡན་པའི། ། 70-1-21b གཏི་མུག་གིས་ཀྱང་ནོན་པའི་སེམས། །ས་སྒྲེན་ལ་འབབ་ཆར་ཇི་བཞིན། །བདེ་བར་མཐོང་བ་འདི་དོན་མེད། །ཆོས་ཀྱི་མྱུ་གུ་ཡིད་ཞིང་ལ། །སྐྱེ་བ་མིན་ཏེ་སེམས་མེད་པས། །གང་གི་རང་བཞིན་བླུན་པའི་བློ། །ཆོས་མིན་སྤྱོད་པ་ལ་དགའ་བོ། །ཆོས་མིན་ལམ་ལ་བརྟེན་ ནས་ནི། །སྐྱེ་བོ་སྡིག་དབང་རྗེས་སུ་འགྲོ། །སེམས་ཀྱིས་ཡོངས་སུ་དེད་པ་ནི། །ཡུན་རིངས་འཁོར་བར་འཁྱམ་པ་ཡིན། །སེམས་འདི་སྐད་ཅིག་སྐད་ཅིག་ལ། །རྣམ་པ་དུ་མར་ཡོངས་སུ་འཇུག་།ཡང་མོའི་རང་བཞིན་རྩབ་ཧྲལ་ཅན། །སྒྱུ་མ་དྲི་ཟ་ལྟར་སྣང་བ། །སེམས་དང་ རྣམ་ཤེས་ལེགས་བསྡམས་པས། །གང་ཉིད་འཆིང་བ་ཡིན་པར་འདོད། །འཆིང་བ་ངན་པ་ཤུགས་ཆེན་དེ། །རྣམ་པ་དུ་མར་ཡོངས་སུ་རྒྱུག་།འདོད་པ་དང་བཅས་ཡུལ་ལ་ཡང ། །སྲེད་པའི་དབང་དང་ལྡན་དེས་ཀྱང ། །ལྷ་དེ་རྣམས་ནི་དེ་བསླུས་སོ། །བག་མེད་དབང་དུ་གྱུར་ པ་ཡིས། །གསོན་པ་རྣམ་པར་བཅོམ་ནས་ཀྱང ། །ལོག་པར་ལྟུང་བའང་མ་རྟོགས་སོ། །རྣམ་པར་འཇོམས་དང་ཟད་པ་དང ། །བདེ་བ་མི་རྟག་གཡོ་བར་ནི། །བདེ་ཉིད་ཐམས་ཅད་གྱུར་པ་ཡང ། །རྨོངས་པས་རིག་པ་མ་ཡིན་ནོ། །སྲེད་པ་རྨོངས་པ་བག་མེད་གང ། ། རོ་བདེ་རྣམས་ཀྱང་དེ་བཞིན་དུ། །ལྷ་ཡི་ཚོགས་ནི་རྣམ་རྨོངས་པས། །སྲིད་ནས་སྲིད་པར་འཁྱམ་པ་ཡིན། །མེད་གྱུར་ནས་ནི་ཡོད་པར་འགྱུར། །ཡོད་པ་ངེས་པར་གཡོ་བའང་ཡིན། །ལྷ་རྣམས་ལྟུང་བར་གྱུར་པ་ཡི། །ཆོས་དེ་འདི་ལ་རྣམ་པར་གནས། །ཞེས་བྱ་བའོ། ། དེ་ལྟར་བྱ་དེ་དག་གིས་རི་དེ་ལ་རྒྱུ་བ་རྣམས་ལ་དམ་པའི་ཆོས་དང་ལྡན་པ་རྣམ་པ་དུ་མར་རྗོད་པར་བྱེད་དོ། །དེ་ནས་ལྷ་གང་དག་སྔོན་ལེགས་པར་བྱས་པའི་ལས་ལ་སྤྱད་པར་གྱུར་པ་དེ་དག་རྣམས་ནི་བྱ་དེ་དག་གིས་རྣམ་པར་བརྗོད་པ་ཉེ་བར་འཛིན་ཏོ། །ཉེ་བར་བཟུང་ནས་ཀྱང་ཡིད་ལ་བྱེད་དོ། ། གང་དག་ཆོས་རྣམས་ལ་རྗེས་སུ་མ་སྤྱད་པ་དེ་དག་རྣམས་ཀྱིས་ནི་ཚིག་གཅིག་ཀྱང་མི་གོའོ། །དེའི་ཕྱིར་ན་རང་ལ་ཕན་པ་དང་གཞན་རྣམས་ལ་ཕན་པར་འདོད་པས་བརྩོན་པ་དུ་མས་ཀྱང་ཡེ་ཤེས་ཀྱི་སྣང་བ་ལ་ཆེད་ཆེར་འགྱུར་བར་བྱའི་སྐྱབས་ཀྱི་རྣམ་པ་དེ་ལྟ་བུ་སྨན་རྣམས་སམ་ངན་ 70-1-22a འགྲོ་ཐམས་ཅད་ལས་ངེས་པར་སྒྲོལ་བར་འགྱུར་བ་གཞན་ནི་ཡོད་པ་མ་ཡིན་ནོ། །ཡེ་ཤེས་ཀྱིས་ནི་ཇི་ལྟ་བ་བཞིན་དུ་བདེ་བ་མཆོག་གི་ས་བོན་དུ་འགྱུར་ཏེ་བསྟེན་པ་དང་བསམས་པ་དང་བསྙེན་བཀུར་བྱས་པ་དེ་དག་གིས་ཤེས་རབ་དེ་ལྟ་ཡོན་ཏན་དང་ལྡན་པས་ན་ངེས་པ་ཁོ་ ནར་མྱ་ངན་ལས་འདས་པ་མཐར་བྱེད་པར་འགྱུར་རོ། །ལྷ་གང་དག་བག་མེད་པར་རྣམ་པར་རྒྱུ་བ་རྣམས་ཀྱིས་བྱ་དེ་དག་རྣམས་ཀྱི་རྣམ་པར་བརྗོད་པ་ཉེ་བར་བཟུང་ནས་དེ་དག་རྣམས་ཡུད་ཙམ་ཞིག་བག་མེད་པ་ཉེ་བར་ཞི་བར་འགྱུར་རོ། །གཞན་ཡང་ལྷ་དེ་དག་རྣམས་དེ་ཉིད་ཀྱིས་ནགས་ དང་ཉེ་བའི་ནགས་དགའ་བ་དེ་ན་རིན་པོ་ཆེ་དུ་མས་རྣམ་པར་གསལ་བའི་རྩེ་མོར་ལྷ་དེ་དག་འདོད་པའི་ཡོན་ཏན་ལྔ་ཡང་དག་པར་ལྡན་པར་གྱུར་པས་རྣམ་པ་དུ་མར་དགའ་ཞིང་ཀུན་ཏུ་ཡང་སྤྱོད་དེ་ཇི་སྲིད་དུ་འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་རྣམས་ཟད་པར་ མ་གྱུར་བར་དུའོ། །དེས་དེ་དག་རྣམས་ཟད་ནས་གཞན་ཡང་རྣམ་པར་འཇུག་ཅིང་རབ་ཏུ་ཡང་ལྟུང་སྟེ་ཇི་ལྟར་ལས་རྣམས་ཀྱིས་ཉེ་བར་འགྲོ་བ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེའོ། །ལྷག་མ་རྣམས་ཀྱིས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་དེ་རྟག་ ཏུ་སྐྱིད་པའི་མཆོག་ཏུ་འགྱུར་རོ། །སྐྱེས་པ་ནས་བཟུང་ནས་གཞན་རྣམས་ཀྱིས་ཀྱང་བཀའ་མི་སྒོ་བ་དང ། རང་ཅི་འདོད་པ་བཞིན་དུ་བྱེད་པ་དང་མཆོག་ཏུ་ལོངས་སྤྱོད་དང་ལྡན་པ་དང་ཤེས་རབ་ལ་མཆོག་ཏུ་དགའ་བ་དང་མཆོག་ཏུ་ཡོན་ཏན་དང་གཟུགས་ཕུན་སུམ་ཚོགས་པ་དང ། སྐྱེ་བོ་ཐམས་ཅད་ཀྱིས་བྱམས་ཤིང་སྙིང་དུ་སྡུག་ལ་ཡིད་དུ་འོང་ཞིང་འཐུན་པར་འཛིན་པ་དང་སྐྱེ་བོ་ཐམས་ཅད་ཀྱིས་མཆོད་པར་བྱེད་པ་དང་དགའ་ཞིང་འདོད་པའི་ཡུལ་རྣམས་སམ་ཚོང་འདུས་དང་གྲོང་ཁྱེར་རྣམས་སུ་སྐྱེ་བར་འགྱུར་རོ། །རང་གི་སྐྱེ་བོ་དང་གྲོགས་དང་གཉེན་འདུན་རྣམས་ ཀྱིས་ཀྱང་མཆོད་པར་འགྱུར་རོ། །རྒྱལ་པོའམ་རྒྱལ་པོའི་བློན་པོ་རྣམས་སུའམ་སེམས་དྲང་པོའི་རང་བཞིན་ཅན་ཆོས་དང་ལྡན་པ་ཆོས་ཀྱི་རྗེས་སུ་འཇུག་པའི་ཡང་དག་པའི་ལྟ་བ་ཅན་དུ་ལས་དེའི་རྒྱུ་འཐུན་པར་འགྱུར་རོ།། །།འཕགས་པ་དམ་པའི་ཆོས་དྲན་ 70-1-22b པ་ཉེ་བར་གཞག་པ།བཞི་བཅུ་རྩ་བདུན་པ། གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལ་རྣམ་པར་ལྟ་བར་བྱེད་པ་ན་ཇི་ལྟར་ཡོད་པ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཤེས་པ་ནི་འཐབ་བྲལ་བའི་ལྷ་རྣམས་ཀྱིས་ བརྩེགས་པ་རྒྱུ་བ་ཞེས་བྱའོ། །ས་དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་ནི་ཇི་ལྟར་གང་དག་གིས་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ་རྣམས་མཆོག་ཏུ་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས་རྟག་ཏུ་གཞན་ ལ་གདུང་བར་མི་བྱེད་པར་གྱུར་ཅིང་འཕགས་པས་བཞེད་པའི་ཚུལ་ཁྲིམས་ཀྱི་མཆོག་བྱས་ཤིང་བསགས་པར་གྱུར་པ། མ་ཉམས་པ། སྐྱོན་མེད་པ། མ་སྨས་པ། བརྟན་པ། བདེ་འགྲོ་ཐམས་ཅད་ཀྱི་སྒོ་འབྱེད་པར་བྱེད་ཅིང་ངན་སོང་གི་སྒོ་ཐམས་ཅད་གཅོད་པས་མཆོག་ཏུ་བསིལ་ བའི་རྣམ་པར་སྨིན་པ་ཅན་ཕ་དང་མ་ལྟ་བུར་གྱུར་པས་ཤིན་ཏུ་བར་ཡང་སྐྱབས་འོས་སུ་གྱུར་པ་མཆོག་ཏུ་འཇིག་རྟེན་ལ་ཕན་པར་གྱུར་པའི་ཡོན་ཏན་གསུམ་དང་ལྡན་པས་སྐྱེ་བར་འགྱུར་རོ། །ཡོན་ཏན་གསུམ་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ དང་འདོད་པས་ལོག་པར་གཡེམ་པ་སྤོང་བའོ། །དེ་ལ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ནི་བཤད་ཟིན་ནོ། །འདོད་པས་ལོག་པར་གཡེམ་པ་རྣམ་པ་འདི་ལྟ་བུ་རྣམས་ཀྱང་སྤོང་སྟེ། དཔེར་ན་ཡང་ཇི་ལྟར་རིངས་པ་རིངས་པར་འགྲོ་བར་འགྱུར་བ་ན་རྩིག་པའི་ཕག་གམ་རབ་ཏུ་རྒྱུ་བ་ མཐོང་བ་ན་ཡང་རུང་སྟེ། བུད་མེད་ཀྱི་གར་རམ་རྒྱན་རྣམས་ཀྱི་སྒྲ་ཐོས་ནས་ཀྱང་རོ་མྱོང་བར་མི་བྱེད་དོ། །ཀུན་ཏུ་རྟོག་པར་མི་བྱེད་དོ། །དེ་ལ་ཡིད་ཀྱིས་རབ་ཏུ་སྨོན་པར་མི་བྱེད་དོ། །གཞན་དག་རྣམས་བྱེད་པ་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །བྱེད་པ་རྣམས་ཀྱང་རབ་ཏུ་ འགོགས་པར་བྱེད་དེ་བཤགས་སུ་འཇུག་གོ། །ཉེས་དམིགས་རྣམས་སྟོན་པར་བྱེད་དོ། །ཉེས་དམིགས་རྣམས་ཀྱི་ཞིང་ཇི་ལྟ་བ་འདི་ནི་འདི་ལྟ་སྟེ། འདོད་པ་ལ་ལོག་པར་གཡེམ་པའོ། །རྒྱུ་དེས་ནི་སེམས་ཅན་རྣམས་དམྱལ་བར་རྗེས་སུ་རྒྱུག་པར་བྱེད་དོ་ཞེས་དེ་ལྟར་གཞན་ 70-1-23a རྣམས་ལེགས་པར་འགོགས་པར་བྱེད་ཅིང་སོ་སོར་གོ་བར་བྱེད་དོ། །དགེ་བའི་ལས་རྣམས་ཀྱི་མཐའ་ལ་སྤྱོད་པ་དེ་དེ་ལྟར་བྱེད་པར་འགྱུར་ཞིང་དེ་ལྟ་བུའི་ཚུལ་ཁྲིམས་ལ་རབ་ཏུ་གནས་པས་དེ་ལྟར་ཡང་ཡོངས་སུ་དག་པར་ཚངས་པར་སྤྱད་པ་སྤྱོད་པ་དེ་དག་རྣམས་ནི་ལུས་ ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལས་འཐབ་བྲལ་གྱི་ལྷའི་ས་བརྩེགས་པ་རྒྱུ་བ་ཞེས་བྱ་བ་དེར་སྐྱེའོ། །དེར་ངེས་པར་སྐྱེས་པ་འདིས་དགེ་བའི་ལས་ཀྱི་མཐའ་ལ་སྤྱད་པས་བདེ་བ་འདི་དག་རྣམས་འབྱུང་སྟེ། འདི་ལྟ་སྟེ། བརྩེགས་པ་རྒྱུ་བའི་རི་ནི་ཉེ་འཁོར་དུ་དཔག་ཚད་ལྔ་ བརྒྱའོ། །བྱའི་སྒྲ་ཡིད་དུ་འོང་བ་རྣམ་པར་སྒྲོགས་པ་དགའ་བར་འགྱུར་བ་བརྒྱ་ཕྲག་གིས་ཉེ་འཁོར་ཀུན་ཏུ་གང་བ་གཏིང་དུ་སོང་བ་དང་ལྡན་པའི་ནང་གི་གདངས་ཀྱི་སྒྲས་ཁྱབ་པས་གླུ་སྙན་པ་དང་འདྲ་བ་ཉེ་འཁོར་ན་རྣམ་པར་གསལ་བར་བྱེད་དོ། །དེ་ཡང་གང་གི་ཚེ་དང་པོ་ཁོ་ན་སྐྱེ་བར་ གྱུར་པ་ན་དེ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་དང་ཉེ་བར་སྐྱེའོ། །དེ་ཇི་ལྟར་མི་རྣམས་གཉིད་ལོག་པ་ཉིད་ན་ཐོ་རངས་ཀྱི་གླུ་དབྱངས་ཀྱིས་རབ་ཏུ་སད་པར་བྱེད་པ་དེ་བཞིན་དུ་དེ་བྱའི་སྒྲ་ཐོས་ན་ཡིད་འཕྲོག་པས་རབ་ཏུ་སད་པར་བྱེད་དོ། །ཇི་ལྟར་རི་རྣམས་ཀྱི་རྩེ་མོ་ལ་སྟོན་ ཀའི་ཉི་མ་དང་པོ་ཤར་བར་གྱུར་པ་དེ་བཞིན་དུ་དེའི་བདག་ཉིད་ཀྱི་དངོས་པོ་རྣམ་པར་གསལ་བ་ཡིན་ནོ། །དེ་ལྟར་ཅུང་ཟད་ཀྱང་འདྲ་བ་ཙམ་ཅིག་དཔེར་བྱས་པར་ཟད་དོ། །གང་གི་ཚེ་དེ་རྣམ་པ་ཐམས་ཅད་དུ་བློ་རྙེད་པར་འགྱུར་བ་དེའི་ཚེ། །དེའི་ལེགས་པར་བྱས་ པའི་ལས་བྱས་པའི་ལས་ཀྱི་བྱ་དེས་དྲན་པར་བྱ་བའི་དོན་དུ་ལེགས་པར་བྱས་པའི་ལས་ཁོ་ནའི་ཚིགས་སུ་བཅད་པ་བརྗོད་པ་ནི། ཇི་ལྟར། འཁྲུལ་འཁོར་རྒྱུས་པས་སྦྲེལ་བྱས་ཤིང ། །བཤང་གཅི་མཆིལ་མའི་ས་གཞི་གང ། །བུད་མེད་ལས་ཁྱོད་འདི་ནས་ནི། །ཕ་རོལ་འགྲོ་བས་མི་ནུས་ པས། །སླུ་བྱེད་ཐང་གི་རི་བོ་སྟེ། །ཤིན་ཏུ་བརྩོན་པའི་ཁྱད་པར་གྱིས། །རྩབ་ཧྲལ་ཤིན་ཏུ་སེམས་འཁྲུལ་བའི། །བུད་མེད་ངན་ལ་ཁྱོད་མ་འཁྲུལ། །རྒྱན་རྣམས་དང་ནི་དེ་བཞིན་སྒྲས། །རྣམ་འཁྲུལ་ཤིན་ཏུ་འཁྲུལ་པར་བརྗོད། །བུད་མེད་བརྗོད་པའི་ཐབས་ལག་གིས། ། 70-1-23b སྐྱེས་བུ་མྱུར་དུ་འཕྲོག་པར་བྱེད། །རྣམ་པ་སྣ་ཚོགས་མེ་ཏོག་ལ། །རྐང་དྲུག་ཇི་ལྟར་རྒྱུ་བྱེད་པ། །དེ་བཞིན་དེ་ནི་མི་རྣམས་ལ། །བུད་མེད་རྣམ་པ་དུ་མས་རྒྱུ། །ཇི་ལྟར་མེ་ཏོག་རྩི་འཐུངས་ནས། །མེ་ཏོག་གཞན་ལ་འགྲོ་བར་འགྱུར། །དེ་བཞིན་སྐྱེས་པ་འཐུངས་ནས་ནི། །བུད་ མེད་མྱུར་དུ་འགྲོ་བར་འགྱུར། །ནོར་དང་སྐོམ་ལ་སྤྱད་པ་དང ། ཁྲོན་པ་རྟག་ཏུ་བསྟེན་དཀའ་བ། །མི་ནི་བསླུས་ནས་མྱུར་བར་ཡང ། །གཞན་དུ་ཡང་ནི་འགྲོ་བ་ཡིན། །གཡོ་དང་སྒྱུ་དང་རི་དང་ནི། །ཀཱ་ལ་ཀུ་ཊའི་དུག་དང་མཚུངས། །བུད་མེད་སྐྱེས་པའི་འཇོམས་བྱེད་ཡིན། ། དོན་མིན་བྱེད་པར་རྣམ་པར་གནས། །ཇི་ལྟར་རླུང་དང་ནམ་མཁའ་དང ། །མེ་རྣམས་མི་ཡིས་སྦྲེལ་མི་ནུས། །དེ་བཞིན་ཐབས་བརྒྱས་བུད་མེད་རྣམས། །མི་ཡིས་བསྲུང་བར་ནུས་པ་མིན། །དོན་མིན་ནད་དང་འཆི་བདག་དང ། །ཉེས་པར་བྱས་པའི་ལས་རྣམས་ཀྱིའང ། །རྒྱུར་ འགྱུར་མཆོག་ནི་བུད་མེད་ཡིན། །ཐར་པའི་སྤྱོད་ལས་འཆིང་བ་ཡང ། །གང་ཡང་རྣམ་པ་དུ་མར་ཡང ། །འཇིགས་པའི་གཡང་ས་དག་ཏུ་ཡང ། །མི་ཡི་འཇིག་རྟེན་འཁྲིད་བྱེད་པའི། །དེ་རྒྱུ་མཆོག་ཀྱང་བུད་མེད་ཡིན། །སྟོབས་མིན་ལང་ཚོས་ཀྱང་མ་ཡིན། །མཁས་པས་ ཀྱང་ནི་ཞི་མི་ནུས། །ཉི་མའི་འོད་ཟེར་ཇི་ལྟ་བར། །མོ་རྣམས་རྩབ་ཧྲལ་ལྷན་ཅིག་སྐྱེས། །མར་མེའི་འོད་རྣམས་ཇི་ལྟར་འདིར། །དེ་དག་རྣམས་ཀྱི་སྙིང་མི་རྟག་།དེ་རྣམས་ཞེ་སྡང་རྟག་པར་ཡང ། །རྟ་རྣམས་འཐབ་མོ་ཇི་བཞིན་ནོ། །ནོར་ཟད་ནས་ནི་ཆགས་དང་བྲལ། །ནོར་ ཟོས་ནས་ནི་འཇོམས་པར་བྱེད། །ཅི་སྲིད་ནོར་ཡོད་དེ་སྲིད་མོ། །ནོར་ཉམས་བུད་མེད་ག་ལ་རྙེད། །སྟེན་དང་སྦྱིན་དང་ཉེར་ལོངས་སྤྱོད། །རྣམ་པ་ཐ་དད་ཐབས་ཀྱིས་ཀྱང ། །སེམས་ནི་འབར་བ་དང་མཚུངས་པའི། །བུད་མེད་གཟུང་བར་ནུས་མིན་ཏེ། །ཇི་ལྟར་སྐྱེས་ བུས་རྗེས་འཐུན་པར། །ཇི་ལྟ་ཇི་ལྟར་འདུ་བྱེད་པ། །དེ་ལྟ་དེ་ལྟར་བུད་མེད་ཀྱིས། །མི་དེ་རྣམས་ནི་རྟག་ཏུ་སླུ། །ཇི་ལྟར་མི་ལ་མེ་ཏོག་བརྒྱན། །དེ་བཞིན་གཟུགས་ཀྱིས་བརྒྱན་པ་ཡི། །བུད་མེད་རྣམས་ཀྱི་སེམས་འདི་ཡིན། །དུག་གི་མེ་ཏོག་མཐོང་ཇི་བཞིན། ། 70-1-24a བལྟ་དགའ་ཞི་བྱེད་མ་ཡིན་ནོ། །བུད་མེད་དུག་གི་མེ་ཏོག་མཚུངས། །རབ་ཏུ་བརྩོན་པས་ཡོངས་སུ་སྤངས། །མི་རྣམས་བལྟ་བར་འདོད་པ་དང ། །ཡུལ་རྣམས་ལ་ཡང་ཆེད་ཆེར་འཛིན། །འཇིག་རྟེན་འདི་དང་གཞན་དུ་ཡང ། །མི་ནི་བདེ་བའི་སྐལ་ལྡན་ མིན། །བདེ་ལ་ཆགས་དང་བག་མེད་གང ། །ལེ་ལོ་དང་ནི་རྩབ་ཧྲལ་གཡོ། །སྡིག་པ་སྟེན་བྱེད་ཞིམ་པོ་ཟ། །མིས་ནི་བཟང་པོ་མཐོང་བ་མིན། །སྦྱོར་ལྡན་བརྟན་པོ་བརྩོན་འགྲུས་ཅན། །ཆོས་པ་བུད་མེད་རྣམ་སྤངས་པ། །མཁས་པ་རྒྱུ་འབྲས་ལ་དད་པའི། །མིས་ནི་བཟང་པོ་ འཐོབ་པ་ཡིན། །སྐྱོན་གྱི་དྲ་བ་འདི་དག་ཀུན། །བུད་མེད་སྒྱུ་ཡིས་ས་འདིར་སྤྱོད། །ཐོས་ལྡན་བུད་མེད་རྣམ་སྤངས་པ། །འཐབ་བྲལ་འཇིག་རྟེན་མངའ་བདག་ཆེ། །དེ་ལྟར་ལྷ་དེས་རྨི་ལམ་གྱི་ནང་བཞིན་དུ་གཉིད་སད་པ་ན་ཐོས་སོ། །བྱ་དེའི་སྒྲ་རྣམ་པར་སྒྲོགས་པའི་བྱ་དེ་ དག་ནི་རྣམ་པ་དུ་མར་ཡོན་ཏན་ཤིན་ཏུ་ཕུན་སུམ་ཚོགས་པ་གཤོག་པ་གཉིས་ཕན་པར་འགྱུར་བའི་ལས་བྱས་པའི་བྱ་བ་དེ་དག་གིས་བསྟན་པར་གྱུར་པ་ན། ལྷ་གསར་དུ་སྐྱེས་པ་དེས་ཐོས་པར་གྱུར་ལ་ཐོས་ནས་ཀྱང་ལྷ་དེ་དག་རྣམས་ཡིད་ཆེས་པ་སྐྱེ་བའོ། །ཤེས་རབ་དེས་སྐྱེ་བ་ གཞན་དུ་རྗེས་སུ་ཞུགས་པའི་ཤེས་པ་རྣམས་དྲན་པར་འགྱུར་བས་གང་ཡང་ཡོན་ཏན་གསུམ་དང་ལྡན་པའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ཚུལ་ཁྲིམས་བསྲུངས་པ་དེ་རྗེས་སུ་དྲན་ནོ། །རྗེས་སུ་དྲན་ནས་ཀྱང་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གང་ཕྱིར་བུད་མེད་རྣམ་སྤངས་ པ། །གཅིག་ལས་ཚུལ་ཁྲིམས་ཐམས་ཅད་ཡིན། །བུད་མེད་རྣམ་སྤངས་བློ་ལྡན་རྣམས། །མྱ་ངན་འདས་གྲོང་འགྲོ་བ་རྣམས། །མེས་མིན་མཚོན་ཆས་ཀྱང་མ་ཡིན། །སྟོབས་མིན་སྲོག་ཆགས་དག་གིས་ཀྱང ། །བུད་མེད་རྒྱུ་ཡིས་འཆིང་བ་ནི། །གཅད་པར་མི་ནུས་ སྒྲུབ་དཀའ་དེ། །དེ་རྒྱུ་རྟག་ཏུ་སྤང་བ་དང ། །སྨད་པར་ཡང་ནི་བརྩོན་པར་གྱིས། །དེ་སྤངས་པས་ནི་འཐབ་བྲལ་གྱི། །བདེ་བ་བླ་ན་མེད་འདི་འཐོབ། །བདེ་བ་གཞན་ལས་ཆེས་བདེ་བ། །འགྱུར་མེད་གོ་འཕང་ང་ཡིས་ཐོབ། །དེ་ལྟར་བྱ་དེ་དག་རྣམས་ཀྱི་ 70-1-24b གཟུགས་དང་རྩེ་དགའ་བ་མངོན་པར་མཐོང་ཞིང་སྒྲ་རྣམ་པར་བརྗོད་པ་རྣམས་ཀྱང་ཐོས་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་དེ་ལྷའི་འཇིག་རྟེན་རྣམས་ལ་མངོན་པར་ལྟ་བར་བྱེད་པ་ན་དེས་མཐོང་བ་ནི་བརྩེགས་པ་རྒྱུ་བའི་རི་དེ་ཀུན་ཏུ་ཁྱབ་པར་ལྗོན་ཤིང་བརྒྱ་སྟོང་ཕྲག་དུ་མ་རྣམས་འོད་ཀྱི་ཕྲེང་བ་དང་ལྡན་པ་ རྣམས་མཐོང་བ་དང ། འབབ་ཆུ་བརྒྱ་སྟོང་དང་རབ་ཏུ་ལྡན་པ་བྱའི་ཚོགས་རྣམས་ཀྱིས་སྒྲ་ཀུན་ནས་སྒྲོགས་པའི་སྒྲ་རྣམས་ཐོས་པར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་སྒྲོས་སྤྲས་པ་རྣམ་པ་སྣ་ཚོགས་པར་དགའ་བར་འགྱུར་བའི་པད་མའི་རྫིང་བུ་བརྒྱ་སྟོང་དང་ལྡན་པ་ལ་བུང་བའི་ཚོགས་སྒྲ་་ འབྱིན་པས་ཉེ་བར་མཛེས་པར་གྱུར་པ་སྔ་ན་མ་མཐོང་བ་ཤིན་ཏུ་དགའ་བར་གྱུར་པའི་རི་གཞན་དང་མི་འདྲ་བ་འཐབ་བྲལ་གྱི་འཇིག་རྟེན་རྣམས་དེས་མངོན་པར་མཐོང་ནས་དེ་དང་འདྲ་བའི་ངོ་བོའི་དགའ་བ་ཐོབ་པར་གྱུར་ཏོ། །དེ་ཤིང་གི་དྲུང་དེ་ལས་ལངས་ནས་དེ་རང་གི་ལུས་ལ་ཀུན་ཏུ་ལྟའོ། །དེས་ལེགས་ པར་མངོན་པར་མཐོང་བ་ནི་རང་གི་འོད་རྣམས་ཀྱིས་གསལ་བར་གྱུར་པ། འོད་ཟེར་བརྒྱ་ཕྲག་དུ་མ་རྣམས་ཀྱིས་རབ་ཏུ་གསལ་བར་བྱེད་པ་མཆོག་ཏུ་གྱུར་པའི་དཔལ་གྱིས་ཆོས་སྣང་བར་གྱུར་པས་མཐོང་ན་ཤིན་ཏུ་ངོ་མཚར་བར་རང་གི་ལུས་མངོན་པར་མཐོང་ནས་གཟུགས་ཀྱི་རྒྱགས་པས་ དྲེགས་པར་འགྱུར་རོ། །དེའི་རྗེས་ལ་རྒྱགས་པ་གཉིས་པ་འདི་དེའི་སྙིང་ལ་འཇུག་པར་འགྱུར་བ་ནི་འདི་ལྟ་སྟེ་དེ་འདི་སྙམ་དུ་སེམས་པར་འགྱུར་རོ། །ང་ལྟ་བུ་འགའ་ཞིག་ཡོད་པ་མ་ཡིན་ཞེས་དེའི་སེམས་སྐྱེད་པ་ཙམ་ཉིད་ན་ལྷ་གང་དག་གིས་གང་དག་རྣམས་ལས་སེམས་པར་བྱེད་ པ་དེ་དག་རྣམས་ཉིད་ཕུན་སུམ་ཚོགས་པར་འགྱུར་རོ། །དེའི་ནང་དུ་ཡང་རྒྱགས་པ་གསུམ་པ་སྙིང་ལ་འཇུག་པར་འགྱུར་ཏེ། དེའི་རྗེས་ལ་འདིའི་དབང་པོ་ལྔ་ཡུལ་ལྔ་པོ་རྣམས་ལ་དེའི་སྙིང་དང་སེམས་དགའ་བར་འགྱུར་རོ། །དེ་དེ་ལྟར་རྣམ་པ་བདུན་དུ་ཡིད་འཕྲོག་པ་གང་ཡིན་པ་དེའི་དགེ་བའི་ཆོས་ལ་ བརྩོན་པར་བྱ་བ་དེ་དག་རྣམས་ཐམས་ཅད་ཀྱང་དེ་བཞིན་དུ་བརྗེད་པར་འགྱུར་ཏེ་སེམས་ཡང་བར་གྱུར་པའི་ཕྱིར་དང ། བག་མེད་པ་མང་བར་གྱུར་པའི་ཕྱིར་དང ། རྟག་ཏུ་བག་མེད་པས་བག་མེད་པར་གནས་པའི་ཕྱིར་ཡང་སྟེ། ཡུལ་ལྔའི་ཞགས་པས་བཅིངས་ཤིང་སྲིད་པའི་འཆུམས་ 70-1-25a རྡུལ་རྣམས་ཀྱིས་ཀྱང་འགུལ་བར་ཆགས་པར་གྱུར་པས་དེ་བརྩེགས་པ་རྒྱུ་བའི་རི་དེ་ལ་འཁོད་དེ་བདེ་བས་གནས་པར་བྱ་བའི་ཕྱིར་རོ། །རི་དེ་ལ་ཡང་ས་གསུམ་ཡོད་དེ་འོག་གི་ས་དང་སྟེང་གི་ས་སྟེ། དེ་ལ་འོག་གི་ས་ལ་ནགས་ཚལ་ལྔ་ཡོད་པ་རྣམས་ལ་ འདི་ལྟ་སྟེ། དྲི་རྒྱུ་བ་དང་འོད་ཟེར་གྱི་རྩེ་མོ་དང་འོད་འཕྲོ་བ་དང་རྟག་ཏུ་མངོན་པར་དགའ་བ་དང ། མཐོ་བར་བརྩེགས་པའོ། །དེ་ལ་དྲི་རྒྱུ་བའི་ནགས་ན་ནི་གང་ཅུང་ཟད་ཅིག་སྐྱེ་བ་དེ་དག་ཐམས་ཅད་དྲི་ཆེས་ལྷག་པར་འགྱུར་རོ། །དྲི་དེ་དག་ཀྱང་དཔག་ཚད་ལྔ་སྟོང་དུ་འགྲོ་བར་འགྱུར་རོ། ། འོད་ཟེར་གྱི་རྩེ་མོའི་ནགས་ན་ནི་མཚུངས་པ་མེད་པའི་རྣམ་པ་དུ་མའི་འོད་ཟེར་རིན་པོ་ཆེ་ལས་བྱུང་བའི་རྣམས་ཀྱིས་མངོན་པར་གསལ་བར་གྱུར་པའོ། །ཉི་མ་བརྒྱ་སྟོང་བས་ལྷག་པའི་འོད་འཕྲོ་བའི་ནགས་ན་ནི་ཤིན་ཏུ་བར་ཡང་འོད་འབར་བ་དང་ལྡན་པའི་ལྷ་རྣམས་གནས་སོ། །འདོད་པའི་ ཡོན་ཏན་ལྔ་ཕུན་སུམ་ཚོགས་པའི་རྟག་ཏུ་མངོན་པར་དགའ་བའི་ནགས་ན་ནི་མཚོ་བྲན་དང་འབབ་ཆུ་རྣམས་ཀྱང་བརྒྱ་སྟོང་ཕྲག་དུ་མར་ལྷ་རྫས་ཀྱི་རོ་དང་དྲི་དང་ཁ་དོག་རྣམས་ཕུན་སུམ་ཚོགས་པ་རྣམ་པ་དུ་མ་རྣམས་སོ། །མཐོ་བར་བརྩེགས་པའི་ནགས་ན་ནི་མཆོག་ཏུ་མཐོ་བའི་རྩེ་མོ་རིན་པོ་ཆེ་ སྣ་བདུན་གྱི་རང་བཞིན་གསལ་བར་གྱུར་པའི་རྩེ་མོ་རྣམས་ཡིན་ནོ། །ས་གཉིས་པ་འདི་དག་རྣམས་ན་ཡང་རིན་པོ་ཆེ་བདུན་གྱི་རང་བཞིན་དུ་གྱུར་པའི་སྟེང་ཁང་བརྒྱ་སྟོང་དུ་མ་ཡོད་དོ། །པད་མའི་རྫིང་བུ་ན་བྱའི་ཚོགས་དགའ་བར་འགྱུར་བ་བརྒྱ་སྟོང་དང་གཞན་ཡང་སྒྲ་དང་རེག་བྱ་དང་རོ་དང་ གཟུགས་དང ། དྲི་རྣམས་འདོད་པ་སྡུག་པ་ཡིད་དུ་འོང་བ་འཐུན་པ། ཡིད་རྟག་ཏུ་འདྲེ་བར་བྱེད་པ་རྣམས་ཀྱིས་ཀུན་ཏུ་གང་བའོ། །སྟེང་གི་ས་འདིའི་ས་གཞི་དེའི་གཞི་ལ་དཔག་ཚད་བརྒྱར་ལྷ་མཐུ་སྟོབས་ཆེ་བས་ཀུན་ཏུ་གང་བའོ། །གཞི་དེ་དག་ལ་ཡང་རིན་པོ་ཆེའི་ནགས་ ཞེས་བྱ་བ་རྣམ་པ་སྣ་ཚོགས་པའི་འབབ་ཆུ་དང་ཟས་ཀྱི་ཆུ་ཀླུང་དང་སྐོམ་གྱི་ཆུ་ཀླུང་དང་ལྗོན་ཤིང་དང་མཚེའུ་དང་པད་མའི་རྫིང་དང་ཚལ་དང་སྐྱེད་མོས་ཚལ་དང་དཔག་བསམ་གྱི་ཤིང་དང་ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུའི་ཡོན་ཏན་ལྷག་པ་བརྒྱ་སྟོང་དང་ལྡན་པར་གྱུར་པ་རབ་ཏུ་དགའ་བའི་ལྷ་དང་ 70-1-25b ལྷ་མོ་བརྒྱ་སྟོང་ཕྲག་གིས་ཀུན་ཏུ་གང་བ་དེ་དག་ལ་སོང་ནས་ཀྱང་ཤིན་ཏུ་འཐབ་བྲལ་ནི་མུ་སུ་ལུན་དྷ་དང་ལྷན་ཅིག་འོངས་ནས་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་འདོད་པའི་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་དང་ཡང་དག་པར་ལྡན་པ་སྲེད་པའི་མེ་རྣམས་སྐྱེད་པར་བྱེད་པ་ལ་དགའ་ཞིང་ཀུན་ཏུ་ སྤྱོད་པར་ཡང་བྱེད་དོ། །དེ་ལྟར་ལྷ་དེ་བརྩེགས་པ་རྒྱུ་བའི་རི་དེ་ལ་རྣམ་པ་སྣ་ཚོགས་པའི་ཡུལ་གྱི་བདེ་བའི་རྒྱུ་འབྲས་སོ་སོར་རྣམ་པ་ཐ་དད་པ་རྣམས་ལ་དགའ་བཞིན་དུ་ཀུན་ཏུ་སྤྱོད་པར་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེ་ཡུལ་གྱི་བདེ་བས་ངེས་པར་བསྐུལ་ནས་གང་ན་རི་ཡོད་པ་དེ་དག་ཉིད་ དུ་ཕལ་ཆེ་བ་ཁོ་ནར་ཉེ་བར་འགྲོ་བ་ན་དེ་གཅིག་པུར་མཐོང་ནས་ལྷ་གཞན་དེ་དང་ཉེ་བར་བསྙེན་ནས་འགྲོ་བར་བྱེད་དེ་མིག་དགའ་བས་ཀུན་ཏུ་རྒྱས་པས་དེའི་དྲུང་དུ་ཉེ་བར་འགྲོ་ན་ཇི་ལྟར་ལྷ་འདི་ནི་གསར་དུ་སྐྱེས་པ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་ལྷ་གཞན་གྱིས་ཀྱང་ལྷ་དེ་ལ་འདི་སྐད་ཅེས་སྨྲ་སྟེ། ཇི་ ལྟར་གསར་དུ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་འདིའི་སྲིད་པ་ཇི་ལྟར་ཤེས། དེ་ནས་ལྷ་དེས་འདི་སྐད་ཅེས་སྨྲ་སྟེ་ཇི་ལྟར་རྟགས་ལྔ་པོ་དེ་དག་ནི་ལྷ་གསར་དུ་སྐྱེས་པ་དེའི་ཡིན་པ་ལ་འདི་ལྟ་སྟེ་འོད་རྣམས་འཕྲོ་བར་འགྱུར་རོ། །གོས་རྣམས་ནི་རང་གི་ལུས་ལས་འཕྲོས་པའི་འོད་ ཟེར་གྱིས་ལུས་རྣམས་རབ་ཏུ་འགེབས་པར་འགྱུར་གྱི་འདི་ལ་གོས་ནི་ཡོད་པ་ཡང་མ་ཡིན་ནོ། །འདི་ནི་ལྷའི་རྟགས་དང་པོ་ཡིན་ནོ། །གཞན་ཡང་ལྷ་གསར་དུ་སྐྱེས་པའི་རྟགས་འདི་ལྟ་སྟེ། ངོ་མཚར་བར་གྱུར་པས་མིག་གི་རྒྱུ་བ་ཀུན་ཏུ་གཏོད་པར་བྱེད་དེ་དེ་ཤིན་ཏུ་ངོ་མཚར་བར་གྱུར་པས་ནགས་ དང་ཉེ་བའི་ནགས་སྔར་མ་མཐོང་བ་རྣམས་ལ་ལྟ་བར་བྱེད་པ་འདི་ནི་གསར་དུ་སྐྱེས་པའི་རྒྱུ་མཚན་གཉིས་པའོ། །གཞན་ཡང་གསར་དུ་སྐྱེས་པའི་རྒྱུ་མཚན་འདི་ལྟ་སྟེ། བུད་མེད་རྣམས་མཐོང་ནས་ངོ་ཚ་བ་དང་བཅས་པར་འགྱུར་རོ། །ཤེས་ཆུང་བ་དང་དོགས་པ་དང་བཅས་པར་འགྱུར་རོ། །གཞན་ ཡང་གསར་དུ་སྐྱེས་པའི་ལྷའི་རྒྱུ་མཚན་ནི་སྔ་ན་མེད་པའི་ལྷ་མཐོང་ནས་དོགས་པ་དང་བཅས་པས་རྩར་སྙེན་ནོ། །གཞན་ཡང་གསར་དུ་སྐྱེས་པའི་རྟགས་ནི་ཇི་ལྟར་ནམ་མཁའ་ལ་འཕགས་ན་འཇིགས་པར་འགྱུར་ཞིང་ཉམ་ང་བར་འགྱུར་རོ། །དེ་ཡང་ཅུང་ཟད་དང་ཐུང་ངུ་ན་དང་དལ་བུས་ཀྱི་ 70-1-26a དབང་གིས་ས་གཞི་དང་ཐག་ཉེ་བར་གྱུར་པས་ཕན་ཚུན་ལ་བརྟེན་ནས་འགྲོའོ། །རྒྱུ་མཚན་ལྔ་པོ་དེ་དག་ནི་གསར་དུ་སྐྱེས་པ་རྣམས་ཀྱི་ཡིན་ནོ། །དེ་ལ་འདིར་ནི་རྟགས་འདི་དག་རྣམས་ཐམས་ཅད་ཀྱིས་ཀྱང་གསར་དུ་སྐྱེས་པ་དེ་མངོན་པར་མཚོན་པར་བྱེད་དོ། །གསར་དུ་ སྐྱེས་པ་དེ་བདག་གིས་འདིར་བསྟེན་པར་བྱའོ། །དེ་ནས་ལྷ་དེ་ལྷ་དེ་དག་རྣམས་ཀྱིས་ཉེ་བར་བསྙེན་ཅིང་ཡོངས་སུ་བསྐོར་ནས་བརྗོད་པ་ཇི་ལྟ་བ་བཞིན་དུ་ལྟོས་དང་སྐལ་བ་ཆེན་པོ་དང་ལྡན་པ་ཁྱོད་ཉེ་བར་སྐྱེས་པ་ནི་རང་གིས་བྱས་པའི་མཛེས་པའི་ལས་དུ་མའི་ཚུལ་ཁྲིམས་རབ་ཏུ་བསྲུངས་ཤིང་ བསྒོམས་ཏེ་ཉམས་ཤིང་སྨྲས་པ་དང་ཐུན་ཚགས་མ་ཡིན་པས་ཁྱོད་འདིར་སྐྱེས་སོ། །དེ་ལྟར་ལྷ་གང་དག་ཤིན་ཏུ་བག་མེད་པའི་ཡིད་ཅན་མ་ཡིན་པ་དེས་ལྷ་དེ་ལ་དེ་སྐད་ཅེས་ཐམས་ཅད་སྨྲས་ནས་གང་ན་བརྩེགས་པ་རྒྱུ་བ་དེའི་ས་ཉེ་བར་འཕེལ་བ་དེར་འཁོད་དོ། །སྲིད་པའི་གཞི་ལ་འདུག་ནས་ ཀྱང་སྣ་ཚོགས་པའི་གླུ་དང་རོལ་མོའི་སྒྲ་ཡིད་རབ་ཏུ་དགའ་བ་ཕན་ཚུན་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་གཅིག་པ་དེ་དག་མངོན་པར་མཐོང་ནས་ལྷ་གསར་དུ་སྐྱེས་པ་དེ་རབ་ཏུ་དཔྱོད་པར་བྱེད་དེ་ཇི་ལྟར་བདག་གཅིག་པུ་རིའི་གསེབ་དེ་དག་ཏུ་ཞུགས་པར་བྱའོ་ཞེས་ས་དེ་དག་རྣམས་སུ་ཡང་བརྒྱུས་པར་གྱུར་ནས་ གང་ན་བརྩེགས་པ་རྒྱུ་བའི་རི་ཡོད་པ་དེར་ཞུགས་སོ། །དེ་ནས་དེས་ལྷའི་བུ་མོའི་ཚོགས་ཆེས་ཆེ་བ་རྣམས་རྒྱན་དང་ཆ་བྱད་དུ་མ་དང ། བཅའ་བདར་དུ་མས་ཉེ་བར་བརྒྱན་པ་རྣམ་པ་དུ་མའི་རོལ་མོ་དང་རྔ་སྒྲ་དང་གླུ་དབྱངས་ཀྱིས་རབ་ཏུ་དགའ་བར་གྱུར་པ་རྣམས་མཐོང་ངོ ། །དེ་ནས་ལྷ་མོ་དེ་དག་ རྣམས་ཀྱིས་ལྷ་དེ་མངོན་པར་གསལ་བར་མཐོང་ནས་ཀུན་ཏུ་བསྐོར་ནས་མཆོག་ཏུ་རབ་ཏུ་དགའ་བ་མཆོག་ཏུ་རྒྱ་ཆེ་བའི་ཆ་བྱད་དང་རྒྱན་ཅན་ངོ་མཚར་བར་གྱུར་པའི་མིག་དག་གིས་ལྷ་དེ་མཆོད་པར་བྱའོ་ཞེས་བྱས་ནས་ཉེ་བར་གནས་པར་གྱུར་ཏོ། །དེ་ནས་ཐག་ཉེ་བར་བསྙེན་ཏེ་ཕྱིན་ནས་ཀྱང་ལྷ་ མོ་དེ་དག་རྣམས་དེ་དང་པོར་མཐོང་བས་ཚིམ་ཞིང་མཆོག་ཏུ་དགའ་བའི་ཡིད་ཀྱིས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ལྷ་ཁྱོད་ཉིད་མཐོང་བས་ཆེད་དུ་བྱས་ཏེ་ངེད་འདིར་འོངས་ཀྱིས་རང་གི་ལས་ཀྱི་འབྲས་བུ་དགེ་བའི་འབྲས་བུ་ནགས་དང་ཉེ་བའི་ནགས་རྣམས་དང་རྣམ་པ་སྣ་ཚོགས་པའི་ 70-1-26b རིའི་སུལ་དང་གད་ལོགས་དང་རི་ཞོལ་རྣམས་སུ་དགའ་བར་མཛོད་གཞན་ཡང་མཐོ་རིས་ཀྱི་གནས་རིན་པོ་ཆེ་བདུན་གྱི་རང་བཞིན་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱི་ཕྲེང་བ་རྣམས་དང་རི་དུ་མ་རྣམས་ལ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཤིང་གི་ཚོགས་ཀུན་ནས་འདུད་པ་མི་གཡོ་བ་རྣམས་དང་ རི་རྣམས་ཀྱི་ནགས་ཁྲོད་རྣམས་ལ་འཁྲི་ཤིང་གི་ཁང་བུ་རྣམས་དང ། གཞན་ཡང་མཐོ་རིས་རྣམས་ཀྱི་ས་ཕྱོགས་རྣམས་ལ་ཡང་རྣམ་པ་སྣ་ཚོགས་པའི་རོལ་མོའི་སྒྲ་དང་རྔ་སྒྲ་དང་གླུ་སྒྲ་ཀུན་ནས་བསྒྲགས་པ་རྣམས་དང་འཚེར་བའི་གསེར་བདུན་སྤྲས་པས་རྣམ་པར་གསལ་བ་རྣམས་དང་གཞན་ ཡང་ཡུལ་ཕྱོགས་གཞན་རྣམས་ལ་འབབ་ཆུ་དང་ཆུ་ཀླུང་དང་ཚང་ཚིང་དང་པད་མའི་ཚལ་རྣམ་པ་དུ་མ་རྣམས་དང་གཞན་ཡང་ནམ་མཁའི་དཀྱིལ་ན་གཞལ་ཡས་ཁང་བརྒྱ་སྟོང་དང་རབ་ཏུ་ལྡན་པར་མཆོག་ཏུ་དགའ་བ་རྣམས་ལ་བདག་ཅག་རྣམས་དང་ལྷན་ཅིག་ཏུ་ལྷ་དགའ་བར་མཛོད། དེ་ནས་དགེ་ བའི་ལས་རྣམས་ཐམས་ཅད་ལས་བྱུང་བར་གྱུར་པའི་ལྷ་དེས་དེ་དག་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདོད་པ་ཐམས་ཅད་ཀྱིས་ངོམས་པར་བྱེད་པའི་མཐོ་རིས་ཀྱི་ས་རྣམས་སུ་བདག་ཅག་རྣམས་ཇི་ལྟ་བ་བཞིན་དུ་དགའ་བར་བྱའོ། །དེ་ནས་ཕན་ཚུན་ལྷན་ཅིག་ཏུ་སྣ་ཚོགས་པའི་རྔ་སྒྲ་སྒྲོགས་ པར་གྱུར་པས་རབ་ཏུ་དགའ་བ་དང་ལྡན་པའི་ཡིད་ཅན་རྣམས་ལེགས་པར་བྱས་པའི་ལས་མ་ལུས་པའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པས་གཞན་གང་དང་གང་ན་གཞན་ན་ཤིང་རྟ་སྣ་ཚོགས་པ་ཞེས་བྱ་བའི་ནགས་ཡོད་པ་དེར་ལེགས་པར་ཉེ་བར་འགྲོ་བར་བྱེད་ལ་ནགས་དེ་ན་ནི་བལྟ་ བར་སྡུག་པའི་གཟུགས་དུ་མའི་ཡུལ་རྣམས་དང ། དེ་བཞིན་དུ་རོ་རྣམ་པ་སྣ་ཚོགས་པའི་དགའ་བར་འགྱུར་བའི་རོ་དུ་མ་རྣམས་དང་དེ་བཞིན་དུ་དགའ་བར་འགྱུར་བའི་དྲི་དུ་མ་རྣམ་པ་སྣ་ཚོགས་པའི་དྲི་རྣམས་དང ། དེ་བཞིན་དུ་དགའ་བར་འགྱུར་བའི་རེག་བྱ་དུ་མ་རྣམ་པ་སྣ་ཚོགས་པ་མནན་ ན་ནེམ་ལ་བཏེག་ན་འཕར་བའི་ས་ཕྱོགས་དང ། མ་བཏགས་པའི་གོས་འཇམ་ཞིང་སྲབ་ལ་ཚགས་དམ་པ་དུ་མ་རྣམས་དང ། དེ་བཞིན་དུ་དགའ་བ་རྣམ་པ་དུ་མ་སྣ་ཚོགས་པའི་བྱ་རྣམས་ཀྱི་སྒྲ་དང ། གླུ་དང་ཕེག་རྡོབ་པའི་གླུ་མཁན་གྱི་སྒྲ་ཆགས་པར་འགྱུར་བའི་དབྱངས་ 70-1-27a ཀྱི་སྒྲ་དུ་མ་རྣམས་སོ། །དེ་ལམ་དེ་ཉིད་ནས་ཡུལ་རྣམས་ལ་ཉེ་བར་སྤྱོད་པར་བྱེད་ཅིང་རྒྱན་དང་ཆ་བྱད་སྣ་ཚོགས་པའི་ལྷའི་བུ་མོ་རྣམས་དང ། རྣམ་པ་དུ་མར་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །དེ་ནས་ནགས་དེ་དག་ན་ཡོན་ཏན་དེ་དག་རྣམས་ཤིན་ཏུ་ཕུན་སུམ་ཚོགས་པ་ ལྷ་དང་ལྷ་མོ་དུ་མས་ཀུན་ཏུ་གང་བ་ཡིད་ཤིན་ཏུ་ངོ་མཚར་ཆེ་བ་རྣམས་ཀྱི་དབང་དུ་གྱུར་པས་ལེགས་པར་མཐོང་བ་དང་རྣམ་པ་དུ་མར་ཡང་མིག་གི་རྒྱུ་བ་ལེགས་པར་གཏོད་པར་བྱེད་དོ། །ནགས་དང་ཉེ་བའི་ནགས་དེ་དག་རྣམས་ཀྱི་ཡུལ་ཕྱོགས་རྣམས་ལ་མར་ག་ཏའི་སྡོང་བུ་རྣམས་ཀྱི་རྩེ་མོ་སྔོན་པོའི་ ཕྲེང་བ་རྣམས་དང ། ས་གཞི་རྣམས་ལ་ཡང་ཐང་ལ་རྒྱུ་བའི་བྱ་རྣམ་པ་སྣ་ཚོགས་པ་རྣམ་པར་བཀྲ་བ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཐིག་ལེས་རྣམ་པར་བཀྲ་བར་བྱས་པའི་བྱ་རྣམས་ཕན་ཚུན་ལྷན་ཅིག་ཏུ་ཚིག་གདངས་སྙན་པ་རྣམས་ཀྱིས་ལྷན་ཅིག་ཏུ་དགའ་བར་བྱེད་པར་མཐོང་ངོ ། །དེ་ ལྟར་ཐང་རྣམས་ལ་རྣམ་པར་མཐོང་བར་གྱུར་ནས་དེ་དག་རྣམས་མཐོང་ནས་ཆུ་རྣམས་ལ་ཡང་མཐོང་བ་ནི་རྒྱགས་པའི་ཀཱ་རཎྜ་བ་དང ། ངུར་པ་དང་ངང་པའི་སྒྲའི་ཁྱད་པར་ཅན་མཆོག་ཏུ་རྒྱ་ཆེ་བའི་ཆ་ཤས་རྣམ་པ་སྣ་ཚོགས་པ་སྔོན་པོའི་ནགས་ཀྱི་ཕྲེང་བ་རྣམས་སུ་མིག་རིག་རིག་པོར་གྱུར་པས་ རྣམ་པར་བཀྲ་བའི་གཟུགས་རྣམས་ཉེ་བར་འཛིན་ནོ། །གཞན་ཡང་འདིས་རྣམ་པ་སྣ་ཚོགས་པའི་འདོད་པའི་བདེ་བ་དང་ལྡན་པས་ནམ་མཁའི་དཀྱིལ་དུ་རྣམ་པར་ལྟ་བར་བྱེད་པ་ན་ལྷ་མོའི་ཚོགས་བརྒྱ་སྟོང་དུ་མས་ཀུན་ཏུ་གང་བ་དང་མཆོག་ཏུ་རྣམ་པར་བཀྲ་བའི་རྒྱན་དང་ཆ་བྱད་ཅན་གྱི་ལྷའི་བུ་མོའི་ ཚོགས་རྣམས་ཀྱིས་ཉེ་འཁོར་ཀུན་ཏུ་གང་བའི་དེ་ལྟར་རྣམ་པར་བཀྲ་བ་རྣམས་དེས་མཐོང་བ་ཡིན་ཏེ་ཇི་ལྟར་ཁ་དོག་རྣམ་པར་བཀྲ་བའམ། རྩིག་པའི་ལོགས་སམ། ཚོན་གྱིས་བྲིས་པའི་ཐང་ཀ་བཞིན་དུ་ནམ་མཁའི་དཀྱིལ་འཁོར་དེ་དག་དེ་བཞིན་དུ་རྣམ་པར་བཀྲ་བ་རྣམས་མཐོང་བར་འགྱུར་རོ། ། གླུ་དང་གར་དང་རྔའི་སྒྲ་ཀུན་ནས་སྒྲོགས་པ་དེ་དག་རྣམས་དེས་མཐོང་ནས་མཐོང་བའི་སྐྱོན་རྣམས་རྩོམ་པར་འགྱུར་ཏེ། ནམ་མཁའ་ནས་ནམ་མཁར་རྣམ་པར་རྟོག་པ་རྣམ་པ་དུ་མར་གཡོ་ཞིང་འགྱུར་བའི་སྐྱེ་གནས་བརྒྱས་ཀྱང་ནམ་མཁའི་དཀྱིལ་དུ་བལྟས་ནས་ཕྱིར་ཡང་གང་ན་པད་མའི་ཚལ་མེ་ཏོག་གི་ 70-1-27b ཚོགས་རྣམས་ཀྱིས་རྣམ་པར་བཀྲ་བར་བྱས་པ་ཨིན་དྲ་ནཱི་ལ་དང་སེར་པོ་དང་དམར་པོ་རྣམས་ཀྱིས་དབྱིབས་སྣ་ཚོགས་པ་གསལ་བར་བྱས་པས་རྣམ་པར་བཀྲ་བར་གྱུར་པའི་བྱ་ཆུ་ལ་རྒྱུ་བ་རྣམས་ཀྱིས་ཀྱང་ཐེན་ཀོར་རྣམས་ཡོངས་སུ་སྐོར་བ་དེ་དག་རྣམས་ཀྱང་ལྷ་དེས་མཆོག་ཏུ་དགའ་བའི་ཡིད་ཀྱིས་ ལྟ་བར་བྱེད་དོ། །དེ་ནས་ཐམས་ཅད་དུ་ལྷའི་ཚོགས་རྣམས་མཐོང་བ་ནི་རྒྱུན་མི་འཆད་པར་ཆུ་ལ་འཇུག་པ་རྣམས་དང་རྒྱུན་མི་འཆད་པར་ནམ་མཁའ་ལ་རྒྱུ་བ་རྣམས་དང ། རྟག་ཏུ་ཆུ་ལ་རྒྱུ་བའི་བྱ་རྣམས་དང་ལྷའི་ཚོགས་རྣམས་དང་ཆུའི་ནང་ན་རྒྱུ་བ་མཆོག་ཏུ་དཔེ་མེད་པའི་གཟུགས་ རྣམས་ལ་ལྟ་བར་བྱེད་པ་དང་སྔོན་གྱི་དགེ་བའི་འབྲས་བུ་རྣམས་ཡིན་པར་རྗོད་པར་ཡང་བྱེད་དེ། དེ་ཡང་ཇི་ལྟར། ལྟ་བྱེད་རྒྱ་མཚོ་འདི་ལ་ནི། །གཟུགས་ཀྱིས་ངོམས་པ་ཡོད་མ་ཡིན། །དེ་བཞིན་ཡིད་དུ་འོང་བའི་རོ། །རོས་ཀྱང་ངོམས་པ་ཡོད་མ་ཡིན། །སྣ་ཡང་རྟག་ཏུ་དྲི་ ཡིས་ནི། །ངོམས་པར་འགྲོ་བ་མ་ཡིན་ནོ། །རེག་བྱ་བདེ་དང་ལྡན་པ་ཡི། །རེག་བྱས་ལུས་གང་ངོམས་ཡོད་མིན། །ཤིན་ཏུ་སྙན་ཅིང་དགའ་བའི་སྒྲས། །འདི་ཡི་རྣ་བ་ངོམས་ལྡན་མིན། །ཡིད་ཀྱང་ངོམས་པར་མཐོང་མིན་ཏེ། །དེ་བཞིན་ཆོས་ཀྱིས་ཀྱང་ངོམས་མིན། །དབང་པོ་ དྲུག་ཀྱང་འགྱུར་ལྡོག་གི། །ཐག་པས་བཟུང་ཞིང་དཀྲིས་ནས་ནི། །འདོད་པའི་ས་ལ་རྣམ་མང་དུ། །རྟག་ཏུ་སྐྲག་ཅིང་འཁོར་བར་བྱེད། །འབར་བ་ལ་ནི་རྩཝ་བཞིན་དུ། །ལྷ་རྣམས་ལ་ནི་ངོམས་ཡོད་མིན། །མི་རྣམས་ཀྱི་ནི་རང་བཞིན་འདི། །གང་ཞིག་ངོམས་པ་མེད་པ་ཡི། །དབང་པོ་ དྲུག་མེ་གདུག་པ་ནི། །རྣམ་རྟོག་རླུང་གིས་བརྒྱལ་བ་ཡིན། །གང་ཡང་འཇིག་རྟེན་འདི་ཚིག་པ། །བློ་གྲོས་མེད་པས་མ་རིག་གོ། །བག་མེད་རྣམས་ཀྱི་ས་འདི་ན། །ཆོས་ཀྱི་ལམ་ལ་མི་སྟེན་རྣམས། །དགའ་བའི་ཡུལ་གྱི་སྤྱོད་ཡུལ་ལས། །རང་ཉིད་བག་མེད་ཆགས་བྲལ་གྱིས། ། དེ་ལྟར་ལྷ་དེ་དག་རྣམས་ཀྱིས་སྔོན་བྱས་པའི་རྣམས་དྲན་པས་སྐྱེ་བ་གཞན་དྲན་ནས་ཅི་ལྟ་བ་བཞིན་དུ་ཚིགས་སུ་བཅད་པ་བརྗོད་པ་ཡིན་ནོ། །སླར་ཡང་རང་བཞིན་གྱིས་ཡུལ་རྣམས་ལ་སྲེད་པས་འཁྲིད་པར་འགྱུར་ཏེ། འདོད་པའི་ཡུལ་རྣམས་ཤིན་ཏུ་གཡོ་བར་གྱུར་པའི་སྒྲ་དང ། རེག་ 70-1-28a བྱ་དང་རོ་དང་གཟུགས་དང་དྲི་རྣམས་ཡོན་ཏན་དུ་མ་དང་ལེགས་པར་ལྡན་པ་ཉིད་ཉི་མ་རེ་རེ་ཞིང་རབ་ཏུ་འཕེལ་བར་གྱུར་པ་བརྒྱ་ཕྲག་རྣམས་ཀྱིས་འཁྲིད་པར་འགྱུར་ལ། གཞན་ཡང་ལྷ་དེ་དག་ཉིད་དང་ལྷན་ཅིག་ཏུ་དགའ་བར་བྱེད་ཅིང་འདོད་པའི་ཡོན་ཏན་ལྔ་ལ་རྣམ་ པ་དུ་མ་དང་རྣམ་པར་རྟོག་པ་དུ་མས་ཡོངས་སུ་ཕྲོགས་ནས་ཀུན་ཏུ་སྤྱོད་པར་བྱེད་དོ། །གཞན་ཡང་ལྷ་དུ་མ་རྣམས་དང་ལྷན་ཅིག་ཏུ་ནགས་དང་ཉེ་བའི་ནགས་ཁྲོད་དང་ཆུ་བཤལ་ལ་བྱའི་ཚོགས་བརྒྱ་སྟོང་སྒྲ་འབྱིན་པ་རིན་པོ་ཆེ་བདུན་གྱི་ཁྱམས་དང་ལྡན་པ་དེ་ལ་དགའ་བར་བྱེད་དོ། །གཞན་ཡང་ དགའ་བར་གྱུར་པ་དེ་དག་རྣམས་གང་ལ་ལྷ་ལྷག་མ་དེ་དག་རྣམས་དགའ་བར་བྱེད་པ་དེར་ལྷའི་ཚོགས་རྣམས་དང་བཅས་པ་དགའ་བས་གནས་པར་བྱ་བའི་དོན་དུ་ལེགས་པར་ཉེ་བར་འགྲོ་བའོ། །དེ་དག་རྣམས་དེར་ལེགས་པར་ཉེ་བར་སོང་ནས་དེ་དག་ཕན་ཚུན་དུ་ཡང་མཆོག་ཏུ་སྙན་པ་ཐོས་ན་ དགའ་བ་དང་ཡང་དག་པར་ལྡན་པ་སྨྲས་པར་གྱུར་ཅིང་དུས་ཡུན་རིང་པོར་ཡང་བརྗོད་ནས་དེ་དག་ལ་སོང་བའི་ཡིད་ཅན་རྣམས་ཇི་ལྟར་གནོད་པ་མེད་པ་དང་ཕན་ཚུན་གྲོགས་སུ་ཡང་གྱུར་པས་རྩེ་ཞིང་འཇོ་སྒེག་གོ། །རིམ་པ་འདི་དག་གིས་ལྷ་གང་དག་ཐམས་ཅད་པས་ཉུང་བ་དེ་དག་ལ་ཡང་ ལྷའི་བུ་མོ་ཕྱིར་འབྲང་བར་བྱེད་པ་ནི་སྟོང་ཕྲག་བཅུ་ཡིན་ཏེ། རྟག་ཏུ་འདོད་པ་ལ་རྣམ་པར་ཆགས་པའི་སེམས་རྟག་ཏུ་འདོད་པའི་ཡོན་ཏན་རྣམས་ཀྱིས་མི་ངོམས་པར་རྟག་ཏུ་འཇོ་སྒེག་གིས་རྒྱུ་བ་བརྒྱ་སྟོང་དུ་མས་རྟག་ཏུ་སེམས་ཀུན་ཏུ་ཆགས་པ་དེ་ལྟར་རྟག་ཏུ་བུད་མེད་རྣམས་ཡུལ་དེ་ ལ་མཆོག་ཏུ་དགའ་བར་བྱེད་པ་དེའི་རྒྱུ་གང་ཡིན་རྐྱེན་གང་ཡིན། གང་ཡང་མཐོ་རིས་ཀྱི་འཇིག་རྟེན་ན་མོ་རྣམས་ཕལ་ཆེ་བར་གྱུར་གྱི་དེ་ན་སྐྱེས་པ་དེ་དག་རྣམས་དེ་ན་ལྷག་མ་ཡིན་ཞེ་ན། རྒྱུ་ཡོད་པ་ཡིན་ཏེ། འདི་ལྟར་འདོད་ཆགས་ཆེས་སྟོབས་ཆེ་བ་དང་བར་མ་རྣམས་ཞེ་སྡང་བར་མ་རྣམས་དང་ ཆུང་བ་རྣམས་ལྷའི་འཇིག་རྟེན་དུ་ཡིན་པས་ཏེ། དེ་ལ་གང་དག་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ན་སྲིད་པ་བར་མ་དོ་བ་དེས་སྲིད་པ་བར་མ་དོ་ལ་གནས་པ་ན་འདོད་པ་ཕུན་སུམ་ཚོགས་པའི་བུད་མེད་རྣམས་མཐོང་བར་གྱུར་ལ་དེས་ཀྱང་འདོད་ཆགས་བླ་ལྷག་པར་འགྱུར་ཞིང་དེ་བུད་མེད་རྣམས་ 70-1-28b གཙོར་བྱེད་པར་འགྱུར་རོ། །བདེ་བ་ལ་མངོན་པར་ཞེན་པའི་དབང་གིས་དེ་སྲིད་པ་བར་མ་དོ་བར་གྱུར་པ་ན་ཡང་དེ་བུད་མེད་རྣམས་ཉེ་བར་ལེན་པར་བྱེད་དོ། །རྒྱུ་འདི་དག་གིས་ན་མཐོ་རིས་ན་བུད་མེད་རྣམས་ཆེས་ཕལ་ཆེའི་སྐྱེས་པ་ནི་མ་ཡིན་ནོ། །དེ་དག་རྣམས་ལྷ་འགའ་ཞིག་ལ་ནི་སྟོང་ཕྲག་བཅུ་་ ཡོད་དོ། །འགའ་ཞིག་ལ་ནི་ཉི་ཤུའོ། །འགའ་ཞིག་ལ་ནི་སུམ་ཅུའོ། །འགའ་ཞིག་ལ་ནི་བཞི་བཅུའོ། །འགའ་ཞིག་ལ་ནི་ལྔ་བཅུའོ། །འགའ་ཞིག་ལ་ནི་དྲུག་ཅུ་ནས་དེ་ལྟར་ཅི་སྲིད་དུ་རིམ་པས་སྟོང་ཕྲག་བརྒྱའམ། ཕལ་ཆེ་ལ་ལྷག་པར་འགྱུར་རོ། །བུད་མེད་དེ་རྣམས་འདོད་པ་ བསྟེན་པ་རྣམས་ཀྱིས་ངོམས་པ་མེད་པའི་ས་ལ་སྐྱེས་པ་ཡིན་ཏེ་གྲོང་པའི་ཆོས་རྣམས་ཀྱི་རིམ་པ་ལ་རྒྱལ་ཆེན་རིས་བཞི་པ་རྣམས་ནི་མི་རྣམས་བཞིན་ནོ། །འཁྲིག་པ་མི་རྣམས་དང་མཚུངས་པ་ནི་སུམ་ཅུ་རྩ་གསུམ་པ་རྣམས་སོ། །འཐབ་བྲལ་བ་རྣམས་ནི་རེག་པས་སོ། །དགའ་ལྡན་པ་ རྣམས་ནི་སྨྲས་པས་སོ། །འཕྲུལ་དགའ་བ་རྣམས་ཀྱིས་ནི་བལྟས་པས་སོ། །དྲི་དང་བརྗོད་པ་རྣམས་ཉན་པས་ཏེ་གལ་ཏེ་རིང་བ་ནས་དྲི་རྣམས་འཛིན་པར་བྱེད་དམ། གལ་ཏེ་ཡང་མཉན་པར་གྱུར་ན་གཞན་འཕྲུལ་དབང་བྱེད་པ་རྣམས་ངོམས་པར་མི་འགྱུར་རོ། །རིམ་པ་འདི་དག་གིས་ ལྷ་གཅིག་ཀྱང་ལྷ་མོ་རྣམས་ཐམས་ཅད་དང་འཐུན་པར་འགྱུར་རོ། །མང་པོ་རྣམས་བློ་འཐུན་པ་དང་མིག་སྔར་སྡུག་པ་དང་ལྷ་རྣམས་ནི་ཤ་དང་རུས་པ་དང་སྲིན་རྣམས་དང་ཤིན་ཏུ་བྲལ་བ་དང་ལྷ་རྣམས་ནི་རིང་བ་དང་ཐུང་བ་རྣམ་པར་སྤངས་ཤིང་སྟོབས་དང་ལྡན་པ་ཡིན་ནོ། །དེ་རྟག་ཏུ་ཡང་ སྟོབས་ཉམས་པ་མེད་པ་དང་ཕ་རོལ་གནོན་པ་དང་གཟི་བརྗིད་ཆེ་བར་ཡང་འགྱུར་རོ། །རིམ་པ་འདིས་ལྷ་གཅིག་ཀྱང་ལྷའི་བུ་མོ་བརྒྱ་སྟོང་མང་པོ་རྣམས་དང་ཡང་འཐུན་པར་འགྱུར་རོ། །མདངས་གསལ་བ་རྣམས་ཀྱིས་ཀྱང་རྟག་ཏུ་ཀུན་ནས་གང་བས་ལེགས་པར་རྒྱུ་བས་དང་སྙིང་ལ་བདེ་བ་རྒྱ་ ཆེན་པོ་དང་ལྡན་པས་ཀྱང་དེ་དག་རྣམས་མཐོ་རིས་དེར་འཇུག་སྟེ་ཇི་ལྟར་འདོད་པར་འགྲོ་བ་དང་འོང་བ་རྒྱུ་བར་བྱེད་དོ། །རིམ་པ་འདིས་མཐོ་རིས་ཀྱི་ལྷ་མོ་རྣམས་ཐམས་ཅད་མཆོག་ཏུ་གྱུར་པ་གཞན་དང་གཞན་རྣམས་ལ་དགའ་བར་བྱེད་དེ། དེ་བཞིན་དུ་སེམས་འདོད་པ་ལ་དགའ་བར་འགྱུར་བ་ 70-1-29a ཡིན་ནོ། །གཞན་ཡང་ལྷ་དེ་ལྷན་ཅིག་སྤྱོད་པ་རྣམས་དང་འདོད་པའི་འདོད་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་དགའ་མགུར་ཀུན་ཏུ་སྤྱོད་པར་བྱེད་དེ་རྣམ་པ་མང་པོ་དང་རྣམ་པར་རྟོག་པ་དུ་མར་མཐོ་རིས་དང་རྗེས་སུ་འཐུན་པ་རྣམས་དང ། རང་གི་ལས་དང་འདྲ་བ་ རྣམས་ཀྱིས་བརྩེགས་པ་རྒྱུ་བའི་འཐབ་བྲལ་གྱི་ས་ལ་དུས་ཤིན་ཏུ་རིང་པོར་རྣམ་པ་དུ་མར་འདོད་པའི་ཡོན་ཏན་ལྔ་ལ་དགའ་བར་བྱེད་དོ། །ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་དེ་ག་ཤེད་ན་ཀུན་ཏུ་རྒྱུ་བ་ན་རླུང་གཏུམ་པོས་གཡོས་པ་ཞེས་བྱ་བའི་ནགས་དེར་རིམ་གྱིས་ཕྱིན་པ་དང་དགའ་ བས་གནས་པའི་དོན་དུ་རྩེ་བར་གྱུར་ཏེ་ཇི་སྲིད་དུ་སྔོན་གྱི་ལས་ཀྱི་རྒྱུ་རྣམས་ཀྱིས་སོ། །དེ་ལ་ལས་རྣམས་གཅིག་ཀྱང་མ་མཐོང་ནས་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལས་ཕྱིར་ལ་སྤངས་པར་འགྱུར་ཞིང་ལྷ་མོ་རྣམས་ཀྱིས་བོར་བར་གྱུར་པ་དང་དེ་འཆི་འཕོ་བར་འགྱུར་བ་ནད་ཀྱི་ གཟུགས་སུ་རྟགས་འདི་དག་རྣམས་འབྱུང་སྟེ། འདི་ལྟ་སྟེ། པད་མ་རྣམས་གང་གི་རྩར་ཉེ་བར་ཕྱིན་པའི་པད་མ་ཁ་བྱེ་བ་དང་བཅས་པ་རྣམས་ཁ་འཛུམ་པར་འགྱུར་ཏེ། དེ་ནི་སྔ་ལྟས་རྣམས་ཀྱི་དང་པོ་ཡིན་ནོ། །གཞན་ཡང་འཆི་འཕོ་བའི་རྟགས་ནི་པད་མའི་རྫིང་བུའི་ཡུལ་ཕྱོགས་དེ་ དག་རྣམས་སམ་ཤིང་རྣམས་ཀྱི་གསེབ་ཏུ་ཉེ་བར་ཕྱིན་པ་ན་ཡུལ་དེ་བུང་བ་རྣམས་ཀྱིས་ཡོངས་སུ་བོར་ནས་ཡུལ་གཞན་དུ་འགྲོ་བར་འགྱུར་བ་ནི་རྟགས་གཉིས་པའོ། །གཞན་ཡང་རྟགས་གསུམ་པ་ནི་གང་དག་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་བ་དེ་དག་གི་རོལ་མོ་དེ་དག་རྣམས་ལ་དེ་འདོད་ ཆགས་དང་བྲལ་བར་འགྱུར་རོ། །གཞན་ཡང་རྟགས་ནི་ལྗོན་ཤིང་གང་ལ་སྙེན་པའི་ལྗོན་ཤིང་དེའི་མེ་ཏོག་ཐམས་ཅད་རྙིངས་པར་གྱུར་ཏེ་དེ་དག་ནི་རྟགས་བཞི་པའོ། །གཞན་ཡང་རྟགས་ལྔ་པ་ནི་ཤིང་རྟ་གང་གིས་སྐྱེད་མོས་ཚལ་གྱི་ལྟད་མོ་ལ་ནམ་མཁའ་ནས་འགྲོ་བར་བྱེད་པ་ན་ ནམ་མཁའ་ལ་འཕགས་པར་མི་ནུས་སོ། །རྟགས་དེ་དག་རྣམས་ནི་འཐབ་བྲལ་བ་རྣམས་ཀྱི་ཡིན་ནོ། །ཇི་ལྟར་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་མཆན་ཁུང་ལ་སོགས་པ་རྣམས་ནས་རྔུལ་རྒྱ་ཆེན་པོར་འབྱུང་བ་རྣམས་ཡིན་ཏེ། དེ་ལས་ཀྱང་ངེས་པར་འཆི་འཕོ་བར་འགྱུར་བའི་རྟགས་ཀྱི་ཐ་མ་ 70-1-29b དགེ་བའི་ལས་ཡོངས་སུ་ཟད་པའི་རྗེས་ཐོགས་སུ་སྡིག་པ་གང་གིས་འཆི་བའི་དུས་བྱེད་པར་འགྱུར་བ་རྣམས་ཡིན་ནོ། །དེ་དག་རྣམས་ཀྱང་འཆི་བའི་རྟགས་ཆེན་པོ་བཅུ་གཉིས་ཡིན་ལ་དེའི་སྐད་ཅིག་ལ་འཆི་བའི་རྟགས་རྣམས་རིམ་གྱིས་མཐོང་བར་འགྱུར་ཏེ། སྔོན་གྱི་རྒྱུ་དང་བཅས་པའི་ ལྷ་དེ་མི་ཉིད་དུ་འཆི་འཕོ་བར་འགྱུར་བའི་ལྷ་དེ་མྱུར་དུ་འཆི་འཕོ་བའི་རྟགས་ནི་འདི་ལྟ་སྟེ། གང་གིས་ལུས་ལས་འོད་རྣམས་འབྱུང་བར་འགྱུར་བ་དེ་རང་གི་ལུས་ཀྱི་རྗེས་སུ་འཇུག་སྟེ་ཇི་ལྟར་ནུབ་པར་འགྱུར་བའི་ཉི་མ་བཞིན་ནོ། །གཞན་ཡང་འཆི་འཕོ་བའི་ལྟས་ཡོད་པ་ནི་ཇི་ལྟར་མེ་ཏོག་ གི་ཕྲེང་བ་དང་འབྲས་བུ་རྣམས་རབ་ཏུ་མི་སྡུག་པར་འགྱུར་རོ། །གཞན་ཡང་དེ་ཁོ་ན་འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་འདི་ལྟ་སྟེ། མགོ་བོ་ལ་མེ་ཏོག་གང་དག་བཏགས་པར་གྱུར་པ་དེ་ནས་རབ་ཏུ་ཉིལ་ནས་འགྲོའོ། །གཞན་ཡང་དེའི་དུས་ན་འཆི་འཕོ་བར་འགྱུར་བའི་ལྟས་ཡོད་པ་ ནི་འདི་ལྟ་སྟེ། ཆུའི་ནང་དུ་སོང་བའི་བདག་གི་གཟུགས་བརྙན་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དག་ཉིད་ཀྱི་ལུས་ཀྱི་གཟུགས་བརྙན་མཐོང་བར་འགྱུར་དེ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མི་རྣམས་ཀྱི་གཟུགས་ཀྱི་རྣམ་པ་དེ་སྲིད་ཁོ་ནས་ནང་དུ་སོང་བར་བདག་ཉིད་ཀྱི་གཟུགས་བརྙན་ མཐོང་བར་འགྱུར་རོ། །མཐོང་བ་འདི་དག་ནི་དེའི་རྗེས་ལ་འཆི་འཕོ་བའི་རྟགས་ལྔ་པ་ཡིན་ཏེ། གང་དག་གིས་དེའི་གཟུགས་བརྙན་ཅན་རྣམས་སམ་རྣམ་པ་དེ་འདྲ་བ་ཉིད་མཐོང་ནས་ཀྱང་ཤིན་ཏུ་སྐྲག་པར་འགྱུར་རོ། །དེའི་བ་སྤུ་རྣམས་ཀྱང་ཚེར་མ་ལྟར་ལྡང་ངོ ། །གཞན་ཡང་ དེའི་སྐད་ཅིག་ལ་འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་འདི་ལྟ་སྟེ། གནས་ལ་རྣམ་པར་འགྱུར་བ་འབྱུང་བར་འགྱུར་ཏེ་གལ་ཏེ་བཻ་ཌཱུརྱའི་རང་བཞིན་གྱི་སྟན་ལ་གནས་པར་འགྱུར་རམ། གལ་ཏེ་ན་དངུལ་གྱི་རང་བཞིན་ནམ། གལ་ཏེ་ན་གསེར་གྱི་རང་བཞིན་ནམ། གལ་ཏེ་ན་ཨིན་དྲ་ནཱི་ ལའི་རང་བཞིན་གྱི་སྟན་དེ་དག་རྣམས་ཐམས་ཅད་ཀྱང་ཟངས་མར་འགྱུར་རོ། །གཞན་ཡང་དེ་དང་འབྲེལ་ནས་འཆི་འཕོ་བར་འགྱུར་བའི་ལྟས་ལ་འདི་ལྟ་སྟེ། རླུང་གིས་འདིའི་གོས་ཀུན་ཏུ་སྐྱོད་པར་བྱེད་དོ། །རེག་བྱ་ཚ་མོ་རྣམས་ཀྱིས་སྟན་ལས་རྡོ་རྗེ་བབ་པ་བཞིན་དུ་ཚོར་རོ། ། 70-1-30a དེ་དག་རྣམས་ཀྱིས་འདིའི་ཡིད་རྣམ་པར་འགྱུར་བ་སྐྱེད་དོ། །དེ་ཡིད་རྣམ་པར་འགྱུར་བར་གྱུར་པས་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་འདོད་པ་མ་ཡིན་པ་རྣམས་ལ་སྒྲུབ་པར་བྱེད་དོ། །དེའི་རྗེས་ལ་འདིའི་མི་རྟག་པའི་མེ་རྣམས་ཉེ་བར་འོང་བར་འགྱུར་རོ། ། དེའི་རྗེས་ཐོགས་སུ་ཕན་ཚུན་དུ་འཆི་འཕོ་བའི་རྟགས་རབ་ཏུ་འབྱུང་བར་འགྱུར་ཏེ། བཻ་ཌཱུརྱའི་རང་བཞིན་གྱི་རྡོ་ལ་ཇི་ལྟ་བ་བཞིན་དུ་གཞན་རྣམས་ལ་ཡང་མི་མཐོང་ངོ ། །མགོ་བོ་མ་ལུས་པར་ལྷུང་བར་མཐོང་ངོ ། །དེའི་རྗེས་ཐོགས་ལ་འདི་མྱུར་བར་འབྱུང་བར་འགྱུར་ཏེ། རྣམ་པ་ དེ་སྲིད་ཀྱི་འཆི་བའི་རྟགས་དེ་རྣམས་ཀྱིས་འཆི་བ་དེ་རབ་ཏུ་རྟོགས་ནས་བུད་མེད་རྣམས་ཀྱིས་དེ་ཡོངས་སུ་སྤང་ངོ ། །ཁ་དྲག་པར་ཡང་འགྱུར་བས་དེའི་སེམས་ལ་མྱ་ངན་ཀུན་ཏུ་འབྱུང་བར་འགྱུར་རོ། །འདུས་པ་དང་བྲལ་བས་བསྐྱེད་པའི་མྱ་ངན་གྱི་རྣམ་པ་འདི་ལྟ་བུ་དག་སྐྱེ་སྟེ། གང་ དག་གི་ཁྱད་པར་གྱིས་གང་དག་དེས་ཉེ་བར་ལོངས་སྤྱོད་པ་དེ་དག་རྣམས་ཐམས་ཅད་ཀྱིས་བཅུ་དྲུག་ཆར་ཡང་མི་ཕོད་པར་རོ། །དེའི་རྗེས་ཐོགས་ལ་འདིའི་དེ་དང་འབྲེལ་པར་འཆི་འཕོ་བའི་རྟགས་བཅུ་ལས་འབྱུང་སྟེ། འདི་ལྟར་དབང་པོ་ཐམས་ཅད་ཉམས་པར་འགྱུར་རོ། །མིག་ལ་སོགས་ པ་རྣམས་ཀྱིས་ཀུན་ནས་འཁོར་བ་བཞིན་སྐྱེས་བུའི་གཟུགས་མཐོང་ངོ ། །དེའི་རྗེས་ལ་འཆི་འཕོ་བའི་རྟགས་བཅུ་གཅིག་པ་ཡིན་ཏེ། འདི་ལྟ་སྟེ། ཡིད་ཀྱང་གནས་པ་མེད་པ་ཉིད་དུ་འབྱུང་བར་འགྱུར་ཏེ་ཟོ་ཆུན་གྱི་འཁོར་ལོ་བཞིན་དུ་དེ་གཅིག་ཏུ་ཡང་གནས་པ་མི་འཐོབ་བོ། །འཆི་ འཕོ་བའི་རང་བཞིན་གྱི་སྡུག་བསྔལ་རྣམས་མཐོང་ནས་མཆོག་ཏུ་གཡོ་བའི་ཡིད་ཅན་དུ་འགྱུར་རོ། །དེའི་རྗེས་ཐོགས་ལ་འདིའི་སྲོག་གི་དབང་པོ་འགགས་པར་འགྲོ་བར་འགྱུར་ཏེ། དེ་ནི་སྡོང་བུ་ཟད་པ་དང་སྣུམ་མེད་པ་དང་འོད་ཉམས་ནས་འགག་པར་འགྱུར་བ་བཞིན་དུ་དེ་ལྟར་འགགས་ནས་ འགྲོ་བར་འགྱུར་བར་ལྷ་དེས་མཐོང་ངོ ། །འཆི་མ་འཕོས་ན་ཡང་གང་ལ་དེ་རྗེས་སུ་སྤྱོད་པའི་ལྗོན་ཤིང་དེ་ཉིད་ཚིག་པར་འགྱུར་བར་མངོན་པར་མཐོང་ངོ ། །ཇི་ལྟར་བྱ་རྣམས་ཀྱིས་ཀྱང་བཏང་ནས་ནགས་གཞན་དག་ཏུ་འགྲོ་བར་བྱེད་དོ། །ཕྱི་ནས་ཀྱང་སྔར་གྱི་ཡོན་ཏན་རྣམས་མཐོང་ 70-1-30b བར་འགྱུར་རོ། །དེ་བཞིན་དུ་ལྷ་མོ་དེས་ལྷ་དེ་བཏང་ནས་གཞན་དུ་འགྲོ་བའོ། །དེ་ནས་ལྷ་དེའི་སེམས་ཀྱི་ཐ་མས་རང་རང་གི་རྒུད་པ་ཆེན་པོ་མངོན་པར་མཐོང་ནས་ཤིན་ཏུ་མི་བཟོད་པའི་ཡིད་ཀྱིས་ཚིགས་སུ་བཅད་པ་ཇི་ལྟར། ཇི་ལྟར་གྱུར་པའི་མི་རྣམས་ཀྱི། །རང་གི་ལས་ཀྱི་གནས་རྣམས་ དང ། །ཡུལ་ལ་གནས་པ་གཏོང་བ་དང ། །དེ་ཚེ་བུད་མེད་རྣམས་ཆགས་བྲལ། །འགྲོ་བས་འབྱོར་པ་ཤིན་ཏུ་གཏོང ། །རང་གི་ལས་ཀྱིས་སྤངས་པ་ཡི། །ལྷ་མཐོང་ནས་ནི་རྩབ་ཧྲལ་ཅན། །བུད་མེད་རྣམས་ནི་གཞན་དུ་རྒྱུག་།བདེ་བ་བཙོག་པ་མི་གཙང་བ། །རྩབ་ཧྲལ་ སེམས་ནི་མི་གནས་པ། །བུད་མེད་རྣམས་བཙོག་འདོད་པ་འདི། །གནས་པ་མེད་པའི་གྲོགས་དེ་བཙོག་།སྡུག་བསྔལ་བཞི་པོ་འདི་དག་ནི། །མི་ཡིས་རྟག་ཏུ་བསྟེན་པ་ཡིན། །གང་ཕྱིར་ཡུལ་ནི་མི་འདྲར་ངེས། །དེ་ཕྱིར་ངེས་པར་རྣམ་པར་སྤོངས། །ལས་རྣམས་ཀྱིས་ནི་ བདེ་བ་དང ། །སྡུག་བསྔལ་བར་ཡང་འགྱུར་བ་ཡིན། །ལས་རྣམས་ཀྱིས་ནི་སྲོག་ཆགས་ཁྲིད། །ལས་རྣམས་ཀྱིས་ནི་ཉམ་ཐག་བྱེད། །གང་ལ་ཡོན་ཏན་ལྔས་གཏད་པའི། །ལྷ་རྣམས་བདེ་བ་མཆོག་ཐོབ་པ། །ཕྱི་ནས་ལྟུང་འགྱུར་རྒུད་དབང་གིས། །ལྷ་གནས་སྐལ་བ་ཉམས་ པ་ཡིན། །སངས་རྒྱས་དེ་ཉིད་ལེགས་སྟོན་པ། །ཐར་པའི་ལམ་ནི་སྟོན་པ་པོ། །ལས་རྣམས་སྒྱུ་མས་ཀུན་བསླང་འདི། །འཁོར་བ་ཡིན་པར་ཡོངས་སུ་བསྒྲགས། །གང་ཞིག་རྩབ་ཧྲལ་གྱུར་པ་དང ། །གང་ཚེ་གང་ཡང་སྐྱོན་སྒྲུབ་པ། །བུད་མེད་དགོས་པས་མཉེས་གཤིན་ རྣམས། །དེ་ཡི་སྟེང་ན་ལེགས་པར་གནས། །མུན་པ་རྣམས་རྒྱུ་ཉི་མ་མིན། །མེ་ནི་གྲང་བའི་རྒྱུ་མ་ཡིན། །སྙིང་བདེ་སྙིང་ལ་གནས་པ་ཡང ། །ཅུང་ཟད་བུད་མེད་རྣམས་ལ་མེད། །ཇི་ལྟར་བཞིན་དུ་ས་འདི་བརྟན། །རླུང་ནི་ཇི་བཞིན་རྟག་ཏུ་གཡོ། །དེ་བཞིན་བུད་མེད་བྱས་ཤེས་ མིན། །སྐྱོན་རྣམས་བུད་མེད་ལ་རྟག་ཡོད། །སྐྱེས་པས་དུས་རིང་རབ་བརྩོན་པས། །བུད་མེད་བསྒྱུར་བཟློག་མང་བྱས་པ། །སྡུག་བསྔལ་བྱུང་ནས་སྤོང་བྱེད་དེ། །སྐམ་པོའི་མཚོ་ལ་སྒོང་སྐྱེས་བཞིན། །གྱེན་ལ་ཆུ་འགྲོ་མཐོང་བ་མེད། །ལྷ་རྒྱལ་རྟག་ཏུ་འདོད་པ་མིན། །རི་རྣམས་ 70-1-31a འགྲོ་བ་ཡོད་པ་མིན། །སྙིང་ཡང་མེ་ཡི་བདེ་བྱེད་མིན། །མི་རྣམས་ཆོས་ནོར་སྙན་པ་ཡི། །རྟག་ཏུ་གེགས་བྱེད་པར་ཡང་དྲན། །དོན་མིན་དྲ་བ་སྐྱེ་གནས་དང ། །སྐྱོན་རྣམས་འབྱུང་བར་འགྱུར་བ་ཡང ། །རྡོ་རྗེ་ཡང་ནི་འཇམ་འགྱུར་རམ། །མེས་ཀྱང་ཚ་བ་འདོར་ རམ་ཅི། །དེ་ཡི་རང་བཞིན་ཁྱད་པར་ཅན། །གཡོ་ནི་བུད་མེད་ཀྱིས་སྤོང་མིན། །སྤྱོད་པ་དང་ནི་ཁྲིམས་ཀྱིས་མིན། །སྦྱིན་པ་ངག་སྙན་བསྒྱུར་བཟློག་གིས། །སེམས་ནི་འབར་བ་ལྟ་བུ་ཡི། །བུད་མེད་དང་དུ་བླང་མི་ནུས། །བདེ་བ་ན་ནི་མཚུངས་པར་འགྲོ། །སྡུག་བསྔལ་བ་ནི་ སྤོང་བར་བྱེད། །ཕན་པ་རྣམས་ནི་བརྗེད་གྱུར་ནས། །སྐྱོན་གཅིག་པུ་ནི་དྲན་པ་ཡིན། །ནགས་དང་ཉེ་ནགས་རི་ཡི་རྩེ། །བདེ་བ་དུ་མ་ཀུན་སྤྱད་ནས། །ཉམ་ང་དྲག་པོ་ཀུན་བྱུང་ནས། །བུད་མེད་རྣམས་ཀྱིས་ཡོངས་སུ་འདོར། །དེ་ལྟར་ན་ལྷ་དེས་ལྷ་མོ་དེ་དག་རྣམས་མངོན་ པར་མཐོང་ནས་ལྷ་དེ་ཡོངས་སུ་སྤངས་པར་གྱུར་པ་ན་འཇིག་རྟེན་ལ་དཔྱོད་པའི་རྣམ་པར་དཔྱོད་པས་དེ་ལྟར་ཚིགས་སུ་བཅད་པ་བརྗོད་དོ། །དེ་ཡང་ཁྲོན་མའི་རང་བཞིན་ཡིན་པས་དེའི་དུས་ཉིད་ན་དེ་བརྗེད་ནས་ལྷ་གཞན་ལ་ཉེ་བར་སྟེན་པར་བྱེད་དེ། ཇི་ལྟར་སྦྲང་རྩི་འདྲེན་བྱེད་ཀྱིས་ བ་མོ་དང་ལྷགས་པས་བཅོམ་པའི་པད་མ་འདབ་མ་རྙིངས་པ་ཡོངས་སུ་སྤངས་ནས་མཚོ་སྐྱེས་གཞན་རྣམས་ལ་སྟེན་པར་བྱེད་པ་དེ་བཞིན་དུ་ལྷ་མོ་དེ་དག་ལྷ་དེ་ཡོངས་སུ་སྤངས་ནས་གཞན་ལ་བསྟེན་ནས་དེ་སླར་ཡང་ཡན་ལག་ལྔ་དང་ལྡན་པའི་རྔ་སྒྲ་དང་ཡང་དག་པར་ལྡན་པས་དགའ་ དགུར་ཀུན་ཏུ་སྤྱོད་དེ་ནགས་ཚལ་དང་སྐྱེད་མོས་ཚལ་དང་མཚེའུ་དང་པད་མའི་ཚལ་རྣམས་ལ་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བའི་གཟུགས་དང ། རྣམ་པ་སྣ་ཚོགས་པའི་བྱ་སྐད་རྣམ་པ་སྣ་ཚོགས་པ་ཀུན་ཏུ་སྒྲོགས་པ་དཔག་བསམ་གྱི་ཤིང་བརྒྱ་སྟོང་དང་ལྡན་པ་རྣམས་ལ་ དེ་ལྟར་དེས་མངོན་དུ་བརྒྱུས་པའི་ལྷ་དྲན་ནས་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ། །ཅི་ལྟར་སྐྱེ་བ་བརྒྱ་སྟོང་རྣམ་པར་བརྗེད་ཅིང་སྐད་ཅིག་ལ་མིག་ལྟ་བ་དེ་ལྟར་སྔོན་གྱི་ཡོན་ཏན་དྲན་པའི་བྱས་པ་ཤེས་པ་རྣམས་འཇོམས་པར་བྱེད་པ་བུད་མེད་འདི་དག་རྣམས་ཐམས་ཅད་ལ་འཐུན་པ་ཞེས་བྱ་ 70-1-31b བའི་མིང་ཅན་ནི་ངེས་པར་འགའ་ཞིག་ཀྱང་མེད་ཀྱི་རྫས་ཀྱི་རྒྱུའི་དོན་འགའ་ཞིག་གམ། དགོས་པ་གཞན་གྱིས་ཀྱང་སོ་སོ་ལ་ཉེ་བར་གནས་པ་དང་སྐྱེས་བུ་འཇོམས་པར་བྱེད་པ་ཡང་ཡིན་ནོ། །ངོ་བོ་ཉིད་ཀྱིས་ཀྱང་འགའ་ཞིག་ལ་ཡང་མཐར་ཐུག་པར་གནས་པ་མ་ཡིན་ཏེ། གང་ཡང་འདི་དག་ གི་རང་བཞིན་ཡང་སྔོན་གྱི་བྱས་པ་འདི་དག་འགའ་ཞིག་ཀྱང་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གཡོ་བའི་རང་བཞིན་ཡིན་པའི་ཕྱིར་ཟོ་ཆུན་འཁོར་མོ་དང་དྲི་ཟའི་གྲོང་ཁྱེར་དང་སྨིག་རྒྱུ་དང་མཚུངས་པའི་ངོ་བོ་ནི་བུད་མེད་ཐམས་ཅད་ཡིན་ཏེ་འདི་དག་གི་རང་བཞིན་ནོ། །དེ་ནས་ ལྷ་དེས་དེ་ལྟར་མངོན་སུམ་ཉིད་དུ་ལྷ་གཞན་གྱི་འཆི་འཕོ་མཐོང་ནས་སྔོན་བསྒོམས་པའི་སེམས་ཀྱི་གཞན་ཡང་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། ལྷ་གང་གཡོ་བའི་ཡིད་ཀྱིས་ནི། །འདོད་ལ་ལོངས་སྤྱོད་བག་མེད་པས། །འཆི་འཕོའི་སྲོག་གི་ཐ་མ་ཡི། །འཇིགས་པ་དྲག་པོ་མ་ མཐོང་ངོ ། །གང་ཚེ་ཁོ་ན་ལྷ་འགྲོ་བ། །དེ་ཚེ་འཆི་བའི་ངལ་བ་ཉིད། །ཉིན་མོ་ཟད་པ་ཇི་བཞིན་དུ། །མཚན་མོ་ངེས་པར་འབྱུང་བ་ཡིན། །ཉིན་མོ་གསོན་པར་ཤེས་པར་བྱ། །མཚན་མོ་འཆི་བ་དང་མཚུངས་སོ། །དེ་ཕྱིར་དེ་གཉིས་རྟོགས་བྱས་ལ། །ཡིད་ཀྱིས་ངེས་པར་ལེགས་པ་གྱིས། ། དེ་ལྟར་ལྷ་དེས་སྔོན་གྱི་སྐྱེ་བ་དྲན་པས་དྲན་པར་གྱུར་ནས་མིའི་དུས་རྩི་བས་འཇལ་བར་བྱེད་དེ། དེ་ལ་ལྷ་རྣམས་ཀྱི་གནས་ན་ནི་རྟག་ཏུ་ཉིན་མོ་ཉིད་ཡིན་གྱི་ལྷ་རྣམས་རང་གི་འོད་ཀྱི་མཐུས་མཚན་མོ་ཡོད་པ་མ་ཡིན་པའི་རྒྱུ་གང་གིས་ལྷ་རྣམས་དུས་འགྲང་བར་བྱེད་པ་ཡིན་ནོ། །དེ་ནས་ལྷ་དེས་རྣམ་པ་ དེ་ལྟ་བུ་རྣམས་རིག་ནས་སླར་ཡང་ལྷ་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང ། ལས་བྱས་པ་རྣམས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་ཡིན་པའི་གནས་ཉིད་ནི་ངེས་པར་མི་སླུ་བ་ཡིན་པར་འདོད་དགོས་པར་བྱས་ནས་ཕྱིས་ཡང་དེ་ནགས་ཚལ་དང་ཉེ་བའི་ནགས་ཚལ་དུ་རྩེ་ དགའ་བ་དང་ཀུན་ཏུ་ཡང་སྤྱོད་དོ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཆུ་ཀླུང་དང་ཚང་ཚིང་དང་པད་མའི་ཚལ་དང་རི་རྣམས་ཀྱི་ཁྲོད་རྣམས་ལ་ཡང་ལྷའི་ཚོགས་གཞན་རྣམས་དང་ལྷན་ཅིག་ཏུ་དགའ་བར་བྱེད་དེ་ལྷ་དེ་དག་རྣམས་ཀྱི་ཡང་རྣམ་པ་དུ་མར་གཅིག་ནས་གཅིག་ཏུ་བརྒྱུད་ 70-1-32a པའི་འཇིག་རྟེན་པའི་གཏམ་གྱི་བདེ་བ་ཉེ་བར་སྟོན་པར་བྱེད་དོ། །ཆོས་རྣམས་ཀྱི་རང་བཞིན་ཡང་རྗེས་སུ་འཇུག་པར་བྱེད་དོ། །ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པའི་ལས་རྣམས་ཟད་པར་མ་གྱུར་གྱི་བར་དེ་སྲིད་དུ་སྟེ། དེ་དག་རྣམས་ཟད་ ནས་ཀྱང་ལྷའི་རིས་དེ་དག་རྣམས་ནས་འཆི་འཕོ་བར་འགྱུར་རོ། །ཤི་འཕོས་ནས་ཀྱང་ཇི་ལྟར་ལས་ཀྱིས་ཉེ་བར་འགྲོ་བའི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེའོ། །གང་ཡང་གཞན་རྣམས་སུ་མི་རྣམས་དང་སྐལ་བ་མཚུངས་པའི་མིར་སྐྱེས་པར་གྱུར་ན་ཡང་དེ་རྟག་ཏུ་སྐྱིད་ དེ་བར་འགྱུར་རོ། །ཆོས་དང་ལྡན་པའི་ཡུལ་དང་ལྷར་ཡང་སྐྱེའོ། །རིག་པས་སྦྱངས་པའི་བློ་རྒྱས་པ་དང་སྐྱེ་བོ་ཐམས་ཅད་བྱམས་པར་ཡང་འགྱུར་རོ། །རྒྱལ་པོ་དག་ཏུ་ཡང་འགྱུར་རོ། །དེས་བརྒྱ་ལ་ཕ་རོལ་གྱི་དཔུང་རྣམས་དང་གཡུལ་འགྱེད་པར་བྱེད་ན་ཡང་འདིའི་ཡུལ་རྣམས་ སུ་ནམ་ཡང་ཕ་རོལ་གྱི་དཔུང་གིས་འཇིགས་པར་མི་འགྱུར་རོ། །མཆོག་ཏུ་སྐྱིད་པ་དང་འདི་རྗེས་སུ་སྒོམ་པའི་རང་བཞིན་ཅན་དུ་ཡང་འགྱུར་རོ། །དེའི་རྗེས་སུ་བསྒོམས་པས་ཅི་སྟེ་ན་རྒྱལ་པོའམ་རྒྱལ་པོའི་བློན་པོར་ཡང་འགྱུར་རོ། །ལས་འདིའི་རྒྱུ་འཐུན་པས་རྟག་ཏུ་སྐྱིད་པའི་མཆོག་ཏུ་ཡང་འགྱུར་ རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་ཤེས་པ་དེས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ལ་ལྟ་བར་བྱེད་པ་ལས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཐབ་བྲལ་བ་རྣམས་ཀྱི་ས་ཡིད་ཀྱི་རྒྱན་ཞེས་བྱ་བ་ཡོད་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེ་ལས་གང་ གི་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་ཇི་ལྟར་དགེ་བའི་སྐྱེས་བུ་གང་གིས་དེ་བློ་དང་ལྡན་པར་འགྱུར་ཞིང་དྲང་པོ་དྲང་པོའི་རང་བཞིན་ཅན་ཡང་དག་པའི་ལྟ་བ་ཅན་རྟག་ཏུ་ལས་དང་འབྲས་བུའི་དེ་ཁོ་ན་ཉིད་ཤེས་པས་སྲོག་གཅོད་པ་དང་མ་བྱིན་པར་ ལེན་པ་ཕྱིན་ཅད་རབ་ཏུ་བསྡམས་པར་གྱུར་ལ་སྔར་བཞིན་དུ་འདོད་པ་ལ་ལོག་པར་གཡེམ་པ་ཡང་མི་བྱེད་པར་འགྱུར་ཞིང་ཡིད་ཀྱིས་ཀྱང་དེ་རྣམ་པར་རྟོག་པར་མི་བྱེད་ལ་རྗེས་སུ་ཡི་རང་བར་མི་འགྱུར་བ་ནི་འདི་ལྟ་སྟེ་ཅུང་ཟད་ཅིག་ཙམ་ཡང་བུད་མེད་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་ལྟ་ 70-1-32b བར་མི་བྱེད་དོ། །རབ་ཏུ་རྟོག་པར་མི་བྱེད་དོ། །རོ་མྱོང་བར་མི་བྱེད་དོ། །དགའ་བའི་ཆགས་པ་རྣམ་པར་རྟོག་པ་དང་ལྷན་ཅིག་འགྲོགས་པའི་འདོད་ཆགས་ཀྱིས་ཀུན་ནས་འཆིང་བས་དེ་ལྟ་བར་མི་བྱེད་དོ། །རྣམ་པ་ཐམས་ཅད་དུ་ཡང་འཁྲིག་པ་ལས་བྱུང་བའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ པས་སེམས་པར་མི་བྱེད་དོ། །རབ་ཏུ་འགོགས་པར་བྱེད་ཅིང་གོ་བར་བྱེད་དེ་ཇི་ལྟར་མི་འདོད་པ། མི་སྡུག་པ་ཡིད་དུ་མི་འོང་བ་འདོད་པ་ལ་ལོག་པར་གཡེམ་པ་འདིའི་རྣམ་པར་སྨིན་པ་རྣམས་ཡིན་ཞེས་ཏེ་དེ་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱིས་བདག་ཉིད་མི་བྱེད་ཅིང་གཞན་རྣམས་ལ་ཡང་ རྗེས་སུ་ཡི་རང་བར་མི་བྱེད་དོ། །བདག་གཞན་ཐམས་ཅད་ལ་ཕན་པར་བྱེད་པ། རྟག་ཏུ་ཡང་ངེས་པར་ལེགས་པ་ལ་ཞུགས་པ། སྡོམ་པ་འཛིན་པ་ཆེན་པོ། འཇིགས་པར་བྱེད་པའི་ཀུན་ཏུ་སྦྱོར་བ་ཆེན་པོ་ལས་རྣམ་པར་གྲོལ་བ་མཆོག་ཏུ་དཀའ་བ་སྤྱོད་པ་ལ་མཆོག་ཏུ་འཛིན་ པར་གྱུར་པ། རྟག་ཏུ་ཡང་དགོས་པའི་རྗེས་སུ་སོང་བའི་དྲན་པ་ཅན། ལུས་རྣམས་ལ་མི་སྡུག་པར་ལྟ་བ། དངོས་པོ་རྣམས་ལ་མཉམ་པར་ལྟ་བ། རྟག་ཏུ་མཉམ་པར་ལྟ་བའི་དྲན་པ་ཅན་ཆགས་ཞེན་མེད་པ། བུད་མེད་ཀྱི་གཡོ་སྒྱུའི་ཞགས་པ་ལས་གྲོལ་བ། བུད་མེད་དང་སྐྱེས་ པའི་རྒྱུ་ལས་རབ་ཏུ་རྒལ་བ། སྐྱེ་བོ་ཐམས་ཅད་ཀྱི་བློ་གཏད་ས། ཐམས་ཅད་ཡིད་ཆེས་པའི་གནས་སུ་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་མཐོང་བའི་ཆོས་ཀྱི་འབྲས་བུ་ནི་འདི་དག་རྣམས་ཡིན་ནོ། །འདོད་པ་ལ་ལོག་པར་སྤྱོད་པ་ཡང་ཤིན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ཏེ་ ཡིད་ཀྱིས་རྣམ་པར་བསམས་པའི་འདོད་པའི་མེ་དེ་རྣམས་ཉེ་བར་བཅོམ་པ། མཆོག་ཏུ་བརྟན་པར་གྱུར་པ། མཆོག་ཏུ་དགའ་བར་གྱུར་པ། མཆོག་ཏུ་བདེ་བས་གནས་པ། ཤིན་ཏུ་དགའ་བ་རྣམ་པར་སྤྱོད་པ། ཡོངས་སུ་དག་པའི་སེམས་ཅན་དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་མཐོ་ རིས་བདེ་འགྲོ་འཇིག་རྟེན་ལས་འཐབ་བྲལ་བ་རྣམས་ཀྱི་ནང་ས་ཡིད་ཀྱི་རྒྱན་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །དེ་དེ་ལ་སྐྱེས་པ་ན་ཡང་འདིའི་བདེ་བའི་ལས་བྱེད་པ་པོར་གྱུར་པས་ལྷའི་བདེ་བ་དུ་མས་གནས་པ་ཡིན་ཏེ་ཤ་དང་རུས་པ་དང་ཆུ་སེར་རྣམས་དང་བྲལ་བ་དང་རང་ཉིད་ཀྱི་འོད་དང་ལྡན་པས་ 70-1-33a རྟག་ཏུ་ཡང་བདེ་བར་གནས་སོ། །འདོད་པའི་ཡོན་ཏན་རྒྱ་ཆེན་པོ་ལ་རྟག་པར་རྒྱུན་དུ་འདོད་པ་ཐམས་ཅད་ཉམས་སུ་མྱོང་ངོ ། །དེས་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ལྷ་རྫས་ཀྱི་བདེ་བ་ཉེ་བར་ལོངས་སྤྱོད་པར་གྱུར་པ་ན་ལྷ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་ནི་ གཟའ་དང་སྐར་མའི་ཚོགས་ཀྱིས་ཇི་ལྟ་བར་གསལ་ཞིང་འཚེར་ལ་ཇི་ལྟ་བ་བཞིན་དུ་རི་རབ་ལྷུན་པོ་རྣམ་པར་མཛེས་པར་གྱུར་པ་དེ་བཞིན་དུ་ལྷ་དེ་ལེགས་པར་བྱས་པའི་ལས་རྣམས་ཀྱིས་སྤྲུལ་པའི་འོད་ཀྱི་ཕྲེང་བ་རྣམས་ཀྱིས་རྣམ་པར་མཛེས་སོ། །རྟག་ཏུ་གཅིག་པུ་མངོན་པར་ གསལ་བར་བྱས་ཤིང་དེ་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་དེ་འདོད་པའི་ཡོན་ཏན་ལྔ་རྣམ་པ་དུ་མར་ཡན་ལག་ལྔས་ཡིད་དུ་འོང་བར་གྱུར་པ་སྒྲ་དང ། རེག་བྱ་དང་རོ་དང་གཟུགས་དང་དྲིའི་བདེ་བ་རྣམས་ཀྱིས་ཉེ་བར་འཚོ་བར་བྱས་ནས་དེ་འདི་སྙམ་དུ་སེམས་ཏེ། ཡུལ་ཆེས་དགའ་བ་གཞན་གང་དག་ཏུ་བདག་གིས་ཉེ་བར་འགྲོ་བར་བྱ། དེའི་སེམས་བསྐྱེད་པ་དང་དུས་གཅིག་ཏུ་དགེ་བའི་ལས་ཀྱིས་དེ་ཡིད་སོང་བའི་ལྷ་མོ་རྣམས་ཀྱིས་མངོན་པར་མཐོང་ནས་སྨྲས་པ། ཇི་ལྟར་ལྷ་ཡུལ་གཅིག་གི་བདེ་བས་ཉེ་བར་གནས་པ་འདིར་བདག་ཅག་ཅི་ ལ་སྡོད་ཡུལ་གཞན་རྣམས་སུ་འགྲོ་བར་བྱ་སྟེ། མཐའ་ཡང་གང་ཁང་བུ་སྟོང་ཡོད་པ་ཞེས་བྱ་བའི་རྩེ་མོ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ། ལྷ་བརྒྱ་སྟོང་ཕྲག་དུ་མས་བསྟེན་པ་དེར་བདག་ཅག་རྣམས་འགྲོ་བར་བྱའོ། །དེས་ཚིག་འདི་ཉེ་བར་བཟུང་ནས། གང་ཡང་ཉེ་བར་ འགྲོ་བའི་ནགས་དང་གང་ཡང་དེས་མངོན་པར་བརྗོད་པ་ལ་ལྷ་དེ་མཆོག་ཏུ་དགའ་བའི་ཡིད་ཀྱིས་བརྗོད་པ་ཇི་ལྟར་འདོད་པ་དེ་ལྟར་བདག་ཅག་འགྲོ་བའོ། །དེ་ནས་ལྷ་དེ་དག་ནམ་མཁའི་དཀྱིལ་དུ་འཕགས་ནས་གང་ན་ཁང་བུ་སྟོང་གི་རྩེ་མོ་རིན་པོ་ཆེའི་ཁམས་དུ་མ་དང་ལྡན་པ། ལྷ་མོ་བརྒྱ་ སྟོང་དུ་མ་སྒྲ་སྒྲོགས་པ་གང་ལ་དཔག་ཚད་ལྔ་བརྒྱར་ཤིན་ཏུ་དགའ་བ་དུ་མའི་གླུ་སྙན་པ་ལེན་པ། གར་གྱིས་ཆགས་པར་བྱེད་པའི་དགའ་བའི་རང་བཞིན་གྱི་སྒྲ་ཐོས་སོ། །ནམ་མཁའི་དཀྱིལ་དུ་སོང་བའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གླུ་དེ་དག་ལེན་པར་འགྱུར་ 70-1-33b ཞིང་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས། གང་ན་ཁང་བུ་སྟོང་ཞེས་བྱ་བའི་རྩེ་མོ་དེར་རིངས་པར་གྱུར་པས་ཉེ་བར་འགྲོ་བའོ། །ལྷ་མོ་རྣམས་ཀྱང་གླུ་དང་གར་དང་འཇོ་སྒེག་གིས་རྣམ་པར་བརྒྱན་པའི་སྒྲ་ཐོས་ནས་ངོ་མཚར་ཞིང་རབ་ཏུ་དགའ་བ་ལྷག་པས་ཕྱི་བཞིན་ཁོ་ནར་ཉེ་བར་ འགྲོའོ། །དེ་དག་རྣམས་གང་གི་ཚེ་ཁང་བུ་སྟོང་གི་རྩེ་མོ་དེའི་དྲུང་དུ་ཕྱིན་པར་གྱུར་པ་ན། དེའི་ཚེ་དེའི་འབྱོར་པ་དུ་མ་རྣམས་མཐོང་བ་ལ་འདི་ལྟ་སྟེ། རིན་པོ་ཆེ་བདུན་གྱི་རང་བཞིན་ཅན་ཕུན་སུམ་ཚོགས་པ་རྣམས་དང ། པད་མའི་རྫིང་བུ་དགའ་བ་ཕུན་སུམ་ཚོགས་པ་རྣམས་ དང ། བྱ་སྒྲ་སྙན་ཅིང་ཞི་བ་བལྟ་ན་སྡུག་པ་དེ་འགྲོ་བ་ན་ཕན་ཚུན་འདྲེ་ཞིང་གནས་པའི་དགའ་བ་ཕུན་སུམ་ཚོགས་པ་རྣམས་དང ། འབབ་ཆུ་དང་མཚེའུའི་ཆུ་བསིལ་བའི་སྒྲ་ཕུན་སུམ་ཚོགས་པ་རྣམས་དང ། ནགས་ན་སྒྲ་དང་མཐོང་ན་དགའ་བའི་བྱའི་རྣམ་པར་འགྱུར་བ་ རྣམ་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པ་རྣམས་དང ། རིན་པོ་ཆེ་བདུན་གྱི་རང་བཞིན་རྣམ་པ་སྣ་ཚོགས་པ་རྣམས་དང ། ཁང་བུའི་གྲལ་རིམས་བལྟ་ན་སྡུག་པ་རྣམས་དང་རིན་པོ་ཆེའི་ས་གཞི་རྣམ་པ་སྣ་ཚོགས་ཤིང་རྣམ་པ་དུ་མར་མཛེས་པ་ཕུན་སུམ་ཚོགས་པ་རྣམས་དང་སོ་སོར་ ལྷ་དང་ལྷ་མོ་དགའ་བར་གནས་པའི་འཛུམ་པ་ལྟ་བར་མཛེས་པ་རྣམ་པར་རྒྱུ་བའི་དགའ་བ་ཕུན་སུམ་ཚོགས་པ་རྣམས་དང ། རི་དང་ཆུ་བཤལ་དང་གང་བའི་བང་རིམ་དང་ནགས་ཀྱི་ཕྲེང་བ་རྣམ་པ་སྣ་ཚོགས་པས་སྤྲས་པའི་མཛེས་པ་ཤིན་ཏུ་ངོ་མཚར་བ་དུ་མ་མཐོང་ན་མཛེས་པ་ཕུན་ སུམ་ཚོགས་པ་རྣམས་དང ། ངང་པ་དང་ཀཱ་རཎ་ཌ་བ་དང་ངང་ངུར་ཆུ་ལ་འགྲོ་བ་དང ། འོང་བ་དགའ་ཞིང་ཆགས་པར་འགྱུར་བའི་སྒྲ་འབྱིན་པ་རྣམ་པ་དུ་མ་སྣ་ཚོགས་པའི་དགའ་བ་ཀུན་ཏུ་སྐྱེད་པའི་རང་བཞིན་ཕུན་སུམ་ཚོགས་པ་རྣམས་དང་བ་དན་དང་རྒྱལ་མཚན་རྣམ་པར་བཀྲ་བ་ དུ་མས་རྣམ་པར་སྤྲས་པ་རླུང་གིས་ལེགས་པར་བསྐྱོད་པས་བལྟ་ན་མཛེས་པ་ཕུན་སུམ་ཚོགས་པ་རྣམས་དང ། ནམ་མཁའ་ལ་ཁང་བུའི་ཕྲེང་བ་འགྲོ་བ་རྣམས་སྟུག་ཅིང་འཁྲིགས་པའི་རིན་པོ་ཆེ་རྣམས་ཤིན་ཏུ་དྲུད་པའི་གཟི་བརྗིད་ཀྱི་ངོ་བོ་རྣམས་ཀུན་ནས་བལྟ་བར་མཛེས་པ་ཕུན་ 70-1-34a སུམ་ཚོགས་པ་རྣམས་དང ། ཕན་ཚུན་དུ་རེག་ཅིང་བསྙེས་པའི་ཅ་ཅོའི་སྒྲས་ཡོངས་སུ་རྒོད་པའི་ལྷའི་ཚོགས་ཕུན་སུམ་ཚོགས་པ་རྣམས་དང་སྒྲ་སྒྲོགས་པ་མཉམ་པ་དང་མི་མཉམ་པའི་རིན་པོ་ཆེའི་གཞི་ལ་བརྩེགས་པའི་ཕུང་པོ་ལེགས་པར་ཚོགས་པའི་དབང་པོའི་ རྡོ་རྗེ་ཕལ་པོ་ཆེ་བྱུང་བའི་རིའི་རྩེ་མོ་དང་བང་རིམ་དང་ཉེ་བའི་ནགས་ཀྱི་ཁྱད་པར་བལྟ་ན་སྡུག་པ་དུ་མ་ཕུན་སུམ་ཚོགས་པ་རྣམས་དང ། བང་རིམ་གྱི་མེ་ཏོག་གི་རིགས་བརྒྱ་སྟོང་དུ་མ་དབྱིབས་དང་ཁ་དོག་དང་དྲིའི་རིགས་དུ་མ་དང་འདབ་མ་ལ་རྣམ་པར་རྒྱུ་ཞིང་ཉེ་བར་འགྲོ་བ་ལ་སྟེན་ཅིང་ ཡོངས་སུ་རྒྱུག་པའི་སྒྲ་ཕུན་སུམ་ཚོགས་པ་རྣམས་ཏེ། ཁང་བུ་སྟོང་ཡོད་པའི་རིའི་རྩེ་མོ་དེ་ནི་དེ་ལྟར་ཕུན་སུམ་ཚོགས་པ་ཡིན་ནོ། །ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྣམ་པ་དུ་མར་ནམ་མཁའ་ལ་འགྲོ་བ་ཉིད་ལ་ཡང་ཀུན་ཏུ་ལྟ་བར་བྱེད་དོ། །རྣམ་པ་དེ་ལྟ་ བུ་དག་གི་ཕུན་སུམ་ཚོགས་པ་དེ་དག་རྣམས་མངོན་པར་མཐོང་ནས་ལྷ་དེས་རབ་ཀྱི་མཆོག་ཏུ་དགའ་བའི་བློས་ལྷ་མོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁང་བུ་སྟོང་ཡོད་པའི་རྩེ་མོ་འདི་ལ་ཁྱེད་རྣམས་ཇི་ལྟ་བ་བཞིན་དུ་ལྟོས་དང་རྩེ་མོ་འདི་ནི་ཕུན་སུམ་ཚོགས་པ་ཆེན་པོས་དགའ་ བར་གྱུར་པའོ་ཞེས་རྣམ་པ་དེ་ལྟ་བུ་རྣམ་པ་དུ་མའི་ཚིག་དེ་དག་རྣམས་ཉེ་བར་བཟུང་ནས་ལྷ་མོ་དེས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་རྣམས་ཀྱིས་ནི་མཛེས་པ་འདི་དག་རྣམས་མཐོང་ལགས་ཀྱིས་རྟག་པར་རྒྱུན་དུ་བདག་ཅག་རྣམས་ཀྱིས་ཡུལ་ཕྱོགས་འདི་བརྒྱ་ཕྲག་དང་སྟོང་ ཕྲག་དང་རྣམ་པ་མང་པོར་ཡང་མཐོང་གིས་ལྷ་ཉིད་ཀྱིས་ནམ་ཡང་མཐོང་མ་མྱོང་བས་ན་དེ་དག་རྣམས་ལྷས་ལེགས་པར་བལྟ་བར་གྱིས་ཤིག་།དེ་དེ་ལྟར་རང་བཞིན་དེས་རྗེས་སུ་ཞུགས་ཏེ་རང་གི་སྐྱེ་བོ་དང་བཅས་པ་དང་རང་གི་ཚོགས་པ་དང་བཅས་པ་རྣམས་ཀྱིས་ཀྱང་གཞལ་ཡས་ཁང་སྟོང་ གི་རྩེ་མོ་དེ་མངོན་པར་མཐོང་བར་གྱུར་ཏེ། ནམ་མཁའ་ལ་བྱུང་བར་གྱུར་ནས་གསར་དུ་སྐྱེས་པ་གང་དག་ལྷན་ཅིག་ན་ལྷ་རྣམས་ཀྱི་ཚོགས་རྩེ་བའི་ཕན་ཚུན་གྱི་ཅ་ཅོའི་སྒྲས་མིག་རྣམ་པར་གདངས་པ་དང་རབ་ཏུ་ཡང་དགའ་བའི་ལྷ་དེ་མངོན་པར་མཐོང་ནས་འགའ་ཞིག་ནི་ལྷ་རྗེས་སུ་འོངས་ 70-1-34b པ་ལ་ལྟའོ། །འགའ་ཞིག་ནི་འདི་ནི་གསར་དུ་སྐྱེས་པ་ཡིན་ཞེས་བྱས་ནས་རབ་ཏུ་དགའ་ནས་དེས་དེའི་མགུལ་པ་ནས་འཁྱུད་པར་བྱེད་དེ། ཇི་ལྟར་འཕེལ་བས་བདག་ཅག་གི་ཕྱོགས་རབ་ཏུ་མང་བར་འགྱུར་ཏེ་ལྷའི་ཚོགས་ཤིན་ཏུ་ཕལ་པོ་ཆེ་རྣམས་ཀྱིས་རོལ་མོའི་སྒྲ་ཀུན་ཏུ་བསྒྲགས་པའི་རྩེ་ མོ་བདག་ཅག་ལ་འབྱུང་བར་འགྱུར་ཏེ། ཆེས་མང་ཞིང་ཤིན་ཏུ་མང་བའི་སྟོབས་ཅན་ལྷ་རྣམས་ཀྱིས་མངའ་བདག་མུ་སུ་ལུན་དྷ་འདིའི་སྤྱན་སྔར་བདག་ཅག་རྩེད་མོ་བྱའོ། །དེ་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལས་ལྷ་གཞན་གྱིས་ཐག་རིང་བ་ཉིད་ནས་ལྷ་དེ་ཉིད་མངོན་པར་མཐོང་ནས་ ཐལ་མོ་སྤྱི་བོར་སྦྱར་ཏེ་སོ་སོ་ནས་མཆོད་པར་བྱེད་དོ། །རྩེ་མོ་འདིར་ཁྱོད་ཀྱིས་ཕྱིན་གྱིས། འདི་ཇི་ལྟ་བ་བཞིན་དུ་ལྟོས་དང ། གང་ལ་ལྷ་ཤིན་ཏུ་འཐབ་བྲལ་དང་ལྷའི་མངའ་བདག་ཀྱང་ལྷའི་ཚོགས་དུ་མས་ཡོངས་སུ་བསྐོར་ནས་རྩེ་བར་བྱེད་དེ་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པའི་ ལྷ་རྣམས་པད་མ་དུ་མས་ཡོངས་སུ་བསྐོར་ནས་རྩེ་བར་བྱེད་དེ། ལེགས་པར་བྱས་པའི་ལས་ཀྱིས་རྩེད་མོའི་ནགས་ལ་སོགས་པའི་གནས་དེར་འོངས་པར་གྱུར་ལ། དེ་ལ་ལྷ་སྔ་ན་མེད་པ་འདི་རྩེད་མོའི་དོན་དུ་འོངས་སོ་ཞེས་བྱ་བའི་འཐབ་བྲལ་བའི་ཚིག་དེ་ཐོས་ནས་ལྷ་གསར་དུ་སྐྱེས་ པ་དེ་འདི་སྙམ་དུ་སེམས་ཏེ། གང་ན་འཐབ་བྲལ་བ་རྣམས་ཀྱི་རྒྱལ་པོ་འདི་འདོད་པའི་ཡོན་ཏན་ལྔ་ལ་རྩེད་མོ་རྩེ་དེ་སྐད་ཅེས་སྨྲས་ནས་དེས་ལྷན་ཅིག་ཏུ་ཞབས་འབྲིང་བྱེད་པ་ལ་འདི་སྐད་ཅེས་བོས་ཏེ། གང་ན་རྒྱལ་པོ་མུ་སུ་ལུན་དྷ་རྩེད་མོ་རྩེ་བ་དེར་བདག་ཅག་འགྲོ་བར་བྱའོ། །དེ་ལྟར་ཚིག་ འདི་བཟུང་ནས་གང་ན་རྒྱལ་པོ་རྩེད་མོ་རྩེ་བ་དེར་གླུ་དང་རྔ་སྒྲ་དང་རོལ་མོ་དང་རབ་ཏུ་དགའ་བའི་གླུ་མཁན་དང་བཅས་ཏེ་འགྲོའོ། །དེ་ནས་མུ་སུ་ལུན་དྷ་ཨུད་པ་ལ་དམར་པོའི་ནང་དུ་སོང་ཞིང་གསེབ་ཏུ་སོང་བ་རྒྱང་རིང་པོ་ནས་མཐོང་ངོ ། །ུད་པ་ལ་དམར་པོ་དེའི་མཛེས་པ་ནི་འདི་དག་ རྣམས་ཡིན་ཏེ། འདི་ལྟ་སྟེ། སྟོང་ཕྲག་བརྒྱ་པའི་འདབ་མའི་ཨུད་པ་ལ་དེའི་འདབ་མ་དེ་ལ་ཕུག་ཏུ་ཞུགས་པ་དང་འདྲ་བའི་ཁང་པ་ཇི་ལྟར་མཆོག་ཏུ་དྲི་ཞིམ་པ་ན་ལྷ་མོས་བྱའི་ཚོགས་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །བྱའི་ཚོགས་གང་དག་ཆུའི་རྒྱུན་ལ་རྒྱུ་བ་དེ་དག་ 70-1-35a རྣམས་ནི་རྣམ་པ་དུ་མར་སྙན་པའི་སྒྲ་ཀུན་ནས་སྒྲོགས་སོ། །ཡང་ཨུད་པ་ལ་དམར་པོ་དེའི་འོད་ནི་རྣམ་པ་འདི་ལྟ་བུ་ཡིན་ཏེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་འོད་གང་དག་དེ་ཀུན་ནས་འབྲེལ་པར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་འོད་དེ་དག་རྣམས་ ཐམས་ཅད་འོད་དེས་ཟིལ་གྱིས་གནོན་ཏེ། ཨུད་པ་ལ་རིན་པོ་ཆེ་ཡིན་པའི་ཕྱིར་རོ། །ུད་པ་ལ་དེ་གང་གིས་རིན་པོ་ཆེ་ཐམས་ཅད་ཀྱི་འོད་ཀྱི་ཁྱད་པར་རྣམས་ཟིལ་གྱིས་གནོན་པར་འགྱུར་བའི་རྣམ་པ་དེ་སྲིད་ཀྱི་དམར་པོར་འགྱུར་རོ། །རྣམ་པ་ཇི་སྲིད་ཀྱི་མཆོག་ཏུ་དམར་བའི་པད་མ་རཱ་ གའི་འམ་སྟོན་ཀའི་ཉི་མ་ཤར་བར་གྱུར་པ་ཡང་རུང་སྟེ། རྣམ་པ་དེ་སྲིད་ཀྱི་དམར་པོར་སྐྱེད་པ་བས་དེ་དག་ཆེས་ལྷག་པར་དམར་བ་ཡིན་ནོ། །གཞན་ཡང་ཨུད་པ་ལ་དམར་པོ་དེའི་འདབ་མའི་ནང་ན་ལྷ་མོ་དེ་དག་རྣམས་ནང་དུ་སོང་བའི་བུང་བའི་ཚོགས་དང་ལྷན་ཅིག་ཏུ་དམ་པར་ འཚེར་བའི་འདབ་མའི་ནང་དུ་སོང་ནས་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་དགའ་བར་བྱེད་དེ། ཨུད་པ་ལ་དམར་པོ་དེ་དག་གི་ནང་དུ་སོང་བའི་ལྷ་དེ་དག་རྣམས་ཀྱང་འདི་སྙམ་དུ་སེམས་ཏེ་གང་ཆུང་ངུ་ན་བདག་ཅག་བདུད་རྩི་བཏུང་བར་བྱའོ་ཞེས་དེ་དག་གི་སེམས་བསྐྱེད་པ་ཙམ་ཉིད་ན་འདབ་ མ་དེ་དག་གི་གསེབ་ཀྱི་ནང་ནས་མཆོག་གི་དྲི་དང་རེག་པ་བསིལ་བ་རྣམ་པ་དུ་མ་ཡོངས་སུ་འབབ་པའོ། །ལྷ་དེ་དག་དང་ལྷ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་དེ་ཡང་ཡུལ་གྱི་བདེ་བ་མཆོག་ཏུ་རྒྱ་ཆེ་བ་ཉམས་སུ་མྱོང་བར་བྱེད་དོ། །དེ་དག་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཅག་ཨུད་ པ་ལའི་ནང་དུ་ཞུགས་པ་རྣམས་ཀྱི་འདི་ལྟ་བུའི་གླུ་དབྱངས་རྣམས་སུ་གྱུར་མོད། དེ་དག་གི་སེམས་བསྐྱེད་པ་ཙམ་ཉིད་ན་རེག་ན་བདེ་བའི་རླུང་རྣམས་རབ་ཏུ་འཕྱུར་ལ་རླུང་དེས་རབ་ཏུ་བཏབ་པ་ན་སེམས་བསྐྱེད་པ་དང་དུས་གཅིག་ཏུ་ཨུད་པ་ལ་དམར་པོ་དེའི་ཨུད་པ་ལའི་འདབ་མ་རྣམས་ཕན་ཚུན་དུ་ དྲུད་པའི་སྒྲ་རྣམས་འདི་ལྟ་བུ་རབ་ཏུ་འབྱུང་སྟེ། གང་གི་ཁྱད་པར་གྱིས་རྔ་སྐད་ཡན་ལག་ལྔ་པ་དེའི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །དེ་དག་གིས་སྔར་མ་བྱུང་བའི་སྒྲ་ཐོས་ནས་མཆོག་ཏུ་རབ་ཏུ་དགའ་བའི་ཡིད་ཀྱིས་ཤིན་ཏུ་རྟག་པར་རྣ་བའི་རྣམ་པར་ཤེས་པ་ཨུད་པ་ལ་དམར་པོའི་ 70-1-35b འདབ་མའི་གསེབ་ཏུ་སོང་བས་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དང་ལྷན་ཅིག་ཏུ་དེ་དག་རྣམས་དགའ་བར་འགྱུར་རོ། །གཞན་ཡང་འདི་ལྟ་བུའི་རྩེད་མོ་རྣམས་དེ་དག་རྣམས་ཀྱི་སེམས་ལ་འབྱུང་སྟེ། མ་ལ་བདག་ཅག་འདིར་གནས་ནས་རྩེད་མོ་རྣམ་པར་རྒྱུ་བ་རྣམས་ཀྱི་ བདག་ཅག་རྣམས་འདི་ན་ཀུན་ནས་གནས་པ་ཉིད་ཀྱིས་ཨུད་པ་ལ་འདི་ནམ་མཁའ་ལ་འཕགས་ན་རུང་དེ་དག་རྣམས་སེམས་བསྐྱེད་པ་དང་ལྷན་ཅིག་ཁོ་ནར་ཨུད་པ་ལ་དེ་ནམ་མཁའ་ལ་ཀུན་ནས་ངང་པ་བཞིན་དུ་འཕགས་སོ། །དེ་དག་དེ་ལ་གནས་ནས་མཐོང་བ་ནགས་དང་ཉེ་བའི་ ནགས་དགའ་བ་རྣམས་ལ་ལྷ་གཞན་རང་གི་ལས་དང་འདྲ་བའི་ལོངས་སྤྱོད་པར་བྱ་བ་མཚུངས་པ་ལ་རྩེ་ཞིང་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེ་དག་རྣམས་དེའི་ནང་དེར་སོང་ནས་དཔེ་མེད་པ་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་དེའི་མཐུས་དེ་ལྟར་རྒྱལ་པོ་མུ་སུ་ལུན་དྷ་དང་ལྷན་ ཅིག་ཏུ་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མར་རྩེ་དགའ་ཞིང་ཡོངས་སུ་སྤྱོད་དོ། །དེ་དང་མཚུངས་པར་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་དེ། དམན་པ་དང་འབྲིང་དང་བར་མ་དང་ཁྱད་པར་དུ་འཕགས་པའི་དབང་དུ་བྱས་ནས་དེ་དག་ན་གས་དང་ཉེ་བའི་ནགས་དང་མཚེའུ་དང་དཔལ་ཕལ་ པོ་ཆེ་དེ་དག་རྣམས་ལ་ཡུན་རིང་པོར་དེ་བཞིན་དུ་བལྟས་ནས་གཞན་ཡང་ཡིད་ཀྱི་རྟགས་ཀྱིས་གང་ཡིན་པ་དེ་དང་རྩེ་མོ་ཁང་བུ་སྟོང་ཡོད་པ་རྩེ་མོ་དེར་ཉེ་བར་འགྲོ་བའོ། །བསམ་གྱིས་མི་ཁྱབ་པའི་ལས་ཀྱིས་བྱས་པའི་ས་དེར་གསར་དུ་སྐྱེས་པ་དེས་སླེབ་ནས་མཆོག་ཏུ་རབ་ཏུ་དགའ་བའི་ ཡིད་ཀྱིས་གང་ན་ཨུད་པ་ལ་དམར་པོའི་ཟེའུ་འབྲུའི་གསེབ་ན་མུ་སུ་ལུན་དྷ་སོང་ནས་ལྷ་མོ་དུ་མས་ཡོངས་སུ་བསྐོར་ནས་དགའ་ཞིང་ཀུན་ཏུ་སྤྱོད་པར་བྱེད་དེ་གར་དང་རྔ་སྒྲ་དང་རོལ་མོའི་སྒྲ་དང་གླུ་ཉེ་བར་ལེན་པར་གྱུར་པས་མཆོག་ཏུ་རྒྱ་ཆེ་བ་འཐབ་བྲལ་བ་རྣམས་ཀྱི་ས་ལ། འདོད་པའི་ཡོན་ ཏན་ལྔ་ཕུན་སུམ་ཚོགས་པའི་ཡུལ་གྱི་བདེ་བ་རྣམས་ཉམས་སུ་མྱོང་ངོ ། །མུ་སུ་ལུན་དྷ་དེའི་ཨུད་པ་ལ་དམར་པོའི་འོད་དེ་རྣམས་ཀྱང་ཉེ་འཁོར་ན་མཆོག་ཏུ་དཔེ་མེད་པའི་དམར་པོས་སྣང་བས་ཀུན་ནས་བསྐོར་བ་བཞིན་དུ་སྣང་ངོ ། །དེ་ལྟར་ན་ཇི་ལྟར་མྱ་ངན་མེད་དམར་པོའི་མདོག་ 70-1-36a ཀུན་ནས་འབར་བས་ཀྱང་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ཁོ་ན་བཞིན་དུ་འདི་དག་རྣམས་དེ་ལ་རྣམ་པ་དུ་མར་ལྷའི་བདེ་བ་ཉམས་སུ་མྱོང་བར་བྱེད་ལ་དེ་ནས་སླར་ཡང་ལྷ་གསར་དུ་སྐྱེས་པ་དེ་གང་ན་འཐབ་བྲལ་གྱི་མངའ་བདག་ཡོད་པ་དེར་ལྷན་ཅིག་སྤྱོད་པའི་ འཁོར་དང་བཅས་པ་རྣམས་ཉེ་བར་ལེགས་པར་འགྲོ་བའོ། །ཕྱིན་ནས་ཀྱང་སྤྱི་བོའི་སྟེང་དུ་ཐལ་མོ་སྦྱར་བ་བྱས་ནས་ཕྱག་འཚལ་ལོ། །དེ་ནས་ཕྱག་འཚལ་བའི་གསར་དུ་སྐྱེས་པ་དེ་ལ་མུ་སུ་ལུན་དྷས་ཚིགས་སུ་བཅད་པ་སྨྲས་པ་ཇི་ལྟར། ཚུལ་ཁྲིམས་ཡོན་ཏན་གསུམ་ ལྡན་པ། །གང་ཞིག་སྔོན་བྱས་པ་ཡི་ལས། །ལས་དེའི་རྣམ་པར་སྨིན་པ་ནི། །བདེ་བ་འདི་དག་ཉེ་བར་གནས། །བག་མེད་དབང་དུ་འགྲོ་བ་ཡིས། །དེ་ཟད་པར་ནི་མི་བྱའོ། །ཕྱིར་ཞིང་དགེ་བའི་ལས་གཞན་ཡང ། །རབ་ཏུ་བརྩོན་པས་དེ་དག་བྱ། །དགེ་བའི་ལས་རྣམས་བཟང་པོ་ ཡིན། །མི་དགེ་བ་ཡང་སྤང་བར་བྱ། །དགེ་དང་རྗེས་འབྲལ་བདེ་བའི་མཆོག་།མི་དགེས་ཇི་བཞིན་དོན་མིན་ཡིན། །སྟོབས་དང་སྤྲོ་བ་མ་ལོག་པར། །མི་གང་དགེ་བའི་ལས་བྱེད་པ། །དེ་ནི་རྟག་ཏུ་བདེ་འགྱུར་དང ། །མྱ་ངན་འདའ་བར་འགྲོ་བ་ཡང ། །གང་ཞིག་བག་མེད་ཀུན་ རྙེད་ནས། །མི་གང་དགེ་ལ་མི་འཇུག་པ། །དེ་ནི་དགེ་བའི་ལས་ཀྱི་མཐའ། །ཟད་ནས་དམྱལ་བར་རྒྱུག་པ་ཡིན། །རབ་ཏུ་བརྩོན་པས་ལེགས་བྱས་པའི། །དགེ་བ་ཤིན་ཏུ་རྣམ་དག་གིས། །གང་ལ་སྡུག་བསྔལ་མི་དམིགས་པའི། །བསོད་ནམས་གོ་འཕང་དེ་འཐོབ་བོ། །གང་ ཡང་དབང་རྣམས་དབང་གིས་དང ། །ཡུལ་རྣམས་ལ་ཡང་དེ་བཞིན་ཏེ། །འཆིང་བ་ཀུན་གྱིས་དེ་བཅིངས་ནས། །འཁོར་བའི་ལམ་དུ་འཇུག་པ་ཡིན། །སྡིག་པའི་ཆོས་ཀྱིས་མ་གོས་པའི། །ལེགས་པར་སྦྱངས་པའི་གསེར་འདྲ་བ། །སྲིད་པའི་དགོན་པ་ལས་གྲོལ་ནས། །དེ་ ནི་ཀུན་ནས་བདེ་བར་གནས། །དོན་མིན་འདི་རྣམས་རྩ་བ་ནི། །གང་ཞིག་བག་མེད་རྗེས་སྟེན་པའོ། །དེ་ཉིད་སྤངས་པ་མཆོག་ཡིན་ཏེ། །སྐྱིད་ཆེན་ཐམས་ཅད་བྱེད་པ་ཡིན། །བདེ་དང་ཡང་དག་ལྡན་པ་ཡིན། །གསར་སྐྱེས་དེ་ནི་ཁྱོད་ཡིན་པས། །ཇི་ལྟར་ཆུ་ལ་ཉ་རྗེས་འགྲོ། །དེ་བཞིན་བློ་ཡིས་ 70-1-36b རྗེས་སུ་བསྒྲུབས། །མཐོ་རིས་བག་མེད་དབང་འགྲོ་དང ། །ལྷ་གང་བུད་མེད་དབང་སོང་བས། །དེ་ན་བུད་མེད་མེས་བསྲེགས་ནས། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །དེ་ཕྱིར་རབ་ཏུ་བརྩོན་པ་ཡིས། །ལྷས་ནི་བུད་མེད་ཡོངས་སྤང་བར། །བྱའོ་འདོད་པ་འཇིག་རྟེན་གྱི། །ཡིད་རྣམས་འཛིན་པའི་འཆིང་བ་ཡིན། ། དོན་དང་དོན་མིན་ལ་རྣམ་རྨོངས། །ཆོས་དང་ཆོས་མིན་ཡང་དེ་བཞིན། །སྐྱེས་བུ་སྐལ་བ་ཆུང་བ་ལ། །མྱ་ངན་འདས་པ་དེ་ལ་རིང ། །ལྕི་བ་ཡང་བ་དེ་ཉིད་ཤེས། །བརྟགས་པ་ཆོས་ཀྱི་སྤྱོད་ཡུལ་ཅན། །ཆོས་འདོད་འབྲས་བུ་འདོད་པ་ནི། །བདེ་བ་དེ་འདྲ་འཐོབ་པ་ཡིན། །དབང་པོ་ རྣམས་ཀྱིས་རྟག་ཏུ་ཡང ། །ཁྲིད་བྱེད་སེམས་ནི་གདུལ་དཀའ་བ། །ལེགས་པར་འཛིན་བྱེད་གང་འཛིན་པ། །བརྟེན་དེ་ཕ་རོལ་འགྲོ་བ་པོ། །ཡུལ་རྣམས་ལ་ནི་ཁྱབ་པའི་ཡིད། །ཐག་པས་གཡོ་བའི་ཡིད་འཛིན་པ། །བློ་ལྡན་ལེགས་པར་འཛིན་བྱེད་གང ། །ལྷ་དེ་འཇིག་རྟེན་མཁས་ པ་ཡིན། །ཉེ་བར་ལོངས་སྤྱོད་ཡིད་དགའ་བའི། །བདེ་བ་དུ་མ་ཐོབ་པ་ལ། །གང་ཞིག་འདོད་ལ་ཆགས་མིན་པའི། །མི་དེས་བདེ་ལེགས་ཐོབ་པར་འགྲོ། །དགེ་བའི་ལས་དེ་ཁྱོད་ཀྱིས་བྱས། །དགའ་བའི་ཡུལ་གྱི་ངམ་གྲོག་གི། །འཐབ་བྲལ་སྲིད་པ་ཁྱོད་ཀྱིས་ཐོབ། །ཡིད་ནི་བག་ མེད་མ་བྱེད་ཅིག་།དེ་ལྟར་སྐྱེས་པ་དེ་ཡང་ནི། །བྱེ་བྲག་དེ་བཞིན་ཐེར་འབུམ་ཕྲག་།ལྷ་དང་ལྷ་མོ་ཚོགས་ཉིད་ཀྱིས། །ལས་འབྲས་སྐལ་བ་དང་ལྡན་པ། །སེམས་ཀྱིས་ཡོངས་སུ་སྤྲུལ་པ་ཡི། །ལས་ཀྱི་འཕྱང་མོ་རྟོགས་པར་དཀའ། །གང་ལ་བརྟེན་ནས་འཁོར་བ་འདི། ། སྲོག་ཆགས་གཏི་མུག་གིས་བསླུས་སོ། །སྐྱེ་དང་འཆི་བའི་འཁོར་ལོ་ནི། །ཡན་ལག་བཅུ་གཉིས་ལ་སྤྱོད་པས། །འཇིག་རྟེན་འཁོར་ཞིང་འཁོར་བ་སྟེ། །འཁོར་བ་འདི་ནི་སེམས་ཀྱིས་བསླུས། །ལྷ་རྣམས་འདི་དག་ཐམས་ཅད་ཉིད། །སོང་ཞིང་འགྲོ་དང་འགྲོ་བ་ཡིན། །བཻ་དཱུརྱ་ རྩེ་དགའ་བ་དང ། །རྩེ་མོ་དགའ་བ་གནས་པ་ཡིན། །དེ་བཞིན་ནགས་ཀྱི་ཕྲེང་གཞན་ཡང ། །རི་རྣམས་དེ་དང་འདྲ་བ་ཡིན། །སྐྱེ་བོ་རྣམས་ནི་རྗེ་བར་འགྱུར། །ཚལ་དང་སྐྱེད་ཚལ་དགའ་བ་དང ། །ས་གཞིའི་ཆ་ཤས་ཐམས་ཅད་ནི། །འགྱུར་བ་མེད་པ་ཉིད་དུ་གནས། །སྐྱེ་ 70-1-37a བོ་རྣམས་ནི་སྣོར་བ་ཡིན། །ཡུ་བ་བཻ་དཱུརྱ་རང་བཞིན། །གསེར་གྱི་ཁྱད་པར་ཅན་དག་གི། །པད་མའི་རྫིང་རྣམས་དེ་ཁོ་ནས། །སྐྱེ་དགུ་རྣམས་ནི་རྗེ་བ་ཡིན། །མཚོ་དང་ཆུ་ཀླུང་དགའ་བ་ལ། །བྱ་ཡི་ཚོགས་ཀྱིས་ལེགས་བསྟེན་པ། །དེ་ཉིད་བཞིན་དུ་རྣམ་འགྱུར་ མེད། །སྐྱེ་བོ་འདི་རྣམས་ངེས་པར་རྗེ། །དེ་བཞིན་གཞལ་མེད་ཁང་རྣམས་དང ། །ཡང་ཐོག་རྩེ་ཡང་དེ་བཞིན་དུ། །འགྱུར་བ་མེད་པར་གནས་པ་ཉིད། །སྐྱེ་བོ་རྣམས་ནི་རྗེ་བ་ཡིན། །རྗེ་བར་བྱེད་པའི་འཕྱང་མོ་དང ། །ཡུལ་རྣམས་ཀྱིས་ཀྱང་བསླུས་པ་ལ། །དེ་ལྟ་ན་ཡང་འཇིག་རྟེན་གྱི། ། སྙིང་ལ་སྐྱོ་བའི་མིང་མི་སྐྱེ། །འཁོར་བ་ལ་ནི་རྒྱུ་བའི་སེམས། །གོམས་པའི་དབང་གིས་རྩུབ་འགྱུར་བའི། །སྡུག་བསྔལ་ཆེན་པོ་གཞན་གང་ནི། །སྙིང་གིས་ཚོར་བ་མ་ཡིན་ཏེ། །ཕྱུགས་ཞགས་ཁྲིམས་ཀྱི་ཁོག་ཚེ་ཡི། །འཆིང་བ་ཇི་བཞིན་འགའ་མེད་པས། །རེ་རེ་ཞིང་ནི་ཀུན་གསོད་པ། ། ལྷག་མ་རྣམས་ལ་འཁྲུལ་པ་མེད། །ཅེས་སོ། །དེ་ལྟར་མུ་སུ་ལུན་དྷ་དེས་ཆོས་ཀྱིས་ཁོང་བརྣངས་པའི་ཡིད་ཀྱིས་རྗེས་སུ་གདམས་སོ། །གདམས་ནས་ཀྱང་སླར་ཡང་ལྷ་བརྒྱ་སྟོང་དུ་མས་རྗེས་སུ་འབྲང་བར་གྱུར་པས་ཨུད་པ་ལ་དམར་པོ་དེ་ལས་གཞན་འཇིག་རྟེན་ཐམས་ཅད་པ་ཞེས་བྱ་ བའི་རིའི་རྩེ་མོ་དེར་རྗེས་སུ་འགྲོ་བར་བྱེད་དོ། །རྩེ་མོ་འཇིག་རྟེན་ཐམས་ཅད་པ་དེ་ཡང་དཔག་ཚད་ལྔ་བརྒྱར་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རིགས་དང་ལྡན་པ། འབབ་ཆུ་དང་མཚེའུ་དང་།པད་མའི་རྫིང་བུ་དང ། ནགས་ཚལ་དང ། སྐྱེད་མོས་ཚལ་དང ། མེ་ཏོག་དང ། བྱའི་ཚོགས་ རྣམས་ཀྱིས་ཀུན་ཏུ་གང་བ་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་དང ། རིའི་ཡན་ལག་དང་ཉིང་ལག་རྣམས་ཡོན་ཏན་ཐམས་ཅད་དང་ལྡན་པ། འབབ་ཆུ་དང་མཚེའུ་དུ་མ་ཕུན་སུམ་ཚོགས་པ་དེར་མུ་སུ་ལུན་དྷ་འདིས་སླེབ་པ་དང་དགའ་བས་རྣམ་པར་རྒྱུ་བར་བྱེད་དོ། །འཇིག་རྟེན་ ཐམས་ཅད་ཀྱི་རིའི་རྩེ་མོ་དེ་ན་ཡང་དཔག་ཚད་ལྔ་བརྒྱར་དགའ་བ་འདི་ལྟ་བུ་རྣམས་ཡོད་པ་ལ་འདི་ལྟ་སྟེ། རྩེ་མོ་དེའི་རྩ་བའི་ཉེ་འཁོར་རྣམས་ན་མཐོང་ན་དགའ་བ་ཞེས་བྱ་བའི་རྫིང་བུ་དེ་རྣམས་ཀྱིས་རྩེ་མོ་དེ་ཡོངས་སུ་བསྐོར་ནས་དེའི་དབུས་ན་རཝ་བཞིན་དུ་རྩེ་མོ་འདི་ལེགས་པར་གནས་སོ། ། 70-1-37b འདི་ལ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཁོར་ཡུག་ཏུ་བྱས་པའི་བང་རིམ་རྣམས་ཡོད་དོ། །དེས་རྩེ་མོ་འདིའི་མཆོག་དེ་ཀུན་ནས་སྣང་བར་འགྱུར་རོ། །ཉེ་འཁོར་ཀུན་ལས་དཔུང་པ་ལྟར་མཐོ་བར་གྱུར་པས་ལྷའི་འཇིག་རྟེན་ལས་དེ་དཔག་ཚད་ལྔ་བརྒྱས་མཐོ་བ་རྩེ་མོ་དེའི་ཉེ་འཁོར་རྣམས་ན་ཡང་ སྟེགས་བདུན་རྒྱན་གྱི་རང་བཞིན་སྣང་བར་བྱས་ཏེ་བརྟོལ་བར་གྱུར་ནས་རྣམ་པར་གནས་པར་གྱུར་པ་ལ་འདི་ལྟ་སྟེ། གསེར་གྱི་རང་བཞིན་གྱི་སྟེགས་བུ་དང ། དངུལ་གྱི་རང་བཞིན་གྱི་སྟེགས་བུ་དང་བཻ་དཱུརྱའི་རང་བཞིན་གྱི་སྟེགས་བུ་དང་ཨིན་དྲ་ནཱི་ལའི་རང་བཞིན་གྱི་སྟེགས་བུ་དང ། སྤུག་གི་རང་བཞིན་གྱི་སྟེགས་བུ་དང་པད་མ་རཱ་གའི་རང་བཞིན་གྱི་སྟེགས་བུ་དང ། དབྱིག་གི་རང་བཞིན་གྱིས་ཡོངས་སུ་བསྐོར་བའི་སྟེགས་བུ་དེ་རྣམས་ཀྱིས་དེའི་ཉེ་འཁོར་ཡོངས་སུ་ཁྱབ་པ་མཆོག་ཏུ་རྒྱ་ཆེ་ཞིང་མཛེས་པའི་མཆོག་ཏུ་དགའ་བར་གྱུར་པའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་ མཐོང་ཞིང་ཐོས་ན་མཆོག་ཏུ་ཡིད་འཕྲོག་པ་རིན་པོ་ཆེའི་མཆོག་དང་ལྡན་པས་ཤིན་ཏུ་རྣམ་པར་གསལ་ལོ། །དེ་ནས་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་གང་ན་འཇིག་རྟེན་ཐམས་ཅད་པ་དེར་ལྷ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་སོང་ངོ ། །ལྷ་ཁྲག་ཁྲིག་དུ་མས་རྩེ་ མོ་ཀུན་ནས་མཐོང་ངོ ། །མཐོང་ནས་ཀྱང་འདི་སྐད་བརྗོད་དེ། འཐབ་བྲལ་འཇིག་རྟེན་མ་ལུས་ལས། །དཔུང་པ་བཞིན་འདིར་མཐོན་པོར་སྣང ། །འཇིག་རྟེན་ཐམས་ཅད་ལ་རྟག་ཏུ། །ལྷ་ཚོགས་འཇིག་རྟེན་རྣམས་ཀྱིས་བསྟེན། །རྣམ་པར་སྣང་བྱེད་རི་ཡི་མཆོག་།རིན་ཆེན་ལྡན་པ་བཞིན་ དུ་སྣང ། །རབ་ཏུ་དང་བའི་ཆུ་དང་ནི། །པད་མའི་རྫིང་བུ་ཡང་དག་ལྡན། །ནགས་དང་ཉེ་ནགས་དགའ་བ་ལ། །བྱ་དང་རི་དགས་དག་གིས་བསྟེན། །དགའ་ལྡན་རི་ཕུག་རྒྱ་ཆེན་ཅན། །ནམ་མཁའ་བརྟོལ་ནས་མཐོན་པོར་གནས། །ལྷ་རྫས་ཕྲེང་བས་བརྒྱན་པ་ཡི། །ལྷ་རྣམས་ རྟག་ཏུ་སྟེན་འགྱུར་ཏེ། །གླུ་གར་རབ་ཏུ་དགའ་བ་དང ། །ལྷ་རྣམས་དག་ནི་ཐམས་ཅད་ཀྱིས། །རྔ་སྐད་ཡན་ལག་ལྔ་པས་ནི། །དགའ་བ་བཞིན་དུ་མཚོན་པར་བྱེད། །དགའ་བ་ཆེན་པོའི་རྩེ་མོ་འདི། །འོད་ཀྱི་ཕྲེང་བས་ཀུན་ཏུ་ཁྱབ། །ལས་རྣམས་ཡོན་ཏན་གསུམ་ལྡན་པའི། ། 70-1-38a ལེགས་པར་བྱས་པ་མཛེས་པ་འདི། །ཉེ་འཁོར་གང་ལ་ཀུན་བརྟེན་ནས། །ལྷ་ཡི་ཚོགས་ནི་རྩེ་བྱེད་པར། །བདག་ཅག་ཀྱང་ནི་དེར་བརྟེན་ལ། །རྣམ་མང་བདེ་ལ་བདག་དགའ་བྱ། །འདོད་ལྡན་རྣམ་ཉིད་བདེ་དོན་དུ། །ས་འདི་ཀུན་ནས་གནས་པ་ཡིན། །འཆི་འཕོ་ ཉིད་དང་སྐྱེ་བ་རྣམས། །དེ་བཞིན་ལྷ་འདི་རྣམས་བྱིས་པ། །བག་མེད་པས་ཕྲོགས་སེམས་ཅན་རྣམས། །འཆི་བདག་ཤེན་པའི་དབང་གིས་འགྲོ། །ངེས་པར་འཁྲུལ་པ་དང་བྲལ་བར། །འཆི་བ་ཕྱུགས་བཞིན་རྟོགས་པ་མིན། །དེ་ལྟར་མུ་སུ་ལུན་དྷ་དེས་འཇིག་རྟེན་ཐམས་ཅད་པའི་རྩེ་མོ་ མཐོང་བ་དང་མཆོག་ཏུ་དགའ་བའི་ལྷ་དང་ལྷ་མོ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ཕྲག་དུ་མས་ལེགས་པར་གང་བ་ཡུལ་དུ་མ་ལ་རབ་ཏུ་ཆགས་པའི་ཡིད་ཅན་རྣམས་མཐོང་བ་དང་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་མ་མཐོང་བའི་ལྷ་རྣམས་མཐོང་བ་དང ། བག་མེད་པའི་གནས་པས་སྲེད་པའི་སྦྱོར་བ་དང་ ལྡན་པ་ནི་ངོམས་པ་མེད་པས་འདོད་པའི་མེས་ཚིག་པར་གྱུར་པ་རྣམས་མངོན་པར་མཐོང་ནས་ཐུགས་རྗེས་རྗེས་སུ་བརྩེ་བས་ཀྱང་ཚིགས་སུ་བཅད་པ་རྣམས་བརྗོད་དོ། །བརྗོད་ནས་ཀྱང་ཕྱིར་ཡང་གང་ན་འཇིག་རྟེན་ཐམས་ཅད་ཡོད་པ་དེར་ཉེ་བར་ལེགས་པར་སོང་ངོ ། །ཡང་ངེས་པ་ཁོ་ནར་ལས་ ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པས་མྱོང་བར་འགྱུར་བ་ངེས་པས་ཁྲིད་ནས་དགའ་བའི་གཡོ་བར་གྱུར་པས་དེ་ཡང་ལྷ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་གཞན་ཡང་དེ་ཉིད་ཀྱི་སྐྱེད་མོས་ཚལ་གྱི་ལྟད་མོ་ལ་འཇུག་ཅིང་རྩེ་མོ་ལ་འཁོད་དོ། །དེ་དག་རྣམས་མཐོང་ནས་ཀྱང་ལྷ་གང་དག་འདོད་པའི་ཡོན་ ཏན་ལྔ་དང་ལྡན་པས་དེའི་ཚེ་རྩེ་མོ་དེ་ལ་དགའ་དགུར་ཀུན་ཏུ་སྤྱོད་ཅིང་དགའ་བའི་ཟས་ཀྱིས་རྣམ་པར་རྒྱུ་བ་རྣམས་འགའ་ཞིག་ནི་ནམ་མཁའི་དཀྱིལ་དུ་བྱུང་ནས་རབ་ཏུ་གནས་སོ། །གཞན་ནི་རྣམ་པ་སྣ་ཚོགས་པའི་ཕྲེང་བ་དང་བྱུག་པས་ལུས་བྱུག་གོ། །གཞན་ནི་བྱའི་རང་བཞིན་གྱི་ གཞལ་ཡས་ཁང་གི་ནམ་མཁའ་ལའོ། །གཞན་ནི་ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་གང་ན་འཐབ་བྲལ་གྱི་མངའ་བདག་ཡོད་པ་དེར་འགྲོ་བར་འགྱུར་རོ། །གཞན་ནི་རྔ་སྐད་ཡན་ལག་ལྔ་པ་རྗེས་སུ་ཆགས་པས་དེ་གང་གིས་འདོད་པ་ཀུན་ཏུ་སྐྱེད་པས་ཡོངས་སུ་སྐོར་ཞིང་ 70-1-38b ལྷན་ཅིག་སྤྱོད་པ་རྣམས་ཀྱང་རྒྱན་དང་ཆ་ལུགས་དུ་མའི་གཟུགས་འཛིན་པ་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། གང་ན་རྒྱལ་པོ་དེ་འོང་བར་གྱུར་པ་དེར་འགྲོ་བར་འགྱུར་རོ། །ལྷ་གཞན་ནི་རང་ཉིད་ཁོ་ན་ལྷའི་རྙིང་པ་མེད་པ་མེ་ཏོག་ལྷ་རྫས་ཀྱི་དྲི་དང་ལྡན་པའི་མེ་ཏོག་གི་ཆར་འབེབས་ པར་འགྱུར་ཞིང་གང་ན་འཐབ་བྲལ་བའི་མངའ་བདག་འོང་བར་གྱུར་པ་དེར་ཉེ་བར་ལེགས་པར་འགྲོ་བའོ། །ཡང་ལྷ་གཞན་ནི་གསེར་གྱི་རྔ་ཆེན་པོ་དང་པི་བང་དང་ཁར་རྔ་དང་སིལ་སྙན་དང ། གཞན་གྱི་སྒྲ་སྙན་པ་དང་གླུ་ལེན་པ་དང་ལྡན་པས་གང་ན་འཐབ་བྲལ་བའི་བདག་པོ་མུ་སུ་ལུན་དྷ་འོང་བ་དེར་ ཉེ་བར་འགྲོ་བའོ། །ཡང་ལྷ་གཞན་མེ་ཏོག་དྲིར་ལྡན་ཆེན་པོའི་ཆང་གིས་མིག་རྣམ་པར་འགྱུར་བ་རྣམས་ལྷ་རྫས་ཀྱི་ཕྲེང་བ་ཐོགས་ནས་ནམ་མཁའ་ལ་གནས་པའི་གོས་རླུང་གིས་རྣམ་པར་གཡོ་བར་གྱུར་པས་གང་ན་འཐབ་བྲལ་གྱི་བདག་པོ་དེ་ཡོད་པར་ཉེ་བར་འགྲོ་བར་འགྱུར་རོ། །ཡང་ ལྷ་གཞན་ནི་ནམ་མཁའི་དབྱིངས་སུ་འཕགས་ནས་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་གང་ན་བ་དེར་འགྲོའོ། །དེ་ལྟར་ལྷ་དུ་མ་རྣམས་རྒྱན་དང་ཆ་བྱད་དུ་མ་དང་གཟུགས་དུ་མ་རྣམས་ཀྱིས་ཏེ། ཇི་ལྟར་ལས་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པས་གཟུགས་དང་ཆ་ བྱད་དང་རྒྱན་དང་ལྡན་པ་རྣམས་གང་ན་འཐབ་བྲལ་གྱི་མངའ་བདག་དེ་ཡོད་པ་དེར་མཆོད་པ་རྣམས་བྱ་བའི་རྒྱུ་མཚན་གྱིས་སོ་སོ་ནས་ཉེ་བར་ལེགས་པར་འགྲོ་བའོ། །དེ་ནས་ལྷའི་རྒྱལ་པོ་དེ་ལྷའི་ཚོགས་ཐམས་ཅད་ཀྱིས་མངོན་པར་བསྟོད་པར་གྱུར་ཅིང་གང་ན་རྩེ་མོ་དེ་ཡོད་པ་དེར་ལེགས་ པར་ཕྱིན་ནོ། །རྩེ་མོ་དེ་ཡང་ཕྱིར་ཞིང་ཉིད་དུ་ཤིན་ཏུ་དགའ་བར་ལྷའི་རྒྱལ་པོ་དེས་མངོན་པར་མཐོང་བར་འགྱུར་རོ། །མངའ་བདག་དེས་སེམས་ཅན་རྣམས་ལ་འདོད་པའི་ཡོན་ཏན་དང་ལྡན་པའི་ཡུལ་ལྔའི་བདེ་བ་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དེ། དཔེ་མེད་པ་རྣམ་པ་དུ་མའི་ལྷ་རྫས་རྣམས་ ལེགས་པར་བྱས་པའི་ལས་ཀྱི་མཐུས་ཉི་མ་རེ་རེ་ལ་འཕེལ་བར་འགྱུར་བའི་ནགས་དང་ཉེ་བའི་ནགས་དང ། མཚེའུ་དང་པད་མའི་ནགས་ལ་འདོད་པ་དུ་མ་ལོངས་སྤྱད་ནས་ལྷ་རྣམས་དང་ལྷན་ཅིག་རྩེས་པར་གྱུར་པས་འཐབ་བྲལ་གྱི་མངའ་བདག་དེ་གང་ན་འཇིག་རྟེན་ཐམས་ཅད་པའི་རྩེ་མོའི་ 70-1-39a སྟེང་གིས་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་འགྱུར་རོ། །ལྷའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ནས་ལེགས་པར་བྱས་པའི་ལས་ཀྱི་སྟོབས་ཀྱིས་དང ། ཐབས་མ་ཡིན་པའི་སྒོ་ཀུན་ཏུ་འབྱུང་བའི་སྟོབས་ཀྱིས་ཀྱང་ཇི་སྲིད་ཀྱི་བར་དུ་ལྷའི་བུ་མོ་རྣམས་འཆི་འཕོ་བར་འགྱུར་ བ་མཐོང་བ་དེ་དག་གི་སྔ་རྟགས་གསར་པར་གྱུར་པ་ནི་འཆི་བའི་དུས་ན་འདི་ལྟ་སྟེ། ནུ་མ་དག་རྙིད་པར་འགྱུར་རོ། །གཉེར་མ་སྐྱེ་བའི་ངོ་བོས་མཚོན་པར་བྱེད་པ་དང ། གཡོ་བར་གྱུར་པས་ཀྱང་ཡིན་གྱི་རེག་པས་མེ་ཏོག་བཅིངས་པ་རྣམ་པར་ཉིལ་བ་འབའ་ཞིག་ཏུ་ནི་མ་ཟད་དེ། མགོ་ལ་མེ་ ཏོག་དམར་པོ་གང་དག་བཅིངས་ནས་ཡོད་པ་དེ་དག་སེར་པོར་འགྱུར་རོ། །གཞན་ཡང་འཆི་འཕོ་བའི་རྟགས་སུ་གྱུར་པ་ལ་འདི་ལྟ་སྟེ།ཡང་དག་པ་མ་ཡིན་པའི་འགྲོ་བའོ། །གཞན་ཡང་འཆི་འཕོ་བའི་རྟགས་ཡོད་པ་ནི་འདི་ལྟ་སྟེ། རླུང་གིས་གོས་འདེགས་ཤིང་མ་བཏགས་པའི་ གོས་རྣམས་ཀྱང་བཏགས་པར་འགྱུར་བ་དང ། རེག་བྱ་རྩུབ་པོར་ཡང་འགྱུར་རོ། །གཞན་ཡང་ལྷའི་བུ་མོ་རྣམས་འཆི་འཕོ་བའི་རྟགས་ཡོད་པ་ནི་འདི་ལྟ་སྟེ། ནམ་མཁའ་ལ་འགྲོ་བར་བྱེད་པ་ན་ངལ་བར་འགྱུར་རོ། །ཇི་ལྟར་ཆུ་ལུས་ཀྱི་སྟེང་དུ་འབྱུང་བར་བྱེད་དོ། །རབ་ཏུ་དང་བ་ ཡང་ཤིན་ཏུ་རྙོག་པར་འགྱུར་རོ། །གཞན་ཡང་འཆི་འཕོ་བའི་ལྟས་སུ་གྱུར་པ་ནི་དཔེར་ན་ཤིང་ལ་མེ་ཏོག་འགའ་ཞིག་གི་དོན་དུའམ་འབྲས་བུའི་དོན་དུ་ཉེ་བར་རེག་པ་ན་ཤིང་དེ་ཤིན་ཏུ་རིང་བར་འགྱུར་རོ། །རེག་པར་ནུས་པ་ཡང་མ་ཡིན་ནོ། །ལྷ་གང་ཞིག་ལ་རྣ་བ་གཏོད་པས་རྗེས་སུ་ ཆགས་པར་གྱུར་པ་དེ་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །གཟུགས་ངན་པར་ཡང་མཐོང་ངོ ། །གཞན་ཡང་འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་ལྷ་མོའི་སྐྲ་རྣམས་རླུང་གིས་ཀུན་ནས་སྐྱོད་པར་བྱེད་པ་དང་རྩུབ་པར་ཡང་འགྱུར་རོ། །འཆི་བའི་རྟགས་དེ་དག་རྣམས་ནི་མི་ རྣམས་ཀྱི་རྩིས་ཀྱིས་ཇི་སྲིད་ལོ་སྟོང་གི་བར་དུ་འགྱུར་རོ། །དེ་ནི་དེ་དག་རྣམས་ཀྱི་རྩིས་ཀྱིས་ཉི་མ་བཅུའོ། །དེའི་རྗེས་ཐོགས་སུ་འཆི་འཕོ་བའི་རྟགས་སུ་གྱུར་པ་རྣམས་ནི་ལྷ་དེ་དག་རྣམས་ཀྱི་དེ་དག་ལས་ཉིས་འགྱུར་དུ་འཆི་འཕོ་བའི་རྟགས་གང་དག་གི་རྗེས་ལ་འཆི་བར་འགྱུར་བ་སྟེ་ལྷ་རྣམས་ 70-1-39b རྟག་ཏུ་འདོད་པ་ལ་ཤིན་ཏུ་རྣམ་པར་ཆགས་པས་ཡིད་ཀུན་ཏུ་གནས་པའི་སེམས་པའི་ཡིད་ཅན་དུ་འགྱུར་བ་རྣམས་ཀྱི་རྟགས་ནི་འདི་ལྟ་སྟེ། ལྷ་དེ་དག་རྣམས་ཀྱིས་ས་ལ་འགྲོ་བ་ན་ས་རྩུབ་པར་གྱུར་ཏེ། མནན་ན་ནེམ་ལ་བཏེག་ན་འཕར་བར་ས་གཞི་མི་འགྱུར་རོ། །གཅིག་པུ་ཅིག་མངོན་པར་ དགའ་བའི་ལྷ་མོ་གཉིས་དང་ཉེ་བར་འདྲེ་བར་མི་བྱེད་དོ། །གཞན་ཡང་དེའི་སྐད་ཅིག་ལ་འཆི་འཕོ་བ་ཤིན་ཏུ་ཉེ་བའི་ལྟས་ཡོད་དེ། དཔེར་ན་མི་འདོད་བཞིན་དུ་ས་གཞི་འགུལ་བར་འགྱུར་རོ། །གཞན་ཡང་ཉེ་བར་འཆི་འཕོ་བའི་རྟགས་ཡོད་དེ། དཔེར་ན་གླུ་རྩེད་ཀྱི་གླུ་བརྗེད་པ་དང་ཇི་ལྟ་བ་ བཞིན་དུ་ཞུགས་པ་རྣམས་འགའ་ཞིག་ཀྱང་ཉེ་བར་མཐོང་བར་མི་འགྱུར་རོ། །གླུ་མཁན་དང་གར་དང་གླུ་རྣམས་ཇི་སྟེ་ལས་ཀྱི་ཁྱད་པར་ལས་ལྷ་མོ་རྣམས་ཀྱིས་ལེགས་པར་ཤེས་པ་གྱུར་པ་དེ་ཁོ་ན་བཞིན་ལས་ཡོངས་སུ་ཟད་པས་བརྗེད་པར་ཡང་འགྱུར་རོ། །གཞན་ཡང་དེ་དང་འབྲེལ་བར་ འཆི་འཕོ་བའི་རྟགས་སུ་གྱུར་པ་ནི་གལ་ཏེ་པད་མའི་རྫིང་བུའམ། མཚེའུ་འམ་འབའ་ཆུ་ལ་ཡང་བསྙེན་པ་ན་དེ་ལ་སྐྱེ་བ་གང་དུ་སྐྱེ་བར་འགྱུར་བའི་རྣམ་པ་དེ་ལྟ་བུ་ཉིད་ཀྱི་གཟུགས་ཆུ་ལ་མཐོང་ངོ ། །གཞན་ཡང་དེ་མ་ཐག་ཏུ་འཆི་འཕོ་བའི་ལྟས་ཡོད་དེ། གང་ཡང་འདི་རྒྱན་བཏགས་ པར་གྱུར་པ་རྣམས་ལ་དཔུང་རྒྱན་དང་མགུལ་རྒྱན་དང ། རྩིབ་ལོགས་ཀྱི་རྒྱན་ལ་སོགས་པ་ཀུན་ལྕི་བར་འགྱུར་རོ། །གཞན་ཡང་དེ་མ་ཐག་ཏུ་འཆི་འཕོ་བའི་རྟགས་ཡོད་པ་ལ། འདི་ལྟར་གང་ན་འདུག་པའི་སྟན་གྱི་མཆོག་དེ་ཁ་དོག་རྣམས་ཉམས་པའི་རྣམ་པར་འགྱུར་བ་འབྱུང་ སྟེ། གལ་ཏེ་གསེར་རམ། གལ་ཏེ་བཻ་ཌཱུརྱའི་རང་བཞིན་ནམ། ཨིན་དྲ་ནཱི་ལའི་རང་བཞིན་ཡིན་པ་ལས་དེ་དག་ཐམས་ཅད་ཤིང་གི་རང་བཞིན་དུ་འགྱུར་རོ། །གཞན་ཡང་དེ་མ་ཐག་ཏུ་འཆི་འཕོ་བའི་མཚན་མར་གྱུར་པ་ལ། འདི་ལྟར་གསར་དུ་སྐྱེས་པའི་མཚེའུ་ནི་ཕྱིན་ཅི་ལོག་ཏུ་ མཐོང་ངོ ། །གཞན་ཡང་རྗེས་ཉིད་དུ་འཆི་བའི་དུས་ཀྱི་ཡིན་པའི་འཆི་འཕོ་བར་འགྱུར་བའི་རྟགས་ནི་མཆོག་ཏུ་འཇིགས་སུ་རུང་བ་འདི་ལྟ་སྟེ། རྔུལ་ལུས་པོ་ཐམས་ཅད་ནས་འཛག་པ་ནི་ཇི་ལྟར་མི་རྣམས་བཞིན་ནོ། །གཞན་ཡང་འཆི་འཕོ་བའི་རྟགས་སུ་གྱུར་པ་ལ་དཔེར་ན་ལྷའི་རིགས་ 70-1-40a འདི་དག་རྣམས་མ་ལུས་པ་འཁོར་བར་བྱེད་དོ། །འཁོར་ལོ་ལ་ཞོན་པ་བཞིན་དུ་འཁོར་བར་གྱུར་ནས་སྟོང་པར་མཐོང་ངོ ། །དབང་པོ་ཐམས་ཅད་ལ་ཡང་ཡུལ་དེས་གནོད་པར་འགྱུར་རོ། །དགའ་བ་མེད་པར་ཡང་འགྱུར་བ་དང ། སྙིང་མི་དགའ་བ་རྣམས་ལ་ དམིགས་པར་འགྱུར་རོ། །འདིའི་སྲོག་གི་སྒོ་ལྟ་བུར་གྱུར་པའི་ལས་རྣམས་གང་གི་ཚེ་ཡང་སྐྱེ་བ་གཞན་དུ་སྐྱེ་བར་འགྱུར་བ་ན་དེ་དང་རྗེས་སུ་འཐུན་པའི་སྣང་བ་ཡང་ཀུན་ཏུ་འབྱུང་སྟེ་སྔར་བཞིན་ནོ། །ལྷའི་བུ་མོ་དེ་ཡང་སེམས་མཆོག་དང་བཅས་པའི་དབང་གིས་དེ་བཞིན་དུ་སྲིད་པ་བར་མ་ དོ་ཡིན་ཏེ། དེ་ལྟར་ལྷའི་བུ་མོ་རྣམས་འཆི་འཕོ་བ་མངོན་པར་མཐོང་ཞིང་མཆོག་ཏུ་ཡིད་ཀྱང་བྱུང་ལ་ལྷའི་བུ་མོ་དག་ལོག་པར་ལྟུང་བ་ཡང་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། བུད་མེད་འཇིག་རྟེན་འཆིང་བྱེད་ཡིན། །སླུ་བྱེད་འཐབ་མོ་འཕེལ་བྱེད་ཡིན། །ཆོས་ མིན་ལོག་པར་ལྟུང་རྣམས་ཀྱི། །སྐྱོན་རྣམས་གཞི་ཡང་རྟག་ཏུ་ཡིན། །མི་རྣམས་འཆིང་བ་གང་དེ་རྣམས། །བུད་མེད་ཆགས་དབང་འགྲོ་བས་ཡིན། །དེ་ལྟར་འཆི་བདག་དམག་གི་སྡེས། །སྟོབས་རབ་ཀྱིས་ནི་ཤིན་ཏུ་འཇོམས། །འཇོ་སྒེག་སྨིན་མ་བསྐྱོད་སོགས་པས། །མི་རྨོངས་ མོ་རྣམས་ཀྱིས་སླུས་ནས། །རང་གི་ལས་འབྲས་སྐལ་བ་ཡིས། །འཆི་བདག་དུས་སུ་འབྲོས་པ་ཡིན། །པད་རྫིང་ཉེ་ནགས་བྲག་རྣམས་དང ། །ཆུ་ཀླུང་དང་ནི་ཆུ་བཤལ་ལ། །རྩེད་མོ་མང་དུ་རྩེ་བྱས་ནས། །བུད་མེད་སྡུག་ཀུན་དེ་གར་སོང ། །ངེས་པར་ཡང་ནི་འཆི་བ་དང ། །ངེས་ པར་ཡང་ནི་རྣམ་པར་བྲལ། །དེ་ལྟར་ཡིན་ཡང་སྐྱེས་བུ་རྣམས། །རྟག་ཏུ་ཆགས་པའི་དབང་གིས་འགྲོ། །སྲེད་པ་རྣམས་ཀྱིས་ལན་མང་དུ། །འཇིག་རྟེན་ཐམས་ཅད་རྣམ་ཉམས་བྱས། །གང་དག་བུད་མེད་འཆིང་བ་འདི། །རྨས་ཆེན་བཟོད་པར་དཀའ་བ་ཡིན། །གང་ཡང་འཇིག་རྟེན་ འཆིང་བ་འདི། །འདོད་པའི་འདོད་ཆགས་རང་བཞིན་ཆེ། །དེ་ལྟར་གཞན་ཡང་རྩོལ་བས་ནི། །རྣམ་པར་དཔྱད་ན་རྙེད་འགྱུར་བ། །འདོད་པའི་མདའ་ཡིས་རྣམ་དུ་མར། །མི་བཅོས་ནས་ནི་དེ་གར་སོང ། །བུད་མེད་འདོད་པའི་དབང་འགྲོ་བས། །རང་ཉིད་ཀྱིས་ནི་གཞན་རྒྱལ་བྱེད། །དེ་ 70-1-40b ལྟར་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དེས་མངོན་པར་མཐོང་ཞིང་འཆི་འཕོ་བའི་འཇིགས་པ་བཟློག་པར་མི་ནུས་པ་དུ་མ་ཁ་ནས་བརྗོད་ནས་ངེས་པར་འགྱུར་བའི་སྐལ་བ་ཅན་མངོན་པར་མཐོང་ལ། གང་ལྷ་དེ་དག་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རྣམ་པ་དུ་མར་རྩེ་དགའ་ལ་འཆི་ འཕོ་བའི་འཇིགས་པ་རྟོགས་པར་མི་འགྱུར་བ་རྣམས་ཕྱུགས་དང་མཚུངས་པར་རྟོགས་ནས། ཀྱེ་མ་འཆི་བ་དང་ཉེ་བ་ལ་ཇི་ལྟར་འདི་དག་རྣམས་འཇིགས་པ་ཀུན་ཏུ་སྐྱེ་བར་མི་འགྱུར། དེས་དེ་ལྟར་ཡིད་ལ་བསམས་ནས་འཇིགས་པའི་ཡིད་ཀྱང་དྲག་པོར་བྱས་ཀྱང་གཞན་དག་རྣམས་ ལ་འཆི་འཕོ་བའི་འཇིགས་པ་དེ་གོ་བར་བྱེད་ནུས་པ་ཡང་མ་ཡིན་ནོ། །ཡུལ་དང་དུས་མ་ཡིན་པར་ཆོས་བཤད་པའི་རྒྱུ་མཚན་གྱིས་ཀྱང་མང་བར་འགྱུར་བའི་ཕྱིར་ཏེ། ལྷ་དེ་དག་ཐམས་ཅད་ཀྱང་ཡུལ་རྣམས་ལ་མཆོག་ཏུ་འཛིན་པ་དང ། ཡིད་ཀྱང་དེ་ལ་སོང་བ་སྟེ་དུས་མ་ཡིན་པར་དེ་དག་ རྣམས་ལ་གཞུག་པར་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ནས་དེའི་ནང་འཇིགས་པར་བྱས་ནས་ཕྱིར་ཡང་ལྷ་དེ་དག་རྣམས་རྗེས་སུ་འཇུག་པར་བྱ་བའི་དོན་དུ་རྣམ་པ་དུ་མར་རྩེ་དགའ་ཞིང་ཀུན་ཏུ་ཡང་སྤྱོད་དོ། །དེ་ནས་ལྷ་དེ་འཇིག་རྟེན་ཐམས་ཅད་པའི་རྩེ་མོ་དེ་ལ་ལྷ་གང་དག་ཆེས་མངོན་པར་ དགའ་བར་གྱུར་པའི་པད་མ་དང ། མེ་ཏོག་གི་ཚལ་དང ། ཉེ་བའི་ཚལ་དགའ་བ་དེ་དག་ལ་ལྷ་དང་ལྷ་མོ་ཕན་ཚུན་ལྷན་ཅིག་འགྲོགས་པར་གྱུར་པ་དེ་ལ་སོང་བའི་ཡིད་ཀྱིས་མྱོས་པ་ལ་དོན་གཅིག་པ་ཡུལ་གྱི་སྲེད་པའི་ཚོགས་ཀྱིས་དུག་གི་ཡུལ་ལ་ཆེད་ཆེར་འཛིན་པས་ནགས་དང་ ཉེ་བའི་ནགས་དང ། མཚེའུ་དང་སའི་ཆ་ཤས་ལ་རྣམ་པ་དུ་མར་དགའ་བ་དང་གླུ་ལེན་པ་དང ། བདུད་རྩི་ཡང་མཆོག་ཏུ་དྲི་དང་རེག་བྱ་ཕུན་སུམ་ཚོགས་པ་རྣམས་འཐུང་ངོ ། །རྣམ་པར་རྟོག་པ་དུ་མས་གླུའི་སྒྲས་ཀྱང་དགའ་བར་བྱེད་དེ། དེ་དེ་ལྟར་དགའ་བར་གྱུར་པས་རྩེ་ མོ་དེའི་ནང་ན་དབུས་ཀྱི་སྟེགས་བུ་ཡོད་པ་དེར་རྩེད་མོ་དང་བཅས་པས་རི་ལ་ཉེ་བར་ལེགས་པར་འགྲོའོ། །སྟེགས་བུ་དེ་ཡང་བཻ་ཌཱུརྱའི་རང་བཞིན་དུ་གྱུར་པར་མཐོང་ངོ ། །ལྷ་རྣམས་ལ་ཉམས་ཤིང་རྣམ་པར་འགྱུར་བར་བྱེད་པ་གང་ཞིག་སྐྱེད་དེ། དེ་དག་རྣམས་ཀྱི་རིན་པོ་ཆེ་རྣམ་ 70-1-41a པ་སྣ་ཚོགས་པ་གང་ཡིན་པ་དེ་དག་ཐམས་ཅད་བཻ་ཌཱུརྱ་དེའི་འོད་ཀྱིས་དེ་གཅིག་ཏུ་སྔོན་པོའི་གཟུགས་སུ་མངོན་པར་འགྱུར་རོ། །ཐམས་ཅད་གཅིག་ཏུ་སྔོན་པོའི་ཚོགས་སུ་སྐྱེས་སོ། །ལྷ་དེ་དག་གིས་རྣམ་པ་དེ་ལྟ་བུའི་སྔོན་པོ་དེ་རྣམས་ཉེ་བར་རྟོགས་ནས་མཆོག་ཏུ་ངོ་ མཚར་སྐྱེས་ནས་འདི་སྐད་ཅེས་བརྗོད་པར་གྱུར་ཏེ། ཇི་ལྟར་གཞལ་ཡས་ཁང་བརྒྱ་སྟོང་མང་པོ་བདག་ཅག་གིས་མཐོང་བ་ལ་བཻ་ཌཱུརྱའི་འོད་འདི་ནི་བདག་ཅག་གིས་མཐོང་བའི་འོད་རྣམས་མ་ཡིན་ན་ཇི་ལྟར་དེ་དག་རི་འདི་གང་ཞིག་གི་གཟི་བརྗིད་ཡིན་པར་གྱུར། དེ་ནས་དེ་དག་དེ་ལྟར་བརྗོད་ པ་དང་དེ་ལས་སྔོན་གྱི་ལྷ་ཅིག་གིས་སྔོན་ཐོས་པའི་གཏམ་རྒྱུད་བརྗོད་པ་འདིའི་རྒྱུ་གང་ཡིན་པ་རྣམས་ཇི་ལྟ་བ་བཞིན་དུ་ཉོན་དང ། ལྷ་རྣམས་འོད་སྔོ་ཞིང་ཆེ་བ་གང་ཡིན་པ་འདི་དང་འདི་ལྟ་བུའི་གཟི་བརྗིད་ཀྱང་འདི་ལྟར་རྗེས་སུ་ཐོས་ཏེ། ཇི་ལྟར་འགའ་ཞིག་གི་དུས་སུ་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དུ་གྲགས་པ་ལ་མཆོད་པ་བྱེད་ནས་དགའ་ལྡན་གྱི་མངའ་བདག་རབ་ཏུ་ཞི་བ་འཛམ་བུའི་གླིང་དུ་བབས་པར་འགྱུར་ལ་དེས་འཇིག་རྟེན་ཐམས་ཅད་པའི་རྩེ་མོ་འདིའི་ནོར་བུ་བཻ་ཌཱུརྱ་འདི་དག་ཏུ་ལྷ་དེ་དག་རྣམས་ངོ་མཚར་བ་དང་དགའ་བར་འགྱུར་ བའི་ནོར་བུ་ཅིག་འདིར་བཅུག་གོ། །ཇི་ལྟར་འདིའི་གཟི་བརྗིད་ཀྱིས་འཐབ་བྲལ་བ་རྣམས་ཀྱི་ལས་ཀྱི་འབྲས་བུ་ལྕི་བ་ཉིད་དང་ཡང་བ་ཉིད་ཤེས་པ་དང ། ང་རྒྱལ་ཡང་ཆག་པར་འགྱུར་རོ། །གང་དག་གིས་ཆོས་ཀྱི་གཤིས་དང་ལྡན་པར་འགྱུར་རོ། །འཐབ་བྲལ་བ་རྣམས་དང ། དགའ་ལྡན་པ་རྣམས་ཀྱི་ཁྱད་པར་གང་ཡིན་པ་དེ་ཡང་འཐབ་བྲལ་བ་རྣམས་ཀྱི་ནོར་བུ་འདིས་ཁྱད་པར་དུ་ཤེས་པར་འགྱུར་ཏེ། དེ་དག་རྣམས་རྣམ་པ་དེ་སྲིད་ཀྱི་བདེ་བ་དང་ཡང་དག་པར་ལྡན་ལ་དེ་དག་གི་ཁྱད་པར་གྱིས་བདག་ཅག་རྣམས་གང་ཡིན་པ་ནི་ཅུང་ཟད་ཙམ་དང ། འོད་ཀྱི་ཚད་ དང་མདོག་དང་དབྱིབས་ཤིན་ཏུ་ཆུང་བ་དང་།སྟོབས་ཤིན་ཏུ་ཆུང་བ་དང་ས་རྣམས་ཤིན་ཏུ་ཆུང་བས་ཅི་ཡང་མ་ཡིན་ནོ། །ལས་ཀྱི་མཐའ་རྣམས་ཀྱིས་དེས་ནོར་བུ་དེའི་གཟི་བརྗིད་ཉེ་བར་དམིགས་ནས་ཡིད་མཆོག་ཏུ་ཀུན་ནས་རངས་པར་འགྱུར་རོ། །གང་དག་བག་མེད་པས་ 70-1-41b བག་མེད་པར་གནས་པ་འབྱུང་བར་འགྱུར་བ་དེ་དག་གི་རྒྱགས་པ་དང་བྲལ་བར་འགྱུར་རོ། །ཡང་གང་དག་ཆོས་པ་ཆོས་ཀྱི་རྗེས་སུ་འཇུག་པ་འབྱུང་བར་འགྱུར་ཏེ། དེ་དག་རྣམས་ཕྱིར་ཞིང་ཡང་དེ་ཉིད་ཀྱི་རིགས་སུ་ཇེ་བས་ཇེ་ཆོས་ཀྱི་རྗེས་སུ་འཇུག་པའི་རང་བཞིན་དུ་འགྱུར་རོ། །རྒྱུ་འདིས་ དགའ་ལྡན་གྱི་མངའ་བདག་དེས་ནོར་བུ་འདི་བཅུག་པ་ཡིན་ནོ། །དེ་ནས་ལྷ་རབ་ཏུ་མང་པོ་དེ་དག་ལྷ་དེའི་དྲུང་ནས་ཚིག་འདི་དག་རྣམས་ཉེ་བར་ཐོས་ནས་མཆོག་ཏུ་རངས་པའི་ཡིད་ཀྱིས་ནོར་བུ་དེ་ལྟ་བ་ལ་ངོ་མཚར་བ་ཀུན་ཏུ་སྐྱེས་ནས་འཇིག་རྟེན་ཐམས་ཅད་པའི་རྩེ་མོ་དེའི་ཉེ་འཁོར་ལ་དེ་ཚོལ་ལོ། ། ནོར་བུ་དེ་ཇི་ལྟ་བར་ཕྱོགས་གཅིག་ན་མཐོང་ངོ ། །ཇི་ལྟར་གང་གིས་བརྒྱ་འགྱུར་དུ་འོད་ཟེར་ཀུན་ནས་སྤྲོ་བར་བྱེད་དེ་ནོར་བུ་གཞན་དག་གཟི་བརྗིད་ཆེ་བ་དེ་དག་ལ་ཡང་ནོར་བུ་འདིས་ཟིལ་གྱིས་གནོན་ན་གལ་ཏེ་གཟི་བརྗིད་མེད་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཞན་འཐབ་བྲལ་ནས་ འབྱུང་བའི་ནོར་བུ་གཟི་བརྗིད་ཅན་འོད་དང་ལྡན་པའི་ནོར་བུ་གང་ཡིན་པ་དེ་རྣམས་སྤངས་ནས་ནོར་བུ་དེ་གཅིག་པུ་ཉེ་བར་ལེན་པར་བྱེད་དོ། །ཉེ་བར་བླངས་པའི་ནོར་བུ་དེས་ཀྱང་འོད་ཀྱིས་དཔག་ཚད་སྟོང་ཕྲག་བཅུ་ཁྱབ་པར་བྱས་ནས་གནས་སོ། །འཐབ་བྲལ་བ་རྣམས་ཀྱི་ནོར་བུ་རྣམས་ གང་དང་གང་ཡིན་པ་དེ་དང་དེ་དག་རྣམས་ཐམས་ཅད་འདིའི་འོད་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །ཇི་ལྟར་ཉི་མ་ཤར་བས་གཟའ་དང་སྐར་མ་དང ། རྒྱུ་སྐར་རྣམས་ཀྱི་འོད་ཟིལ་གྱིས་གནོན་ནོ། །དེ་བཞིན་དུ་འཐབ་བྲལ་ནས་འབྱུང་བའི་ནོར་བུ་རྣམས་ཐམས་ཅད་ཟིལ་གྱིས་གནོན་པར་ འགྱུར་རོ། །དེ་ནས་དེའི་གཟི་བརྗིད་དེ་འདྲ་བར་མཐོང་ནས་ལྷ་དེ་དག་ཐམས་ཅད་ཀྱི་ང་རྒྱལ་ཞི་བར་གྱུར་པ་དང ། ཕྱིར་ཞིང་འོད་ཀྱི་ཟིལ་གྱིས་མནན་པས་དམན་པར་གྱུར་པས་ལྷ་དག་ནོར་བུ་དེ་ཉིད་ཁོ་ན་ལ་ལྟའོ། །གང་ཡང་དེ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཚིགས་སུ་བཅད་པ་གསེར་ བཟང་པོའི་ཡི་གེར་བྲིས་པ་ཇི་ལྟར། བག་མེད་པས་ནི་མི་གནས་པར། །རྙོག་པའི་དྲི་མ་སྦྱངས་པ་ཡི། །ལས་རྗེས་རྟག་ཏུ་གང་འཇུག་པའི། །བདེ་བ་དེས་ནི་རྟག་ཏུ་མཐོང ། །སྐྱིད་དེ་པ་དང་སྡུག་པ་དང ། །འཁོགས་དང་རྩེ་མོ་ལང་ཚོ་ཡང ། །འཆི་བདག་རྒྱལ་པོས་རབ་ཏུ་འཇོམས། ། 70-1-42a གཟུགས་བཟང་བ་དང་གཟུགས་ངན་དང ། །སྟོབས་ལྡན་དེ་བཞིན་སྟོབས་མེད་དང ། །མགོན་མེད་པ་དང་མགོན་ཉམས་ཀྱང ། །འཆི་བདག་རྒྱལ་པོས་ཤིན་ཏུ་འཇོམས། །རྒྱལ་པོ་རྣམས་སམ་དེ་བཞིན་བྲན། །རང་བྱུང་དེ་བཞིན་ཁྱིམ་པ་རྣམས། །ཁྲོན་མ་རྣམས་ སམ་འཇམ་པོ་ཡང ། །འཆི་བདག་རྒྱལ་པོས་རབ་ཏུ་འཇོམས། །དབུལ་པོ་མིན་དང་ནོར་མེད་དང ། །ཡོན་ཏན་དེ་བཞིན་ཡོན་ཏན་མེད། །བུད་མེད་རྣམས་དང་སྐྱེས་པ་ཡང ། །འཆི་བདག་རྒྱལ་པོས་ཀུན་ནས་འཇོམས། །བྱེས་ན་གནས་དང་ཁྱིམ་གནས་དང ། །ཆུ་འམ་གལ་ཏེ་ ཐང་ལ་གནས། །རི་ཡི་རྩེ་ལ་གནས་པ་ཡང ། །འཆི་བདག་རྒྱལ་པོས་རྣམ་པར་འཇོམས། །མ་ཉལ་བ་དང་དེ་བཞིན་ཉལ། །ཟ་བ་དང་ནི་དེ་བཞིན་འདུག་།འཇིག་རྟེན་ཐམས་ཅད་རབ་འཇོམས་པ། །འཆི་བདག་རྒྱལ་པོས་རབ་ཏུ་འཇོམས། །ས་གནས་ནམ་མཁའི་ཁང་བུར་ གནས། །དུས་ཀྱི་འཁོར་ལོ་འདི་ཡང་ནི། །འཆི་བདག་རྒྱལ་པོས་རྣམ་པར་འཇོམས། །སྐལ་ལྡན་དེ་བཞིན་བཟང་པོ་དང ། །གསོད་བྱེད་དེ་བཞིན་ཆོས་པ་དང ། །ནད་པ་རང་བཞིན་གནས་ལུས་ཀྱང ། །འཆི་བདག་རྒྱལ་པོས་རྣམ་པར་འཇོམས། །གཏུམ་པོ་རང་བཞིན་བཟང་ རྣམས་དང ། །ནོར་ལྡན་དེ་བཞིན་འཇུངས་པ་དང ། །བག་མེད་པ་དང་བག་ཡོད་ཀྱང ། །འཆི་བདག་རྒྱལ་པོས་འཇོམས་པར་བྱེད། །དམྱལ་བ་དེ་བཞིན་ཡི་དགས་དང ། །དུད་འགྲོ་དེ་བཞིན་མི་རྣམས་དང ། །སྟོབས་ལྡན་སྤྲོ་བ་མ་ལོག་པའང ། །འཆི་བདག་རྒྱལ་པོས་ ཀུན་ནས་འཇོམས། །ལྷ་གང་འདོད་པའི་ཁམས་ན་དང ། །གཟུགས་ཀྱི་ཁམས་ན་གང་གནས་པ། །དེ་ཀུན་ཕྱིར་ལྡོག་མི་ནུས་པའི། །འཆི་བདག་རྒྱལ་པོས་ཀུན་ནས་འཇོམས། །གཟུགས་ཡོད་མེད་པའི་ལྷ་གང་ཡང ། །སྙོམས་འཇུག་ཉེར་ལེན་ལས་སྐྱེས་པ། །དེ་ཀུན་ ཕྱིར་བཟློག་སྟོབས་མེད་པའི། །འཆི་བདག་རྒྱལ་པོས་ཀུན་ནས་འཇོམས། །འདུས་བྱས་ཅུང་ཟད་གང་སྐྱེས་པ། །རྟག་པར་ཡང་དེ་རྣམ་པར་འཇིག་།གང་ལ་འཇིག་པ་ཡོད་མིན་པའི། །འདུས་བྱས་ཅུང་ཟད་མ་མཐོང་ངོ ། །འཆི་བདག་སྟོབས་འདི་ཤེས་བྱས་ནས། ། 70-1-42b འདོད་པའི་སྐྱོན་ཡང་ཐམས་ཅད་དང ། །སྲེད་པའི་སླུ་བྱེད་རྣམས་ལས་དང ། །སྲིད་པའི་མཚོ་ལས་ཆགས་བྲལ་གྱིས། །མྱང་བར་དགའ་བ་འདི་དག་ཀྱང ། །དམྱལ་བ་ཡི་ཡང་རྒྱུ་རྣམས་ཡིན། །འདོད་པའི་ཡུལ་གྱི་འགྱུར་ལྡོག་དེས། །ལྡོག་པར་བྱེད་པས་སྦྲུལ་དང་འདྲ། །དེ་ ལ་སྡུག་བསྔལ་འདི་རྟོགས་ནས། །འཆི་བདག་སྟོབས་ལས་སྟོབས་མེད་པའི། །སེམས་འདི་ལེགས་པར་འདུལ་བར་གྱིས། །དེ་ཡིས་འགྲོ་བ་འདི་འཁོར་བྱེད། །ནགས་དང་ཉེ་ནགས་བྲག་རྣམས་དང ། །གཞལ་ཡས་ཁང་ཡང་ཐམས་ཅད་ལས། །དུས་ཀྱི་མེ་ཡིས་རྣམ་ལྟུང་ བའི། །ལྷ་རྣམས་ཐམས་ཅད་ལྟུང་བར་འགྱུར། །བག་མེད་ཡིད་ཅན་རྨོངས་པ་ཡིས། །ཕྱིར་ཞིང་ཡུལ་རྣམས་དག་གིས་སླུ། །སྲེད་པའི་ཞགས་པས་དམ་བཅིངས་ནས། །ལྷ་རྣམས་ངན་འགྲོ་དག་ཏུ་ལྟུང ། །དེ་ནས་ལྷ་དེ་བཻ་ཌཱུརྱ་ཆེན་པོ་དེར་ཚིགས་སུ་བཅད་པ་འདི་དག་རྣམས་ཐོས་ ནས་གང་དགེ་བ་གོམས་པའི་སེམས་དང་ལྡན་པ་དེ་ཐོས་པ་དང་དེ་ལྟར་མཆོག་ཏུ་སྐྱོ་བར་འགྱུར་རོ། །གང་ཡང་ཡུལ་ལ་ཀུན་ཏུ་རྨོངས་པ་དེ་ཡུལ་དེ་ཉིད་ཀྱིས་རྨོངས་པས་སླར་ཡང་དེ་ཉིད་ལ་དགའ་ཞིང་ཀུན་ཏུ་སྤྱོད་དོ། །དེ་ནས་དེ་དག་འཇིག་རྟེན་ཐམས་ཅད་པར་སོང་ནས་ནོར་བུ་ཉེ་བར་བསྐོར་ ནས་གཞན་ཡང་ནོར་བུ་འདིའི་འོད་རྣམ་པ་དེ་སྲིད་དུ་གྱུར་པ་ལ་ལྷ་མཆོག་ཏུ་ངོ་མཚར་སྐྱེས་ཏེ། དེ་ནས་ལྷ་དེ་རྣམས་རང་བཞིན་ཁོ་ནས་བག་མེད་པར་གནས་པར་འགྱུར་བས་ཡུལ་དུ་མའི་བདེ་བ་ལ་རྣམ་པར་རྟོག་པ་དུ་མས་རྣམ་པ་དུ་མར་དགའ་བར་བྱེད་དོ། །བདེ་བ་གང་ཡིན་པའི་བདེ་བ་ཡང་ དཔེ་བརྗོད་པར་བྱ་བར་ནུས་པ་མ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཕྱིར་ཡང་བག་མེད་པར་གནས་པར་གྱུར་པས་སྣ་ཚོགས་པའི་རྔ་སྒྲ་དང ། རོལ་མོའི་སྒྲ་ཉེ་བར་བསྒྲགས་པར་གྱུར་པས་གང་ན་ཆུ་ཆེན་པོ་ཞེས་བྱ་བའི་ཆུ་ཀླུང་དེར་ཉེ་བར་འགྲོའོ། །བག་མེད་པ་བརྟན་པོའི་སྲེད་པའི་ཞགས་ པས་ཤིན་ཏུ་དྲངས་པར་གྱུར་པ། ཡུལ་ལ་ལྟ་བ་བརྟན་པོ་ཐོགས་པ་མེད་པའི་དུས་ནས་གོམས་པ་དེས་དྲངས་པར་གྱུར་པས་གང་ན་ཆུ་ཆེན་པོའི་ཆུ་ཀླུང་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བ་རྣམ་པ་སྣ་ཚོགས་པའི་རྔ་སྒྲ་དང་གླུས་སྦྲེལ་བའི་སྙིང་ཕན་ཚུན་ལྷན་ཅིག་ཏུ་དགའ་བར་བྱེད་དོ། ། 70-1-43a ཆུ་ཆེན་པོའི་ཆུ་ཀླུང་དེ་ཡང་ལྗོན་ཤིང་དང་པད་མ་དུ་མས་ཁྱབ་པ། རྣམ་པ་སྣ་ཚོགས་པའི་བྱས་སྒྲ་ཀུན་ཏུ་སྒྲོགས་པ། ཐོས་ན་དགའ་བ། པད་མའི་དྲི་མཆོག་གིས་བསྒོས་པའི་ཆུའི་ངོགས་གཉི་ག་ན་མཆོག་ཏུ་རངས་པའི་ལྷའི་ཚོགས་ཀྱིས་གླུ་ལེན་པས་ཡོངས་སུ་བསྐོར་ ནས། ལྷ་དེ་དག་སྲིད་པ་ཆུང་བ་ནས་ཉེ་བར་ལེགས་པར་འགྲོའོ། །དེ་ནས་ཕན་ཚུན་ལྷན་ཅིག་ཏུ་མཆོག་ཏུ་དགའ་བའི་ཡིད་ཀྱིས་དེ་དག་རྣམས་ངོས་དེར་དགའ་བར་བྱེད་དེ། རྔ་སྐད་ཡན་ལག་ལྔ་དང་ལྡན་པ་སྟེ། ཆགས་པ་དང་མཚུངས་པས་དང་སྙན་པས་ཀྱང་ལྷ་དེ་དག་འདོད་པའི་ཡོན་ཏན་ ལྔས་རྣམ་པ་དུ་མར་དགའ་བར་བྱེད་དོ། །ཆུ་ཀླུང་དེ་ཡང་མགྱོགས་པའི་ཆུ་མཆོག་ཏུ་མགྱོགས་པར་འགྲོ་བ་ཡིན་ནོ། །དེའི་ངོས་གཉི་ག་ལ་བྱ་ལོ་འདབ་གཞོན་ནུ་ལ་གནས་པ་ཞེས་བྱ་བ་དེ་ལེགས་པར་བྱ་བའི་ལས་ཀྱིས་བསྐུལ་ནས་མཆོག་ཏུ་དགའ་བའི་ཡིད་ཀྱིས་ལྷ་དེ་དག་རྣམས་ལ་ཕན་པའི་ དོན་དུ་ཚིགས་སུ་བཅད་པ་བརྗོད་པ། རི་གཟར་ཆུ་འབབ་མྱུར་བ་ལྟར། །བདེ་བ་ཐམས་ཅད་རབ་ཉམས་འགྱུར། །བག་མེད་དབང་གིས་འཇུག་པས་ན། །བློ་དང་བྲལ་བས་རིག་པའང་མིན། །ངེས་པར་ལུས་ཅན་རྣམས་ཀྱི་ནི། །སྲོག་དང་བདེ་བ་ཡུད་ཙམ་ཡིན། །དམུས་ལོང་བཞིན་ དུ་དམ་པའི་ལམ། །བློ་བྲལ་བས་ཀྱང་རིག་པ་མིན། །མིག་བྲལ་ལོང་བ་མཆོག་ཡིན་གྱི། །འདོད་པས་རྨོངས་པ་མ་ཡིན་ནོ། །བདེ་བའི་རྗེས་སུ་འབྲང་བྱེད་པའི། །མི་ནི་དམྱལ་བར་ཉེ་བར་རྒྱུག་།སྤྱོད་པ་དམ་པ་དང་ལྡན་པའི། །མིག་མེད་དམྱལ་བར་ལྟུང་མ་ཡིན། །དེ་ཕྱིར་མིག་ མེད་མཆོག་ཡིན་གྱི། །འདོད་དབང་མི་ནི་མ་ཡིན་ནོ། །འདོད་པ་ཕན་པ་བྱེད་མིན་པས། །ལན་ཅིག་མིན་པར་སེམས་རྨོངས་པ། །འདོད་པ་རྣམས་ཀྱིས་རྨུགས་པས་ན། །རང་སེམས་སྐྱོ་བར་འགྱུར་མ་ཡིན། །འདོད་པ་སྤྱོད་པ་རྣམས་ལ་ནི། །ཤེས་དང་རྣམ་པར་ཤེས་ཀྱང་མེད། ། འདོད་པ་ལས་སྐྱེས་སྡུག་བསྔལ་གང ། །བཏང་ནས་སླར་ཡང་འདོད་རྗེས་འབྲངས། །ཀིམ་པའི་འབྲས་བུ་དང་འདྲ་བའི། །འདོད་པའི་དགྲ་བོ་གྲོགས་པོའི་གཟུགས། །འཆི་བདག་སྲིད་པར་ལྟུང་བ་དང ། །ངན་འགྲོར་ཡང་ནི་ཡང་དང་ཡང ། །རྣམ་པ་དུ་མར་འགྲོ་འོང་བ། །ལྡོག་ 70-1-43b པ་མེད་པའི་ཆུ་ཇི་ལྟར། །དེ་བཞིན་མི་རྣམས་བདེ་བ་བརྒྱ། །ཐམས་ཅད་དུ་ནི་ཟློག་པ་མིན། །དེ་ལྟར་ལོ་འདབ་གཞོན་ནུ་ལ་གནས་པའི་བྱ་དེས་ཡང་དག་པའི་ལས་ཀྱིས་བསྐུལ་ནས་ཚིགས་བཅད་བརྗོད་དོ། །དེ་ནས་ལྷ་དེ་དག་ལེགས་པར་བྱམས་པའི་སེམས་དང་ལྡན་པ་དེས་ཚིགས་ བཅད་དེ་ཐོས་ནས་མཆོག་ཏུ་སྐྱོ་བའི་ཡིད་ཀྱིས་སྤྱོད་པར་བྱེད་དེ། ཇི་ལྟར་ཁྱེད་དུད་འགྲོར་གྱུར་པ་རྣམས་ལ་ཡང་དེ་ལྟ་བུའི་ཆོས་ཀྱི་རྗེས་སུ་སོང་བའི་བློ་ཡོད་ན། བདག་ཅག་རྣམས་ནི་མ་ཡིན་པས་དེ་ལྟ་བུ་ལ་འཇུག་པའི་ཡིད་ལ་ནི་ལོག་པར་ལྟུང་བར་འགྱུར་རོ། །དེ་ནས་དེ་ལྟར་ལྷ་དེ་ དག་གིས་ཀྱང་རིག་ནས་འགའ་ཞིག་གིས་ཀྱང་ཆུ་ཀླུང་དེ་ཡོངས་སུ་བཏང་ནས་ཕྱོགས་གཅིག་ན་འདི་ལྟར་ཚིགས་སུ་བཅད་པ་འདོན་པ་ཇི་ལྟར། ལུས་ཅན་ཀུན་གྱི་གསོན་པ་ནི། །ཆུ་ཡི་ཆུ་བུར་འདྲ་བ་ཡིན། །ཆུ་བོའི་རླབས་བཞིན་གཡོ་བ་ཡི། །ལང་ཚོ་རྣམས་ནི་རྣམ་པར་འགྱུར། ། སེམས་ཅན་ལྷག་མ་མ་ལུས་ཀུན། །འཆི་བདག་རྒྱལ་པོའི་དབང་ཡིན་ལ། །སྲིད་མཐར་བྱེད་པའི་ཐབས་དག་པའི། །བློ་སྙིང་སེམས་ཀྱང་མི་སྐྱེད་དོ། །ཇི་སྲིད་ལུས་ནི་མ་སྨས་ཤིང ། །ཇི་སྲིད་སྐྱེ་བོ་ལེགས་དྲི་མེད། །དེ་སྲིད་ཆོས་ཀྱི་ཡིད་དང་གང ། །ངན་སོང་རྣམས་ ཀྱིས་འཇིགས་པར་གྱིས། །དེ་ལྟར་ལྷ་དེ་དག་ཕན་ཚུན་དུ་ཆོས་ཀྱི་རྗེས་སུ་འབྲངས་པའི་འདོད་པ་དག་རྗོད་ཅིང་དེ་ལྟར་ཡུད་ཙམ་ཅིག་དམ་པའི་ཆོས་ཡིད་ལ་བྱས་ནས། དབང་པོ་རྣམས་ནི་སྙེན་པར་དགའ་བ་ཡིན་པའི་ཕྱིར་ན། སླར་ཡང་བསམ་གྱིས་མི་ཁྱབ་པའི་རྣམ་པ་དུ་མར་ འདོད་པ་སྡུག་པ་ཡིད་དུ་འོང་བའི་ཡུལ་གྱི་བདེ་བ་རྣམས་མཐོང་ནས། གང་ན་ལྷ་དེ་དག་དགའ་མགུ་ཞིང་ཀུན་ཏུ་ཡང་སྤྱོད་པ་དེར་དགའ་བས་གནས་པར་བྱེད་པས་ཉེ་བར་འགྲོ་སྟེ། དེ་ལྟར་ཡུལ་གྱིས་ཀུན་ཏུ་རྨོངས་པས་ཉི་མ་རེ་རེ་ཞིང་འཕེལ་བར་འགྱུར་ཏེ། ལྷ་རྫས་ཀྱི་འདོད་པའི་ ཡོན་ཏན་ལྔའི་ཡུལ་ལ་ཀུན་ནས་འཇུག་པའི་རྒྱུས་མཆོག་ཏུ་དགའ་བ་རྣམས་ལ་དེ་ཇི་སྲིད་དུ་འདོད་པ་སྡུག་པ་ལེགས་པར་བྱས་པའི་ལས་དུ་མ་རྣམས་ཟད་པར་མ་གྱུར་གྱི་བར་དེ་སྲིད་དུ་དེ་ལ་དགའ་བར་བྱེད་དོ། །མཆོག་ཏུ་དགའ་བར་འགྱུར་བའི་ལྷ་རྫས་ཀྱི་ཡུལ་ལྔ་དང་ཡང་དག་པར་ལྡན་པ་དེ་ལ་ 70-1-44a དགའ་བར་བྱེད་དོ། །དེ་ཟད་ནས་སླར་ཡང་ལས་ཀྱི་དབང་གིས་འགྲོ་བས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བའོ། །གལ་ཏེ་ཡང་གཞན་རྣམས་ནས་འཆི་འཕོས་ནས་ཀྱང་མི་རྣམས་དང་སྐལ་བ་མཉམ་པར་མིར་སྐྱེས་ན་ཡང་དེ་མཆོག་ཏུ་ལོངས་སྤྱོད་དང་ ལྡན་པར་འགྱུར་རོ། །མཆོག་ཏུ་གནོད་པ་མེད་པ་དང་ལོངས་སྤྱོད་ཅན་དང་རིགས་མཆོག་ཏུ་སྐྱེ་བ་དང ། ཡུལ་ལྗོངས་ཀྱི་མི་ཐམས་ཅད་དང་འཐུན་པ་དང ། ཡུལ་ལྗོངས་ཀྱི་མི་ཐམས་ཅད་ཀྱིས་མཆོད་པ་དང ། འཚེ་བ་མེད་པ་དང་ནད་མེད་པ་མཆོག་ཏུ་ཡིད་གཞུངས་པ་དང་མཆོག་ཏུ་ཡང་བྲན་ ཕོ་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་འཐུན་པར་འགྱུར་རོ། །རྗེས་སུ་ཆགས་པར་འགྱུར་བའི་གྲོང་ཁྱེར་ཕུན་སུམ་ཚོགས་པ་དང་ལྡན་པ་དང་ཡུལ་ལྗོངས་སུ་སྐྱེ་བར་འགྱུར་རོ། །གང་ན་ཆོས་དང་ཆོས་མ་ཡིན་པ་མི་ཤེས་པའི་ཀླ་ཀློར་གྱུར་པའི་ཡུལ་དེར་སྐྱེ་བར་མི་འགྱུར་ རོ། །དབང་པོ་ཡོངས་སུ་རྫོགས་པར་ཡང་འགྱུར་རོ། །ཡིད་རྒྱས་པ་དང་སེམས་དང་བཅས་པ་དང ། མཆོག་ཏུ་དབང་དུ་གྱུར་པའི་བློ་དང་ཡང་ལྡན་པར་འགྱུར་ཏེ། དེ་ཡིས་ལེགས་པར་བྱས་ཤིང་བསགས་ལ་མཆོག་ཏུ་འཕགས་པའི་སྐྱེ་བོ་ལེགས་པའི་ཡོན་ཏན་གསུམ་དང་ལྡན་པ་ནི་ངེས་ པར་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱི་རྒྱུ་འཐུན་པས་ཡིན་ནོ།། །།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་རྩ་བརྒྱད་པ། གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ལ་ཀུན་ཏུ་ ལྟ་བར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཐབ་བྲལ་བའི་ལྷ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡོད་པ་མཐོང་བ་ནི་རྒྱུན་གྱིས་རྒྱུ་བ་ཞེས་བྱ་བའོ། །དེས་ལས་གང་དག་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ། ལེགས་ པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ། དྲང་པོ་དྲང་པོའི་སེམས་དང་ལྡན་པ། ཆོས་པ་ཆོས་ཀྱི་རྗེས་སུ་འབྲང་བ། མ་ཉམས་ཤིང་མ་སྨས་པར་སྤྱོད་པ་སྡིག་པ་ཡོངས་སུ་སྤངས་པ་དེས་འདོད་པ་རྣམས་ཡོངས་སུ་སྤངས་པའི་དགེ་བའི་བཤེས་གཉེན་གྱི་སེམས་དང་ལྡན་པ། ཁ་ན་ 70-1-44b མ་ཐོ་བ་རྡུལ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ། ཡང་དག་པའི་ལྟ་བ་མངོན་དུ་བྱས་པ། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ། རྟག་ཏུ་ཡང་ལས་དང་འབྲས་བུ་ལ་དད་པ་དང་ལྡན་པ། སེམས་ཤིན་ཏུ་མཉམ་པར་བཞག་པས་གང་གིས་ལུས་ཀྱི་ལེགས་པར་སྤྱོད་པ་དང་ངག་གིས་ ལེགས་པར་སྤྱོད་པ་བྱས་པར་གྱུར་པ་ཚུལ་ཁྲིམས་ཡོན་ཏན་གསུམ་དང་ལྡན་པའི་ཚུལ་ཁྲིམས་བསྲུངས་པར་གྱུར་པ་ལ་འདི་ལྟ་སྟེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང ། འདོད་པ་ལོག་པར་གཡེམ་པ་ལས་དེ་ལ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ནི་སྔ་མ་བཞིན་ནོ། །འདོད་ པས་ལོག་པར་གཡེམ་པ་སྤངས་པར་གྱུར་པ་ཡང་ཇི་ལྟར་བུད་མེད་ལ་དར་ཙམ་ཅིག་ཀྱང་སོ་སོར་ལྟ་བ་དང་རོ་མྱང་བར་མི་བྱེད་ལ། མཚན་མོ་ཡང་ཡིད་ཀྱིས་མིག་གི་གཟུགས་དང་ལྷན་ཅིག་ཏུ་རྣམ་པར་རྟོག་པར་མི་བྱེད་དོ། །འདོད་པ་ཆུང་བར་འགྱུར་ཞིང་མཆོག་ཏུ་ཆོག་ཤེས་པ་དང ། ཉིན་ མོ་སྤྱོད་པའི་སར་འགྲོ་བ་ན་ཡང་ཡིད་ཤིན་ཏུ་མཉམ་པར་བཞག་པར་འགྱུར་རོ། །སེམས་ཤིན་ཏུ་ལེགས་པར་གཟུང་བའི་ཐག་པས་འཛིན་པས་དབང་པོ་རྣམས་མྱུར་དུ་འཛིན་པར་བྱེད་དོ། །ལུས་ཀྱི་རྗེས་སུ་འབྲངས་པའི་བློ་དང་ལྡན་པར་འགྱུར་རོ། །སེམས་ལེགས་པར་བསྲུངས་པ་ ལ་ཀུན་ནས་དགའ་བར་འགྱུར་རོ། །ཁམས་དང་སྐྱེ་མཆེད་དང་ཕུང་པོ་རྣམས་ལ་རབ་ཏུ་དཔྱོད་པ་ལ་དགའ་བར་འགྱུར་རོ། །ཚོགས་པ་དང་འདུས་པ་ལ་དགའ་བར་མི་འགྱུར་རོ། །ཉི་མ་ཕྱེད་ཀྱང་སྤྱོད་ཡུལ་ལ་འདྲེ་བར་མི་བྱེད་དོ། །མི་གཡོ་ཅན་ནམ་གཏུམ་མོའམ་ཁྱིམ་ལའང་སྟེན་པར་ མི་བྱེད་དོ། །གྲོང་དུ་འཇུག་པའི་རང་བཞིན་ཅན་དུ་མི་འགྱུར་རོ། །གྲོང་ཁྱེར་དང་ལམ་པོ་ཆེ་དང་བཞི་མདོ་རྣམས་སུ་འགྲོ་བ་དང ། འོང་བའི་ངང་ཚུལ་ཅན་དུ་མི་འགྱུར་རོ། །གཉེན་དང་གྲོགས་ལྟ་བ་ལ་བརྩོན་པར་མི་འགྱུར། དེ་ལ་མྱུར་བའི་བློ་དང་ལྡན་པར་འགྱུར་རོ། །རྟག་ཏུ་ བརྩོན་པ་དང་ལྡན་པར་འགྱུར་རོ། །ཤེས་པ་དང་རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་རྟག་ཏུ་བརྩོན་པར་འགྱུར་རོ། །ཚུལ་བཞིན་ཡིད་ལ་བྱེད་པས་རྟག་ཏུ་ཡང་བླ་མ་ལ་སྟེན་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་བྱེད་པ་པོ་དེ་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་འཐབ་ 70-1-45a བྲལ་གྱི་ལྷ་རྣམས་ཀྱིས་ལས་ཚོགས་པ་རྒྱུན་གྱིས་རྒྱུ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །སྐྱེས་པ་ན་ཡང་འདི་ནི་མཆོག་ཏུ་རོལ་མོ་དང་ལྡན་པ་མཆོག་ཏུ་སྐྱིད་པར་གྱུར་པ་དེའི་རྒྱའི་རྗེས་དང་འདྲ་བའི་བདེ་བ་རྣམ་པ་དུ་མ་དང་ལྡན་པར་འགྱུར་རོ། །ས་དེ་ཡང་རི་གཉིས་ དག་གིས་ཡོངས་སུ་བསྐོར་བ་ཡིན་ཞིང་དེ་ལ་རྒྱུན་གྱིས་རྒྱུ་བའི་རི་ལ་ནགས་བཞི་ཡོད་པ་རྣམས་ལ་འདི་ལྟ་སྟེ། གྲིབ་མ་སྣུམ་ཞིང་ནག་པ་དང ། རྣམ་པ་དུ་མར་འགྲོ་བ་དང་ཐམས་ཅད་སྐྱེ་བ་དང་རབ་ཏུ་དང་བར་འགྲོ་བའོ། །དེ་ལ་སྣུམ་ཞིང་ནག་པའི་ཞད་ཅན་ནི་ཨིན་དྲ་ནཱི་ལ་འབའ་ཞིག་དང་ མཚུངས་པའི་ཁ་དོག་གི་ཤིང་རྣམས་ལ་གསེར་དང་དངུལ་གྱི་འདབ་མ་ཅན་གང་གི་མཛེས་པ་བསྟན་པར་མི་ནུས་པའི་ཕུན་སུམ་ཚོགས་པ་གང་གི་ཡལ་ག་དང་གྲིབ་མ་དཔག་ཚད་ལྔ་བརྒྱ་པ་བརྟོལ་ནས་འགྲོ་སྟེ། ཆེས་གནག་པའི་ཆར་སྤྲིན་བཞིན་ནོ། །དུ་མ་འགྲོ་བའི་ནགས་གཞན་དང་ ཐམས་ཅད་སྐྱེ་བ་ཡང་ནགས་གཞན་ཡིན་ཏེ། དེ་དག་ན་ནི་ཤིང་གི་རིགས་དུ་མ་རྣམས་ཡོད་དེ། ལྗོན་ཤིང་དེ་རྣམས་ནི་ཁ་དོག་དུ་མ་དང་དབྱིབས་དུ་མ་དང ། ཚད་དུ་མ་དང་སྡོང་བུ་དུ་མ་དང་བྱའི་ཚོགས་དུ་མས་བསྟེན་པར་གྱུར་པ་ལ་འདི་ལྟ་སྟེ། གསེར་གྱི་སྡོང་བུ་ལ་དངུལ་གྱི་འདབ་མ་དང་ བཻ་ཌཱུརྱའི་སྡོང་བུ་ལ་བྱི་རུའི་འདབ་མ་དང ། བྱི་རུའི་སྡོང་བུ་ལ་དངུལ་གྱི་འདབ་མ་དང ། འདྲེན་མའི་སྡོང་བུ་ལ་འདྲེན་མའི་འདབ་མ་དང ། འདྲེན་མའི་གྲིབ་མ་དང ། འཁྲི་ཤིང་གིས་ཁྱབ་པའི་ཤིང་རྣམས་ཏེ། ས་གཞིའི་ཆ་ཡང་འཁྲི་ཤིང་གི་ཁང་པས་ཉེ་བར་དབེན་པ། ས་ཕྱོགས་ཀྱི་ ཆ་དེ་ཡང་ཐམས་ཅད་ལས་མཆོག་ཏུ་རྒྱ་ཆེ་བ་དང་མཆོག་ཏུ་དགའ་བའི་བུང་བའི་ཚོགས་རྣམས་སྒྲ་རྣམས་འབྱིན་པས་མཛེས་པ་དང་ལྡན་པ་ཡིན་ལ། རྣམ་པ་དེ་ལྟ་བུ་ནི་ནགས་གཉིས་པ་ཡིན་ཏེ། ནགས་གཞན་ཐམས་ཅད་ངེས་པར་སྐྱེ་བ་ན་ནི་རྣམ་པ་དུ་མའི་འབབ་ཆུ་དང ། ཆུ་ཀླུང་གི་ སྒྲ་གྷར་གྷ་རའི་གདངས་ཀྱི་སྒྲ་རྣམ་པ་དུ་མ་དང་ལྡན་པས་ཆུ་ཀླུང་གི་སྒྲས་ས་ཕྱོགས་ཀྱི་ཆ་ཁྱབ་པར་གྱུར་པའོ། །རྨ་བྱ་དང་ཁུ་བྱུག་གི་སྒྲ་མཉན་པར་སྙན་པས་ཀུན་ནས་གང་བའོ། །གཞན་ཡང་རབ་ཏུ་དང་བར་འགྲོ་བ་ནི་བསྟེན་པར་མི་ནུས་པར་དགའ་ཞིང་གསལ་བའི་ཤིང་གི་གཟུགས་ 70-1-45b རྣམས་ཡིན་ཏེ། ནགས་དང་ཉེ་བའི་ནགས་དང ། པད་མའི་ཚལ་རྣམས་ཀྱི་གྲིབ་མའི་ཚོགས་ཀྱིས་ཚོགས་པ་དེ་དག་ཐམས་ཅད་ཤིན་ཏུ་གསལ་བར་མཐོང་ངོ ། །ཡང་ལྷ་གང་དག་རྒྱུན་དེ་ལ་གནས་པའམ་འདྲེ་བར་བྱེད་པ་རྣམས་ཀྱང་ཀ་ཙའམ། ལྷང་ཚེར་སྲབ་མོས་བར་དུ་ཆོད་ པའི་གཟུགས་བཞིན་དུ་མཐོང་ངོ ། །གཞན་ཡང་རི་དེའི་གཟི་བརྗིད་ཀྱིས་འཆི་འཕོ་བའི་དུས་སུ་རྣམ་པ་གང་གིས་ལྷ་རྣམས་དུས་བྱེད་པར་འགྱུར་བའི་རྣམ་པ་དེ་དང་དེ་དག་ཉམས་པ་མེད་པ་དང་མ་ལུས་པར་ཡང་རྒྱུན་གྱི་རི་དེ་ལ་མཐོང་བར་འགྱུར་རོ། །དེས་འགྱུར་བ་མེད་པར་འཆི་ འཕོ་བ་དེ་མཐོང་ནས་ཀྱང་སྲིད་པ་ལ་ཡིད་འབྱུང་བར་འགྱུར་རོ། །བག་མེད་པ་སྤྱོད་པར་ཡང་མི་འགྱུར་རོ། །དེས་བདག་ཉིད་རྣམ་པར་འཇིག་པར་རིག་པར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སར་སྐྱེ་བ་ནི་དགེ་བའི་ལས་རྣམ་པ་དུ་མ་རྣམས་ཀྱིས་ཡིན་ནོ། །དེས་ན་ དེར་སྐྱེ་བའི་ལྷ་དེ་དག་རྣམས་ནི་དང་པོ་ཁོ་ན་རྒྱུན་གྱི་རི་ལ་སྐྱེ་བར་འགྱུར་རོ། །བག་མེད་པས་གནས་པར་ཡང་མི་འགྱུར་ཏེ། བདག་ཉིད་ལོག་པར་ལྟུང་བས་སོ། །དེ་གསར་དུ་སྐྱེས་པར་གྱུར་པ་ན་ནགས་དང་རྫིང་བུ་དང་སྤྲོ་བའི་པད་མའི་ནགས་ལ་རྣམ་པ་སྣ་ཚོགས་པར་མཆོག་ཏུ་དགའ་ བའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པས་རྔ་སྒྲ་དང ། ལྷའི་བུ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་དགའ་ཞིང་ཀུན་ཏུ་སྤྱོད་པར་བྱེད་དེ། རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མས་རྒྱུན་གྱི་རིའི་ནགས་རྣམས་ལ་སྔར་བཤད་པའི་ལྷ་དེས་སྔོན་དགེ་བའི་ལས་ཀྱི་མཐའ་ རྣམས་ལ་སྤྱད་པས་རྣམ་པ་དུ་མའི་རྣམ་པར་རྟོག་པ་རྣམ་པ་མང་པོ་དང་རང་བཞིན་དུ་མར་ཡང་དགའ་བར་བྱེད་དོ། །ལེགས་པར་བྱས་པའི་ལས་ཀྱི་མཐའ་དེས་མཆོག་ཏུ་སྟོབས་དང་ལྡན་པ་དང་གཟི་བརྗིད་མཆོག་དང་ལྡན་པ་དེའི་འདི་ལྟར་དགའ་བ་ཡིན་ཏེ། རི་དེ་དག་ལས་ཤིན་ ཏུ་ངོ་མཚར་བར་གྱུར་པའི་རང་བཞིན་གྱི་རྒྱུ་མཚན་ལྔ་མཐོང་ངོ ། །གང་དག་ཅེ་ན། འདི་ལྟ་སྟེ། སྐྱེ་བ་གཞན་གང་ལས་འཆི་འཕོས་པ་དེ་མཐོང་ངོ ། །སྐྱེ་བ་གཞན་གྱི་ལས་གང་གིས་དེར་སྐྱེས་པ་དང ། ལྷའི་རིས་དེ་ནས་ཇི་སྲིད་ཅིག་ན་འཆི་བར་འགྱུར་ཞིང་འཆི་འཕོས་པ་ནས་ 70-1-46a ཀྱང་གང་དུ་སྐྱེ་བ་དང ། དེར་ཡང་བདེ་བ་ཇི་སྲིད་ཅིག་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པའོ། །གཞན་གྱི་ལ་ཡང་དེ་བཞིན་དུ་མཐོང་སྟེ། ཡང་ལྷའི་རིས་དེར་དུས་གཞན་ལ་ཡང་ཇི་སྲིད་དུ་བསྐལ་པ་བརྒྱ་འམ། བསྐལ་པ་བྱེ་བ་ཕྲག་བརྒྱ་ན་ཡང་སྐྱེ་བར་འགྱུར་བ་ དེས་མཐོང་ལ། ཇི་ལྟར་བདག་ལྷའི་རིས་འདིར་སྐྱེ་བར་ནི་འགྱུར་གྱི། འོན་ཀྱང་དུས་ཀྱི་འགྲིབ་པ་ནི་མ་གཏོགས་ཏེ། ཤེས་པས་གཞལ་བར་མི་ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དག་རྣམས་ནི་དགེ་བའི་ལས་རྣམས་ཀྱིས་རི་དེའི་གཟི་བརྗིད་ཀྱིས་ངོ་མཚར་བ་འདི་དག་ མཐོང་ངོ ། །དེས་ངོ་མཚར་བ་རྣམ་པ་དུ་མ་ཡང་དག་པར་མངོན་པར་མཐོང་ནས་ཀྱང་རང་གི་ལེགས་པར་བྱས་པའི་ལས་ཀྱིས་ཀྱང་ཡིད་འབྱུང་ངོ ། །སྐྱེ་བ་དང་འཆི་འཕོ་བའི་སྲིད་པའི་ངམ་གྲོག་གི་སྐྱོན་གྱིས་དང་པོ་ཁོ་ནར་བསོད་ནམས་ཀྱི་ལས་རྣམས་ལ་ཡང་ཡིད་འབྱུང་བར་འགྱུར་ རོ། །གཟེར་ཟུག་མི་བཟད་པ་རྣམས་ཀྱིས་འཇིགས་པའི་སྐྱོན་གྱིས་འདྲེན་མ་རྣམས་ཀྱིས་ཀྱང་ཡིད་འབྱུང་སྟེ། འདྲེན་མ་སྲིད་པའི་ངམ་གྲོག་གི་སྐྱོན་རྣམས་དེས་དེ་ལྟར་མཐོང་ནས་རི་ལ་སོང་ནས་ཀྱང་མངོན་པར་ལྟ་བར་བྱེད་དོ། །སླར་ཡང་དེ་འཁོར་བར་སོང་བའི་འཆི་འཕོ་དང་སྐྱེ་བའི་ སྲིད་པའི་ངམ་གྲོག་གི་སྐྱོན་གྱི་ངམ་གྲོག་མི་ཟློག་པ་ཉིན་མཚན་དུ་ཤིན་ཏུ་འཕེལ་བར་འགྱུར་བས་སྡུག་བསྔལ་རྣམ་པ་དུ་མའི་འཕྱང་མོ་རྣམས་མངོན་པར་མཐོང་བར་གྱུར་པས་གཞན་རྣམས་ལ་ཡང་དགའ་བར་མི་འགྱུར་རོ། །ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ཤིན་ཏུ་ཡིད་དུ་འོང་བ་སྒྲ་ དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་ཕུལ་དུ་ཕྱིན་པའི་འབྲས་ཆན་དུག་དང་འདྲེས་པ་ཇི་ལྟ་བ་ཡིན་པའི་ཕྱིར། དེའི་ཚེ་བདེ་བ་མ་ཡིན་ཏེ། དེ་རྣམ་པ་དུ་མས་ལྷ་རྫས་ཀྱི་ཡུལ་གྱི་བདེ་བ་རྣམས་ལ་རབ་ཏུ་ཞེ་སྡང་བར་འགྱུར་རོ། །དེ་ལྟར་རབ་ཏུ་ཞེ་སྡང་བ་དེས་ལྷ་གཞན་དང་ གཞན་རྣམས་ལ་ཡང་ཕན་པ་དང་བདེ་བ་འདོད་པས་རབ་ཏུ་སྟོན་པར་བྱེད་དོ། །དེ་ལ་ལྷ་གང་དག་ལུས་དང་ངག་དང་ཡིད་བསྒོམས་པ་རྣམས་ལེགས་པར་བྱེད་པའི་ལས་ཅན་དུ་འགྱུར་ཏེ། ཇི་ལྟར་གང་དག་ཆོས་སྨྲ་བ་པོ་དམ་པའི་ཆོས་སྟོན་པ་དེས་སེམས་ཅན་གཞན་དག་རྣམས་བག་ 70-1-46b མེད་པས་བག་མེད་པར་གནས་པ་རྣམས་ལ་རྣམ་པ་དུ་མར་ཤིན་ཏུ་གསལ་བར་སངས་རྒྱས་ཀྱི་གསུང་ལེགས་པར་སྟོན་པར་བྱེད་དོ། །སེམས་ཅན་བག་མེད་པ་རྣམས་ཀྱིས་བག་མེད་པ་ལ་གནས་པ་རྣམས་ཡུལ་གྱི་ངམ་གྲོག་དུ་མར་བྱིང་བར་གྱུར་པ་དེ་དག་རྣམས་ལ་འཇིགས་པ་ལྔ་ སྟོན་པར་བྱེད་པ་ནི་འདི་ལྟ་སྟེ། སྐྱེ་བའི་འཇིགས་པ་དང་རྒས་པའི་འཇིགས་པ་དང་ནད་ཀྱི་འཇིགས་པ་དང་འཆི་བའི་འཇིགས་པ་དང་རང་གི་ལས་ཀྱི་འཇིགས་པ་སྟེ། ཇི་ལྟར་ལས་ཀྱིས་སེམས་ཅན་འདི་དག་རྣམས་འབྱུང་བར་འགྱུར་ལ། དེའི་སྐལ་བ་ཅན་དེ་ལྟ་བུར་འབྱུང་བར་ འགྱུར་རོ། །འཐུན་པ་ཡིད་དུ་འོང་བ་དང་འབྲལ་བའི་འཇིགས་པ་དང་འདུས་པ་དང་འབྲལ་བའི་འཇིགས་པ་དང་འཇིགས་པ་དེ་བཞི་གང་དག་གིས་རབ་ཏུ་སྟོན་པར་བྱེད་དོ། །འདོད་པའི་སེམས་ཀྱིས་མ་ཡིན། བསྙེན་བཀུར་འདོད་པས་མ་ཡིན། དྲེགས་པས་དང་བསྒྱིངས་པའི་ རྒྱུས་མ་ཡིན་ཞིང ། མ་འདྲེས་པར་སངས་རྒྱས་ཀྱི་གསུང་སྟོན་ཏོ། །གཞན་དག་གིས་གཞན་དུ་མ་ཐོས་པའི་དཔེ་དང་ལྡན་པ་རྣམས་ཐོས་པ་ཉུང་བའི་འཇིགས་པས་འདིར་སངས་རྒྱས་ཀྱི་གསུང་བག་ཙམ་ཞིག་བརྗོད་པ་ཡིན་ལ། དེས་དུས་འདའ་བར་འགྱུར་བའི་ཕྱིར་ན་རྒྱུ་མཚན་དང་ དཔེ་གཞན་རྣམས་ནི་མ་ཡིན་ཏེ། མ་ཐོས་པ་རྣམས་ཕྱི་ནས་རྗོད་པར་བྱེད་དོ། །རྣམ་པ་སྣ་ཚོགས་པ་རྣམས་འདོད་པས་ནི་དེས་འདའ་བར་འགྱུར་བས་ན་དེས་དེ་ལྟར་ཆོས་འཆད་པར་འགྱུར་རོ། །དེའི་རྒྱུས་དེས་ཀྱང་འཆི་འཕོ་དང་སྐྱེ་བས་བྱས་པའི་འཇིགས་པ་རྣམས་འཁོར་བས་བྱས་ པར་མཐོང་ངོ ། །ཆོས་སྟོན་པ་ཐམས་ཅད་ལས་འབྲས་བུ་མང་བར་འགྱུར་བ་ནི་འདི་ལྟ་སྟེ། མ་དང་ཕ་དང་ནད་པ་དང་ལྟ་བ་ལོག་པ་ཅན་ཞི་བའི་ལྟ་བ་སྐྱེ་བར་བྱེད་པ་དང ། འཆི་བའི་ཡུལ་དང་དུས་ཀྱི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དང ། གང་འདོད་རྒྱལ་བ་རྒྱུ་མེད་པར་འཁོར་ བར་འཇུག་པར་འགྱུར་བ་རྒྱུ་མེད་པའི་འཇུག་པ་ནི་མེད་དོ། །ཆོས་མ་ཐོས་པ་རྣམས་ལ་སྟེ་གང་གིས་ནམ་ཡང་ཆོས་ཐོས་པར་མ་གྱུར་པ་འབྲོག་དགོན་པར་ཞུགས་པ་རྣམས་དང ། ལམ་དུ་འགྲོ་བ་རྣམས་དང ། དེ་ཡང་རྒྱ་མཚོར་རབ་ཏུ་འགྲོ་བ་རྣམས་དང ། གནས་པ་རྣམས་དང ། བག་མེད་ 70-1-47a པ་རྣམས་དང ། རྒྱལ་པོའམ་རྒྱལ་པོའི་བུའམ་ལང་ཚོས་བག་མེད་པར་གྱུར་པ་རྣམས་ཀྱི་རྒྱགས་པ་ཞི་བར་བྱེད་པ་དང ། གང་དག་སྲོག་གཅོད་པ་ལྷག་པར་གྱུར་པ་རྣམས་དང ། བག་མེད་པ་རྣམས་ལ་ཡང་སྲོག་གཅོད་པའི་ཉེས་དམིགས་སྟོན་པའི་དོན་དུ་ཆོས་སྟོན་ པར་བྱེད་པ་དང ། དེས་དེ་སྲོག་གཅོད་པ་ལས་ཟློག་པར་བྱེད་དོ། །འཁྲུག་པ་ལ་དགའ་བའི་སེམས་ཅན་རྣམས་མཐོ་རིས་ཀྱི་ལམ་དང ། ཐོས་པ་ཉམས་པ་རྣམས་རྟག་ཏུ་དེ་ལ་མངོན་པར་བརྩོན་པར་བྱ་བ་དང་སྟེ། ཆོས་རབ་ཏུ་བརྩོན་པ་དུ་མས་དེ་ལྟར་བསྟན་པར་བྱའོ། །བུད་མེད་རྣམས་ཀྱང་ ཕྲག་དོག་གིས་བཅོམ་པ་དང ། སེར་སྣའི་འཇིགས་པའི་སྐྱོན་གྱིས་མ་བགྲུངས་པ་རྣམས་ལ་ཡང་སེར་སྣ་དགག་པའི་དོན་དུ་ཡང་ཆོས་སྟོན་པར་བྱེད་དོ། །དེ་ཟློག་པར་བྱེད་དོ། །གང་ཟག་བཅུ་གཉིས་པོ་དེ་དག་རྣམས་ལ་གང་གིས་ཆོས་བསྟན་པར་གྱུར་པ་དེ་ཡང་དག་པ་ཇི་ལྟ་བས་ཆོས་སྟོན་པ་པོ་ ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་རྒྱུན་གྱི་སར་སྐྱེའོ། །ལས་ཀྱིས་བྱས་པའི་སྐྱེ་བ་དང་འཆི་འཕོ་འདིར་མཐོང་ངོ ། །འཁོར་བ་ཐམས་ཅད་ལ་ཡིད་འབྱུང་བར་འགྱུར་རོ། །ཡང་གང་དག་གིས་ཆོས་བསྟན་པར་མ་གྱུར་པ་དེ་དག་གིས་ནི་བསྟན་པར་བྱས་པ་དེ་ཐམས་ཅད་མ་མཐོང་ བར་གྱུར་ནས་དགའ་ཞིང་ཀུན་ཏུ་སྤྱོད་པར་ཡང་བྱེད་དེ། འདོད་པའི་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་རྣམ་པ་དུ་མར་འདྲུད་པའི་དབྱངས་སྙན་པ་ངལ་སོས་པའི་བྱའི་སྒྲ་ལེགས་པར་འབྱིན་པ་དྲིལ་བུ་གཡེར་ཀའི་སྒྲ་འབྱུང་བ་སྣ་ཚོགས་པའི་ཁ་དོག་དང་དྲི་ཕུན་སུམ་ཚོགས་པའི་པད་ མའི་རྫིང་བུ་ལ་བུང་བའི་ཚོགས་བརྒྱ་སྟོང་ཕྲག་གི་སྒྲའི་རྣམ་པ་འདྲེས་པ་སྒྲོགས་པ་རྣམས་ལ་དགའ་བར་བྱས་ནས། གཞན་ཡང་གང་ན་རྒྱུན་གྱི་རིའི་ཞོལ་དང་བང་རིམ་ཡོད་པ་རྣམས་ལ་དེ་དགའ་བར་བྱེད་དོ། །མཆོག་ཏུ་གཟུགས་དང་ཡོན་ཏན་ཕུན་སུམ་ཚོགས་པས་ཡོན་ཏན་གྱི་ མཆོག་དང་ལྡན་པའི་ལྷའི་བུ་མོ་རྣམས་ལྷན་ཅིག་ཏུ་གླུ་ལེན་པར་བྱེད་དགའ་བར་གྱུར་པ་དང་མཆོག་གི་རོ་དང་དྲི་དང་མདོག་ཕུན་སུམ་ཚོགས་པས་མཆོག་ཏུ་དགའ་བ་བསྐྱེད་པའི་ཕྱིར་བདུད་རྩི་འཐུང་བར་བྱེད་དོ། །གང་འཐུངས་ནས་ཡང་ཕྱིས་བག་མེད་པར་གནས་པའི་ལྷ་རྣམས་ཆེས་ལྷག་པར་རྒྱགས་པ་ 70-1-47b ཀུན་ཏུ་སྐྱེད་དོ། །གཞན་ཡང་རྒྱགས་པས་གནས་པ་རྣམས་གང་ན་རི་དེའི་བྱ་རྣམ་པར་དགའ་བ་ཞེས་བྱ་བའི་ནགས་ཉེ་འཁོར་དུ་བཻ་ཌཱུརྱའི་སྟེགས་བུ་བྱི་དོར་བྱས་པ་གསེར་གྱིས་བརྒྱན་པའི་སྟེགས་བུའི་ཉེ་འཁོར་ནི་རིན་པོ་ཆེ་སྣ་བདུན་གྱིས་ཉེ་བར་མཛེས་པ་དེ་ལ་ཉེ་བར་སྟེན་པར་བྱེད་དོ། །ཉེ་འཁོར་དུ་ བྱས་བསྐོར་བ་ནི་མཆོག་ཏུ་མཛེས་པ་ཤིན་ཏུ་ཡོན་ཏན་ཕུན་སུམ་ཚོགས་པས་ཡོངས་སུ་བསྐོར་བ་དེར་གནས་པར་བྱེད་དོ། །ལྷ་དེ་དག་འདོད་པའི་ཡོན་ཏན་ལྔས་རྩེ་བར་གྱུར་པས་མི་ངོམས་པས་རྟག་ཏུ་ཡང་གདུང་བ་དེ་དག་ཚིམ་པའི་མཐའ་འབྱུང་བ་མེད་དོ། །ཇི་ལྟར་བུད་ཤིང་རླུང་དང་ རྣམ་པར་འདྲེས་པའི་མེ་ནི་ངོམས་པ་ནམ་ཡང་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་སྲེད་པ་དང་བཅས་པའི་བྱིས་པ་ནམ་ཡང་ཚིམ་པའི་མཐའ་འབྱུང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་དུས་ནས་བཟུང་ནས་འཇུག་པའི་སྲེད་པས་བསླུས་པའི་བྱིས་པ་སོ་སོ་སྐྱེ་བོའི་སྲེད་ པ་ངོམས་པ་མེད་པའི་སྲེད་པས་ཉེ་བར་སོང་བའི་ཡིད་དང ། རང་གི་ཡུལ་ལ་ཡང་ངོམས་པ་མེད་པ་རྣམས་བདེ་བའི་དབང་པོས་ནམ་ཡང་ཚིམ་པ་སྐྱེ་བ་མ་ཡིན་ནོ། །དགའ་བར་གྱུར་པའི་སྟེགས་བུ་དེ་ལ་ཁང་བུ་མཆོག་ཏུ་དགའ་བ་མཆོག་ཏུ་རྒྱ་ཆེ་བར་དགའ་བར་གྱུར་པ་མཆོག་ཏུ་ ཡོན་ཏན་ཕུན་སུམ་ཚོགས་པར་ལྷ་དེ་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མས་འདོད་པ་དུ་མ་དང་ལྡན་པས་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །དེ་ནས་བག་མེད་པས་རྒྱུ་བ་དེ་དག་དེ་ལྟར་རྗེས་སུ་ཚོལ་བར་གྱུར་པ་གང་ཡིན་པའི་ལྷ་དེ་དག་རྣམས་བག་ཡོད་པས་བག་ཡོད་ པར་གནས་པ་དེ་དག་གིས་དེ་རྣམས་མཐོང་ནས་རྗེས་སུ་བརྩེ་བས་ཀྱང་ཚིགས་སུ་བཅད་པ་རྗོད་པ། ཇི་ལྟར། ཇི་ལྟ་ཇི་ལྟར་སེམས་བྱེད་པ། །དེ་ལྟར་དེས་ནི་འདོད་པར་མཐོང ། །དགེ་བ་ཡིས་ནི་འདོད་པ་འཇིག་།མི་དགེ་བས་ནི་རབ་ཏུ་འཕེལ། །སེམས་ཞི་བ་ཡི་ཡིད་ཀྱིས་ནི། ། འདོད་པ་མཚོན་དང་དུག་བཞིན་མཐོང ། །བློ་རབ་མ་ཞི་བྱིས་རྣམས་ཀྱིས། །དགའ་བར་གྱུར་པ་མཐོང་བ་ཡིན། །དབང་པོ་རྣམས་དང་ཡུལ་རྣམས་ཀྱང ། །རང་སེམས་འདི་ལ་རག་ལས་ཡིན། །སེམས་ནི་ཀུན་ནས་འདྲེར་སྦྱོར་བས། །ཡོངས་སུ་སྨིན་པར་འགྲོ་བ་ཡིན། །དེ་ཉིད་ 70-1-48a རིང་བར་གྱུར་པ་ཡིས། །བརྟན་པས་ལེགས་པར་འཆིང་བ་ཡིན། །གཟུགས་ཀྱི་སྤྱི་ནི་མ་མཐོང་ན། །ཡོངས་སྨིན་ཇི་ལྟར་སོ་སོ་ཡིན། །གཟུགས་ཅི་འདྲ་བ་དེ་འདྲ་ཀུན། །ཡུལ་ནི་སེམས་ཀྱི་རྒྱུ་ལས་ཡིན། །སེམས་དུལ་བ་ནི་རྟག་ཏུ་ཞི། །སྐྱོན་དང་ འདྲེས་པ་རྣམ་པར་སྨད། །ཇི་ལྟར་ཆུ་ནི་གཅིག་ཉིད་ལ། །མདོག་གཟུགས་རྣམ་པ་ཐ་དད་ཡིན། །ཀུན་ཉོན་མོངས་སོགས་སྣ་ཚོགས་ཉིད། །དེ་བཞིན་སེམས་ལ་རབ་ཏུ་འཇུག་།གང་ཡང་སྐྱེད་པའི་དབང་གིས་ན། །ཕྱི་ཡི་འཁྲུལ་འཁོར་བྱ་བ་བྱེད། །སེམས་ཀྱི་གཡོ་བས་ དེ་ཡི་ངག་།འཇིག་རྟེན་འདི་ནི་རབ་ཏུ་འཇུག་།སེམས་ཅན་བག་མེད་ཉེར་བཅོམ་པ། །འདོད་པའི་རོ་ལ་དེ་མཆོག་འཛིན། །གཟུགས་རྣམས་ལ་ནི་རྟག་ཏུ་ཆགས། །ཡོངས་སུ་འགྱུར་བ་མི་ཤེས་སོ། །རྒྱུན་གྱི་གྲིབ་མའི་གཟུགས་ལེགས་པ། །ལས་ཀྱི་རྣམ་སྨིན་ གང་ཡིན་པ། །དེ་ནི་མཐོང་ནས་ཇི་ལྟར་ལྟ། །འདོད་སྤྱོད་ཡུལ་ལ་དམ་པར་འགྲོ། །གལ་ཏེ་འདོད་པ་རྟག་ཡིན་ན། །དེ་ལས་འབྲལ་བར་འགྱུར་མ་ཡིན། །དེ་ལྟ་ཡིན་དང་འདོད་སྲེད་ལ། །དམ་པར་འགྲོ་མིན་སྦྱང་བ་ནི། །དང་པོར་མི་རྟག་སྡུག་བསྔལ་དང ། །སྟོང་དང་ བདག་མེད་ཉིད་ཀྱང་སྟེ། །སྡུག་བསྔལ་རྣམ་སྨིན་ཅན་དེ་ལ། །ཇི་ལྟར་ཆགས་འགྱུར་བློ་ལྡན་རྣམས། །མཐོ་རིས་ལས་ནི་རབ་ཉམས་ནས། །ལས་ཀྱིས་ཁྲིད་པར་གྱུར་པ་ཡིས། །ཡུལ་རྣམས་ཀྱིས་ནི་བསླུས་པའི་ཡང ། །ལས་དེ་དམིགས་པ་མ་ཡིན་ནོ། །དེ་ལྟར་ལྷ་དེ་ནི་ བག་མེད་པ་མ་ཡིན་བག་མེད་པས་གནས་པ་མ་ཡིན་པ་དེས་ལྷ་གཞན་དེ་དག་ལ་ཚུལ་དུ་མས་རྗེས་སུ་སྟོན་ཏོ། །ཡང་དག་པར་གྱུར་པའི་ལས་ཀྱི་རང་བཞིན་སོ་སོའི་ལས་ཀྱིས་བྱས་པའི་རང་བཞིན་ཡང་དག་པར་མཐོང་ནས་སོ་སོའི་ལས་ཀྱི་འཇིགས་པས་རྗེས་སུ་བརྩེ་བར་གྱུར་ནས་འཆད་ པར་བྱེད་དོ། །དེ་ལྟར་རྒྱུན་གྱིས་རྣམ་པར་རྒྱུ་བའི་ལྷ་རྣམས་རྒྱུན་གྱི་རི་ལ་དགའ་བར་འགྱུར་རོ། །རྣམ་པ་དུ་མས་དེ་ཁོ་ན་ཉིད་ངེས་པར་བྱེད་པ་མཐོང་ངོ ། །གཞན་ཡང་ལྷ་གང་དག་རྒྱུན་གྱི་རི་ལ་གནས་པ་དེ་དག་གི་ནགས་དང ། ཉེ་བའི་ནགས་དེ་དག་མཆོག་ཏུ་དགའ་བར་གྱུར་པ་ཕལ་ཆེར་ 70-1-48b ནགས་དེ་དག་ནི་བཻ་ཌཱུརྱའི་རང་བཞིན་དང ། དངུལ་གྱི་རང་བཞིན་ཡིན་ལ། ཇི་ལྟར་དེ་དག་གི་གཙོ་བོ་རྣམས་ཀྱི་མིང་དུ་གྱུར་པ་ནི་འདི་ལྟ་སྟེ། གྲིབ་མ་གཅིག་པུ་པ་དང ། དེ་ལ་གྲིབ་མ་གཅིག་པུ་པ་ནི་གྲིབ་མ་མེད་པ་ཡིན་ཏེ། དེ་ལ་གྲིབ་མ་གཅིག་པའི་ནགས་ཀྱང་བཻ་ཌཱུརྱའི་རང་བཞིན་མཆོག་ཏུ་ དགའ་བ། མནན་ན་ནེམ་ལ་བཏེག་ན་འཕར་བའི་སའི་ཆ་ལ་བྱའི་ཚོགས་ཀྱིས་སྒྲ་ཀུན་ཏུ་སྒྲོགས་པ་པད་མའི་རྫིང་བུ་བརྒྱ་ཕྲག་དང་ལྡན་པ། འབབ་ཆུ་དང ། རྫིང་བུ་དང ། མཚེའུ་བརྒྱ་ཕྲག་དང་ལྡན་པ་རྣམས་ན་ལྷ་དེ་དག་དགའ་བས་གནས་པས་རྣམ་པ་དུ་མར་དགའ་བར་བྱེད་དོ། །དེ་ལ་ གྲིབ་མ་གཅིག་པུ་པ་ཉིད་ཀྱི་ནགས་ན་རྫིང་ཆེན་པོ་ལྔ་ལ་ངང་པ་དང ། ཀཱ་རཎྜ་བ་དང ། ངུར་པ་རྣམས་ཕན་ཚུན་དུ་མཆོག་ཏུ་རངས་པར་གྱུར་པས་རྣམ་པ་སྣ་ཚོགས་པའི་སྐད་གདངས་ཀྱི་སྒྲ་ཐོས་ན་ཆེས་དགའ་བ་རྣམ་པ་དུ་མ་ལེགས་པར་བསྒོས་པས་སྒྲོགས་པའི་སྒྲ་རྣམས་ཀྱིས་དགའ་བར་ བྱེད་དེ། ཆུ་ལས་སྐྱེས་པ་དུ་མ་ཆུ་ལས་ཡང་དག་པར་བྱུང་བ་རྣམས་ལ་རླུང་གིས་བསྐྱོད་པའི་རླབས་ཀྱི་ཤུགས་ཆེན་པོས་འདམ་གྱི་དྲི་མ་དང་རྣམ་པར་བྲལ་བ། མཆོག་ཏུ་དྲི་མ་མེད་པའི་རྫིང་བུའི་པད་མའི་བུ་ག་དང ། འདབ་མ་གཞན་གྱི་བུ་ག་ལ་ཕན་ཚུན་གཅིག་གྲོགས་སུ་གྱུར་པས་དགའ་ ཞིང་ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །དེ་ལ་རྫིང་བུ་ལྔ་པོ་འདི་རྣམས་ཀྱང་ཡོད་དེ། དེ་བཞིན་དུ་མཐོང་ན་དགའ་བ་དང ། ངོམས་པ་མེད་པའི་ཆུ་དང ། བྱ་མངོན་པར་དགའ་བ་དང ། རྟག་ཏུ་ཀུན་དགའ་བ་དང ། ལྷ་རྣམས་དགའ་བའོ། །དེ་དག་ལ་དབྱིབས་དུ་མ་དང ། ཁ་དོག་དུ་མར་གྱུར་ པའི་བུང་བ་བརྒྱ་སྟོང་དུ་མ་བཀྲ་བས་མཆོག་ཏུ་དགའ་བར་གྱུར་པའི་བདུད་རྩི་གཅིག་ཏུ་རོ་ལ་སྲེད་པའི་བུང་བ་རྣམས་འཐུང་བར་བྱེད་ཅིང་མཆོག་ཏུ་རྒྱ་ཆེ་བའི་སྒྲ་འབྱིན་པར་གྱུར་ལ། དེ་དག་དེར་ཀུན་ཏུ་སྒྲོགས་པ་ཐོས་པས་ཡིད་འཕྲོག་པ་ལེགས་པར་མཐོང་ནས་ལྷ་རྒྱུན་ན་སྤྱོད་པ་དེ་རྣམས་རབ་ཏུ་རྒྱུག་ པར་བྱེད་དོ། །རྫིང་བུ་དེ་དག་རྣམས་ཀྱི་ཆུ་ནི་ཤིན་ཏུ་རབ་ཏུ་དང་བ། མདོག་དང ། དབྱིབས་དང ། མཆོག་ཏུ་དྲི་ཞིམ་པའི་ཆུ་རྣམས་ལྷ་དེ་དག་གིས་ཡང་དག་པར་མཐོང་ནས་རྫིང་བུ་དེ་དག་རྣམས་སུ་རིམ་གྱིས་ཞུགས་ཏེ། ལྷན་ཅིག་སྤྱོད་པ་དང་བཅས་ནས་ཆུའི་རྩེད་མོ་རྣམས་བྱེད་པར་ 70-1-49a འགྱུར་བས་འདོད་པའི་ཡོན་ཏན་ལྔས་ཆེས་ཕུན་སུམ་ཚོགས་པ་ལ་ཉེ་བར་ལོངས་སྤྱོད་པ་དེ་དག་རྣམ་པ་དེ་ལྟ་བུའི་དགའ་བ་ཡང་དག་པར་སྐྱེ་ཞིང་རྣམ་པ་དུ་མར་དགའ་བར་བྱས་ན། གཞན་ཡང་མཆོག་ཏུ་ཡིད་འཕྲོག་པའི་སྒྲ་འབྱུང་བར་འགྱུར་ཏེ། རྣམ་པར་འདྲེས་པ་ རྣམ་པ་སྣ་ཚོགས་པ་རྣམས་ལ་འདི་ལྟ་སྟེ། ཀླུའི་སྒྲ་དང ། དྲི་ཟའི་སྒྲ་དང ། ཆུའི་སྒྲ་དང ། རྣམ་པ་སྣ་ཚོགས་པར་བྱ་སྒྲ་འབྱིན་པ་སྟེ། སྒྲ་དེ་དག་རྣམས་ཕན་ཚུན་དུ་རྣམ་པར་འདྲེས་པ་དང ། ཕན་ཚུན་དུ་ཚིག་ཐ་མི་དད་པ་རྣམས་ཀྱིས་དགའ་བར་གྱུར་པའི་ཚིག་དང་གཅིག་ཏུ་རྒྱུན་ན་སྒྲ་ སྒྲོགས་པ་ཀུན་ནས་འདྲེས་པ་རྣམས་ཀྱང་དེ་བཞིན་དུ་མཛེས་པ་དང ། དེ་ལྷན་ཅིག་སྤྱོད་པ་དང་བཅས་པའི་ལྷ་དེ་དག་རྣམས་དང ། བྱ་རྣམ་པར་སྒྲ་འབྱིན་པ་ཀུན་ཏུ་འདྲེས་པ་རྣམས་དང ། དེ་བཞིན་དུ་དེ་དག་རྣམས་ཀྱི་གླུའི་སྒྲ་དུ་མ་རྣམ་པར་འདྲེས་པའི་ཚིག་རྣམས་ཐོས་ན་ཡིད་འཕྲོག་པར་ འབྱུང་ངོ ། །གང་དག་རིའི་གསེབ་གཞན་རྣམས་ལ་ལྷ་རྣམས་རྩེ་དགའ་བ་དེ་དག་རྣམས་ཀྱི་དོན་འདོད་པ་ཐམས་ཅད་མཆོག་ཏུ་ཕུན་སུམ་ཚོགས་པ་ལ་རྩེ་བ་རྣམས་ལ་གཙོ་བོར་མི་བྱེད་དོ། །གང་ཡང་ཕྱོགས་གཞན་ན་རི་དགས་དང་བྱ་རྣམས་དགའ་བར་བྱེད་ཅིང ། རྣམ་པ་སྣ་ཚོགས་པར་ མཆོག་ཏུ་དགའ་བར་གྱུར་པའི་བཟའ་བ་གང་ཡིན་པ་རྣམས་ཟ་བར་བྱེད་པ་དེ་རྗེས་སུ་བཏང་ནས། རྣ་བ་དང་མིག་གཡོ་བ་མེད་པར་གང་རྣམ་པར་འདྲེས་པའི་བྱའི་རྣམ་པར་བརྗོད་པ་དང ། ལེགས་པར་འདྲེས་པའི་གླུའི་སྒྲ་རྣམས་ཉན་པར་བྱེད་དོ། །དེ་ལྟར་བླངས་པའི་མི་རྟག་པ་མཆོག་ཏུ་ དགའ་བ་གང་དག་ལན་ཅིག་དང ། ལན་ཅིག་མ་ཡིན་པར་ཡང་གླུའི་སྒྲ་རྣམས་ཉན་པར་བྱེད་དོ། །དེ་ལྟར་གླུ་འདིའི་སྒྲ་དགའ་བར་གྱུར་པ་ཡིན་ཏེ། གང་ལས་གཞན་ན་གནས་པའི་ལྷའི་ཚོགས་རྣམས་ཀྱང་སྤྲོ་བར་འགྱུར་བ་ཡིན་ནོ། །དེ་ནས་དེ་ལྟར་རྒྱུན་ན་རབ་ཏུ་རྣམ་པར་རྒྱུ་བའི་ལྷ་རྣམས་ དུས་ཤིན་ཏུ་རིང་པོར་མཆོག་ཏུ་དགའ་བར་གྱུར་པའི་གཞི་རྫིང་བུ་ལྔ་ལ་བདེ་བ་ལ་ལོངས་སྤྱོད་ནས། གང་ན་བཏུང་བ་དགའ་བ་ཞེས་བྱ་བའི་ནགས་བཏུང་བས་ཡང་དག་པར་གང་བ་བགྲོད་ན་དགའ་བར་གྱུར་པ་དེར་འགྲོའོ། །བཏུང་བའི་དོན་དང་རྒྱགས་པས་གནས་པའི་དོན་དུ་དེ་གང་གི་ཚེ་བཏུང་ 70-1-49b བའི་དོན་དུ་དགའ་བ་དེར་རིམ་གྱིས་ཕྱིན་པར་འགྱུར་རོ། །དེའི་ཚེ་ལེགས་པར་བྱས་པའི་ལས་ཀྱིས་བཏུང་བ་གཞལ་དུ་མེད་པ་ཐམས་ཅད་ཀྱི་ཆུ་ཀླུང་རབ་ཏུ་དང་བའི་ཆུ་ལ་དེ་དག་རྣམས་ཆུ་དེའི་ནང་དུ་ནུབ་པར་ཞུགས་སོ། །མཆོག་ཏུ་དྲི་དང ། རོ་དང ། ཁ་དོག་ཕུན་སུམ་ཚོགས་པའི་རྩི་དག་ འབྱུང་བར་འགྱུར་རོ། །བཏུང་བ་གང་གི་རེ་ཞིག་དྲི་ཉིད་ཀྱང་དཔག་ཚད་ལྔར་འགྲོ་བར་འགྱུར་རོ། །རྗེས་སུ་འཐུན་པ་དང་བཟློག་པར་ཡང་ལྔས་འགྲོ་བར་འགྱུར་རོ། །ཇི་ལྟར་ཡང་ལྷ་རྣམས་ཇི་ལྟར་འདོད་པ་དེ་ཁོ་ན་བཞིན་དུ་འཐུང་བ་དེ་དག་རྣམས་འགྲུབ་པར་འགྱུར་རོ། །རྗེས་སུ་ཆགས་ པའི་སེམས་ཀྱི་དབང་གིས་མཆོག་ཏུ་འཇིགས་པ་རྣམས་ཀྱི་བདེ་བའི་རྩེ་མོ་དེ་དག་རྣམས་ཡིན་ནོ། །འདི་ལྟ་སྟེ། ཇི་ལྟར་འདོད་པར་གནས་རྣམས་སུ་རྒྱུ་བའི་སྐྱེས་བུ་ནི་རང་གནས་དང་བྲལ་བར་གྱུར་ན་ཡང་རང་གི་སེམས་བདེ་བར་ཀུན་ཏུ་རྒྱུ་བས་བདེ་བ་འཕེལ་ན་གང་ཡང་འདོད་པའི་ཡོན་ཏན་ལྔ་ ཕུན་སུམ་ཚོགས་པ་རྔ་སྐད་ཡན་ལག་ལྔ་པ་དང་བཅས་པ་དང ། རྣམ་པ་དུ་མར་རང་དབང་དུ་གྱུར་པ་རྣམས་དགའ་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་དེ་ལྟར་རྩེ་བར་གྱུར་པ་རྣམས་བཏུང་བ་གང་བཏུང་བའི་སྐྱོན་རྣམས་ཐམས་ཅད་དང་བྲལ་བ། སྙིང་ལ་ཀུན་ནས་ལེགས་པར་ལྡན་ པ་གང་ཡང་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་རྣམས་འཐུང་བར་བྱེད་དེ། རྣམ་པ་དེ་ལྟ་བུའི་དགའ་བ་སྐྱེ་བར་འགྱུར་བ་དེ་ནི་གང་བརྗོད་པར་ཡང་མི་ནུས་སོ། །དེ་ལྟར་རྒྱགས་པས་རྣམ་པར་རྒྱུ་བའི་ལྷ་དེ་དག་རྣམས་རྩི་འཐུང་བར་བྱེད་ལ་ལྷན་ཅིག་སྤྱོད་པ་དང་བཅས་པ་རྣམས་དུས་ཡུན་རིང་དུ་ རྗེས་སུ་འཇུག་གོ། །སྲེད་པས་རྣམ་པར་ཞེན་པའི་ཡིད་ཐོག་མ་མེད་པའི་དུས་ན་འཇུག་པ་ཉམས་སུ་མྱོང་བ་རྣམས་དེ་ཁོ་ན་བཞིན་དུ་གོམས་པར་བྱེད་པས་སྲེད་པའི་དུག་གིས་རྣམ་པར་རྒྱགས་པ་དེ་ལྟར་ངོམས་པ་མེད་པའི་རྒྱུན་ན་གནས་པའི་ལྷ་དེ་དག་རྣམས་འདི་སྙམ་དུ་སེམས་ཏེ། མ་མཐོང་ན་ཡང་བདག་ཅག་རྣམས་རྒྱུན་གྱིས་རི་འདིའི་རྒྱབ་ཏུ་མངོན་པར་འཛེག་པར་བྱའོ་ཞེས་དེ་ལྟར་དེ་དག་རྣམས་ཕན་ཚུན་འཐུན་པར་རྗེས་སུ་འཇུག་པའི་ཡིད་གཅིག་པ་ཉིད་དུ་འདུན་པ་སྐྱེས་པར་གྱུར་ནས་དེ་ལྟར་ཡིན་ནོ་ཞེས་བྱས་ནས་ཐམས་ཅད་ཀྱང་ཡིད་འཐུན་པར་བྱས་ཏེ། གང་ན་རི་ 70-1-50a དེ་ཡོད་པར་རབ་ཏུ་དགའ་བའི་ཡིད་ཀྱིས་མཆོག་ཏུ་གསལ་བ་དང་ལྡན་པ་དེའི་གཟི་བརྗིད་འབར་བར་གྱུར་པ་རང་གི་ལས་ལ་ལོངས་སྤྱོད་པས་གང་ན་རྒྱུན་གྱི་རིའི་སྟེང་དེར་འཕྱོ་བའི་སེམས་ཀྱིས་འབབ་པར་བྱེད་དོ། །ཕྱིན་ནས་ཀྱང་མཆོག་ཏུ་རྫུ་འཕྲུལ་ཆེ་བས་ཡན་ལག་ལྔ་དང་ ལྡན་པའི་རྔ་སྐད་དང་ཡང་དག་པར་ལྡན་པས་ཕྱོགས་འཇིག་པར་བྱེད་པ་དྲི་མཆོག་གིས་ཀྱང་གསལ་བར་བྱེད་དོ། །ནམ་མཁའི་དཀྱིལ་ན་སྐར་མ་བས་ཆེས་ལྷག་པའི་ལུས་རྩེ་བ་དང་ལྡན་པས་འཁོད་པར་བྱེད་དོ། །འཁོད་ནས་རྫུ་འཕྲུལ་དང་ལྡན་པས་མཆོག་ཏུ་ལེགས་པར་བྱས་པའི་ལས་ དང་ལྡན་པས་གང་ནས་དེ་མཐོང་བར་འགྱུར་བའི་རིའི་རྒྱབ་ན་དྲིལ་བུ་གཡེར་ཀ་རྣམས་དང ། འབབ་ཆུ་དང ། ཆུ་ཀླུང་དང ། རྫིང་བུ་དང ། ཚལ་དང ། འཇུག་ངོགས་དང ། མེ་ཏོག་དང ། བྱའི་སྒྲ་སྐད་ཕུན་སུམ་ཚོགས་པ་དང ། ལྷ་རྫས་མཆོག་གི་དྲི་དང ། རབ་ཏུ་དང་བ་ དང ། ཉེ་འཁོར་ཡང་ཀུན་ཏུ་མཉམ་པ་དང ། འོད་དང་ལྡན་པའི་རི་དེའི་རྒྱབ་ཏུ་ཕྱིན་ནས་སླར་ཉིད་ཀྱང་ནམ་མཁའ་ལ་འཁོད་དོ། །མཆོག་ཏུ་སྐྱིད་པའི་ལྷན་ཅིག་སྤྱོད་པའི་གྲོགས་རྣམས་དང་བཅས་པ་ལ་ལྷ་ཁ་ཅིག་གི་ནི་བརྒྱ་ཁོ་ནའོ། །གཞན་གྱི་ནི་ཉིས་བརྒྱའོ། །དེ་མིན་རྣམས་ཀྱི་ནི་ སུམ་བརྒྱའོ། །དེ་བཞིན་དུ་རང་གི་ལས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པ་ཡིན་ནོ། །ལྷན་ཅིག་སྤྱོད་པའི་འཁོར་འཕེལ་བ་དང་འགྲིབ་པ་ནི་གཞན་ཁ་ཅིག་གི་ནི་སྟོང་ངོ ། །གཞན་གྱི་ནི་སྟོང་ཕྲག་གཉིས་སོ། །གཞན་རྣམས་ཀྱི་ནི་སྟོང་ཕྲག་གསུམ་སྟེ། དེ་ལྟར་ཇི་སྲིད་དུ་སྟོང་ཕྲག་ཉི་ཤུར་ འགྱུར་རོ། །རྣམ་པ་སྣ་ཚོགས་པའི་གར་དང་རྔ་སྐད་ཀྱི་སྒྲས་བསྒྲགས་པར་གྱུར་པ་ན་དགའ་ཞིང་གླུ་ཡང་ལེན་པས་ནགས་ནས་ནགས་གཞན་ཉེ་བར་སྟེན་ཏོ། །དེ་བཞིན་དུ་པད་མའི་ནགས་ནས་རྩི་བྱེད་པད་མའི་ནགས་རྣམས་སུ་འགྲོ་ལ་རྩི་འབྱུང་བ་དང་ཡང་དག་པར་ལྡན་པ་རྣམས་ནས་ རྩིའི་ནགས་སུ་འགྲོ་བར་འགྱུར་ཏེ། ལྷ་དེ་དག་རྣམས་རྔ་སྐད་ཡན་ལག་ལྔ་ཉེ་བར་སྒྲོགས་པར་གྱུར་པའི་རི་དེའི་རྒྱབ་དེ་ན་གཞན་དགའ་བ་ལྷག་པར་གྱུར་པའི་ཁམས་མཆོག་དང་རབ་ཏུ་ལྡན་པར་གྱུར་པ་རྣམས་ལ་འདི་ལྟ་སྟེ། གང་དག་རྡོ་ཡིན་པ་དེ་དག་རྣམས་ནི་ཐམས་ཅད་ཀྱང་རིན་པོ་ཆེའི་རང་ 70-1-50b བཞིན་མཆོག་ཏུ་རྣམ་པར་བཀྲ་བའི་ཆ་ཤས་ཀྱི་སའི་ཆ་རྣམས་ཡིན་ནོ། །ཉི་མ་བས་ཆེས་ལྷག་པའི་འོད་རྣམས་དང་ལྡན་པ། མནན་ན་ནེམ་ལ་བཏེག་ན་འཕར་བ་ནི་ཇི་ལྟར་འཛམ་བུའི་གླིང་པ་རྣམས་ཀྱི་གོ་ན་ཀཱི་མཆོག་ཏུ་འཇམ་པའི་རས་བལ་གྱིས་བཀང་བའམ། གང་ནང་ཚངས་ཅན་ དུ་གྱུར་པ་མནན་ན་ནེམ་ལ་བཏེག་ན་འཕར་བ་རྣམས་སམ། འཇམ་པོར་གྱུར་པ་གཞན་ཡང་རུང་སྟེ་རྐང་པ་བཞག་གམ་མ་བཞག་པ་ན་ཡང་ནེམ་པར་བྱེད་པ་རྣམས་ཡིན་ནོ། །དེ་བཞིན་དུ་རྒྱུན་གྱི་རི་གང་ཡིན་པ་དེའི་རྒྱབ་ན་གང་ཆུང་ཟད་རིན་པོ་ཆེར་གྱུར་པའམ། སའི་ཆའམ། ལྗོན་ ཤིང་གི་ཡལ་གའམ། རིའི་རྩེ་མོའམ། ཨུད་པ་ལའམ། ནོར་བུའི་རང་བཞིན་རྣམས་ཀྱང་རུང་སྟེ། དེ་ཐམས་ཅད་མཆོག་ཏུ་འཇམ་པ་དང་མཆོག་ཏུ་རེག་ན་བདེ་བ་དང ། མཆོག་ཏུ་མཐོང་ན་ཡིད་འཕྲོག་པས་དགའ་བ་ནི་ཇི་ལྟར་རྣམ་པར་བཀྲ་བ་རྣམས་དང་འདྲ་བ་ཡིན་ནོ། །རྣམ་པར་བཀྲ་ བར་གྱུར་པའི་རི་དེའི་རྒྱབ་ཏུ་ཕྱིན་ནས་ལྷ་དེ་རྣམས་དགའ་བར་བྱེད་ཅིང་ཡོངས་སུ་སྤྱོད་དོ། །རྣམ་པ་སྣ་ཚོགས་པའི་བདེ་བའི་སྐལ་བ་ཅན་རྣམས་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་ཕན་ཚུན་དུ་དེ་ལ་རྗེས་སུ་སོང་བས་ཆགས་པའི་ཡིད་ཅན་འདོད་པའི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ རེག་བྱའི་བདེ་བ་ཉམས་སུ་མྱོང་བར་བྱེད་དོ། །རྒྱུན་གྱི་རིའི་རྒྱབ་ཏུ་ཕྱིན་ནས་མཆོག་ཏུ་དགའ་བར་གྱུར་པའི་ལྷ་བརྒྱ་སྟོང་ཕྲག་དུ་མའི་ཚོགས་ཀྱིས་གང་བ་ཐམས་ཅད་ནས་ཀྱང་གླུ་དང ། གར་མཆོག་དང་ལྡན་པའི་ལྷའི་བུ་མོས་ཡོངས་སུ་བསྐོར་བས་ལྷ་དེ་དག་ལྷའི་ཡུལ་གྱི་བདེ་བ་རྣམས་ཉམས་ སུ་མྱོང་བར་བྱེད་དོ། །དེ་དག་རྣམས་དེ་ལྟར་དགའ་བས་དུས་ཡུན་རིང་པོར་ཡན་ལག་ལྔ་དང་ལྡན་པའི་རྔ་སྐད་དང ། ཡུལ་ལྔའི་བདེ་བ་རྣམས་ཀྱང་ཉམས་སུ་མྱོང་བས་དུས་རིང་པོ་འདས་པར་བྱས་ནས་ཚོགས་པ་རྣམས་དང ། འདུས་པ་རྣམས་དགའ་བར་བྱེད་ཅིང་གླུ་མཆོག་གི་སྒྲ་རྣམས་ལ་ ཡང་རབ་ཏུ་ཆགས་པར་གྱུར་པ་ལས་ནམ་ཞིག་གི་ཚེ་ན་འཐབ་བྲལ་བའི་འཇིག་རྟེན་པ་རྣམས་ཀྱིས་མཐོང་མ་མྱོང་བ་མཆོག་ཏུ་མིང་དུ་བྱ་བའི་འོད་ཆེན་པོ་མཆོག་ཏུ་ཕལ་ཆེ་བ་གཞན་ཞིག་དེ་དག་རྣམས་ཀྱིས་མཐོང་ནས། ལྷ་གང་དག་སེམས་སྟོབས་ཆུང་བ་དེ་དག་རྣམས་ལས་ཁ་ཅིག་ནི་མ་བཟོད་ 70-1-51a པར་གྱུར་པས་མིག་གཉིས་ལག་པས་བཀབ་ནས་ས་ལ་འགྱེལ་བར་གྱུར་ཏོ། །ལྷ་གཞན་ཁ་ཅིག་ནི་འོད་མ་བཟོད་ནས་ཤིང་གི་གོ་སྐབས་རྣམས་སུ་བཞའ་བར་གྱུར་ཏོ། །རིན་པོ་ཆེའི་རང་བཞིན་གྱི་ཕུག་གི་ནང་དུ་ཡང་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་ཏེ་གབ་པར་གྱུར་ ཏོ། །ལྷ་གཞན་གང་དག་སེམས་སྟོབས་ལྷག་པར་གྱུར་པ་དེ་དག་ནི་སེམས་སྟོབས་དང་ལྡན་པས་ཚོགས་པ་རྣམས་དེ་ཁོ་ན་བཞིན་དུ་བྱས་ནས་ཤིན་ཏུ་ངོ་མཚར་བས་ཡིད་ཚིམ་པར་ཕྱིར་ཉིད་ཀྱང་དེས་འགལ་བར་བྱེད་པར་ཡང་མི་རྩི་བར་ལྟ་བར་བྱེད་པར་རྩོམ་སྟེ། འདི་ཅི་ཞིག་ཡིན་པར་ གྱུར་ན། དེ་ལྟ་བུ་འདི་གང་གི་ཡིན་རྣམ་པ་དེ་ལྟ་བུ་གང་ཡིན་པའི་འོད་གང་གིས་རི་འདིའི་རྒྱབ་ཏུ་དེ་ལྟ་བུའི་འོད་ཀྱིས་དགའ་བ་དེ་ལྟ་བུའི་རིན་པོ་ཆེ་དང་ལྡན་པ། དེ་ལྟར་ཀུན་ནས་འབར་བ་དང་ལྡན་པར་གྱུར་པ། དེ་སྐད་དུ་ཡང་བརྗོད་ནས་ཇི་ལྟར་བདག་ཅག་རྣམས་ཀྱིས་སྔར་ནམ་ཡང་ མ་མཐོང་ངོ་ཞེས་དེ་ལྟར་ཡིད་ལ་བྱས་ཏེ། ནམ་མཁའ་ལ་བལྟ་བར་བརྩམས་པ་ན་ཇི་སྲིད་དུ་འོད་ཆེན་པོར་གྱུར་པ་ལྷུང་བ་མཐོང་སྟེ། མཆོག་ཏུ་གྱུར་པའི་འོད་འབར་བ་དང་ལྡན་པ་དང ། གཡོ་བར་གྱུར་པ་ལྟར་ནམ་མཁའ་ལས་ལྷུང་ངོ ། །ལྷུང་བར་གྱུར་པའི་འོད་དེ་ལ་ཀུན་ཏུ་ལྟ་ བར་བྱེད་ཅིང་འོད་ལྷུང་བ་འདིའི་འོད་ཀྱི་ཚད་ནི་ཅི་ཙམ་ཞིག་ཡིན་པར་གྱུར་ན་ཞེས་དེའི་ཚད་ཙམ་འབའ་ཞིག་རྣམ་པར་བརྟགས་པ་ཙམ་གྱིས་བལྟས་ནས་གླེང་རྗོད་ཀྱང་བྱེད་དེ། ཇི་ལྟར་དཔག་ཚད་ལྔ་སྟོང་རྣམས་སུ་འཐབ་བྲལ་གྱི་ནམ་མཁའ་ལ་རབ་ཏུ་འབར་བ་བཞིན་དུ་འོད་འབབ་ཅིང་རབ་ཏུ་ ལྷུང་སྟེ། རྣམ་པ་དེ་ལྟ་བུའི་འོད་བྱེད་པ་འདི་གཞལ་བར་ཡང་མི་ནུས་སོ། །དེ་ནས་ཇི་ལྟར་འོད་དེ་དང་ཉེ་བར་གྱུར་པ་དེ་ལྟར་མཆོག་ཏུ་སེམས་སྟོབས་དང་ལྡན་པར་གྱུར་པའི་ལྷ་དེས་ཀྱང་ལྟ་བར་མི་ནུས་པས་མིག་དག་འཛུམས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟི་བརྗིད་གང་ མ་བཟོད་པས་མིག་རྣམས་ཀྱིས་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཏེ། སླར་ཡང་མིག་འགེབས་པར་བྱེད་དོ། །ལག་པས་ཡུད་ཙམ་ཅིག་བཀབ་ནས་སླར་ཡང་ཅ་ཅོ་ལེགས་པར་སྐྱེད་པའི་ཡིད་ཅན་རྣམས་ཕྱིར་མིག་རྣམ་པར་ཕྱེ་ནས་སླར་ཡང་ནམ་མཁའ་དེ་ཉིད་ལ་ཡང་དག་པར་ལྟ་ 70-1-51b བར་བྱེད་དོ། །དེ་ནས་སླར་ཡང་ནམ་མཁའ་དེ་ཉིད་ལ་ལྟའོ། །དེ་ནས་ཕྱིས་ཡང་ཉེ་བར་སོང་ནས་ལྟ་བར་བྱེད་དོ། །དེའི་ཚེ་དེ་ལྟར་གྱུར་པའི་འོད་དེ་ལ་ཐེ་ཙོམ་དུ་གྱུར་པའི་ཡིད་ཀྱིས་ཕན་ཚུན་དུ་གཏམ་བྱེད་པ་ནི་དེ་ལྟར་ངོ་མཚར་སྐྱེས་པས་ནམ་མཁའ་ལས་རབ་ཏུ་ལྷུང་བར་གྱུར་པ་འདི་དག་ཅི་ ཡིན། མཚན་པ་རྣམས་ཀྱིས་ཀྱང་བཟླ་བར་ནུས་པ་མ་ཡིན་པ་གང་གིས་ལྷའི་འཇིག་རྟེན་འདི་ཐམས་ཅད་རབ་ཏུ་འབར་བར་གྱུར་པ་ཉིད་ཀྱི་རྣམ་པ་དེ་ལྟ་བུ་ངོ་མཚར་བ་འདི་ཅི་ཡིན། དེ་ནས་འོད་བབ་པར་གྱུར་ཅིང་རབ་ཏུ་ལྷུང་བར་གྱུར་པའི་འོད་དེ་ཉིད་དུས་ཤིན་ཏུ་རིང་བ་ན་ནམ་མཁར་རབ་ ཏུ་ཞི་ཞིང་ནུབ་ལ་ངེས་པར་འགགས་པར་གྱུར་ཏོ། །ནམ་མཁའ་ལ་གནས་ནས་རབ་ཏུ་བབ་པར་གྱུར་པ་དེ་ལེགས་པར་འགགས་པ་དང ། དེ་ནས་ལྷ་གང་དག་ཤིན་ཏུ་སེམས་སྟོབས་དམན་པར་གྱུར་པ་དེ་དག་རྣམས་དེ་འགགས་པར་གྱུར་པའི་ཚེ་ན་ཕྱིར་ཡང་ཕུག་གི་སྒོ་རྣམས་ནས་ བྱུང་ནས་རྗེས་སུ་སྤྱོད་པའི་འཁོར་དང་བཅས་པ་རྣམས་འཇིགས་པ་དང་བྲལ་ནས་དེ་དག་ཕན་ཚུན་དུ་གཏམ་བྱེད་པ། རྨད་དུ་བྱུང་བར་གྱུར་པ་དང ། ངོ་མཚར་བ་སྐྱེད་པ་དང ། བདག་ཅག་རྣམས་འཇིགས་པར་བྱེད་པ་པོ་བྱུང་བ་འདི་དག་ཅི་ཡིན་ཞེས་སོ། །དེ་ནས་དེ་སྐད་སྨྲས་ནས་ ཀྱང་དེ་ནས་དེ་ཁོ་ན་སྐད་ཕན་ཚུན་དུ་བརྗོད་ཀྱང་ལེགས་པར་ཤེས་པ་ཡང་མ་ཡིན་ནོ། །དེ་ནས་ངོ་མཚར་བ་ཅིག་བྱུང་བ་དེ་དག་ཅི་ཡིན་ཞེས་དེ་ལྟར་དུས་རིང་དུ་སོ་སོར་རྟོག་པར་བྱེད་དོ། །ཅུང་ཟད་ཅིག་ནི་ངོ་མཚར་བས་ཡིན་ལ། རྨད་དུ་བྱུང་བ་དེ་དག་ཅི་བྱུང་བ་ཡིན་ཞེས་དེ་ནས་དེ་ལྟར་དུས་ ཡུན་རིང་དུ་རྟོག་པ་ཅུང་ཟད་ཅིག་ནི་འཇིགས་པས་ཡིན་ནོ། །དེ་ནས་དེ་ལྟར་རྒྱུན་གྱི་རྒྱབ་ན་གནས་པའི་ལྷ་རྣམས་དགའ་བ་དང ། ཀུན་ཏུ་སྤྱོད་པར་ཡང་བྱེད་པ་ལས་གཞན་ཡང་གཡོ་བའི་སེམས་ཡིན་པས་དང ། ཡུལ་གྱིས་ཀུན་ནས་འཕྲོག་པའི་ཕྱིར་རྣམ་པ་དུ་མ་སྤྱོད་ཅིང་ཀུན་ཏུ་སྤྱོད་ པར་ཡང་བྱེད་དེ། རྣམ་པ་མང་པོ་དང་རྣམ་པར་རྟོག་པ་དུ་མར་རྔ་སྐད་ཡན་ལག་ལྔ་པས་ནགས་དང་ཚལ་རྣམས་སུ་དུས་ཡུན་རིང་པོར་འདའ་བར་ལྷ་དང་ལྷ་མོ་བརྒྱ་སྟོང་ཕྲག་ཁྲག་ཁྲིག་དུ་མས་ཡོངས་སུ་བསྐོར་ནས་ལྷ་ཤིན་ཏུ་འཐབ་བྲལ་དང ། ཤིན་ཏུ་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་ 70-1-52a དྷ་རྒྱུན་གྱི་རྒྱབ་དེ་ཉིད་ན་གནས་ཏེ། རྔ་སྐད་ཡན་ལག་ལྔ་པས་ཉེ་བར་སྒྲོགས་པར་བྱེད་དོ། །དུས་རིང་དུ་འདའ་བར་ཡང་ལྷ་དང་ལྷ་མོ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། ལྷ་ཤིན་ཏུ་འཐབ་བྲལ་ཡང་ཤིན་ཏུ་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་ དྷ་དང་དེ་ཁོ་ན་བཞིན་དུ་རྒྱུན་གྱི་རྒྱབ་ཏུ་གནས་ནས་རྔ་སྐད་ཡན་ལག་ལྔ་པ་བསྒྲགས་པར་གྱུར་པ་དང ། ཡིད་ཀྱང་རབ་ཀྱི་མཆོག་ཏུ་དགའ་བས་པད་མའི་སྟན་རྣམས་ལ་ཡང་ལེགས་པར་གནས་པ་རྣམས་ལ། ལྷ་བརྒྱ་སྟོང་དུ་མས་རྒྱན་དང་ཆ་བྱད་སྣ་ཚོགས་པ་དང་ལྡན་པ་འོད་ཟེར་ ཡང་དུ་མ་དང་ལྡན་པ་རྣམས་ཀྱིས་གླུ་དང་རོལ་མོ་བརྒྱ་སྟོང་ཉེ་བར་བསྒྲགས་པར་གྱུར་པ་མཆོག་ཏུ་སྙན་པར་རྗེས་སུ་ཞུགས་པ་ཡིད་ཤིན་ཏུ་རབ་ཏུ་དགའ་བས་རི་དེ་ལ་རྟག་ཏུ་ནམ་མཁའ་གང་བ་བཞིན་དུ་སྟེ། དེ་ན་གནས་པའི་ཚོགས་པ་ཐམས་ཅད་ཀྱིས་རྣམ་པ་དུ་མ་དང ། རྒྱན་དང་ཆ་བྱད་ དུ་མ་དང ། གཟུགས་དུ་མ་དང ། ཡོན་ཏན་བརྒྱ་སྟོང་དུ་མ་རྣམས་དང་ལྡན་པའི་ལྷའི་བུ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་རི་དེའི་རྒྱབ་ན་ལྷའི་ཚོགས་རྣམས་གནས་ནས་འདོད་པའི་ཡོན་ཏན་ལྔས་དགའ་བར་བྱེད་པ་རྣམས་མཐོང་ངོ ། །དེ་དག་རྣམས་འཐབ་བྲལ་གྱི་མངའ་བདག་གིས་ མངོན་པར་མཐོང་ནས་ཤིན་ཏུ་མཆོག་ཏུ་རངས་པས་ལྷན་ཅིག་རྗེས་སུ་སྤྱོད་པ་དང་བཅས་པ་རྣམས་རིངས་པ་དང་བཅས་པ་ཉིད་ཀྱིས་ཚོགས་པའི་རྒྱུན་གང་ལ་སོ་སོར་གནས་པར་ཉེ་བར་རྒྱུག་པར་བྱེད་ལ། དེ་དག་རྣམས་ཀྱིས་ཀྱང་མུ་སུ་ལུན་དྷ་དེ་མངོན་པར་མཐོང་ནས་རིངས་པ་དང་བཅས་ པས་གང་ན་ལྷའི་བདག་པོ་ཡོད་པ་དེར་ཕྱི་བཞིན་འབྲང་བའི་འཁོར་དང་བཅས་པ་རྣམས་ཉེ་བར་རྒྱུག་པར་བྱེད་དེ། རོལ་མོ་དང་གླུ་དང་བཅས་པ་ལ་གླུ་ལ་རབ་ཏུ་རྗེས་སུ་དགའ་བའི་ཡིད་ཅན་དེ་དག་རྣམས་ཕན་ཚུན་འདྲེ་བར་གྱུར་པས་གནས་བཞིན་དུ་རྟག་ཏུ་ནམ་མཁའ་ལ་དང ། རི་ དེའི་རྒྱབ་ལ་ཡང་གར་བྱེད་པར་འགྱུར་བ་དང ། གླུ་ལེན་པར་འགྱུར་བས་ཀྱང་མུ་སུ་ལུན་དྷ་མངོན་པར་སྟོད་པར་བྱེད་ཅིང ། རྔ་སྐད་ཡན་ལག་ལྔ་དང་ལེགས་པར་ལྡན་ཞིང་ཡང་དག་པར་ལྡན་པས་དུས་ཡུན་རིང་པོར་རྩེད་མོ་དུ་མ་བྱེད་དོ། །དེ་དག་རྣམས་དེ་ལྟར་རྩེ་བར་བྱེད་ 70-1-52b པ་དང་དགའ་བར་ཡང་བྱེད་པ་ལས། གཞན་ཡང་དུས་རིང་དུ་འདའ་བར་གྱུར་པ་ན་རྣམ་པ་དེ་སྲིད་ཁོ་ནའི་འོད་ཀུན་ཏུ་བྱུང་བར་གྱུར་པ་ནི་སྔ་མ་ཁོ་ན་བཞིན་ཏེ། དེ་ནས་གཞན་ཡང་ལྷ་རྣམས་སྐྱེས་པ་ནི་མཆོག་ཏུ་ངོ་མཚར་བ་ཡང་དག་པར་སྐྱེས་པ་སྟེ། གཞན་འགའ་ཞིག་ནི་ ཤིན་ཏུ་འཇིགས་པའི་ཡིད་ཀྱིས་གང་ན་ལྷའི་བདག་པོ་ཡོད་པ་དེར་ཡང་དག་པར་འཁྱུད་པར་བྱེད་དེ། ཤིན་ཏུ་སྐྲག་པ་སྙིང་ལ་རྗེས་སུ་ཞུགས་པའི་ཕྱིར་རོ། །གཞན་ནི་ནམ་མཁའི་དཀྱིལ་དུ་ལྟ་བར་གྱུར་པས་དཀྱིལ་དེ་ལ་ཆེད་ཆེ་བ་སྐྱེའོ། །གཞན་འོད་དེ་ལྷུང་བའི་དོན་གང་ ཡིན་པ་ཐོས་པ་རྣམས་ནི་ལྷུང་བ་དེ་ངེས་པར་ཤེས་པ་པོ་ལྷ་མུ་སུ་ལུན་དྷ་ལ་སོགས་པ་བག་མེད་པ་དང་བྲལ་བ་རྣམས་དེའི་ཚེ་གུས་པ་དང་མ་བྲལ་བས་སངས་རྒྱས་ལ་རབ་ཏུ་ཕྱག་འཚལ་བར་བྱེད་དོ། །གཞན་དག་ནི་སེམས་སྟོབས་ཉམས་པ་དང་བརྟན་པར་གནས་པ་བཅོམ་པས་ཕུག་ གི་སྒོ་དང་ཤིང་གསེབ་རྣམས་སུ་གབ་པར་འགྱུར་རོ། །གཞན་ནི་སླར་ཡང་གང་ན་འཐབ་བྲལ་གྱི་བདག་པོ་ཡོད་པ་དེར་སྐྱབས་པའི་དོན་དུ་རྒྱུག་པར་བྱེད་དེ། སྐྱབས་བཙལ་བའི་དོན་དུའོ། །དེ་དག་དེ་ལྟར་མཆོག་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཤེས་པ་པོ་མངོན་པར་མཐོང་ནས་ ཐམས་ཅད་ཀྱི་མུ་སུ་ལུན་དྷ་ལ་གསོལ་པ། འོད་ནམ་མཁའ་ལ་གནས་ནས་ལྷུང་བ་གང་ཡིན་པ་དེ་དག་ཇི་ལྟ་བ་བཞིན་དུ་ལྷས་ཤེས་པར་མཛད་དུ་གསོལ། ལྷ་ལེགས་པར་ཤེས་པར་མཛོད་དང་རྣམ་པ་དེ་ལྟ་བུ་ལྷུང་བ་དེ་ཅི་ལགས། དེ་ནས་ལྷ་དེ་དག་རྣམས་གང་ཡིན་པས་མི་ ཤེས་པའི་དོན་དེ་དག་རྣམས་ཀྱིས་ལྷའི་བདག་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟ་བར་བདག་ཅག་རྣམས་ཀྱིས་མི་འཚལ་ན་ལྷ་རྣམས་ཀྱི་བདག་པོ་ངོ་མཚར་བ་དེ་དག་ཅི་ལགས། འདི་དག་བདག་ཅག་གིས་མཐོང་ལགས་ཀྱང་རྟོགས་པ་ནི་མ་ལགས་རྣམ་པ་དེ་ལྟ་བུ་འདི་ཅི་ ལགས། དེ་ནས་ལྷའི་ཚོགས་ཐམས་ཅད་འདུས་པ་ལ་འཐབ་བྲལ་བ་རྣམས་ཀྱི་བདག་པོས་འདི་སྐད་ཅེས་བརྗོད་དོ། །རུང་གིས་གང་ཞིག་བདག་ཉིད་ཐམས་ཅད་ཁོ་ནས་ནམ་མཁའ་ལས་ལྷུང་བ་དེ་དག་ནི། མཆོག་ཏུ་ངེས་པར་འབར་བ་གང་ཡིན་པ་དེ་ནི་མིག་ལས་འདས་ནས་ལྷག་ 70-1-53a པར་གནས་པ། ཁྱེད་རྣམས་ཀུན་ནས་སྐྲག་པར་བྱེད་པ་དང་ངོ་མཚར་བ་སྐྱེད་པར་བྱེད་པ་རྣམས་ཉོན་ཅིག་།དེ་ནས་ངོ་མཚར་བས་ཡིད་ཚིམ་པ་མེད་པའི་ཀུན་ནས་འདུས་པ་དེ་དག་རྣམས་ཉིད་ཐམས་ཅད་ལ་འཐབ་བྲལ་གྱི་བདག་པོ་དེས་འདི་སྐད་བརྗོད་དེ། ཉོན་ཅིག་དང་ གང་ཡང་ལྷུང་བ་དེ་དག་ནི་རྣམ་པ་ཐམས་ཅད་དུ་ཚད་དང ། མདོག་དང ། དབྱིབས་དང ། ཚེའི་ཚད་རིང་བ་དང ། སོ་སོའི་ལས་རྣམས་ཀྱང་རེ་རེ་ཞིང་བརྒྱ་འགྱུར་གྱིས་ལྷག་པར་གྱུར་པའི་ལྷའི་རིགས་བདག་ཅག་གི་སྟེང་ན་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞལ་ཡས་ ཁང་སྟེ། མཆོག་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་རྣམ་པ་ལྔ་མ་ཉམས་པ། མ་བརྟོལ་བ། མ་ཟགས་པ། བརྟན་པ། སྙིང་པོ་དང་ལྡན་པ་དང་རྣམ་པ་དུ་མར་ཡང་སྟེ། མིར་གྱུར་པ་གང་དག་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་དགའ་ལྡན་གྱི་ལྷ་ཞེས་བྱ་བ་དེ་དག་རྣམས་ ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་གི་ཡང་རྩེད་མོ་གང་ཡིན་པ་དང ། དགའ་བ་གང་ཡིན་པ་དང ། ནགས་ཚལ་གང་ཡིན་པ་དང ། ལྷའི་བུ་མོ་གང་ཡིན་པ་དང ། འོད་ཟེར་གྱི་རྣམ་པ་ཇི་ལྟ་བུ་གང་ཡིན་པ་དང ། གང་ཡང་གཟུགས་དང ། གཟི་བརྗིད་གང་ཡིན་པ་དང ། གང་ཡང་ ཤེས་རབ་དང ། གང་ཡང་ཚེ་རིང་བ་དང ། ཇི་སྲིད་དུ་རྣམ་པ་དུ་མ་རྣམས་དང་གང་ཡང་བདེ་བ་རྣམས་དང་ལུས་དང ། ཡིད་དང ། གང་ཡང་ལོངས་སྤྱོད་དང ། རྣམ་པ་ཇི་ལྟ་བུའི་གཟུགས་ཀྱི་ལྷའི་བུ་མོ་རྣམས་ཀྱི་ཡང་ཁྱད་པར་ལ་འཐབ་བྲལ་གྱི་ལྷས་བཅུ་དྲུག་ཆར་ཡང་མི་ཕོད་དོ། ། དེ་དག་རྣམས་ཀྱི་གཟི་བརྗིད་གང་ཡིན་པ་འདི་བདག་ཅག་རྣམས་ཀྱིས་བརྗོད་པར་མི་ནུས་སོ། །དེ་དག་རྣམས་ཀྱི་ཁྱད་པར་གྱིས་བདག་ཅག་རྣམས་སྲིན་བུ་མེ་ཁྱེར་ཙམ་དུ་ཡང་གཟི་བརྗིད་ཀྱིས་མི་ཕོད་ལ་ལོངས་སྤྱོད་ཀྱིས་ཀྱང་མི་ཆོག་གི་ཅུང་ཟད་ཙམ་ཆ་འདྲ་བར་ཟད་དོ། །དེ་དུས་རིང་པོར་རྣམ་པ་ དུ་མར་བདེ་བ་རྣམས་ལ་ལོངས་སྤྱོད་ནས་ལྷའི་མཆོག་ཏུ་དགའ་བར་གྱུར་པའི་བདེ་བ་མཆོག་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་པ་རྣམ་པ་སྣ་ཚོགས་པའི་ཡུལ་ལ་ལོངས་སྤྱོད་པ་དགའ་བར་གྱུར་པ་ནི་འཐབ་བྲལ་གྱི་ལྷ་རྣམས་ལས་རིམ་པ་ཐམས་ཅད་ཀྱིས་ཤིན་ཏུ་འདས་པ་ 70-1-53b ཡིན་ཞིང ། དུས་ཡུན་རིང་དུ་འདས་པའི་ཕྱིར་དང ། དེའི་ལས་རྣམས་ཀྱང་ཟད་པས་དང ། མི་རྟག་པའི་ཐོག་ངེས་པར་བབ་པས་དང ། ངེས་པར་མྱོང་བར་འགྱུར་བ་ཡིན་པས་ཏེ། སེམས་ཅན་ཐམས་ཅད་ཀྱིས་ངེས་པར་མྱོང་བར་འགྱུར་བར་ངེས་པ་ནི་གང་ལོངས་སྤྱོད་དང་ ན་ཚོད་དང་ཤེས་པ་རྣམས་སེམས་ཅན་ཐམས་ཅད་ཀྱིས་ངེས་པར་མྱོང་བར་འགྱུར་བ་ནི་མི་རྟག་པའི་དབང་གིས་ན། ཚེ་ཡོངས་སུ་ཟད་པས་དང ། ལེགས་པར་བྱས་པའི་ལས་རྣམས་ཀྱང་ཡོངས་སུ་ཟད་པར་གྱུར་ནས་འཆི་འཕོས་ནས་དགའ་ལྡན་གྱི་ལྷའི་རིགས་དེ་ལས་ལྟུང་བ་ཡིན་ནོ། ། འབྱུང་བར་འགྱུར་བའི་འདུས་བྱས་དེ་ནི་སྣ་ཚོགས་པའི་བུད་ཤིང་དང་ཆུ་དང་ཡང་དག་པར་ལྡན་པས་འདི་ལྟ་སྟེ། སྐྱེ་བ་དང་ལྡན་པའི་ཡན་ལག་རྣམས་ཀྱང་གར་སྐྱེས་པའི་འདུས་བྱས་རྣམས་ནི་སྟོབས་ཀྱིས་མི་འཇིགས་པ་དེ་ནི་ཁམས་གསུམ་ན་ཡོད་པ་མ་ཡིན་ཏེ། མི་ཟད་པ་དང་མཐར་ ཐུག་པར་མི་འགྱུར་ན་ནི་དེ་དག་རྟག་པར་འགྱུར་བ་ཞིག་ན། སེམས་ཅན་དང་བཅས་པ་རྣམས་ལ་གནས་སྐབས་འདི་ནི་དམིགས་པ་ཡང་མ་ཡིན་ཏེ། འདུས་བྱས་རྣམས་ནི་འཇིག་པར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །སེམས་ཅན་ངེས་པར་ལྟུང་བའི་མཐའ་པ་ཡིན་པས་བདག་ ཅག་གི་ལྷའི་རིས་སུ་དེ་དགའ་ལྡན་ནས་ལྷུང་ངོ ། །དེའི་ཡང་ལེགས་པར་བྱས་པའི་ལས་ཟད་ནས་དེའི་རྗེས་ཉིད་ལ་འཆི་འཕོ་བར་འགྱུར་རོ། །སྣུམ་དང་སྡོང་བུ་ཟད་པ་ན་སྒྲོན་མ་སྒྲོན་མའི་ཡུལ་ཕྱོགས་སུ་དུས་ཀྱི་རླུང་གིས་ཡིད་རྣམས་རབ་ཏུ་ཉམས་པར་འགྱུར་རོ། །ཇི་ལྟར་ས་བོན་གྱི་རྣམ་ པ་ཉམས་པའི་དུས་ཀྱི་རྗེས་ཐོགས་ལ་མྱུ་གུ་སྐྱེ་བར་འགྱུར་བ་དེ་བཞིན་དུ་ལས་དང་བཅས་པར་ལྐོག་ཏུ་གྱུར་པའི་ཚེ་ཡོངས་སུ་ཟད་པར་གྱུར་པ་དེ་དག་དེའི་རྗེས་ལ་དེ་ལྟར་འཆི་འཕོའོ། །དེའི་འོད་དེ་དག་ཁྱེད་ཀྱིས་མཐོང་བར་ཟད་དོ། །ལས་ཡོངས་སུ་ཟད་ནས་ཤི་བའི་རོ་དེའི་ལུས་རྣམ་པར་ཉམས་ པ་དེའི་འོད་ཀྱང་འདི་ཡིན་ན། གང་ཡང་གཞན་ལས་གཅིག་གིས་ཡོངས་སུ་སྤྲུལ་པའི་མཆོག་ཏུ་རྒྱ་ཆེ་བས་མཆོག་ཏུ་རྒྱ་ཆེ་བར་གྱུར་པ་ངེས་པར་འབྱུང་བའི་ལས་ཀྱི་འབྲས་བུ་དགེ་བས་སྤྲུལ་པ་མཆོག་ཏུ་འོད་ཀྱི་རང་བཞིན་ཡིན་པ་དེའི་དཔེ་བརྗོད་པ་འདིས་ནི། ཀྱེ་འཐབ་བྲལ་ 70-1-54a བ་རྣམས་དཔེ་བརྗོད་པ་གོ་བར་གྱིས་ཤིག་དང ། གང་ལ་རྣམ་པ་འདི་ལྟ་བུའི་འོད་ཡོད་ན་འོད་དང་རྒྱན་དུ་མས་མངོན་པར་བརྒྱན་པ་མཆོག་ཏུ་ཡིད་དུ་འོང་བ་གང་ཡིན་པའི་དཔེ་བརྗོད་པར་བྱ་བར་མི་ནུས་ཏེ། དེ་རྣམ་པ་འདི་ལྟ་བུའི་དགེ་བའི་ལས་ཀྱིས་བཞི་ འགྱུར་དུ་སྤྲུལ་པ་དེ་ཡང་ཡོངས་སུ་ཉམས་པར་གྱུར་ན། སུམ་འགྱུར་གྱི་ཤིན་ཏུ་ཆུང་བའི་ལས་ཀྱིས་སྤྲུལ་པ་འཐབ་བྲལ་བ་རྣམས་སུ་སྐྱེས་པ་ཁྱེད་ཅག་རྣམས་ཀྱི་བདག་གི་དངོས་པོ་རྙོག་མ་དང་བཅས་པ་དམན་པའི་ལུས་རྣམས་ལ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་མུ་སུ་ལུན་དྷས་ ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། མི་རྟག་མིག་བཟློག་འོད་ཀྱིས་ནི། །རབ་ཏུ་བསྲེགས་པ་དགའ་ལྡན་ལྷ། །དེ་དབང་ལྟོས་ནས་ངེས་པར་འགག་།མར་མེ་སྣུམ་ནི་ཟད་པ་བཞིན། །ལས་ཀྱིས་འཕེན་པས་འཕངས་པ་ཡི། །བཅུ་གཉིས་རྩིབས་ནི་སྟོབས་པོ་ཆེ། །ལས་ཀྱི་ འཁོར་ལོ་འཁོར་བ་འདི། །ལྟུང་ཞིང་སྐྱེ་བས་གཡོ་བ་ཡིན། །རྣམ་པ་སྣ་ཚོགས་ཡུལ་རྩོམ་པ། །དུ་མའི་ཁ་དོག་དང་ལྡན་པའི། །དགའ་ལྡན་ལྟུང་འགྱུར་རང་དབང་མེད། །དུས་ཀྱི་དབང་གིས་འོང་བ་ཡིན། །དུས་ཀྱི་དབང་གིས་ཞུགས་པ་ནི། །ཇི་ལྟར་ཤིང་རྣམས་སྐྱེ་བ་ ཡིན། །དེ་ཡང་དུས་དང་ཕྲད་ནས་ནི། །འོད་ནི་འདིར་ནི་འོངས་པ་ཡིན། །ཇི་ལྟར་དུས་སུ་ལེགས་ཕྱིན་ནས། །ལྷ་ནི་བདེ་བར་འགྱུར་བ་ཡིན། །ཕྱི་ནས་དེ་ཉིད་ཀུན་བཏང་ནས། །དབང་དང་བྲལ་བས་དེ་ལྟུང་ངོ ། །ལས་ཀྱི་དུས་ནི་ཡོངས་ཐོབ་ནས། །འཇིག་རྟེན་འདི་ནི་ཡོངས་སུ་ འཕེལ། །བདེ་ལྡན་སྡུག་བསྔལ་ལ་ལྡན་འགྱུར་བ། །དུས་ཀྱི་དབང་གིས་འོང་བ་ཡིན། །གལ་ཏེ་བདེ་འམ་སྡུག་ཀྱང་རུང ། །འཇིག་རྟེན་རྟག་པར་ཡིད་བརྟན་མིན། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡི། །བདེ་སྡུག་རྣམ་པ་ཐ་དད་དེ། །ཡོད་མིན་བདེ་བ་འགའ་ཞིག་ནི། །དེ་དག་ལས་ དབང་རྗེས་སུ་འགྲོ། །དེ་ལྟར་སྡུག་བསྔལ་མི་འདོད་ཀྱང ། །སྐྱེས་བུ་ལས་ཀྱི་རྒྱུ་ཅན་ཡིན། །ཕན་ཚུན་འབྲས་བུ་ཀུན་བྱུང་ནས། །འདུས་བྱས་ཀུན་ནི་རབ་ཏུ་འཇུག་།དེ་ཉིད་རྒྱུར་ནི་ཤེས་བྱས་པས། །འཕགས་པའི་བདེན་པ་བཞི་ཡིན་ཏེ། །འཕགས་པའི་བདེན་པ་རྟོགས་པ་ 70-1-54b ཡི། །སྐྱེས་བུ་རྟག་ཏུ་གྲོལ་བ་ཡིན། །ཡུལ་ལ་ཤིན་ཏུ་རྨོངས་པ་ཡི། །སྐྱེ་དགུ་འཁོར་བ་འཁོར་ལོ་བཞིན། །དོན་རིག་དེ་ཉིད་ལ་མཁས་པའི། །སྐྱེ་བོ་ཡང་ནི་གྲོལ་བ་ཡིན། །དེ་དེ་ལྟར་རྟོགས་སེམས་ཅན་ནི། །སྐྱེ་དགུ་ཐམས་ཅད་རྟག་པ་མིན། །བློ་ལྡན་ལེགས་པར་བྱ་བ་གྱིས། ། སྐྱོན་རྣམས་ཀྱང་ནི་སྤང་བར་གྱིས། །དེ་ལྟར་འཇིགས་པ་དང་བཅས་པའི་འཐབ་བྲལ་གྱི་ལྷ་ཤིན་ཏུ་འཐབ་བྲལ་ལ་སོགས་པ་དེ་དག་རྣམས་ལ་རྣམ་པར་རྟོག་པ་དུ་མས་ཀྱང་ལམ་དེ་སྟོན་པ་པོ་ཆོས་ཉིད་དང་ཉེ་བར་འབྲེལ་བའི་འཐབ་བྲལ་གྱི་མངའ་བདག་དེས་ཆོས་བསྟན་ཏོ། །དེ་ནས་ལྷ་དེ་ རྣམས་བསམ་པ་ཐ་དད་པ་སྐྱེས་པའི་ཡིད་ཅན་རྣམས་ལ་འགའ་ཞིག་ནི་སྐྱོ་བར་གྱུར་པའི་ཡིད་ཅན་དུ་གྱུར་ཏོ། །ཁ་ཅིག་ནི་འཁོར་བ་ལ་མངོན་པར་ཕྱོགས་པར་གྱུར་པའི་ཡིད་ཅན་དུ་གྱུར་ཏོ། །གཞན་ནི་རབ་ཏུ་འཇིགས་པའི་ཡིད་སྐྱེས་སོ། །གཞན་ནི་མི་སླུ་བའི་ཚིག་ཐོས་ནས་སླར་ཡང་ འཇུག་པར་བྱེད་པའི་ཡིད་ཀྱིས་ཡུལ་དེ་རྣམས་ལ་ཆེད་དུ་བྱེད་པས་ནགས་དང་ཉེ་བའི་ནགས་དང་ཡང་དག་པར་ལྡན་པའི་རྣམ་པ་སྣ་ཚོགས་པའི་སྐྱེད་མོས་ཚལ་དང ། འབབ་ཆུ་དང ། རྫིང་བུ་དང་ལྡན་པ། འཁྲི་ཤིང་དང་ལྗོན་པས་གང་བ་དང ། རིན་པོ་ཆེའི་ཁྲོད་དགའ་བ་རྣམས་ན་བྱའི་ སྐད་རྣམ་པ་སྣ་ཚོགས་པ་ཐོས་ན་ཡིད་འཕྲོག་པ། པད་མའི་རྫིང་བུ་བརྒྱས་བརྒྱན་པས་དགའ་བར་གྱུར་པ་ན་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དེ་ལ་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱི་ཡུལ་དང ། གླུ་མཁན་དུ་མ་ཡིད་དུ་འོང་བས་བསྟེན་པས་རྒྱུན་གྱི་རིའི་ རྒྱབ་དགའ་བ་ན་རྗེས་བཞིན་འབྲང་བའི་འཁོར་དང་བཅས་པ་ཡུལ་ལ་འཆུམས་པའི་སྐྱེ་བོ་དེ་མཆོག་ཏུ་མ་བགྲངས་པར་ཕྱིར་ཡང་དགའ་བའི་ཡུལ་གྱི་དབང་དུ་གྱུར་ནས་ལྷན་ཅིག་སྤྱོད་པའི་འཁོར་གྱིས་བསྐོར་ནས་དགའ་ཞིང་ཀུན་ཏུ་སྤྱོད་དོ། །རྣམ་པ་སྣ་ཚོགས་པའི་ཡུལ་གྱི་བདེ་བ་རྣམ་པ་དུ་ མ་ལ་བརྟེན་ནས་བསྒྲུབ་པར་དཀའ་བའི་རི་ལས་གྱུར་པའི་སེམས་སྤྲེའུ་དེ་རྣམ་པ་དེ་ལྟ་བུའི་བདེ་བ་དང་ཡང་དག་པར་ལྡན་པའི་ལྷ་རྫས་ཀྱི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་ལས། གཞན་ཡང་གང་ན་རྩེད་མོའི་ནགས་ལེགས་པར་གནས་པར་དེ་དག་ཉིད་དང་མུ་སུ་ལུན་དྷ་དང་བཅས་ 70-1-55a པ་རྣམས་ཁ་ཅིག་ནི་ནམ་མཁའ་ལས་སོ། །ཁ་ཅིག་ནི་བཞོན་པ་ཆེན་པོ་རྣམས་ཀྱིས་སོ། །ཁ་ཅིག་ནི་རྣམ་པར་རྟོག་པ་དུ་མ་དང་ལྡན་པའི་ཤིང་རྟའི་བཞོན་པ་ལ་ཞོན་པ་ལ་འདི་ལྟ་སྟེ། རྨ་བྱའི་རྒྱབ་ཏུ་དང ། ཁ་ཅིག་ནི་གླང་པོ་ཆེའི་བཞོན་པས་སོ། །ཁ་ཅིག་ནི་ངང་པའི་བཞོན་པས་སོ། །ཁ་ཅིག་ནི་ ཀཱ་རཎྜ་པའི་རང་བཞིན་གྱི་བཞོན་པས་སོ། །ཁ་ཅིག་ནི་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གླུ་ལེན་པར་བྱེད་དེ། གླུ་དང ། རྔ་སྒྲ་དང ། རོལ་མོའི་སྒྲ་ཀུན་ཏུ་སྒྲོགས་པས་མཐོ་རིས་ཀྱི་ཉེ་བའི་ནགས་སུ་བྱེད་པས་མུ་སུ་ལུན་དྷ་སྡུན་དུ་ བྱས་ནས་གང་ན་རྩེད་མོའི་ནགས་ཞེས་བྱ་བའི་ནགས་མུ་སུ་ལུན་དྷའི་གནས་ཡོད་པ་དེར་ཉེ་བར་འགྲོའོ། །རྣམ་པ་སྣ་ཚོགས་པས་བསྐྱེད་པའི་བློས་གནས་དེ་ལྷ་འགའ་ཞིག་ནི་ཡིད་འབྱུང་བར་འགྱུར་རོ། །ཁ་ཅིག་ནི་བག་མེད་པ་ལ་གནས་པས་དེ་བཞིན་དུ་དགའ་བར་བྱེད་དེ། རྣམ་པར་ རྟོག་པ་དུ་མས་ཡུལ་གྱི་བདེ་བ་རྣམས་ལའོ། །དེ་ལྟར་གང་རྩེད་མོའི་ནགས་ན་རྒྱུན་དུ་གནས་པའི་འཐབ་བྲལ་གྱི་ལྷ་རྣམས་དང ། གཞན་ཡང་ཚོགས་པ་རྒྱུ་བ་ན་གནས་པ་དེ་དག་རྣམས་ཡང་རྒྱུན་གྱི་རིའི་རྒྱབ་ཏུ་རྣམ་པ་སྣ་ཚོགས་པའི་བསམ་པ་ཅན་རྣམ་པ་དུ་མའི་བློ་དང་ལྡན་པ་རྣམས་ དགའ་བར་བྱེད། ཀུན་ཏུ་དགའ་བར་ཡང་བྱེད་དོ། །ཁ་ཅིག་ནི་སྐྱོ་བའི་ཡིད་ཅན་དུ་འགྱུར་རོ། །དེ་ལྟར་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མ་དང་ཡུལ་དུ་མ་ལ་དགའ་བར་བྱེད་དེ། རྒྱུན་ན་གནས་པའི་ལྷ་དེ་རྣམས་དུས་དེ་སྲིད་དུ་དགའ་བར་བྱེད་ཀུན་ཏུ་སྤྱོད་པར་ཡང་བྱེད་དེ། ཇི་ སྲིད་དུ་འདོད་པའི་སྡུག་པ་ཡིད་དུ་འོང་བའི་རྒྱུར་གྱུར་པའི་ཡིད་དུ་འོང་བའི་ལས་རྣམས་ཟད་པ་དང ། རུལ་བ་དང ། རྣག་པར་མ་གྱུར་གྱི་བར་དུའོ། །དེ་དག་དེ་ལྟར་ཡང་ཡུལ་དུ་མའི་བདེ་བས་རྣམ་པར་མི་ངོམས་པའི་ལྷའི་རིས་དེ་ལས་འཆི་འཕོའོ། །འཆི་འཕོས་ནས་ཀྱང་བསྒྲུབས་ པ་བཞིན་དུ་ལས་ཀྱི་ཞགས་པས་ཉེ་བར་བཅིངས་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་རྣམས་གལ་ཏེ་གནས་གཞན་དུ་མི་རྣམས་དང་སྐལ་བ་འཐུན་པར་མིར་སྐྱེས་ན་དེ་རྟག་ཏུ་གཞོན་ཤ་ཅན་གྱི་མཆོག་ཏུ་འགྱུར་རོ། །དབང་པོ་མ་ཉམས་པ་ 70-1-55b དང ། བློ་དང་ལྡན་པ་དང ། མཆོག་ཏུ་བློ་རྒྱ་ཆེ་བ་དང ། མཆོག་ཏུ་ཕུན་སུམ་ཚོགས་པ་དང ། ཡུལ་ལྗོངས་ཐམས་ཅད་ཀྱིས་མཆོད་པར་འགྱུར་བ་དང ། གཟུགས་དང་ལྡན་པ་དང ། འཇིགས་པ་དང་བྲལ་བ་དང ། རྒྱལ་པོའམ་རྒྱལ་པོའི་བཀའ་བློན་བར་ཡང་ལས་དེ་དག་གི་རྒྱུ་འཐུན་ པས་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་ཤེས་པ་དེ། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལ་རྣམ་པར་ལྟ་བར་བྱེད་པ་ན། འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཡོད་པ་དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་ཀྱིས་མཐོང་ལ། དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་ནི་སྐྱེས་བུ་དམ་པ་གང་གིས་སྐྱེས་བུ་དམ་པའི་རྗེས་སུ་བསྟེན་པ་ལས་དང་།འབྲས་བུ་ལ་དད་པ་དང་ལྡན་པ། དྲང་པོ་དྲང་པོའི་རང་བཞིན་ཅན་ཆོས་ཀྱི་རྗེས་ སུ་འཇུག་པས་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས་དད་པའི་སྟོབས་ཀྱིས་རྟག་ཏུ་ཡང་ལས་རྣམས་ལ་སེམས་པར་གྱུར་པ། ཡང་དག་པའི་ལྟ་བ་ཅན། ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བས་སེམས་ལས་སུ་རུང་བ་དང ། རྟག་ཏུ་ཡང་རྒན་པོ་རྣམས་ཀྱིས་རྗེས་སུ་གདམས་པར་བྱེད་པ་དགེ་བའི་ བཤེས་གཉེན་ལ་སྟེན་པ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་རྟག་ཏུ་དང་བར་གྱུར་པའི་རང་བཞིན་ཅན། འཆི་འཕོ་དང་སྐྱེ་བའི་རྒྱུན་ལ་དད་པ་དང་ལྡན་པ། རྟག་པར་ཡང་ལེགས་པར་རབ་ཏུ་བཟུང་བའི་དབང་པོ་ཅན་ཡུལ་རྣམས་ཀྱིས་བསྡུས་པའི་འཁོར་བའི་འཇིགས་པས་ འཇིགས་པ་དང་ལྡན་པ། རྣམ་པར་འབྲལ་བའི་སྡུག་བསྔལ་ལ་བསལ་བར་ཤེས་པ་སྐྱེ་བ་དང ། རྒས་པ་དང ། འཆི་བ་དང ། མི་འཐུན་པ་དང་ཕྲད་པ་དང ། འཐུན་པ་དང་བྲལ་བའི་སྡུག་བསྔལ་མངོན་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཉེས་དམིགས་རྣམས་ཤེས་པ། རྟག་ཏུ་ ཡང་དག་པར་བརྩོན་པས་དགེ་བའི་ལས་རྣམས་ལ་སྤྱོད་པ། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ། རྟག་ཏུ་ཡང་དམ་པའི་ཆོས་ཉན་པ་ལ་བྲོད་པར་གྱུར་པ། དེར་གཏོགས་པ་རྣམས་ལ་དཔྱོད་པར་བྱེད་པ་ཐོས་པའི་དོན་དེ་ཁོ་ན་ཉིད་ལ་བློ་གཞོལ་བ་དེའི་སྒོ་ནས་དེ་ལ་ཆེད་ཆེར་བྱེད་པ། 70-1-56a འདོད་པའི་རོ་མྱང་བ་རྣམས་སྙིང་པོ་མེད་པར་ཤེས་པས་རྟག་ཏུ་ཡང་དབང་པོ་ལྔ་ལེགས་པར་སྡོམ་པར་གྱུར་ནས། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་སྤངས་པར་གྱུར་པ་ནི་སྔ་མ་བཞིན་ཏེ། འདོད་པ་ལ་ལོག་པར་གཡེམ་པ་ཡང་ཡོངས་སུ་སྤངས་པར་གྱུར་པ་ ནི་བུད་མེད་རྣམས་དང་ལྷན་ཅིག་ཏུ་མིག་ཀྱང་ལེགས་པར་ལྟ་བར་མི་བྱེད་དོ། །དེ་དག་གི་གར་རམ་གླུའམ། རྒྱན་གྱི་སྒྲ་ཐོས་ན་ཡང་རོ་མྱོང་བར་མི་བྱེད་དོ། །ཅུང་ཟད་ཙམ་ཞིག་མཐོང་བའམ་ཐོས་པས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལྷན་ཅིག་དགའ་བར་བྱས་ནས་རངས་ པར་བྱེད་པ་དང ། དེ་ལ་སོང་བར་འགྱུར་བའི་ཡིད་ཅན་ཡང་མ་ཡིན་ནོ། །རྨི་ལམ་ན་ཡང་བུད་མེད་དང་སྟེན་པར་བྱེད་པ་དང ། ཉིན་མོ་ཡང་རྣམ་པར་ཞེན་པར་བྱེད་པ་དང ། དེ་ལ་སོང་བའི་བློས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་མ་ཡིན་ནོ། །རྟག་པར་ལྡན་པར་རབ་ཏུ་འཇུག་པར་ མི་བྱེད་དོ། །རྟག་པར་ཡང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྒྱུ་བར་བྱེད་དོ། །དུག་བཞིན་དུ་ཡང་འདོད་པ་ལ་ལོག་པར་གཡེམ་པ་ཡོངས་སུ་སྤོང་བར་བྱེད་དོ། །དེ་དེ་ལྟ་བུའི་ཡོན་ཏན་རྣམས་དང་ལྡན་པ་དེ་དགེ་བར་སྤྱོད་པ་རྟག་པར་ཡང་དགེ་བ་ལ་འཇུག་པས་བློ་རྣམ་པ་དུ་མར་དྲི་མའི་རྙོག་པ་ལེགས་ པར་སྦྱངས་པ། དྲང་པོ་དྲང་པོའི་རིགས་ཅན་ཀུན་ནས་ཡོངས་སུ་དག་པའི་ཚུལ་ཁྲིམས་སྤྱོད་པར་གྱུར་པས་ལུས་ཞིག་པ་ན་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལས་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་རྒྱ་ཆེ་བའི་ཁོར་ཡུག་ན་སྤྱོད་པར་སྐྱེའོ། །ཡོན་ཏན་གསུམ་དང་ལྡན་པ་དེས་བསྟེན་ ཅིང་བསྒོམས་ལ་ལན་མང་དུ་བྱས་པའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ཚུལ་ཁྲིམས་ལ་སྤྱད་པའི་འབྲས་བུས་དེར་སྐྱེས་པ་ན་ལྷའི་བྱ་མཐོང་ཞིང་སྒྲ་ལེགས་པར་འདོན་པ་ཡང་ཐོས་ཏེ་མཆོག་ཏུ་ཐོས་ན་ཡིད་འཕྲོག་པ་དང ། མདོག་བལྟ་བར་སྡུག་པ་དང ། བྱ་དེ་རྣམས་ཀྱིས་ཀྱང་ སྣོམ་པར་བྱ་བ་དེ་དག་རྗེས་སུ་ལོངས་སྤྱོད་པར་བྱེད་དེ། དང་པོ་ཁོ་ན་རེག་པར་བྱེད་པ་ཡང་མཆོག་ཏུ་བདེ་བའི་རེག་བྱ་ཅན་བདེ་བ་བྱེད་པའི་རེག་བྱ་གང་ཡིན་པ་སྔོན་ནམ་ཡང་མ་རེག་པ་རྣམས་སོ། །ཡིད་ཀྱང་ཤིན་ཏུ་རབ་ཏུ་དང་བ་རྙོག་པ་མེད་པ་རབ་ཀྱི་མཆོག་ཏུ་རངས་པ་མཆོག་ 70-1-56b ཏུ་ཡིད་དུ་འོང་བར་སྤྱོད་པའི་ཡིད་དང་ཡང་དག་པར་ལྡན་པས་ཡིད་རབ་ཏུ་རངས་པ་ཡིན་ནོ། །རོ་རྣམས་ཀྱང་རྣམ་པ་སྣ་ཚོགས་མྱོང་བར་བྱེད་དོ། །གང་ཡང་སྔོན་ནམ་ཡང་མ་མྱངས་པ་དེ་ལྟར་རྣམ་པར་ཤེས་པ་དྲུག་གི་ཚོགས་རྣམ་པར་ཆགས་ཤིང་དགའ་བ་དེ་ལྟར་སྔ་ན་མེད་པ་ཉེ་ བར་ལོངས་སྤྱོད་པར་གྱུར་པ་ན་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་ནི་གང་ཡིན། གང་ཞིག་ཏུ་བདག་བྱུང་བར་གྱུར་ན་དེ་ལ་བདག་གིས་ཐམས་ཅད་ཤིན་ཏུ་དགའ་བར་གྱུར་པ་དང ། འཇིག་རྟེན་འདི་ཐམས་ཅད་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བའི་གཟུགས་གཅིག་ཏུ་བདག་གིས་མཐོང་ ངོ ། །གཞན་ཡང་རང་གི་ལུས་ཀྱི་བཀོད་པ་མཐོང་བ་ན་རང་གི་འོད་ཉི་མ་བས་ཆེས་ལྷག་པས་རྣམ་པར་རྒྱལ་བར་གྱུར་པ། ཤ་དང་རུས་པ་དང་ཆུ་སེར་དང་བྲལ་བ། མི་གཙང་བ་རྣམས་དང་བྲལ་བ། མིག་འཛུམས་པ་དང་འབྱེད་པ་དང་བྲལ་བ། རྩ་དང་རྒྱུས་པ་དང་རུས་པ་རྣམས་དང་ བྲལ་བ། ཚིགས་དང་གནད་རྣམས་དང་དེ་ཀུན་ནས་འཛིན་པ་དང་བྲལ་བ། ས་གཞི་དང་གྲིབ་མ་དང་བྲལ་བ་རྩུབ་མོ་བྲལ་བས་ལུས་དང་ཡུལ་དང་ཡུལ་ཕྱོགས་སོ་སོ་ཤིན་ཏུ་འཇམ་པ་རྡུལ་དང་འགྲོ་བ་ལས་ཀྱིས་དུབ་པ་དང་བྲལ་བ། གློན་པ་དང་འདོད་པའི་ཐོག་རྡུངས་དང་འགྲོ་འོང་དོན་དུ་གཉེར་བའི་ ཐོག་རྡུངས་དང་བྲལ་བ། ཆུ་སེར་རྡོ་རྗེའི་ཀྱི་གྱོག་དང་ཕན་ཚུན་དུ་འགལ་བའི་འཁོར་ལོ་སྤུའི་ཀྱི་གྱོག་གཅིག་ཏུ་སྐྱེས་པའི་སྤུ་དང་སྐྲ་རྣམས་དང་བྲལ་བ། པགས་པ་དང་མིག་གིས་མཐོང་བ་ཐོགས་པ་དང་བྲལ་བ། སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱི་ ཡུལ་རྣམས་ལ་དོག་པ་དང་བྲལ་བ། ལུས་ཀྱི་རིང་བ་དང་ཐུང་བ་དང་བྲལ་བ། གསར་པ་དང་གསར་པ་མ་ཡིན་པ་ལས་འདས་པ་ཉིད་ཀྱི་ལུས་དེའི་དུས་ན་བུད་མེད་ལ་ལྟ་བའི་སེར་སྣ་དང་ཕྲག་དོག་དང་འཇིགས་པ་དང་ཞེན་པ་དང་བྲལ་བ། འདུས་པ་ལ་དགའ་བ་དང་བྲལ་བ། སློང་བ་དོན་ དུ་གཉེར་བའི་འཇིགས་པ་དང་བྲལ་བ། ངར་འཛིན་པ་འཁོར་ལོའི་རྫས་དང ། འགྲོ་བ་དང་འོང་བ་ན་ཕྱིར་རྒོལ་བའི་འཇིགས་པ་དང ། སྤྲུལ་པའི་གནས་ལ་འཇིགས་པ་དང ། རང་གིས་བུད་མེད་ཡོངས་སུ་འཛིན་པའི་སྐྱོན་རྣམས་དང་བྲལ་བ། ཁ་ཅིག་ནི་ནགས་ན་ཀུན་ཏུ་རྒྱུ་བའི་འཇིགས་ 70-1-57a པ་དང ། དགྲའི་འཇིགས་པ་དང་བྲལ་བ། དོག་པའི་འཇིགས་པ་དང་བྲལ་བ་ཡོངས་སུ་མགུ་བར་བྱེད་པ་དང ། རང་གི་ལྟ་བ་དང་འདོད་པ་ཉམས་པ་དང་བྲལ་བའོ། །རྣམ་པ་དུ་མའི་ལྷ་རྫས་ཀྱི་ཡུལ་སྟེན་པ་ས་རབ་ཏུ་འཕེལ་བས་ཆེད་ཆེར་བྱེད་པ་མངོན་པར་ཞེན་པས་ བདེ་བ་ལ་མངོན་པར་འཆུམས་པ་བློ་དམན་པར་གྱུར་པས་འདི་ལྟར་སེམས་ཀྱིས་བསམས་ནས་རབ་ཏུ་རྟོག་པར་བྱེད་དེ་ང་ནི་གང་ཡིན། གང་ནས་འདིར་འོངས། གནས་འདིའི་མིང་ནི་ཅི་ཡིན་ཞེས་དེ་ལྟར་དེའི་བློས་རབ་ཏུ་རྟོག་པར་འགྱུར་བ་ནི་དཔེར་ན་ར་རོ་བར་གྱུར་པའི་སྐྱེས་བུ་ཉལ་བའམ་གཉིད་ འགགས་ནས་ཐུན་གསུམ་ལ་རབ་ཏུ་སད་པ་ན་ཡིད་ཀྱིས་རབ་ཏུ་རྟོག་པར་བྱེད་དེ། བདག་ནི་གང་ཡིན། གང་ན་གནས་པ་ཡིན། ར་རོ་བ་དེས་བསམ་པས་བསམས་ནས་སོ་སོར་ཤེས་པར་འགྱུར་བ་དེ་བཞིན་དུ་འདིར་ལྷ་གསར་དུ་སྐྱེས་པ་དེས་ཀྱང་དུས་ཤིན་ཏུ་རིང་བར་བསམས་ནས་སོ་སོར་ ཤེས་པར་གྱུར་ཏེ། ཇི་ལྟར་བདག་མི་ནས་འཆི་འཕོས་ནས་འདིར་སྐྱེས་སོ། །དེའི་སེམས་ཅི་འདྲ་བ་ནི་བདག་མིར་གྱུར་པ་ན་མ་ཡིན་ལ། རྣམ་པ་དེ་འདྲ་བའི་ཡིད་ཀྱིས་བསྒོས་པའི་རྒྱུད་ཅན་ཡང་ལྷའི་འཇིག་རྟེན་དེ་ན་ཡོད་པ་རྣམས་ཡིན་ནོ། །ཡུལ་ལྔ་པོ་རྣམས་ལ་འདི་ན་ཞེན་ པར་བྱེད་དེ། དེ་དེ་ལྟར་བསྒོས་པའི་རྒྱུད་ཅན་ཡིན་པས་ལྷའི་འཇིག་རྟེན་དེ་ལ་སོ་སོར་དེ་ཁོ་ན་བཞིན་དུ་མངོན་པར་ཞེན་པར་འགྱུར་རོ། །སྔོན་དེའི་རྒྱུད་ལ་བསྒོས་པར་གྱུར་པས་དུས་ཤིན་ཏུ་རིང་བ་ནི་ལེགས་པར་ཤེས་ཏེ། བདག་ནི་ལྷའི་ནང་འདིར་སྐྱེས་ཏེ་ལེགས་པར་བྱས་པའི་ལས་ཀྱིས་ ལྷའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟ་བུ་གང་ཡིན་པ་ནི་འཐབ་བྲལ་ནས་འཆི་འཕོས་ནས་ལྷར་སྐྱེས་པ་མ་ཡིན་པར་བལྟ་སྟེ། དེ་ནི་རྣམ་པ་དེ་ལྟ་བུའི་རོལ་མོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་ལྷ་ཉིད་ནས་འཆི་འཕོས་ནས་མིར་སྐྱེ་བ་ནི་སྔོན་དེས་བསྒོས་པའི་རྒྱུད་ཡིན་པས་དེ་འདྲ་ བའི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ་མི་རྣམས་ནས་འཆི་འཕོས་ནས་ཡང་དེས་བསྒོས་པའི་རྒྱུད་ཡིན་པས་དེ་ཁོ་ན་འདྲ་བའི་རང་བཞིན་དུ་འགྱུར་རོ། །ལྷར་ཡང་རང་བཞིན་དེས་སྤྱོད་པར་འགྱུར་ཏེ། རང་བཞིན་སེམས་ཀྱི་རྒྱུ་འཐུན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དམྱལ་བ་ནས་འཆི་ 70-1-57b འཕོས་ནས་ལྷར་སྐྱེས་པར་གྱུར་ན། དེ་དམྱལ་བར་ནི་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱིས་གལ་ཏེ་ཤེད་ནའོ། །ཅུང་ཟད་ཅིག་གང་ཞིག་ཏུ་སྤྱད་པ་དེ་ལན་གྲངས་གཞན་ཉིད་ལ་ཡིན་པ་གང་གི་ཕྱིར་དམྱལ་བ་རྣམས་དམྱལ་བར་གནས་ནས་དམ་པའི་ལས་ཅུང་ཟད་ཀྱིས་དེ་ལན་གྲངས་གཞན་ལ་ དེར་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་པ་དེས་རྣམ་པ་དེ་སྲིད་ཀྱི་དེ་དང་ཆོས་འཐུན་པའི་སྡུག་བསྔལ་དེ་སོ་སོར་མྱོང་བར་གྱུར་ནས་རྣམ་པ་དེ་སྲིད་ཉིད་ཀྱི་བདེ་བ་རྣམས་ཉེ་བར་དམིགས་པས་ཕྱིར་ཡང་ཡིད་མཆོག་ཏུ་རངས་པར་འགྱུར་རོ། ་་་།ཁྲོ་བ་ཆེས་ལྷག་པར་འགྱུར་རོ། །ཆེས་ལྷག་པར་བསིལ་བའི་་ ནགས་དང ། ཉེ་བའི་ནགས་དང ། འབབ་ཆུ་དང ། རྫིང་བུ་ལ་སྟེན་པའི་རང་བཞིན་ཅན་དུ་འགྱུར་རོ། །ཤིན་ཏུ་ལྷག་པར་རྣམ་པར་རྒྱུ་བའི་རང་བཞིན་ཅན་དུ་འགྱུར་རོ། །ཤིན་ཏུ་ལྷག་པར་ཟས་ལ་སྤྱོད་པར་བྱེད་པར་འགྱུར་བའི་རང་བཞིན་ཅན་དུ་འགྱུར་ཏེ་དེས་བསྒོས་པའི་རྒྱུད་ཡིན་པའི་ཕྱིར་རོ། ། གལ་ཏེ་ཡི་དགས་ལས་འཆི་འཕོས་པ་ཡིན་ན་དེའི་སྤྱོད་པ་ཆེས་མང་བ་ཡིན་ཏེ། དེས་རྟག་ཏུ་བསྒོས་པའི་ཕྱིར་ཆེས་ལྷག་པར་ཟས་དང་སྐོམ་ལ་སྤྱོད་པར་འགྱུར་རོ། །རྟག་ཏུ་ཡང་ཤིན་ཏུ་བསིལ་བ་ལ་དགའ་བར་འགྱུར་རོ། །བུད་མེད་ལ་སྟེན་པ་ཆེད་ཆེར་བྱེད་པར་འགྱུར་རོ། །དེས་ལྷག་ པར་བསྒོས་པའི་སེམས་དང་ལྡན་པར་འགྱུར་རོ། །གལ་ཏེ་མ་ཡིན་ན་དུད་འགྲོ་རྣམ་པ་དུ་མ་རྣམས་ལས་འཆི་འཕོས་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ལྷ་རྣམས་སུ་སྐྱེས་ན་དེ་སྐོམ་དང་ཟས་ལ་སྤྱོད་པའི་རང་བཞིན་ཅན་དུ་འགྱུར་རོ། །དེ་ལྷ་རྣམས་ཀྱི་ནང་དེར་ སྐྱེས་པ་ན་དུད་འགྲོའི་རིགས་དུ་མ་ཡིན་པའི་ཕྱིར། རྣམ་པ་དེ་སྲིད་ཉིད་དུ་འགྱུར་ཏེ། མདོར་བསྡུ་ན་ཟས་ཀྱིས་དམན་པ་དང་མཆོག་ཏུ་འགྱུར་རོ། །ཤིན་ཏུ་ལྷག་པར་ཡང་འདོད་པ་རྣམས་ལ་རྨོངས་པ་ཚབས་ཆེ་བར་འགྱུར་ཏེ། རྒྱུད་དེས་བསྒོས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ལྷ་ རྣམས་ནས་ལྷ་འཆི་འཕོས་ནས་སླར་ཡང་ལྷ་རྣམས་ཉིད་དུ་སྐྱེ་བ་རྣམས་ལས་དེ་གལ་ཏེ་གཟུགས་མེད་པ་བཞི་པོ་རྣམས་ཀྱི་སྙོམས་པར་འཇུག་པ་ཐོབ་ནས་འཆི་འཕོ་ལ་དེ་འཆི་འཕོས་ནས་ཀྱང་དེ་ཁོ་ན་བཞིན་དུ་དེས་བསྒོས་པའི་རྒྱུད་ཡིན་པས་དེ་ཁོ་ན་བཞིན་དུ་འདོད་པའི་སྒྲ་དང ། རེག་བྱ་དང་། 70-1-58a རོ་དང ། གཟུགས་དང ། དྲི་རྣམས་ལ་ཡང་རབ་ཏུ་འཇུག་པར་གྱུར་པ་ན་ཤིན་ཏུ་བར་སེམས་རྣམ་པར་གཡེང་བར་མི་འགྱུར་ཏེ། དེས་བསྒོས་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སྤྱོད་པ་བསམ་གཏན་དང་པོ་ལ་ཀུན་ནས་རྟེན་པ་ནས་ཇི་སྲིད་དུ་བསམ་གཏན་བཞི་པ་ ལ་རྟེན་པ་རྣམས་དང ། ཇི་སྲིད་དུ་བཞི་པ་ལ་རྟེན་པའི་དབང་དུ་བྱས་ཏེ། དེ་བཞིན་དུ་འདོད་པའི་ཁམས་པ་འདི་སྐྱེས་པའི་ཡང་སེམས་རྒྱུད་དེ་བཞིན་དུ་དམན་པ་དང ། བར་མ་དང ། མཆོག་ཏུ་གྱུར་པ་བསམ་གཏན་ལ་མོས་པར་འགྱུར་རོ། །ཡུལ་རྣམས་ལ་དགའ་བ་དམན་ པར་འགྱུར་རོ། །གལ་ཏེ་འདོད་པ་ན་སྤྱོད་པའི་ལྷ་ཉིད་ལས་འཆི་འཕོས་ཏེ་འདོད་པ་ན་སྤྱོད་པ་ཉིད་དུ་སྐྱེས་ན་བརྒྱ་ལ་ན་སྐྱེས་ནས་མྱོང་བར་འགྱུར་བ་གང་གིས་གང་གི་ཕྱིར་ལྷ་དང་མི་རྣམས་ཀྱི་འགྲོ་བའི་རིས་གཉིས་པོ་དག་ཏུ་དཀར་པོ་བྱས་པར་གྱུར་པའོ། །དེས་ན་ལས་རྣམ་པ་གཉིས་ བྱས་པའི་ཉེ་བར་ལོངས་སྤྱོད་པ་དང ། ཡང་དག་པའི་སྦྱོར་བས་ལྷ་རྣམས་ཐམས་ཅད་ལྷ་རྣམས་ཉིད་དུ་སྐྱེ་བར་འགྱུར་ཏེ། གནས་གཙང་མ་པ་རྣམས་ནི་མ་གཏོགས་པའོ། །དེ་དག་རྣམས་ན་ནི་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱང་མེད་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་ བའི་ལས་ཀྱང་མི་བྱེད་དོ། །དེ་ལྟར་ལས་ཀྱི་རླུང་གིས་ཡོངས་སུ་འཁྱམ་པའི་འཇིག་རྟེན་མ་ལུས་པ་འདི་དག་ཡོངས་སུ་འཁྱམ་སྟེ། སྣ་ཚོགས་སྐུད་པའི་འཁྲུལ་འཁོར་དེ་རྣམ་པ་སྣ་ཚོགས་པའི་ཞགས་པས་བཅིངས་ནས་སེམས་ཀྱི་མོས་པ་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། རྣམ་པར་རྟོག་ པ་དུ་མ་དང ། རྒྱུད་དུ་མ་འགྲོ་བ་ལྔར་ཡོངས་སུ་འཁྱམ་མོ། །རྒྱུ་འདིས་ལྷ་གསར་དུ་སྐྱེས་པ་གོ་བར་བྱ་སྟེ། དེ་ལྟར་སོ་སོར་ཡིད་ལ་བྱེད་པ་རྣམས་སྐྱེའོ། །དེ་ནས་དེ་ལྟར་རིག་ནས་ལྷ་དེས་ཇི་ལྟ་བ་བཞིན་དུ་སོ་སོར་ཤེས་པར་འགྱུར་ཏེ། སྐྱེ་བ་གཞན་ཆེ་གེ་མོ་ཞིག་ནས་འཆི་འཕོས་ནས་འདིར་ སྐྱེས་སོ། །དེ་གལ་ཏེ་མི་ཉིད་ལས་འཆི་འཕོས་ནས་སམ། སླར་ཡང་ལྷར་སྐྱེས་པར་གྱུར་ན་ཡང ། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཡིན་ན་དེས་ལས་དེ་རྣམ་པར་ཤེས་སོ། །གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡིན་ན་དེ་དག་ནི་འདིས་ཤེས་པ་ཁོ་ན་མ་ཡིན་ཏེ། རྒྱུ་ 70-1-58b དེ་དག་ལྷ་དེའི་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་རྣམས་ནི་གལ་ཏེ་ཤེད་ན་བསྐལ་པ་བརྒྱ་རྐྱེན་དང་ཕྲད་ནས་འབྲས་བུ་འབྱིན་པར་བྱེད་དོ། །གལ་ཏེ་ན་བསྐལ་པ་བརྒྱ་སྟོང་ནའོ། །གལ་ཏེ་བསྐལ་པ་བརྒྱ་སྟོང་ཕྲག་གཞལ་དུ་མེད་པ་རྣམས་ན་སྟེ་རང་ ཉིད་སྐྱེ་བའི་རྒྱུ་ལྷའི་མིག་གིས་མི་མཐོང་ངོ ། །དེ་དེ་ལྟར་སྐྱེ་བའི་རྒྱུ་མངོན་པར་མ་མཐོང་བར་གྱུར་ནས་གནས་པར་འགྱུར་ཏེ། ཇི་སྲིད་དུ་དེ་རྗེས་ཐོགས་ཉིད་ལ་དེ་དགེ་བ་གོམས་པའི་ཡུལ་རྣམ་པ་དུ་མ་རབ་ཏུ་འབྱུང་བར་འགྱུར་བ་རྣམས་ཀྱང་དེ་བཞིན་དུ་འགྱུར་རོ། །ཇི་ལྟར་བདག་འཐབ་བྲལ་གྱི་ལྷ་ རྣམས་ཀྱི་ནང་ལས་རྒྱ་ཆེན་པོའི་ཁོར་ཡུག་ན་སྤྱོད་པའི་ས་ལས་སྐྱེས་སོ། །འདིའི་སེམས་བསྐྱེད་པ་ཙམ་ཉིད་ན་དགེ་བའི་ལས་ཀྱི་མཐུས་ཤིན་ཏུ་ལྷའི་བུ་མོའི་ཚོགས་ཤིན་ཏུ་མང་བ་རྣམས་རབ་ཏུ་འབྱུང་བར་འགྱུར་ཞིང་ཉེ་བར་བརྒྱུགས་ནས་འོང་ངོ ། །ལྷ་དེའི་དགེ་བའི་རྐྱེན་གང་ཡིན་པ་དེས་ འབྱུང་བར་འགྱུར་བ་ཡིན་ཏེ། དུས་ཉེ་བ་ན་སྐྱེས་པ་ཡིན་ནོ་ཞེས་བྱས་ནས་མྱུར་དུ་རྒྱུག་པ་ཡིན་ལ་གང་ཡང་སྐྱེས་ནས་རིང་དུ་ལོན་པ་དེ་དག་ནི་རྣམ་པར་འགྲིབ་པའི་ཕྱིར་རོ། །དེ་ནས་ལྷ་དེ་དེ་དག་གིས་བསྐོར་ནས་མཆོག་ཏུ་ཡིད་དགའ་བའི་ནགས་དང་ཉེ་བའི་ནགས་རྣམས་སུ་བདེ་བ་ཉམས་སུ་ མྱོང་བར་འགྱུར་རོ། །ལས་རྣམས་ཀྱི་རིན་གྱིས་ཉོས་པའི་ཡོན་ཏན་མཆོག་དང་ལྡན་པས་མཆོག་ཏུ་དགའ་བར་གྱུར་པ་རྣམས་ལ་རྗེས་སུ་ལོངས་སྤྱོད་པར་བྱེད་དོ། །ས་དེ་ལ་ཡང་རི་དང ། ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། ཚང་ཚིང་དང ། འབབ་ཆུ་དང ། པད་མའི་ མཚེའུ་དང ། རི་ངོས་དང ། ནགས་ལྷམ་མེ་བ་དང ། ཕུག་དང ། འཁྲི་ཤིང་གིས་ལེགས་པར་གཡོགས་པའི་ཁང་བུ་དང ། བྱའི་ཚོགས་བརྒྱ་སྟོང་རྣམ་པར་ཆགས་པར་འགྱུར་བའི་སྐད་འདོན་པས་ཡིད་དགའ་བ་དང ། རིང་དུ་སྐྱོང་བས་དགའ་བར་འགྱུར་བའི་ལྷའི་བུ་མོ་བརྒྱ་སྟོང་གི་ གླུས་རྣམ་པར་གསལ་བར་བྱེད་པ་དགའ་བ་སྐྱེད་པའི་གར་གྱིས་དགའ་བར་གྱུར་པ་དང ། ཉེ་བའི་ནགས་རྣམས་ན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱིས་རྣམ་པར་གསལ་ཞིང་འབར་བ་མཐོང་ན་མཆོག་ཏུ་ཡིད་འཕྲོག་པའི་རི་དགས་རྣམས་དང ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་རྡོ་བརྒྱ་ཕྲག་འོད་ 70-1-59a འབྱིན་པའི་རྩེ་མོ་རྒྱ་ཆེན་པོ་ཞེས་བྱ་བ་དེ་གང་ཡིན་པའི་རི་དེ་ལ་ཁམས་དུ་མ་དང་ལྡན་པའི་རྩེ་མོ་རིན་པོ་ཆེས་ཉེ་བར་གསལ་བར་བྱེད་པའི་རྩེ་མོ་ལ་འཁྲི་ཤིང་གི་ཁང་བུ་ཡོད་པ་དང ། རྒྱ་ཆེ་བའི་རྡོས་དགའ་བ་བཏིང་བ་དང ། ཚང་ཚིང་དང ། པད་མའི་ནགས་དང ། སྐྱེད་མོས་ཚལ་དང ། མཚེའུ་དང ། འབབ་ཆུ་དང ། ཆུ་ཀླུང་གི་འགྲམ་དང ། ལྗོངས་དང ། རིའི་རྩེ་མོས་ཀྱང་དབྱིབས་དང་ཡོན་ཏན་དུ་མ་དང་ལྡན་པ་རྣམས་ལ་དང ། བསིལ་བའི་ཆུ་རྡུལ་གྱི་འབབ་ཆུ་སྟོང་ཕྲག་བརྒྱར་བསིལ་བ་རྣམས་ལ་ལྷ་དེ་དགེ་བའི་ལས་རྣམ་པ་སྣ་ཚོགས་པ་དང་ ལྡན་པའི་གཟུགས་ཀྱིས་དགའ་བར་བྱེད། ཀུན་ཏུ་སྤྱོད་པར་ཡང་བྱེད་པས་རྣམ་པ་སྣ་ཚོགས་པའི་བདེ་བ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །ལྷའི་ཚོགས་དེ་དག་རྣམས་དེ་ལྟར་དགའ་བར་གྱུར་ཅིང་རྩེ་བར་གྱུར་པ་ནི་རྣམ་པར་རྟོག་པ་དུ་མ་རྣམས་ཀྱིས་ཡིན་ལ་མདོར་བསྡུ་ན་གང་དག་ཆུ་ལ་རྩེ་བ་ལ་དགའ་ བ་དེ་དག་རྣམས་ནི་ཆུ་ལ་རྩེ་བས་དགའ་བར་བྱེད་པ་སྟེ། ཕལ་ཆེར་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ནས་ཡིན་པས་ཤིན་ཏུ་ཆགས་པའི་ཡིད་ཀྱིས་ལྷན་ཅིག་ཏུ་དགའ་བར་བྱེད་ཀྱི་ལས་ལེགས་པར་བྱས་པ་རྣམས་ཀྱང་ནི་ཡོངས་སུ་སྤྱོད་པར་བྱེད་པ་ཡང་མ་ཡིན་ལ་ལྷ་དེ་དག་རྣམས་ ཀྱི་རང་གི་ལུས་རྣམས་དང་ལྷན་ཅིག་ཏུ་རིགས་ཐམས་ཅད་ལ་འདི་དག་གི་ལས་ངོ་ཤེས་པར་བྱེད་པའི་མིང་རྣམས་ལེགས་པར་སྐྱེ་བར་འགྱུར་རོ། །ལྷ་གང་དག་གིས་དང ། ལེགས་པར་བྱས་པའི་ལས་གང་གིས་དང ། རྣམ་པ་ཇི་སྲིད་ཅིག་གིས་དང ། ཚུལ་གང་གིས་བྱས་པ་དང ། དུས་ ནམ་གྱི་ཚེ་ན་བྱས་པ་དང ། རྐྱེན་གང་གིས་དང ། སྐྱེ་བ་གཞན་དུ་སྐྱེས་པ་གང་གི་ཚེ་ན་བྱས་པ་དང ། དམན་པ་དང ། བར་མ་དང ། ཁྱད་དུ་འཕགས་པའི་ཞིང་དང ། དངོས་པོ་རྣམས་རྣམ་པ་ཇི་སྙེད་ཅིག་གི་ཡོན་ཏན་ཕུན་སུམ་ཚོགས་པས་དགེ་བ་བྱས་པར་གྱུར་པ་རྣམས་དེ་དག་ཐམས་ཅད་ དུས་དང་བཅས་པ་མངོན་སུམ་དུ་ཤེས་པ་དང་བཅས་པར་སྟེང་དུ་མིང་དང ། ཁ་བྱང་རྣམས་ཡི་གེར་བྲིས་པ་ལྷན་ཅིག་ཏུ་སྐྱེས་པ་སྐྱེ་བར་འགྱུར་རོ། །དཔེར་ན་སྒྲིན་པ་དང་མིག་ཆེས་རྣོ་བའི་ཡི་གེ་མཁན་གྱིས་ཆ་ཤས་རབ་ཏུ་རྣམ་པར་ཕྱེ་བའི་ཡི་གེ་མངོན་པར་བྲིས་པར་གྱུར་པ་དེ་བཞིན་དུ་ལྷ་ 70-1-59b དེའི་ཡིག་མཁན་སྤྱང་པོས་ལེགས་པར་བྱས་པའི་ལས་ཀྱི་རྩིག་པའི་ལོགས་དེ་ལ་ལེགས་པར་བྱས་པའི་ལས་དེ་དག་ཐམས་ཅད་མངོན་པར་བྲིས་པར་འགྱུར་རོ། །མཆོག་དང་ཁ་དོག་གང་གིས་མཆོག་ཏུ་མཛེས་པར་བྱེད་པ་དང ། མཆོག་ཏུ་ཡིད་འཕྲོག་པར་འགྱུར་བའི་ཁ་དོག་དེ་ལེགས་པར་ བྱས་པའི་ལས་དེས་ལྷ་དེ་རྫོགས་པར་བྱེད་དོ། །དེ་རྣམ་པ་སྣ་ཚོགས་པ་དང་ཁྱད་པར་དུ་འཕགས་པའི་མཚན་ཉིད་ཀྱི་ཁ་དོག་གིས་མངོན་པར་བྲིས་པ་དེས་བརྒྱ་འགྱུར་དུ་རྣམ་པར་མཛེས་སོ། །དཔེར་ན་མཆོག་ཏུ་དགའ་བ་ལན་བརྒྱར་བཏུལ་བའི་གསེར་གསལ་བ་ལ་པད་མ་རཱ་ག་ཉེ་བར་བཅུག་ པའམ་ཨིན་དྲ་ནཱི་ལའམ་མཆོག་ཏུ་མཛེས་པར་གྱུར་པའི་རྣམ་པ་དེ་ལྟ་བུའི་རིན་པོ་ཆེའི་རིགས་སུ་གྱུར་པ་གཞན་ཡང་རུང་སྟེ། དེ་བཞིན་དུ་ལྷ་དེ་ལས་ཀྱིས་བྱས་པ་མངོན་སུམ་དུ་ཤེས་པར་བྲིས་པ་དེས་རྣམ་པར་མཛེས་ཤིང་གསལ་ལོ། །བྲིས་པ་དེ་ཡང་རང་ཉིད་ཀྱི་མིག་གིས་མི་མཐོང་ལ་ རྒྱུ་གང་གིས་མགྲིན་པ་དང་མིག་ཕོར་དག་ལས་དེ་ཉེ་བར་སྐྱེའོ། །བྲང་ལ་ཡང་སྟེ། རྒྱུ་དེས་ན་རང་ཉིད་ཀྱིས་མངོན་པར་བྲིས་པ་དེ་མི་མཐོང་ངོ ། །ཕན་ཚུན་དུ་ནི་མཐོང་བར་འགྱུར་ཏེ། གང་གི་ཚེ་ལྷ་དེ་ཤིན་ཏུ་ཡང་བག་མེད་པའི་ཡིད་ཅན་དུ་མི་འགྱུར་རོ། །དེའི་ཚེ་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་ ངོ ། །འདི་ཉིད་ནི་རྒྱ་ཆེན་པོའི་ཁོར་ཡུག་ན་སྤྱོད་པའི་ལྷ་རྣམས་ཀྱི་སའི་མཆོག་ཏུ་རྨད་དུ་བྱུང་བ་ཅིག་ཡིན་ནོ། །གཞན་ཡང་ངོ་མཚར་བར་གྱུར་པ་ནི་ཇི་ལྟར་ལེགས་པར་བྱས་པའི་ལས་ཀྱིས་བྱས་པ་བྲང་ན་ཡོད་པ་དེ་ལྟར་དཔྲལ་བར་ཡང་བྲིས་པ་ཡིན་ནོ། །གང་གི་ཚེ་རྣམ་པ་གང་གིས་དུས་ གང་དུ་འཆི་འཕོ་བར་འགྱུར་བ་དང ། འཆི་འཕོས་ནས་ཀྱང་གང་དུ་ཅིར་སྐྱེ་བར་འགྱུར་བ་དང ། དེར་ཡང་དུས་རིང་དུ་འགྲོ་བ་དང་བཅས་པ་དང ། ཁ་དོག་དུ་མར་འགྱུར་བ་ཡང་མངོན་པར་བྲིས་པ་ནི་ལྷ་དེ་དག་གི་ངོ་མཚར་བ་གཞན་ཡིན་ཏེ། དེ་དག་ནི་ལས་ཀྱིས་བསྐྱེད་པ་ཡིན་ནོ། །ཡི་གེའི་ཕྲེང་ དེ་དག་རྣམས་དེ་ལྟར་རྣམ་པར་བཀྲ་བས་རྣམ་པར་མཛེས་པ་ཆེས་ལྷག་པ་ནི་ཇི་ལྟར་རྣམ་པ་དུ་མ་སྣ་ཚོགས་པའི་མེ་ཏོག་ལེགས་པར་སྤེལ་བའི་ཕྲེང་བ་རྣམས་ཀྱིས་ས་གཞན་རྣམས་ན་གནས་པའི་ལྷ་རྣམས་མཛེས་པ་ཡིན་ལ། གཞན་རྣམས་ལ་རྣམ་པར་གསལ་བར་བྱེད་དོ། །དེ་བཞིན་དུ་ 70-1-60a རྣམ་པར་མཛེས་པ་ཡིན་ཏེ། དེ་དེ་དག་གིས་ལེགས་པར་བྱས་པའི་ལས་གཞན་བྱས་པ་ལྷ་རྣམས་ཡིན་པའི་ཕྱིར་རོ། །དེ་ནས་ལྷ་དེ་དག་རྣམས་དེ་ལྟར་རང་གི་ལས་ཀྱི་ལུས་ཁ་བྱང་དུ་བཏབ་པ་རྣམས་ནི་རྟོགས་པ་ཡང་མ་ཡིན་པར་མཐོ་རིས་ཀྱི་ཉེ་བའི་ནགས་རྣམས་ལ་སྣ་ ཚོགས་པའི་ཆ་བྱད་དང ། རྒྱན་འཆང་བ་རྣམས་དང་ལྷན་ཅིག་ཏུ་རྣམ་པ་དུ་མར་དགའ་བར་བྱེད་དེ། རྒྱ་ཆེན་པོའི་ཁོར་ཡུག་ན་སྤྱོད་པའི་ས་རྣམས་སུ་དེ་དེ་ལྟར་དགའ་བར་འགྱུར་ཞིང་རྩེ་བར་གྱུར་ནས་གང་ན་དུས་ཤིན་ཏུ་རིང་བར་རྣམ་པར་བཀྲ་བའི་ཆུ་ཞེས་བྱ་བའི་ཆུ་ཀླུང་ངོས་རྣམ་པ་སྣ་ཚོགས་པར་ དགའ་བ་རྩེ་མོ་ནས་རྩེ་མོར་འབབ་པ། རིན་པོ་ཆེའི་ཁམས་རྣམ་པ་སྣ་ཚོགས་པ་དང་ལྡན་པ་བྱའི་ཚོགས་དུ་མས་བརྗོད་པའི་སྒྲ་ཀུན་ཏུ་སྒྲོགས་པ། ཤིང་གི་ཚལ་འཐུག་པོ་དུ་མ་དང་ལྡན་པ། མེ་ཏོག་རྣམ་པ་མང་པོ་སྟོང་ཕྲག་བརྒྱས་ཆ་ཤས་རྣམ་པར་བཀྲ་བར་བྱས་པས་རྣམ་པར་ བཀྲ་བའི་ངོས་ན་ལྷའི་བུ་མོའི་ཚོགས་ཀྱིས་བསྟེན་པའོ། །གཞན་ཡང་རྣམ་པར་བཀྲ་བའི་རྩེ་མོའི་ངོས་ཀྱི་ངོ་མཚར་ཆེ་བར་གྱུར་པ་ནི་རྒྱར་ཇི་ལྟ་བར་རྩེ་མོའི་ངོས་ནས་རབ་ཏུ་འབབ་པའི་ཆུ་ཀླུང་དུས་ཤིན་ཏུ་རིང་བར་རྣམ་པར་བཀྲ་བ་ཆུ་ཞེས་བྱ་བའི་དེའི་ངོས་གང་གི་ཚེ་རབ་ཏུ་དང་བར་ གྱུར་པ་ན་ལྷ་གང་དག་ཆུ་ཀླུང་དེར་དམྱལ་བ་ནས་འཆི་འཕོས་པར་གྱུར་པ་ཆུ་ཀླུང་དེའི་ངོས་སུ་ཕྱིན་ནས་དེའི་ལས་ཀྱིས་བསྐྱེད་པའི་ཁྱད་པར་གྱིས་སྐྱེ་བ་གཞན་རྗེས་སུ་དྲན་ནོ། །དེས་དེ་རྗེས་སུ་དྲན་ནས་ཀྱང་མཆོག་ཏུ་དགའ་བའི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་ལ་སྤྱོད་པ་རྟག་ ཏུ་རབ་ཏུ་རངས་པའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བས་དེ་ཆེད་ཆེར་རྣམ་པ་དུ་མར་རྣམ་པར་ཆགས་པར་བྱས་ནས་གྲངས་མེད་པའི་དུས་ཀྱི་བར་དུ་ལོངས་སྤྱོད་པར་བྱེད་པ་ན་སྡུག་བསྔལ་རྣམས་དྲན་པར་གྱུར་ནས་བདེ་བ་དེ་དག་ཐམས་ཅད་བརྗེད་པར་འགྱུར་རོ། །སླར་ཡང་སྐྱོ་བ་དང་ བཅས་པའི་ཡིད་ཀྱིས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྒྱུ་ཆེན་སྡུག་བསྔལ་ཆེན་པོ་ཡི། །དམྱལ་བའི་མེ་དང་ཡང་དག་ལྡན། །བདག་གི་སྡིག་པ་ཀུན་བྱང་ནས། །སླར་ཡང་འཇིག་རྟེན་འདིར་འོངས་སོ། ལེགས་པར་བྱས་པའི་འབྲས་བུ་བཟང། །ཡོན་ཏན་དུ་མ་དང་ 70-1-60b ལྡན་པ། །ཉེས་པར་བྱས་འབྲས་སྡུག་བསྔལ་ནི། །སླུ་བ་མེད་ལྡན་ཆེན་པོ་ཡིན། །བདེ་དང་སྡུག་བསྔལ་དེ་དག་གིས། །སྲིད་པའི་གཡང་སར་འཁོར་འགྱུར་བ། །རྒྱ་མཚོའི་རླབས་ནི་ཇི་ལྟ་བར། །ལས་ཀྱི་རླུང་གིས་ཀུན་ནས་བསྐོར། །བྱས་པའི་སྡིག་ཅན་ཡིད་ཀྱིས་ཏེ། །སྡིག་ ལ་དགའ་བའི་མི་དག་ནི། །མི་དགེ་བ་ལ་སྤྱད་པ་ཡིས། །དེ་རྒྱུས་དེ་ནི་དམྱལ་བར་འགྲོ། །དེ་ཕྱིར་ཡང་ནི་མ་འགྲོ་ལ། །ལྷ་ཡུལ་དུ་ནི་འགྲོ་འགྱུར་བ། །དེས་ནི་སྡུག་བསྔལ་དེ་བསྲིངས་ན། །སླར་ཡང་འདོད་པའི་དབང་རྗེས་འགྲོ། །རྩུབ་པར་འགྱུར་བའི་སེམས་འདིས་ནི། །ཕྱང་ མོ་འཕྱང་མིན་བདེ་མིན་བདེ། །ཡུལ་འདི་རྣམས་ལ་ཡོངས་འཁྱམས་ཀྱང ། །སྡུག་བསྔལ་གྱིས་ནི་སྐྱོ་བ་མེད། །ཚུ་རོལ་ཕ་རོལ་ལེགས་ལྡན་པའི། །དབང་པོ་ཡོངས་སུ་བསླུས་པ་ཡིས། །སྐྱེ་དགུ་འཁོར་བར་འཁོར་བ་སྟེ། །སྲེད་པའི་ཞགས་པའི་དབང་རྗེས་འགྲོ། །དམྱལ་གནས་ ཡི་དགས་སྲིད་པར་ཏེ། །ཡི་དགས་ལས་ནི་དུད་འགྲོའི་སྐྱེ། །ཀླུ་ཡི་སྲིད་པར་དུད་འགྲོ་ལས། །དམྱལ་ལས་ཕལ་ཆེར་བུད་མེད་སྐྱེ། །དེ་ལྟར་ལས་ཀྱིས་ཡོངས་འཁོར་བའི། །འཇིག་རྟེན་འཁོར་བ་འཁོར་ལོ་བཞིན། །སྐྱོ་དབང་དུ་ནི་མི་འགྲོ་ཡང ། །གོམས་པའི་དབང་དུ་འགྲོ་ཕྱིར་ རོ། །ཀླུ་ཡི་སྲིད་པར་དགའ་འགྱུར་བ། །བདེ་བ་ཇི་ལྟར་རྣམ་སྤྲས་པ། །སྲིད་པ་ན་ནི་སྤྱོད་པ་རྣམས། །བདེ་ལས་བདེ་བ་ཡོངས་ཉམས་འགྱུར། །སྡུག་བསྔལ་པད་མ་སྟོང་དང་ནི། །པད་མ་བྱེ་བ་བརྒྱར་ཡང་ནི། །སྡུག་བསྔལ་ཡོངས་སུ་ལོངས་སྤྱོད་ཀྱང ། །བྱིས་རྣམས་སྐྱོ་བར་ཡང་ མི་འགྱུར། །བདེ་བ་མི་དམིགས་སྲིད་གསུམ་ན། །ཐམས་ཅད་སྡུག་བསྔལ་གྱིས་ཡོངས་བསླད། །སྐྱོ་བ་སྐྱེ་བར་མི་འགྱུར་ལ། །སྲོག་ཆགས་སྡུག་བསྔལ་གྱིས་གཟིར་ར་རྣམས། །བྱིས་པ་སྡུག་བསྔལ་གྱིས་དུབ་ཀྱང ། །སྡུག་བསྔལ་རྒྱུ་ལ་འཇུག་པར་བྱེད། །རྒྱུ་རིང་འབྲས་བུ་འབྲལ་ མིན་ཏེ། །ས་བོན་བརྟན་དབང་འབྲས་ཅི་བཞིན། །ཡུལ་རྣམས་ཀྱིས་ནི་ཡོངས་འཁྲུལ་ཡིད། །ཡིད་ཀྱི་ཤུགས་ནི་སྟོབས་པོ་ཆེ། །སེམས་ནི་རྗེས་འབྲངས་བཅས་འདུལ་བ། །ལུས་ཅན་རྣམས་ནི་ཤིས་པར་འགྱུར། །དེ་འདུལ་བྱེད་པར་མྱུར་བར་ནི། །ཁམས་རྣམས་ཐམས་ཅད་སྤྱོད་ 70-1-61a པ་སྟེ། །སྲིད་གསུམ་ཐམས་ཅད་བསྐོར་བྱས་ཀྱང ། །དེ་ཉིད་རབ་ཏུ་མཐོང་བའང་མིན། །ཀུན་ཏུ་གཡོ་བྱེད་དབང་གིས་གཡོ། །ཇི་ལྟར་འཁོར་བ་རྒྱ་མཚོ་བཞིན། །སེམས་ཀྱི་དབང་ཕྱུག་ཡང་དག་ལྡན། །འཇིག་རྟེན་འདི་ནི་རྟག་ཏུ་འཁོར། །བདེ་སྡུག་དུས་ཀྱི་རྗེས་ འབྲེལ་བ། །སྲོག་ཆགས་སྲིད་གསུམ་རྗེས་སུ་འགྲོ། །སྡུག་བསྔལ་ཐམས་ཅད་སྤངས་པ་ཡི། །ལེགས་པའི་མཆོག་ཏུ་འབབ་པར་བྱེད། །འཁོར་བྱེད་རྟག་ཏུ་སྡུག་བསྔལ་གྱིས། །དེ་ཚེ་ལུས་ཅན་རྣམས་དུབ་འགྱུར། །བརྗེད་པར་གྱུར་ནས་ཕྱི་ནས་ཀྱང ། །རྣམ་པར་གདུང་བྱེད་ སྡུག་བསྔལ་སྤྱོད། །དམྱལ་བའི་གང་ཚེ་ལུས་ཅན་གྱིས། །སྡུག་བསྔལ་དྲན་པར་གྱུར་ན་ནི། །དེ་ཚེ་མ་ལུས་བདེ་འདི་རྣམས། །རྡུལ་ཕྲན་ཙམ་དུ་ངེས་པར་གནས། །དེ་དུས་ཇི་སྲིད་དུ་རྣམ་པར་བཀྲ་བའི་རྩེ་མོའི་ངོས་དེ་ན་ཉེ་བར་གནས་པར་གྱུར་གྱི་བར་དེ་སྲིད་དུ་སྐྱེ་བ་གཞན་རྗེས་སུ་དྲན་པར་ བྱེད་དོ། །གང་གི་ཚེ་བཏང་བར་གྱུར་པ་དེའི་ཚེ་སྐྱེ་བ་གཞན་རྗེས་སུ་དྲན་པ་ཐམས་ཅད་བརྗེད་པར་འགྱུར་རོ། །དེ་སྐྱེ་བ་གཞན་ལ་ཉམས་སུ་མྱོང་བའི་སྡུག་བསྔལ་གཞན་བརྗེད་ནས་བརྗེད་པས་ཀྱང་ཕྱི་རོལ་ཡུལ་ལ་འཆུམས་པས་རྣམ་པ་དུ་མར་གཞན་དང་མི་འདྲ་བ་དང ། སྡུག་པའི་སྒྲ་དང ། རེག་ བྱ་དང ། རོ་དང ། གཟུགས་དང ། དྲི་འདོད་པར་གྱུར་པའི་ལྷའི་རྫས་ཀྱི་ཡུལ་རྣམས་ལ་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །དེ་གཞན་ཡང་གང་ན་ཆུ་ཀླུང་འོད་འབྱིན་ཞེས་བྱ་བའི་རི་ཡོད་པ་དེར་ཉེ་བར་འགྲོའོ། །རི་དེ་ཡང་ཉེ་འཁོར་ཀུན་ཏུ་དགའ་བའི་ཤིང་མཆོག་གིས་ཤིན་ཏུ་གང་བ་རབ་ཏུ་ དང་བའི་ཆུ་ལ་ངང་པ་དང ། ཀཱ་རཎྜ་བ་དང ། ངང་ངུར་གྱིས་ཡོངས་སུ་གང་བ་རྣམ་པ་སྣ་ཚོགས་པའི་གསེར་འབར་བ་སྒྲའི་མཆོག་གིས་ཡིད་དགའ་བའི་ཅ་ཅོས་གང་བའི་ཆུ་ཀླུང་འབབ་པར་འགྱུར་ལ། ཆུ་ཀླུང་དེ་ལ་ཡང་ཤིན་ཏུ་མང་བ་འབྱུང་བར་འགྱུར་བ་ནི་སྟོང་ཕྲག་བཅུས་ལེགས་ པར་གང་བ་སྟེ། ཚད་དང་ཤུགས་དང་དབྱིབས་རྣམས་མཚུངས་པ། ཤིང་དང་བྱའི་ཚོགས་ཀྱིས་དགའ་བར་གྱུར་པའོ། །རབ་ཏུ་མང་བ་བྱུང་བ་དེ་དག་རྣམས་ལས་ཀྱང་ཐམས་ཅད་ལས་ཆེས་ཆེར་ལྷག་པའི་ཆུ་ཀླུང་ནི་བཞི་ཡོད་པ་ལ་འདི་ལྟ་སྟེ། མཛེས་པར་འབབ་པ་དང་། 70-1-61b གསེར་གྱི་ཕྲེང་བ་དང ། བཻ་ཌཱུརྱའི་ཆུ་དང ། བདེ་བར་འབབ་པ་དང་བཞིའོ། །དེ་ནས་ལྷ་དེ་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པས་ཐམས་ཅད་ཀྱང་རབ་ཏུ་དགའ་བའི་ཡིད་ཅན་མཆོག་ཏུ་རྒྱ་ཆེ་བའི་རྒྱན་དང་ཆ་བྱད་ཕྲེང་བར་འཛིན་པ་རྣམས་རྩེ་བར་གྱུར་པས་གང་ན་མཛེས་པར་འབབ་པའི་ཆུ་ཀླུང་ ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དོ། །ཆུ་ཀླུང་དེའི་ངོས་ན་ཡང་དཀར་ལ་རིང་བའི་མེ་ཏོག་གི་ནགས་ཆེན་པོ་ན་དགའ་བ་དུ་མ་ཞེས་བྱ་བའི་མཚོ་དེ་ན་མེ་ཏོག་གི་འཁྲི་ཤིང་ཐེན་པ་མཆོག་གིས་རབ་ཏུ་གཡེངས་པ། མེ་ཏོག་གི་བྱེ་བྲག་སྟོང་ཕྲག་རྣམས་ཀྱིས་རྣམ་པར་དགའ་བ། ཚད་དང་ དབྱིབས་དུ་མ་དང་ལྡན་པའི་བྱ་རྣམ་པ་དུ་མས་རྣམ་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་ཅན་གྱི་བྱས་སྒྲའི་རྣམ་པ་རྒྱ་ཆེ་བས་ལེགས་པར་གóེམས་པས་མཆོག་ཏུ་དགའ་བར་གྱུར་པའོ། །ཆུ་ཀླུང་མཛེས་པར་འབབ་པ་དེའི་ངོས་གཉིས་པ་ན་ཡང་བུང་བ་རྐང་དྲུག་རྗེས་སུ་རྒྱུ་བ་ཞེས་བྱ་བའི་པད་མའི་རྫིང་བུ་ ནང་པར་གྱི་ཉི་མ་དང་མཉམ་པའི་འོད་མཆོག་ཏུ་དྲི་ཞིམ་པའི་པད་མས་རྟག་ཏུ་ལེགས་པར་གང་བའི་པད་མའི་རྫིང་བུའི་ནགས་དེ་ནི་རྣམ་པ་དུ་མར་དགའ་བ་རིང་དུ་ནི་དཔག་ཚད་ལྔ་བརྒྱའི་རྒྱར་གྱུར་པའི་ངོ་བོ་ནི་དཔག་ཚད་ལྔའོ། །ཉེ་འཁོར་ན་ཡང་མཆོག་ཏུ་དྲི་མ་མེད་པའི་ཆུ་ནི་ཆུ་སྐྱེས་དང ། མེ་ཏོག་ གཞན་གྱིས་ཀྱང་ཡང་དག་པར་གང་བ་ཁ་དོག་རྣམ་པ་སྣ་ཚོགས་པའི་འདབ་མ་རྣམས་དྲི་གང་དག་ཉེ་འཁོར་དཔག་ཚད་ལྔར་འགྲོ་བས་མཆོག་ཏུ་དྲི་ཞིམ་པའོ། །དེ་ནས་དེ་ཇི་ལྟར་འདོད་པས་ཁ་ཅིག་ནི་ནགས་རྣམས་སུ། ཁ་ཅིག་ནི་པད་མའི་རྫིང་བུར་ཇི་ལྟར་འདོད་པ་རྒྱུ་བས་རབ་ཏུ་དགའ་ བ་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རང་གི་གཟི་བརྗིད་དང་ལྡན་པ་ལས་ཀྱིས་བྱས་ཤིང་བསགས་པས་དེར་སྐྱེའོ། །དེ་དག་རྣམས་དྲི་མཆོག་ཏུ་མཛེས་པའི་དྲིའི་མེ་ཏོག་གིས་མཛེས་པར་འབབ་པ་དེ་མཐོང་ན་ཆེས་ཡིད་སྤྲོ་བའི་ངོས་ལ་རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བའི་ལྷ་རྣམས་ དགའ་བར་བྱེད་ལ་ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །རྣམ་པ་དུ་མ་དེ་དག་གཅིག་ཏུ་ཆུ་ཀླུང་འོད་འབྱིན་གྱི་རིའི་རྩེ་མོ་ལ་རབ་ཏུ་འབབ་བོ། །གཞན་ཡང་འོད་འབྱུང་གི་རི་ཡོད་པ་ལ་ཆུ་ཀླུང་གཞན་ལེགས་པར་འབབ་སྟེ། གསེར་གྱི་ཕྲེང་བ་ཞེས་བྱ་བའི་ཆུ་ཀླུང་འོད་འབྱུང་ཡིན་ནོ། ། 70-1-62a ཆུ་ཀླུང་དེ་ལ་བརྟེན་ནས་ཆུ་ཀླུང་དེ་འབབ་པའོ། །དེ་ཉིད་ཀྱི་མིང་གིས་ཆུ་ཀླུང་དེ་གསེར་གྱི་ཕྲེང་བ་ཞེས་བརྗོད་དོ། །དེ་ན་དགའ་བ་འདི་དག་ཡོད་དེ་འདི་ལྟ་སྟེ། ཆུ་དེའི་སྐྱོན་རྣམས་འགགས་པས་བཏུང་བ་བཞིན་དུ་འགྱུར་རོ། །ཤིན་ཏུ་དྲི་ཞིམ་པའི་དྲིས་ཅི་ལྟར་ འདོད་པའི་རོ་དང ། ཁ་དོག་དང ། དྲི་དང ། རེག་བྱ་དྲན་པར་གྱུར་པས་རྒྱགས་པ་སྐྱེ་བ་ཐམས་ཅད་དང་བྲལ་བའོ། །དེ་ནས་ལྷ་དེ་དག་གིས་བཏུང་བའི་ཁྱད་པར་དེ་འཐུངས་ནས་ཀྱང་ཆེས་ལྷག་པར་བག་མེད་པས་གནས་པས་གང་དག་དགའ་བར་བྱེད་དོ། །ལྷན་ཅིག་རྒྱུ་བ་ཆེན་པོ་དང་ བཅས་པའི་ཐམས་ཅད་ཚོགས་པ་ཆེན་པོས་བསྐོར་བ་ཡུལ་ལྔ་ལ་རྣམ་པར་ཆགས་པའི་ཡིད་ཅན་རྔ་སྐད་ཡན་ལག་ལྔ་དང་ལྡན་པར་གྱུར་པ་མཉམ་པ་དང ། སྙན་པ་དང ། ཆགས་པའི་སྒྲས་མཆོག་ཏུ་རྗེས་སུ་འཐུན་པའི་ཡང་རྒྱན་དང ། ཆ་བྱད་དང ། མཆོག་ཏུ་བལྟ་ན་སྡུག་པ་ རྣམས་ཞབས་འབྲིང་དུ་གྱུར་པས་ཅི་དགའ་བར་འདོད་པར་བྱས་པའི་རང་དབང་དུ་འཇུག་པ་ལྷ་དེ་དག་རྣམས་གསེར་གྱི་ཕྲེང་བའི་ངོས་ན་སྣ་ཚོགས་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་ཡིས་རྒྱགས་པས་རྒྱགས་པ་རྣམས་རྣམ་པ་དུ་མར་རྒྱུ་བ་དེས་ཆུ་ཀླུང་མཆོག་ ཏུ་དགའ་བ་མཐོང་ན་གཟུགས་ཀྱི་ཡུལ་གྱིས་ངོམས་པ་མེད་པ་དེ་ཡང་ཉེ་བར་ལོངས་སྤྱད་ནས། གཞན་ཡང་གར་དང་ལྡན་པའི་གླུའི་སྒྲས་རྣ་བའི་ཁུང་བུ་འཕྲོག་པའི་ཡུལ་ལྔ་ལ་མངོན་པར་ཆགས་པའི་ཡིད་ཀྱིས་དགའ་བར་གྱུར་པས་རི་དང ། ལྗོངས་ནས་ལྗོངས་དང ། རིའི་རྩེ་མོ་ནས་ རིའི་རྩེ་མོ་དང ། ཆུ་ཀླུང་གི་ངོས་ནས་ཆུ་ཀླུང་གི་ངོས་དང ། པད་མའི་རྫིང་བུ་ནས་པད་མའི་རྫིང་བུ་དང ། ནགས་ནས་ནགས་སུ་དང ། བང་རིམ་ནས་བང་རིམ་དང ། ཤིང་དྲུང་ནས་ཤིང་དྲུང་དུ་དགའ་བར་གྱུར་པས་རྣམ་པ་སྣ་ཚོགས་པའི་བདེ་བའི་རྒྱགས་པས་མྱོས་པ་རྣམས་རྒྱུ་བར་གྱུར་པ་ན་ དུས་གཞན་ཞིག་གི་ཚེ་བཻ་ཌཱུརྱའི་ཆུ་ཞེས་བྱ་བའི་ཆུ་ཀླུང་དེ་དང་ཉེ་བར་རབ་ཏུ་དགའ་བའི་རྒྱགས་པས་རྣམ་པར་རྒྱུ་ཞིང་འགྲོའོ། །ཆུ་ཀླུང་དེ་ལ་ཡང་མཛེས་པ་འདི་དག་རྣམས་ཡིན་ལ་འདི་ལྟ་སྟེ། བཻ་ཌཱུརྱའི་རང་བཞིན་དུ་གྱུར་པའི་ཆུ་ཀླུང་དྲི་མ་མེད་པའི་ཆུའོ། །རྡོ་བ་རྣམས་བཻ་ཌཱུརྱའི་རང་བཞིན་ནོ། ། 70-1-62b བཻ་ཌཱུརྱའི་རང་བཞིན་གྱི་ལྗོན་ཤིང་གིས་ལེགས་པར་གང་བ། བཻ་ཌཱུརྱའི་རང་བཞིན་དང་མདོག་མཚུངས་པའི་ལྗོན་ཤིང་ལ་བྱའི་སྒྲས་ནང་ན་གང་བ། འབྲས་བུ་རྣམས་ལྟ་བས་ཆེས་རྒོད་པ་ལྟར་གྱུར་པ། གཙང་ཞིང་དྲི་མ་མེད་པའི་ཆུ་བདེ་བར་འབབ་པ། ཟབ་ཅིང་སྙན་པའི་སྒྲ་ལེགས་པར་ བྱས་པའི་ལས་ཀྱིས་དབང་པོར་གྱུར་པའི་བཻ་ཌཱུརྱའི་ཆུ་ཞེས་བྱ་བའི་ཆུ་ཀླུང་རབ་ཏུ་འབབ་པའོ། །དེ་ལྟར་ལྷ་དེ་དག་རྣམས་དགའ་བས་རྒྱུ་བའི་དོན་དུ་འགྲོ་བར་བྱེད་དོ། །ཡུལ་ལ་སྲེད་པའི་སྲེད་པས་རྣམ་པ་དུ་མར་རབ་ཏུ་རྣམ་པར་ཞེན་པས་ལྷ་དེ་རྣམས་རྣམ་པར་རྒྱུའོ། །ཁ་ཅིག་ནི་ཆུ་ཀླུང་གི་ངོས་ དག་ན་དགའོ། །ཁ་ཅིག་ནི་ཆུའི་ནང་ན་ལྷན་ཅིག་སྤྱོད་པ་དང་བཅས་ནས་སོ། །ཁ་ཅིག་ནི་མཆོག་ཏུ་འགྱིང་བས་བྱ་གཞན་རྣམས་ཀྱི་རྒྱབ་ཏུ་དེ་དག་མངོན་པར་ཞོན་ནས་རླབས་ནས་རླབས་ལ་འགྲོའོ། །ཆུ་ལ་དཀྱི་ལི་ཀུད་འཁོར་བ་ནས་འཁོར་བ། ཕྱི་འཁོར་ནས་ཕྱི་འཁོར་དུ། ཆུ་མི་མཉམ་ པ་ནས་ཆུ་མི་མཉམ་པར། པད་མའི་སྟན་ནས་པད་མའི་སྟན་ལ། ཨུད་པ་ལའི་ནགས་ནས་ཨུད་པ་ལའི་ནགས་སུ་ཡོངས་སུ་སྤྱོད་དོ། །བརྒྱ་ཕྲག་དང་བརྒྱ་སྟོང་ཕྲག་ཏུ་དཔེ་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པའི་ལྷ་དེ་དག་རྣམས་ལ་གལ་ཏེ་ཤེད་ན་ལེགས་པར་བྱས་པའི་ ལས་རྣམས་ཀྱིས་དང ། ཡུལ་རྣམས་ཀྱང་ཞི་བ་དང ། དེའི་ཚེ་བཻ་ཌཱུརྱ་ཡང་དྲི་མ་མེད་པ་ལ་མཐོང་བ་ནི་གང་དག་ཚུལ་ཁྲིམས་དང་ཤེས་རབ་ཀྱིས་ལྷག་པར་གྱུར་པ་དེ་དག་རྣམས་ཀྱིས་དེ་ལ་ལས་ཀྱི་འབྲས་བུའི་རྟགས་ཀྱི་གཟུགས་བརྙན་མཐོང་བར་འགྱུར་ཏེ། དེའི་རྒྱུ་གང་ཡིན་པ་དང ། དེའི་ གླེང་གཞི་དང ། དེ་དང་མ་བྲལ་བས་དང ། རྐྱེན་དེས་ལྷའི་རིས་དེར་སྐྱེ་བར་འགྱུར་བ་དང ། འདི་དག་ཐམས་ཅད་མངོན་སུམ་དུ་ཤེས་པ་དང་བཅས་པ། དམིགས་པ་དང་བཅས་པ་དང ། སེམས་བསྐྱེད་པའི་གླེང་གཞི་དང་བཅས་པ། ཞིང་ལ་རབ་ཏུ་དང་བར་གྱུར་པ་རྣམས་མངོན་ པར་མཐོང་ནས་དེ་རྣམས་དམིགས་པར་བྱས་ནས་སྐྱེ་བ་གཞན་དྲན་པའི་དབང་དུ་བྱས་པའི་བློ་སྐྱེའོ། །ཀྱེ་མ་བདག་ཡུལ་གྱི་ཤུགས་ཀྱི་ལིམ་ལོག་ཅན་གྱི་ཆུའི་རླབས་སྐྱོ་བ་སྐྱེ་བར་འགྱུར་བའི་ཤུགས་དང་ལྡན་པའི་སྲེད་པའི་ཆུ་ཀླུང་གིས་བདག་ཇི་ལྟ་བར་རབ་ཏུ་ཁྱེར་བར་གྱུར་པ། གང་གི་དབང་ 70-1-63a གིས་འབྱུང་བར་གྱུར་པ་ལོག་པར་ལྟུང་བར་འགྱུར་བ་ཡང་བདག་གིས་མ་རྟོགས་ཏེ། གང་གི་རྒྱུས་འདི་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པར་འགྱུར་བ་མངོན་གྱི་དུས་དང་ལྡན་པའི་ལོ་རྒྱུས་དེ་དག་རྣམ་པ་དུ་མར་མངོན་པར་བྲིས་པའི་རྒྱུ་དེས་རྙེད་པས་སྐྱེ་བ་གཞན་གྱི་ ལོ་རབས་རྣམས་བདག་གིས་རྙེད་པར་འགྱུར་རོ། །ལེགས་པར་བྱས་པ་འདི་རྣམས་ལ་ལོངས་སྤྱོད་པར་ཡང་བྱེད་དེ། ཡང་གང་གི་ཚེ་ཟད་པར་བྱེད་པ་དེའི་ཚེ་ཕྱིར་ཡང་རྣམ་པ་དུ་མར་ལོག་པར་ལྟུང་བ་ལྷའི་རིགས་དེ་ལས་འབྱུང་བར་འགྱུར་རོ། །དེ་ལྟར་ཕན་ཚུན་དུ་བརྗོད་པར་འགྱུར་ བ་དང ། འགྲོ་བ་ལྔའི་འཇིགས་པ་ཡང་མཐོང་བར་གྱུར་པས་ཐམས་ཅད་སོ་སོ་ལ་བརྟེན་ནས་སྐྱེས་པའི་ཡིད་འབྱུང་བས་བཻ་ཌཱུརྱའི་ཆུ་ཀླུང་གི་ཆུ་འགྲམ་དེ་ཉིད་ན་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། སྔོན་དགེའི་ལས་ཀྱིས་བྱུང་བ་གང ། །ལེགས་པ་དང་ལྡན་ཆེ་འབྱུང་བ། །མཐོ་ རིས་འདི་དེ་སྤྱོད་བྱེད་དང ། །ཡང་དང་ཡང་དུ་ཟད་པ་དང ། །མཐོ་རིས་ལེགས་བྱས་ལས་བྱུང་བ། །དེ་ཟད་པས་ནི་ལྟུང་བར་མཐོང ། །མཐོ་རིས་རྒྱུ་དང་བཅས་པ་ནི། །སྐད་ཅིག་པ་ཡི་ཁྱད་པར་གྱིས། །མི་རྟག་འབྱུང་གནས་གཙུག་ལག་ལས། །ཐམས་ཅད་འཇིག་པར་ འགྱུར་བ་ཡིན། །དངོས་གང་འདུས་བྱས་མི་རྟག་པ། །དེ་ཀུན་རྣམ་པར་འཇིག་པ་ཡིན། །སྐྱེ་ཀུན་རབ་ཏུ་རྣམ་འཇིག་པ། །ཆོས་ཉིད་ཀྱིས་འདི་རྣམ་པར་གནས། །འདོད་པའི་རོ་ལ་ཆགས་བྱེད་པ། །བྱིས་པ་བློ་དམན་རྣམས་ཡིན་ནོ། །ཀིམ་པ་ཀ་ཡི་འབྲས་མཚུངས་པའི། ། ཉེས་དམིགས་གོ་བ་མ་ཡིན་ནོ། །གཟུགས་ལ་སོགས་པའི་དགྲ་འདིས་ཀྱང ། །སྲེད་པའི་རང་བཞིན་ཕྱིར་ལོག་སྐྱེ། །ལས་ངན་འབྲས་ལ་རྨོངས་པ་ཡི། །སྲོག་ཆགས་ལོག་པའི་དབང་འགྲོ་ཉམས། །འདོད་པ་དུག་གི་འབྲས་འདྲ་རྣམས། །སྐྱེས་བུས་ཇི་སྲིད་མྱངས་པ་ཡིས། ། དེ་དག་ཉིད་ལ་ངོམས་མེད་ཡིན། །ཕྱིར་ཡང་དམྱལ་བར་ལྟུང་བ་ཡིན། །སྦྱིན་དང་ཚུལ་ཁྲིམས་དགའ་སྤྱོད་སྤེལ། །རྟག་ཏུ་དེ་ལ་ཞུགས་པའི་ཡིད། །རྟག་ཏུ་གང་ལ་དེ་ཡོད་པ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །རྟག་ཏུ་ཚུལ་ཁྲིམས་བསྒོམས་པ་དང ། །མི་དགེ་བ་ཡང་སྤངས་པ་ནི། ། 70-1-63b སྤྱང་པོ་འོད་ལྡན་བརྟན་པོ་སྟེ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །དགྲ་བོ་རྣམས་ལའང་རྟག་ཏུ་གང ། །འཁོན་དང་བྲལ་བ་བྱམས་པའི་སེམས། །རྟག་ཏུ་རབ་ཏུ་ཞི་བའི་ཡིད། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཡིད་ཀྱི་སྒོམ་པ་དྲག་པོ་ཡིས། །སྡོམ་པར་བྱེད་པའི་ལེགས་པ་གང ། །རྟག་ཏུ་ སྡོམ་བརྩོན་གཅིག་ལ་དགའ། །ཤིན་ཏུ་མང་བ་མི་སྨྲ་བ། །སྙིང་པོ་སྙིང་མེད་རྣམ་པར་ཤེས། །གང་དེ་སྐྱེ་བོ་མཐོ་རིས་འགྲོ། །འཁོར་བར་ཆགས་པར་གྱུར་པ་གང ། །རྒ་ཤི་དག་གིས་བསླུས་པ་ཡིན། །རྟག་ཏུ་མྱ་ངན་འདས་མངོན་དགའ། །འགྲོ་འགྱུར་སྐྱེ་དེ་མཐོ་རིས་སུ། །ཤིང་ དྲུང་འམ་ནི་དུར་ཁྲོད་དུ། །དེ་བཞིན་ཉིད་དུ་རི་ཁྲོད་དུ། །སྒོམ་པའི་ཡིད་ལྡན་སེམས་དཔའ་དེ། །མཐོ་རིས་འགྲོ་བའི་སྐྱེ་བོ་ཡིན། །ཚོད་ཤེས་ཡུལ་ཤེས་དུས་ཤེས་དང ། །སྡིག་པའི་གྲོགས་པོ་རྣམ་སྤངས་པ། །གང་ལ་བྱམས་པའི་སེམས་ཡོད་དེ། །སྐྱེ་བོ་མཐོ་རིས་འགྲོ་བ་ཡིན། །གྲོང་ ལྟ་བ་ལ་མི་དགའ་ཞིང ། །ཚལ་དང་སྲང་དུ་མི་རྒྱུ་བ། །གཅིག་པུ་གནས་དང་ཞི་བ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །གང་ཞིག་ཞི་བས་རྟག་ཏུ་ལུས། །མི་གཙང་ལས་བྱུང་ལྟ་བྱེད་པ། །ལུས་དང་ལུས་ཀྱི་ཆོ་ག་ཤེས། །གང་དེ་སྐྱེ་བོ་མཐོ་རིས་འགྲོ། །ཆོས་རྣམས་ལས་ཀྱི་དྲ་བར་ ནི། །གང་གིས་རྣམ་མང་སྐྱེ་བོ་མཐོང ། །འཁོར་བ་ལ་ཡང་དགའ་བ་མེད། །མཐོ་རིས་འགྲོ་བའི་སྐྱེ་བོ་དེ། །དེ་ཉིད་ཀྱང་ནི་ཇི་བཞིན་རིག་།རྣམ་པ་དུ་མ་ལས་བྱུང་བའི། །མཐོང་ཡང་དགའ་བ་མ་ཡིན་ནོ། །མཐོ་རིས་འགྲོ་བའི་སྐྱེ་བོ་དེ། །སྐད་ཅིག་པ་དང་སྒྱུ་མ་བཞིན། །དྲི་ཟ་སྒྱུ་མ་ ལྟ་བུར་ཡང ། །གང་ཞིག་རྟག་ཏུ་སེམས་འདུལ་བ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །དེ་ཉིད་སྐད་ཅིག་ལ་ཤེས་དང ། །མཚན་ཉིད་བྲལ་བ་ཤེས་གང་དང ། །བདེ་ཆགས་ཀྱིས་ནི་སྐྱོ་བའི་ཡིད། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །བུད་མེད་གཞན་ལ་མ་བཞིན་དང ། །ཕ་བཞིན་དུ་ཡང་ ལུས་ཅན་ཀུན། །འཇིག་རྟེན་མཚུངས་པར་ལྟ་བྱེད་གང ། །མཐོ་རིས་འགྲོ་བའི་སྐྱེ་བོ་དེ། །རྟག་ཏུ་ཕྲ་མ་སྤོང་བྱེད་ཅིང ། །སེམས་ཅན་རྣམས་ལའང་རྟག་ཏུ་དགའ། །ཁྲོ་མེད་དྲང་པོར་གྱུར་པའི་ཡིད། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཐམས་ཅད་ཤིང་བཞིན་རྡོ་བཞིན་དུ། །གཞན་ 70-1-64a གྱི་སེམས་ལ་སྤྱོད་པ་པོ། །རང་གི་སེམས་ཀྱི་ཆོག་ཤེས་པ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཉིན་དང་མཚན་དུ་གང་དག་གི། །སྙིང་ལ་ལེ་ལོ་མི་འཇུག་པ། །རྟག་ཏུ་བརྩོན་པས་རྣམ་པར་རྒྱུ། །གང་དེ་སྐྱེ་བོ་མཐོ་རིས་འགྲོ། །རྒོད་དང་རྨུགས་དང་གཉིད་དང་ནི། ། ལེ་ལོ་ཡང་ནི་ཁྱད་པར་དུ། །སྤོང་བར་བྱེད་པ་རྟག་ཏུ་བཟང། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །སྒོ་ལྔ་ལས་ནི་ཚུལ་ཁྲིམས་འཆལ། །གཅིག་ཏུ་ཡོངས་སུ་མཐོལ་བ་དང ། །རྟག་ཏུ་སྤོང་བྱེད་བློ་ལྡན་པ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཉེ་བར་ལེན་པ་རྣམ་བཞི་ཤེས། །བདེན་པ་ཡང་ནི་དེ་བཞིན་ དེ། །ཆོ་ག་ཤེས་པས་ལྟ་བའི་ཡང ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །སྡུག་བསྔལ་སྡུག་བསྔལ་རྣམ་སྨིན་དང ། །གང་ཡང་སྡུག་བསྔལ་འགོག་པ་དང ། །རྟག་ཏུ་དེ་ཉིད་ལ་ལྟ་གང ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །རྟག་ཏུ་སྡུག་བསྔལ་ལ་ཞུགས་པ། །ཆོས་ནི་རྣམ་པར་མི་འདོར་གང ། ། ཆོས་ཀྱི་བློ་ནི་ཞི་བ་དང ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །རས་ཀྱང་དཀར་དང་ཤིན་ཏུ་ཕྲ། །དེ་བཞིན་དུ་ཡང་ཕྱག་དར་ཁྲོད། །གཏུམ་མིན་ཡིད་ནི་ཞི་བ་དང ། །རྟག་ཏུ་བསམ་གཏན་གྱིས་གནས་པ། །རྟག་ཏུ་ངེས་འབྱུང་ལ་དགའ་བའི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཞིམ་ མམ་གལ་ཏེ་མི་ཞིམ་པ། །ཇི་ལྟར་འདོད་པའི་ཚུལ་གྱིས་འོངས། །ཆོག་ཤེས་དང་ནི་ཁྲོ་མིན་པའི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །གོས་གང་འཇམ་ཞིང་དཀར་བ་དང ། །ཕྱག་དར་ཁྲོད་ཀྱང་དེ་བཞིན་ཏེ། །ལེགས་སྡོམ་བྱེད་པ་ཆོག་ཤེས་མཆོག་།སྐྱེ་བོ་དེ་ནི་མཐོ་རིས་ འགྲོ། །མལ་སྟན་གཞི་དང་དེ་བཞིན་ས། །ཁང་བཟངས་རྩེ་འམ་དེ་བཞིན་གཞན། །དགའ་བའམ་ཁྲོ་བ་མེད་པ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །གཟུགས་གང་མིག་གི་ཡུལ་དུ་ནི། །གཏོགས་དང་གཞན་དུ་གྱུར་པ་ཡང ། །དེ་ཁོ་ནར་ནི་རབ་ལྟ་གང ། །སྐྱེ་བོ་དེ་ནི་ མཐོ་རིས་འགྲོ། །སྙན་པའམ་ནི་མི་སྙན་པ། །གང་གིས་ཐོས་ནས་འཁྲུལ་བྲལ་བ། །མིག་དང་བློ་དག་ལྡན་པ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །དབང་པོ་དྲུག་པོ་ཐམས་ཅད་དང ། །ཡུལ་རྣམས་ཀྱང་ནི་དེ་བཞིན་དུ། །སྤོང་བར་བྱེད་ཅིང་མི་དགའ་བ། །སྐྱེ་བོ་དེ་ནི་མཐོ་རིས་ 70-1-64b འགྲོ། །བྱ་བ་འདི་རྣམས་དོན་ཆེན་དང ། །རྟག་ཏུ་བདེ་བ་བྱེད་པ་ཡང ། །དེ་དག་ཐམས་ཅད་ཆོ་ག་བཞིན། །བྱེད་པའི་སྐྱེ་དེ་མཐོ་རིས་འགྲོ། །ཇི་ལྟར་ལས་རྣམས་བྱས་པ་ཀུན། །དེ་ཉིད་དུ་ནི་བྱེད་མེད་པར། །ལྟ་བྱེད་དྲི་བྲལ་བཟང་པོ་ཡི། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ལས་རྣམས་ ཀྱི་ཡང་རྣམ་སྨིན་དེས། །ལས་རྣམས་སྨིན་གྱིས་བྱས་པའི་ཡང ། །སྡུག་བསྔལ་རྟག་ཏུ་རྣམ་པར་འབྱེད། །སྐྱེ་དེ་མཐོ་རིས་འགྲོ་བའོ། །དེ་ལྟར་ལྷ་དེ་དེའི་མགྲིན་པར་བྱས་པ་དེ་ཡང་དག་པར་མཐོང་ནས་མཆོག་ཏུ་སྐྲག་པའི་ཡིད་ཀྱིས་ཚིགས་སུ་བཅད་པ་སྨྲས་ཏེ། ཤིན་ཏུ་བརྗོད་ནས་ ཀྱང་ཆུ་ཀླུང་གི་འགྲམ་དུ་ལྷ་དེ་དག་ཉིད་དང་ལྷན་ཅིག་ཏུ་རང་བཞིན་ཡིན་པས་སླར་ཡང་བག་མེད་པས་རྒྱུ་བར་བྱེད་དོ། །གལ་ཏེ་གང་དག་དེའི་མགྲིན་པ་ན་བྱས་པ་ཡོད་པར་གྱུར་དུ་ཟིན་ཡང་རྐྱེན་མེད་པར་མི་མཐོང་སྟེ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་རྐྱེན་མེད་པར་མི་ འགྱུར་ལ། ལྷ་གང་གི་ཡང་རང་བཞིན་ཡིན་པས་སླར་ཡང་བག་མེད་པར་སྤྱོད་པས་གང་ན་ཆུ་ཀླུང་འོད་འབྱུང་གི་རི་ལ་རིན་པོ་ཆེ་འོད་འབྱིན་ཞེས་བྱ་བའི་རི་དེ་ཡོད་པ་དེར་འགྲོ་སྟེ། རྒྱན་དང་ཆ་བྱད་དུ་མས་རབ་ཏུ་དགའ་བའི་ཡིད་ཅན་ཡུལ་ད་ལྟར་བ་ལ་ཆགས་པས་ཀུན་ནས་ཁྲིད་པར་གྱུར་པས་དུས་ ཆོད་པར་གྱུར་པའི་འཇིགས་པ་ཡང་མ་རྩིས་པ་དང ། དབང་པོ་འགྱུར་ལྡོག་ཅན་རྣམས་ཀྱིས་ཀྱང་དྲངས་པ་དང་མཐོ་རིས་པ་དེ་རྣམས་མཆོག་ཏུ་ཡང་བདེ་བའི་ཕྱིར་ན་ཕྱིར་ཞིང་ཡང་གར་བྱེད་པར་གྱུར། རབ་ཏུ་རྒོད་པར་གྱུར་པས་རྣམ་པར་རྒྱུ་བར་བྱེད་པས་ཆུ་ཀླུང་གི་འགྲམ་ན་རྣམ་པ་དུ་མར་དགའ་བའི་ མེ་ཏོག་གི་ཚོགས་རྣམ་པ་དུ་མ་ཕུན་སུམ་ཚོགས་པ་འཁྲི་ཤིང་ཤིན་ཏུ་འགྱུས་པས་ཁེབས་པའི་ངོས་ན་རྟག་ཏུ་ཡང་རབ་ཏུ་དགའ་བའི་བྱའི་ཚོགས་ཀྱིས་འཁྲིགས་པར་རོ། །གཞན་ཡང་ཁྱད་པར་ལྟ་བར་འདོད་པས་རིན་པོ་ཆེ་འོད་འབྱིན་གྱི་རི་ལ་རིན་པོ་ཆེའི་རྣམ་པ་བརྒྱ་སྟོང་དུ་མ་ཆ་ཤས་རྣམ་པར་བཀྲ་ བ་ཡོད་པར་འགྲོའོ། །ལྟ་བ་ལ་མཚོར་རྔམས་པས་དེས་དེ་རིང་བ་ཉིད་ནས་མཐོང་སྟེ། འོད་འབར་བ་ནམ་མཁའ་བརྟོལ་བ་བཞིན་དུ་གནས་པ་ལྔར་མ་མཐོང་བ་དེ་ཡིད་ལ་སྨོན་པས་བྱས་པ་བཞིན་དུ་སྐྱོན་གཞན་མེད་པ་དེའི་འོད་དཔག་ཚད་སྟོང་ཕྲག་བཅུར་འགྱུར་ཏེ། སྔོན་པོ་དང་སེར་པོ་དང་དམར་ 70-1-65a པོ་དང་ལྗང་ཁུའི་ཁ་དོག་གོ། །གཞན་ཡང་རྣམ་པར་འདྲེས་པའི་འོད་རྣམས་སོ། །གཞན་ཡང་ངོས་དེ་ན་རིན་པོ་ཆེའི་འོད་ཀྱི་ཕྲེང་བ་ཅན་གྱི་རི་གཞན་གང་དག་ཡོད་པ་དེ་དག་རྣམས་ཀྱང་བརྟོལ་ཞིང་རིན་པོ་ཆེ་འོད་འབྱིན་གྱི་རི་དེའི་འོད་དེ་དག་གིས་རི་དེ་དག་རྣམས་ཐམས་ཅད་ཀྱི་འོད་ ངེས་པར་བཅོམ་ནས་གནས་སོ། །དཔེར་ན་རིའི་རྒྱལ་པོ་རི་རབ་ལྷུན་པོའི་འོད་ཀྱིས་ནི་རི་རྣམས་ཐམས་ཅད་ཀྱི་འོད་ཟིལ་གྱིས་གནོན་ནོ། །དེ་བཞིན་དུ་རིན་པོ་ཆེ་འོད་འབྱིན་དེའི་འོད་མཆོག་ཏུ་རྒྱ་ཆེ་བ་དགའ་བར་གྱུར་པ་མཆོག་ཏུ་རངས་པ་ཡིད་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་རྣ་བའི་དབང་པོ་གཅིག་ ཚིམ་པར་བྱེད་ལ་རིན་པོ་ཆེ་དེས་རྣ་བའི་དབང་པོ་གཉིས་པ་ཡང་སྒྲ་རྣམ་པ་དུ་མས་ལེགས་པ་བསྒོ་བར་བྱེད་ལ། རིན་པོ་ཆེ་འོད་འབྱིན་གྱི་རི་དེ་ཉིད་ན་འདི་ལྟ་སྟེ། ཐོས་ན་ཡིད་འཕྲོག་པའི་སྒྲ་དང་ལྡན་པའི་ཆུ་ཀླུང་འབབ་པས་ཀྱང་ཀུན་ཏུ་སྒྲ་སྒྲོགས་པས་མཆོག་ཏུ་ཐོས་ན་ཡིད་འཕྲོག་པ་དང ། དེ་དག་ ན་རྣམ་པ་དུ་མའི་བྱ་རྣམས་ནི་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བཀྲ་བའི་སྒྲོ་དང་ལྡན་པ་ཁྱད་པར་མེད་པའི་རླུང་གིས་རབ་ཏུ་བསྐྱོད་པའི་དྲིལ་བུ་གཡེར་ཀའི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱི་སྒྲ་གང་ཡིན་པས་སོ། །དེ་དག་གི་དཔེ་བྱ་བར་མི་ནུས་ཏེ་ཡིད་རྣམས་དང་འདྲ་བ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་ འོད་འབྱིན་གྱི་རི་ཆེན་པོ་འདི་ལས་དེ་བཞིན་དུ་ལྷ་དེ་དག་རྣམས་ཀྱི་རྣ་བའི་དབང་པོ་ལ་ཡང་ཚིམ་པར་བྱེད་དེ་གཞན་ཡང་ལྷ་དེ་དག་གི་དབང་པོ་གསུམ་པ་རིང་བ་ཉིད་ནས་རི་ཆེན་པོས་ཚིམ་པར་བྱེད་པ་ཡང་འདི་ལྟ་སྟེ། སྣ་ལ་དྲི་དུ་མ་རྣམས་ཀྱིས་མེ་ཏོག་གི་ཚོགས་མང་པོ་ལས་འབྱུང་བར་འགྱུར་བ་ལ་ཆུ་ཀླུང་ དུ་མ་ལས་ཉེ་བར་སྐྱེས་པའི་མེ་ཏོག་གིས་ལེགས་པར་བསྐྱེད་པའི་དྲི་དེ་དག་གིས་ལྷ་རྣམས་ཚིམ་པར་བྱེད་དོ། །གཞན་ཡང་རི་ཆེན་པོ་དེས་ལྷ་དེ་དག་རྣམས་ཀྱི་དབང་པོ་བཞི་པ་ཀུན་ནས་ཚིམ་པར་བྱེད་དེ་ལྕེ་ཡང་རོ་དང ། མདོག་དང་གཟུགས་དང ། དྲི་རྣམས་མཆོག་ཏུ་གྱུར་པའི་རྣམ་པ་དུ་མའི་ འབྲས་བུ་རྣམས་ཀྱིས་ཀྱང་ཀུན་ཏུ་ཚིམ་པར་བྱེད་དོ། །ལུས་ལ་ཡང་རེག་ན་དགའ་བར་འགྱུར་བའི་གོས་རྒྱུ་སྤུན་མེད་པ་དུ་མ་རྣམས་དང ། རེག་ན་བདེ་བའི་རླུང་རྣམས་ཀྱིས་ཀྱང་ཚིམ་པར་བྱེད་དོ། །རི་ཆེན་པོ་དེ་གང་ལ་ལྷ་དེ་དག་རྣམས་ཀྱི་དབང་པོ་ལྔ་པོ་རྣམས་རང་གི་ཡུལ་བདེ་བ་ཉམས་སུ་མྱོང་ 70-1-65b བར་བྱེད་དོ། །དེས་ཚིམ་པར་བྱེད་པ་པོའི་ངོ་བོས་ཡིད་ཀྱང་མཆོག་ཏུ་ཚིམ་པར་འགྱུར་རོ། །དེ་ལྟར་རིན་པོ་ཆེ་འོད་འབྱིན་གྱི་རི་འདིས་དབང་པོ་ལྔའི་བདེ་བ་རབ་ཏུ་སྦྱིན་པས་ལྷ་དེ་རྣམས་ཤིན་ཏུ་བདེ་བ་ལ་གནས་སོ། །དེ་ནས་ལྷ་དེ་རྣམས་ཀྱིས་རིན་པོ་ཆེ་འོད་འབྱིན་གྱི་རི་དེར་སླེབ་ནས་རིན་པོ་ཆེ་དུ་མ་ འབར་བའི་ཕྲེང་བ་རྣམ་པ་དུ་མར་ཡང་འོད་འབར་བ་ཉེ་བར་འབྱིན་ནོ། །དེ་ནས་ལྷ་དེ་རིན་པོ་ཆེ་དེ་ལ་ཆུ་ཀླུང་སྟོང་ཕྲག་རྣམ་པ་དུ་མ་དང་འབབ་ཆུ་དང་རྫིང་བུ་དང་པད་མའི་རྫིང་བརྒྱ་སྟོང་གིས་ཉེ་བར་མཛེས་པ་གསེར་དང་བཻ་ཌཱུརྱ་དང ། ིན་དྲ་ནཱི་ལ་དང་དངུལ་དང་འདབ་མ་རྣམ་པར་བཀྲ་ བ་འདྲེན་མ་སྟོང་ཕྲག་བརྒྱས་མཛེས་པར་མངོན་པར་མཐོང་ནས་ལྷ་དེ་རང་བཞིན་ཉིད་ཀྱིས་བདེ་བར་རྒྱུ་བ་བརྒྱ་འགྱུར་ཐོབ་ནས་རི་དེ་ལ་ཉེ་བར་ལོངས་སྤྱོད་དེ། རབ་ཏུ་དགའ་བའི་འཁོར་དང་བཅས་ནས་ཕན་ཚུན་དུ་གནོད་པ་མེད་པར་གཏད་པས་ཚིམ་པར་བྱེད་པའི་ཡིད་ཅན་རྣམས་དེ་དག་དེ་ བཞིན་དུ་ཆེས་རབ་ཏུ་དགའ་བའི་ཡིད་ཀྱིས་རིན་པོ་ཆེ་འོད་འབྱིན་གྱི་རི་དེའི་ཁྱད་པར་ལྟ་བར་འདོད་པས་ཕུག་དང་རི་ཁྲོད་ལ་དཔྱོད་དེ་པད་མའི་རྫིང་བུ་ནས་པད་མའི་རྫིང་བུ། རྩེ་མོ་ནས་རྩེ་མོ། ཆུ་ཀླུང་གི་ངོས་ནས་ཆུ་ཀླུང་གི་ངོས། གནས་ཀྱི་ཚོགས་ནས་གནས་ཀྱི་ཚོགས། རིན་པོ་ ཆེའི་ནགས་ནས་རིན་པོ་ཆེའི་ནགས་ལ་བྱའི་ཚོགས་མང་པོ་མངོན་པར་མཐོང་བའི་རྣམ་པ་དེས་མཐོང་བ་དང་ཐོས་པས་དགའ་བ་བྱའི་ཚོགས་གཞན་ལྟ་བར་འདོད་པ་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ལྷན་ཅིག་ཏུ་དགའ་བར་བྱེད་ཅིང་ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །དེ་རང་བཞིན་གྱིས་ མཐོང་བ་དང ། ཐོས་པ་དང ། སྣ་དང ། ལྕེ་དང ། ལུས་ཀྱི་ཡུལ་ལྔ་པོ་རྣམས་དགའ་སྟེ་དབང་པོ་དེ་དག་རྣམས་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་སོ་སོ་དང་གཅིག་ལ་ཡང་དགའ་བར་བྱེད་དོ། །ཡུལ་རྣམས་ལ་ཡང་དབང་པོ་རྣམས་དང ། ཡུལ་དེ་ ལ་དབང་པོ་ལྔ་རྣམ་པར་རོལ་པའི་ཡིད་དོ། །མཆོག་ཏུ་བདེ་བ་དཔེ་མེད་པ་ཉེ་བར་ལོངས་སྤྱོད་དོ། །རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མར་མཐོང་བ་དང ། སྒྲ་དང ། སྣ་དང ། རོ་དང ། ཆོས་ཀྱི་ཡུལ་ཡང་ཟློས་པ་མ་ཡིན་པའི་ལྷའི་བདེ་བ་ཉེ་བར་ལོངས་སྤྱོད་དོ། །ད་ལྟར་ 70-1-66a བའི་བདེ་བ་དང་སྡུག་བསྔལ་གྱིས་ཉེ་བར་འཇོམས་པར་བྱེད་དོ། །དེ་ལྟར་དེ་ཡུལ་ལ་རྣམ་པར་ཆགས་པའི་ཡིད་ཀྱིས་དེ་འདྲ་བའི་བག་མེད་པར་འགྱུར་རོ། །ཇི་ལྟར་གང་ལས་ཀྱི་འབྲས་བུ་རྣམ་པར་བཀྲ་བ་སྔོན་ཕྱོགས་ན་མངོན་པར་བྲིས་པ་ཡོད་ཀྱང་དེ་ཐམས་ཅད་མི་དྲན་ནོ། ། དེ་རྣམས་ཀྱིས་གཞན་ཡང་དེས་སྔོན་ལེགས་པར་བྱས་པའི་ཕྱིར་ཀུན་ཏུ་སྤྱོད་པར་གྱུར་པ་དང ། རྩེ་བར་གྱུར་པས་ཀྱང་གལ་ཏེ་ཤེད་ན་རི་ཆེན་པོ་ལ་རིན་པོ་ཆེ་འོད་འབྱིན་པ་དེ་ཉིད་ཀྱི་རྩེ་མོ་དུ་མ་མཆོག་ཏུ་སྔོ་བ་དྲི་མ་མེད་པ་མེ་ལོང་གི་མཐིལ་དྲི་མ་མེད་པ་ཞེས་བྱ་བ་གང་ཡིན་པ་འདི་དྲི་མ་མེད་ པས་གང་ལ་ཤིང་རྟའི་རྡུལ་ཡང་མཐོང་སྟེ། ལྷ་དེ་རྣམས་ཀྱི་བརྩོན་པ་ལྷག་པས་གང་ཡང་སྦོམ་པོ་མཆོག་ཏུ་རྣམ་པར་བཀྲ་བ་དང ། མཐོང་ན་མཆོག་ཏུ་དགའ་བ་དང ། ལུས་ཀྱི་མདོག་རྣམ་པ་མི་འདྲ་བའི་ཕན་ཚུན་གྱི་རྣམ་པ་ལས་ཀྱིས་བྱས་པ་མངོན་པར་བྲིས་པ་ལ་ལྟ་སྨོས་ཅི་ དགོས། འགྲོ་བའི་རིས་གང་དང་གང་ལས་འཆི་འཕོ་བ་དང་རྣམ་པ་གང་གིས་བྱས་པར་གྱུར་པ་དེ་ཡང་བྲང་དང་མགྲིན་པའི་དབུས་སུ་བྲིས་པར་འགྱུར་རོ། །ལེགས་པར་བྱས་པའི་ལས་ཀྱིས་དེས་དེའི་ཉེས་དམིགས་རྟོགས་ནས་སྐྱོ་བ་སྐྱེ་བར་འགྱུར་རོ། །འདོད་པའི་རོ་ཐོབ་པའི་རྒྱུ་དེས་ཀྱང་ བྱིས་པ་རྣམས་སྐྱོ་བ་མི་སྐྱེའོ། །ཡང་གང་གི་ཚེ་དེ་རྣམས་ཉིད་ལ་འདོད་པ་རྣམས་ཀྱི་ཉེས་དམིགས་ལེགས་པར་བསྟན་པར་གྱུར་པའམ། རང་ཉིད་ཀྱིས་གོ་བར་གྱུར་པ་དེ་ལས་ཀྱང་འདོད་པའི་ཉེས་དམིགས་ཉེ་བར་དམིགས་པར་འགྱུར་རོ། །དེའི་ཚེ་བྱིས་པ་རྨོངས་པའི་བློ་ཅན་རྣམས་ཀྱིས་ རབ་ཏུ་རྟོགས་ཏེ་གང་ཐོབ་ནས་དེ་འདོད་པའི་རོ་ལ་ཆགས་པར་མི་བྱེད་པ་དང ། ཉེས་དམིགས་ཀྱང་ལེགས་པར་མཐོང་བ་ཡིན་ནོ། །དེ་འདོད་པ་རྣམས་ལ་ཕྱིས་འགྱོད་པའི་མེས་སྲེག་པར་བྱེད་དེ། གང་གི་ཕྱིར་ཐ་མི་དད་པའི་ལུས་ཡོངས་སུ་འདོར་བའི་ཕྱིར་རོ། །གང་ཡུལ་གྱི་མེ་མཚོན་ ཆ་དམྱལ་བའི་མཐར་གཏུགས་པའི་རྒྱུ་བདག་ཅག་རྣམས་སོ། །ཕྱི་ནས་འགྱོད་པའི་མེས་སྲེག་པར་བྱེད་དོ། །གང་ཡང་ལུས་བསྒོམས་པའི་ཡིད་བསྒོམས་པར་གྱུར་པ་དེ་འདོད་པའི་རོ་ལ་མི་དགའ་བ་དང་ཉེས་དམིགས་ཀྱང་མཐོང་བ་ཡིན་ནོ། །དེ་འདོད་པ་རྣམས་ཀྱི་རོ་ལ་ཡང་དགའ་བ་ 70-1-66b མ་ཡིན་ནོ། །འདོད་པ་རྣམས་ཡོད་ཀྱང་ཞབས་འབྲིང་དང་མངོན་པར་རྟོག་པར་བྱེད་པར་མི་འགྱུར་རོ། །དེའི་ཚེ་འདོད་པ་རྣམས་ཀྱི་ཁ་འོག་ཏུ་འདུ་བར་མི་འགྱུར་རོ། །གཞན་ཡང་འདོད་པ་རྣམས་ཀྱི་གཉེན་པོ་འདི་ལྟ་སྟེ། གང་གིས་གཟུགས་དེ་མཐོང་བ་ན་དེ་རྣམ་པར་འཇིག་པའི་ ཆོས་ཅན་དེས་གཟུགས་ལ་གཟུགས་ཀྱི་རྗེས་སུ་ལྟ་བ་དང ། ཇི་ལྟ་བ་བཞིན་དུ་ཚུལ་བཞིན་ཉིད་ཡིད་ལ་བྱེད་པས་ལྟ་བ་དེས་འདུན་པའི་འདོད་ཆགས་རྣམ་པར་འཇོམས་སོ། །དེ་ལྟར་ཡུལ་ལྔ་ལ་ཇི་ལྟ་བ་བཞིན་དུ་ཉེས་དམིགས་སུ་མཐོང་བའི་རང་བཞིན་དུ་འགྱུར་ལ་དེ་དགའ་བའི་འདོད་ ཆགས་དང་ལྡན་པའི་སྲེད་པ་འཁོར་བའི་ས་བོན་དུ་གྱུར་པ་ལས་ཕྱི་རོལ་ཏུ་གྱུར་པའོ། །དེ་ལྟར་ཡང་འདོད་པ་རྣམས་ཀྱི་ཉེས་དམིགས་རྟོགས་ཤིང་དེ་དག་ཉེས་དམིགས་ཤེས་ནས་ཕྱིས་འགྱོད་པར་འགྱུར་རོ། །འདོད་པའི་ཡུལ་གྱི་འདོད་ཆགས་དང་ཕྲད་པས་མི་གནོད་དོ། །སྔོན་གྱི་ འབྱུང་བ་ལས་བྱུང་བས་ལྷ་རྣམས་ཡོངས་སུ་སྤྱོད་པས་གལ་ཏེ་ཤེད་ན་རི་དེའི་རྩེ་མོ་ལ་མངོན་པར་འཁོད་དོ། །མཆོག་ཏུ་དྲི་མ་མེད་པའི་མེ་ལོང་གི་མཐིལ་ཇི་ལྟ་བར་ལྷ་དེ་རྣམས་ཀྱི་ཡན་ལག་དེ་རྣམས་ཀྱང་མཐོང་ངོ ། །དེ་ནས་ལུས་བསྒོམས་པ་ཡིད་བསྒོམས་པའི་ལྷ་དེས་མཐོང་བར་ གྱུར་པ་ལས་ཐམས་ཅད་ཀྱི་འབྲས་བུ་དང ། འཆི་འཕོ་དང ། གླེང་གཞི་དང ། སྐྱེ་བ་ཡང་དཔྲལ་བ་ན་བྲིས་པ་དེ་རྣམས་བདག་ཉིད་ཀྱིས་རབ་ཏུ་མཐོང་བར་འགྱུར་རོ། །ཇི་ལྟར་ཆེ་གེ་མོ་ཞིག་གི་དུས་ན་གནས་ཆེ་གེ་མོ་ཞིག་ན་ཆེ་གེ་མོ་ཞིག་གི་ཡུལ་ན་རྣམ་པར་ཆེ་གེ་མོས་འཆི་འཕོ་ བའི་རྒྱུ་མཚན་ཆེ་གེ་མོས་ལྷ་ཆེ་གེ་མོ་འཆི་འཕོ་བར་འགྱུར་རོ། །གང་དཔྲལ་བར་མངོན་པར་བྲིས་པ་འདི་ཤེས་པར་གྱུར་པ་དེ་ལྷའི་རིགས་དེ་ལས་འཆི་འཕོས་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་སམ། སྐྱེས་ནས་མྱོང་བར་འགྱུར་བས་སམ། ལུས་ཀྱི་ཉེས་ པར་སྤྱོད་པས་སམ། ངག་གི་ཉེས་པར་སྤྱོད་པས་སམ། ཡིད་ཀྱི་ཉེས་པར་སྤྱོད་པའི་རྒྱུས་འཆི་འཕོས་ནས་དམྱལ་བར་ཆེ་གེ་མོ་ཞིག་ཏུ་སྐྱེ་བ་དང ། ཆེ་གེ་མོ་ཞིག་ཡི་དགས་སུ་སྐྱེ་བ་དང ། འདིར་དུད་འགྲོའི་ལུས་སུ་སྐྱེ་བར་འགྱུར་བ་དང ། དེ་དུད་འགྲོའི་རིགས་དེ་ལས་ཡོངས་སུ་ 70-1-67a གྲོལ་ནས་འདོད་པའི་བག་མེད་པས་བསླུས་ཤིང་ལས་ཀྱི་རླུང་གིས་བསྐོར་ནས་སླར་ཡང་ཆེ་གེ་མོ་ཞིག་ཏུ་འཁོར་བར་འགྱུར་རོ། །དེ་ལྟར་འདོད་པ་རྣམས་ཀྱི་ཉེས་དམིགས་དང་སྙིང་པོ་མེད་པ་ཡང་དཔྲལ་བ་དེ་ཉིད་ལ་མངོན་པར་བྲིས་པ་མཐོང་ངོ ། །ཇི་ལྟར་ཆེ་གེ་མོ་ ཞིག་གི་གཉེན་པོ་ཆེ་གེ་མོ་ཞིག་གིས་ཏེ། འདི་ལྟ་སྟེ། འདོད་པ་རྣམས་ནི་མི་རྟག་པ་སྙིང་པོ་མེད་པར། དཔྲལ་བར་མངོན་པར་བྲིས་པ་གང་ཡིན་པ་ཐམས་ཅད་མཐོང་ངོ ། །དེ་མཐོང་ནས་ཀྱང་གང་ཆེས་བསྒོམས་པའི་ལུས་དང་ཡིད་བསྒོམས་པར་གྱུར་པ་དེས་འདོད་པ་རྣམས་ཡོངས་སུ་ སྤོང་ངོ ། །ཉེས་དམིགས་དང་བཅས་པ་ཞེས་རིག་ནས་གང་གི་ཕྱིར་དུག་དང་འདྲ་བར་ཇི་ལྟར་ཕྲ་མོ་རྣམས་ཀྱང་དེ་བཞིན་དུ་ཡུལ་རྟེན་པ་རྣམས་ཀྱང་དུག་བཞིན་ཟོས་ནས་ལོག་པར་ལྟུང་བར་འགྱུར་རོ། །དེ་དག་རྣམས་དེ་ལྟར་མཐོང་བ་དང ། སྟེན་པ་དང ། ཡུལ་རྣམས་ཡོངས་སུ་སྤོང་བ་པོ་ རྣམས་གང་ཡིན་པ་དེ་དག་གི་ཡང་དཔྲལ་བར་བྲིས་པ་ཡིན་ནོ། །ངན་འགྲོར་སྐྱེ་བ་དམྱལ་བ་ཡི་དགས་དུད་འགྲོའི་སྐྱེ་བ་བླངས་ནས་དེ་ཟད་པ་ཡང་ལེགས་པར་བྱས་པའི་ལས་ཀྱིས་རྟག་ཏུ་ཡང་དག་པར་མངོན་པར་མཐོང་ནས། གཞན་ཡང་ལས་ཀྱི་དབང་དུ་བྱས་ནས་ཡིད་ཆེས་པ་སྐྱེ་བ་དེ་ནི་ལེགས་ པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་ཡིན་ཏེ། ཇི་སྲིད་དུ་མྱ་ངན་ལས་འདས་པའི་ས་བོན་དུ་གྱུར་པ་ལས་ཟད་པར་འགྱུར་བའོ། །དེ་ནས་ལྷ་གཞན་གང་དག་བློ་དམན་པར་གྱུར་པ་རྣམས་འདོད་པ་སྟེན་པ་ལ་ཆེད་ཆེར་བྱེད་ཅིང་དེ་སྔོན་གྱི་ལེགས་པར་བྱས་པའི་དབང་དུ་གྱུར་པའི་ངོ་བོས་ཀྱང་མངོན་པར་ བྲིས་པ་ལེགས་པར་མཐོང་སྟེ། ཇི་ལྟར་བདག་འདི་ལས་འཆི་འཕོས་ནས་མི་རྣམས་སུ་སྐྱེས་ལ་ཕྱིར་ཡང་ལྷ་རྣམས་སུ་སྐྱེ་བ་སྟེ་རྟག་ཏུའམ། མངོན་པར་མཐོང་ཡང་ཀུན་ནས་སྐྲག་པ་དང་ལྡན་པར་ཡང་མི་འགྱུར་རོ། །ཕྱིར་ཡང་ཡུལ་ལྔའི་རླབས་ཀྱི་སྲེད་པའི་ཆུ་ཀླུང་དུ་བག་མེད་པ་བག་མེད་ པས་སྤྱོད་པས་ལྷ་ཁྲུས་བྱེད་དོ། །དེའི་ཐོས་པའི་ཤེས་པ་དེ་ཡང་འགགས་ནས་སྐྱེ་བས་བྱས་པ་གཞན་ཡང་རབ་ཏུ་འབྱུང་བར་འགྱུར་ཏེ། འདོད་པས་བསླུས་ནས་ལས་ཟད་པར་བྱས་པས་དམྱལ་བ་དང་ཡི་དགས་དང ། དུད་འགྲོར་སྐྱེའོ། །ཕྱིས་ཡང་དམྱལ་བ་ཡི་དགས་དུད་འགྲོར་སྐྱེ་བ་རྣམ་ 70-1-67b པར་འཇིག་གོ། །དེ་ནས་དེ་ལྟར་བག་མེད་པ་ལ་ལྟ་བའི་ལྷ་དེ་དག་རྣམས་རྟོགས་ནས་དབང་ཕྱུག་ལ་གནས་པ་ཞེས་བྱ་བའི་བྱས་དགེ་བའི་ལས་ཀྱི་དབང་གིས་ཚིག་བརྗོད་པ་ཇི་ལྟར། དགེ་བ་ཡིས་ནི་སེམས་ཁྲིད་ཅིང ། །དགེ་བ་ཁོ་ནས་རྗེས་སུ་ཁྲིད། །དེ་བཞིན་མི་དགེ་རྗེས་སྤྱད་པས། །མི་དགེ་ ཉིད་ལ་རྒྱུག་པ་ཡིན། །བདེ་ལེགས་རྒྱུ་བ་མི་ཡི་སེམས། །ཆུ་ཀླུང་ཉིད་དང་དེ་དག་མཚུངས། །ཇི་ལྟ་བར་ནི་རྐྱེན་ཐོབ་ནས། །དེ་བཞིན་དེ་ནི་ཡོངས་སུ་རྒྱུག་།མྱུར་བར་རབ་ཏུ་རྒྱུག་བྱེད་སེམས། །མྱུར་བར་ཡང་ནི་ཡོངས་སུ་ལྡོག་།མྱུར་བར་འབབ་པ་ལྷ་རྣམས་དང ། །མྱུར་བར་ཐབས་ མིན་སར་ཡང་ངོ ། །གང་ལ་སེམས་ནི་རྗེས་ཆགས་པ། །མྱུར་བ་མྱུར་བར་ཆེས་འགྱུར་རོ། །ཆོས་རྣམས་ཐམས་ཅད་བྱེད་པོ་དང ། །ལས་རྣམས་ཐམས་ཅད་གཅོད་བྱེད་ཡིན། །ཆོས་རྣམས་ཐམས་ཅད་ཁྲིད་བྱེད་ནི། །སེམས་འདི་ཡིན་ཞེས་བརྗོད་པ་ཡིན། །རྟག་ཏུ་གླགས་ནི་གཅོད་བྱེད་ པའི། །སེམས་ལ་ཡིད་ཆེས་མི་བྱ་ཡི། །གཟུང་བར་དཀའ་དང་ཤུགས་དྲག་དང ། །ལིམ་ལོག་གི་ནི་ཁྱད་པར་གྱིས། །དེས་ན་ཡུད་ཙམ་དགེར་འགྱུར་ཞིང ། །དེ་བཞིན་མི་དགེར་ཡུད་ཙམ་དེས། །དེ་བཞིན་ལུང་མ་བསྟན་པར་འགྱུར། །འདི་ལ་འགྲོ་གནས་ཡོད་མ་ཡིན། །འོང་བ་ཉིད་ཀྱང་ མཐོང་བ་མེད། །མེད་པར་གྱུར་ནས་འབྱུང་འགྱུར་དེ། །བྱུང་ནས་ཀྱང་ནི་འགྲོ་བར་འགྱུར། །དེ་ཡིས་མི་བྱེད་པ་མེད་ཅིང ། །བསགས་པ་ཡང་ནི་ཡོད་མ་ཡིན། །དེ་ལ་གཟུང་བ་ཉིད་ཡོད་མིན། །དེ་ནི་ཐམས་ཅད་དུ་ལུས་མེད། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །སོ་སོར་ཀུན་ནས་སླར་སྐྱེའོ། ། ནོར་བུ་བ་ལྕིའི་རྐྱེན་དག་གིས། །མི་སྐྱེ་བ་ནི་ཇི་བཞིན་དུ། །དེ་བཞིན་ཁོ་ནར་དབང་གཟུགས་སོགས། །གསུམ་ལས་རྣམ་པར་ཤེས་པ་འབྱུང ། །འདོད་རྒྱལ་དུ་ནི་སྐྱེ་མིན་ཏེ། །སེམས་ནི་ཚོགས་པ་ལས་འབྱུང་ངོ ། །ཐམས་ཅད་དུ་ནི་སྤང་དཀའ་བ། །དེ་ཉིད་ཡུལ་དུ་རིག་ནས་ནི། །དམ་པའི་ ཆོས་ལ་བློ་ངེས་གཞག་།འདོད་པ་རྣམས་ལ་ནམ་ཡང་མིན། །དེ་ལྟར་ལྷ་གང་དག་ལུས་བསྒོམས་པར་གྱུར་པ་དང ། ཡིད་བསྒོམས་པར་གྱུར་པ་གཉི་ག་ལ་ཡང་ངེས་པར་འབྱུང་བའི་ཡིད་ཅན་རྣམས་འདུལ་བར་ཡང་དཀའོ། །དེ་འདུལ་བ་ལ་གུས་པས་ལྷ་ཉིད་ལས་འཆི་འཕོས་ནས་ཀྱང་སླར་ 70-1-68a ཡང་ལྷ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ནང་དུ་སྐྱེའོ། །རྒྱལ་པོར་ཡང་འགྱུར་ལ་རྒྱལ་པོའི་བློན་པོའམ་གང་ཡང་ཐར་པའི་ཆ་དང་འཐུན་པའི་ལས་བྱེད་དོ། །གང་ཡང་སེམས་བརྩོན་པ་ནི་བྱང་ཆུབ་གསུམ་ལས་གཞན་གང་རུང་ཞིག་འཐོབ་པ་དེའི་ ཡང་ན་རྒྱལ་པོ་འཁོར་ལོས་སྒྱུར་བར་ཡང་དང་ཡང་དུ་འགྱུར་ཏེ། དགེ་བའི་ལས་བསགས་པ་དེའི་དགེ་བའི་ལས་ཀྱིས་སོ། །གལ་ཏེ་དེ་ཉིད་ཀྱིས་ཡང་གང་དག་སེར་སྣར་གྱུར་པའི་ལས་བྱས་པ་ཉེ་བར་མ་བརྟགས་པར་དང ། སེམས་བསྒྲུབས་པར་དཀའ་བས་དགེ་བ་རྗེས་སུ་མི་སྒྲུབ་ པས་དེ་སླར་ཡང་དམྱལ་བ་ཡི་དགས་དུད་འགྲོ་རྣམས་སུ་སྐྱེའོ། །གཞན་ཡང་དགེ་སློང་དེ་ཤིན་ཏུ་ངོ་མཚར་བར་གྱུར་པའི་ལས་རྨད་དུ་ཁྱེར་བའི་རྣམ་པར་སྨིན་པ་འདི་ལ་རྗེས་སུ་དཔྱོད་པར་བྱེད་པ་ན་དེས་མཐོང་བར་གྱུར་པ་ནི་གང་ཞིག་རབ་ཏུ་དད་པར་གྱུར་པས་བཅོམ་ལྡན་འདས་ཀྱི་སྐུ་བྲིས་པ་དང ། དང་བ་དང་ལྡན་པས་རིག་ཅིང་རབ་ཏུ་དང་བའི་སེམས་ཀྱིས་དམ་པའི་ཆོས་ཀྱི་པུ་སྟི་བྲིས་པར་གྱུར་པས་ཀྱང་བྱང་ཆུབ་འཐོབ་པར་འགྱུར་རོ། །རབ་ཏུ་མ་དད་པའི་སེམས་ཀྱིས་ཀྱང་མགྲིན་པ་དང ། བྲང་གི་དབུས་སུ་ཐམས་ཅད་བྲིས་པ་དེ་མཐོང་ནས་དེ་དད་པ་དང་ལྡན་པར་འགྱུར་རོ། །དེ་ཡང་དཔྲལ་བའི་ ཡུལ་དུ་མཐོང་ནས་ཀྱང་དད་པ་དང་ལྡན་ནོ། །རབ་ཏུ་མ་དད་པའི་སེམས་ཀྱིས་སམ་རྒྱལ་པོའི་ཞབས་འབྲིང་བྱེད་པའི་འཇིགས་པས་དང ། དེ་ལས་གཞན་གྱིས་ཀྱང་བརྩོན་པ་མེད་པས་དང ། ཡང་དེ་འཚོ་བའི་དོན་དུ་ཡང་པུ་སྟི་འདྲི་བར་གྱུར་པ་དང ། སྐུ་གཟུགས་ཀྱང་སྟེ་མཐོ་རིས་སུ་སྐྱེས་པ་ན་ ཡང་དེའི་ལས་མངོན་པར་བྲིས་པ་མངོན་པར་མཐོང་ནས་དད་པར་འགྱུར་རོ། །སླར་ཡང་བག་མེད་པ་མང་བར་འགྱུར་ཞིང་དེའི་དགེ་ལེགས་ཀྱི་ས་བོན་དུ་གྱུར་པའི་ལས་རྣམས་ཟད་པར་འགྱུར་ཏེ། བག་མེད་པ་དང་བྲལ་བའི་སེམས་དང་བྲལ་བར་གྱུར་པས་ཀྱང་སྟེ། དེ་ལྟར་ན་ལས་ཀྱིས་བྱས་པ་ རྒྱུ་མེད་པར་འགྱུར་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ནས་གཞན་ཡང་ལྷ་དེ་དག་བག་མེད་པ་ལ་མངོན་པར་དགའ་བ་དང ། བག་མེད་པ་ལ་སྤྱོད་པས་ཀྱང་དེ་རྫས་ཀྱི་ཡུལ་གྱི་རྒྱགས་པས་རྟག་ཏུ་ངོམས་པ་མེད་དོ། །གཞན་ཡང་དེ་ལ་འདོད་པ་དུ་མ་འཕེལ་བས་ནི་རིན་པོ་ཆེ་འོད་འབྱུང་གི་རི་ལ་ 70-1-68b དུས་ཡུན་རིང་པོར་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ནས། ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་འགྱིང་བར་བྱེད་པ་དང ། ཡོངས་སུ་སྤྱོད་པར་གྱུར་པས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གང་ན་འོད་འབྱིན་ཞེས་བྱ་བའི་རི་གསུམ་པ་ཡོད་པ་དེར་ཉེ་བར་འགྲོ་སྟེ། རབ་ཏུ་རངས་པ་མཆོག་གི་ཡིད་ཀྱིས་ རྔ་སྐད་ཡན་ལག་ལྔ་དང་བཅས་པས་དེ་འགྱིང་བར་འགྱུར། ཡོངས་སུ་སྤྱོད་པར་འགྱུར་རོ། །ཉེ་འཁོར་ན་ཡང་མཆོག་ཏུ་གྱུར་པའི་དཔལ་དང་ཡང་དག་པར་ལྡན་པར་ལྷ་དེ་ཡང་དང་ཡང་དུ་རྣམ་པ་དུ་མའི་བདེ་བ་ཀུན་ཏུ་རྟོག་པ་དུ་མས་ཚུལ་བཟང་པོ་དང ། ཆ་བྱད་བཟང་པོ་མཆོག་ཏུ་ཡིད་འཕྲོག་པ་ ཡུལ་མཆོག་ཏུ་གྱུར་པ་གཞན་རྣམ་པ་དུ་མ་རྣམས་རི་དེ་དག་ལ་ཉེ་བར་ལོངས་སྤྱད་ནས་ཆུ་ཀླུང་གི་ངོས་དེར་ནོར་བུ་འབར་བ་ཉིད་ཀྱི་རི་ཆེན་པོ་གསུམ་པ་ནོར་བུ་འོད་འབྱིན་ཞེས་བྱ་བའི་ལམ་དུ་སོང་སྟེ། ཇི་ལྟ་ཇི་ལྟར་ལྷ་རྣམས་དགའ་བར་གྱུར་པའི་ཡུལ་རྣམས་སྟེན་པ་དེ་ལྟ་དེ་ལྟར་དགའ་བའི་འདོད་ཆགས་ དང་ལྡན་པའི་སྲེད་པ་མངོན་པར་འཕེལ་བར་འགྱུར་ཏེ། བསམ་པ་རྣམ་པར་མ་གྲོལ་བས་དེ་འདོད་ཆགས་ཀྱི་མེས་སྲེག་བཞིན་ངོམས་པ་མེད་པའི་སྒྲ་རེག་བྱ་རོ་གཟུགས་དྲིའི་ཡུལ་གྱི་ཆུ་བོས་མི་ངོམས་པས་ཉ་བཞིན་དུ་ནོར་བུ་འོད་འབྱིན་པ་ཞེས་བྱ་བ་དེའི་རི་གསུམ་པ་ཡིད་འཕྲོག་པ་དེ་ལའོ། ། ནོར་བུ་འོད་འབྱིན་པའི་རི་དེའི་ངོས་གཅིག་ནི་ཨིན་དྲ་ནཱི་ལའི་རང་བཞིན་ནོ། །གཞན་ནི་པད་མ་དམར་པོའི་རང་བཞིན་ནོ། །གཞན་ནི་མུ་སཱ་ར་གལ་བའི་རང་བཞིན་ནོ། །གཞན་ནི་པད་མ་དངུལ་གྱི་རང་བཞིན་ནོ། །དེ་དག་མཐོང་ནས་ཀྱང་ལྷ་དེ་དག་རྣམས་རབ་ཀྱི་མཆོག་ཏུ་རངས་པའི་ཡིད་ཀྱིས་རི་ རབ་མཆོག་དེ་ལེགས་པར་མཐོང་ནས་ཕན་ཚུན་དུ་བརྗོད་པ། ལྷ་རྣམས་རི་འདི་རྣམ་པ་དུ་མར་མཛེས་པ་ལ་ཇི་ལྟ་བ་བཞིན་དུ་ལྟོས་དང ། འདི་ནོར་བུ་ལས་བྱས་པ་དཔག་ཚད་སྟོང་ཕྲག་བཅུའི་ཉེ་འཁོར་ཁྱབ་ནས་ཤིན་ཏུ་གནས་སོ། །གང་གི་འོད་ཀྱི་དཀྱིལ་ན་ལྷ་རྣམས་ནུབ་པར་ངེས་པར་ཀུན་ཏུ་མཚོན་ཏེ། སྔོན་པོ་དང ། སེར་པོ་དང ། དཀར་པོའི་འོད་འདི་ཡང་ཉེ་འཁོར་ན་རྣམ་པ་དུ་མར་ཀུན་ཏུ་གསལ་ལོ། །དེ་དེ་ལྟར་བརྗོད་པར་གྱུར་ནས་གང་ན་ཤིང་འགྱིང་བ་ཡོད་པ་ཞེས་བྱ་བའི་རི་དེར་ཉེ་བར་འགྲོ་སྟེ། རབ་ཏུ་དགའ་བའི་ལྷ་དང་ལྷ་མོས་གང་བ་རབ་ཏུ་དགའ་བའི་རོལ་མོའི་ཡབ་ཆ་དང ། གླུ་དང ། རབ་ 70-1-69a ཏུ་དགའ་བ་དང ། འགྱིང་བ་དང་བཅས་པས་རྣམ་པ་དུ་མ་ལ་ལྟ་བ་ལ་ཆེད་ཆེར་བྱེད་པའི་ཉེ་འཁོར་རྔ་སྐད་ཡན་ལག་ལྔ་པ་སྙན་པར་གྱུར་པ་འདྲ་བའི་ཆགས་པ་དགའ་བར་གྱུར་པ་ལྷ་དེ་ཤིང་འགྱིང་བ་ཞེས་བྱ་བའི་ནགས་དེར་ལེགས་པར་བྱས་པ་ལ་སྤྱོད་པ་རྒྱན་དང་ཆ་བྱད་མཆོག་དང་ལྡན་ པ་རྣམས་ཉེ་བར་ལེགས་པར་འགྲོ་བར་བྱེད་དོ། །དེ་ནས་ལྷ་དེ་དག་དེ་ལྟར་སྤྱོད་པར་གྱུར་པ་རྣམས་བག་མེད་པ་ལ་སྤྱོད་པ་སྲེད་པའི་དབང་དུ་སོང་བ་རྣམས་དུས་ཡུན་རིང་པོར་འདའོ། །དེ་ནས་ལྷ་དེས་ཤིང་འགྱིང་བའི་ནགས་ཆེན་པོ་མཐོང་བ་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ཤིང་དབུས་ན་ཆུ་ཀླུང་གཉིས་ རྒྱུན་མཆོག་གིས་འབབ་པའི་མདོག་དང་རོ་དང ། རེག་བྱ་ཅན་ཇི་ལྟར་འདོད་པར་རྣམ་པར་སྨིན་པར་འགྱུར་བའི་འོ་མས་ཡོངས་སུ་གང་བ། མུ་མེན་གྱི་རྡོ་ལ་ཀུན་ཏུ་བག་མེད་པས་རྣམ་པར་རྒྱུ་བ། སྲེད་པའི་ཡུལ་རྣམས་ཀྱིས་གང་བ། ངང་ངུར་གྱིས་ཀུན་ཏུ་གང་བ། ཤིན་ཏུ་མཆོག་ཏུ་བསིལ་བའི་ ཆུ་ཀླུང་དག་གོ། །དེ་ལ་ཆུ་ཀླུང་གཅིག་ནི་རྣམ་པ་སྣ་ཚོགས་པ་ཞེས་བྱ་བའོ། །གཞན་ནི་ཇི་ལྟར་འདོད་པའི་ཆུ་ཞེས་བྱའོ། །དེ་ལ་བཏུང་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཆུ་ཞེས་བྱ་བའི་དེ་རང་བཞིན་ཉིད་ཀྱིས་བཀྲ་བ་མཆོག་ཏུ་གཙང་བ་རབ་ཏུ་འབབ་སྟེ་ཆུ་དང་བཏུང་བ་ཡང་རུང་སྟེ། སྐྱོན་དང་ བྲལ་བ་ཁ་དོག་རྣམ་པ་སྣ་ཚོགས་པ་སྟེ། རྒྱུ་འདི་དག་གིས་ན་རྣམ་པ་སྣ་ཚོགས་པའི་ཆུ་ཞེས་བྱ་བའི་ཆུ་ཀླུང་གི་མིང་དེ་འཐོབ་པའོ། །གཞན་ཇི་ལྟར་འདོད་པའི་ཆུ་ནི་རྣམ་པ་དུ་མའི་འདོད་པ་འབྱུང་ངོ ། །ལྷ་དེ་དག་རྣམས་རྣམ་པ་དེ་སྲིད་ཉིད་དུ་ཆུ་དེ་ལས་ཕུན་སུམ་ཚོགས་པར་འགྱུར་ཏེ། གལ་ཏེ་ འདོད་པར་གྱུར་ཏེ། གལ་ཏེ་འདོད་པར་གྱུར་ན་ཇི་ལྟར་རྣམ་པ་སྟོང་ཕྲག་གི་ཆུ་ཀླུང་རབ་ཏུ་འབབ་པ་དེ་རྣམས་མཆོག་ཏུ་དཀར་བའི་མདོག་མཆོག་ཏུ་དྲི་ཞིམ་པར་དེ་དག་རབ་ཏུ་འབབ་པའོ། །གང་ཡང་ཇི་ལྟར་འདོད་པར་ཇི་ལྟ་བུའི་རྩི་རྣམས་འབབ་བོ། །དེ་དག་རྣམས་ནི་སྣ་ཚོགས་པའི་མདོག་ དང ། རོ་དང ། དྲི་དང ། རེག་བྱ་ཕུན་སུམ་ཚོགས་པའི་རྩི་དག་རབ་ཏུ་འབབ་བོ། །དེ་ནས་འདི་ལྟར་འགྱུར་ཏེ། ཇི་ལྟར་མེ་ཏོག་ཁྲ་བོར་སྣང་བ་རབ་ཏུ་འབབ་པ་ཡིན་ལ་དེ་དག་དང ། གཞན་ཡང་མེ་ཏོག་རྣམ་པ་སྣ་ཚོགས་པའི་མདོག་དང་དྲི་རྣམ་པ་སྣ་ཚོགས་པ་དེ་དག་ཐམས་ཅད་རབ་ཏུ་འབབ་ 70-1-69b བོ། །བུང་བ་བརྒྱ་སྟོང་ལེགས་པར་འདུ་བ་གང་དག་གིས་མིང་གཟུང་བར་ཡང་སླ་བ་མ་ཡིན་ནོ། །དེ་བཞིན་དུ་ཆུ་ཀླུང་གི་ཆུ་ལས་གཞན་ཇི་ལྟར་འདོད་པ་རྣམས་རབ་ཏུ་འབབ་བོ། །ལྗོན་ཤིང་འགྱིང་བའི་ནགས་དེ་ན་རྣམ་པ་སྣ་ཚོགས་པའི་མེ་ཏོག་ཉེ་བར་འཕེལ་བས་མཆོག་ཏུ་དགའ་བའོ། །དེ་ནས་ལྷ་ རྣམས་ཆུ་ཀླུང་དེ་དག་གི་ནང་ན་རབ་ཏུ་འཇུག་པར་གྱུར་པས་འགྱིང་བར་བྱེད་དེ། སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་འདོད་པ་རྣམ་པ་སྣ་ཚོགས་དང་བཅས་པ་ལ་སྤྱོད་དོ། །ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་ལེགས་པར་བྱས་པའི་ལས་ལ་ལོངས་སྤྱོད་དེ། དེ་ནས་དགའ་བར་བྱེད་པའི་རྣམ་པ་དུ་མར་རྩི་ཡང་འཐུང་ངོ ། །རྣ་བའི་ཁུང་བུར་སིལ་སྙན་གྱིས་གཏད་པའི་ཀུན་དགའ་བ་རྣམ་པ་དུ་མས་སྙིང་ལེགས་པར་གང་བ་མྱ་ངན་དང ། ཟུག་རྔུ་དང ། ཕྱིར་རྒོལ་བའི་འཇིགས་པ་དང་རྟག་ཏུ་བྲལ་བའི་ཡུལ་རྣམས་ཀྱིས་རྟག་ཏུ་ཡང་ཡུལ་གྱིས་ངོམས་པ་མེད་པའོ། །ཡུལ་ རྣམས་ཀྱིས་ངོམས་པ་མེད་པ་ནི་[\[]ཚཱ་[\]]ཆུ་ཚན་མོ་བཞིན་དུ་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མ་དང ། རྣམ་པ་སྣ་ཚོགས་པའི་མཐོ་རིས་ལ་ཉེ་བར་ལོངས་སྤྱོད་དོ། །དེ་ལྟར་གྱུར་པའི་བདེ་བས་རྣམ་པར་རྒྱུ་བའི་ལྷ་དེ་དག་རྣམས་ལ་ཆུ་ཀླུང་ལ་སྤྱོད་པའི་བྱས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ་ ཇི་ལྟར་འདི་ན་ཆུ་འགྲོ་བ། །དེ་བཞིན་བདེ་བ་ལུས་ལ་སྐྱེས། །གསོན་པ་ཐམས་ཅད་སྐད་ཅིག་ཀྱང ། །བྱིས་པ་རྣམས་ཀྱིས་མི་རྟོགས་སོ། །རྒ་དང་ན་དང་འཆི་བ་དང ། །རྒུད་པའི་ལས་སུ་བགྲང་བ་རྣམས། །འགྱུར་ཡིན་ལྷ་རྣམས་དེ་དག་ཀུན། །རྟག་ཏུ་འདོད་པའི་རྗེས་སྤྱོད་རྣམས། །གསོན་ པ་རྟག་པ་ཡོད་མ་ཡིན། །ཁམས་གསུམ་ཀུན་ཀྱང་བདེ་བ་མིན། །རྟག་ཏུ་འདོད་པ་ཡིས་མྱོས་པའི། །ལོག་པའི་དབང་གིས་ལྷས་མི་རྟོགས། །ཇི་ལྟར་ཆར་རྒྱུན་ནམ་མཁའ་ལས། །ཐམས་ཅད་དུ་ནི་མྱུར་འབབ་པ། །དེ་བཞིན་བདེ་བ་འདི་དག་ཀུན། །ཆར་གྱི་རྒྱུན་ནི་ཇི་བཞིན་ནོ། །རླུང་གིས་ རྡུལ་རྣམས་ཇི་བཞིན་དུ། །ཕན་ཚུན་དུ་ནི་ཡོངས་བསྐྱོད་པའི། །འཁོར་འགྱུར་ནམ་མཁའ་ཐམས་ཅད་དུ། །དེ་བཞིན་འདུས་པའི་ལུས་འདི་ཡིན། །ལྷ་རྫས་བདེ་བ་རྟག་ཡོད་མིན། །མི་བརྟན་པ་དང་རྣམ་པར་འཇིག་།སྲེད་པའི་དུག་གིས་ལེགས་འདྲེས་པ། །དུག་དང་འདྲེས་པའི་ཟས་ 70-1-70a བཞིན་ནོ། །དེ་བདེ་བ་དང་རྟག་པར་མཛེས། །གང་ལ་འཆི་བ་མི་དམིགས་པ། །སྡུག་པ་དང་ཡང་རྣམ་མི་འབྲལ། །ནམ་ཡང་ཚ་དང་གྲང་བ་མིན། །རྟག་པར་གོ་འཕང་དེ་མཐོང་ནས། །དེ་ལ་བརྟེན་ཞེས་མཁས་རྣམས་བརྗོད། །གང་ལ་སྐྱེ་དང་འཆི་བ་དང ། །སྡུག་ བསྔལ་འབྱུང་བ་མི་དམིགས་པ། །གང་དེ་བུད་མེད་གཡོས་སྡུག་བསྔལ། །དེ་དག་བདེ་ཞེས་རྟོགས་པར་བྱེད། །དེ་ནི་ས་བོན་རྒྱུར་མཐོང་སྟེ། །གང་ཕྱིར་དམྱལ་བ་སྐྱེད་བྱེད་ཕྱིར། །སྡུག་བསྔལ་སྐྱེད་བྱེད་བདེ་བ་གང ། །ཇི་ལྟར་དེ་ནི་བདེ་བར་འདོད། །དེ་ནི་ཡོངས་སྨིན་དབང་གིས་ན། །སྡུག་ བསྔལ་ཆེས་སྡུག་བསྔལ་ཞེས་བྱ། །གང་ལ་སེམས་ཅན་འདི་སྐྱེ་བ། །ལས་ཀྱིས་ཀུན་ནས་གཡོས་པ་ཡིན། །ཆགས་བྱེད་ལོག་པའི་དབང་དེ་ལ། །ལས་ཀྱི་དྲ་བས་རྨོངས་པ་ཡིན། །རབ་ཏུ་ཞི་བར་རྗེས་རྟོགས་ནི། །རྒྱབ་ཀྱིས་ཕྱོགས་པར་ལྷན་ཅིག་སྤྱོད། །དགེ་དང་མི་དགེའི་ལས་རྣམས་ ནི། །མེ་ཏོག་དྲི་བཞིན་རྗེས་སུ་འགྲོ། །གང་ལོངས་སྤྱོད་པ་དེ་དེ་ནི། །བདེ་བ་དེ་དག་དུས་ཀྱིས་འགག་།ཉི་དང་ལྷན་ཅིག་སྤྱོད་པ་ཡི། །འོད་རྣམས་ཉིན་མོའི་མཐར་ཐུག་གོ། །དེ་ལྟར་ཆུ་ལ་སྤྱོད་པའི་བྱ་ལེགས་པར་བྱས་པའི་ལས་ཀྱིས་བསྐུལ་ནས་ལྷ་དེ་དག་རྣམས་ལ་སྨྲ་བར་བྱེད་དེ་ཐམས་ཅད་ཀྱང་ བག་མེད་པས་བག་མེད་པར་སྤྱོད་པ་ལའོ། །དེ་ནས་ལྷ་གང་བག་མེད་པར་གྱུར་པ་དེ་དག་རྣམས་ཀྱིས་ཆུ་ལ་སྤྱོད་པ་དེ་དག་ལས་ཚིགས་སུ་བཅད་པ་དེ་དག་ཐོས་ནས་ཀྱང་བརྗོད་པ། ཇི་ལྟར་བྱ་དེ་དག་གིས་ལེགས་པར་ངག་གིས་གོ་བར་བྱས་ཏེ། ཇི་ལྟ་བ་ཉིད་དུ་དེ་དག་བདེན་པར་འབྱུང་བར་འགྱུར་ན་ བདག་ཅག་རྣམས་བག་མེད་པས་བག་མེད་པ་ལ་སྤྱོད་པས་ངེས་པར་རྟོགས་པ་ཡང་མ་ཡིན་ནོ། །བདག་ཅག་ལས་མཆོག་མ་ཡིན་པའི་དུད་འགྲོ་དེ་དག་རྣམས་ཀྱིས་ཀྱང་སྟེ། བདག་ཅག་བག་མེད་པ་བག་མེད་པས་ངེས་པར་རྟོགས་པ་ཡང་མ་ཡིན་ནོ། །གང་ངེས་པ་ཁོ་ནར་འབྱུང་བར་ འགྱུར་བ་འདོད་པ་ཐམས་ཅད་རྣམ་པར་འཇོམས་པའི་སྡུག་བསྔལ་ཆེན་པོ་དེ་བདག་ཅག་རྣམས་ཀྱིས་བཟློག་པའི་དོན་དུ་ཨེ་མ་བརྩོན་པར་བྱ་ན། དུས་ཤིན་ཏུ་རིང་པོར་དགེ་བར་གྱུར་པའི་བློ་འདི་དག་གིས་ངེས་པར་གནས་ནས་འདོད་པ་རྣམས་རབ་ཏུ་འཇོམས་པའི་ཆེད་དུ་རབ་ཏུ་སྒྲུབ་བོ། །དེ་ 70-1-70b དུས་ཤིན་ཏུ་རིང་བར་ཡང་བློ་དེ་གཅིག་ཏུ་བྱས་ནས་མཛེས་པར་གཅིག་ཏུ་སྤྱོད་པ་འདོད་པ་རྣམས་ཀྱི་རོ་མྱང་བའི་ཉེས་དམིགས་དང་ངེས་པར་འབྱུང་བ་བསམས་ནས་སླར་ཡང་སེམས་འགྱུར་ལྡོག་ཆེ་བས་རབ་ཏུ་གཡོ་བ་དང ། འདོད་པ་ལ་ཡང་དུས་ཤིན་ཏུ་རིང་བར་གོམས་པའི་ཕྱིར་ན། དེ་ནས་ལྷ་དེ་དག་ རྣམས་སླར་ཉིད་ཀྱང་འཁྲིད་པར་འགྱུར་ཏེ། ལྷ་དེ་དག་རྣམས་ཡུལ་གྱི་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མ་དང ། དུ་མར་བསྐྱར་ནས་ཀྱང་འཕྲོག་པར་བྱེད་དོ། །དེ་ངེས་པར་ཕྲོགས་པས་དེ་སླར་ཡང་རྣམ་པ་དུ་མར་དགའ་བར་བྱེད་པ་དང ། རྩེ་བ་དང ། ཡོངས་སུ་སྤྱོད་པར་ཡང་བྱེད་དེ། རྣམ་པ་སྣ་ཚོགས་པར་འདོད་པ་ཕུན་སུམ་ཚོགས་པ་ལ་བྱ་སྣ་ཚོགས་པ་སྒྲ་རྣམ་པར་སྒྲོགས་པས་དགའ་བ་ལ་དང ། ནགས་དང ། སྐྱེད་མོས་ཚལ་དང ། མཚེའུ་དགའ་བ་ལ་དང ། རིའི་རྩེ་མོ་རིན་པོ་ཆེ་བདུན་གྱི་རང་བཞིན་ལ་དང ། པད་མའི་རྫིང་བུ་བརྒྱ་སྟོང་དང་ལྡན་པ་ལ་བུང་བ་སྟོང་ཕྲག་བརྒྱ་ རྣམ་པར་སྒྲོགས་པས་དགའ་བ་ལ་དང ། བྱ་རྣམས་དང ། ཟས་དང ། སྐོམ་གྱི་ཀླུང་དང ། ཤིང་སྟོང་ཕྲག་བརྒྱ་རྣམ་པར་བཏགས་པའི་གེལ་བའི་དྲ་བས་ཁྱབ་པ་ལ་མེ་ཏོག་ཕུན་སུམ་ཚོགས་པ་ལ་ཡང་འཁྲི་ཤིང་སྤྲས་པའི་ཁང་བུའི་འཁྲི་ཤིང་གི་ཁྱིམ་ན་འོད་ཟེར་གྱི་ཕྲེང་བ་རང་གི་འོད་དང ། གནོད་པ་མེད་པ་དག་གིས་རིམས་ནད་མེད་པ་མྱ་ངན་དང་རྣམ་པར་བྲལ་བ། རང་གིས་བྱས་པའི་ཡང་ལས་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པ་རྣམས་དང་ཡང་ཕྲག་དོག་དང ། འཐབ་རྩོད་ཀྱི་སྐྱོན་གྱིས་ནམ་ཡང་ཉམས་དམའ་བ་ནི་མ་ཡིན་གྱི། གཞན་དུ་ན་ཕན་ཚུན་དུ་ གནོད་པ་མེད་པ་དང ། གནོད་པ་མེད་པར་བྱས་ནས་བདག་ཉིད་རྒྱུའོ། །དེ་ནས་དེ་དག་དེ་ལྟར་དགའ་བ་རྣམ་པ་དུ་མར་དགའ་བ་ལས་རྣམ་པ་འདི་ལྟ་བུའི་བློས་ཞུགས་པར་གྱུར་ཏེ། ཇི་ལྟར་བདག་ཅག་གིས་ཐོས་པ་ལྷ་འདི་དག་རྣམས་ཐམས་ཅད་ཀྱི་ཡང་ཇི་ལྟ་བ་བཞིན་ལྷའི་མངའ་བདག་ཏུ་གྱུར་པ་ མུ་སུ་ལུན་དྷ་ཞེས་བྱ་བ་རབ་ཏུ་དགའ་བས་གང་ལེགས་པར་གནས་པ་འཕེལ་བར་གྱུར་ན། མ་ཐང་ཡང་བདག་ཅག་རྣམས་དགའ་བར་གྱུར་པས་འཐབ་བྲལ་བའི་མངའ་བདག་དེའི་སྲིད་པར་ལེགས་པར་འགྲོ་བར་བྱ་ན་ཇི་ལྟར་འདིའི་སྒྲ་དཔག་ཚད་སྟོང་ཕྲག་ལྔར་ལེགས་པར་ཐོས་པ་ཡིན་ཏེ། སྙན་པ་ཐོས་ 70-1-71a པར་དགའ་བ་དང་རིང་བ་ནས་ཀྱང་ཟིན་ཏེ་སྒྲ་རྣམས་རྣ་བའི་རྗེས་སུ་འཐུན་པའི་གླུ་དང ། བྱ་རྣམས་ཀྱི་སྒྲས་ཀྱང་ལྷའི་འཇིག་རྟེན་འདི་ཐམས་ཅད་མ་ལུས་པར་སྒྲོགས་པར་བྱེད་དོ། །དེ་དག་གིས་རང་བཞིན་གྱི་རྩབ་ཧྲལ་ཅན་གྱི་བློ་ཡོན་ཏན་ཐམས་ཅད་དང་ལྡན་པ་དེས་འཕྲོག་ པར་བྱེད་དོ། །གླུའི་སྒྲ་དེ་དེས་ཉེ་བར་ཐོས་ནས་སླར་ཡང་རྣ་བ་སྒྲས་ངོམས་པ་མེད་པས་ཐམས་ཅད་དུ་དེར་འགྲོ་བའི་བློ་སྐྱེད་དོ། །རྐྱེན་ཇི་ལྟ་བས་བདག་ཅག་གང་ན་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ན་ལྷ་དེ་དག་རྣམས་ལྷའི་མངའ་བདག་མུ་སུ་ལུན་དྷ་དང་ལྷན་ཅིག་ཏུ་དགའ་བར་བྱེད་པར་འགྲོ་བར་ བྱའོ། །ལྷའི་ཚོགས་དེ་དག་ཐམས་ཅད་འཐུན་པར་ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་རྣམ་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་ཅན་རྣམ་པ་སྣ་ཚོགས་པའི་འབབ་ཆུ་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་མ་བཏགས་པའི་གོས་བགོས་པ་དེ་ནི་རྒྱ་ཆེ་བ་དམ་པ་ལ་སོང་བ་དང་ལེགས་པར་ལྡན་ པའི་ལག་པ་གླུ་ལ་རྗེས་སུ་ཆགས་པའི་ཡིད་ཅན་ཕན་ཚུན་དུ་གནོད་པ་མེད་པས་འདོད་པའི་སྙིང་གིས་ཁ་ཅིག་ནི་ནམ་མཁའ་ལ་འགྲོའོ། །ཁ་ཅིག་ནི་པད་མའི་བཞོན་པས་སོ། །ཁ་ཅིག་ནི་ཨུད་པ་ལའི་བཞོན་པས་མཆོག་ཏུ་དྲི་ཞིམ་པ་བུང་བ་ཁ་ནས་སྒྲ་འབྱིན་པའི་ཨུད་པལ་ཉིད་ལ་མངོན་པར་ ཞོན་ནས་སོ། །ཁ་ཅིག་ནི་ཀུ་མུ་དའི་འདབ་མ་ཀུ་མུ་དའི་ཚོགས་དཀར་བ་ཟླ་བའི་དཀྱིལ་འཁོར་དཀར་པོ་དང་འདྲ་བ་ལ་ཞོན་ནས་འགྲོའོ། །ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་གླུས་རྗེས་སུ་འབྲེལ་བའི་སྙིང་གིས་ཡུལ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པས་དེ་ཉིད་ལ་སྲེད་པའི་ཡིད་དེ་ལ་ སེམས་རྗེས་སུ་སྤྱོད་པ་རྣམ་པར་རྟོག་པས་སྤྲུལ་པའི་རང་གི་དགེ་བའི་བཞོན་པ་མཆོག་ཏུ་གསལ་བར་གྱུར་པ་རང་གི་ལས་ཀྱིས་སྤྲུལ་པ་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པ་རྣམས་དམན་པ་དང ། བར་མའི་གཟུགས་དམན་པ་དང ། བར་མ་དང་ཁྱད་པར་དུ་འཕགས་པའི་ལོངས་ སྤྱོད་པ་དང ། དམན་པ་དང་བར་མ་དང་མཆོག་གི་བློ་དམན་པ་དང ། བར་མ་དང་མཆོག་གི་ཚེ་ཐམས་ཅད་ཀྱང་ནམ་མཁའི་དཀྱིལ་གང་བར་བྱས་ནས་གང་ན་རྩེད་མོའི་ནགས་ཞེས་བྱ་བ་འདོད་པ་དུ་མ་ཕུན་སུམ་ཚོགས་པའི་མུ་སུ་ལུན་དྷའི་གནས་དེར་ཕན་ཚུན་ལྷན་ཅིག་ཏུ་ཉེ་བར་འགྲོའོ། །དེ་དག་ 70-1-71b རྣམས་དེ་ལྟར་རྒྱུ་བས་ཕྱིན་པ་ན་དམན་པ་མ་ཡིན་པའི་གནས་རྩེད་མོའི་ནགས་ན་གཞན་ནི་མ་རྙེད་ཀྱི། ཇི་སྲིད་དུ་ནམ་མཁའི་ཕྱོགས་གཅིག་ནི་མར་མེ་བཞིན་དུ་མཐོང་ངོ ། །ཇི་སྲིད་དུ་ཕྱོགས་གཞན་ན་ཨིན་དྲ་ནཱི་ལ་དང་མཚུངས་པའི་མདོག་གོ། ་་་།ཇི་སྲིད་དུ་ཕྱོགས་གཞན་ན་སྔོན་པོ་དང ། སེར་པོ་དང ། དཀར་པོའི་མདོག་གོ། །ཇི་སྲིད་དུ་ཕྱོགས་གཞན་ན་མེ་དང་མཚུངས་པའི་མདོག་གོ། །དེ་དག་གིས་དེའི་ཚེ་ན་རྣམ་པ་དེ་ལྟ་བུར་ནམ་མཁའ་ལས་མངོན་པར་མཐོང་ནས་མཆོག་ཏུ་ངོ་མཚར་བ་ཀུན་ཏུ་སྐྱེས་ཏེ། ཀྱེ་ལྷ་དག་དེ་ལྟར་ངོ་མཚར་བར་གྱུར་པའི་ནམ་མཁའ་མཐོང་སྟེ། ཁ་དོག་སྣ་ཚོགས་པའི་གོས་རྣམས་བཀྲམ་པའི་ཁ་དོག་དུ་མ་དེ་དག་རྣམས་ནི་བདག་ཅག་རྣམས་ཀྱིས་སྔར་མ་མཐོང་ན་འདི་དག་ཅི་ཡིན། དེ་དག་ཐམས་ཅད་ཕན་ཚུན་དུ་དེ་སྐད་སྨྲས་ནས་ངོ་མཚར་བས་ཡིད་ངོམས་པ་མེད་པར་གནས་པ་ལས། ཇི་སྲིད་དུ་དུས་མི་རིང་བ་ཞིག་ན་ཐོས་པ་ཇི་ལྟར་མཆོག་ཏུ་ སྙན་པར་གྱུར་པའི་གླུའི་སྒྲ་དུ་མ་རྣ་བར་སྙན་པ་དེ་ཡང་དེས་ཐོས་ནས་སླར་ཡང་ངོ་མཚར་བར་གྱུར་པ་ཀུན་ཏུ་སྐྱེས་པའི་ཡིད་ཀྱིས་སླར་ཉིད་ཀྱང་ཐམས་ཅད་ན་ནམ་མཁའི་དཀྱིལ་བཀང་ནས་སའི་གཞི་ལ་ཡང་དགའ་བར་གྱུར་པའི་རྒྱན་དང་ཆ་བྱད་ཅན་གྱི་ལྷན་ཅིག་སྤྱོད་པ་དང་བཅས་པ་གནས་སོ། །ལྟ་བར་ འདོད་པ་དེ་སུ་ཞིག་འོང་བར་འགྱུར། དེས་རིང་བ་ནས་མཐོང་བ་ནི་ཚོགས་པ་རྒྱུ་བ་ན་རྒྱུ་བ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་དང ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པའི་ལུས་ཅན་དེ་དག་གི་དབུས་ན་ལྷ་ཤིན་ཏུ་འཐབ་བྲལ་བ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་སྟན་ཆེན་པོ་ལ་གནས་པ་རིན་པོ་ཆེ་ བདུན་གྱི་རང་བཞིན་གྱི་ཕུག་གི་ནང་དུ་ཆུད་པར་གནས་པ། སྔོན་པོ་ཆེན་པོའི་རང་བཞིན་གྱིས་རྣ་བའི་གདུ་བུ་ཅིག་གོ། །གཞན་ནི་པད་མ་རཱ་གའི་རང་བཞིན་གྱི་རིན་པོ་ཆེ་ཆེན་པོ་དང་ཡང་དག་པར་ལྡན་ནོ། །རིན་པོ་ཆེའི་རང་བཞིན་འོད་མཆོག་དང་ལྡན་པ་རྣམ་པ་དུ་མའི་བ་དན་ངེས་པར་བཅིངས་པས་ཉེ་ འཁོར་འོད་དང་ལྡན་པས་དཔག་ཚད་བརྒྱ་ཕྲག་བཅུར་འོད་ཀྱིས་འབར་ཞིང་འཐུལ་བར་བྱེད་པས་སྐྱ་བོ་བཞིན་དུ་ནམ་མཁའ་འོད་ཀྱིས་བྱེད་དེ། སྣ་ཚོགས་པའི་གོས་བཞིན་དུ་ནམ་མཁའ་ལ་འབྱུང་བར་བྱེད་དོ། །དེའི་འོད་འདི་དག་མངོན་པར་མཐོང་ནས་རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བའི་ལྷ་དེ་རྣམས་མཆོག་ 70-1-72a ཏུ་ངོ་མཚར་ནས་ལྷག་པར་གནས་པར་འགྱུར་རོ། །དེ་ནས་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བ་དེ་དག་རྣམས་གསལ་བར་དེས་མཐོང་ནས་ལྷ་འདི་དག་རྣམས་གང་ན་མུ་སུ་ལུན་དྷའི་རྩེད་མོའི་ནགས་གང་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་སྟེ། ཇི་ལྟར་བདག་ཅག་རྣམས་ཀྱང་ཉེ་བར་ལེགས་ པར་འགྲོ་བར་བྱའོ་ཞེས་བྱ་བའི་བློ་ལ་ལེགས་པར་བཞག་ནས་ཁྱད་པར་དུ་འཕགས་པའི་ལྷ་བདག་ཅག་ཐམས་ཅད་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་འཐུན་པས་དང ། ཕན་ཚུན་ལྷན་ཅིག་ཏུ་མཛེས་པ་དང་ལྡན་པས་འགྲོ་བར་བྱ་ཞེས་དེ་དག་གིས་དེ་ལྟར་བློ་བྱས་ཏེ། ཇི་སྲིད་དུ་ཡང་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བའི་ ལྷ་དེ་དག་རྣམས་ཀྱིས་ལྷ་རྣམས་མངོན་སུམ་དུ་མཐོང་བར་གྱུར་ནས། དེ་བཞིན་དུ་དེ་དག་སུ་ཡིན་ཞེས་སྔར་ངོ་མཚར་བ་ཀུན་ཏུ་སྐྱེས་པའི་ཡིད་དང་ལྡན་པར་གྱུར་པ་དང ། དེ་ནས་སེམས་ཅན་ལེགས་པར་མཐོང་ནས་དེ་དག་ཀྱང་འདི་ལྟར་སེམས་པར་གྱུར་ཏེ། རྒྱ་ཆེན་པོའི་ཁོར་ཡུག་ཏུ་རྒྱུ་བའི་ལྷ་ འདི་དག་ཉིད་ནི་ཇི་ལྟ་བར་གང་ན་འཐབ་བྲལ་གྱི་མངའ་བདག་གི་ཕོ་བྲང་དུ་ཉེ་བར་ལེགས་པར་འགྲོ་བར་འགྱུར་གྱི་གང་ཆུང་ངུ་ན་བདག་ཅག་ཀྱང་དེ་དག་དང་ལྷན་ཅིག་ཏུ་གང་ན་རྩེད་མོའི་གནས་དེར་ཉེ་བར་འགྲོ་བར་བྱའོ། །ཐམས་ཅད་ཀྱང་ཕན་ཚུན་ལྷན་ཅིག་ཏུ་དང་ཕན་ཚུན་དུ་གནོད་པ་མེད་པས་གཏོད་པའི་ ཡིད་ཀྱིས། དེ་ནས་ཤིན་ཏུ་འཐབ་བྲལ་གྱིས་མགོ་བྱས་པའི་ཚོགས་པ་རྒྱུ་བ་ན་རྒྱུ་བ་དེ་ཐམས་ཅད་དང ། ཡངས་པ་ཟླུམ་པ་ན་སྤྱོད་པའི་རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བ་མ་ལུས་པ་དེ་དག་རྣམས་ཀྱིས་དེ་ཁྱབ་པར་བྱས་ནས་ཀྱང་གནས་སོ། །བ་དན་དང ། རྒྱལ་མཚན་དང ། ཤིང་རྟ་དང ། བྱའི་ཚོགས་ ཀྱི་རྒྱབ་ཏུ་ལེགས་པར་ཞོན་ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་གང་གིས་སྐྱེད་མོས་ཚལ་གྱི་ལྟད་མོའི་དབང་དུ་བྱས་པ་དེ་རྩེད་མོའི་ནགས་ཆེན་པོའི་འདོད་པ་དུ་མ་ཕུན་སུམ་ཚོགས་པ་དཔེ་མེད་པ་དེར་ཉེ་བར་འགྲོའོ། །མཆོག་ཏུ་ངོ་མཚར་བས་གདུངས་ པ་ཚིམ་པ་མེད་པའི་འདོད་པའི་ཡོན་ཏན་ལྔས་མི་ངོམས་པ་ངོ་མཚར་བས་ཚིམ་པ། ཡོན་ཏན་དང་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་ངོམས་པ་མེད་པ། ཕན་ཚུན་དུ་འགྲོ་བས་ངོམས་པ་མེད་པ་ཚེ་རྣམས་དང་དེ་དག་གིས་དེ་ལྟར་འདོད་པ་ཐམས་ཅད་ཀྱིས་ངོམས་པ་མེད་པའི་ཡིད་དེ་དགེ་སློང་གིས་ 70-1-72b ལེགས་པར་མཐོང་ནས་ལས་ཀྱི་འབྲས་བུའི་དེ་ཁོ་ན་དུ་མ་སྟོན་པའི་དེ་ལྟར་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། ཇི་ལྟར་ཆར་ནི་འབབ་པའི་ཆུ། །མཚོ་ནི་འཕེལ་བ་དེ་བཞིན་དུ། །དེ་བཞིན་ཤིན་ཏུ་འདོད་པའི་ཆར། །ལྷ་རྣམས་ཀྱི་ནི་མེ་འཕེལ་ལོ། །ཉ་འབྱུང་བ་ཡི་ཆུས་ཀྱང་ནི། ། སྲེད་པ་རྟག་ཏུ་མཚུངས་པ་མེད། །དེ་བཞིན་བདེ་བ་འཕེལ་བས་ཀྱང ། །ལྷ་རྣམས་ངོམས་པར་འགྱུར་མ་ཡིན། །ཇི་ལྟར་ནམ་མཁའི་མཐའ་མི་དམིགས། །གྲངས་ཀྱང་མ་ཡིན་པ་དེ་ལྟར། །འདོད་ལྡན་རྣམས་ཀྱི་འདོད་མཐའ་མེད། །གྲངས་ཀྱང་ཡོད་པ་མ་ཡིན་ནོ། །རྒྱ་མཚོ་ རླབས་ཀྱི་ཕྲེང་བ་ཅན། །ཆུ་ཡིས་ངོམས་པར་འགྱུར་མ་ཡིན། །སྲེད་ལྡན་འདོད་པ་རྣམས་ཀྱིས་ཀྱང ། །ཚིམ་པ་ནམ་ཡང་ཡོད་མ་ཡིན། །ཡུལ་མ་ཐོབ་པས་ལྷ་རྣམས་ནི། །བྱིས་རྣམས་སྲེད་དང་བྲལ་མི་འགྱུར། །ཐོབ་པས་ཀྱང་ནི་ངོམས་པ་མེད། །བདེ་ལ་སྲེད་པ་ཆེད་ཆེར་ བྱེད། །འཆི་འཕོའི་སྡུག་བསྔལ་མི་བཟད་པར། །གྱུར་པ་དུ་མ་དེས་ཐོབ་ནས། །ཡུལ་གཞན་གྱིས་ནི་གདུང་བྱེད་གང ། །དེ་ཕྱིར་འདོད་པ་ཞི་བ་མིན། །སྐྱེས་བུ་རྣམ་པར་འཇིག་ཕྱིར་ཏེ། །འདོད་པ་བློ་གཏད་འཇོམས་བྱེད་ཡིན། །སྡུག་བསྔལ་བྱུང་ནས་སྤོང་བས་ཀྱང ། །ལྷ་དེ་ རྒུད་པར་འགྱུར་བ་ཡིན། །ངོམས་པ་མེད་ལ་བདེ་བ་མེད། །ཡུལ་རྣམས་ཀྱིས་ཀྱང་རྣམ་མི་ངོམས། །གང་ཡང་ངོམས་མེད་བྱེད་མཐོང་ནས། །བློ་ལྡན་གྱིས་ནི་དེ་ཡོངས་སྤོངས། །གང་ཚེ་ཞི་བའི་གཞི་ལས་བདེ། །ཡུལ་ནི་བདེ་བ་མིན་པར་འདོད། །དེ་ཕྱིར་ཞི་བ་རྟག་ཏུ་སྟེན། ། ཡུལ་རྣམས་ལ་ནི་ཆགས་པ་སྤོངས། །རྟག་ཏུ་ཉོན་མོངས་སྤང་བར་གྱིས། །བླ་མེད་ཤེས་པ་རྟག་ཏུ་སྟེན། །མྱ་ངན་འདའ་བྱེད་ཡེ་ཤེས་ཡིན། །ཉོན་མོངས་འཆིང་བར་འདིར་བརྗོད་དོ། །གསོད་དང་འཆི་དང་ནད་ལ་སོགས། །ཡུལ་རྣམས་ལས་ནི་འཇིགས་པ་ཆེ། །འཁོར་བ་ན་ཡང་ ཀུན་ནས་འཁོར། །ཡུལ་ཉིད་ལས་ནི་སྐྱེ་བ་ཡིན། །འདུ་དང་འབྲལ་བ་བརྒྱ་ཕྲག་དང ། །ལས་དེ་སྟོང་ཕྲག་དུ་མ་ནི། །སྐྱེ་ཞིང་སྐྱེ་བ་ལེགས་མཐོང་བ། །བདེ་འགྲོ་དེ་ཁོ་ན་མཐོང་བས། །བདེ་བ་དུ་མ་ལེགས་ཐོབ་པ། །འཇིགས་པ་གང་འབྱུང་འཇིགས་པ་ནི། །དེ་ཀུན་ཡུལ་ཉིད་ཁོ་ 70-1-73a ནས་སྐྱེད། །སྐྱེ་བ་སྐྱེ་བར་རབ་ཏུ་སྐྱེད། །སྡུག་བསྔལ་གང་ཉིད་ཡུལ་ཡིན་པ། །རྨོངས་པའི་སེམས་ཀྱིས་བཟོད་པར་བྱེད། །རྨོངས་པ་དེ་ཉིད་སླར་སྟེན་པ། །ལོང་བའི་བློ་ཡིས་བྱས་པ་ཡིན། །དགྲ་ཡི་ཚིག་གིས་དོགས་པ་ལས། །མི་ཡིས་རྟག་ཏུ་ཡོངས་ སྤངས་སོ། །དགྲར་གྱུར་པ་ཡི་ཡུལ་རྣམས་ཀྱང ། །མི་སྤོང་བ་ནི་སུ་ཞིག་ཡོད། །བྱིས་པ་རྣམས་ནི་རྟག་པར་ཡང ། །ཡུལ་གྱིས་ངེས་པར་སྲེག་པ་ཡིན། །ཀུན་ནས་རྨོངས་པས་མི་སྤོང་ལ། །རང་གི་ལས་ཀྱིས་རྨོངས་པ་ཡིན། །ཇི་ལྟར་ཁ་ཅིག་མེས་འཇིགས་པ། །མེ་ཉིད་ལ་ནི་ ཉེ་བར་སྟེན། །དེ་བཞིན་ཡུལ་གྱིས་རྨོངས་པ་ཡང ། །ཡུལ་ཉིད་ལ་ནི་སྟེན་པར་བྱེད། །ཡུལ་དུག་ལོངས་སྤྱོད་གང་ཚེ་མི། །བདག་ཉིད་བདེ་བར་བྱེད་མ་ཡིན། །སྲེད་པ་སྟེན་པ་དེ་བཞིན་བྱིས། །ཐམས་ཅད་དུ་ནི་ཡོངས་སུ་རྟོག་།སྲེད་པས་ཉེན་པ་ཚཝ་ཡིས་ཆུ། །ཇི་བཞིན་ལྡག་བྱེད་ ངོམས་པ་མེད། །ཡུལ་གྱིས་ལྡོངས་པའི་དེ་བཞིན་མི། །སྲེད་པ་ཉིད་ཀྱིས་ཚིམ་པ་མེད། །ངོམས་མེད་ཡུལ་ལ་ལྷ་རྣམས་ནི། །འདོད་ཆགས་ཀྱིས་གདུངས་བག་མེད་པ། །ལས་ཀྱི་རླུང་གིས་བསྐྱོད་ནས་ནི། །ཐམས་ཅད་འཆི་བར་འགྲོ་བ་ཡིན། །དེ་ལྟར་དགེ་སློང་སྐྱེ་བ་དུ་མར་སྐྱེ་བའི་ལས་ ཀྱི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་དེ་ཁོ་ན་ཤེས་པས་ལྷ་དེ་རྣམས་ལ་རྗེས་སུ་བརྩེའོ། །གཞན་ཡང་ལྟ་བར་བྱེད་པ་དང ། ལྷ་དེ་དག་ཕན་ཚུན་ཀུན་ཏུ་འདྲེ་བར་གྱུར་ནས་འགྲོ་བར་བྱེད་དེ། རབ་ཏུ་དགའ་བའི་ཡིད་ཀྱིས་གང་ན་རྩེད་མོའི་ནགས་མུ་སུ་ལུན་དྷའི་ཕོ་བྲང་དེར་རོ། །དེ་ནས་དེ་དག་ ཤུགས་ཀྱིས་འགྲོ་བ་ན་རྒྱན་དང ། ཆ་བྱད་དུ་མ་དང ། བདེ་བས་རྒྱུ་བ་དུ་མ་དང ། ལས་ཀྱིས་སྤྲུལ་པའི་བདེ་བ་ལ་གནས་པ་དུ་མ་དང ། སྐྱེད་མོས་ཚལ་དང ། ནགས་དང ། རྫིང་བུ་དུ་མ་ལེགས་པར་རབ་ཏུ་བསྟེན་པ་བུད་མེད་སྟོང་ཕྲག་བརྒྱས་ཡོངས་སུ་བསྐོར་བར་འགྲོའོ། །ཇི་སྲིད་དུ་ལྷ་ གཞན་རྣམས་ཀྱང་ཁང་བུ་བརྒྱ་སྟོང་དུ་མངོན་པར་ཞུགས་ནས་འགྲོ་སྟེ། ཐམས་ཅད་ནམ་མཁའི་ཁམས་ལ་འོད་ཀྱིས་རྣམ་པར་སྣང་བར་གྱུར་པས་གླུ་དང ། གར་གྱིས་རྒྱུ་བ་རྔ་སྐད་ཡན་ལག་ལྔ་པ་ཀུན་ཏུ་སྒྲོགས་པ་ལ་རྗེས་སུ་ཆགས་པའི་ཡིད་ཕྲེང་བ་དང ། ཕྱི་མ་དང ། བྱུག་པ་རྣམས་འཕྱང་བ་ 70-1-73b ཆུན་པོའི་ཕྲེང་བ་དང་ཅོད་པན་དག་རྣམ་པར་འཕྱང་བ་མེ་ཏོག་གི་ཕྲེང་བ་གཞན་རྣམས་འཕྱང་བ། ཕྱོགས་གཅིག་ན་བ་དན་རླུང་གིས་རྣམ་པར་བསྐྱོད་པ། རྣ་གདུབ་ཀྱིས་མཁུར་ཚོས་ལ་ངེས་པར་འདྲུད་པ། རང་གི་འོད་ཀྱིས་རྣམ་པར་སྣང་བར་བྱེད་པའི་འོད་དང་ལྡན་པ། སྣལ་མའི་ཆུན་པོ་གཞན་རྣམ་ པར་འཕྱང་བ་རབ་ཏུ་དགའ་བའི་པུ་ཌིན་བཅིངས་པའི་ཕྲེང་བ་དང ། རླུང་གི་ཤུགས་ཀྱིས་ཐད་ཀར་གྱུར་པ་ལ་བྲིས་པའི་གཞོན་ནུ་མ་ལང་ཚོ་ལ་བབ་པ་རྣམས་ཀྱིས་ལག་པ་དང ། རྐང་པ་ལ་གཏད་པའི་ཡིད་ཅན་རྣམས་སོ། །ལྷ་གཞན་ནི་པི་བང་གི་སྒྲས་བསྐྱེད་པའི་ཀུན་ཏུ་ཆགས་པ་དེ་ལ་སོང་ བའི་ཡིད་ཀྱིས་གང་ན་རྩེད་མོའི་ནགས་ཡོད་པ་དེར་དགའ་བས་གནས་པར་བྱ་བའི་ཕྱིར་ཉེ་བར་ལེགས་པར་འགྲོ་བའོ། །དེ་ལྟར་ན་འཐབ་བྲལ་གྱི་ལྷའི་འཇིག་རྟེན་པའི་ས་ན་གནས་པ་དེའི་ལྷའི་འཇིག་རྟེན་པ་དེ་དག་རྣམས་གང་ན་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷའི་ཕོ་བྲང་ཡོད་པ་དེར་ཉེ་ བར་ལེགས་པར་འགྲོའོ། །མདོར་བསྡུ་ན་ལས་ཇི་ལྟ་བ་དང་འདྲ་བའི་འགྱིང་བག་གིས་རྒྱུ་བ་དང ། རྒྱན་ནི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་སྒྲོགས་པ་བཞིན་དུ་གླུ་སྙན་པའི་སྒྲ་ཅན་གྱི་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བས་ཕྱོགས་བཅུར་ཁྱབ་པར་གྱུར་ནས་ཐག་ཉེ་བར་བསྙེན་ ཏེ། ལྷ་དེ་དང་བདག་ཉེ་བར་གྱུར་པ་ཡིན་ནོ་སྙམ་ནས་གནས་སོ། །དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་འཐབ་བྲལ་གྱི་མངའ་བདག་གི་གནས་མ་ལུས་པ་ལྷག་པར་བཀང་བར་འགྱུར་ཏེ། མུ་སུ་ལུན་དྷ་ནི་ཇི་ལྟར་ལས་རྣམས་ཀྱིས་བླ་ལྷག་པ་ཡིན་ལ་དེ་བཞིན་དུ་འབྲས་བུས་ཀྱང་ སྟེ། རྒྱུ་དང་འབྲས་བུ་དག་གི་ཅི་འདྲ་བར་འགྱུར་བ་ནི་ས་བོན་དང་མྱུ་གུ་དག་གི་དཔེ་འདིས་རྗེས་སུ་རྟོགས་པ་ཡིན་ནོ། །གནས་དེར་སོང་བ་དེ་དག་མ་ལུས་པ་རྣམས་ཟིལ་གྱིས་ནོན་པར་འགྱུར་ཏེ། འདོད་པ་ཐམས་ཅད་ལྷག་པ་ཡིན་པའི་ཕྱིར་རོ། །དེ་ལ་དཔེ་མེད་པའི་དགའ་བ་རྣམས་ ཡོད་པ་ཡིན་ལ་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། ཇི་ལྟར་ཉེ་འཁོར་དེ་སྲིད་ཀྱི་ནམ་མཁའ་ལས་ནགས་དེ་ཡོངས་སུ་བསྐོར་ནས་ཕྱི་རོལ་གྱི་ཕྲེང་བ་སའི་ཡོངས་སུ་འཁོར་བ་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རིན་པོ་ཆེ་བརྒྱུས་པའི་ཕྲེང་བ་བཟུང་བས་མཆུ་ལ་འཕྱང་བའོ། །དེའི་ཡུལ་ 70-1-74a ཕྱོགས་གཞན་ན་དྲིལ་བུ་གཡེར་ཀའི་སྒྲ་དེ་ནི་རྣམ་པ་འདི་ལྟ་བུའི་སྒྲ་ཡིན་ཏེ། སྒྲ་སྙན་པ་གང་གིས་བོས་པས་ལྷ་འོང་བར་འགྱུར་ལ། དེ་མྱུར་བ་ཉིད་དུ་ཀུན་ཏུ་རྟོག་པས་རྣམ་པར་སྤྱོད་པ་དང་སྐོར་བར་བྱེད་པ་ཡང་བྱའི་ཁར་བཅུག་ནས་སོ། །བྱ་རྣམས་ཀྱང་རིན་པོ་ཆེ་ བདུན་གྱི་རང་བཞིན་གྱིས་རྣམ་པར་བཀྲ་བའི་སྒྲོ་ཅན་ནགས་དེའི་ཉེ་འཁོར་ན་དེ་དག་རྣམས་རྣམ་པ་དུ་མར་གཡས་སྐོར་བྱེད་དེ། དེ་ལྟར་ནགས་ཆེན་པོའི་དེའི་ཕྱི་རོལ་གྱི་ཕྲེང་བ་ལ་ཡོངས་སུ་འཁོར་རོ། །དེ་དག་ན་རྨ་བྱ་རྣམས་ཀྱང་ཁ་དོག་དུ་མ་རིན་པོ་ཆེ་བདུན་གྱི་ཕྲེང་བ་མཆུན་འཕྱང་བ་རྣམས་ སོ། །གཞན་ཡང་ངོ་མཚར་བར་གྱུར་པ་ནི་ཐམས་ཅད་ཀྱི་ཕྱི་རོལ་གྱི་རྒྱབ་ན་པད་མའི་རྫིང་བུ་ཡོད་དེ། བྱ་རྣམ་པ་སྣ་ཚོགས་པ་སྒྲ་སྒྲོགས་པ་བུང་བ་བརྒྱ་སྟོང་བརྗོད་པ་དགའ་བར་གྱུར་པའི་སྒྲ་རབ་ཏུ་དང་བ་ཞེས་བྱ་བའི་ཆུ་ལ་བཻ་ཌཱུརྱའི་འདབ་མ་དང ། གཞན་མཚོ་སྐྱེས་རྣམས་ནི་རིན་པོ་ཆེ་ བདུན་གྱི་རང་བཞིན་གྱི་འདབ་མའོ། །དེ་བཞིན་དུ་མཚོ་སྐྱེས་གཞན་ཡང་མཆོག་ཏུ་དྲི་ཞིམ་པ་དང་ལྡན་པ་གང་དག་གི་དྲི་ནི་དཔག་ཚད་ལྔར་འགྲོའོ། །དེ་ལྟར་དེ་དག་གི་ཕྱི་རོལ་གྱི་རྒྱབ་རྣམས་ན་ནི་ཤིན་ཏུ་བར་ཡང་རྣམ་པར་མཛེས་ཤིང་གསལ་ལོ། །གཞན་ཡང་ངོ་མཚར་བར་གྱུར་པ་ཆེན་ པོ་གཞན་ན་དེ་དག་རྣམས་ཉིད་ཀྱི་གཙུག་ལ་ཡོད་དེ། ཟེ་བ་ལ་ལེགས་པར་གནས་ནས་པད་མ་དང ། པད་མ་ལ་ལྷ་རྣམས་རྩེ་བར་བྱེད་དོ། །ལྷ་མོ་བརྒྱས་ཡོངས་སུ་བསྐོར་ནས་མཆོག་ཏུ་སྙན་པ་ལེན་པར་གྱུར་པས་ལྷ་མོ་དང་ལྷན་ཅིག་ཏུ་འདོད་པས་བྱས་པའི་རྣམ་འགྱུར་གཅམ་གསག་ དང་ཡང་དག་པར་ལྡན་པས་གླིང་བུ་དང ། རྫ་རྔ་དང ། འཁར་རྔ་དང ། དུང་དང ། གླུ་ཀུན་ནས་ལེན་པས་ལྷན་ཅིག་ཏུ་རྩེ་བ་དང ། རང་ལས་འོད་འབྱུང་བ་རྒྱན་དང་ལྡན་པ་རྣམས་ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །གཞན་ཡང་གཙུག་དེ་དག་ཉིད་ཀྱི་ཕྲེང་བ་རྣམས་ལ་ངོ་མཚར་བ་ཆེན་པོར་གྱུར་པ་ རང་གི་ལས་ཀྱིས་བྱས་པས་སྤྲུལ་པར་གྱུར་པ་རྣམས་ལ་འདི་ལྟ་སྟེ། རེ་རེའི་ཕྱི་རོལ་གྱི་མགོ་བོ་ལ་དཔག་བསམ་གྱི་ཤིང་ལེགས་པར་སྐྱེས་པར་གྱུར་པ། མེ་ཏོག་དུ་མས་ཀུན་ཏུ་གང་བ། མཆོག་ཏུ་རྣམ་པར་བཀྲ་བ་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་བྱས་པའི་སྒོ་དང་ཡང་དག་པར་ 70-1-74b ལྡན་པའོ། །ལྗོན་ཤིང་དེ་ལ་ཡང་ལྷ་ལེགས་པར་གནས་ནས་བདུད་རྩི་དག་འཐུང་ཞིང་གླུ་ཡང་ལེན་ལ། གཞན་ཡང་ལྷ་རྫས་ཀྱི་བདེ་བ་རྣམས་ཉམས་སུ་མྱོང་ངོ་གཞན་ཡང་དེའི་མདོངས་ཀྱི་ཕྲེང་བ་ཉིད་ལ་ངོ་མཚར་བ་འདི་ལྟ་སྟེ། རེ་རེའི་ཕྱི་རོལ་ན་དཔག་བསམ་གྱི་ཤིང་རྣམ་པར་བཀྲ་བ་དགའ་ བར་གྱུར་པའི་བདེ་བར་ཉེ་བར་གནས་ནས་ལྷ་དགའ་བར་བྱེད་པ་རྣམས་དང་ཡང་དག་པར་ལྡན་ནོ། །ཕན་ཚུན་གནོན་པས་ངལ་བ་མེད་པར་གླུ་ལེན་པ་དང་ལིམ་ལོག་བྱེད་དོ། །ལྷ་རྫས་ཀྱི་བདེ་བ་ལ་ཡང་ཉེ་བར་ལོངས་སྤྱོད་པར་བྱེད་དེ། དང་པོ་ངོ་མཚར་བ་ཆེན་པོ་དེ་དག་མཐོང་ནས་རྒྱན་ དང་ཆ་བྱད་མཆོག་དང་ལྡན་པའི་ལྷ་དེ་རྣམས་དགའ་བར་འགྱུར་བས་ཀྱང་གཞན་ངོ་མཚར་ཆེ་བ་རྣམས་སུ་ཉེ་བར་འགྲོའོ། །དེ་ནས་ཕྲེང་བ་དེ་དག་རྣམས་ལ་ལྷ་རྣམས་ངོ་མཚར་བ་རྣམ་པ་དུ་མའི་བློ་སྐྱེ་བར་འགྱུར་རོ། །གཞན་ཡང་ངོ་མཚར་བ་གཉིས་པ་མཐོང་བ་ནི་འདི་ལྟ་སྟེ། པད་མའི་ རྫིང་བུའི་ཕྲེང་བ་ཞེས་བྱ་བ་པད་མའི་རྫིང་བུ་སྟོང་ཕྲག་ཉི་ཤུ་སྟེ། འདམ་མེད་པ་རྣམས་གསེར་དང ། དངུལ་གྱི་བྱེ་མ་རྣམས་ཀྱིས་འདམ་དུ་བྱས་པ་དང ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་ལེགས་པར་གང་བ་དང ། ངང་པ་དང ། ཀཱ་རཎྜ་བ་དང ། ངང་ངུར་རྣམས་ཀྱིས་ ཡོངས་སུ་བསྐོར་བ། རྒྱགས་པའི་ངང་པ་དགེ་བའི་ལས་ཀྱིས་ཡོངས་སུ་བསྐུལ་ནས་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར།ཤིན་ཏུ་ཡུན་རིང་ཀུན་དགའ་ཡང ། །ལུས་ཅན་རྣམས་ལ་རྟག་པ་མེད། །མི་རྟག་པ་ཡི་བདེ་དེ་ཡང ། །ལྷ་རྣམས་ཀྱིས་ཀྱང་རྟོགས་པ་མིན། ། བདེ་བ་ཡི་ནི་ལམ་འདི་ཡང ། །རྣམ་པར་འཇིག་པར་འགྱུར་བ་ཡིན། །འདོད་པ་ཡིས་ནི་སེམས་བསླུས་པས། །རྣམ་པར་འཇིག་པ་རྟོགས་མ་ཡིན། །སྡུག་བསྔལ་གྱིས་འདྲེས་བདེ་རིག་པ། །རབ་ཏུ་གཡོགས་པས་མཐོང་བ་མིན། །པད་མའི་ཕྲེང་བས་ཡོངས་བཀབ་པའི། ། དུག་གིས་གང་བཞིན་འདོད་ཆགས་ཡིན། །འབྲས་ཅན་དུག་གིས་ལེགས་བསྲེས་པ། །ཇི་བཞིན་དུ་ནི་འཆི་བའི་མཐའ། །དེ་བཞིན་བདེ་བ་འདི་དག་ཀུན། །མཐར་ནི་དམྱལ་བར་འགྱུར་བ་ཡིན། །རྒྱུས་པ་ཡིས་ནི་ཀུན་སྦྲེལ་ཕྱུགས། །བལྟ་བར་དགའ་བ་ཇི་ལྟ་བར། །དེ་བཞིན་ 70-1-75a དགའ་བའི་ལུས་འདི་ཡང ། །ཕྱུགས་ཡིན་མཆོག་ཏུ་མི་བཟད་པ། །ཇི་ལྟར་ཀིམ་པ་ཀ་ཡི་བྲོ། །དངར་བའི་ཚོགས་ཆེན་བྱུང་བ་ནི། །ཕྱི་ནས་འཇིག་པར་འགྱུར་བ་ཡིན། །དེ་བཞིན་མི་རྣམས་ཀྱི་ཡང་བདེ། །མར་མེའི་རྩེ་མོ་ཇི་ལྟ་བར། །ཕྱེ་ལེབ་རྨོངས་པས་ བརྒྱལ་བར་འགྱུར། །འཚེད་པ་དང་ནི་སྲེག་པར་བྱེད། །དེ་བཞིན་བདེ་བ་འདི་བརྗོད་དོ། །བྱིས་རྣམས་མི་ཤེས་པས་ཇི་ལྟར། །དགའ་བ་དོགས་མེད་བདེ་འདོད་པ། །ཤི་ནས་འབར་རྣམས་དེ་བཞིན་དུ། །བདེ་བ་དེ་རྣམས་འབྱུང་བར་འགྱུར། །རི་དགས་སྲེད་ལ་ཇི་ལྟར་ནི། །སྲེད་གདུངས་ རི་དགས་ཉེར་རྒྱུག་པ། །སྲེད་པ་རྣམ་པར་ཆོམས་མིན་ཏེ། །དེ་བཞིན་འདི་ཡིས་བདེ་འདི་བརྗོད། །སྲེད་པས་ཀྱང་ནི་ངོམས་པ་མིན། །ངོམས་པ་འབྱུང་བར་འགྱུར་བའང་མེད། །ཡུལ་གྱི་ལྷ་རྣམས་ཐམས་ཅད་ཀྱང ། །དེའི་ཕྱིར་འདོད་པ་ཞི་ཉིད་མིན། །བདེ་བ་ཡི་ཡང་རྩ་བའི་མཆོག་། ཞི་བ་གཅིག་པུར་རབ་ཏུ་གྲགས། །གང་གི་སྙིང་ལ་དེ་མེད་པ། །དེ་ནི་སྡུག་བསྔལ་ཅན་རབ་བསྒྲགས། །གཅིག་ཏུ་བདེ་བ་ཚངས་པའི་མཆོག་།གཅིག་པུ་བཟོད་པ་ཞི་བའི་མཆོག་།རིག་པ་གཅིག་ནི་ཕ་རོལ་འགྲོ། །བྱམས་པ་གཅིག་པུ་ལས་བདེ་འབབ། །འཚེ་བ་མེད་པ་རྟག་ཏུ་ བཟང། །ལྟ་བ་དམ་པ་མཆོག་ཏུ་དགེ། །སེམས་དྲང་བ་ནི་རྒྱུན་དུ་མཛེས། །སྡིག་རྣམས་རྟག་ཏུ་སྤོང་བ་ཡང ། །རྒན་པོ་སྟེན་དང་མང་བློ་འཐུན། །རྟག་ཏུ་ཆོས་ལ་གུས་པ་དང ། །སློབ་དཔོན་གུས་ཉན་བདེ་རྣམས་དང ། །ལས་ལའང་དད་པར་ལྡན་པའོ། །རྟག་ཏུ་དཀོན་མཆོག་ གསུམ་མཆོད་དང ། །གང་ཕྱིར་དགེ་བའི་བློ་དྲི་མེད། །མ་དང་ཕ་དག་མཆོད་པ་ཡང ། །མྱང་འདས་གྲོང་ཁྱེར་འགྲོ་བའོ། །ཆོས་རྣམས་ཐམས་ཅད་མ་ལུས་པ། །རབ་ཏུ་འབྱུང་བ་ཡིན་པར་བརྗོད། །བདེ་བ་ཀུན་གྱི་མཆོག་བྱེད་པའི། །ཚངས་པར་སྤྱོད་པ་སྤྱོད་པའི་མཆོག་། སྦྱིན་པ་རྣམས་ཀྱི་སྦྱིན་པའི་མཆོག་།ཆོས་ཀྱི་སྦྱིན་པ་རབ་ཏུ་བརྗོད། །བརྩོན་རྣམས་ལས་ཀྱང་བསམ་གཏན་རྒྱུན། །གང་གིས་མྱ་ངན་འདས་འགྲོ་བའི། །སྦྱིན་དང་ཚུལ་ཁྲིམས་དཀའ་ཐུབ་ཤེས། །ཤེས་རབ་ཉིད་ནི་མཆོག་ཏུ་བརྗོད། །ཐར་པ་ཡང་ནི་ཡེ་ཤེས་ལས། །ཤེས་དང་ 70-1-75b ཚུལ་ཁྲིམས་ལས་བདེ་འབྱུང ། །མིག་རྣམས་ཀྱིས་ཀྱང་ཡོངས་མཐོང་བ། །ཤིན་ཏུ་དྲི་མེད་ཡེ་ཤེས་མིག་།ལམ་རྣམས་ལས་ཀྱང་ཡན་བརྒྱད་ལམ། །ཤིས་པར་དེ་བཞིན་གཤེགས་པས་གསུངས། །བཞི་པོ་ཡང་ནི་བདེན་རྣམས་ཀྱི། །མཆོག་ཏུ་ལེགས་པར་གསུངས་པ་ ཡིན། །སྟོབས་རྣམས་ཀྱི་ཡང་ལེགས་མཐོང་བ། །ཤེས་རབ་སྟོབས་ནི་མཆོག་ཡིན་ནོ། །སྟེང་འོག་བར་གྱི་འཇིག་རྟེན་འདིར། །དུ་མ་ཡི་ནི་ལས་རྣམས་ཀྱི། །ཆོས་རྣམས་དེ་ཉིད་གཟིགས་པ་པོ། །མཆོག་གྱུར་དེ་བཞིན་གཤེགས་པ་བརྗོད། །ཚོགས་རྣམས་ལས་ཀྱང་འཕགས་ པ་ཡི། །དགེ་འདུན་མཆོག་དང་ཞི་བར་བརྗོད། །ཞིང་རྣམས་ཀྱི་ཡང་རྣམ་གསུམ་སྐྱོན། །ཡོན་ཏན་སྡུག་བསྔལ་འཇིགས་པ་དེ། །ཕ་མ་ལེགས་པར་མཆོད་པ་དང ། །མཁན་པོ་ཡང་ནི་རྟག་པར་ཏེ། །དེ་ནི་མིག་བཙུམས་གྱུར་པ་ན། །ཆོས་ཀྱི་སྤྱོད་ཡུལ་དེ་དབང་གིས། །ཐུབ་པ་དེ་ ཉིད་གཟིགས་རྣམས་ཀྱིས། །མཆོག་ཏུ་དེ་དག་རྟག་ཏུ་གཟིགས། །བདེ་བའི་ཡུལ་ནི་དེ་དག་རྣམས། །ཡུལ་ནི་བདེ་བ་མིན་པར་དྲན། །གང་ཞིག་དེ་རྣམས་བྱེད་པ་ནི། །དྲི་མེད་ཆོས་ཀྱི་ལམ་མཐོང་ཡིན། །དེ་སྤོང་བདེ་བ་རྟག་ཏུ་མཐོང ། །ས་རྣམས་ཀུན་ནི་བདེ་བ་མིན། །དེ་ ལྟར་དེ་དགེ་བའི་ལས་ཀྱི་ཆོས་དོན་དུ་གཉེར་བར་དགེ་བས་ཉེ་བར་འཚོ་བ་དེར་སྐྱེས་པ་ན་སྔོན་གྱི་དགེ་བའི་ལས་ཀྱི་སྐྱེ་བ་གཞན་རྗེས་སུ་དྲན་པར་གྱུར་པས་ཚིགས་སུ་བཅད་པ་བརྗོད་དོ། །དེ་ལྟ་བས་ན་རབ་ཏུ་དང་བས་དམ་པའི་ཆོས་མ་ཡེངས་པར་བཀླག་པར་བྱའོ། །གང་གིས་རྒྱུས་དུད་ འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱང་དམ་པའི་ཆོས་བཀླགས་པའི་འབྲས་བུ་མེད་པར་མི་འགྱུར་བའི་ཕྱིར་རོ། །སླར་ཡང་ལྷ་ཐམས་ཅད་ཉིད་གང་ན་འཐབ་བྲལ་གྱི་པད་མའི་རྫིང་བུ་དེར་འགྲོའོ། །པད་མའི་རྫིང་བུ་བརྒྱ་སྟོང་ཕྲག་ཉི་ཤུ་པ་དགའ་བའི་སྒོ་ནས་དེ་བརྩོན་པ་དང་ལྡན་པར་ གྱུར་ནས་རྒྱུ་བ་རྒྱན་དང་ཆ་བྱད་ཅན་ཐམས་ཅད་སོ་སོར་གཟུགས་དང་ཆ་བྱད་འཛིན་པའི་ལྷའི་བུ་མོས་ཡོངས་སུ་བསྐོར་བ་མཐོང་སྟེ། ལྷའི་ཚོགས་པད་མའི་རྫིང་བུའི་དབུས་སུ་སོང་ནས་རྒྱན་དང་ཆ་བྱད་མཆོག་དང་ལྡན་པ་ཁྲི་ཕྲག་བརྒྱ་དང ། བྱེ་བ་ཕྲག་དུ་མ་ཉིད་དང་ཡང་དགའ་བར་བྱེད་དོ། ། 70-1-76a ཡོངས་སུ་རྒྱུ་བར་ཡང་བྱེད་དེ། རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཡུལ་ལྔ་ལ་ལྷའི་བུ་མོའི་ཚོགས་དང་ལྷན་ཅིག་ཏུ་ཁ་ཅིག་ནི་པད་མའི་གསེབ་ཏུ་འགྲོའོ། །ཁ་ཅིག་ནི་དྲིལ་བུ་གཡེར་ཀ་དཀྲོལ་བ་ལ་ཟིད་དོ། །ཁ་ཅིག་ནི་འདབ་མ་ལ་ཞོན་ནོ། །ཁ་ཅིག་ནི་སྙིང་ པོ་ལ་རྣམ་པར་གནས་ནས་ཇི་ལྟར་འདོད་པས་ཤིན་ཏུ་ཕྲ་བ་དང ། རྒྱ་ཆེ་བའི་ལུས་ཀྱིས་མིག་བཙུམས་ནས་ཕྱེ་བའི་བར་ལ་འགྲོ་བ་མགྱོགས་པས་དཔག་ཚད་སྟོང་ཕྲག་བརྒྱར་ཕྱིན་ནས་སླར་ཡང་ཕྱིར་འོང་ངོ ། །མཐོང་བ་འཇུག་པ་བཞིན་དུ་དེ་དག་ཀུན་ནས་གནོད་པ་མེད་པར་ འགྱུར་ཏེ། ཇི་ལྟར་སོར་མོ་གཅིག་གི་རྩེ་མོ་ལ་མིག་བརྒྱའི་བལྟ་བ་འཇུག་པ་ན་ཡང་མཐོང་བ་རྣམས་དོག་པ་ཡང་མ་ཡིན་པ་དེ་བཞིན་དུ་ལྷ་རྣམས་བརྒྱ་དང་སྟོང་ཡང་པད་མའི་སྙིང་པོ་གཅིག་ལ་སོ་སོར་ངེས་པར་གནས་སོ། །འོན་ཀྱང་དོག་པ་ཡང་མ་ཡིན་ནོ། །ལྷ་དེ་དག་རྣམས་ཀྱི་ལེགས་པར་ བྱས་པའི་ལས་ཀྱིས་ཤིན་ཏུ་ཕྲ་བའི་དངོས་པོ་དང་དུ་མའི་དངོས་པོའི་དངོས་པོ་མང་པོའི་ལས་བྱས་པ་དང ། ཡང་བར་འགྱུར་བ་དང ། ཕྲ་བར་གྱུར་པ་སྟེ་གནོད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ལྷ་རྣམས་ཀྱང་གནོད་པ་མ་ཡིན་པ་ནི་ལེགས་པར་བྱས་པའི་ལས་ཀྱི་སྟེ། ལྷ་དེ་དག་རྣམས་རང་ ཉིད་ཀྱི་ལས་ཀྱིས་དེ་ལྟ་བུའི་གཟི་བརྗིད་དང་ལྡན་པའི་པད་མའི་རྫིང་བུ་དེར་རྩེད་མོ་ལ་ཆེད་ཆེར་བྱེད་ཅིང་ལྷ་རྣམས་ཇི་ལྟར་འདོད་པ་བཞིན་དུ་དགའ་བར་འགྱུར་བ་རོ་མཆོག་དང་ལྡན་པའི་རྩི་རྣམས་ཀྱང་འཐུང་བར་བྱེད་ཅིང་འགྱིང་བར་ཡང་ཤིན་ཏུ་མང་བའི་ཚོགས་ཀྱི་ས་དང་སྟོང་ཕྲག་རྣམས་ཀྱིས་ཀྱང་བྱེད་ དོ། །དེ་ནས་དེའི་ཚེ་ལྷ་ས་གཞན་དག་ན་གནས་པའི་ལྷ་དེ་དག་རྣམས་རྩེ་བ་ལ་ཆེད་ཆེར་མི་བྱེད་པར་ས་གཞན་ན་གནས་པའི་ལྷ་དེ་དག་རྣམས་ཀྱང་ཕན་ཚུན་ལྷན་ཅིག་གྲོགས་སུ་གྱུར་པས་དང ། གང་ཁ་ན་མ་ཐོ་བ་མེད་པའི་གཟུགས་རང་ཉིད་ཀྱི་འོད་ཉི་མ་བརྒྱ་སྟོང་གིས་འོད་བས་ཆེས་ལྷག་པའི་ ལུས་འདོད་པས་རྒྱགས་པའི་རང་བཞིན་གྱི་ཡུལ་གྱི་བདེ་བས་སྙིང་དགའ་བར་བྱེད་པ་དང ། རྩི་ཡང་འཐུང་བར་བྱེད་ལ་དུས་ཤིན་ཏུ་རིང་བས་དེ་ལ་གནས་ནས་སླར་ཡང་མུ་སུ་ལུན་དྷ་བལྟ་འདོད་པས་འཇུག་པར་བྱེད་དོ། །ནགས་དེ་ན་གཟུགས་དུ་མ་དགའ་བར་གྱུར་པ་ཇི་ལྟར་འདོད་པས་སྤྲུལ་ 70-1-76b པ་དང ། ཇི་ལྟར་རང་ཉིད་འདོད་པར་གྱུར་པ་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷའི་ནགས་དེ་ལྟར་མཐོང་སྟེ། གཟུགས་དུ་མ་ཕན་ཚུན་དུ་དགའ་བ་རྣམས་ནི་འཐབ་བྲལ་གྱི་བདག་པོ་དེའི་མཛེས་པ་སྔ་ན་མེད་པ་ཡིན་ནོ། །དེ་ནས་ལྷ་དེ་སྔ་ན་མེད་པའི་གཟུགས་མཐོང་བ་བཞིན་དུ་ནགས་དེ་ལྟ་ ཞིང་འཇུག་པར་ཡང་བྱེད་དེ། ལྷ་དེ་དག་དགའ་བར་འགྱུར་བའི་རྒྱན་དང་ཆ་བྱད་དགའ་བར་གྱུར་པ། སྟེང་དུ་སྐྱེས་པའི་ལྷ་རྫས་ཀྱི་ཙན་དན་གྱིས་ཉེ་བར་བྱུགས་པའི་ལུས་ཅན་རྣམས་དེ་བཞིན་དུ་གོས་མཆོག་བགོས་པ་མཐོ་རིས་དང་རྗེས་སུ་འཐུན་པའི་རྒྱན་དང་ཆ་བྱད་ཅན་གྱིས་རྣམ་པར་བཀྲ་བའི་ནགས་ དེ་ཡང་དེས་ཡང་དག་པར་མངོན་པར་མཐོང་ནས་དེ་ངོ་མཚར་བ་ཀུན་ཏུ་སྐྱེའོ། །ལས་རྣམ་པ་སྣ་ཚོགས་པ་ཡང་རྗེས་སུ་མཐོང་བར་འགྱུར་ལ་རྣམ་པ་སྣ་ཚོགས་པ་མཐོང་ནས་ཀྱང་སྔ་ན་མེད་པར་དགའ་བའི་ཡང་ནགས་རྣམས་དལ་བུས་ཉེ་འཁོར་བལྟས་ནས་ཕྱི་ནས་དགའ་བར་བྱེད་པ་དང ། རྣམ་ པར་ལྟ་བར་བྱེད་པ་དང ། ཕན་ཚུན་དུ་བརྒྱན་པར་གྱུར་པ་དང ། ཕན་ཚུན་དུ་པད་མའི་རྫིང་བུ་དེར་འཇུག་པར་ཡང་བྱེད་དེ། ཤིན་ཏུ་འདས་པར་ཞུགས་ནས་མང་དུ་ལྟའོ། །ནེ་ཙོ་ཡང་ཚང་གི་སྒོ་ནས་མཉམ་པར་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་འཛིན་པར་གྱུར་པས་ ཉེ་འཁོར་ན་ཕན་ཚུན་དུ་ཤིན་ཏུ་ཆགས་པར་གྱུར་པས་མཆུ་ལ་མུ་ཏིག་གི་ཕྲེང་བ་རྣམས་རྒྱགས་པས་གཡས་ཕྱོགས་ནས་སྐོར་བར་བྱེད་དོ། །ནགས་དེ་དག་ན་ཚིགས་སུ་བཅད་པ་ཡང་བརྗོད་པ་ཇི་ལྟར། རང་གི་ལས་ཀྱིས་བསྐུལ་བ་ཡིས། །འཁོར་ལོ་འདི་དག་ཐམས་ཅད་འཁོར། །འདི་ནི་རྒ་ཤི་འཕྱང་མོ་ཡང ། །སྐྱོ་བར་འགྱུར་བ་ མ་ཡིན་ནོ། །འགྲོ་བ་དང་ནི་འགྲོ་གཞན་འགྲོ། །ལྷ་དང་ལྷ་མིན་དེ་བཞིན་མི། །རང་སེམས་ཡོངས་སུ་ཟློག་པ་ཡི། །དེ་ཉིད་མཁྱེན་པ་ལྟོས་པ་མེད། །དེ་བཞིན་འཁོར་ལོ་འཁོར་བ་མིན། །གང་འདི་ཀུན་ཏུ་འཁོར་བྱེད་ནི། །ལས་ཀྱི་ལག་པས་ཡོངས་བསྐུལ་བ། །སེམས་ཅན་ འཁོར་ལོ་མྱུར་བའང་ཡིན། །འབྱུང་གནས་བཅུ་གཉིས་ཡན་ལག་ལྡན། །རྨོངས་པ་དང་ཡང་ཀུན་ནས་ལྡན། །རྟེན་འབྲེལ་འཁོར་ལོ་འཁོར་བ་ཡང ། །འཇིག་རྟེན་གྱིས་ནི་རྟོགས་པ་མིན། །དེ་ལྟར་ནེ་ཙོའི་ཁ་ནས་ངེས་པར་འབྱུང་བའི་ཚིགས་སུ་བཅད་པ་རྗོད་པ་ལྷ་དེ་དག་རྣམས་ 70-1-77a ཀྱིས་ཐོས་ནས་ཤིན་ཏུ་མཉམ་པར་བཞག་པས་རང་གི་ལས་བདག་གིར་བྱ་བ་ལ་རབ་ཏུ་རྟོག་པར་བྱེད་པ་དང་གུས་པ་མང་བར་ཡང་འགྱུར་རོ། །ཇི་ལྟར་ནེ་ཙོའི་མཆོག་དེ་ནི་ལས་བདག་གིར་བྱ་བ་གང་ཡིན་པ་ལ་སྤྱོད་པར་བྱེད་པ་ལ། ཨེ་མ་བདག་ཅག་རྣམས་སྲེད་པ་དང་ལྷན་ ཅིག་ཏུ་དགའ་བར་བྱེད་པ་བདག་བདེ་བ་དང་ལྡན་པར་ཡང་གྱུར་ནས་ཡོངས་སུ་སྤྱོད་པར་ཡང་བདག་ཅག་རྣམས་བྱེད་པ། སླར་ཡང་མུ་སུ་ལུན་དྷ་བལྟ་བར་འདོད་པས་གང་ན་དེའི་འགྱིང་བའི་ནགས་ཡོད་པ་དེར་ཉེ་བར་ལེགས་པར་འགྲོའོ། །དེ་དག་རྣམས་ནགས་དེའི་ནང་དུ་ལེགས་པར་ སོང་ནས་མཐོང་བ་ནི་མན་དཱ་ར་བའི་ནགས་སྟོང་ཕྲག་བརྒྱ་ཁ་དོག་དང་མེ་ཏོག་གིས་རྒྱས་པར་གྱུར་པ་རྣམ་པ་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་ལེགས་པར་གང་བ་ཉི་མ་སྟོང་དང་འདྲ་བར་ལྷམ་མེ་བར་འོད་འབར་བས་སྲེག་པའི་སྐྱོན་དང་རྣམ་པར་བྲལ་བ། སྣང་བ་འབའ་ཞིག་བྱེད་པ། ཤིང་ དེ་མཐོང་ནས་རབ་ཏུ་དགའ་བ་ཡང་སྐྱེ་བར་བྱེད་དོ། །རྟག་ཏུ་རྣམ་པར་དབེན་པའི་སྒྲ་སྙན་པ་རྣམས་ཀྱིས་རྣ་བར་རབ་ཏུ་དགའ་བ་སྐྱེད་པར་བྱེད་དོ། །སྣ་ཡང་རབ་ཏུ་དགའ་བ་རྣམས་སྐྱེད་པར་བྱེད་དོ། །དབང་པོ་ལྔ་ཀ་ཡང་མེ་ཏོག་ཤིན་ཏུ་དྲི་ཞིམ་པོས་ཏེ། ལྕེ་རབ་ཏུ་དགའ་བ་ཡང་སྐྱེད་ པར་བྱེད་པ་ནི་ལྷ་རྫས་ཀྱི་འབྲས་བུའི་རོ་རབ་ཏུ་དགའ་བ་རྣམས་ཀྱིས་སོ། །ལུས་ཀྱང་རབ་ཏུ་དགའ་བ་སྐྱེད་པར་བྱེད་དེ། མ་བཏགས་པའི་གོས་མཆོག་འབྱུང་བ་རྣམས་ཀྱིས་སོ། །ཡིད་ཀྱང་རབ་ཀྱི་མཆོག་ཏུ་དགའ་བ་སྐྱེད་པར་བྱེད་དོ། །དབང་པོ་ལྔ་མཆོག་ཏུ་ཚིམ་པར་གྱུར་པའི་ཕྱིར་ རོ། །དེ་དང་རབ་ཏུ་འབྲེལ་པས་ཀྱང་ཡིད་ཆོས་རྣམས་རབ་ཏུ་དཔྱོད་པར་བྱེད་དོ། །དེས་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་དོན་དུ་བྱས་པས་དེ་དག་རྣམས་ཀྱིས་མན་དཱ་ར་བ་དེ་དག་ཀྱང་མཐོང་ངོ ། །མན་དཱ་ར་བ་ཞེས་བྱ་བའི་ལྗོན་ཤིང་ཡོད་པ་ལ་ཤིན་ཏུ་རབ་ཏུ་དགའ་བར་གྱུར་པའི་ལྷ་ དང་ལྷ་མོའི་ཚོགས་ཀྱིས་ཀུན་ནས་གང་བ། སྔ་ན་མེད་པའི་རྒྱན་དང་ཆ་བྱད་ཅན་དུ་གྱུར་པས་གཞལ་དུ་མེད་པའི་འགྱིང་བག་རྣམས་དང་ཉེ་བར་སྤྱོད་པ་དང་ལྡན་པ་དང ། དེ་ལྟར་ས་དེ་ན་སྤྱོད་པའི་ལྷ་ཐམས་ཅད་མཐོང་བར་འགྱུར་རོ། །དེ་ནས་དཔེ་མེད་པ་བརྒྱ་སྟོང་ཕྲག་བྱེ་བ་དུ་མའི་ཡོན་ 70-1-77b ཏན་གྱིས་ཡོངས་སུ་གང་བ་ནགས་དེའི་ཉེ་འཁོར་རྣམས་བཻ་ཌཱུརྱས་ཁྱབ་པ་ན་ལྷ་གང་དག་གིས་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷའི་རྗེས་སུ་མི་འབྲང་བའི་ལྷ་དེ་ནི་ཡོད་པ་མ་ཡིན་ཏེ། རང་གི་ངོས་ཆགས་པ་དང ། རྗེས་སུ་ཡང་ཆགས་ཤིང་མཆོག་ཏུ་ཆོས་བྱེད་དུ་ཡང་རིག་པའི་ཕྱིར་རོ། །དེ་ནས་ ལྷ་དེ་དག་རྟག་ཏུ་ཡང་ཇི་ལྟར་བཤད་པའི་བཞོན་པ་རྣམས་ཀྱིས་དང ། དེའི་ཚིག་བླ་དགས་ཀྱི་འབབ་ཆུ་ཆུ་ཀླུང་དང ། རྫིང་བུ་དང ། པད་མའི་ནགས་དང ། ཤིང་ཕུན་སུམ་ཚོགས་པས་སའི་ཆ་ཉེ་བར་མཛེས་པ་མནན་ན་ནེམ་ལ་བཏེག་ན་འཕར་བ་གསེར་གྱི་གོས་དང་འདྲ་བའི་ས་གཞི་ རྣམ་པར་བཀྲ་བ་མཐོང་བར་གྱུར་པ་ན་རྣམ་པ་སྣ་ཚོགས་པའི་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་སོ། །གཞན་ཡང་རྩེ་གཅིག་ཏུ་ལྟ་བ་ལ་ཆེད་ཆེར་བྱེད་པར་གྱུར་པའི་ཡིད་ཅན་རྣམས་ཐམས་ཅད་ཀྱང་རྗེས་སུ་སྤྱོད་པ་རྣམས་དང་བཅས་ནས་གང་ན་འཐབ་བྲལ་གྱི་མངའ་བདག་ཡོད་པ་དེར་ཉེ་བར་ འགྲོའོ། །ཕྱིན་ནས་ཡང་ས་དེ་དག་ལས་ཤིན་ཏུ་འདས་ནས་འཇུག་པར་བྱེད་དེ། ལྷ་དེ་དག་རྣམས་ཇི་སྐད་དུ་བཤད་པ་བཞོན་པ་དེ་དག་རྣམས་ཀྱིས་སྔར་བཞིན་ཉིད་དུ་ལྷ་དེ་དག་རྣམས་འཇུག་གོ། །ས་གཞན་སྔ་མ་བས་ཆེས་ལྷག་པར་དགའ་བར་གྱུར་པའི་ས་དེ་དག་རྣམས་ཀྱང་ ལྔ་བརྒྱ་ཡོད་དེ། རྩེད་མོའི་རི་བཻ་ཌཱུརྱའི་རང་བཞིན་ཅན་རྣམས་ལ་པད་མ་རཱ་གའི་རང་བཞིན་གྱི་ལྗོན་ཤིང་ལ་གསེར་བཙོ་མའི་རང་བཞིན་འདབ་མ་རྣམས་དང ། དངུལ་གྱི་རང་བཞིན་རྣམས་ཀྱིས་ཀྱང་བརྒྱན་པའོ། །གཞན་དག་རྣམས་ཀྱང་གསེར་བཙོ་མའི་ལྗོན་ཤིང་ངོ ། །གཞན་དག་ རྣམས་ཀྱང་བྱི་རུའི་ཡིན་ཏེ་བྱ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ཡང་མཛེས་པ་གཞན་རྣམས་ལ་རིན་པོ་ཆེའི་ཁམས་དུ་མ་རྣམ་པར་འདྲེས་པས་རྒྱན་དུ་བྱས་པ་ལ་རྣམ་པ་སྣ་ཚོགས་པའི་རི་དགས་དང ། བྱ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་རྣམས་རྣམ་པ་སྣ་ཚོགས་པའི་ འབབ་ཆུ་དང ། རྫིང་བུ་དང ། ཆུ་ཀླུང་དང ། ཚང་ཚིང་གིས་ཉེ་བར་མཛེས་པ་རྣམས་འཁྲི་ཤིང་གི་རྩེ་མོ་ཡང་འཁྲི་ཤིང་རྣམ་པར་འཕྱང་བ་ཉེ་བར་མཛེས་པའི་འཁྲི་ཤིང་གི་ཁང་པ་རྣམས་དང ། གསེར་གྱི་མདོག་ཅན་གྱི་འབྲས་བུ་རྣམས་དང ། གསེར་གྱི་འཁྲི་ཤིང་རྣམ་པར་ 70-1-78a འཕྱང་བ་རྣམས་དང ། གཞན་ཡང་བཻ་ཌཱུརྱའི་དང་འདྲ་བའི་ཁ་དོག་གི་འབྲས་བུ་རྣམས་དང་གསེར་གྱི་འདབ་མས་ཉེ་བར་མཛེས་པའི་འབྲས་བུ་རྣམས་ལ་བུང་བ་བརྒྱ་སྟོང་སྒྲ་འདོན་པ་རྣམས་ཀྱིས་རྣ་བ་ལ་གཏོད་པ་རྣམ་པ་སྣ་ཚོགས་པའི་རོ་དང ། དྲི་དང ། རེག་བྱས་ཀུན་ཏུ་གང་ བ་དང ། བཟའ་བ་དང ། བཏུང་བའི་ཆུ་ཀླུང་རབ་ཏུ་ཕལ་རྣམས་དང ། རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་བྱའི་ཚོགས་ཀྱིས་ཉེ་བར་མཛེས་པ་རྣམས་དང ། མཆོག་ཏུ་རེག་ན་བདེ་བའི་སའི་ཆ་རྣམས་སོ། །གཞན་ཡང་ལྷ་རྣམས་ཀྱིས་རྩེད་མོའི་རི་དེ་ཉིད་ཀྱིས་མཛེས་པ་རྣམས་མཐོང་བ་ ནི་རི་ངོས་དང ། ཚང་ཚིང་དང ། རྩེ་མོ་རྣམས་དང ། ཕུག་གི་སྒོ་དང ། འཁྲི་ཤིང་གི་ཁང་པ་དང ། པད་མའི་རྫིང་བུ་དང ། ཐམས་ཅད་ལ་ཡང་རབ་ཏུ་དགའ་བའི་ལྷ་དང ། ལྷ་མོའི་ཚོགས་ཀྱིས་ལེགས་པར་གང་བ། ལྷ་དེ་དག་རྣམས་ལས་ཁ་ཅིག་ནི་ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་གར་བྱེད་ཅིང་རོལ་ཆ་དང་བཅས་པས་གླུ་ལེན་པར་འགྱུར་རོ། །ཁ་ཅིག་ནི་པད་མའི་ནགས་སུ་ཞུགས་ནས་ཆུའི་རྩེད་མོ་ལྷན་ཅིག་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་རྩེའོ། །ཁ་ཅིག་ནི་རང་གི་ཡིད་མཆོག་ཏུ་དགའ་བས་བཏུང་བ་རྣམས་འཐུང་ངོ ། །ཁ་ཅིག་ནི་རི་ངོས་ གཞན་ལ་མེ་ཏོག་རྣམས་སྤུང་བར་བྱེད་དོ། །ཁ་ཅིག་ནི་པད་མའི་ཕྲེང་བ་མཆོག་གིས་དེ་ལ་ཆེད་དུ་བྱེད་པས་འཕྱང་བ་ནི་ཅོད་པན་གྱི་ཕྲེང་བ་རྣམས་འཕྱང་བར་བྱེད་དེ། ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་མཆོག་གི་རྒྱན་དང་ཆ་བྱད་ཅན་རྣམས་རང་ཉིད་ཀྱི་འོད་ཀྱིས་རྗེས་སུ་བྱུགས་པའི་ལུས་ ཅན་ནོ། །ཁ་ཅིག་ནི་ནམ་མཁའ་ལ་ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་སོ། །ལྷ་གཞན་དག་རྣམས་ནི་གླིང་བུ་དང ། འཁར་རྔ་དང ། རྣམ་པ་སྣ་ཚོགས་པའི་རོལ་ཆ་ལག་ན་ཐོགས་པས་གླུ་ལེན་པར་བྱེད་པས་ཀྱང་རི་ངོས་དང་ཚང་ཚིང་དུ་གནས་སོ། །བརྒྱ་ཕྲག་དུ་མ་དང་ཡང་ནི་ སྟོང་ཕྲག་དུ་མར་ཡང་ལྷ་དེ་དག་རྣམས་དེ་ལྟར་འོད་སྣ་ཚོགས་ཀྱིས་ལུས་བརྒྱན་ཅིང་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། འདྲེན་མའི་འོད་ལུས་ལས་འབྱུང་བ་རྣམས་ཡིན་ཏེ། དེ་ལྟར་ཅུང་ཟད་ཙམ་ཅིག་དཔེར་བྱས་པར་ཟད་ཀྱི་ཆུང་བ་རྣམས་ནི་དཔེར་ན་ཉི་མ་ལས་འོད་ཁ་དོག་དུ་མ་ 70-1-78b འབྱུང་བའོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་རྩེད་མོའི་རི་དེ་རྣམས་མངོན་པར་མཐོང་སྟེ། བརྒྱ་སྟོང་ཕྲག་དུ་མས་མཛེས་པར་གྱུར་པས་ཆེས་ལྷག་པར་ཉེ་བར་མཛེས་པ་རྣམ་པར་བཀྲ་བའི་ལེགས་པར་བྱས་པའི་ལས་ཀྱིས་སྤྲུལ་པ་རྣམ་པ་དུ་མ་མཐོང་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །དེ་ དག་རྣམས་ཀྱིས་ཕྱིར་ཞིང་རྩེད་མོའི་རི་རྣམས་ཀྱི་ས་མངོན་པར་མཐོང་ནས་ལྷ་རྣམས་ཀྱི་མངའ་བདག་བལྟ་བར་འདོད་པས་སླར་ཡང་ནང་གཞན་དུ་སོང་ཞིང་ཞུགས་ནས། དེ་དག་རྣམས་ཀྱིས་ཉེ་འཁོར་ན་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བའི་ས་གཞན་ན་འཐབ་བྲལ་གྱི་བདག་པོ་དེ་མཐོང་ནས་ལྷ་ དེ་དག་རྣམས་འཇུག་པར་བྱེད་དེ། རྒྱན་དང་ཆ་བྱད་མཆོག་དང་ལྡན་པས་ཤིན་ཏུ་འཐབ་བྲལ་གྱིས་མགོ་བྱས་པ་ཚོགས་པ་རྒྱུ་བ་ན་གནས་པ་རྣམས་དང ། རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བ་རྣམས་དང ། གང་ཡང་ས་དེ་ན་གནས་པ་རྣམས་ཀྱིས་ཀྱང་ཁང་བཟངས་ཀྱི་ཁོར་ཡུག་རྣམས་ ཀུན་ནས་ལེགས་པར་གང་བ་ཆ་ཤས་རྣམ་པར་བཀྲ་བར་གྱུར་པ་ནི་མུ་སུ་ལུན་དྷའི་ལེགས་པར་བྱས་པའི་ལས་རྣམ་པ་དུ་མར་བྱས་ཤིང་བསགས་ལ་སོ་སོར་མྱོང་བར་འགྱུར་བའི་རྣམ་པ་དུ་མ་རྣམས་ཡིན་ལ། ཁང་བཟངས་དེ་དག་རྣམས་ཀྱང་སྟོང་ཕྲག་བཅུར་རྣམ་པ་དུ་མར་ཁ་དོག་དུ་མ་སྣ་ ཚོགས་པར་བཀྲ་བ། གསེར་འབར་བ་རྣམས་ཀྱིས་དེ་དག་རྣམ་པ་སྣ་ཚོགས་པར་ལེགས་པར་བརྒྱན་པར་གྱུར་པ་དེ་རྣམས་ཀྱི་དགའ་བར་གྱུར་པ་འདི་དག་རྣམས་ཀྱང་འདི་ལྟ་སྟེ། རྩིག་པ་གང་ཡིན་པ་རྣམས་ནི་གསེར་གྱི་རང་བཞིན་ནོ། །དེ་དག་གི་སྟེགས་བུ་རྣམས་ནི་བཻ་ཌཱུརྱའི་རང་ བཞིན་ནོ། །གློ་སྐར་རྣམས་ནི་ཨིན་དྲ་ནཱི་ལའི་རང་བཞིན་ནོ། །ཀ་བ་རྣམས་ནི་ཆ་ཤས་རྣམ་པར་བཀྲ་བ་རྣམས་སོ། །གཞན་ཡང་ཁང་བཟངས་གཞན་རྣམས་ཀྱི་ནི་བཻ་ཌཱུརྱའི་རང་བཞིན་ནོ། །སྒོ་རྣམས་ནི་གསེར་འབར་བའི་རང་བཞིན་ནོ། །བཻ་ཌཱུརྱའི་རང་བཞིན་དང ། གསེར་ བཙོ་མའི་རང་བཞིན་གྱི་སྒོ་གླེགས་ཀུན་ནས་འདུད་པས་མཆོག་ཏུ་ཆ་ཤས་རྣམ་པར་བཀྲ་བའོ། །གཞན་ཡང་ཆེས་མཆོག་ཏུ་གྱུར་པའི་གནས་དགའ་བ་དེ་དག་རྣམས་ལ་འདི་ལྟ་སྟེ། རྩིག་པ་རྣམས་ནི་པད་མ་རཱ་གའི་རང་བཞིན་ནོ། །དངུལ་གྱི་རང་བཞིན་གྱི་ཀ་བ་རྣམས་སོ། ། 70-1-79a སྒོ་རྣམས་ནི་གསེར་གྱིའོ། །གློ་སྐར་རྣམས་ནི་བྱི་རུའི་རང་བཞིན་ལས་སོ། །ས་རྣམས་ཀྱང་རྣམ་པར་བཀྲ་བས་རྣམ་པར་བཀྲ་བར་གྱུར་པའི་ལས་ཀྱིས་དགའ་བར་གྱུར་པའོ། །གཞན་ཡང་རྣམ་པར་བཀྲ་བར་བྱས་པའི་ཡུལ་ཕྱོགས་བླ་ན་མེད་པ་ཡོད་དེ། འདི་ ལྟ་སྟེ། ཨིན་དྲ་ནཱི་ལའི་རང་བཞིན་གྱི་རྩིག་པ་རྣམས་སོ། །སྒོ་རྣམས་ནི་གསེར་བཙོ་མའི་རང་བཞིན་རྣམས་སོ། །དངུལ་གྱི་རང་བཞིན་དུ་གྱུར་པའི་ཀ་བ་དང་རི་རྣམས་ཀྱང་འོད་འབར་བའི་ཕྲེང་བས་དཀྲིགས་པའོ། །གཞན་ཡང་མཛེས་པ་མཆོག་ཏུ་གྱུར་པ་ཡོད་དེ། མུ་སུ་ལུན་དྷའི་ ཕོ་བྲང་འདིའི་རྣམ་པ་སྣ་ཚོགས་པའི་ལས་ཀྱིས་སྤྲུལ་པ་རྣམས་ལ་ཇི་ལྟར་རྡོ་རྗེ་ཕ་ལམ་གྱི་ཕྱེ་མས་བརྟན་པར་གྱུར་པ། དངུལ་གྱི་རང་བཞིན་མཆོག་ཏུ་དྲི་མ་མེད་པ་རྣམས་དང ། གསེར་འབར་བ་རྣམས་ཀྱི་སྒོ་དང ། ཀ་བ་དང ། གློ་སྐར་རྣམས་ནི་པད་མ་རཱ་ག་རྣམས་ལས་སོ། ། གཞན་ཡང་གཞན་རྣམས་ཡོད་པ་ནི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཕན་ཚུན་དུ་གསལ་བར་བྱེད་པ་འོད་མཆོག་དང་ལྡན་པའི་ཁང་བཟངས་རྣམས་ཀྱི་ཚོགས་རྣམ་པ་དེ་ལྟ་བུ་རྣམ་པར་བཀྲ་བར་གྱུར་པས་འཁྲིལ་པའི་ཁང་བཟངས་དེ་དག་རྣམས་ཀྱིས་མཛེས་པ་མཐོང་ངོ ། །ལྷ་དེ་ དག་རྣམས་ཕྲེང་བའི་གོས་རྣམས་འཆང་བར་གྱུར་པས་ཐམས་ཅད་དུ་ཡང་མིག་གི་རྒྱུ་བ་གཏོད་པར་བྱེད་དེ། མུ་སུ་ལུན་དྷ་ལྟ་བ་ལ་ཆེད་ཆེར་བྱེད་དོ། །ཤིན་ཏུ་འཐབ་བྲལ་གྱི་ས་རྣམ་པ་དུ་མ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་ཅན་ཕན་ཚུན་དུ་སེམས་བསྟུན་པའི་བསམ་པ་ཅན་དེ་དག་ རྣམས་དེ་ལྟར་ལེགས་པར་མཐོང་བར་གྱུར་ནས་ཕྱིར་ཞིང་ཡང་འཇུག་པར་བྱེད་དེ། མུ་སུ་ལུན་དྷའི་ཕོ་བྲང་རྣམས་སུ་ལྷ་དེ་དག་ཇི་ལྟ་ཇི་ལྟར་རབ་ཏུ་འཇུག་པ་དེ་ལྟ་དེ་ལྟར་ཆེས་དགའ་བར་འགྱུར་བ་རྣམས་མཐོང་ངོ ། །རྣམ་པར་བཀྲ་བ་ཤིན་ཏུ་ལྷག་པ་རྣམས་ཀྱང་མཐོང་ངོ ། །མཆོག་ཏུ་ ངོ་མཚར་ཤིན་ཏུ་རྨད་དུ་གྱུར་པ་ཡོན་ཏན་དུ་མས་རྣམ་པར་བཀྲ་བར་བྱས་པའི་ཁང་བཟངས་དེ་དག་གི་ཉེ་འཁོར་རྣམས་དེ་དག་རྣམས་ཀྱིས་ཀུན་ཏུ་བལྟས་ནས་སླར་ཡང་འཐབ་བྲལ་གྱི་བདག་པོ་ལ་བལྟ་བར་འདོད་པས་གུས་པ་དང་བཅས་པས་ལྷ་རྣམས་འཇུག་པ་ན་དེ་དག་གིས་གཞན་ཡང་ 70-1-79b གང་ལ་རྒྱལ་པོ་དེ་རྣམ་པར་སྤྱོད་པར་བྱེད་པའི་ལྷའི་བུ་མོ་གཞན་རྣམས་མཐོང་བ་ལ་ལྷ་དེ་ནི་ལུས་ལ་དཀྲིགས་མ་སྟོང་ཕྲག་བདུན་གྱིས་ཡོངས་སུ་བསྐོར་བའི་ལྷ་མོ་རྣམས་ནི་རྒྱན་དང་ཆ་བྱད་མཆོག་གིས་རབ་ཏུ་སྣང་བར་བྱས་པའི་ལུས་རྣམས་འོད་ཀྱི་ཕུང་པོ་གོས་ཀྱི་ཕྲེང་བ་འཕྱང་བ་དང་ཅོད་ པན་འཕྱང་བ། དཔུང་རྒྱན་དང་གདུབ་ཀོར་ལེགས་པར་བཅུག་པ་མེ་ཏོག་གི་ཕྲེང་བ་རྣམས་ལུས་ལ་བཏགས་པའི་ལྷའི་ལུས་ཀྱིས་རྣམ་པར་རྒྱུ་བ་དེ་དག་རྣམས་ཀྱིས་ཀུན་ནས་ཁྱབ་པར་འཐབ་བྲལ་བའི་མངའ་བདག་དེ་ཡོངས་སུ་བསྐོར་ནས་ལེགས་པར་གནས་པ་ནི་རི་རྣམས་ཀྱིས་རིའི་ རྒྱལ་པོ་རི་རབ་ལྷུན་པོ་བཞིན་དུ་དང ། མཚོ་རྣམས་ཀྱིས་རྒྱ་མཚོ་བཞིན་དུ་དང ། གཟའ་དང ། སྐར་མ་དང ། རྒྱུ་སྐར་རྣམས་ཀྱིས་ཟླ་བ་བཞིན་དུ་གྱུར་པས་དེ་ལྟར་ལྷ་དེ་རྣམས་ཀྱིས་འཐབ་བྲལ་གྱི་མངའ་བདག་ཡོངས་སུ་བསྐོར་ནས་ཤིན་ཏུ་གནས་སོ། །མཛེས་པར་གྱུར་པ་དེ་དག་ རྣམས་ཐམས་ཅད་ཀྱི་འོད་དེ་དག་ཀྱང་ཟླ་བ་བཞིན་དུ་དེ་ཡང་ལེགས་པར་གནས་སོ། །འོད་ཀྱི་ཕུང་པོ་ཨིན་དྲ་ནཱི་ལའི་རང་བཞིན་གྱི་མཆོག་ཏུ་གྱུར་པའི་སྟན་ཆེན་པོ་ལ་གནས་སོ། །སྟོང་ཕྲག་བརྒྱའི་ཀ་བ་རབ་ཏུ་གསལ་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་ཀ་བ་རྣམ་པར་བཀྲ་བ་རིན་པོ་ཆེ་འབར་ བ་འདྲ་བས་མཛེས་པའི་ཁང་བཟངས་ལ་གནས་པར་བྱེད་པ་ན་ཁང་བཟངས་དེའི་གཟི་བརྗིད་ནི་ཇི་ལྟ་ཇི་ལྟར་ལྷ་གནས་པ་དེ་ལྟ་དེ་ལྟར་ཡངས་པར་འགྱུར་ཏེ། ཁང་བཟངས་འདི་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་ཁང་བཟངས་དེ་དག་གི་ཡང་ནང་ན་ཤིང་གང་དག་ཡོད་པ་དེ་དག་ རྣམས་ཀྱི་ཡལ་ག་དེ་དག་རྣམས་ལ་རྟག་ཏུ་མེ་ཏོག་རབ་ཏུ་རྒྱས་པས་དུས་དྲུག་ཏུ་ཆེས་མཆོག་ཏུ་འཛིན་པ་དང ། ཤིན་ཏུ་ལེགས་པར་འབྲེལ་པས་འབྲས་བུ་རྣམས་རྟག་པར་རྒྱུན་དུ་འཛིན་པའི་མཐོང་ན་མཛེས་པའི་རྩིག་ལོགས་རྣམས་ནི་རིན་པོ་ཆེ་བདུན་གྱི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་ སོ། །དེ་ནས་ལྷ་ཤིན་ཏུ་འཐབ་བྲལ་ལ་སོགས་པ་ལྷ་དེ་དག་རྣམས་གང་ན་མུ་སུ་ལུན་དྷ་ཡོད་པ་དེ་དང་ཉེ་བར་འགྲོ་སྟེ། གར་དང ། གླུ་དང ། རོལ་མོའི་སྒྲ་རྣམས་ཀྱང་རྗེས་སུ་སྒྲོགས་པས་དགའ་བའི་ཡིད་བརྩོན་པས་གཅིག་ཏུ་རྒྱ་ཆེ་བའི་ལས་ཀྱི་འབྲས་བུ་ལ་ཤིན་ཏུ་ལོངས་སྤྱོད་པ། འོད་ 70-1-80a དུ་མའི་ཕུང་པོ་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དེ་དག་རྣམས་ཐམས་ཅད་ཀྱིས་མངོན་པར་མཆོད་ནས་གནས་ཇི་ལྟ་བའི་སྟན་ལ་གནས་པར་གྱུར་ཅིང་ཀུན་ནས་འདུན་པ་དེ་དག་རྣམས་ལ་ཀུན་དགའ་བ་དང ། ལེགས་པར་དགའ་བ་སྐྱེད་པའི་གཏམ་ཡང་བྱས་ནས་ ལྷའི་ཚོགས་འོངས་པ་ཐམས་ཅད་ལ་འདི་སྐད་དུ་སྨྲས་ཏེ། བདེ་བའི་ཕྱིར་ན་བག་མེད་པར་འགྱུར་བ་གསོན་པ་རྣམས་ཀྱང་ལེགས་པར་བསྲུང་བར་གྱིས་དང ། ཆོས་ཀྱང་ལེགས་པར་སྲུངས་དང ། ལྷ་རྣམས་རབ་ཏུ་ལྷུང་བར་གྱུར་ཏ་རེ། དེ་ལྟར་ན་ཡང་བདེ་བ་མཆོག་གི་མཐར་ཐུག་པའི་བདེ་ བ་རྣམས་འབྱུང་བར་འགྱུར་བ་ཡིན་ནོ། །བདེ་བས་རྣམ་པར་གནས་ནས་ཀྱང་མྱ་ངན་ལས་འདས་པའི་མཐར་ཡང་ཐུག་པ་ཡིན་ནོ། །ཀྱེ་ལུས་ཞིག་ནས་ཀྱང་ནམ་ཡང་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །ལྷ་རྣམས་བདེ་བར་གནས་པར་ཡང་འགྱུར་རོ། །དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ ལྷག་མ་མ་ལུས་པ་དང་ཡང་དག་པར་ལྡན་པ་རྣམས་ལ་མངའ་བདག་གིས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། སྣ་ཚོགས་ཁམས་ཀྱི་འཇིག་རྟེན་འདི། །སྣ་ཚོགས་ལས་ཀྱི་དབང་རྗེས་འགྲོ། །སྣ་ཚོགས་འགྲོ་ལས་འཕོ་བའི་ལྷ། །གནས་འདིར་ཀུན་ནས་འོངས་པ་ཡིན། ། ཇི་ལྟར་འོངས་པ་དེ་ལྟར་སླར། །སྲིད་པ་གཞན་དུ་འགྲོ་བར་འགྱུར། །ཇི་སྲིད་སྐྱེ་བ་འདི་ཀུན་ཡོད། །ཇི་སྲིད་བློ་ནི་མ་ཉམས་པ། །དེ་སྲིད་བདེ་ལེགས་རབ་བརྩོན་པས། །བྱ་བ་རབ་ཏུ་བརྩོན་པ་ཡིས། །རིང་དུ་ལོངས་སྤྱོད་བདེ་བའི་མཆོག་།ངེས་པ་ཁོ་ནར་ལྷུང་བའི་འཇིགས། ། ལྟུང་བ་ལས་ཀྱང་རྟག་པར་ནི། །སྡུག་བསྔལ་འབྱུང་བར་ཐེ་ཙོམ་མེད། །དེ་བཞིན་བདག་གིས་ཁྱེད་རྣམས་ལ། །འདིར་ནི་ཆོས་ལྡན་བཤད་པ་རྣམས། །དེ་དག་ཐམས་ཅད་འདིར་ཉོན་ལ། །ཇི་སྐད་དེ་བཞིན་གཤེགས་གསུངས་ཀྱིས། །དེ་ལྟར་འཐབ་བྲལ་གྱི་བདག་ པོས་ལྷ་དེ་དག་རྣམས་ཡོ་ལ་ཕན་པར་འདོད་པའི་ཕྱིར་འདི་དག་བརྗོད་དོ། །ཇི་ལྟར་བདེ་བ་རྣམས་ཀྱི་རྗེས་སུ་འགྲོ་བ་དང ། ཡུལ་གྱིས་ཀུན་ནས་རྨོངས་པའི་ཡང་ཕྱིར་ལྷ་རྣམས་རྣམ་པར་ངོམས་པ་མེད་པས་ཇི་ལྟ་བར་ཡོངས་སུ་ཉམས་ནས་ལྷ་རྣམས་འཇུག་པར་མི་འགྱུར་རོ། ། 70-1-80b གལ་ཏེ་ཡུལ་འདི་དག་བདེ་བ་རྣམས་ཡིན་ན་ནི་འདི་དག་རྣམས་མི་རྟག་པ་དང ། མི་བརྟན་པ་དང ། ཤིས་པ་མ་ཡིན་པར་ཡང་མི་འགྱུར་བ་ཞིག་ན། ཇི་ལྟ་བ་བཞིན་དུ་རྗེས་སུ་ཉོན་དང ། གང་དག་ཡིན་པ་འདི་དག་རྣམས་མཐོང་བར་གྱུར་པ་རྣམས་ལ་ཡང་དག་པར་རྫོགས་པའི་སངས་ རྒྱས་དྲུག་པོ་རྣམས་ཀྱི་མཆོད་རྟེན་དྲུག་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་ཉེ་བར་མཛེས་པ་ལས་བྱས་པ་རྣམས་སོ། །དེ་དག་རྣམས་ནི་དེ་བཞིན་གཤེགས་པ་དྲུག་གིར་བྱས་པ་ཡིན་ལ་བྱས་པ་དེ་དག་རྣམས་ཀྱང་འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང ། ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་སྟེ། སྐུ་གདུང་དེ་དག་རྣམས་སྔོན་གྱི་ལྷ་རྣམས་ཀྱིས་བྱས་པར་གཞན་ལ་བདག་ཅག་གིས་རྣ་བས་ཐོས་ནས་ཀྱང་མཆོད་པར་བྱེད་དེ། བདག་ཅག་རྣམས་ཚེ་ཤིན་ཏུ་ཐུང་བའི་རྒྱུ་གང་གིས་དེ་བཞིན་གཤེགས་པ་རྣམས་དེ་དག་ཐམས་ཅད་ཀྱིས་མ་མཐོང་ངོ ། །འོན་ཀྱང་ བཅོམ་ལྡན་འདས་དེ་རྣམས་འཇིག་རྟེན་ལ་ཕན་པ་མཛད་པས་བརྩོན་པར་གྱུར་པ་དང ། དོན་བཞེད་པས་ལྷ་དེ་རྣམས་ལ་ཕན་པའི་དོན་དུ་ལྷའི་འཇིག་རྟེན་འདིར་བཞུགས་པར་གྱུར་ཏོ། །དེ་ལྟར་ཐོས་པ་བརྒྱུད་པས་ཡིན་གྱི་ཆོས་འདི་རྗེས་སུ་རྟོགས་པ་ནི་མ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ འཁོར་བ་འཇིག་གཅིག་པུས་ཀྱང་འཐབ་བྲལ་བ་ལ་ཤིན་ཏུ་བར་ཡང་ཕན་པ་མཛད་པ་འདི་ལྟ་སྟེ། སྐུ་གདུང་གཅིག་ལས་ཀྱང་རྒྱུ་མཚན་ཤིན་ཏུ་ངོ་མཚར་ཆེ་བར་གྱུར་པའི་བློའི་ཡུལ་ལ་ངེས་པར་གནས་པ་རྣམས་ཇི་ལྟར་གང་གི་ཚེ་དགེ་སྦྱོང་རྣམས་ལ་མ་ཡིན་ཞིང་བྲམ་ཟེ་དང་སྐྱེ་དགུ་ རྣམས་ལ་ཡང་འབྱུང་བར་མི་འགྱུར་བ་སྟེ། དེའི་ཚེ་ལྷའི་ཕྱོགས་རྣམས་ཡོངས་སུ་ཉམས་ཏེ། ཡོངས་སུ་ཉམས་ནས་ཡང་སྐུ་གདུང་འདིར་སྤྲུལ་པ་རྣམས་མངོན་སུམ་དུ་མཐོང་བ་ནི་ལྷ་འཆི་འཕོ་བར་འགྱུར་བ་དང ། ཡོངས་སུ་ཉམས་པར་གྱུར་ནས་དེ་རྣམས་ཀྱིས་བདག་རང་ཉིད་ 70-1-81a གཅིག་པུར་མཐོང་སྟེ། ཇི་ལྟར་འཇོམས་པ་ཡང་བག་མེད་པས་བག་མེད་པར་རྣམ་པར་གནས་པ་རྣམས་ལ་འགྱུར་ལ། འགྱུར་བ་ཡང་ཡུལ་རྣམ་པར་ཆགས་པའི་ཕྱིར་མཐོང་བ་མ་ཡིན་ལ། དེ་དག་བདག་ཉིད་ལ་གླུའི་སྒྲ་ཀུན་ནས་བསྒྲགས་པས་ཕན་པ་མ་ ཡིན་པ་རྣམས་ཕན་པར་འདོད་པའི་ཕྱིར་ན། ཇི་ལྟར་བག་མེད་པ་ཁྱེད་རྣམས་བག་མེད་པས་རྒྱུ་བས་ཀྱང་དུས་བྱེད་པར་གྱུར་ཏ་རེ། ལེགས་པར་བྱས་པ་འདི་ཟད་པར་འགྱུར་བས་དེ་དོན་མེད་པར་གྱུར་ཏ་རེ། ཇི་ལྟར་དེའི་རྒྱུ་མཚན་དུ་རྩོམ་པ་འདི་དག་བྱེད་པའི་དེ་བཞིན་གཤེགས་པ་དྲུག་གི་ མདོ་གང་དག་ཡིན་པ་ལུས་ཅན་རྣམས་ལ་ཕན་པའི་དོན་དུ་གསུངས་པ་དེ་དག་རྣམས་ཐམས་ཅད་ཀྱང་སྐུ་གདུང་དེ་དག་རྣམས་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་བྲིས་པ་ང་ལས་བློ་དང་ལྡན་པ་རྣམས་ཀྱིས་མཉན་པར་གྱིས་དང ། ལྷ་རྣམས་ཕྱིས་འཆི་བའི་དུས་ན་འགྱོད་ པར་གྱུར་ཏ་རེ། དེ་ནས་ལྷ་དེ་དག་རྣམས་ཀྱི་གཙོ་བོ་རྣམས་ཡིད་ཚིམ་པ་མེད་པ་དང་ལྡན་པའི་གུས་པས་ཐམས་ཅད་ཉིད་ཀྱང་ངེས་པར་གནས་པར་གྱུར་ལ། གང་གི་ཕྱིར་གུས་པ་ནི་ལྷའི་བདག་པོ་ལ་གུས་པ་དང་ཆོས་འདུལ་བ་ལ་ཡང་གུས་པས་བདེན་པ་མཐོང་བ་བཞིན་དུ་དེ་དག་ རྣམས་གནས་ཏེ་མི་གཡོ་བའི་ཡིད་ཀྱིས་སོ། །དེས་དེ་ལྟར་གདུལ་བྱ་རྣམས་ལེགས་པར་མངོན་པར་མཐོང་ནས་ཐམས་ཅད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཞུགས་པ་རྣམས་ཀུན་གྱི་དང་པོ་ཉིད་དུ་དེ་བཞིན་གཤེགས་པ་དང་པོའི་མཆོད་རྟེན་གཙུག་ཏོར་ ཅན་དེས་རྩིག་ངོས་ལ་མངོན་པར་བྲིས་པ་ནི་ཇི་ལྟར་དགེ་སློང་དག་ཆོས་བརྒྱད་པོ་འདི་དག་རྣམས་དགེ་བའོ་ཞེས་བྱ་བའི་མདོས་ལྷ་རྣམས་ལ་ཕན་པའི་དོན་དང ། བདེ་བ་དང ། དོན་བཞེད་པ་དང ། ཕན་པར་གནང་བའོ། །དེ་ནས་དང་པོ་ཁོ་ནར་ལྷ་གང་ཉེ་བར་འགྲོ་བ་དེ་གཙོ་བོར་གྱུར་ པའི་མུ་སུ་ལུན་དྷ་དེ་དང་ལྷན་ཅིག་ཏུ་ལེགས་པར་ཞུགས་ནས་དེས་མཐོང་བ། བཅོམ་ལྡན་འདས་གཙུག་ཏོར་ཅན་གྱི་སྐུ་གཟུགས་བཻ་ཌཱུརྱའི་རང་བཞིན་དང་ཨིན་དྲ་ནཱི་ལའི་ཡང་རང་བཞིན་གྱི་གདན་ཆེན་པོ་ལ་ཉེ་བར་ཞུགས་པ་སྐྱིལ་མོ་ཀྲུང་ལེགས་པར་བཅས་པ་དེའི་རྩིག་ངོས་ལ་ཡང་ 70-1-81b མདོ་མངོན་པར་བྲིས་པ་ཇི་ལྟར་བརྒྱད་པོ་འདི་ནི་དགེ་སློང་དག་ལྷ་དང་མི་རྣམས་ཀྱི་ཡང་དགེ་བའི་ཆོས་རྣམས་ཀྱི་བར་དུ་གཅོད་པ་ཡིན་ཏེ། དེ་ལ་བརྒྱད་པོ་གང་ཞེ་ན་འདི་ལྟ་སྟེ། དགེ་སློང་དག་དང་པོ་ཉིད་དུ་བག་མེད་པ་བག་མེད་པས་ཉེ་བར་བཅོམ་པའི་ལྷའམ། མི་རྣམས་ ཀྱང་རུང་སྟེ། གང་དགེ་བ་རྗེས་སུ་སྒྲུབ་པ་ན་འཇིག་རྟེན་གྱི་ཡང་མ་ཡིན་ལ་འཇིག་རྟེན་ལས་འདས་པའི་ཡང་མ་ཡིན་ཏེ། འཇིག་རྟེན་པའི་ནི་ལེ་ལོས་བག་མེད་པ་བག་མེད་པར་གནས་པས་ལས་ཀྱི་མཐའ་རྣམས་འགྲིབ་པར་འགྱུར་ཏེ། གང་མཛའ་བོ་ཡིན་པ་དེ་དག་རྣམས་ལ་མ་ བལྟས་པས་དེ་དག་ནི་བར་མར་གནས་པར་འགྱུར་རོ། །གང་ཡང་དགྲ་བོ་ཡིན་པ་དེ་དག་རྣམས་ནི་ཆེས་མི་བཟད་པར་གྱུར་ནས་གོ་སྐབས་དག་ཚོལ་ཞིང་གླགས་རྣམས་གཅོད་པར་འགྱུར་བས་བག་མེད་པ་དང་བག་མེད་པར་རྒྱུ་བ་དེ་དག་རྣམས་ཀྱི་ཡང་འཇིག་རྟེན་པའི་ཆོས་ཀྱི་ལས་ཀྱི་མཐའ་ རྣམས་དེ་བཞིན་དུ་འགྱུར་རོ། །དེ་ལས་ཀྱི་མཐའ་ཉམས་པ་དང ། དགྲ་བོ་རྣམས་ཕལ་ཆེ་བ་དང ། གཉེན་འབྲེལ་རྣམས་ཡོངས་སུ་ཉམས་པ་དང ། དབུལ་པོ་དང་གཞན་ཁ་དྲག་པར་ཡང་འགྱུར་རོ། །ཁ་ཉེན་པ་རྣམས་མཐར་ཐུག་པ་ནི་འདི་ཡིན་ཏེ། འདི་ལྟར་དབུལ་པོ་ཞེས་བྱ་བའོ། ། དབུལ་བས་དངངས་པའི་སྐྱེས་བུ་ནི་གྲོགས་བཤེས་དང ། གཉེན་བཤེས་དང་རྩ་ལག་རྣམས་དབང་ཆེ་བར་འགྱུར་རོ། །བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་རྣམས་རབ་ཏུ་ཕལ་ཆེ་བར་འགྱུར་རོ། །དེ་མི་དགེ་བ་སྤྱོད་པ་པོ་ཞེས་ཟེར་ནས་བློ་གྲོས་ངན་པ་དེ་ལ་ལྷ་ རྣམས་སྡང་བར་འགྱུར་ཏེ། ལྷ་རྣམས་ཐམས་ཅད་ཀྱིས་མི་དགེ་བ་སྤྱོད་པ་དེ་ཡོངས་སུ་སྤོང་བར་འགྱུར་ལ་སེམས་ཅན་འཚེ་བ་པོ་རྣམས་ཀྱིས་དེ་གཙེས་པས་དུས་བྱེད་པར་འགྱུར་རོ། །ཚོང་པ་ཡིན་པར་གྱུར་ན་ཡང་བག་མེད་པས་བག་མེད་པའི་སྤྱོད་པས་བར་སྐབས་སུ་ནོར་ཉམས་པར་འགྱུར་ རོ། །འདི་ན་བག་མེད་པས་དགེ་སློང་ངམ་གཞན་ཡང་རུང་སྟེ། དགེ་བསྙེན་རྣམས་ཀྱང་བསམ་གཏན་བྱེད་པ་ན་བརྩོན་པ་དང་ལྡན་པར་མི་འགྱུར་རོ། །ལུང་དུ་བསྟན་པའི་བསམ་གཏན་གྱིས་ཟག་པ་རྣམས་ཟད་པར་བྱེད་པ་ནི་མ་ཡིན་གྱི་ཟས་ཀྱི་རོ་རྣམས་འབའ་ཞིག་ལ་ཆགས་པས་ཟས་ཀྱི་ 70-1-82a དུས་ལ་ཤིན་ཏུ་ཡང་ལྟའོ། །ཡིད་བདེ་བར་འགྱུར་བ་མ་ཡིན་གྱི། བག་མེད་པ་བག་མེད་པར་རྒྱུ་བ་དེ་དག་རྣམས་བརྒྱ་ཞིག་ལ་ཡང་སེམས་རབ་ཏུ་དང་བ་ཡོད་པ་མ་ཡིན་ནོ། །རོ་ལ་ཤིན་ཏུ་བརྐམ་པ་དང་ལྡན་པ་ཁཝ་ཏ་དང་སེམས་མཚུངས་པ་དང་ངང་ཚུལ་མཚུངས་པར་གྱུར་ པ་གང་གི་ཚེ་དེ་དག་བག་མེད་པ་རྣམས་སེམས་པ་ལ་རབ་ཏུ་བརྩོན་པ་དང་ལྡན་པར་འགྱུར་རོ། །དེ་འཁོར་རྣམས་འདུས་པའི་ནང་དུ་སོང་ངམ་མང་དུ་ཐོས་པ་རྣམས་ཀྱི་ནང་དུ་སོང་ན་ཤེས་རབ་ཆུང་བས་ཁ་ཉེན་པར་འགྱུར་རོ། །སྦྱིན་པ་པོ་དང་སྦྱིན་བདག་རྣམས་ལ་གཟི་བརྗིད་ཆུང་བར་ཡང་ འགྱུར་རོ། །མི་འཇིགས་པ་ཡོངས་སུ་ཉམས་པ་སྟེ། མི་འཇིགས་པ་རྣམས་ཀྱི་མཆོག་ནི་འདི་ལྟར་ཆོས་རྣམས་རྣམ་པར་འབྱེད་པའོ། །དབང་ཆུང་བ་རྣམས་ཀྱི་ཐ་མ་ནི་འདི་ལྟ་སྟེ། ཐོས་པ་ཉུང་བའོ། །ཁ་ཉེན་པ་དེ་བདག་ཉིད་ཀྱི་ཉེས་པ་རྣམས་ཀྱང་ངེས་པར་མི་ཤེས་སོ། །གཞན་ ལ་ཡང་བརྣབ་སེམས་དང་གནོད་སེམས་མང་བར་འགྱུར་ཏེ། དེ་ཡང་མང་དུ་ཐོས་པ་རྣམས་ལའམ། བླ་མ་རྣམས་ལའམ། དེ་ཡང་ན་སྦྱིན་པ་པོ་དང་སྦྱིན་བདག་སེམས་རབ་ཏུ་དང་བ་དང་དབང་པོ་རབ་ཏུ་རྒྱས་པ་རྣམས་ལ་སྟེ། བློ་དམན་པ་དེ་བག་མེད་པའི་ལས་མང་པོ་རྣམས་བྱས་པས་ ལུས་ཞིག་པ་ན་ཐབས་མ་ཡིན་པར་རྣམ་པར་ལྟུང་ནས་དམྱལ་བ་རྣམས་སུ་སྐྱེའོ། །བག་མེད་པ་བག་མེད་པས་གནས་པ་རྣམས་དེ་ལྟར་མི་རྣམས་བག་མེད་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་རོ། །ཡང་དགེ་སློང་དག་ཇི་ལྟར་ན་ ལྷ་རྣམས་ཀྱི་བག་མེད་པས་བར་ཆད་བྱེད་པར་འགྱུར་ན། འདིའི་རང་བཞིན་ཉིད་ཀྱིས་ལྷ་འདི་དག་རྣམས་བག་མེད་པས་བག་མེད་པར་རྒྱུ་བའི་ལྷ་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་འདོད་པ། སྡུག་པ་ཡིད་དུ་འོང་བ་དེ་དག་གིས་བག་མེད་པས་བག་མེད་པར་ འགྱུར་བ་རྒས་པ་འོང་བར་འགྱུར་བ་མི་མཐོང་ངོ ། །རྒུད་པ་ཡང་མི་མཐོང་ངོ ། །ལེགས་པར་བྱས་པའི་ལས་རྣམས་ཟད་པ་རྣམ་པར་མི་དྲན་ནོ། །ཆོས་ལ་གོམས་པར་མི་བྱེད་དོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་གུས་པ་དང་བཅས་པ་མ་ཡིན་ནོ། ། 70-1-82b དེ་དང་བྲལ་བའི་ཡིད་ཀྱིས་བག་མེད་པ་བག་མེད་པར་རྒྱུ་བ་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར་པ་མཐོང་བ་བག་མེད་པ་གོམས་པར་གྱུར་པ་སྲིད་པའི་གདུང་བའི་སྡུག་བསྔལ་ཆེན་པོ་ཉེ་བར་གནས་པ་རྣམས་ལ་འཆི་བའི་ལྟས་བྱུང་བའི་འབྲལ་བར་འགྱུར་བའི་སྡུག་བསྔལ་རབ་ཏུ་འབྱུང་ བས་བུད་མེད་རྣམས་ཀྱི་ཚོགས་ཀྱིས་ཡོངས་སུ་སྤངས་པར་གྱུར་པའི་འཇིགས་པ་ཆེན་པོ་ཉེ་བར་གནས་པ། འོབས་བཞིན་དུ་རབ་ཏུ་ལྷུང་བར་གྱུར་པ་ན་གང་དག་བཤད་པའི་ཡུལ་ལ་ཉེ་བར་སྤྱོད་པ་དེ་དག་གི་ཚོགས་པ་དེ་རྣམས་ཀྱང་ལན་བརྒྱར་ཡང་མི་མཐོང་བར་དེ་འཇིག་རྟེན་གཞན་ དུ་འགྲོ་བར་འགྱུར་ལ། དེ་དག་རྣམས་རྗེས་སུ་འགྲོ་བ་མ་ཡིན་པ་དང་འཆི་བའི་དུས་ན་བདེ་བ་རྣམས་ཤེས་པ་ཡང་མ་ཡིན་ནོ། །དབུགས་འབྱིན་པར་ཡང་མི་འགྱུར་རོ། །ཡུལ་དེ་དག་རྣམས་ནི་ཉམས་པ་ཡིན་ཞིང་ཡུལ་རྣམས་ནི་སྐྱུགས་པ་དང་རྣག་ཏུ་གྱུར་པའོ། །ཡང་སྲིད་ པར་ཀུན་ཏུ་སྐྱེད་པ་དང ། དེ་ལས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་བག་མེད་པས་བག་མེད་པར་གནས་པས་བྱས་པའི་ལས་དེས་ཀུན་ནས་གནས་པས་སྲིད་པ་གཞན་དུ་འགྲོ་ཞིང་རྗེས་སུ་འགྲོ་སྟེ། དེ་ཡུལ་གྱི་སྲེད་པའི་ཟུག་ཟེར་གྱིས་བག་མེད་པས་དུས་བྱེད་པར་འགྱུར་རོ། ། ཡོངས་སུ་བཏང་ཞིང་ལྷ་ཐམས་ཅད་ཀྱིས་ཡོངས་སུ་བཏང་བ་དང ། ཀུན་ནས་སྐྲག་པ་དང ། ཡུལ་གྱིས་ཀུན་ནས་རྨོངས་པས་ཀྱང་དུས་བྱེད་དེ། དེ་དུས་ཀྱི་ཆོས་དང་ལྡན་པས་དམྱལ་བ་དང་ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེའོ། །དེ་ལྟ་བས་ན་མིའམ་ལྷ་ཡང་རུང་སྟེ། བག་མེད་པ་མི་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་གཙུག་ཏོར་ཅན་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ལྷ་རྣམས་ཡུལ་གང་བདེ་བ་ཡིས། །རྟག་པ་ཉིད་དུའང་སྟེན་བྱེད་པ། །དེ་ནི་ཉམས་དང་དེ་ནས་ཀྱང ། །ལས་རྣམས་འགྲོ་ཞིང་རྗེས་སུ་འགྲོ། །བདེ་བ་རྣམས་ ལ་བསགས་པ་མེད། །ལས་རྣམས་ལ་ནི་བསགས་པ་ཡོད། །བདེ་བ་ཡིས་ནི་རྨོངས་པའི་ལྷ། །ལས་རྣམས་ཀྱི་ནི་དབང་གིས་འགྲོ། །ད་ལྟར་བ་ཡི་ཡུལ་གྱི་བདེ། །དེ་ནི་དགེ་བ་བྱེད་མིན་པས། །ཡུལ་རྣམས་ཀྱིས་ནི་ལེགས་སྐོམ་ལྷ། །དེ་བཞིན་རྣམ་པར་གཡེང་ཡིད་ཅན། ། 70-1-83a འཁོར་བའི་ནད་ཀྱི་སྨན་གྱུར་པ། །བདེ་བའི་ལས་ནི་རྟོགས་མ་ཡིན། །གླིང་ཉིད་དང་ནི་སྐྱོབ་བཞིན་དང ། །དེ་བཞིན་དུ་ནི་སྐྱབས་ཉིད་བཞིན། །ལེགས་པར་བྱས་པ་སྐྱེ་གཞན་དུ། །ལུས་ཅན་རྣམས་ཀྱི་རྒྱབ་ན་གནས། །དེ་ཕྱིར་རྟག་པར་རབ་འབད་པས། །ལྷ་རྣམས་ ཀྱིས་ནི་རྟག་བསྟན་བྱ། །ཡུལ་རྣམས་སྤོང་བར་བྱེད་པ་དང ། །བསོད་ནམས་རྟེན་པ་བཟང་པོ་ཡིན། །གང་ཡང་མ་འོངས་པ་ཡི་སྲིད། །བློ་ཡིས་མིག་གིས་མཐོང་བ་ནི། །དེ་ནི་མཁས་ཡིན་རྟག་ཏུ་མཛེས། །ལྟུང་བ་འཇིགས་པའི་རྩ་བ་པོ། །རྣམ་པར་འཕྲུལ་སྐྱེས་འཇིགས་རྟག་ འདི། །ལེགས་པར་བློ་ལྡན་གྱིས་ནི་མཐོང ། །དེས་ནི་བྲལ་བའི་དམན་ཐོབ་ནས། །མི་བཟད་པས་ནི་འཆིང་བ་ཡིན། །འོན་ཀྱང་རྟག་ཏུ་བློ་རྨོངས་པས། །ཡུལ་ཉིད་ཁོ་ན་སྟེན་པར་བྱེད། །ཡུལ་རྣམས་ཀྱིས་ནི་རྣམས་རྨོངས་པ། །ཕྱི་ནས་གདུང་བས་སྲེག་པར་བྱེད། །ཇི་སྲིད་སྐྱེ་བ་ འདི་ཀུན་དང ། །ཇི་སྲིད་ཤེས་པ་མ་ཉམས་པ། །དེ་སྲིད་དུ་ནི་བསོད་ནམས་ཀྱིས། །བསོད་ནམས་མ་བྱས་སྡུག་བསྔལ་ཡིན། །དེ་ལྟར་མུ་སུ་ལུན་དྷ་དེ་ལྷ་དེ་རྣམས་ལ་བཅོམ་ལྡན་འདས་གཙུག་ཏོར་ཅན་གྱིས་གསུངས་པའི་རྩིག་ལོགས་ལ་བྲིས་པའི་ཚིགས་སུ་བཅད་པ་བཤད་དོ། །གཞན་ཡང་ རབ་ཏུ་སྟོན་པར་བྱེད་དོ། །གང་རྩིག་ལོགས་ལ་ཆོས་བརྒྱད་པོ་འདི་རྣམས་ཏེ། དེ་དག་གིས་བག་མེད་པ་རབ་ཏུ་བརྗོད་ནས་ཆོས་བདུན་བདག་གིས་བཤད་པར་བྱ་སྟེ། བདུན་པོ་རྣམས་གང་ཞེ་ན། བག་མེད་པར་གྱུར་པ་དེ་ནི་རྒྱུན་མི་འཆད་པར་རྒྱགས་པར་འགྱུར་རོ། །བག་མེད་པ་ལ་ སྤྱོད་པའི་སྐྱེས་བུ་རྣམས་ནི་སྨྱོན་པར་འགྱུར་ཏེ། བག་མེད་པའི་ལྷ་དང་མི་རྣམས་ནི་རྟག་ཏུ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བར་ཆད་བྱེད་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་འཇིག་རྟེན་པའི་དོན་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་བ་དང ། འཇིག་རྟེན་ལས་ འདས་པ་རྣམས་ལ་ཡང་སྟེ། འདི་ནི་བག་མེད་པའི་སྐྱེས་བུ་རྣམས་ནི་རྣམ་པར་གཡེང་བའི་བློ་ཅན་དུ་འགྱུར་རོ། །བློ་སྔོན་དུ་བཏང་བས་ཀྱང་དོན་ཐམས་ཅད་ལ་ལོག་པར་འཇུག་པ་ཡིན་ནོ། །དེ་ལྟར་རྒྱགས་པའི་སྐྱོན་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་རབ་ཏུ་མཛེས་པ་མ་ཡིན་ནོ། །ཆེས་ 70-1-83b མང་བར་ཕན་པ་མ་ཡིན་པ་རྣམས་དང ། བདེ་བ་མ་ཡིན་པ་རྣམས་དང ། དོན་འགའ་ཞིག་དང་ཡང་ལྡན་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་འདུལ་བ་ལ་རྒྱགས་པ་ཉེས་དམིགས་ཆེན་པོ་དང་ལྡན་པར་འགྱུར་བ་ཡིན་ཞིང་ཇི་ལྟར་གཞན་ཡང་རྒྱགས་པས་འདི་ ན་མི་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་ན། དེ་ལ་མི་རྣམས་དང་རབ་ཏུ་བྱུང་བ་རྣམས་ལ་ཡང་ཤིན་ཏུ་བར་ཡང་བག་མེད་པ་རྣམ་པ་ཐམས་ཅད་དུ་ཡང་རྣམ་པར་སྨད་པར་བྱ་བར་འགྱུར་བ་ཡིན་པ་ནི་འདི་ལྟ་སྟེ། འདིར་ཆོས་འདུལ་བ་འདི་ལ་རྒྱགས་པ་དང་བྲལ་བ་རྣམ་པ་ཐམས་ཅད་དུ་རྣམ་ པར་མཛེས་ལ་བག་མེད་པ་དང་ཀུན་ནས་ལྡན་པ་ནི་མ་ཡིན་ནོ། །རྒྱགས་པའི་སྐྱོན་དང་ཀུན་ཏུ་ལྡན་པ་དེ་བསམ་གཏན་མི་བྱེད་དོ། །བྱ་གཞག་གི་བྱ་བར་གྱུར་པ་འགྲོ་བ་དང་འོང་བའི་གནས་ལ་ལེགས་པར་སྤྱོད་པ་མ་ཡིན་ནོ། །སྤྱོད་ཡུལ་ལ་མི་སྟེན་སྦྱིན་བདག་དང་སྦྱིན་པ་པོ་རྣམས་རྗེས་ སུ་སྒྲུབ་པ་ལ་བརྩོན་པ་མ་ཡིན་གྱིས། སྟན་དང་མལ་སྟན་རྣམས་འབའ་ཞིག་ལ་གནས་པའི་རང་བཞིན་ཅན་དུ་འགྱུར་རོ། །དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབའ་ཞིག་གིས་ཁྱེར་བར་བྱེད་དོ། །དེ་ལུས་ཞིག་པ་ན་ཤི་བའི་འོག་ཏུ་དམྱལ་བ་རྣམས་སུ་སྐྱེའོ། །དེ་ལྟར་མི་ རྣམས་ཀྱི་འཇིག་རྟེན་པའི་ལམ་མམ། འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རབ་ཏུ་མཛེས་པ་མ་ཡིན་པའི་རྒྱགས་པ་བདུན་པོ་འདི་དག་རྣམས་ཡིན་པ་ལ་འདི་ལྟ་སྟེ། གཟུགས་ཀྱིས་རྒྱགས་པ་དང ། ནོར་གྱིས་རྒྱགས་པ་དང ། རིགས་ཀྱིས་རྒྱགས་པ་དང ། རྒྱན་དང་ཆ་ བྱད་ཀྱིས་རྒྱགས་པ་དང ། རྒྱལ་པོས་མཆོད་པས་རྒྱགས་པ་དང ། བུད་མེད་དང་འཁྱུད་འཕྱང་གིས་རྒྱགས་པ་དང ། གཞན་གྱི་བུ་མོའི་དབང་དུ་བྱས་ནས་སེམས་རྣམ་པར་གཡེང་བས་རྒྱགས་པ་རྣམས་སོ། །རྒྱགས་པ་དེ་དག་ནི་རྒྱགས་པ་རྣམས་མདོར་བསྡུས་པ་ཡིན་ ནོ། །རྒྱགས་པ་རྣམས་ནི་དགྲ་ཡིན་ནོ། །རྒྱགས་པ་ནི་ལྷག་མ་ཡིན་ནོ། །རྒྱགས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ཡང་བར་དུ་གཅོད་པར་འགྱུར་བ་ཡིན་ནོ། །འདི་ན་མི་རྣམས་རྒྱགས་པ་ནི་ཚད་དང་ལྡན་པའི་ལོངས་སྤྱོད་དང་གསོན་པ་རྣམས་ཉུང་ཟད་ཀྱི་རང་བཞིན་ལ་རྣམ་ 70-1-84a པར་སྤྱོད་ཀྱང་རྒྱགས་པ་ཡིན་ནོ། །ཡང་ལྷ་རྣམས་ཀྱི་རྒྱགས་པ་འདི་དག་ཅི་འདྲ་བར་འགྱུར། དེ་རྣམས་འདོད་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་ལ་སྤྱོད་པ་ཉིན་མཚན་དུ་རབ་ཏུ་འཕེལ་བ་ནི་རྒྱགས་པ་བག་མེད་པའི་རང་བཞིན་ཅན་དེ་དག་ རྣམས་ཚེའི་འདུ་བྱེད་རྣམས་ཡོངས་སུ་ཉམས་པར་འགྱུར་བའི་བློ་ནི་མེད་ཀྱི་རྒྱགས་པ་འབའ་ཞིག་དང ། རྒྱགས་པའི་ལྷག་མ་ཅན་དང ། རྒྱགས་པས་ཆོས་རྣམས་ཐམས་ཅད་ཀྱི་བར་དུ་གཅོད་པར་འགྱུར་རོ། །ལུས་འཇིག་པ་ལ་ཤེས་པ་རབ་ཏུ་མི་འཇུག་པ་དང ། ཚེའི་འདུ་བྱེད་ རྣམས་ཟད་པ་ལ་ཡང་སྟེ། དེ་དག་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་དུས་དེ་སྲིད་དུ་རྒྱགས་པར་འགྱུར་རོ། །སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །དེ་དེ་དག་རྣམས་ཟད་པར་འགྱུར་བར་ཕྱིས་ངེས་པར་ལྟུང་བར་འགྱུར་བ་ན་ངེས་པར་རྟོགས་པར་འགྱུར་ཏེ། ཀྱེ་མ་ཡུལ་རྣམས་ཀྱིས་ བདག་བསླུས་སོ། །ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་རྟག་ཏུ་བསླུས་པ་རྣམས་ནི་ལུས་ཞིག་ནས་ཐབས་མ་ཡིན་པས་ལོག་པར་ལྟུང་བ་དམྱལ་བའམ། ཡི་དགས་ཀྱི་ལུས་དང ། དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟར་འཇིག་རྟེན་པའི་ལས་ལ་བག་མེད་པ་ རྣམས་སྨད་པར་བྱ་བར་འགྱུར་རོ། །ཇི་ལྟར་ཡང་ལྷ་དག་འཇིག་རྟེན་ལས་འདས་པའི་ལམ་ལ་རྒྱགས་པ་རྣམ་པར་སྨད་པ་ཡིན་ཞེ་ན། ལྷ་གང་དག་ཡིན་པའི་ལྷ་རྣམས་ཐམས་ཅད་ཀྱང་འདོད་པ་དང ། སྡུག་པ་དང ། ཡིད་དུ་འོང་བས་ལེགས་པར་བྱས་པའི་ལས་ཀྱི་རྒྱུ་རྣམས་ཀྱིས་ འཐབ་བྲལ་གྱི་ལྷ་འདི་རྣམས་ཀྱི་ནང་དུ་སྐྱེས་ལ་དམ་པའི་ཆོས་འདུལ་བ་ལ་དེ་བག་མེད་པར་གྱུར་ནས་དེས་རང་གིས་བྱས་པའི་ལས་རྣམས་མི་རྟོགས་སོ། །གང་དག་ཆེས་ལྷག་པར་རྒྱགས་པས་གནས་པར་མ་གྱུར་པ་རྣམས་དེ་ཡང་མི་སྟེན་པ་དང ། གང་དག་རྣམ་པ་ཐམས་ཅད་དུ་བག་ མེད་པས་རྣམ་པར་རྒྱུ་བ་མ་ཡིན་པ་དེ་དག་རྣམས་ལ་ཡང་སྟེན་པར་མི་བྱེད་ལ་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་ཡང་ལྟ་བར་བྱེད་པའི་རང་བཞིན་ཅན་དུ་མི་འགྱུར་ཞིང་དམ་པའི་ཆོས་འདུལ་བ་རྣམས་ལ་སྒྲུབ་པར་མི་བྱེད་པ་དང ། ཇི་ལྟ་བ་བཞིན་དུ་འཇུག་པར་ཡང་མི་བྱེད་ 70-1-84b དོ། །དེ་ལྟར་དེ་ལམ་རྣམས་ལ་སློབ་པའི་རང་བཞིན་ཅན་དུ་མི་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་རྣམ་པར་ལྟ་བ་ལ་གཙོ་བོར་བྱེད་པར་མི་འགྱུར་རོ། །བླ་མ་ལ་ཉེ་བར་བསྟེན་པར་མི་བྱེད་དོ། །ལྷ་ཡེ་ཤེས་ལ་གོམས་པར་བྱེད་པའི་རང་བཞིན་ཅན་དང་ཉེ་བར་བསྟེན་པར་ཡང་ མ་ཡིན་ནོ། །དེ་ནི་འདོད་པ་རྣམས་ཀྱིས་བསླུས་ནས་ཡུལ་གྱིས་རྣམ་པར་ཉམས་པར་བྱས་ཏེ། བདག་ཅག་གི་ལྷའི་རིས་ནས་འཆི་འཕོ་བར་འགྱུར་ལ་འཆི་འཕོ་བའི་དུས་ན་ཡང་ཤིན་ཏུ་རབ་ཏུ་འགྱོད་པར་འགྱུར་རོ། །དེའི་ཕྱིར་ན་མེ་བཞིན་དང་སྦྲུལ་བཞིན་དུ་ལྷ་དང་མི་རྣམས་ཀྱི་རྒྱགས་ པ་རྣམས་ཡོངས་སུ་སྤང་བར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་གཙུག་ཏོར་ཅན་དེས་ཚིགས་སུ་བཅད་པ་གསུངས་པ་ཇི་ལྟར། དང་པོ་བག་མེད་པས་ཉེར་བཅོམ། །རྒྱགས་པ་ཡིས་ཀྱང་རྣམ་པར་རྨོངས། །ལྷ་རྣམས་སམ་ནི་སྐྱེས་བུ་ཡང ། །དེ་ནི་ཞི་བའི་ཐབས་མ་ཡིན། ། གང་ཞིག་རྒྱགས་པ་མི་སྒྲུབ་པ། །སྐྱེས་བུ་འཆི་བ་མེད་པ་ཡིན། །རྒྱགས་པའི་སྐྱོན་གྱིས་ངེས་ཟིན་པའི། །མི་རྣམས་ཐམས་ཅད་དམྱལ་བར་ལྟུང ། །དམ་པ་མིན་པའི་ལམ་སྤྱོད་སྐྱོན། །རྒྱགས་པ་ཞེས་བྱར་འདིར་བརྗོད་དོ། །རྒྱགས་པ་ཡིས་ནི་རྨོངས་པའི་བློ། །ལྷ་ནི་དམྱལ་བར་འགྲོ་ བ་ཡིན། །ཡང་དག་མིན་ལ་དགའ་བར་བྱེད། །ཡང་དག་འགྱུར་བ་ནམ་ཡང་མིན། །རྒྱགས་པའི་མུན་པས་བསྐོར་བ་ཡིན། །ལྷ་རྣམས་འདོད་པས་རྨོངས་པ་ཡིན། །འདོད་པ་ཡིས་ནི་ལྷ་རྣམས་རྨོངས། །རྒྱགས་པ་ཡིས་ཀྱང་དེ་བཞིན་ཏེ། །དམུས་ལོང་བཞིན་དུ་དམ་པའི་ལས། །དེ་ ཉིད་རྗེས་སུ་མཐོང་བ་མིན། །དེ་ལྟར་བཅོམ་ལྡན་འདས་གཙུག་ཏོར་ཅན་གྱིས་བག་མེད་པ་དང ། རྒྱགས་པ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚིག་རྣམས་ཀྱིས་བསྟན་ནས་གཞན་འདིའི་གསུམ་པ་སྡོམ་པ་མ་ཡིན་པའི་སྐྱོན་ཡང་དག་པར་སྟོན་པ་སྐུ་གདུང་ལ་གནས་པ་རྣམས་ ལ། དེ་ནས་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷས་ལྷ་དེ་རྣམས་ལ་གང་དག་ལུས་ཀྱིས་བྱས་པ་མཆོད་རྟེན་ལས་སྟོན་ནོ། །འདི་ལྟ་སྟེ་སྡོམ་པ་མ་ཡིན་པ་རྣམས་སོ། །སྡོམ་པ་མ་ཡིན་པ་ཡང་སྐྱོན་ཆེན་པོ་གསུམ་གྱིས་ལྷ་རྣམས་དང་མི་རྣམས་ལ་ཡང་ཕན་པར་འགྱུར་བ་མ་ཡིན་ནོ། ། 70-1-85a འཇིག་རྟེན་པའི་ལས་དང་འཇིག་རྟེན་ལས་འདས་པའི་ལས་ལ་ཡང་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །དེ་ལ་སྡོམ་པ་མ་ཡིན་པས་མི་རྣམས་ཀྱི་བར་དུ་གཅོད་པར་འགྱུར་བ་གང་ཡིན་ན་འདིར་འཇིག་རྟེན་པའི་སྡོམ་པ་རྣམས་བླངས་ནས་རང་བཞིན་གྱིས་མཆོག་ཏུ་རྨོངས་ པས་དོན་དང་དོན་མ་ཡིན་པ་མི་ཤེས་ལ། གནས་དང་གནས་མ་ཡིན་པ་རྣམས་ཀྱང་མི་ཤེས་སོ། །ལེགས་པར་གནས་པར་བྱས་ནས་ཀྱང་རང་གི་སྐྱེ་བོ་དང ། གཉེན་འདུན་དང་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །རྩི་བགྲང་མེད་པར་རང་གི་སྐྱེ་བོ་དང ། གཉེན་འབྲེལ་རྣམས་དང་ལྷན་ ཅིག་ཏུ་བརྟན་པར་གནས་པར་བྱེད་དོ། །བྱས་ནས་ཀྱང་སྡོམ་པ་ཡོངས་སུ་འཛིན་པར་མི་འགྱུར་རོ། །དེ་ལེགས་པར་གནས་པ་ལས་ཉམས་པས་ཁ་ཉེན་པར་འགྱུར་རོ། །རང་གི་སྐྱེ་བོ་དང་གཉེན་འབྲེལ་ཐམས་ཅད་ཀྱིས་སྐྱུག་བྲོར་ལྟ་བར་བྱེད་དོ། །གང་གི་མིང་གིས་ལེགས་པར་ གནས་པ་སྡོམ་པ་བརྟན་པོ་རྣམས་ཇི་ལྟ་བ་བཞིན་དུ་ཡོད་དེ་ཞེས་རྗོད་པར་ཡང་བྱེད་དོ། །སྔགས་ཀྱི་སྡོམ་པ་རྣམས་སམ། ལེགས་པར་གནས་པར་བྱ་བ་རྣམས་ལ་ཡང་རུང་སྟེ། དེ་ཉིད་ཀྱི་བློས་རང་གི་སྐྱེ་བ་རྣམས་མི་འཇུག་གོ། །རང་གི་ཕ་དང་རང་གི་ཁྱིམ་དུ་བྱ་བ་དག་གིས་ ལེགས་པར་འདྲེས་པར་བྱས་པ་གང་ཡིན་པས་ངལ་སོས་པར་གྱུར་པ་ཞེས་ནས་སོ། །སེམས་སྟོབས་ཡང་བ་དེ་རྒྱུ་དེ་དང ། གཞི་དེ་ལས་དང་།དེ་ཡོངས་སུ་འཛིན་པས་གང་ཡང་འདིའི་གྲོགས་པོར་གྱུར་པ་དེ་དག་རྣམས་ཐམས་ཅད་ཀྱང་ཁ་ཕྱིར་ཕྱོགས་པར་འགྱུར་རོ། །གཞན་པ་རྣམས་ ལས་གང་དག་གྲོགས་པོ་མ་ཡིན་པ་དེ་དག་རྣམས་ནི་བཟང་པོར་གྱུར་པ་རྗེས་སུ་རྟོགས་སོ། །གང་དག་བར་མའི་ཚོགས་སུ་གནས་པར་གྱུར་པའི་སྐྱེས་བུ་དེ་དག་རྣམས་ནི་རྟག་ཏུ་ཡང་ཕྱོགས་མ་ཡིན་པར་འགྱུར་རོ། །རླུང་གིས་ཉེ་བར་བཅོམ་པའི་ལྗོན་པ་རྩ་བ་གཏན་ནས་བཅད་པ་བཞིན་དུ་ ལྟུང་ལ། དེ་ལྟུང་བས་ཀྱང་རྫས་རྣམས་དང ། ཕུན་སུམ་ཚོགས་པ་དང ། རང་གི་སྐྱེ་བོ་རྣམས་དང ། གཉེན་འབྲེལ་རྣམས་གཏོང་ངོ ། །རང་བཞིན་གྱིས་ཀྱང་འགྱུར་ལྡོག་ཅན། རྩབ་ཧྲབ་ལ་གནས་པའི་སེམས་མི་བགྲུངས་པར་འགྱུར་རོ། །དེ་སྐྱེ་བོ་ཐམས་ཅད་ལ་བརྣབ་ 70-1-85b སེམས་དང་གནོད་སེམས་མང་བར་འགྱུར་རོ། །ཕྱིན་ཅི་ལོག་ཏུ་དོགས་པ་འཆལ་བ་དང ། ཡོངས་སུ་རྟོག་པ་དང ། བློ་གདུག་རྩུབ་ཅན་དུ་འགྱུར་རོ། །དེ་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་དང ། གནོད་སེམས་དང ། ང་རྒྱལ་དང ། བཞིན་རྣམ་པར་འགྱུར་ཞིང་གདུག་པ་དང ། རང་གི་ཡིད་རྣམ་པར་གཡེང་བ་དང ། དབུལ་བར་འགྱུར་རོ། །དེ་སྡོམ་པ་མ་ཡིན་པའི་རྒྱུས་དེ་དག་རྣམས་ཀྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ཐབས་མ་ཡིན་པར་ལྷུང་ནས་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་རྟག་ཏུ་ཕན་པར་འདོད་པའི་སྐྱེས་བུས་སྡོམ་པ་འཇིག་རྟེན་པ་རྣམས་ཀྱང་བསྲུང་ བར་བྱའོ། །སྡོམ་པ་ལ་གནས་པའི་རྒྱུ་དེས་ཡིད་ཤིན་ཏུ་བརྟན་པར་འགྱུར་རོ། །སེམས་ཀྱི་རྒྱུད་ཤིན་ཏུ་བཟང་བར་ཤེས་ནས་ཀྱང་གྲོགས་པོ་རྣམས་ཀྱིས་ཀྱང་ཡིད་ཆེས་པར་འགྱུར་རོ། །མཆོག་ཏུ་གསང་བར་གྱུར་པའི་རྒྱལ་པོའི་དོན་མཆོག་ཏུ་རྒྱ་ཆེ་བའི་རིན་པོ་ཆེ་རྣམས་སམ། གསེར་དང་རྫས་ ཀྱི་རིགས་གཞན་རྣམས་ལ་ཡང་རུང་སྟེ། སྡོམ་པའི་སེམས་དང་ལྡན་པ་ལ་ཀུན་གཏོད་པར་བྱེད་དོ། །བྱས་ནས་ཀྱང་ཞེ་སྡང་བ་རྣམས་ཀྱིས་དེ་དག་ཇི་ལྟ་བ་བཞིན་དུ་སྡོམ་པར་བྱེད་པ་རྣམས་ལ་གནོད་པ་བྱ་བར་ཡང་མི་ནུས་སོ། །གྲོས་བློ་རྣམས་ཀྱིས་ཀྱང་སྡོམ་པ་འཇིག་པར་མི་བྱེད་ལ། རང་ གི་སྐྱེ་བོ་དང ། གྲོགས་པོ་དང ། ཡིད་འཐུན་པ་རྣམས་ཀྱིས་ཀྱང་འཇིག་པར་མི་བྱེད་ཀྱི་ལེགས་པར་གནས་པ་དང་ལྡན་པ་དེ་ལ་གཉེན་བཤེས་ཀྱི་སྐྱེ་བོ་རྣམས་ཀྱིས་མཆོད་པར་བྱེད་དོ། །ཡིད་ཆེས་པའི་གནས་སུ་འགྱུར་རོ། ་་་།སློབ་དཔོན་བཞིན་དུ་ཡང་སློབ་དཔོན་རྣམས་ཀྱིས་ཀྱང་ལེགས་ པར་སྒྲུབ་པར་བྱེད་དོ། །སྡོམ་པ་བདུན་འཛིན་པ་རྣམས་ནི་རྒྱལ་པོས་ཀྱང་མཆོད་པར་བྱེད་དོ། །གྲོགས་པོ་དང ། སྐྱེ་བོ་དང ། གཉེན་བཤེས་རྣམས་ཀྱིས་ཀྱང་དེ་བཞིན་ཏེ། དེ་ལ་སྐྱེ་བོ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པར་རྫས་སྒྲུབ་པར་བྱེད་དོ། །འདི་ལ་ཡང་དོན་མ་ཡིན་པ་ ཅུང་ཟད་ཙམ་ཡང་བྱ་བར་མི་ནུས་སོ། །དེ་མཆོག་ཏུ་ནོར་དང་ལྡན་པར་འགྱུར་རོ། །དེ་རྫས་རྣམས་ཕུན་སུམ་ཚོགས་པས་སྦྱིན་པ་ནི་གཏོང་བར་བྱེད་དོ། །བསོད་ནམས་དག་ནི་བྱེད་དོ། །གཅིག་ཏུ་ལེགས་པར་གནས་པའི་བློ་ཉམས་པ་མེད་པའི་རྒྱུ་དེ་དག་དང་གླེང་གཞི་དེ་ལས་ལུས་ཞིག་ 70-1-86a ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལྷ་རྣམས་སུ་སྐྱེའོ། །དེ་དེ་ལྟར་རང་བཞིན་གྱིས་ཀྱང་མ་བསྡམས་པར་གྱུར་ཅིང་གཞན་རྣམས་ཀྱིས་ཀྱང་རྣམ་པར་སྨད་པ་རྣམས་ནི་ཕལ་ཆེ་བར་ཡང་འཇིག་རྟེན་ལས་འདས་པའི་ལས་བློ་གཡོ་བ་དང་བཅས་པའི་བློ་ གར་ཡང་གནས་པུ་མེད་པ་ལས་དང་འབྲས་བུའི་རྣམ་པར་སྨིན་པ་རྣམས་ལ་ལྡོངས་པ་རྣམས་ནི་སྡོམ་པ་མེད་པའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་བའམ་དེ་ཡང་ན་རྐྱེན་དེས་སྡོམ་པ་གཅིག་ཀྱང་མེད་པར་གྱུར་ལ། ཇི་ལྟར་དགེ་སློང་གི་ཆ་བྱད་འབའ་ཞིག་ཙམ་འཛིན་པ་དུང་གི་སྒྲ་དང་མཚུངས་ པར་ཀུན་ན་སྤྱོད་པ། སྡོམ་པ་ལ་བསྙད་ནས་སྦྱིན་པ་པོ་དང་སྦྱིན་བདག་རྣམས་སླུ་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྡོམ་པ་ཇི་ལྟ་བར་བདག་འཛིན་པ་ཡིན་ཟེར་ལ། དེ་སྡོམ་པ་འཛིན་པ་ཡང་མ་ཡིན་ནོ། །དེའི་ལུས་ཚུལ་ཁྲིམས་དང་ཡང་དག་པར་ལྡན་པ་ཡང་ མ་ཡིན་ནོ། །དེ་ནི་སླུ་བ་པོ་དང ། རྐུན་མ་ལྷ་དང་བཅས་པའི་འཇིག་རྟེན་དང ། བདུད་དང་བཅས་པའི་འཇིག་རྟེན་དང ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་རིགས་ཀྱི་སྐྱེ་དགུ་དང ། ལྷ་དང་མི་དང ། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་པ་རྣམས་སླུ་བར་བྱེད་པ་པོ་ཡིན་ཏེ་གཞན་ རྣམས་སླུ་བ་པོ་ཇི་ལྟར་ཤེས་པར་གྱུར་པ་དེ་ལྟར་སྒྲུབ་པར་མི་བྱེད་པ་དེ་ནི་དེ་ལྟར་སྟོང་པ། ནང་ན་ཅི་ཡང་མེད་པ། སྙིང་པོ་མེད་པ། དབུ་བའི་ཕུང་པོ་དང་འདྲ་བར་ཇི་སྐད་དུ་སྨྲ་བ་དེ་ལྟར་མི་བྱེད་པའི་སྐྱེ་བོ་ཐམས་ཅད་སླུ་བ་པོ། གཡོ་ཆེ་བའི་མཆོག་ཏུ་གྱུར་པ། ཚུལ་འཆོས་འབའ་ཞིག་ པ་དེ་རབ་ཏུ་ཕལ་ཆེ་བའི་གནས་མལ་དང ། ནད་ཀྱི་རྐྱེན་སྨན་རྣམས་གཞན་གྱིས་བྱིན་པས་འཁོར་བར་རྟག་ཏུ་བྱིང་ཞིང་ནུབ་པར་འགྱུར་རོ། །དམྱལ་བ་རྣམས་ནས་དམྱལ་བ་རྣམས་སུ་སྟེ། གཞན་རྣམས་སུ་ཡང་སྡིག་པས་བགྲོད་པ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་སྡིག་ པ་ཅན་མི་ཤིས་པའི་སྐལ་བ་ཅན་དེ་ལ་འོས་མ་ཡིན་པར་གྱུར་པས་གང་དག་དགེ་འདུན་དབང་བར་གྱུར་པའི་ས་གཞི་རྣམས་ཀྱིས་ཀྱང་བར་ཆད་འགྱུར་བ་ནི། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ཀྱིར་ས་དེ་དག་སྦྱིན་པ་པོ་སྦྱིན་བདག་རྣམས་ཀྱིས་ཉེ་བར་སྤེལ་བའི་རྒྱུ་གང་དག་གི་ཕྱིར་ཏེ། 70-1-86b སྡོམ་པ་དང་མི་ལྡན་པ་རྣམས་ཀྱིས་ཀྱང་མ་ཡིན་ན་ཚུལ་ཁྲིམས་འཆལ་པའི་སྡིག་པ་ཅན་དེ་དག་རྣམས་ཀྱིས་ནི་གོམ་པ་འབོར་བ་དང་ཀུན་འདྲེ་བར་བྱེད་པ་ཙམ་གྱིས་ཀྱང་བརྒྱ་ཕྲག་ཏུ་ཡང་བར་ཆད་དུ་འགྱུར་ཞིང་ཡང་ལུས་ཀྱིས་གནས་མལ་དང ། ནད་ཀྱི་རྐྱེན་སྨན་དང ། ལོངས་སྤྱོད་གཞན་ རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། གང་འདི་དགེ་སློང་མ་བསྡམས་པ། །རྐུན་མ་རྣམས་ལས་འདི་རྐུན་མཆོག་།ནང་ནས་རྣག་གི་ཁུ་བ་འབབ། །ཆོས་གོས་ཀྱིས་ནི་ཕྱི་རོལ་བསྡམས། ། སྙིང་པོ་ཐམས་ཅད་དང་བྲལ་བ། །དབུ་བའི་ཕུང་པོའི་རང་བཞིན་ལྟར། །དེ་བཞིན་འཁོར་བ་ཆང་སྟོང་འདི། །དེ་བཞིན་ལོག་པར་དགེ་སློང་སྨྲ། །དགེ་འདུན་དཀོན་མཆོག་ཕྱིར་བྱས་ནས། །ཚུལ་འཆལ་དེ་ནི་དམྱལ་བར་སྐྱེ། །ལུས་ཞིག་ནས་ནི་དམྱལ་རྣམས་སུ། །འཁྲིད་པ་སེམས་ ཀྱིས་བསླུས་པ་ཡིན། །ཆོས་འདུལ་བ་ནི་བསླུ་བྱས་ནས། །ལྟུང་བར་རང་གི་ལས་ཀྱིས་ཡིན། །དྲི་མའི་མུན་པ་རྣམ་དཀྲིགས་ནས། །སྡུག་བསྔལ་སྐལ་བ་ཅན་དུ་འགྱུར། །དགེ་བའི་ལས་ཀྱིས་གོས་མེད་པའི། །གཅེར་བུ་ལ་ནི་བཟང་སྐྱུག་བྲོ། །ཇི་ལྟར་ཆོས་ནི་ཕྱིར་བྱས་ནས། ། དམྱལ་བ་འཇིགས་པར་འཁྲིད་པར་བྱེད། །མཛེས་པ་མིན་པའི་དམྱལ་རྣམས་ཀྱིས། །སྡུག་བསྔལ་སྒོ་ནི་མ་བསྡམས་པ། །འཁོར་བའི་འཆིང་བ་མི་བཟད་པ། །ཚུལ་འཆལ་ཞེས་བྱ་འདི་ལ་རྗོད། །གང་གིས་མ་བསྡམས་པ་བསྲེགས་ན། །དེ་ནི་མེ་ཡིས་ཤིན་ཏུ་བསྲེགས། །སྤྱོད་པ་ ཉམས་པ་དེ་ཡི་ནི། །ལོག་པར་ལྟུང་བ་རྟག་པར་གནས། །ཡིད་རྣམས་བསྡམས་པ་མེད་གནས་པས། །དེ་སྲིད་དུ་ནི་སྤྱོད་སྡོམ་པ། །དེ་ནི་རྨོངས་པ་སྤྱོད་ཚུལ་འཆོས། །དམྱལ་བ་རྣམས་སུ་ཉེ་བར་འོངས། །དེ་ནི་ཉིན་མཚན་ཐམས་ཅད་དུ། །མི་དགེ་བ་རྣམས་འཕེལ་བར་བྱེད། ། གང་ཡང་ཚུལ་ཁྲིམས་རིན་ཆེན་འདི། །ཚུལ་ཁྲིམས་འཆལ་པས་ངེས་པར་ལྷུང ། །སྟོང་པའི་ཆོས་ལ་ཆགས་པ་དང ། །མུན་པས་ཀྱང་ནི་ཀུན་བསྒྲིབས་པ། །སྣ་ཚོགས་བསམ་པས་ནང་རྟོག་པའི། །དེ་ལ་སྐབས་ནི་དམིགས་མ་ཡིན། །བསྡམས་མིན་རང་བཞིན་ཞགས་པ་ 70-1-87a ཡིས། །དྲི་མ་མཁས་པས་ནམ་སྤངས་པ། །ཚུལ་ཁྲིམས་འཆལ་པ་སྡིག་པ་ཅན། །ཚུལ་ཁྲིམས་སྤངས་པས་འདྲེན་པར་བྱེད། །བསྡམས་པ་མེད་པར་ཚུལ་འཆལ་བ། །སྡིག་པ་དང་ནི་ལྷན་ཅིག་འགྲོགས། །འདོད་པ་རྣམས་ནི་སྟེན་པ་ཡང ། །འདི་ དག་དམྱལ་བའི་ཕོ་ཉ་ཡིན། །མ་བསྡམས་པ་དང་རྨོངས་པ་དང ། །རྩབ་ཧྲལ་གྱི་ནི་ཁྱད་པར་གྱིས། །སྡིག་པའི་ལས་དང་མངོན་ལྡན་པ། །དམྱལ་བ་ཤིན་ཏུ་རིང་བ་མིན། །ལས་རྣམས་ཅི་འདྲའི་འབྲས་ཡིན་ན། །ཅི་ཡི་ཕྱིར་ན་དེར་མི་འགྲོ། །བདག་ཉིད་འཇོམས་བྱེད་ཀུན་ རྨོངས་པ། །གང་ལ་དགའ་བས་རྣམ་པར་རྨོངས། །སྡིག་པའི་ཆུ་བོ་བཟོད་དཀའ་བ། །ཉིན་དང་མཚན་དུ་འཕེལ་བ་ཡིན། །སྡུག་བསྔལ་རླབས་ཕྲེང་རྦ་རླབས་ཅན། །དེས་ཀྱང་རང་གི་སྐྱེ་བོ་འཕྲོག་།གང་དག་གིས་ནི་ཆོས་བསླུས་པའི། །དེ་རྣམས་ཡིད་ནི་བདེ་མ་ཡིན། །སྡོམ་ པ་མེད་གནས་སྐྱེས་བུ་ནི། །དགེ་བའི་ཆོས་རྣམས་རྣམ་པར་སྤངས། །དགེ་བའི་ལམ་འདི་བདེ་ལེགས་ཡིན། །ཆོས་གང་གོ་འཕང་བདག་ཉིད་ཅན། །གོ་འཕང་དེ་ཐོབ་རྗེས་སྐྱེས་པ། །འགྱུར་མེད་གོ་འཕང་རབ་ཏུ་འགྲོ། །རང་འབྱུང་བསྙེན་གནས་བསམ་གཏན་དང ། །གང་ཞིག་དམ་ པའི་སྤྱོད་མངོན་དགའ། །སྡོམ་པ་ལ་གནས་རྟག་ཏུ་དུལ། །དེ་རྣམས་ལ་ནི་སྡུག་བསྔལ་མེད། །སྡོམ་མིན་དྲི་མ་འདི་དག་གིས། །དྲི་མ་བྱེད་པའི་མི་གང་ནི། །བསླབ་པའི་གཞི་ལས་ཡོངས་ཉམས་པ། །དེ་ནི་དམྱལ་བའི་སྐལ་ལྡན་ཡིན། །དེ་ལྟར་རྟོགས་ནས་མི་རྣམས་ཀྱིས། ། སྡོམ་པ་ཐམས་ཅད་རབ་ཏུ་སྒྲུབས། །སྲིད་པའི་རྒྱ་མཚོ་ཐམས་ཅད་དུ། །གང་ཕྱིར་སྡོམ་དེ་ཉམས་མྱོང་འགྱུར། །དེ་ལྟར་མི་རྣམས་ཐམས་ཅད་ལ་མ་བསྡམས་པས་འཇིག་རྟེན་ལས་འདས་པའི་ལམ་ལ་བར་ཆད་བྱེད་པར་འགྱུར་རོ། །ཇི་ལྟར་སྡོམ་པ་མ་ཡིན་པས་ལྷ་རྣམས་ཀྱི་བར་ ཆད་བྱེད་པར་འགྱུར་ན། འདི་ན་ལས་དང་འབྲས་བུའི་ས་པའི་འཇིག་རྟེན་འདིར་ཚུལ་ཁྲིམས་རྣམ་པ་བདུན་པོ་རྣམས་ཀྱིས་ཉེ་བར་བསྐྱེད་པའི་བདེ་བ་གང་ཡིན་པ་དེ་མཐོ་རིས་འདིར་བག་མེད་པར་གནས་པས་ཟད་པར་བྱེད་དོ། །དེ་དག་རྣམས་ཀྱི་དེ་ཟད་པ་དང་སླར་ཡང་མི་འབྱུང་སྟེ། ཇི་ 70-1-87b ལྟར་མར་མེའི་སྣུམ་དང་སྡོང་བུ་ཟད་པས་འོད་ཟེར་ཟད་པར་འགྱུར་རོ། །དེ་བཞིན་དུ་ཇི་ལྟར་སྡོམ་པ་མེད་པ་འཇིག་རྟེན་ལས་འདས་པའི་ལམ་གྱི་བར་ཆད་བྱེད་པར་འགྱུར་ན་འདི་ལྟ་སྟེ། ཚུལ་ཁྲིམས་ལ་སྤྱད་པའི་སྐྱེས་བུ་རྣམས་ནི་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་པ་ན་ འདི་ལྟར་སེམས་པར་བྱེད་དེ། ཇི་ལྟར་བདག་མི་རྣམས་སུ་སྡོམ་པ་རྣམ་པ་བདུན་གྱིས་འདིར་སྐྱེས་པ་ལྷ་རྣམས་དང་མཉམ་པའི་ནང་དུ་སྐྱེས་པར་གྱུར་ཏོ། །དེ་ལ་ལྷ་དེ་ནི་སྡོམ་པ་གང་ལ་རྩེ་གཅིག་ཏུ་སྤྱོད་པར་བྱེད་དེ། ལས་དང་འབྲས་བུ་རྣམས་མཐོང་བ་དང་སྟོན་པར་ཡང་བྱེད་དོ། ། ཇི་ལྟར་འདིར་སྐྱེས་པ་ཐམས་ཅད་ནི་སྡོམ་པ་ལས་རབ་ཏུ་བྱུང་ངོ་ཞེས་བྱ་བ་སྟེ།དེ་རྩབ་ཧྲལ་ཅན་དུ་གྱུར་པའི་ཡིད་དང་ཡུལ་རྣམས་དགའ་བར་གྱུར་པས་ཀྱང་ཕྲོགས་པའི་བློས་ཐོས་པར་མི་འགྱུར་རོ། །རབ་ཏུ་སྒྲུབ་པར་མི་བྱེད་དོ། །སྡོམ་པ་ལ་དད་པ་སྐྱེ་བ་མ་ཡིན། ལས་དང་འབྲས་ བུའི་རྣམ་པར་སྨིན་པ་རྣམས་ལའང་སྟེ། ཡུལ་རྣམས་ལ་རྒོད་པ་དང་ལྡན་པའི་བློར་གྱུར་པས་དེས་སྡོམ་པ་དེ་དག་རྣམས་ཉེ་བར་འཇོམས་པ་དང ། ཆོས་རྣམས་ལ་ཡང་སྤྱོད་པར་མི་འགྱུར་རོ། །དེ་དགེ་བ་ལས་ཉམས་པས་ངེས་པར་ལྟུང་སྟེ། རྣམ་པ་དེ་ལྟ་བུའི་ངང་ཚུལ་གྱིས་མཐོ་ རིས་སུ་སྐྱེ་བར་མི་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་མ་ཡིན་ནོ། །དེ་ལྟར་ཆོས་གསུམ་པ་སྡོམ་པ་མེད་པ་ཞེས་བྱ་བ་བར་ཆད་བྱེད་པར་འགྱུར་བ་ཡིན་ནོ། །དེ་ལ་ལྷ་རྣམས་ཀྱི་ཆོས་བཞི་པ་གང་དག་གིས་ལྷ་དང་མི་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་ན་འདི་ ལྟ་སྟེ། ལེ་ལོའོ། །ལེ་ལོ་ལ་མངོན་པར་དགའ་བ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་མི་རྣམས་ལ་ཐམས་ཅད་དང ། རྣམ་པ་ཐམས་ཅད་འཇིག་རྟེན་པའི་ཆོས་ཐམས་ཅད་མི་འབྱུང་ངོ ། །ལེ་ལོ་ལ་དགའ་བ་དེ་ཆོས་བདུན་དང་ཡོངས་སུ་འབྲལ་ཏེ། བདུན་གང་ཞེ་ན། ཇི་ལྟར་ཀུན་ནས་ང་ རྒྱལ་བས་ལེ་ལོས་བརྩོན་འགྲུས་མི་རྩོམ་མོ། །གང་དབང་བྱེད་པ་དང་མི་ལྡན་པས་ཡོངས་སུ་ཉམས་སོ། །ཀུན་ནས་ང་རྒྱལ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །ལོངས་སྤྱོད་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཡུལ་ཤེས་པ་ལས་ཡོངས་སུ་ཉམས་པར་ 70-1-88a འགྱུར་རོ། །འཇིག་རྟེན་པའི་ཐམས་ཅད་ལས་དེ་ཉམས་པར་འགྱུར་རོ། །སྐྱེས་བུ་དམ་པ་ལ་བསྟེན་པ་དང་འཇིག་རྟེན་པའི་གཏམ་དང་འབྲེལ་བ་ལས་ཀྱང་ཡོངས་སུ་ཉམས་སོ། །དེ་འཇིག་རྟེན་པའི་དོན་ཐམས་ཅད་ལས་ཡོངས་སུ་ཉམས་པས་ཀུན་ཏུ་རྨོངས་ པར་འགྱུར་རོ། །དོན་ལྷག་མ་དུ་མ་ཆུད་ཟོས་པར་འགྱུར་རོ། །དེ་ལྟར་མི་རྣམས་ཀྱི་འཇིག་རྟེན་པའི་དོན་ཐམས་ཅད་ཀྱི་བར་དུ་གཅོད་པར་འགྱུར་རོ། །ལེ་ལོ་ཇི་ལྟར་མི་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་ན། འདི་ན་ལེ་ལོས་ལེ་ལོར་གྱུར་ པའི་སྐྱེས་བུ་རྣམས་ནི་ཤ་ཤིས་ཁྱིམ་གྱི་ལས་ཀྱིས་འཇིགས་པས་རབ་ཏུ་འབྱུང་སྟེ། ཇི་ལྟར་བདག་རབ་ཏུ་བྱུང་ལ་རབ་ཏུ་མང་བའི་གནས་མལ་དང ། ནད་ཀྱི་རྐྱེན་གྱི་ཡོ་བྱད་རྣམས་ལ་ལོངས་སྤྱོད་པར་བྱའོ། །བདག་ནུབ་མོ་ཡང་ལས་བྱ་མི་དགོས་ལ་ཉིན་མོ་ཡང་མ་ཡིན་ཏེ། སྒྱུ་སྙོམ་ དེས་རབ་ཏུ་འབྱུང་ངོ ། །རབ་ཏུ་བྱུང་བ་དེ་དམ་པར་བྱས་ཏེ་གསོལ་བ་འདེབས་པར་མི་བྱེད། དོན་དང་བྱ་བ་མི་བྱེད། བསམ་གཏན་ལ་མངོན་པར་བརྩོན་པའི་རང་བཞིན་ཅན་མ་ཡིན་ནོ། །མཐར་ཐུག་པ་ཉིད་ནི་མ་ཡིན་གྱི་ལེ་ལོའི་སྐྱོན་གྱིས་ཉམས་སྨད་པ་ཡིན་ནོ། །གང་གི་ཚེ་བརྒྱ་ལ་ རབ་ཏུ་མང་བའི་རྙེད་པ་དང་བཀུར་སྟི་ལ་ཉེ་བར་ལོངས་སྤྱོད་དོ། །ཚུལ་ཁྲིམས་དང་ཤེས་རབ་ལ་མངོན་པར་དགའ་བར་མི་འགྱུར་རོ། །བློ་དམན་པ་དེ་སྐྱོན་དེས་ལུས་ཞིག་པ་ན་ཐབས་མ་ཡིན་པ་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་གཙུག་ཏོར་ཅན་དེས་ ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། ལེ་ལོ་ལས་ནི་སྐལ་བ་ཆུང ། །གཏི་མུག་གིས་ནི་བཅོམ་པའི་སེམས། །སྐྱེ་བོ་སྙོམ་ལས་ཅན་ཐམས་ཅད། །ཤིས་པའི་སྐྱེ་བ་ཡོད་མ་ཡིན། །སྒྱུ་སྙོམ་སྡིག་པ་ཅན་གྱི་ཆོས། །རྨུགས་དང་གཉིད་ཀྱང་དེ་བཞིན་ཏེ། །ཐར་པའི་སྒོ་ནི་རྣམ་ འཇོམས་པར། །འགྱུར་བ་འདི་ནི་འབྲས་བུ་ཆེ། །ཁྲེལ་མེད་ངོ་ཚ་མེད་པ་དང ། །སྡིག་པའི་གྲོགས་དང་རྒོད་པ་ནི། །སྡུག་བསྔལ་གྱི་ནི་རྒྱུ་དེ་དག་དེ་ལ་ཆགས་མེད་མཁས་པ་ཡིན། །ལོག་པའི་ང་རྒྱལ་མངོན་ང་རྒྱལ། །ང་སྙམ་ང་རྒྱལ་ང་ཐམས་ཅད། །སྡུག་བསྔལ་གྱི་ནི་ལྗོན་ 70-1-88b ཤིང་རྒྱུ། །དེ་དག་རྟག་ཏུ་ཡོངས་སུ་སྤོངས། །ལེ་ལོ་ཡི་ནི་དབང་གྱུར་ནས། །ལྷ་ཡི་འགྲོ་གང་དམྱལ་བར་རྩོམ། །དབུགས་རྒྱུ་ཡང་ནི་ཤི་བ་ཡིན། །དེ་དག་གསོན་དོན་ཡང་འབྲས་མེད། །ལེ་ལོས་ཉེ་བར་བཅོམ་པའི་མི། །གསོན་པ་ན་ཡང་གསོན་པ་མིན། །རོ་ལས་ཀྱང་ནི་ལྷག་དེ་ དག་།འདི་ནི་སྒྱུ་སྙོམ་ཡིན་པར་ཤེས། །ལེ་ལོའི་འདམ་དུ་བྱིང་བ་གང ། །དེ་ནི་སྡུག་བསྔལ་རྒྱ་མཚོར་བྱིང ། །གང་ལ་བརྩོན་འགྲུས་བརྩམས་ཡོད་པ། །སྲིད་པའི་རྒྱ་མཚོ་ལས་དེ་རྒལ། །ལེ་ལོ་བརྩོན་འགྲུས་དམན་པ་གང ། །ཟས་ལ་རྟག་ཏུ་དགའ་བ་ཕྱུགས། །དེ་ནི་གསོན་ ཡང་ཤི་བ་ཡིན། །ཤི་ནས་ཀྱང་ནི་དམྱལ་བར་འགྲོ། །མི་གང་སྡུག་བསྔལ་སྐལ་ལྡན་པའི། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །གཞན་གྱི་གོང་བུ་ཟ་བའི་ལྷ། །དེ་ཡི་རྒྱུ་ནི་ལེ་ལོ་ཡིན། །ཕལ་ཆེར་ལེ་ལོ་ཅན་རྣམས་ནི། །གཞན་གྱི་བུ་མོས་ཉེ་བར་འཚོ། །རོ་ལ་ལྷག་པར་ ཆགས་པ་དང ། །འཁྲིག་པ་ལ་ཡང་རྟག་ཏུ་དགའ། །དེ་ནི་དེ་ཉིད་དཔྱོད་བྲལ་ནས། །ཟས་འབའ་ཞིག་ལ་ཆེད་དུ་བྱེད། །འཆི་བའི་དུས་ནི་བྱུང་བ་ན། །རང་གི་སེམས་ནི་སྲེག་པར་བྱེད། །ཇི་སྲིད་ཚ་གྲང་ལྷན་ཅིག་དང ། །དེ་བཞིན་བཀྲེས་སྐོམ་ལྷན་ཅིག་ཏུ། །དེ་སྲིད་ལུས་ ཀྱིས་བྱ་བ་གྱིས། །གང་ཕྱིར་རྟག་ཏུ་མཚུངས་གྱུར་པ། །ལེ་ལོའི་བློ་ནི་བྱ་མིན་ཏེ། །ལེ་ལོ་སྙོམ་པའི་བདག་ཉིད་ཅན། །རྟག་ཏུ་འཁོར་བར་དེ་ལུས་གནས། །སྡུག་བསྔལ་ལས་ཀྱང་ལེགས་གྲོལ་མིན། །བརྒྱ་ཡི་ནང་ན་ཁ་ཉེན་ཞིང ། །ལེ་ལོ་ཅན་དེ་འཇིག་རྟེན་འབྲེང ། །ཐ་ མར་ཡང་ནི་ཅོ་འབྲུར་འགྱུར། །ལེགས་པའི་བློ་ཡང་ཡོད་མ་ཡིན། །སྐྱོན་ནི་དེ་དག་རྣམས་དང་ཡང ། །གཞན་རྣམས་དང་ཡང་ཡང་དག་ལྡན། །འཇིག་རྟེན་འདས་པའི་ལམ་ལས་ནི། །ཕྱི་རོལ་ཉིད་དང་བྲལ་བ་ཡིན། །ལེ་ལོ་ཅན་གྱི་སྐྱེས་བུ་ནི། །འཇིག་རྟེན་ འདས་ལས་ཡོངས་ཉམས་འགྱུར། །ལྷ་རྣམས་ཇི་ལྟར་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་འདུལ་བ་ལས་ཉམས་པར་འགྱུར་ཞིང ། ཇི་ལྟར་ལྷ་རྣམས་ཀྱི་བར་ཆད་དུ་འགྱུར་ན་འདི་ན་ལེ་ལོ་ཅན་འཇིག་རྟེན་པའི་ལམ་གྱིས་གལ་ཏེ་ན་ལན་གྲངས་གཞན་ལ་མྱོང་ 70-1-89a བར་འགྱུར་བའི་ལས་ཀྱིས་སམ། གལ་ཏེ་ལེགས་པར་བྱས་པ་རྣམས་ལ་དམིགས་པར་གྱུར་པས་སམ། གལ་ཏེ་དེ་ལྟར་སྐྱེས་པར་གྱུར་ལ་དེ་ལེ་ལོ་དེ་ཉིད་ཀྱིས་ཉེ་བར་བཅོམ་པས་ཐམས་ཅད་དུ་འདོད་པའི་སྒྲ་དང ། རོ་དང ། རེག་བྱ་དང ། གཟུགས་དང ། དྲི་ རྣམས་ལ་ཡང་ཀུན་དགའ་བར་མི་འགྱུར་རོ། །སྐྱེད་མོས་ཚལ་དགའ་བར་གྱུར་པ་རྣམས་དང ། རྒྱུག་པ་དང་སྙོང་བའི་རང་བཞིན་ཅན་དུ་མི་འགྱུར་རོ། །གླུའི་སྒྲའི་རང་བཞིན་ལ་མི་དགའོ། །གླུ་ལེན་པར་མི་བྱེད་དོ། །ནམ་མཁའི་དཀྱིལ་དུ་འཕགས་པར་མི་བྱེད་དོ། །རིའི་རྩེ་མོ་ ནས་རིའི་རྩེ་མོར་མི་འགྲོའོ། །རླབས་ཀྱི་ཕྲེང་བ་ནས་རླབས་ཀྱི་ཕྲེང་བ་རྣམས་ལ་བྱའི་རྒྱབ་ཏུ་ཞོན་ནས་རྩེ་བར་མི་བྱེད་དོ། །བདེ་བ་དེ་ཉིད་ཀྱིས་ཉེ་བར་བཅོམ་པ་དེའི་དྲུང་དུ་ཡང་འཐབ་བྲལ་གྱི་བདག་པོ་འགྲོ་བར་འགྱུར་ལ། དེས་ཡུལ་ཐམས་ཅད་ལས་ཀྱང་ལེགས་པར་སྦྱོར་བར་ མི་བྱེད་དོ། །དེ་ལ་ཡུལ་དེ་དག་ཐམས་ཅད་དགྲའི་ཚོགས་སུ་གྱུར་པའི་ལེ་ལོ་འཇིག་རྟེན་པ་རྣམས་ཡིན་ནོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་ལམ་གྱི་བར་ཆད་ཡིན་ན། ལེ་ལོ་ཅན་རྣམས་འདི་ན་ལྷ་གཞན་གང་དག་དམ་པའི་ཆོས་ཉན་པའི་རང་བཞིན་ཅན་དུ་གྱུར་པ་རྣམས་ དང ། དེ་དམ་པའི་ཆོས་ལ་དགའ་བར་གྱུར་པ་རྣམས་ལ་ཡང་དེ་དག་ལེགས་པར་སྟེན་པར་མི་བྱེད་དོ། །དེ་དམ་པའི་ཆོས་ལ་ཁ་ཕྱིར་ཕྱོགས་པར་འགྱུར་རོ། །དེས་མ་ཐོས་པའི་ཆོས་རྣམས་མི་ཉན་ནོ། །ཐོས་པ་རྣམས་ཀྱང་འཛིན་པར་མི་བྱེད་དོ། །གོམས་པར་ཡང་མི་བྱེད་ དོ། །བླ་མ་ལ་ཉེ་བར་སྟེན་པར་མི་བྱེད་དོ། །ཤེས་པ་དང་རྣམ་པར་ཤེས་པ་དང་ལྡན་པའི་རང་བཞིན་ཅན་མ་ཡིན་ནོ། །དེ་དམ་པའི་ཆོས་ལས་ཕྱི་རོལ་ཏུ་གྱུར་པ་དགེ་བ་ཐམས་ཅད་དང་རྣམ་པར་བྲལ་བ། འཁོར་བ་ན་རྟག་ཏུ་ཡང་འཁོར་བར་གྱུར་པ་སྟེ། རྟག་ཏུ་ཡང་སྡུག་བསྔལ་གྱི་སྐལ་ བ་ཅན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ལམ་དང་བྲལ་བའི་ཕྱིར་ན་མི་རྟོགས་ཤིང་ཡོངས་སུ་མི་འགྲོལ་ལོ། །དེ་ལེ་ལོས་ཉེ་བར་ཉམས་པས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། མི་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་རྒ་བ་དང་འཆི་བའི་ཁོག་ཙེས་ 70-1-89b བཅིངས་པས་ཤིན་ཏུ་སྡུག་བསྔལ་བས་ཡོངས་སུ་འཁྱམ་མོ། །དེ་ལ་ལེ་ལོ་གཅིག་པོ་དེ་ཉིད་ཀྱིས་\ུ0f7ེདོན་མ་ཡིན་པར་བྱེད་པ་ངན་འགྲོ་ཐམས་ཅད་ཀྱི་རྩ་བ་འཁོར་བ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པ་རབ་ཏུ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ན་གང་དག་འཁོར་བ་ལས་ལྡོག་པར་འདོད་པ་དེས་རབ་ཏུ་ བརྩོན་པས་ལེ་ལོ་ཡོངས་སུ་སྤང་བར་གྱིས་དང ། དེའི་རྩ་བ་ལས་གྱུར་པ་མ་ཡིན་པའི་རི་རྒལ་བར་མི་ནུས་སོ། །སྐྱོན་གཅིག་གིས་གོས་པས་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྒལ་བར་ཡང་མི་ནུས་སོ། །གཞན་ཡང་སྐྱོན་བཞི་པ་ལས་ཤིན་ཏུ་འདས་ནས་གཞན་ཆོས་ལྔ་པ་ལྷ་དང་མི་ རྣམས་ཀྱི་བར་དུ་གཅོད་པར་འགྱུར་བ་རྣམས་གང་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་ནི་འདི་ལྟ་སྟེ། མི་བཟད་པའི་འདོད་པ་ནི་ལྷ་དང་མི་རྣམས་ཀྱི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པར་འགྱུར་རོ། །ཇི་ལྟར་ ལྷ་དང་མི་རྣམས་ཀྱི་འཇིག་རྟེན་པའི་ལམ་ལ་རྣམ་པར་སྨད་པར་བྱ་བ་མི་བཟད་པའི་འདོད་པ་ཡིན་ན་འདི་ལྟ་སྟེ། ཁྱིམ་ལ་གནས་ནས་སྐྱེས་བུ་འདོད་པས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་ནི་ཆོས་ལ་ངེས་པར་མི་དགའ་བ། རྟག་ཏུ་ཡང་ནོར་ལ་ཆེད་ཆེར་བྱེད་པ་ཡིན་ཏེ། གཞི་དེས་ ཉིན་མཚན་མེད་པར་ཡང་ནོར་རྣམས་ཀྱི་སྲེད་པ་སྙིང་ལ་འཇུག་པར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་རྫས་རྣམས་འབྱུང་བ་དེ་ལྟ་དེ་ལྟར་ཕྱིར་ཞིང་ཡུལ་གཞན་རྣམས་འདོད་པ་སྙིང་ལ་འཇུག་གོ། །དེ་ནི་འདི་ལྟར་འགྱུར་ཏེ། བདག་གིས་སྒྱུས་ཉེ་བར་འཚོ་བའི་རྣམ་གྲངས་གང་གིས་གཞན་བསླུ་ བར་བྱ་ཞེས་ཏེ། རྟག་ཏུ་ཡང་གྱ་གྱུའི་དཔྱད་ར་བར་འགྱུར་རོ། །དེས་གཞན་རྣམས་ལ་ཡང་དེ་བཞིན་དུ་ཡུལ་དེ་དག་ལ་འདོད་པ་སྐྱེད་པར་བྱེད་དོ། །གཡོ་སྒྱུ་རྣམས་ཉེ་བར་སྟེན་ཏོ། །ཆོས་མ་ཡིན་པ་ཕལ་པོ་ཆེས་གནས་པར་འགྱུར་བའི་ལས་ཀྱི་བྱ་བ་རྣམས་ལ་འཇུག་པར་བྱེད་དོ། ། དེ་དག་དེ་བཞིན་དུ་བརྣབ་སེམས་མང་བར་འགྱུར་རོ། །ཇི་ལྟར་གང་དག་གཞན་གྱི་རྫས་ཡིན་པ་དེ་རྣམས་ངའི་ཡིན་པར་གྱུར་ན་ཞེས་དེས་དེ་ལྟར་ཡིད་ཀྱིས་བསམས་ནས་ཀྱང་གཞན་རྣམས་ལ་ཡང་དེ་བཞིན་དུ་དགའ་བར་བྱས་ནས་དེས་གཞན་རྣམས་དང་ཡང་ལྷན་ཅིག་ཏུ་གཡོ་སྒྱུ་ 70-1-90a བྱས་པས་གཞན་རྣམས་སླུ་བར་བྱེད་དོ། །བསླུས་ནས་ཀྱང་རབ་ཏུ་དགའ་བར་འགྱུར་རོ། །ཇི་ལྟ་བུའི་ལེགས་པ་ཅིག་བདག་གིས་བྱ་སྟེ། ཡུལ་དེའི་ཉོ་ཚོང་གིས་གཡོ་ཟོལ་དང་ལྡན་པས་གཞན་རྣམས་ཀྱང་བསླུས་ནས་ནོར་ཕྲོགས་པས་བདག་ལ་འདི་ སྙེད་ཅིག་འཕེལ་བ་ཞེས་དེ་ལྟར་དེ་རོ་མྱོང་བར་བྱེད་དོ། །སྒོམ་པར་བྱེད་དོ། །ལན་མང་དུ་བྱེད་དོ། །གཞན་རྣམས་ཀྱང་དེས་སྡུག་བསྔལ་བར་བྱེད་པར་འགྱུར་རོ། །འདོད་པ་མི་བཟད་པས་ཟིལ་གྱིས་མནན་ནས་དེ་ཡུལ་ལྗོངས་རྣམས་འཇོམས་པར་བྱེད་པར་འགྱུར་རོ། །གྲོང་ཁྱེར་ རྣམས་དང་ཡུལ་ལྗོངས་རྣམས་ཕུང་བར་བྱེད་པ་པོར་འགྱུར་རོ། །སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་སྤངས་པ་པོར་འགྱུར་རོ། །དེ་བཟང་པོ་རྣམས་ཐམས་ཅད་ཀྱིས་རྣམ་པར་གཤེས་པ་དང་ཡོངས་སུ་སྤངས་པར་ཡང་འགྱུར་ཏེ། ཡུལ་གྱི་ཚེར་མ། གྲོང་གི་ཚེར་མ། གྲོང་ཁྱེར་གྱི་ ཚེར་མ། ཡུལ་འཇོམས་པ་པོ་དང ། གྲོང་འཇོམས་པ་པོ་དང ། ཁྱིམ་འཇོམས་པ་པོ་དང ། རིགས་འཇོམས་པ་པོ་དང་ཡང་རྟག་ཏུ་ཡང་དག་པར་ལྡན་པ་གཞན་རྣམས་ལ་གནོད་པར་བྱེད་པ་པོ་ལུས་ཞིག་པ་དང ། ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ ལྟར་འཇིག་རྟེན་པའི་ཡུལ་རྣམས་ལ་འདོད་པ་དང་ལྡན་པས་ནི་མི་རྣམས་ཀྱི་བར་དུ་གཅོད་པར་གྱུར་ཏོ། །འདོད་པ་མི་བཟད་པ་གོམས་པར་བྱས་པ་ནི་སླར་ཡང་རབ་ཏུ་འཕེལ་བར་འགྱུར་ཏེ། ཇི་ལྟར་མེ་རྣམས་ལ་ཤིང་བསྣན་པ་དེ་ལྟ་དེ་ལྟར་རྣམ་པར་འཕེལ་ལོ། །དེ་ཁོ་ན་བཞིན་མི་བཟད་ པའི་འདོད་པ་ཇི་ལྟ་ཇི་ལྟར་རྫས་རྣམས་རྙེད་པ་དེ་ལྟ་དེ་ལྟར་ཕྱིར་ཞིང་རབ་ཏུ་འཕེལ་ཏེ། བརྣབ་སེམས་པར་གྱུར་པ་དང་ལྷན་ཅིག་ཏུ་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་ན་སྐྱེས་བུ་ཆོས་བྱེད་པ་རྣམས་ཀྱིས་རབ་ཏུ་བརྩོན་པས་ཀྱང་འདོད་པ་མི་བཟད་པ་རྣམས་རབ་ཏུ་གཞོམ་པར་བྱའོ། །རྒྱུ་གང་གིས་འདོད་པ་འདི་དྲི་མ་རྣམས་ཀྱི་མཆོག་ཡིན་པ་ནི་འདི་ལྟ་སྟེ། ནོར་སྐྱེད་པའི་དྲི་མ་རྣམས་སོ། །དྲི་མ་དེ་དག་གིས་ཉེ་བར་བཅོམ་པའི་སྐྱེས་བུ་རྣམས་ཀྱང་དམྱལ་བར་ཉེ་བར་རྒྱུག་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་གཙུག་ཏོར་ཅན་དེས་ཚིགས་སུ་བཅད་པ་གསུངས་པ། 70-1-90b ཇི་ལྟར། གཡོ་སྐྱེད་པ་ཡི་ཉོ་ཚོང་གིས། །གང་ཞིག་གཞན་གྱི་ནོར་འཕྲོག་པ། །དེ་ནི་བརྣབ་སེམས་མང་འགྱུར་ནས། །རྟག་ཏུ་གནོད་པ་བྱ་བར་སེམས། །ཉིན་མཚན་མེད་པར་དེ་དག་གིས། །སྙིང་ནི་བདེ་བར་གནས་མ་ཡིན། །ཡིད་ནི་འདོད་པའི་དབང་གྱུར་ནས། །གཞན་གྱི་ནོར་ ལ་འདོད་བྱེད་པ། །མི་བཟད་རྣམས་ཀྱི་རང་བཞིན་ནི། །དེ་དག་མེ་དང་འགྲོགས་པར་རུང ། །མི་རྣམས་ཐམས་ཅད་རྣམ་འཇིགས་པ། །མི་བཟད་དུག་ཅན་སྦྲུལ་བཞིན་ནོ། །འདོད་གང་མི་བཟད་པ་འདི་ཡིས། །དབང་དུ་བསྡུས་པའི་མི་རྣམས་ནི། །དེ་ཤི་ནས་ནི་དམྱལ་བར་ འགྲོ། །ཡི་དགས་སྐྱེ་གནས་དེ་བཞིན་ཏེ། །དེ་ལས་ཀྱང་ནི་རྣམ་གྲོལ་ནས། །དམྱལ་བའི་མེས་ནི་ཀུན་གང་བར། །སྐྱེ་བ་ལྔ་བརྒྱ་རྣམས་སུ་ནི། །གཞན་གྱི་འདོད་པ་དེར་འགྲོའོ། །ཉི་མ་རྒྱ་ཆེའི་བཞིན་རྣམས་ནི། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །སེམས་ནི་འདོད་པས་ ཉེར་བཅོམ་པར། །མི་རྣམས་ཐམས་ཅད་གྱུར་པ་ཡིན། །རྒྱུད་གང་འདོད་པ་རབ་སྤངས་པ། །རྟག་ཏུ་ཡེ་ཤེས་ལ་དགའ་བ། །རྫུ་འཕྲུལ་དང་ལྡན་རྟག་ཏུ་ཞི། །དེ་ནི་འགྲོ་བའི་མཆོག་ཏུ་འགྲོ། །མི་བཟད་སྦྲུལ་གྱི་བཞིན་འདྲ་བ། །ངེས་པར་སྙིང་ལ་འདོད་པས་གང ། །འདོད་ པ་མཐོང་བ་དུག་ཅན་སྦྲུལ། །ལོག་པར་ལྟུང་ལ་རྟག་ཏུ་གནས། །འདོད་པ་རྟག་ཏུ་བྱས་གྱུར་ན། །དེ་དག་ཡང་དང་ཡང་དུ་འཕེལ། །ཤིང་སྐམ་དང་ནི་ལེགས་ཕྲད་ནས། །མེ་ནི་རབ་ཏུ་འཕེལ་བ་ལྟར། །སྐྱེས་བུ་ནོར་གྱིས་སྲེད་གདུངས་པ། །ནོར་སྐྱེད་པ་ལ་ཆེད་ཆེར་བྱེད། །ངེས་ པར་འཆི་བའི་དུས་བྱུང་ན། །དབང་བྱར་མེད་པར་ནོར་རྣམས་གཏོང ། །གང་ཕྱིར་དེ་འབྱུང་གཞོམ་པ་ནི། །འཕེལ་བར་འགྱུར་བས་རྣམ་པར་འཇིག་།གང་ཕྱིར་འདོད་དེས་བདག་བཅིངས་པས། །མི་ནི་དམྱལ་བར་ཁྲིད་པ་ཡིན། །ནོར་དེ་གཞན་གྱི་ཟ་བ་ཡིན། །དེ་ནི་སྡིག་གིས་ གོས་པ་ཡིན། །དོན་མིན་དོན་གྱི་གཟུགས་ཀྱིས་དང ། །བདེ་བའི་གཟུགས་ཀྱིས་བདེ་མིན་ཡང ། །དགྲ་བོ་གྲོགས་པོའི་གཟུགས་ཀྱིས་ཀྱང ། །འདོད་པ་སྙིང་ལ་འཇུག་པ་ཡིན། །འདོད་གོམས་མ་བྱེད་ཤེས་རབ་ཅན། །འདོད་པའི་མེ་ཡིས་རྟག་ཏུ་སྲེག་།དེ་ཡིས་སྐྱེས་བུ་རབ་ 70-1-91a བསྲེགས་པས། །ཕྱི་ནས་དམྱལ་བར་འགྲོ་བ་ཡིན། །འདོད་པ་མཚུངས་པ་གང་ཕྱིར་འདི། །མི་རྟག་རི་ཡི་འཇིག་པ་ཡིན། །བློ་གྲོས་ངན་པས་སྡིག་བྱས་པ། །དེ་དག་དོན་ནི་ག་ལ་ཡོད། །དེ་ལྟར་འདོད་པ་མི་བཟད་པ་རྣམ་པ་ཐམས་ཅད་དུ་དོན་མ་ཡིན་ཞིང་དགོས་ པ་རྣམས་མི་སྒྲུབ་པའོ། །དེ་ལྟར་འཇིག་རྟེན་པའི་མི་བཟད་པའི་འདོད་པ་རྣམས་ཀྱིས་མི་རྣམས་ལ་བར་དུ་གཅོད་པར་འགྱུར་ཏེ། མི་བཟད་པའི་འདོད་པ་གོམས་པར་བྱས་པའི་ཕྱིར་རོ། །གཞན་ཡང་རབ་ཏུ་འཕེལ་བ་ཉིད་དེ། ཇི་ལྟར་མེ་ཤིང་དང་ཕྲད་པ་དེ་ལྟ་དེ་ལྟར་རྣམ་པར་ འཕེལ་བ་ཡིན་ལ་དེ་ཁོ་ན་བཞིན་དུ་འདོད་པ་མི་བཟད་པ་ཇི་ལྟ་ཇི་ལྟར་ནོར་རྣམས་རྙེད་པ་དེ་ལྟ་དེ་ལྟར་ཕྱིར་ཞིང་རབ་ཏུ་འཕེལ་ཏེ། བརྣབ་སེམས་དང་ཡང་ལྷན་ཅིག་ཏུ་སྤྱོད་པར་འགྱུར་བས་ན་དེའི་ཕྱིར་ན་སྐྱེས་བུ་ཆོས་བྱེད་པ་རྣམས་ཀྱི་རབ་ཏུ་བརྩོན་པ་དུ་མས་ཀྱང་མི་བཟད་པའི་ འདོད་པ་རྣམས་རབ་ཏུ་གཞོམ་པར་བྱའོ། །ལྷ་དག་འདི་ན་སྐྱེས་བུ་གང་ཞིག་སྦྱིན་པ་ལ་མངོན་པར་དགའ་བས་ཚོང་པར་གྱུར་ཏེ། དེ་དག་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་རིན་ཆུང་དུན་གྱིས་ཟས་དང་སྐོམ་དག་བླངས་ནས། སྦྱིན་པའི་སྙད་ཀྱི་ཚོང་གིས་ཡིད་རབ་ཏུ་དྲང་བས་ ཚོང་བྱེད་དོ། །ཡོན་ཏན་གྱི་ཁྱད་པར་གྱི་གང་གིས་རིན་ཐང་མེད་པ་འཚོང་ངོ ། །དེ་ཡང་བཞི་ལོག་གམ་བརྒྱད་ལོག་ཏུ་བྱེད་དོ། །སྔར་ལས་ལྷག་པར་བཅུ་ལོག་ཏུ་ཡང་བྱེད་དེ། འདི་ནི་འདོད་པ་མི་བཟད་པ་སྨད་པར་བྱ་བ་རྣམས་ལས་གཅིག་ཡིན་ནོ། །གཞན་ ཡང་མི་བཟད་པའི་འདོད་པ་ནི་འདི་ལྟ་སྟེ། ཆོས་སྨྲ་བ་པོ་རྣམས་ཀྱིས་ཆོས་བསྟན་ནས་རྫས་ལེན་ནོ། །ནོར་དེ་ཡང་དཀོན་མཆོག་གསུམ་ལ་སྔོ་བར་མི་བྱེད་དོ། །གཞན་ཡང་རྣམ་པར་སྨད་པར་བྱ་བའི་འདོད་པ་ནི་གང་དག་ཡེ་ཤེས་ལ་གོམས་པ་བསྐྱེད་པར་གྱུར་ནས་ཀྱང་ རིག་པ་ལྷག་པ་གསུམ་པོ་རྣམས་འཛིན་པར་བྱེད་པ་སྟེ། རབ་ཏུ་བྱུང་བར་གྱུར་ཅིང་རེ་བ་མེད་པ་དང ། ཀུན་ནས་དགའ་བ་མེད་པར་གྱུར་པ་དེ་དག་རྣམས་ཉིད་ཀྱི་འདོད་པ་འདི་ནི་རྣམ་པར་སྨད་པར་བྱ་བ་ཡིན་ནོ། །ཡང་རྣམ་པར་སྨད་པར་བྱ་བའི་འདོད་པ་གཞན་ནི་འདི་ལྟ་སྟེ། གང་ཞིག་ 70-1-91b རབ་ཏུ་བྱུང་བར་གྱུར་ནས་ཀྱང ། ས་ལས་བྱས་པའམ། བ་སོ་ལས་བྱས་པའམ། ཤིང་ལས་བྱས་པའམ། དངུལ་ལས་བྱས་པའི་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་འཚོང་བར་བྱེད་པའོ། །དེ་དག་རྣམས་ཀྱི་འདོད་པ་འདི་ནི་རྣམ་པར་སྨད་པར་བྱ་བའོ། །ནོར་དེ་ཡང་ ཆོས་ལ་སྔོ་བར་མི་བྱེད་དོ། །དེ་ལྟར་མི་རྣམས་ཀྱི་ཡང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པ་ལ་འདོད་པ་མི་བཟད་པ་རྣམ་པར་སྨད་པར་བྱ་བ་སྐྱུག་བྲོ་བར་གྱུར་པ་རྟག་པར་རྒྱུན་དུ་མཛེས་པར་གྱུར་པ་མ་ཡིན་ནོ། །ཇི་ལྟར་ལྷ་རྣམས་ཀྱི་འདོད་པ་ཡིན་ན་དེ་དག་གི་རྣམ་པ་སྣ་ ཚོགས་པའི་བདེ་བ་རྣམས་ཀྱིས་རྣམ་པར་རྒྱུ་བ་རྣམས་ཡིན་ཏེ། དེ་ཡང་དེ་ལྟར་ཁྱེད་རྣམས་འདོད་པ་མི་བཟད་པ་མངོན་སུམ་ཉིད་དུ་གྱུར་པ་ནི་ཇི་ལྟར་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ིན་དྲ་ནཱི་ལ་དང ། མ་ཧཱ་ནཱི་ལ་དང ། ཤེལ་གྱི་རང་བཞིན་རྣམས་ཀྱི་རི་གང་དག་ཡིན་པ་དེ་དག་ལ་ རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ། །དེ་ལ་རི་གཅིག་ལས་རི་གཞན་རྣམས་ལ་རྩེད་མོ་ལ་འགྲོ་བ་རྣམས་ཕོས་མོས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་དག་ཐམས་ཅད་ནི་འདོད་པས་བྱས་ཀྱི་གཞན་གྱིས་ནི་མ་བྱས་ལ། ལྷ་ཁྱེད་རྣམས་ཡུལ་གྱི་སྲེད་པ་དང་ལྷན་ཅིག་ཏུ་འདོད་པ་གང་ཡིན་ པ་དེ་དག་གིས་བཅིངས་ནས་རྣམ་པར་ལྷུང་བ་ཡང་རྟོགས་པར་མི་བྱེད་ཅིང་ངན་འགྲོའི་འཇིགས་པ་རྣམས་མ་ཡིན་ལ། མི་འདོད་པ་ཡིད་དུ་མི་འོང་བ་ཡུལ་ལྗོངས་དང་བྲལ་བའི་འཇིགས་པ་ཡང་མེད་པ་དང ། ནད་ཀྱིས་བྱས་པའི་འཆི་བའི་དུས་ཀྱི་སྡུག་བསྔལ་གྱི་འཇིགས་པ་ རྣམས་ཀྱང་རྟོགས་པར་གྱུར་ཏ་རེ། ལྷ་ཁྱེད་རྣམས་ཀྱང་འདོད་པས་ཟིལ་གྱིས་མནན་པའི་ཡིད་དེ་དང ། སྤྱོད་པ་དེ་དག་ཉིད་ཀྱིས་རབ་ཏུ་བཟོད་དཀའ་བའི་རིས་རྣམ་པར་འཇོམས་པར་འགྱུར་རོ། །དེ་ལྟར་ལྷ་དེ་དག་རྣམས་རྣམ་པར་འབྲལ་བ་དང ། ནད་ཀྱི་འཇིགས་པ་ཡང་མེད་པར་ འཆི་འཕོ་བར་གྱུར་པ་ན་ཡང་འདོད་པ་རྣམས་ཀྱིས་ཡིད་མི་ཚིམ་མོ། །དེ་ལྟར་ལྷ་རྣམས་ཀྱིས་འཇིག་རྟེན་པའི་ལམ་ལ་ཡང་མི་བཟོད་པའི་འདོད་པ་རྣམས་ཀྱིས་བར་དུ་གཅོད་པར་བྱེད་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལྷའི་འཇིག་རྟེན་པ་རྣམས་ཀྱི་བར་ཆད་ 70-1-92a བྱེད་པར་འགྱུར་ན། འདི་ན་འདོད་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་ལ་རབ་ཏུ་འཇུག་པར་བྱེད་པ་སྤྱོད་པ་དམ་པ་མ་ཡིན་པ་ལ་མངོན་པར་དགའ་བར་འགྱུར་རོ། །འདོད་པ་ཅན་གྱི་ལྷ་རྣམས་ནི་ལྷ་གཞན་འདོད་པ་ཆུང་བར་གྱུར་པ་ཆོས་འདུལ་བ་ ལ་ཕྱིང་བ་པར་རྗེས་སུ་སློབ་པ་རྣམས་ལ་ཐོས་པས་དགའ་བར་བྱས་པའི་ཡིད་ཅན་མ་ཡིན་ནོ། །རྩ་བ་ལ་ཆུ་ལྡུགས་པ་བཞིན་དུ་དགེ་བའི་ཆོས་རྣམས་ཐམས་ཅད་ལ་ཡང་འདི་ལྟ་སྟེ། ཆོས་ཀྱི་རྟོགས་པའོ། །ཆོས་ཀྱི་རྟོགས་པ་དེ་ཡང་ཐོས་པ་མེད་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་ ཐོས་པ་ཡང་ཇི་ལྟར་རྟོགས་པར་མི་འགྱུར་བ་དང ། བག་མེད་པས་བག་མེད་པ་དེ་ཡང་ཅིའི་རྩ་བ་ལས་ཡིན། གང་གི་ཕྱིར་འདོད་པའི་རྩ་བ་ལས་ཡིན། གང་གི་ཕྱིར་འདོད་པའི་རྩ་བའོ། །དེའི་ཕྱིར་ན་འདོད་པ་སྤོང་བ་པོ་གང་ཡིན་པ་དེ་ཐམས་ཅད་མྱ་ངན་ལས་འདས་པའི་གྲོང་ཁྱེར་ དུ་འཇུག་པ་ཡིན་ནོ། །གང་ཡང་འདོད་པས་བཙིར་བའི་ཡིད་ཅན་དེ་དག་རྣམས་ཐམས་ཅད་འཁོར་བའི་ལམ་ལ་རྒྱུ་བ་ཡིན་ནོ། །དེ་ལྟར་ན་ལྷ་རྣམས་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་ལྷ་དང་མི་རྣམས་ཀྱིས་བར་ཆད་བྱེད་པར་འགྱུར་རོ། །དེའི་ཕྱིར་བློ་དང་ལྡན་པར་གྱུར་པས་རབ་ཏུ་ བརྩོན་པས་འདོད་པ་མི་བཟད་པ་རྣམས་སྤང་བར་བྱའོ། །འདི་ནས་ཐམས་ཅད་ཟང་ཟིང་གི་སྦྱིན་པ་ལ་རབ་ཏུ་བརྩོན་པ་དེའི་རྒྱུ་འཐུན་པའི་འབྲས་བུའོ། །སྦྱིན་པའི་ལམ་དེ་དག་རྣམས་ཉིད་ནི་ལྷ་རྣམས་ཀྱིས་བྱ་བར་མི་ནུས་པར་འདོད་དེ། མི་གཟི་བརྗིད་ཆེ་བ་རྣམས་ཀྱིས་བྱས་ཀྱི་ ལྷས་ནི་མ་ཡིན་ནོ། །ལྷ་དེ་མིར་གྱུར་པ་ན་རབ་ཏུ་རྙེད་དཀའ་བའི་སྦྱིན་པ་གང་ཡིན་པ་ལ་མངོན་པར་དགའ་བ་དེ་གཞན་གྱིས་བསླུས་པར་གྱུར་པ་སྟེ། རིན་པོ་ཆེའི་གླིང་ལས་ཉམས་པའི་ཚོང་པ་ངན་པ་བཞིན་ཏེ། འདི་ལྟར་ཡང་ཟང་ཟིང་གི་སྦྱིན་པ་རྣམ་པ་དུ་མ་ཡོད་དོ། །དེ་ལ་མི་ འཇིགས་པའི་སྦྱིན་པ་གང་ཞེ་ན། རྣམ་པ་ཡང་དུ་ཞིག་མི་འཇིགས་པའི་སྦྱིན་པ་ཡིན་ཞེ་ན། མི་འཇིགས་པའི་སྦྱིན་པ་རྣམ་པ་གསུམ་ཡིན་ཏེ། སྲོག་ཡོངས་སུ་སྐྱོབ་པ་དང ། ནོར་འཕྲོག་པ་རྣམས་ཡོངས་སུ་སྐྱོབ་པ་དང ། དེ་བཞིན་དུ་གཞན་གྱི་བུ་དང་བུ་མོ་འཕྲོག་པ་ཡོངས་ 70-1-92b སུ་སྐྱོབ་པར་བྱེད་པའོ། །དེ་ལ་སྲོག་བྱིན་པས་ནི་ལྷ་དང་མི་རྣམས་སུ་ཚེ་རིང་བར་འགྱུར་རོ། །ནོར་འཕྲོག་པ་རྣམས་ཡོངས་སུ་བསྐྱབས་པ་ལས་རྐུན་མ་ལས་ལེགས་པར་བསྲུངས་པར་འགྱུར་རོ། །ནོར་རྣམས་དང་ཡང་ལྡན་པར་ཡང་འགྱུར་རོ། །རྒྱལ་པོ་དང ། རྐུན་མ་ དང ། ཆུ་ལ་སོགས་པས་འདིའི་ནམ་ཡང་རྫས་རྣམས་འཕྲོག་པར་མི་འགྱུར་རོ། །རྒྱལ་པོར་འགྱུར་བ་དང ། རྒྱལ་པོའི་བློན་པོ་རྣམས་སུ་འགྱུར་བ་དང ། ལས་དེའི་འབྲས་བུས་རྫུ་འཕྲུལ་ཆེ་བར་འགྱུར་བ་དང ། དབང་ཆེ་བ་དང ། སྐྱེ་བ་གཞན་ཐམས་ཅད་དུ་ཡང་ནོར་དང་ ལྡན་པར་འགྱུར་རོ། །བུ་དང་བུ་མོ་རྣམས་ཀྱི་མི་འཇིགས་པ་བྱིན་པས་ནི་བུ་དང་བུ་མོ་རྣམས་ལེགས་པར་བཟུང་བར་འགྱུར་རོ། །ལྷ་དང་མི་རྣམས་སུ་འཆི་འཕོ་བའི་དུས་ཀྱི་ཚེ་ན་ཡང་དེ་ལྟར་རྣམ་པར་མི་སྤོང་ངོ ། །ལྷ་དག་དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། དེ་ལ་རྣམ་ པ་གཉིས་ཏེ། འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་པ་ནི་བསམ་གཏན་བཞིར་ཉེ་བར་འགྲོ་བའི་འཇིག་རྟེན་པའི་ཤེས་པ་དང་ཡང་དག་པར་ལྡན་པ་བྱིན་པས་ལྷ་དང་མི་རྣམས་སུ་བདེ་བར་འགྱུར་ཏེ། ལྷ་དང་མི་རྣམས་ཀྱི་ནང་དུ་སྟེ། གལ་ ཏེ་ལོག་པར་ལྟ་བར་མ་གྱུར་ནའོ། །འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་རྣམས་བཏང་བས་རྣམ་པར་བྱང་བའི་ལྷར་འདོད་པ་ན་སྤྱོད་པ་རྣམས་སམ། གཟུགས་ན་སྤྱོད་པ་རྣམས་སུའོ། །དེ་གལ་ཏེ་འདོད་པ་ན་སྤྱོད་པར་སྐྱེས་ན་དེ་དགུ་བཅུ་རྩ་བརྒྱད་ཀྱི་ས་ལ་སྤྱོད་པའི་ འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཇི་ལྟ་བའི་གཙོ་བོ་རྣམས་སུ་སྐྱེའོ། །གཟུགས་ན་སྤྱོད་པ་རྣམས་སུ་ཡང་སྐྱེ་སྟེ། མྱ་ངན་ལས་འདས་པ་རྟོགས་པར་ཡང་འགྱུར་རོ། །འབྲས་བུའི་ཁྱད་པར་ཆེ་བ་རྣམས་ནི་བློའི་ཁྱད་པར་རྣམས་ཀྱིས་མྱ་ངན་ལས་འདས་པ་ལྷག་པར་རྟོགས་པར་ འགྱུར་རོ། །གནས་གཙང་མའི་རྣམས་སུ་ཡང་སྐྱེའོ། །ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་རྒྱལ་པོར་ཡང་འགྱུར་ཏེ། འཁོར་ལོས་གླིང་བཞི་ལ་སྒྱུར་བ་གསེར་གྱི་འཁོར་ལོ་ཅན་རིན་པོ་ཆེ་དང་ཉེ་བ་བཅུ་བཞི་དང་ཡང་ཡང་དག་པར་ལྡན་པའོ། །ཡོངས་སུ་བསྔོ་བའི་ཁྱད་ 70-1-93a པར་གྱིས་ཁ་དོག་དང་ལྡན་པར་འགྱུར་རོ། །ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཟག་པ་རྣམས་ཟད་པ་དང ། རང་སངས་རྒྱས་དང ། བརྩོན་འགྲུས་དང་ལྡན་པར་ཡང་སེམས་ཀྱི་བསྔོ་བའི་ཁྱད་པར་གྱིས་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དགྲ་བཅོམ་ པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་ཡང་ཆོས་ཀྱི་སྦྱིན་པ་དེའི་ཁྱད་པར་གྱིས་འགྱུར་རོ། །དེ་ལ་ལྷ་དེ་རྣམས་ནི་སྦྱིན་ པ་རྣམ་པ་གསུམ་པོ་འདི་དག་རྣམས་དང་བྲལ་བ་ཡིན་ནོ། །དེ་ལྟར་བྱས་པས་ལྷ་རྣམས་ཀྱི་དྲུང་ན་མི་རྣམས་ལྷག་པ་ཡིན་ནོ། །ལྷ་རྣམས་ནི་རྣམ་པར་སྨིན་པའི་ས་པ་ཡིན་ནོ། །ལས་ཀྱི་ས་པ་ནི་མི་རྣམས་ཡིན་ཏེ། ལས་རྒྱ་ཆེ་བ་ལས་འབྲས་བུ་རྒྱ་ཆེ་བ་ཡིན་པའི་ཕྱིར་ན་ལྷ་དང་མི་དེ་ རྣམས་ཡིན་ནོ། །ལས་དང་འབྲས་བུའི་ཁྱད་པར་འདིས་མི་རྣམས་ཀྱི་དྲུང་ན་ལྷ་རྣམས་ཆུང་བར་གྱུར་པ་ཡིན་ནོ། །གཞན་ཡང་ལས་ཀྱི་རྣམ་པར་དབྱེ་བས་སྐྱེ་བར་གྱུར་པ་རྣམས་ནི་གང་དག་སྦྱིན་པ་དང་བྲལ་བ་འབའ་ཞིག་གི་ཚུལ་ཁྲིམས་འབའ་ཞིག་ལ་སྒྲུབ་པར་བྱེད་པ་དེ་དག་ནི་ཡོན་ཏན་ གཅིག་པུ་ཞིག་དང་ལྡན་པས་ནི་འདོད་པའི་ཡོན་ཏན་ལྔ་ཤིན་ཏུ་ཆུང་བར་འགྱུར་རོ། །དེ་ལ་ལས་ཀྱི་རྐྱེན་བསྟན་པ་འདིས་ནི་མི་མཆོག་རྣམས་སུ་འགྱུར་གྱི་ལྷ་རྣམས་སུ་ནི་མ་ཡིན་ནོ། །དེ་ནས་དེའི་ཚེ་ན་བཅོམ་ལྡན་འདས་རྣམ་པར་གཟིགས་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། མི་ཡི་ས་ལ་སྐྱེས་བྱིན་འདིས། །དགེ་བའི་འགྲོ་བར་འགྲོ་བ་ཡིན། །ལྷ་རྣམས་དགའ་བ་མིན་པར་འདོད། །གང་ཕྱིར་འབྲས་བུའི་ས་འདིར་འདོད། །ལས་ཀྱི་སར་ནི་མི་རྣམས་ཡིན། །འབྲས་བུའི་ས་ནི་ལྷ་ཡི་གནས། །འབྲས་ཀུན་ལས་ཀྱི་ལམ་ལས་ཡིན། །འབྲས་བུ་ཟད་ པས་རྒྱུ་མེད་ཡིན། །སྐད་ཅིག་དབང་གིས་མྱུར་བར་ཡང ། །སྲོག་ནི་བཟློག་པར་ནུས་མ་ཡིན། །ལས་རྣམས་ཀྱང་ནི་ཟད་པར་གྱུར། །དེ་ཕྱིར་ཡིད་ནི་ལེགས་པར་གྱིས། །སེམས་ཀྱི་ཤུགས་ནི་མཚུངས་པར་ཀུན། །གསོན་པ་རྣམས་ནི་འགོད་པ་ཡིན། །དེ་ཕྱིར་གསོན་པའི་ 70-1-93b དོན་དུ་ནི། །མཁས་པས་སྡིག་པ་མ་བྱེད་ཅིག་།མ་འོངས་པ་ཡི་སྡུག་བསྔལ་ནི། །སྐྱེ་བོའི་ཚོགས་ཀྱིས་མི་རྟོགས་སོ། །འདི་ན་འཇིག་རྟེན་འཚེད་པ་རྣམས། །གཏི་མུག་ཕྱུགས་ཀྱི་ཚོགས་རྣམས་ཡིན། །སྦྱིན་དང་ཚུལ་ཁྲིམས་དཀའ་ཐུབ་ནི། །རིན་ཆེན་གང་དག་སྙིང་ ལ་སྟེན། །ལྷ་འམ་ཡང་ན་མི་ཡང་རུང ། །དེ་ནི་འགྲོ་བའི་མཆོག་ཏུ་འགྲོ། །སྐྱེ་དང་གནས་དང་འཇིག་པ་ནི། །འདུས་བྱས་ཐམས་ཅད་ཡིན་པར་བརྗོད། །འདུས་བྱས་ཐམས་ཅད་བདེ་བ་མིན། །དེ་དག་འཇིག་པ་ཁོ་ན་ཡིན། །འཇིག་པར་འགྱུར་དང་རྣམ་ཉམས་དང ། ། འབྲལ་དང་སྐད་ཅིག་དེ་ལྟ་བུ། །གསོན་པ་ཀུན་གྱི་བདེ་བ་ཡིན། །དེ་ཕྱིར་དེ་ནི་སྤང་བར་གྱིས། །དེ་ལྟར་འདུས་བྱས་དེ་དག་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་སྟེ། སྐྱེ་བོ་དག་སྡུག་བསྔལ་རྣམ་པ་དུ་མའི་ཁུར་གྱིས་ནོན་པ། འཆིང་བ་ལྔས་ བཅིངས་ཀྱང་སྐྱོ་བར་མི་འགྱུར་བར་ལྷ་དང་མི་རྣམས་གཏི་མུག་གིས་ཟུམ་པའི་མིག་དང ། འདོད་ཆགས་སྙིང་ལ་སེམས་པའི་ཡང་དག་པ་མ་ཡིན་པའི་འཆིང་བས་བཅིངས་པ། གཅིག་ཏུ་ན་དོན་དམ་པའི་དོན་དུ་ཀུན་ནས་མངོན་པར་ཞེན་པའི་ཡིད་ཅན་ནི་བྱིས་པ་སོ་སོའི་སྐྱེ་བོ་ ཐམས་ཅད་ཡིན་ཏེ། ཕན་ཚུན་དུ་སྲེད་པ་བརྒྱུད་པས་བཅིངས་པའི་བྱ་བཞིན་དུ་འཁོར་བར་འཁོར་བ་དེ་རྣམས་ལ་ལྷའམ་མི་རྣམས་ཀྱིས་ཀྱང་བདེ་བ་རྟག་པའི་བློ་ནི་མི་བྱའི་འཇིག་རྟེན་འདི་ཐམས་ཅད་ནི་རྣམ་པ་མང་པོ་དང ། རྣམ་པར་རྟོག་པ་དུ་མས་མི་རྟག་པར་ཐམས་ ཅད་དུ་འགྱུར་རོ། །གང་ཡང་སྦྱིན་པ་ཡོན་ཏན་བཅུ་གཉིས་དང་ལྡན་པའི་སྦྱིན་པ་གང་ཡིན་པ་ནི་ལྷ་རྣམས་ལ་མི་དམིགས་ཏེ། འབྲས་བུ་འབའ་ཞིག་གིས་འཚོ་བ་རྣམས་གང་གི་ཚེ་འབྲས་བུ་ཟད་པར་འགྱུར་བ་དང ། རུལ་པར་འགྱུར་བ་དང ། རྣགས་པར་གྱུར་པ་དེའི་ཚེ་ ལྷའི་རིས་དེ་རྣམས་ལས་ལྟུང་བར་འགྱུར་ཏེ། དེ་དག་གང་གི་ཚེ་བསོད་ནམས་ཟད་པར་གྱུར་པ་ན་ངེས་པར་ལྟུང་བར་ཡང་འགྱུར་རོ། །དེ་ལ་ཡོན་ཏན་བཅུ་གཉིས་དང་ལྡན་པའི་སྦྱིན་པ་རྣམས་གང་ཞེ་ན། འདི་ལྟ་སྟེ། ཡུལ་ཕུན་སུམ་ཚོགས་པ་དང ། དུས་ཕུན་སུམ་ 70-1-94a ཚོགས་པ་དང ། ཡོན་ཏན་ཕུན་སུམ་ཚོགས་པ་དང ། དགའ་བ་ཕུན་སུམ་ཚོགས་པ་གང་ལ་དགའ་བར་འགྱུར་བར་དེ་རབ་ཏུ་སྟེར་བ་དང ། ཞིང་ཕུན་སུམ་ཚོགས་པར་གྱུར་པ་དང ། བཀྲེས་པ་དང ། སྐོམ་པས་འོངས་པ་རྣམས་ལ་གང་དག་སྟེར་བ་དང ། དད་པ་དང་གུས་པས་རབ་ཏུ་སྟེར་བ་ དང ། ཉོན་མོངས་པ་མེད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ལ་རབ་ཏུ་སྟེར་བ་དང ། རྒྱ་ཆེན་པོས་རབ་ཏུ་བསྒྲགས་པས་སྟེར་བ་དང ། གུས་པས་དང་གང་ཟག་མ་ཡིན་པའི་ཚོགས་ལ་རབ་ཏུ་སྟེར་བ་དང ། ཕྲག་དོག་དང་བྲལ་བས་ རབ་ཏུ་སྟེར་བ་དང ། ཉམས་པ་མེད་པར་གུས་པའི་བཀུར་སྟིས་སྟེར་བ་སྟེ་དེ་ལ་ཡོན་ཏན་བཅུ་གཉིས་པོ་དེ་དག་དང་ལྡན་པའི་སྦྱིན་པ་བྱིན་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་ན་ལྷ་རྣམས་སུ་སྐྱེའོ། །ལྷ་ནི་དེ་དག་ཟད་ནས་ངེས་པར་ལྟུང་བར་འགྱུར་རོ། །དེའི་ཕྱིར་ན་ལྷ་དག་གིས་བག་ མེད་པར་གནས་པར་མི་བྱའོ། །ཕྱི་མ་ཡང་དྲི་མ་བཅུ་གཉིས་དང་རྣམ་པར་བྲལ་བར་བྱས་ནས་སྦྱིན་པ་བྱིན་པར་གྱུར་ན་ནི་ཆེན་པོ་ལ་འོས་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ལྷ་རྣམས་སམ། ལྷ་གཞན་རྣམས་ལས་ལྷག་པར་ཡང་འགྱུར་རོ། །དྲི་མ་བཅུ་གཉིས་ པོ་རྣམས་ནི་འདི་ལྟ་སྟེ། གཅིག་གི་ནང་དུ་གཏོགས་པ་རྣམས་དགེ་འདུན་གྱི་གཏོགས་པ་རྣམས་དང ། བསླབ་པ་མཚུངས་པ་རྣམས་དང ། ཤེས་རབ་དང ། ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ལ་མཉམ་པོར་སྦྱིན་པ་བྱིན་པ་ནི་དྲི་མ་མི་བཟད་པའི་སྦྱིན་པ་དེ་དག་རྣམས་ ཀྱི་འབྲས་བུ་ནི་ཆུང་བར་འགྱུར་རོ། །འདོད་ཆགས་ཀྱིས་སྟེར་བར་གྱུར་པ་གང་ལ་འདོད་ཆགས་པར་གྱུར་པ་བུད་མེད་དམ་སྐྱེས་པར་གྱུར་པ་ལ་ཡང་རུང་སྟེ་དེ་ལ་སྟེར་བའོ། །དེ་ལ་དེ་དག་ནི་དྲི་མ་ཡིན་ནོ། །དགེ་སྦྱོང་ངམ་བྲམ་ཟེ་གང་དག་རྒྱལ་པོས་མཆོད་པར་བྱེད་པ་དེ་ལ་ དང་སྦྱིན་པ་པོ་རབ་ཏུ་མང་པོ་ཅན་རྣམས་ལ་སྦྱིན་པ་དང ། ཇི་ལྟར་སྡུག་བསྔལ་འདི་དག་ལས་འདིས་ཡོངས་སུ་སྐྱོང་སྙམ་པ་དང ། སེམས་ཀྱིས་བསྒོམས་པ་ཡང་མ་ཡིན་པ་དང ། དེ་ལ་དགོས་པ་དེ་དག་རྣམས་ཀྱི་རྒྱུ་མཚན་གྱིས་སྦྱིན་པ་དྲི་མ་ཅན་དུ་འགྱུར་རོ། །གང་དག་ 70-1-94b གིས་དེ་ལས་བཟློག་པར་སྦྱིན་པར་བྱའོ། །གཞན་ཡང་སྦྱིན་པ་དྲི་མ་ཅན་རྣམས་ཡོད་དོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ། གཏི་མུག་གིས་སྦྱིན་པ་དང ། གྱ་གྱུ་ལ་སོགས་པས་སོ། །གཞན་ཡང་སྦྱིན་པ་དྲི་མ་ཅན་རྣམས་ཡོད་དོ། །མཆོད་པས་ཀྱང་མཆོད་པ་པོ་ཞེས་བྱ་ བ་གང་གིས་ཚུལ་ཁྲིམས་དང་ཤེས་རབ་དང་རབ་ཏུ་ཞི་བའི་བསམ་གཏན་རྣམས་ནི་མི་སྒོམ་གྱི་གཞན་མཆོད་པ་འབའ་ཞིག་བྱེད་དེ། དེ་ནི་གཞན་གྱི་རྐྱེན་གྱིས་འདིར་ཀུན་མཆོད་པར་བྱེད་དེ། དེ་སེམས་པ་དང་ཡང་བྲལ་བ་ཡིན་ནོ། །དེའི་ཚེ་འདི་དག་ཡང་དྲི་མ་ཅན་ཡིན་ནོ། །གཞན་ ཡང་སྦྱིན་པ་དྲི་མ་ཅན་རྣམས་ཡོད་དེ། འདི་ལྟར་ངོར་བྱས་ནས་སྟེར་བར་བྱེད་པའོ། །དེ་ལ་འདི་དག་ཀྱང་དྲི་མ་ཅན་ཡིན་ནོ། །གཞན་ཡང་སྦྱིན་པ་དྲི་མ་ཅན་རྣམས་ཡོད་དེ། ནོར་གྱི་ཐབས་ཀྱི་དབང་དུ་བྱས་ནས་སྟེར་བའོ། །ཇི་ལྟར་སྦྱིན་པ་དེས་བདག་གི་ནོར་གྱི་ཐབས་ཀྱིས་ ནོར་ཉེ་བར་འཛིན་ཏེ། འདི་ཡིད་ཆེས་པ་བསྐྱེད་ལ་བདག་གིས་གཞོམ་པར་བྱའོ། །དེ་ལ་འདི་ཡང་སྦྱིན་པའི་དྲི་མ་ཡིན་ནོ། །གཞན་ཡང་སྦྱིན་པ་དྲི་མ་ཅན་ཡོད་དེ། འདི་ལྟ་སྟེ། དབྱེ་བའི་དོན་དུ་སྟེར་བའོ། །ཇི་ལྟར་འདི་ན་བདག་གི་བུད་མེད་དུ་བྱས་པས་དེ་དང་དེའི་རྩ་ལག་ ཏུ་སྔོན་གྱུར་པ་ཞེས་བྱས་ལ་དེ་གཞོམ་པར་བྱའོ་སྙམ་པའོ། །དེ་ལ་འབྱེད་པར་བྱེད་པ་དེ་དག་རྣམས་ནི་དྲི་མའི་དབང་དུ་གྱུར་པར་མཐོང་བ་ཡིན་ནོ། །གཞན་ཡང་དྲི་མས་ཉེ་བར་བཅོམ་པར་གྱུར་པའི་སྦྱིན་པ་ཡོད་དེ། འདི་ལྟ་སྟེ། འབྲེལ་པའི་དོན་གྱི་སྦྱིན་པ་བུད་མེད་གང་དག་ སྐྱེས་པའི་དོན་དུ་འབྲེལ་བར་བྱེད་པས་སྐྱེས་པས་སྐྱེས་པ་རྣམས་ལ་སྦྱིན་པར་བྱེད་དོ། །དེ་ལ་དེ་དག་ནི་དྲི་མས་ཉེ་བར་བཅོམ་པའི་སྦྱིན་པ་ཡིན་ནོ། །གཞན་ཡང་དྲི་མས་ཉེ་བར་བཅོམ་པར་གྱུར་པའི་སྦྱིན་པ་རྣམས་ནི་དཔེར་ན་གང་དག་ཚོང་གི་རྒྱུ་མཚན་གྱིས་གཞན་དུ་ཡང་ཟས་འཛིན་ ནམ། རྒྱུ་མཚན་གཞན་དུ་ཡང་ཟས་འཛིན་ནམ། རྒྱུ་མཚན་གཞན་ལོ་ལྔ་པར་ཡང་རུང་སྟེ། ཟས་དེ་དག་རྣམས་ཉིད་ཀྱང་གོང་ཆེན་པོས་སྟེར་བར་བྱེད་དེ། བསྡུ་བའི་དོན་དུའོ། །དེ་དག་རྣམས་ལ་ཉེ་བར་བྱིན་ནས་ཀྱང་རྫས་ཀྱིས་ཁྱིམ་བྱེད་དོ། །དེ་ལས་དེ་དག་རྣམས་སོག་པའི་ 70-1-95a ཚོང་གི་སྦྱིན་པ་དྲི་མས་ཉེ་བར་བསླད་པ་ཡིན་ནོ། །གཞན་ཡང་དྲི་མས་ཉེ་བར་བསླད་པའི་སྦྱིན་པ་ཡོད་དེ། དཔེར་ན་གྲགས་པའི་སྦྱིན་པ་རྣམས་སོ། །བུ་དང ། རང་གི་སྐྱེ་བོ་དང ། གཉེན་འབྲེལ་རྣམས་སྡུག་ཕོངས་སུ་གྱུར་པ་རྣམས་ལ་སྟེ། དེ་ཡང་འདི་ དག་རྣམས་ལ་སེམས་པ་དང་བྲལ་བ། དྲེགས་པ་ཁོ་ནས་སྦྱིན་པ་གཏོང་བས་ན་གྲགས་པའི་སྦྱིན་པ་དེ་ནི་དྲི་མས་ཉེ་བར་བཅོམ་པ་ཡིན་ནོ། །དེ་དག་རྣམས་ཐམས་ཅད་ཀྱང་གལ་ཏེ་སེམས་དང་བྲལ་བར་གྱུར་ན་དེ་དང་འདྲ་བར་འགྱུར་རོ། །གལ་ཏེ་སེམས་ཁྱད་དུ་འཕགས་པ་ལས་ ཀྱང་དྲི་མ་དང་བྲལ་བར་འགྱུར་རོ། །དཔེར་ན་གོས་དྲི་མ་ཅན་རྣམས་ཐལ་བས་དྲི་མ་མེད་པར་བྱེད་པ་དེ་བཞིན་དུ་སེམས་ཀྱིས་བསྒོམས་པར་འགྱུར་བས་སོ། །ཡང་དེའི་ཚེ་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱིས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། ཡོན་ཏན་བཅུ་གཉིས་ ཡང་དག་ལྡན། །དྲི་མ་བཅུ་གཉིས་དང་བྲལ་བ། །སྦྱིན་པ་ཡོངས་སུ་དག་པར་འགྱུར། །དེ་ལས་བཟློག་པའི་ཀུན་རྟོག་པ། །ལྷ་རྣམས་གང་དག་སྐྱེས་བུ་ཡིན། །སྦྱིན་པའི་འབྲས་བུ་བླ་མེད་མིན། །སྦྱིན་པ་དང་ནི་བྲལ་སྡིག་གིས། །སྐྱེས་བུ་ཐ་ཆད་ལྟུང་བ་ཡིན། །འདོད་ པ་སེར་སྣའི་དྲི་མ་དང ། །བུ་དང་བུ་མོའི་དབང་གིས་འགྲོ། །ཟས་འབའ་ཞིག་ལ་འདོད་པ་ཡི། །མི་ནི་འཆི་བར་འགྲོ་བ་ཡིན། །འདོད་པའི་མདུད་པས་གྲོལ་མིན་དང ། །ཡིད་ཀྱི་ལྗོན་ཤིང་ཟད་པ་ཡིན། །མུན་པའི་ཚོགས་ནི་འཇོམས་བྱེད་པ། །རབ་སྦྱིན་འདིར་ནི་སྦྱིན་བྱེད་པ། །མཆོག་ ལ་སྤྱོད་པ་སྦྱིན་པ་དང ། །སྦྱིན་པ་པོ་ཡང་དེ་རྗེས་ལ། །སྦྱིན་པ་ལེགས་པའི་ལམ་སྟོན་པོ། །འཇིག་རྟེན་ཕ་རོལ་དུ་འགྲོའོ། །སྦྱིན་པའི་ཆུ་ཡིས་བཀྲུས་པའི་མི། །ཚུལ་ཁྲིམས་རླབས་ཀྱིས་ཡོངས་བསྒོས་པ། །ཤེས་རབ་རྒྱ་ཆེན་དྲི་མེད་པ། །སྦྱིན་པས་སྡུག་བསྔལ་ཟད་པར་ བྱེད། །སྐྱེས་བུ་ཕན་པར་འདོད་པ་ཡིས། །མར་མེ་གསུམ་ནི་སྤང་བར་བྱ། །སྦྱིན་དང་ཚུལ་ཁྲིམས་དེ་བཞིན་ཤེས། །དེ་དག་སྐྱོན་རྣམས་འཇོམས་བྱེད་ཡིན། །སྲེད་པ་རྒྱ་ཆེའི་ངན་སོང་ནི། །རྣམ་རྟོག་རླབས་ཀྱིས་ཀུན་ཏུ་གང ། །སྡུག་བསྔལ་རྒྱ་མཚོའི་གཞིར་གྱུར་ཏེ། །ཤེས་ 70-1-95b དང་ཚུལ་ཁྲིམས་ཀྱིས་བསྲུངས་ཡིན། །སྨྱོ་བ་དང་ནི་ཉུང་བའི་ཡང ། །གང་དང་དེ་ལ་ངེས་པར་ལྟུང ། །སེམས་ཀྱི་འཆིང་བ་དེ་དག་རྣམས། །སྦྱིན་ཚུལ་གཉིས་ཀྱིས་ལེགས་པར་བསྲུངས། །ཉོན་མོངས་ནད་ནི་ངེས་འཇོམས་པོ། །གསུམ་པོ་འདི་ནི་སྨད་དུ་གནས། །སྦྱིན་དང་ཚུལ་ ཁྲིམས་དེ་བཞིན་ཤེས། །དེ་དག་རྟག་ཏུ་བདེ་བར་འགྲོ། །བག་མེད་མི་བཟད་པ་ཡི་སེམས། །ཀུན་རྟོག་གྱ་གྱུ་མྱུར་འཇུག་པ། །ཤེས་རབ་ལ་སོགས་གསུམ་པོ་འདིས། །མི་ཡི་འཆིང་བ་འཇིགས་པར་བྱེད། །སྐྱོན་གང་མེར་ཡང་མ་མཐོང་བས། །གང་གིས་འཇིག་རྟེན་ འདི་བསྲེག་གོ། །མེ་དེ་ཡེ་ཤེས་ཆུ་ཡིས་ནི། །བཅོམ་ནས་མྱ་ངན་འདས་པར་འགྲོ། །དེ་ལྟར་བཅོམ་ལྡན་འདས་རྣམ་པར་གཟིགས་དེས་མཆོད་རྟེན་དེ་ལ་ཚིགས་སུ་བཅད་པའི་མདོ་མངོན་པར་བྲིས་སོ། །དེ་ལ་སྦྱིན་པ་དེ་དག་ནི་ལྷ་རྣམས་ཀྱི་མ་ཡིན་གྱི་མི་རྣམས་ཀྱིའོ། །རྒྱུ་མཚན་ འདིས་ནི་ཆེས་མཆོག་ཏུ་གྱུར་པ་ནི་མིའི་ཡིན་གྱི་ལྷ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལ་སྦྱིན་པ་དེ་དག་ཉེ་བར་གོ་བར་གྱིས་ལ་ཐམས་ཅད་ཀྱིས་ཡུལ་ཐམས་ཅད་བཀྱིགས་ཏེ་རྟག་ཏུ་ཐབས་མེད་པའི་སེམས་ལེགས་པར་གཟུང་བར་བྱའོ། །གང་གི་ཕྱིར་དེ་བཟུང་བས་ཀྱང་ཤིང་ཆེན་པོ་ འདི་འགག་པར་འགྱུར་རོ། །ཡེ་ཤེས་ཀྱི་མེ་རྣམས་ཀྱིས་སྲེག་པར་བྱེད་དོ། །དེ་བསྲེགས་པས་མཆོག་ཏུ་དགའ་བའི་བག་མེད་པའི་འཆིང་བ་མེད་པ་འཛད་པ་མེད་པའི་གོ་འཕང་ཐོབ་པར་འགྱུར་གྱིས། དེའི་ཕྱིར་ན་བག་མེད་པ་རབ་ཏུ་བརྩོན་པས་ཀྱང་དགྲ་བོ་བཞིན་དུ་རབ་ ཏུ་སྤང་བར་གྱིས་ཤིག་།གཞན་ཡང་ཆོས་བརྒྱད་པོ་ལྷ་རྣམས་ལ་སྤང་བར་བྱ་བ་མཆོག་ཏུ་ངོ་ཚ་བར་བྱེད་པའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ལས་རྣམས་རབ་ཏུ་བསྟན་པས་རབ་ཏུ་སྟོན་ན་ཡང་ཟས་ཀྱི་དུས་ན་ཡང་ངོ་ཚ་བར་འགྱུར་བ་སྟེ། ལས་རྣམས་རྣམ་ པ་གསུམ་པོ་ཆུང་ངུ་དང་བར་མ་དང་ཆེན་པོ་རྣམས་ཀྱི་ཆུང་ངུ་དང་བར་མ་དང་ཆེན་པོར་འགྱུར་རོ། །དེ་ལ་གཞན་ཡང་ཆུང་ཟད་ཀྱང་སྦྱིན་པར་ལྷ་རྣམས་ཀྱིས་མི་ནུས་སོ། །ལས་རྣམས་ལ་འཕོ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་གང་གི་ཚེ་ལྷ་རྣམས་ཟས་ཀྱི་བྱ་བའི་ལས་ 70-1-96a བྱེད་པ་དེའི་ཚེ་གང་གིས་རྣམ་པ་ཇི་ལྟ་བུའི་སྦྱིན་པ་དག་བྱིན་པར་གྱུར་པ་དང ། ཚུལ་ཁྲིམས་བསྲུངས་པར་གྱུར་པ་དེའི་རྣམ་པ་དེ་ལྟ་བུ་ཉིད་ཁོ་ནའི་ཟས་རབ་ཏུ་འབྱུང་ངོ ། །དེས་གཞན་གྱི་ཟས་ཆེས་ལྷག་པ་དྲི་དང ། རོ་དང ། རེག་བྱ་ཕུན་སུམ་ཚོགས་པ་དེ་མཐོང་ ནས་མཆོག་ཏུ་ངོ་ཚ་བ་སྙིང་ལ་འོང་ངོ ། །གང་གི་ཚེ་ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། པད་མའི་ཚང་ཚིང་དུ་རྩེ་བར་བྱེད་པ་དེའི་ཚེ་བདེ་བ་དེ་དག་ཐམས་ཅད་ལས་ཅི་འདྲ་བར་སོ་སོར་ཉེ་བར་གནས་སོ། །དེ་ལ་ལྷ་གཞན་རྣམས་ལྷ་གཞན་རྣམས་ཀྱི་ཆེས་ལྷག་པའི་བདེ་བ་ མངོན་པར་མཐོང་ནས་མཆོག་ཏུ་ངོ་ཚ་བ་དང་ལྡན་པར་གྱུར་ཏེ། རང་གི་ལུས་ལ་ཞུམ་པར་འགྱུར་རོ། །ལྷ་རྣམས་ཀྱི་ལྔ་པོ་འདི་རྣམས་ནི་ངོ་ཚ་བའི་རྒྱུ་ཡིན་ཏེ། ལྔ་གང་དག་ཅེ་ན། འདི་ན་ཟས་ཀྱི་དུས་ན་ལྷ་གཞན་དག་གི་བདུད་རྩི་དྲི་མ་མེད་པ་རྣམས་མངོན་པར་མཐོང་ལ་རང་གི་ཡང་དྲི་ མ་ཅན་དང་དམན་པར་ཡང་གྱུར་པ་ཀུན་ནས་ཉེ་བ་ན་གནས་ནས་ཟ་བར་བྱེད་པ་ན་མཆོག་ཏུ་ངོ་ཚ་བ་ལྟ་བུ་སྐྱེའོ། །འདི་ནི་ལྷ་རྣམས་ཀྱི་ངོ་ཚ་བའི་རྒྱུ་དང་པོ་ཡིན་ནོ། །གཟུགས་ཤིན་ཏུ་བཟང་བ་རྒྱན་དང་ཆ་བྱད་མཆོག་ཏུ་བཟང་བ་མང་བ་ལྷ་གཟུགས་བཟང་བའི་ལྷ་གཞན་ཉེ་བར་ གནས་པ་དེ་དག་མངོན་པར་མཐོང་ནས། ལྷ་གཞན་རྣམས་ངོ་ཚ་བར་འགྱུར་རོ། །འདི་ནི་ངོ་ཚ་བའི་རྒྱུ་གཉིས་པའོ། །གཞན་ཡང་ངོ་ཚ་བའི་རྒྱུ་གསུམ་པ་ནི་གང་གི་ཚེ། ནམ་མཁའ་ལ་པད་མའི་ནགས་དང ། ཉེ་བའི་ནགས་དང ། རིའི་རྩེ་མོ་གསེར་དང ། བཻ་ ཌཱུརྱའི་རང་བཞིན་རྣམས་ལ་རྩེད་མོ་རྩེ་བའི་དོན་དུ་ལྷ་རྣམས་གང་དག་འགྲོ་བར་བྱེད་པ་དེའི་ཚེ་ལས་ཀྱི་ཁྱད་པར་གྱིས་ཤིན་ཏུ་མྱུར་བར་འགྲོ་བར་འགྱུར་རོ། །ལྷ་གང་དག་ལས་ཤིན་ཏུ་ཆུང་བ་དེ་འགྲོ་བ་བུལ་བར་འགྱུར་རོ། །དེ་ཤུགས་དང་ལྡན་པར་འགྲོས་ཀྱིས་རྗེས་སུ་ འགྲོ་བ་ཡང་མ་ཡིན་ནོ། །དེ་རང་གི་གནས་ཀྱི་ལྷ་མོའི་ཚོགས་དེ་རྣམས་ཀྱི་མདུན་དུ་ངོ་ཚ་བར་འགྱུར་རོ། །གཞན་ཡང་ངོ་ཚ་བའི་རྒྱུ་བཞི་པ་དཔེར་ན་གང་གི་ཚེ་ལྷ་པད་མའི་རྫིང་བུ་ལ་སྟེན་པ་དེའི་ཚེ་ལྷ་གང་གིས་རྣམ་པ་ཇི་སྲིད་ཀྱི་ལས་བྱས་པར་གྱུར་པ་དེའི་རྣམ་པ་དེ་སྲིད་ཀྱི་པད་མ་འབྱུང་བར་ 70-1-96b འགྱུར་རོ། །ཁ་དོག་དང ། དྲི་དང ། རེག་བྱ་ཤིན་ཏུ་ཆེ་བ་དེ་དག་རྣམས་མངོན་དུ་ལེགས་པར་མཐོང་ནས་ཀྱང་ཇི་ལྟར་འཁོར་གྱི་ནང་དུ་འཇུག་པ་ན་གཙོ་བོར་གྱུར་པའི་ལྷ་རྣམས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །གཞན་ཡང་ངོ་ཚ་བའི་རྒྱུ་ལྔ་པ་ནི་ལྷ་རྣམས་སོ་སོ་ལ་ངོ་ཚ་བར་འགྱུར་ བའོ། །གང་དག་ཞེ་ན། འདི་ལྟ་སྟེ། སྟན་རྣམས་ནི་གང་དག་གིས་རྣམ་པ་ཇི་ལྟ་བུ་དག་གི་ལས་བྱས་པར་གྱུར་པའི་ལྷ་དེ་དང་དེ་དག་གི་རྣམ་པ་དེ་ལྟ་བུ་རྣམས་སུ་སྟེ། རྣམ་པ་དེ་ལྟ་བུ་ཁོ་ནའི་སྟན་རྣམས་འབྱུང་བར་འགྱུར་རོ། །དེ་ལ་གང་གིས་ཤིན་ཏུ་ལེགས་པར་བྱས་པའི་ལས་བྱས་པར་གྱུར་ པ་དེ་དག་རྣམས་ལ་ནི་བཻ་ཌཱུརྱའི་རང་བཞིན་དང ། ིན་དྲ་ནཱི་ལའི་རང་བཞིན་ནམ། པད་མ་རཱ་གའི་རང་བཞིན་གྱི་སྟན་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །སྟན་དེ་དག་ལ་ལྷ་གཞན་གང་དག་འདུག་པར་བྱེད་པ་ན་ལས་རྣམས་ཉུང་བའི་ཕྱིར་ན་དེའི་ཚེ་ན་སྟན་དེ་ཡང་གསེར་དུ་འགྱུར་བའམ། དེ་ཡང་ན་དངུལ་གྱི་རང་བཞིན་དུ་འགྱུར་བའམ། དེ་ཡང་ན་ཤེལ་གྱི་རང་བཞིན་དུ་འགྱུར་རོ། །དེའི་ཚེ་སྟན་རྣམ་པར་གྱུར་པ་དེ་མངོན་པར་མཐོང་ནས་ལས་ལྕི་མོ་དང་ཡང་མོ་རྣམ་པ་སྣ་ཚོགས་པ་ཡིན་པ་ཁོ་ནས་ལྷ་དེ་དག་ཀུན་ནས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །དེ་རྣམས་ངོ་ཚ་བས་གཟི་བརྗིད་ རྣམས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་དེ་ལྟར་ཀུན་ནས་ཉམས་པས་བཞིན་གྱི་མདངས་ཡོངས་སུ་ཉམས་པར་འགྱུར་བ་དང ། གཞན་ཡང་ཤིན་ཏུ་རབ་ཀྱི་སྟོབས་དང་ལྡན་པ་དང ། ཆེས་ལྷག་པའི་ལྷ་རྣམས་མངོན་པར་མཐོང་ནས་ལྷ་ལས་རྣམས་ཤིན་ཏུ་དམན་ པའི་ལྷ་དེ་དག་ལྷ་མོ་རྣམས་ཀྱིས་ཡོངས་སུ་སྤོང་ངོ ། །ལྷ་མོ་དེས་ལྷ་དེ་དག་ཡོངས་སུ་སྤངས་ནས་ལྷ་གཞན་རྣམས་ལ་རྟེན་ནོ། །ལུགས་གཅིག་ཏུ་ངེས་པའི་ལྷ་མོ་དེ་དག་རྣམས་ཐམས་ཅད་ཀྱང་ལྷ་གཞན་དག་རྣམས་ལ་ཀུན་ནས་འཕོས་ནས་ཁྱད་པར་དུ་འཕགས་པའི་ལྷ་མོ་དག་ དགའ་བར་བྱེད་དོ། །ལས་དམན་པའི་ལྷ་དེ་རྣམས་མཆོག་ཏུ་ངོ་ཚ་བ་ཐོབ་པར་འགྱུར་རོ། །འདི་ནི་ལྷ་རྣམས་ཀྱི་རྒྱུ་ལྔ་པ་ཡིན་ནོ། །འཁོར་གྱི་ནང་དུ་འགྲོ་བ་ན་ངོ་ཚ་བར་བྱེད་པ་ཡིན་པ་དེའི་ཕྱིར་ན་རྣམ་པར་འཇིག་པར་འགྱུར་བའི་ཆོས་ཅན་གྱི་འདུས་བྱས་ཀྱི་ཆོས་རྣམས་ཐམས་ཅད་ 70-1-97a ལ་ཤིན་ཏུ་མྱུར་བ་མྱུར་བར་ཏེ། གང་ལ་རྣམ་པ་དེ་ལྟ་བུ་ཁོ་ནའི་མངར་བ་དང་འདྲེས་ཤིང་བཅས་པའི་ལོ་མ་མེད་པའི་རོས་ཀྱང་སྡུག་བསྔལ་སྐྱེད་དེ། བདེ་བར་མངོན་པར་ང་རྒྱལ་བ་སྡུག་བསྔལ་དང་འདྲེས་པ་ཡིན་ན། སྐྱེ་བ་གཞན་རྣམས་སུ་དེ་སྐྱེས་ པའི་སེམས་ཅན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་བ་རྣམས་སུ་སོ་སོར་ངེས་པར་སྡུག་བསྔལ་ཆེན་པོ་རྣམ་པ་དུ་མ་རབ་ཏུ་ཕལ་ཆེ་བ་སྐྱེ་བ་རྣམས་ལ་སྨོས་ཀྱང་ཅི་དགོས། དཔེར་ན་རྒྱ་མཚོར་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མའི་ཆུ་ཀླུང་རྣམས་འབབ་པའོ། །དེ་བཞིན་ དུ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱི་འཇུག་ངོགས་རྣམས་ལ་ཡང་རྣམ་པ་སྣ་ཚོགས་པའི་རྒྱུད་རྣམས་ཀྱིས་ཉེ་བར་བཞག་པའི་སྡུག་བསྔལ་དུ་མ་རབ་ཏུ་དྲག་པ་རྣམས་སྐྱེ་བའོ། །ལྷ་རྣམས་དེ་དག་ལ་རྗེས་སུ་དཔགས་པ་འདིས་ནི་སྡུག་བསྔལ་གཞན་རྣམས་ཀྱང་བསྟན་ནོ། ། འདི་དག་ཐམས་ཅད་ཉིད་དང ། ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱིས་ཀྱང་དུས་གསུམ་དང་ལྡན་པར་སྡུག་བསྔལ་རྣམ་པ་གསུམ་གྱིས་གང་བར་གྱུར་པ་ཡིན་ནོ། །སྡུག་བསྔལ་རྣམས་འཇོམས་པར་བྱེད་པ་རྣམ་པར་འཇིག་པར་བྱེད་པ་པོ་རྣམས་ནི་ཤེས་རབ་དང ། ཚུལ་ཁྲིམས་དང ། སྦྱིན་པ་དང་གསུམ་ཡིན་ནོ། །དེ་ནས་དེའི་དུས་ན་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། སྦྱིན་དང་ཤེས་རབ་ཚུལ་ཁྲིམས་ལ། །གང་དག་བློ་ནི་ལེགས་མི་རྟེན། །སེམས་ཅན་དེ་ནི་རྟག་སྡུག་བསྔལ། །བདེ་བ་དེ་དག་ རྣམས་ལ་མེད། །རྣམ་པ་སྣ་ཚོགས་རྒྱུ་རྣམས་ཀྱིས། །གང་ཚེའང་གང་གང་ཇི་ཇི་ལྟར། །ལས་རྣམས་བྱེད་པའི་སྐྱེ་དེ་དག་།འབྲས་བུའང་རྣམ་པ་དེ་འདྲ་ཡིན། །འདི་དག་ཐམས་ཅད་རྒྱུ་ལྡན་ཡིན། །འདི་ལ་རྒྱུ་ནི་ཡོད་མིན་པའི། །གང་ཕྱིར་འདུས་བྱས་མི་ འཇིག་པའི། །རྒྱུ་ནི་མཐོང་བ་མ་ཡིན་ནོ། །ཐོག་མེད་དུས་ནས་ངོ་ཚའི་བཞིན། །སེམས་ཀྱི་སྐྱོན་གྱིས་བསླུས་པ་ཡིན། །མཐོ་རིས་བློ་གྲོས་དམན་གྱུར་པས། །དེ་ཕྱིར་སྦྱིན་པ་མཛེས་པ་ཡིན། །སྦྱིན་པ་ཁྱད་པར་འགྲོ་རིམ་ལྡན། །སེར་སྣའི་དྲི་མ་སྤངས་པ་རྣམས། ། 70-1-97b རྩེད་མོའི་ཆེད་དུ་བྱེད་པའི་ལྷ། །ཆུད་ཟོས་ཡིད་ཀྱིས་ཟད་བྱས་ནས། །མི་གང་བཀྲེས་སྐོམ་རང་བཞིན་གྱི། །ཡི་དགས་རྣམས་སུ་རྒྱུག་པ་ཡིན། །སེར་སྣའི་འབྲས་བུ་དེ་དག་ཀུན། །དེ་ཉིད་གཟིགས་པས་གསུངས་པ་ཡིན། །གང་དག་བདེ་བའི་དོན་དུ་སྟེ། ། དེས་ནི་ངེས་པར་བདེ་བར་འགྲོ། །གཅིག་ཏུ་སྦྱིན་པས་བདེ་བར་འགྱུར། །དེ་ཕྱིར་སྦྱིན་པ་བསྔགས་པ་ཡིན། །སྦྱིན་པ་འཇིག་རྟེན་འཇིག་རྟེན་གཞན། །འགྲོ་ཞིང་རྗེས་སུ་འགྲོ་བ་ཡིན། །དེ་ལ་སྦྱིན་པས་སོང་ནས་ཀྱང ། །རྒྱས་བྱེད་བཞིན་དུ་ལྷ་མཆོད་དོ། །སླུ་བ་ མེད་པའི་གནས་དེ་དག་།དེ་བཞིན་གཤེགས་པས་གསུངས་པ་ཡིན། །སླུ་བ་མེད་པ་ཡིན་ཕྱིར་ཡང ། །རྟེན་དུ་སྦྱིན་པ་ཆེད་ཆེར་གྱིས། །སེར་སྣའི་དགྲ་ལས་རྣམ་རྒྱལ་དང ། །སེམས་ཀྱང་ལེགས་པར་སྒོམ་པར་གྱིས། །གང་ཞིག་རྟག་ཏུ་སྦྱིན་པ་གཏོང ། །དེ་ནི་སྲིད་པའི་ མཚོ་ལས་རྒལ། །ཡུལ་ལས་ཀྱང་ནི་སྦྱིན་རྣམ་གསུམ། །རྣམ་གསུམ་བློ་གསུམ་ལས་སྐྱེས་དང ། །དུས་དང་ནམ་ཟླ་ངེས་པ་དེའི། །འབྲས་བུ་གཟིགས་པ་སྤྱན་གསུམ་པ། །སྦྱིན་འདི་དང་པོ་རྟག་ཏུ་བཏང ། །ཚུལ་ཁྲིམས་རབ་ཏུ་བརྩོན་པས་བསྲུངས། །སྲེད་པ་ ཡེ་ཤེས་ཀྱིས་གཞོམ་བྱ། །ལམ་འདི་རྣམས་ལས་བདེ་བ་འབྱུང ། །མི་རྟག་སྦྱིན་བྱེད་སྲེད་པ་ནི། །འཇིག་རྟེན་ཕན་མི་བྱེད་པ་ཡིན། །མཐར་ཐུག་བླ་ན་མེད་པ་ཡི། །གོ་འཕང་མཆོག་ཀྱང་འཐོབ་ནུས་མིན། །འདི་ཡིད་ཀྱི་ལུས་ཀྱིས་ནི། །རྟག་ཏུ་སྦྱིན་ལ་དགའ་བར་ བྱ། །སྦྱིན་པ་མེད་ན་བཀྲེས་སྐོམ་གྱིས། །ཡི་དགས་ས་ལ་སྲེག་པར་བྱེད། །ལྷ་དང་དྲི་ཟའི་ས་རྣམས་ལ། །སྦྱིན་པས་ལོངས་སྤྱོད་ལྡན་པར་འགྱུར། །སྦྱིན་པ་ཡིས་ནི་རྒྱལ་པོར་འགྱུར། །ལེགས་པར་ཆོས་བྱེད་འཁོར་ལོས་སྒྱུར། །སྦྱིན་པའི་ས་ལ་ལེགས་བརྟེན་ ནས། །མཁས་པ་ཡིས་ནི་ཚུལ་ཁྲིམས་སྲུངས། །ཚུལ་ཁྲིམས་ལྡན་པས་དུས་ཤེས་ཤིང ། །ཤེས་རབ་ཀྱིས་ནི་ཡོངས་སུ་གྲོལ། །སྡུག་བསྔལ་ལས་ནི་ངེས་འབྱུང་ལམ། །ཐུབ་པ་སྐྱེས་མཆོག་གིས་འདི་བསྔགས། །དེ་ནི་བརྟན་པས་རྟག་བརྩོན་པར། །རྒྱུན་དུ་ 70-1-98a སྦྱིན་ལ་དགའ་བར་གྱིས། །སྦྱིན་པ་མེད་པར་ལྷར་ཡང་ནི། །ལྷ་རྣམས་བདེ་བ་དམན་པར་འདོད། །མི་གང་བདག་ཉིད་སྦྱིན་པ་ནི། །བདེ་བའི་སྐལ་ལྡན་འགྱུར་བ་ཡིན། །གང་ཕྱིར་སྦྱིན་པའི་འབྲས་བུ་དེ། །ཐམས་ཅད་སེམས་ཀྱིས་ཟིན་པའི་ ཕྱིར། །དུད་འགྲོ་རྣམས་སུ་སྐྱེས་ན་ཡང ། །བདེ་བའི་སྐལ་ལྡན་འགྱུར་བ་ཡིན། །སྦྱིན་པ་ལས་སྐྱེས་བདེ་དེ་ཀུན། །མཁས་པ་ཡིས་ནི་གསུངས་པ་ཡིན། །ཡི་དགས་སྲིད་ན་ཡི་དགས་གང ། །ཟས་རྣམས་ཟ་བར་འགྱུར་བ་ཡིན། །ཚེར་མ་མེད་པའི་ཤིང་རྣམས་ཀྱི། ། འབྲས་བུ་དེ་དང་འདྲ་བར་འགྱུར། །དམྱལ་བར་བཀྲེས་དང་སྐོམ་རབ་ཀྱིས། །ལུས་ཅན་གང་ཞིག་མི་སྲེག་པ། །དེ་དག་ཐམས་ཅད་སྦྱིན་དཀའ་ཐུབ། །འབྲས་བཅས་གྱུར་པ་དེ་འདྲ་ཡིན། །སེམས་ཅན་རང་གི་ལས་རྣམས་ཀྱིས། །འགྲོ་བའི་འདམ་དུ་བྱིང་རྣམས་ལ། ། སྦྱིན་པས་རྟག་ཏུ་བདེ་འབབ་པ། །ཕ་བཞིན་དང་ནི་མ་བཞིན་མཐོང ། །ས་དེ་རྣམས་ཀྱི་གནས་སྐབས་སུ། །རྟག་ཏུ་སྦྱིན་ལ་དགའ་བར་གྱིས། །སྦྱིན་དང་ཚུལ་ཁྲིམས་ལ་དགའ་བ། །ངམ་གྲོག་ཀུན་ལས་རྟག་ཏུ་གྲོལ། །དེ་ལྟར་མུ་སུ་ལུན་དྷས་བག་མེད་པ་སྤྱོད་ པའི་ལྷ་དེ་དག་རྣམས་ལ་ལེགས་པར་བསྟན་ནོ། །དེ་རིག་ནས་ཀྱང་ལྷ་དེ་དག་རྣམས་དད་པས་མངོན་སུམ་དུ་དམིགས་ནས། །སྦྱིན་པ་དང་ཚུལ་ཁྲིམས་ཀྱི་འབྲས་བུ་ངེས་པར་རྟོགས་སོ། །གཞན་ཡང་ལྷ་རྣམས་ཀྱི་དབང་ཆུང་བའི་གནས་ཡོད་དོ། །འདི་ལྟ་སྟེ། ལས་ རྣམས་ཀྱིས་སོ་སོར་བསྟན་པའི་ངོ་ཚ་བར་འགྱུར་བའི་ཟས་རྣམས་སོ། །གང་གི་ནགས་དང ། སྐྱེད་མོས་ཚལ་དང ། རྫིང་བུ་དང ། ཆུ་མིག་དང ། པད་མའི་ནགས་ཀྱི་གསེབ་ཏུ་རྒྱུ་བ་ན་རབ་ཏུ་མང་བའི་བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་རྔ་དང ། རོལ་ མོ་སྣ་ཚོགས་རྣམས་ཀུན་ཏུ་སྒྲོགས་པའི་ནགས་ཀྱི་ས་རྣམས་ལ་རྣམ་པར་རྒྱུ་སྟེ། ཡུལ་རྣམ་པ་སྣ་ཚོགས་པ་ལ་རྣམ་པར་ཆགས་པའི་ཡིད་ཅན་རྣམས་མཆོག་ཏུ་རྒྱ་ཆེ་བའི་བདེ་བ་དཔེ་མེད་པ་དག་དང་ཡང་དག་པར་ལྡན་པས་རྒྱུ་བར་གྱུར་པ་ལས་དེའི་ཚེ་ན་ཟས་དང་སྐོམ་གྱི་ས་ 70-1-98b ཕྱོགས་སུ་ཉེ་བར་ལེགས་པར་འགྲོའོ། །དེ་དག་རྣམས་ཉེ་བར་ལེགས་པར་སོང་བ་ན་ཡང་རྒྱན་དང ། ཆ་བྱད་མཆོག་དང་ལྡན་པར་གྱུར་པའི་ལྷ་མོ་རྣམས་རྗེས་སུ་སོང་སྟེ། སྣ་ཚོགས་པའི་གཟུགས་རྒྱན་དང་ཆ་བྱད་ཅན་དེ་རྣམས་ཀྱིས་ལྷ་དགའ་བར་བྱས་ནས། བསྙེན་ནས་ ལེགས་པར་གནས་ཞིང་ཡང་གར་བྱེད། དགོད་པར་བྱེད། འགྱིང་བར་བྱེད། གླུ་ལེན་པར་བྱེད་དེ། རྔ་སྐད་ཡན་ལག་ལྔ་དང་ལྡན་པའི་ཆགས་པས་དང ། མཚུངས་པས་དང ། སྙན་པ་དང་བཅས་པ་དེ་ལྟར་ན་ཡང་ལྷ་རྣམས་ཀྱི་རྣ་བའི་རྣམ་པར་ཤེས་པ་ངོམས་ པ་མེད་པའོ། །སྲེད་པའི་ཡུལ་གྱིས་རྣམ་པར་རྒྱུ་བས་མནར་བ་རྣམས་ངོམས་པར་མ་གྱུར་པས་གཞན་ཡང་ལྷ་རྣམས་རྣམ་པ་སྣ་ཚོགས་པའི་གཟུགས་རྣམས་ལ་ལྟ་བར་བྱེད་པར་གྱུར་པ་རྣམས་ལ་དགའ་བར་གྱུར་པ་དང ། མཐོང་ན་སྡུག་པ་དང ། ཇི་ལྟར་འདོད་པས་ འགྲོ་བ་རྣམས་རྟག་ཏུ་ཡིད་འཇོམས་པར་བྱེད་པ་རྣམ་པ་སྣ་ཚོགས་པ་དང་།རྒྱ་ཆེ་བའི་འོད་འབར་བ་རྣམས་ཁ་དོག་དང ། དབྱིབས་དུ་མ་ཅན་དང ། རྒྱང་རིང་བ་དང ། ཐག་ཉེ་བ་ན་གནས་པ་རྣམས་ཏེ། དེ་ལ་གལ་ཏེ་ལྷ་རྣམས་འདི་སྙམ་དུ་སེམས་པར་གྱུར་ཏེ། ཇི་ལྟར་ གཟུགས་གང་དག་ཡིན་པ་དེ་དག་རིང་བ་ན་གནས་པ་དེ་དག་རྣམས་ཐག་ཉེ་བར་འགྲོ་བར་བྱ་ན། དེའི་སེམས་བསྐྱེད་པ་ཙམ་ཉིད་ན་གཟུགས་མཆོག་ཏུ་དགའ་བར་གྱུར་པ་དེ་རྣམས་ཐག་ཉེ་བར་གནས་པར་འགྱུར་རོ། །བདུད་རྩིར་གྱུར་པ་ལ་ཡང་ཇི་ལྟར་འདོད་པ་དེ་ལྟར་འགྱུར་ རོ། །གལ་ཏེ་ཡང་ཉེ་བར་གྱུར་པར་འདོད་ན་དེ་དག་རྣམས་ཉེ་བར་རོ། །གལ་ཏེ་ཡང་རིང་བར་འདོད་ན་ཡང་དེ་ཡང་རིང་བར་འགྱུར་རོ། །ལས་ཀྱི་འབྲས་བུའི་ཁྱད་པར་རྣམས་ཀྱིས་འགྱུར་ཏེ། དམན་པ་དང ། བར་མ་དང ། མཆོག་རྣམས་རྒྱུ་དང་བཅས་ པ་ཡིན་ནོ། །དེ་བཞིན་དུ་ཡང་སྲེད་པའི་སྦྲུལ་མཐོང་བ་དུག་ཅན་གྱིས་བལྟས་པའི་ལྷ་རྣམས་ལ་ངོམས་པ་སྐྱེ་བ་མ་ཡིན་ནོ། །བུད་ཤིང་རྣམས་བཅུག་པར་གྱུར་པའི་མེ་བཞིན་དུ་སྲེད་པ་དང་བཅས་པ་རྣམས་དགའ་བར་གྱུར་པའི་ཡུལ་རྣམས་ཀྱིས་མཐར་ཐུག་པ་སྐྱེ་བ་ 70-1-99a མེད་དོ། །དེ་བཞིན་དུ་ལྷ་རྣམས་ནི་ཚུལ་དུ་མར་ཡང་ངོམས་པ་མེད་དོ། །གཞན་ཡང་ལྷ་དེ་དག་རྣམས་ཉིད་དྲི་ལ་དྲིའི་རྣམ་པར་ཤེས་པ་གཏོད་པར་བྱེད་དོ། །དེ་དག་རྣམས་ཀྱིས་རྣམ་པ་མང་པོར་སྒོ་བར་བྱེད་པའི་དྲི་རྣམས་ལ་འདི་ལྟ་སྟེ། ནགས་དང་ནགས་ སུ་གྱུར་པའི་མེ་ཏོག་རྣམས་སོ། །མེ་ཏོག་དེ་དག་རྣམས་ཀྱང་འཁྲི་ཤིང་དང་ཚང་ཚིང་ལས་སྐྱེས་པ་དང ། ཤིང་ལས་སྐྱེས་པ་དང ། ས་ཕྱོགས་ཀྱི་ཆ་ཀུན་ལས་སྐྱེས་པའི་མདོག་དང ། དབྱིབས་རྣམ་པ་དུ་མ་རྣམས་དང ། རྣམ་པ་སྣ་ཚོགས་པའི་ཆ་ཤས་རྣམ་པར་བཀྲ་བ་རྣམས་ཏེ། ཐམས་ཅད་ཀྱང་དུས་དུས་སུ་ཁ་བྱེ་བ་རྣམས་ལ་ལྷའི་བུ་མོ་རྣམས་འོངས་ནས་སྟེན་པའི་དོན་དུ་འགའ་ཞིག་ལ་སྣོམ་པར་བྱེད་དོ། །མེ་ཏོག་རྣམས་འགའ་ཞིག་ལ་ནི་རླུང་དང་ཉེ་བ་ལ་བརྟེན་ནས་དྲི་རྣམས་སྣོམ་པར་བྱེད་དོ། །མཚུངས་པར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ དྲི་མ་རྣམས་ལ་ཡང་ལྷ་རྣམས་སྣོམ་པར་བྱེད་དོ། །དེ་དག་བསྣམས་ནས་གཞན་ཡང་གང་གི་ཚེ་ལྷག་མར་གྱུར་པ་རྣམས་ལ་ལུས་ལ་རྣམ་པ་ཇི་སྲིད་ཀྱི་རྒྱན་དུ་གྱུར་པ་ལས་མཐོ་རིས་དང་རྗེས་སུ་འཐུན་པའི་རྣ་གདུབ་དང་དཔུང་རྒྱན་ལ་སོགས་པ་རྣམས་ལྷ་འདོད་པ་དེ་རྣམས་ཀྱི་སེམས་ བསྐྱེད་པ་ཙམ་ཉིད་ན་རང་འབྱུང་ངོ ། །ལུས་ལ་གོས་བགོས་པ་རྣམས་ནི་ཁ་དོག་རྣམ་པ་སྣ་ཚོགས་པར་བཙོས་པ་རྣམ་པ་སྣ་ཚོགས་པར་དྲི་དང་ལྡན་པའི་མ་བཏགས་པའི་ཚད་མཆོག་དང་ལྡན་པ་དེ་དག་རྣམས་ཀྱིས་ལྷ་སྲེད་པ་དང་བཅས་པ་རྣམས་ངོམས་པར་མི་འགྱུར་རོ། ། གཞན་ཡང་ལྷ་རྣམས་ཡིད་ཀྱིས་དོན་འདི་དག་དཔྱོད་པར་བྱེད་པ་ན་དེ་དང་དེ་རང་གི་ལས་དང་འདྲ་བར་ཕུན་སུམ་ཚོགས་པར་འགྱུར་ཏེ། མཆོག་ཏུ་དགའ་བས་ཇི་ལྟར་ཟས་དང་བཏུང་བའི་ས་རྣམས་ལ་སོང་ནས་ལྷ་བདུད་རྩི་ཟ་བར་བྱེད་དོ། །དེ་དག་གིས་ཟོས་པ་དེ་དག་རྣམས་ནི་སྦྱིན་ པ་རྣམས་དང་འདྲ་བར་དམན་པ་དང ། བར་མ་དང ། མཆོག་ཏུ་གྱུར་པའི་ཟས་རྣམས་འབྱུང་ངོ ། །ལྷ་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་བཏུང་བ་དག་འཐུང་བར་བྱེད་པ་དེ་དག་རྣམས་ཀྱང་དམན་པ་དང ། བར་མའི་བཏུང་བ་དང ། བཟའ་བ་རྣམས་ཀྱང་འབྱུང་སྟེ། 70-1-99b རང་གི་ལས་ཀྱི་རྒྱའི་རྗེས་དང་འདྲ་བའི་ཕྱིར་རོ། །ཇི་ལྟར་གང་དག་གིས་ལུས་ཀྱི་ཚད་ཀྱི་རྣམ་པ་ཇི་སྲིད་དུ་འགྱུར་བའི་རྣམ་པ་དེ་སྲིད་ཁོ་ནར་སྐྱེས་བུ་དེའི་གྲིབ་མ་ཉི་མ་རང་བཞིན་དུ་གནས་པ་ན་འབྱུང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་ལྷ་རྣམས་ཀྱི་ཡང་གང་གིས་ཇི་སྲིད་ཀྱི་རྣམ་པའི་ ལས་རྣམས་བྱས་པར་འགྱུར་བ་དེ་དག་གི་རྣམ་པ་དེ་སྲིད་ཁོ་ནའི་ཟས་ཀྱི་རིགས་རྣམས་སྐྱེའོ། །དེ་ཟ་བར་བྱེད་པ་ན་ཡང་ལྷ་དེ་དག་རྣམས་ཚོགས་པ་ན་ཟ་བར་བྱེད་པས་དེ་དག་མཆོག་ཏུ་ངོ་ཚ་བ་སྐྱེའོ། །དེ་ལ་ལྷ་རྣམས་རྒྱུ་བའི་དུས་སུ་ཉེ་བར་གནས་པ་རྣམས་ཤིན་ཏུ་རྒྱ་ཆེ་བའི་སྡུག་བསྔལ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཁྱད་པར་དུ་ཡང་ལྷ་མོའི་ཚོགས་ཀྱི་མདུན་དུ་ངོ་ཚ་བར་གྱུར་པའི་སྡུག་བསྔལ་གྱི་མཆོག་དེ་འདྲ་བ་ནི་སྲིད་པ་གཞན་ན་ཆུང་ཟད་ཀྱང་མེད་དོ། །སླུ་བ་མེད་པ་པོའི་བདེ་བར་གྱུར་པའི་དེ་ལྟར་སོ་སོར་བསྟན་པ་དེ་དག་རྣམས་ཀྱིས་ཀྱང་ཇི་ལྟར་ གཞན་དུ་ཡང་འཁོར་བ་ཐམས་ཅད་དུ་དེས་འགྲོ་བར་བྱ་དགོས་སོ། །གཞན་ཡང་ལྷ་རྣམས་ཀྱི་ཐ་མའི་དུས་ལེགས་པར་བྱས་པ་ཟད་ནས་འཆི་འཕོ་བའི་དུས་ན་སྡུག་བསྔལ་རྣམས་སྐྱེ་བར་འགྱུར་ཏེ། གང་གི་ཚེ་བག་མེད་པར་སྤྱོད་པའི་ལྷ་རྣམས་རྟག་ཏུ་འདོད་པ་ལ་རྣམ་པར་ཆགས་ པ་ལས་གང་གི་ཚེ་འཆི་འཕོ་བར་འགྱུར་ལ། འཆི་འཕོ་བ་དེའི་ཚེ་ཡང་འདོད་པ་སྡུག་པ་ཡིད་དུ་འོང་བར་གྱུར་པ་གང་དག་རྣམས་དང་བྲལ་བར་འགྱུར་བ་ནི་སྣུམ་ཟད་པའི་དབང་གིས་མར་མེ་བཞིན་དུ་འགག་པར་གྱུར་པ་ན་འགྲོ་བ་གཞན་གང་ཡིན་པ་དང་འདྲ་བའི་རྟགས་རྣམས་ སྔོན་བྱུང་བར་གྱུར་པ་དང ། འཆི་འཕོ་བའི་དུས་ཀྱི་སྡུག་བསྔལ་དེ་དག་རྣམས་ཀྱིས་ལུས་དང་ཡིད་མངོན་པར་བཅོམ་པར་གྱུར་པའི་རྣམས་ལ་སྡུག་བསྔལ་གང་དག་སྐྱེ་བར་གྱུར་པ་དེ་ནི་དཔེར་བརྗོད་པར་སླ་བ་ཡང་མ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་ བཅད་པ་གསུངས་པ། ཇི་ལྟར། སྣ་ཚོགས་བདེ་དང་བག་མེད་དང ། །ཡུལ་རྣམས་ཀྱིས་ཀྱང་བསླུས་པས་ཀྱང ། །ཚེ་ཟད་འཆི་བའི་དུས་སུ་ནི། །ལྷན་ཅིག་གནས་པ་ཡོད་མ་ཡིན། །སྔོན་ཆད་བག་མེད་སྤྱད་པ་ཡི། །སྦྱིན་ལ་སོགས་ལ་མི་འཇུག་གོ། །ཕྱི་ནས་ 70-1-100a འཆི་བའི་དུས་ན་དེ། །རང་གི་སེམས་ནི་སྲེག་པ་ཡིན། །དང་པོ་བར་དང་དེ་བཞིན་མཐར། །ལེགས་པའི་ཡིད་ནི་བྱ་བ་ཡིན། །ལེགས་པར་སྤྱོད་དང་རྟག་ཏུ་དུལ། །འཆི་བའི་དུས་ན་ཞུམ་པ་མེད། །ངེས་པར་འགྱུར་བ་འཆི་བ་སྟེ། །སྡུག་པ་དང་ཡང་བྲལ་བ་ཡིན། །ཡུལ་ རྣམས་ཀྱིས་ནི་རབ་བཅོམ་པས། །བྱིས་པ་རྣམས་ནི་སྤྱོད་པའང་མེད། །དེ་ནི་རིམ་གྱིས་རྟོགས་འགྱུར་གྱི། །འདི་ནི་ཁོང་དུ་ཆུད་པ་མིན། །ཡུལ་གྱིས་རྣམ་པར་ཉམས་པའི་ལྷ། །འདོད་པ་ལ་ནི་རྣམ་ཞེན་བློ། །འདུས་བྲལ་སྡུག་བསྔལ་གང་སྐྱེས་པའི། །ལྷ་གང་གང་དུ་སྐྱེ་བ་ཡིན། ། ཡུད་ཙམ་ཅིག་ཀྱང་དེ་དག་ལ། །བློ་ནི་གནས་པར་མི་བྱའོ། །མི་རྟག་པ་དང་འཇིགས་དང་བཅས། །འདོད་པས་རྟག་ཏུ་འཁོལ་བྱེད་པོ། །དེ་ལྟ་ན་ཡང་རྨོངས་པས་བྱིས། །ཕྱིར་ཞིང་དེ་ཉིད་སྟེན་པར་བྱེད། །འདོད་ཆགས་མེ་ཡིས་རྟག་ཏུ་སྲེག་།ལྷ་ནི་རྣམ་པར་རྨོངས་པ་ཡིན། །བསྲེགས་ པར་གྱུར་ནས་ཕྱིས་ཀྱང་དེ། །ཡང་དང་ཡང་དུ་བསྔགས་པར་བྱེད། །ཡུལ་རྣམས་ལ་ནི་ཆགས་མེད་པར། །རྒྱུ་གང་དེ་ཉིད་ལ་གཞོལ་བ། །གང་ཡང་དེ་ནི་རབ་བསྔགས་པ། །དེ་དག་སྡུག་བསྔལ་རྟག་པར་གནས། །ཁམས་གསུམ་འདི་དག་ཐམས་ཅད་ནི། །ཟོ་ཆུན་ཁོར་མོ་བཞིན་དུ་འཁོར། ། ལས་ཀྱི་ཞགས་པས་ཀུན་བཟུང་ཡང ། །དེ་ཉིད་མཐོང་བ་ཡང་མ་ཡིན། །སྐྱེ་བ་དང་ནི་འཆི་བ་རྣམས། །སྐྱེ་དང་སྐྱེ་བར་ཡང་ཡང་ངོ ། །སེམས་ཅན་རྣམ་པར་རྨོངས་དགའ་བ། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །གློག་དང་ཟོ་ཆུན་འཁོར་ལོ་དང ། །མཚུངས་པར་འདོད་པ་རབ་ཏུ་བསྒྲགས། ། རྨི་ལམ་དྲི་ཟའི་གྲོང་ཁྱེར་ལྟར། །རབ་ཏུ་རྣམ་པར་འཇིག་པ་ཡིན། །རྣམ་པ་དེ་ལྟའི་འདོད་པ་རྣམས། །ཁྱད་པར་འཇིགས་དང་བཅས་པ་ཡིན། །མི་རྟག་སྡུག་བསྔལ་སྟོང་པའི་ཕྱིར། །བདག་གི་བློ་ནི་མི་བྱའོ། །རྒ་དང་འཆི་བའི་འཁོར་ལོ་འདི། །རབ་ཏུ་མི་བཟད་བཟོད་མི་ནུས། །ངེས་ པར་ཐམས་ཅད་ལྟུང་བ་ཡང ། །མིག་མེད་པས་ན་མཐོང་བའང་མེད། །འདོད་པ་ལྔ་ནི་ཐུབ་མཆོག་གིས། །སྟོང་པའི་ངོ་བོར་རབ་ཏུ་གསུངས། །འདོད་ཆགས་ཁྱིམ་གྱི་རང་བཞིན་ནི། །མི་རྟག་པ་དང་སྡུག་བསྔལ་མང ། །གཞན་དུ་མིན་པར་རྟོགས་ལྡན་པས། །གང་གང་འདོད་པ་ལ་མི་ཆགས། ། 70-1-100b དེ་ནི་ཕ་རོལ་འགྲོ་རྟག་ཞི། །མྱ་ངན་འདས་པའི་མཐའ་ལ་གནས། །འཆི་འཕོ་འབྱུང་བའི་ལྷ་ཡི་ནི། །དབང་པོ་བརླབས་པར་གྱུར་པའི་སེམས། །སྡུག་བསྔལ་བརྗོད་པར་སླ་མིན་གང ། །དེ་ལ་འདི་ན་དཔེ་ཡོད་མིན། །ཇི་ལྟ་ཇི་ལྟར་བདེ་ཆེན་པོ། །སེམས་ནི་སྲེད་པས་ཉེར་བཅོམ་པ། །དེ་ལྟ་དེ་ལྟར་འཆི་ འཕོ་བའི། །སྡུག་བསྔལ་ཆེན་པོ་བཟོད་པར་དཀའ། །ལེགས་བྱས་ལས་ནི་མ་བྱས་དང ། །ལས་ཀྱི་གནས་ལུགས་མི་ཤེས་པ། །སྡུག་བསྔལ་ཆེན་པོ་ཀུན་འབྱུང་བས། །ཕྱིས་ནི་གདུང་བས་སྲེག་པར་བྱེད། །ཇི་སྲིད་འཆི་བ་མ་འོངས་དང ། །ཇི་སྲིད་དལ་འབྱོར་ཕུན་སུམ་ཚོགས། །དེ་སྲིད་ རང་ལ་ཕན་པར་མནོས། །ལམ་འདི་རྣམས་ནི་བདེ་བ་འབྱུང ། །ལྷ་ཡི་འཇིག་རྟེན་རྣམས་འཆི་འཕོ། །འཆི་བ་མི་ཡི་ས་རྣམས་ལ། །རིག་ནས་ཉེ་བར་འཚེ་བཅས་པའི། །སྲིད་ན་སྐྱེས་བུ་སུ་གནས་བྱེད། །དེ་ལྟར་ཡང་འཆི་འཕོ་བར་གྱུར་པའི་ལྷ་རྣམས་ལས་ཀྱི་ཐག་པས་ དྲངས་པར་གྱུར་པ་སོ་སོར་ཉེ་བར་བསྟན་པས་འཇིགས་པ་ཆེན་པོ་དང་བཅས་པ་རབ་ཏུ་སྐྱེའོ། །དེའི་ཕྱིར་ན་ལྷ་དེ་དག་དུད་འགྲོ་དང་འདྲ་བར་གྱུར་པ་ཡིན་ཏེ། གང་དག་ཡུལ་རྣམས་ལ་རྣམ་པར་འཆུམས་པའི་ཡིད་ཀྱིས་རང་ཉིད་ལ་ལེགས་པར་མི་བྱེད་དོ། །དེ་ལྟ་བས་ན་བག་ མེད་པར་ཡང་མ་བྱེད་ཕྱི་ནས་འགྱོད་པར་འགྱུར་བར་མ་བྱེད་ཅིག་།དེ་ལྟར་ལྷ་མུ་སུ་ལུན་དྷས་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ལ་རྣམ་པར་གཟིགས་ཀྱིས་མཛད་པའི་མཆོད་རྟེན་མཐོང་བར་བྱས་ནས་དེ་ལ་རྗེས་སུ་བསྔགས་པར་བྱེད་དོ། །ངེས་པར་ལེགས་པ་ལ་སྦྱོར་བར་བྱེད་དོ། །འདོད་པ་རྣམས་ཀྱི་ ཉེས་དམིགས་རྣམས་ཀྱང་རབ་ཏུ་སྟོན་པར་བྱེད་དོ། །རྣམ་པར་སྨད་པར་བྱ་བའི་ཕྱིན་ཅི་ལོག་བཞི་ཡང་དག་པར་སྟོན་པར་བྱེད་དོ། །འཆི་བའི་དུས་མ་འོངས་པ་ཡང་ལེགས་པར་སྟོན་པར་བྱེད་དོ། །ཀུན་ཏུ་སྐྲག་པར་བྱེད་དོ། །དེའི་ཕྱིར་འཇིགས་སུ་རུང་བའི་འཆི་བ་ལས་སྡུག་བསྔལ་དུ་མས་ཚང་ ཚིང་དུ་གྱུར་པའི་ལམ་ལྷ་དེ་དག་རྣམས་ལ་བསྟན་པར་གྱུར་པ་ན། དེས་རབ་ཏུ་དང་བས་ཡིད་འཕྲོག་པར་བྱེད་པའི་བདེ་བ་སྐྱེད་པར་བྱེད་པའི་ཕྱིར་ན་ལྷ་རྣམས་ལ་རྗེས་སུ་སྟོན་ཏོ། །མདོ་དྲུག་པ་ལས་རྣམ་པར་གཟིགས་ཀྱིས་མཛད་པའི་མདོ་སྡེ་གཉིས་པ་རྫོགས་སོ།། །། 70-1-101a འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ།བམ་པོ་བཞི་བཅུ་རྩ་དགུ་པ། གཞན་ཡང་མུ་སུ་ལུན་དྷ་དེ་ཉིད་ཀྱིས་ལྷ་དེ་དག་རྣམས་ཉིད་ཁྲིད་དེ་ཚོགས་པ་རྒྱུ་བའི་ས་ལ་གནས་པའི་གང་དག་སེམས་བསྒོམས་པར་གྱུར་པ་དང ། གང་ཡང་ཡིད་བསྒོམས་པར་ གྱུར་པ་དང ། རྒྱུད་བསྒོམས་པར་གྱུར་པ་དེ་དག་རྣམས་ཁྲིད་ནས་གཞན་ལ་ཕན་པར་བྱེད་པ་དང ། གཞན་ལ་ཕན་པ་སྦྱོར་བ་ལ་བརྩོན་པས་ལྷ་དེ་དག་རྣམས་ཀྱི་གཞན་ཡང་བག་མེད་པ་དེ་དག་གཞོམ་པར་འདོད་པས་ཀྱང་ལས་དང་འབྲས་བུའི་དེ་ཁོ་ན་ཉིད་མཐོང་བ་དང་དྲན་པར་ཡང་བྱས་ལ། སེམས་ཀྱི་རྒྱུད་དང་བར་ཡང་བྱས་ཤིང་གཞན་ཡང་དེ་དག་རྣམས་ཀྱི་རྒྱུད་ཤིན་ཏུ་རབ་ཀྱི་མཆོག་ལ་སྦྱོར་བས་འདོད་པ་རྣམས་ཀྱི་ཉེས་དམིགས་རྣམས་ཀྱང་ལེགས་པར་བསྟན་ཅིང་གསོན་པ་རྣམས་ཀྱང་མི་རྟག་པ་ཉིད་ཀྱི་རྟོགས་པ་འཕངས་ཤིང་འཁོར་བའི་རྒུད་པ་རྣམས་ཀྱང་བརྗོད་ནས་ལྷ་དེ་དག་ རྣམས་ལ་འདི་སྐད་ཅེས་བརྗོད་དོ། །ལྷ་ཁྱེད་རྣམས་ལྟོས་དང་མཆོད་རྟེན་གསུམ་པ་གང་དེ་ཁོ་ན་མཐོང་བ་དེ་ནི་ཐུབ་པ་ཆེན་པོ་གཞན་འཁོར་བ་འཇིག་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། སྟོན་པའི་ཡིན་ཏེ། རིན་པོ་ཆེ་རྣམས་ཀྱིས་ལེགས་པར་གང་བ་འོད་ཟེར་གྱི་ཕྲེང་བ་གསེར་དང་ནོར་བུའི་སྟེགས་སུ་ནམ་མཁའ་འབུགས་པ་བཞིན་དུ་ཤིན་ཏུ་མཐོ་བར་གནས་པ་སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་བ་འཐབ་བྲལ་གྱི་འཇིག་རྟེན་འདི་དག་ཐམས་ཅད་ཟིལ་གྱིས་མནན་ནས་ངེས་པར་ གནས་པ་མཆོག་ཏུ་ཞི་བར་གྱུར་པ་དང ། མཆོག་ཏུ་དགའ་བར་གྱུར་པ་སེམས་ཀྱི་རྒྱུད་རླན་པ་བཞིན་དུ་ལྷ་རྣམས་ཐམས་ཅད་ཀྱི་ལྷའི་འཇིག་རྟེན་འདིའི་རྒྱལ་མཚན་དུ་གྱུར་པ། སྙིང་པོར་གྱུར་པ། བསམ་གཏན་དང་ལྡན་པ་བཞིན་དུ་རྣམ་པར་གནས་སོ། །རྣམ་པར་བཀྲ་བ་དགེ་བ་རིན་ པོ་ཆེ་ཤིན་ཏུ་འབར་བ་རིན་པོ་ཆེའི་འོད་ལྷམ་མེ་བར་གྱུར་པ་དམ་པའི་ཆོས་སྟོན་པར་མཛད་པ་བཞིན་དུ་མཆོག་ཏུ་རྒྱ་ཆེ་བ་དགའ་བར་གྱུར་པར་མཐོང་བ་འདི་ལ་བདག་ཅག་གིས་ཁྲུས་གསོལ་བར་བྱའོ། །བདག་ཅག་གིས་མཆོད་པར་བྱའོ། །ཙན་དན་ཡང་བདག་གིས་དབུལ་བར་བྱའོ། ། 70-1-101b མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་ནས་རིམ་གྱིས་བདག་གིས་བལྟ་བར་བྱའོ། །ཅི་འདིར་དྲང་སྲོང་ཆེན་པོར་གྱུར་པ་དེ་ཤིན་ཏུ་ངོ་མཚར་བར་གྱུར་པ་འདིས་ཅི་ཞིག་ཉེ་བར་མཚོན་པ་མཛད་ན། གང་གིས་བདག་ཅག་རྣམས་ངེས་པར་ལེགས་པ་དང ། མཐར་ཕྱིན་པ་ དང ། ཕན་པ་དང་བདེ་བར་ཡང་འགྱུར་བ་སྟེ། རྒྱུ་གང་གི་ཕྱིར་སེམས་ཅན་རྣམས་ཐམས་ཅད་ལ་ཕན་པར་མི་འགྱུར་བ་དང ། བདེ་བར་མི་འགྱུར་བའི་བཅོམ་ལྡན་འདས་ཀྱི་མཛད་པ་ནི་གང་ཅུང་ཟད་ཀྱང་མི་མངའ་བའི་ཕྱིར་ཏེ། བདག་ཉིད་ལ་ཕན་པའི་དོན་ཉིད་ཀྱིས་ནི་འདི་དག་ ཏུ་བྱོན་པ་ཡང་མ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་ལྷའི་བདག་པོ་དེའི་ཚིག་ཉེ་བར་བཟུང་ནས་དགེ་བར་བྱས་པའི་ཡིད་ཀྱིས་འདི་སྐད་ཅེས་སྨྲས་སོ། །མཆོད་པའི་དོན་དུ་བདག་ཅག་རྣམས་མཆི་བར་བགྱི་ཞིང་བདག་ཉིད་རྗེས་སུ་གཟུང་བའི་དོན་དུ་དང ། བདག་ཉིད་ལ་ཕན་ པའི་དོན་དུ་བདག་ཅག་རྣམས་འགྲོ་བར་བྱའོ། །དེ་ནས་ཚོགས་པ་རྒྱུ་བའི་ས་ན་གནས་པའི་ལྷ་དེ་དག་རྣམས་ཀྱིས་ལྷའི་བདག་པོ་མུ་སུ་ལུན་དྷ་སྔོན་དུ་བྱས་ནས་གང་ན་བཅོམ་ལྡན་འདས་དྲང་སྲོང་གི་མཆོག་དེའི་མཆོད་རྟེན་ཡོད་པ་དེར་ཉེ་བར་ལེགས་པར་འགྲོའོ། །སོང་ནས་ཀྱང་བཅོམ་ ལྡན་འདས་འཁོར་བ་འཇིག་གི་མཆོད་རྟེན་ལ་གུས་པ་དང་བཅས་པའི་ཡིད་ཀྱིས་ཕྱག་འཚལ་བར་བྱེད་དེ། གཡས་ཕྱོགས་ནས་སྐོར་བར་ཡང་བྱེད་དོ། །དེ་ནས་དེའི་ཚེ་མཆོད་རྟེན་གྱི་ནང་ན་རིན་པོ་ཆེའི་འོད་ཤིན་ཏུ་འབར་བ་རིན་པོ་ཆེ་དེ་དག་རྣམས་གང་གི་ཁྱད་པར་གྱིས་ནི་ཉི་མའི་འོད་ ཟེར་ཡང ། སྲིན་བུ་མེ་ཁྱེར་གྱི་འོད་དང་འདྲ་བར་འགྱུར་རོ། །མཆོད་རྟེན་དེའི་ནང་ན་ཡང་གསེར་གྱི་རང་བཞིན་གྱི་བྱང་བུ་ལ་བྲིས་ནས་ནམ་མཁའ་ལ་འཕྱང་བ་ཡིན་ཏེ། རབ་ཏུ་འབར་བའི་ཡི་གེར་མངོན་པར་བྲིས་པའི་མདོ་ཡིན་ནོ། །དེ་ཡང་རྫུ་འཕྲུལ་མཛད་པའི་ཆོ་འཕྲུལ་ གྱིས་རླག་པར་མི་འགྱུར་ཞིང་ཉེ་བར་རླག་པར་མི་འགྱུར་ཏེ། དེ་རྒྱུ་གང་གིས་ལྷ་དང་མི་རྣམས་ལ་ཕན་པའི་དོན་དུ་མདོ་དེ་བསྟན་པའི་ཕྱིར་རོ། །ཐུབ་པ་བཅོམ་ལྡན་འདས་འཁོར་བ་འཇིག་དེས་ལྷ་དང་མི་རྣམས་ལ་ཆོས་སྟོན་པར་མཛད་པ་ནི་འདི་ལྟ་སྟེ། རྒྱུ་གང་གིས་ལྷ་ 70-1-102a རྣམས་འགྲོ་བ་དྲུག་ནས་དང ། མི་རྣམས་མི་རྣམས་ནས་འཆི་འཕོ་བ་དང ། ལྷ་རྣམས་ལྷ་ཡུལ་དུ་སྟེ། དེ་ལྟར་ཕན་ཚུན་དུ་འགྲོ་བ་དྲུག་པོ་རྣམས་ཕན་ཚུན་དུ་དཔུང་གཉེན་དུ་གྱུར་པ་ཡིན་ལ།དེ་ལ་ལྷ་དང་མི་རྣམས་ཀྱང་ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་ བ་ནི་སླུ་བ་མེད་པའི་གནས་ཡིན་ནོ། །དེ་ལ་ཚུལ་ཁྲིམས་དེ་ནི་རྣམ་པ་གཉིས་ཡིན་ཏེ། སྡོམ་པ་སྔར་བྱས་པ་དང་ཐར་བར་བྱས་པའོ། །དེ་ལ་དོན་ཡོད་པ་ཞེས་བྱ་བའི་ཚུལ་ཁྲིམས་གང་ཞིག་དོན་ཡོད་པ་འབའ་ཞིག་ཁོ་ནས་འཇུག་པའི་རབ་ཏུ་དང་བས་སེམས་རབ་ཏུ་དང་བའི་དབང་ གིས་སངས་རྒྱས་ལ་སོགས་པ་རྣམས་ལ་རབ་ཏུ་དང་བར་འགྱུར་རོ། །ལུས་ཀྱི་ལེགས་པར་སྤྱོད་པ་དང ། ངག་གི་ལེགས་པར་སྤྱོད་པ་དང ། ཡིད་ཀྱི་ལེགས་པར་སྤྱོད་པ་རྣམས་བྱེད་པར་འགྱུར་རོ། །ལོག་པར་ལྟ་བ་ཅན་དུ་ཡང་མི་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་ཡང་ལས་ དང་འབྲས་བུ་རྣམས་ལ་རྒྱུད་དད་པ་དང་ལྡན་པར་འགྱུར་རོ། །ཆོས་དང་ལྡན་པའི་ལོངས་སྤྱོད་རྣམས་ཀྱང་ཆོས་ཀྱིས་ལོངས་སྤྱོད་པར་བྱེད་ཀྱི། གཞན་རྣམས་གདུང་བར་བྱེད་པ་ནི་མ་ཡིན་ནོ། །མ་དང་ཕ་ལ་གུས་པར་འགྱུར་རོ། །དགེ་སྦྱོང་དང་བྲམ་ཟེ་རྣམས་ཉེ་བར་འོང་བའི་རང་ བཞིན་ཅན་དུ་འགྱུར་རོ། །དམ་པའི་ཆོས་ཉན་པའི་རང་བཞིན་དུ་འགྱུར་རོ། །འཐུན་པས་འགྲོ་བའི་རང་བཞིན་ཅན་དུ་འགྱུར་རོ། །ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་འགྱུར་ཏེ། དེ་ལྟར་དོན་དང་ལྡན་པ་འབའ་ཞིག་པ་ཁོ་ནས་རབ་ཏུ་དང་བ་དང་ཡང་དག་པར་ལྡན་པར་འགྱུར་རོ། ། དོན་དང་ལྡན་པ་ཐམས་ཅད་ལེགས་པར་གང་བར་སྤྱོད་པ་ཡིན་ཏེ། ལུས་ཀྱི་ལེགས་པར་སྤྱད་པ་རྣམས་སྤྱོད་པར་བྱེད། ཡིད་ཀྱིས་ལེགས་པར་སྤྱད་པ་རྣམས་སྤྱོད་པར་བྱེད་ཀྱི་སྡོམ་པ་འཛིན་པ་ནི་མ་ཡིན་ཡང་དེ་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྟེ། སེམས་ཀྱི་ སྤྱོད་པ་ཉམས་སུ་མྱོང་བའི་དབང་གིས་དགེ་བས་གལ་ཏེ་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེའོ། །དེ་ལྷ་གཞན་རྣམས་ཀྱི་ཁྱད་པར་གྱིས་གཟུགས་དང ། ཆ་བྱད་དང ། རྒྱན་དང ། བུད་མེད་དང ། ཡུལ་ལྗོངས་དང ། ཟས་དམན་པ་རྣམས་ལ་སྤྱོད་པར་འགྱུར་རོ། །དེ་ཟས་ལ་ལོངས་སྤྱོད་ 70-1-102b པའི་དུས་ན་ངོ་ཚ་བར་འགྱུར་རོ། །འདིའི་འོད་རྣམས་ཤིན་ཏུ་དམན་པར་ཡང་འགྱུར།འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ཐམས་ཅད་ཀྱང་ཤིན་ཏུ་དམན་པར་འགྱུར་རོ། །དོན་ཡོད་པ་དེ་ལེགས་པར་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་ཀྱི་འབྲས་བུ་དང་།གཞན་སྡོམ་ པ་ལ་གནས་པའི་ཚུལ་ཁྲིམས་འཛིན་པའི་ལྷ་རྣམས་ཀྱི་ཁྱད་པར་རོ། །གཞན་ཡང་དོན་ཡོད་པར་གྱུར་པའི་ཚུལ་ཁྲིམས་སུ་གྱུར་པ་ནི་སངས་རྒྱས་ལ་སོགས་པ་ལ་རབ་ཏུ་དང་བ་དང་ལྡན་ལ་སྡོམ་པ་ནི་ཉི་མ་གཅིག་ཀྱང་ངེས་པར་འཛིན་པར་མི་བྱེད་དེ།ལུས་ཀྱི་ལེགས་པར་སྤྱོད་པ་དང་ ཡང་དག་པར་ལྡན་པར་འགྱུར་ལ། ངག་གི་ལེགས་པར་སྤྱོད་པ་དང་ཡང་ཡང་དག་པར་ལྡན་པར་འགྱུར་རོ། །མ་ལུས་པ་མ་ཡིན་པར་རོ། །གང་ཞེ་ན། མ་ལུས་པ་མ་ཡིན་པས་ལུས་ཀྱི་ལེགས་པར་སྤྱོད་པས་སྲོག་གཅོད་པ་དང ། འདོད་པ་ལ་ལོག་པར་སྤྱོད་པ་གཉིས་རབ་ཏུ་སྤོང་ བར་བྱེད་ལ། ཡང་མ་བྱིན་པར་ལེན་པ་རྣམས་ནི་མ་ཡིན་ནོ། །དེ་དག་ནི་མ་ལུས་པར་ལེགས་པར་སྤྱོད་པར་བྱེད་པས་སྤྱོད་པ་ནི་མ་ཡིན་ནོ། །ངག་གི་ལེགས་པར་སྤྱོད་པ་རྣམས་ཀྱང་ཐམས་ཅད་དུ་ལེགས་པར་སྤྱད་པ་སྤྱོད་པ་མ་ཡིན་ཏེ། བརྫུན་འབའ་ཞིག་ཙམ་སྨྲ་བར་མི་བྱེད་ལ་ ངག་གི་དྲི་མ་རྣམས་ནི་མི་སྤོང་ངོ ། །དེ་ཡང་དོན་ཡོད་པ་གཅིག་ལེགས་པར་སྤྱད་པ་སྤྱོད་དོ། །གལ་ཏེ་དེ་སྲིད་པ་ཐ་མའི་སེམས་རབ་ཏུ་དང་བའི་དབང་གིས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལེགས་པར་བྱས་པའི་ལས་རྣམས་ཀྱི་རྐྱེན་གྱིས་འཐབ་བྲལ་བ་རྣམས་སུ་སྐྱེ་ལ་ཤིན་ ཏུ་དམན་པར་ཡང་མི་འགྱུར་ཏེ། སྔར་གྱི་དོན་ཡོད་པར་ལེགས་པར་སྤྱད་པ་སྤྱོད་པ་དེའི་དྲུང་ན་ཚད་དང ། མདོག་དང་།གཟུགས་དང ། ཆ་བྱད་རྒྱན་དང ། ཟས་དང ། སྤྱོད་པས་གནས་པ་རྣམས་དང ། འདོད་པའི་བུད་མེད་དང ། ཡུལ་ལྗོངས་རྣམས་ལ་རིམ་གྱིས་སྒྲ་ རེག་རོ་གཟུགས་དྲི་རྣམས་ལ་ཡང་སྟེ། སྡོམ་པ་དགེ་བ་སྤྱད་པའི་ཁྱད་པར་ཅན་གྱི་ལྷ་གཞན་རྣམས་ཀྱི་ཁྱད་པར་གྱིས་ནི་དེས་རང་ཉིད་དམན་པར་མངོན་པར་མཐོང་ནས་ངོ་ཚ་བར་འགྱུར་རོ། །གཞན་ཡང་དོན་ཡོད་པར་གྱུར་པའི་ཚུལ་ཁྲིམས་དང་ཡང་དག་པར་ལྡན་པ་ཡོད་ 70-1-103a དེ། ཡང་དག་པའི་ལྟ་བ་ཅན་དུ་གྱུར་པ་དང ། ཐོས་པའི་རིགས་དང་ལྡན་པ་དང ། སངས་རྒྱས་ལ་སོགས་པ་ལ་གུས་པའི་རིགས་ཅན་དུ་འགྱུར་བའོ། །སྡོམ་པ་ནི་གཅིག་ཀྱང་འཛིན་པ་ཡང་མ་ཡིན་ནོ། །འོན་ཀྱང་ཚུལ་ཁྲིམས་འཆལ་པའི་ཐ་སྙད་ཀྱིས་ འཇིགས་ནས་མ་བྱིན་པར་ལེན་པར་མི་བྱེད་དོ། །སངས་རྒྱས་ཉིད་ཀྱིས་གསུངས་པའི་རྒྱུ་འཐུན་པའི་འབྲས་བུས་དབུལ་པོ་སྒྲུབ་པར་བྱེད་པ་དང ། མ་བྱིན་པར་ལེན་པས་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་བ་ཐོས་པས་ཀྱང་སྐྱེ། འདོད་པ་ཅན་ཡིན་ཡང་འཇིགས་པ་ལ་ སོགས་པས་ལུས་ཀྱིས་རྟག་ཏུ་མ་བྱིན་པར་ལེན་པ་མི་ལེན་ཏོ། །ངག་གི་ལས་ཀྱང་ཕྲ་མ་བྱེད་པའི་རང་བཞིན་ཅན་མ་ཡིན་ནོ། །ཕན་ཚུན་དུ་འབྱེད་པར་མི་བྱེད་པ་དང ། བྱེ་བའི་སེམས་ཅན་རྣམས་ཀྱང་འབྱེད་པར་མི་བྱེད་དོ། །ལེགས་པར་འཛིན་པར་ཡང་བྱེད་དེ། ངང་ཚུལ་ ངན་པའི་འཇིགས་པ་དང ། སངས་རྒྱས་དང་སངས་རྒྱས་མ་ཡིན་པའི་གསུང་ཡང་ཉན་པར་བྱེད་དོ། །ཇི་ལྟར་ཕྲ་མའི་རྒྱུ་འཐུན་པའི་འབྲས་བུ་ནི་གྲོགས་པོ་དང ། བྲན་ཕོ་དང ། བྲན་མོ་དང ། ཆུང་མ་རྣམས་དང་འབྱེ་བར་འགྱུར་རོ། །ལུས་ཞིག་ནས་ཀྱང་ངན་སོང་ལོག་པར་ལྟུང་ བར་དམྱལ་བར་སྐྱེ་བར་འགྱུར་ཞེས་སངས་རྒྱས་དང་སངས་རྒྱས་མ་ཡིན་པ་རྣམས་ཀྱི་ཚིག་ཐོས་པ་དང ། རྒྱུ་གཉིས་པོ་འདི་དག་གིས་དེ་ཕྲ་མ་བྱེད་པའི་ངང་ཚུལ་ཅན་མ་ཡིན་ནོ། །དེ་ལུས་ཞི་གནས་སེམས་ཐ་མའི་དབང་གིས་དང ། ལས་ལན་གྲངས་གཞན་ལ་ལེགས་པར་ བྱས་པའི་དབང་གིས་ཀྱང་རུང་གལ་ཏེ་བརྒྱ་ལ་ན་ཞིང་ལ་རབ་ཏུ་དང་བ་མེད་པར་ཡང་བརྒྱ་ལ་ན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན་དེ་ཆེས་དམན་པའི་ཚད་དང ། ཁ་དོག་དང ། དབྱིབས་སུ་འགྱུར་རོ། །བུད་མེད་དང ། ཡུལ་ལྗོངས་དང ། ཟས་དམན་པ་རྣམས་ལ་སྤྱོད་པར་ འགྱུར་རོ། །སྒྲ་དང ། རེག་བྱ་དང ། གཟུགས་དང ། རོ་དང ། དྲི་རྣམས་དམན་པར་འགྱུར་རོ། །ཚེ་ཤིན་ཏུ་དམན་པར་འགྱུར་རོ། །འོད་དམན་པར་འགྱུར་རོ། །ལྷ་གཞན་རྣམས་ཀྱི་དྲུང་དུ་ཤིན་ཏུ་ཡང་ངོ་ཚ་བ་འབྱུང་བར་འགྱུར་རོ། །དོན་ཡོད་པ་དེ་དག་གི་རབ་ཏུ་དང་བའི་དབང་ 70-1-103b གིས་ལྷའི་སྐྱེ་བ་གསུམ་དུ་འགྱུར་ཏེ། སངས་རྒྱས་ལ་སོགས་པ་ལ་རབ་ཏུ་དང་བ་འབའ་ཞིག་གིས་དང ། དེ་ལྟར་སེམས་ཀྱི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་སམ། སེམས་འཇམ་པོར་གྱུར་པའི་ཁྱད་པར་གྱིས་སམ། ཡང་དག་པའི་ལྟ་བ་ལ་རབ་ཏུ་དང་བའི་ཁྱད་པར་ གྱིས་སམ། བསམ་པ་ཉེ་བར་སྐྱེས་པའི་སེམས་ཀྱི་ཁྱད་པར་རྣམས་ཀྱང་འདི་ལྟ་སྟེ། མ་དང་ཕ་ལ་ཤིན་ཏུ་གུས་པ་དང ། ལེགས་པར་ཉན་པའམ། ཡོན་ཏན་གྱི་ཁྱད་པར་དག་གིས་སམ། སྨོན་ལམ་གྱི་ཁྱད་པར་དག་གིས་ཀྱང་སྟེ། ཇི་ལྟར་དེའི་སེམས་ཀྱི་རྒྱུད་དང ། ཞིང་ལ་རབ་ཏུ་དང་བའི་དབང་གི་སེམས་ཀྱི་ཡོན་ཏན་དམན་པ་དང ། བར་མ་དང ། ཁྱད་པར་འཕགས་པའི་ལས་ཀྱི་ཁྱད་པར་གྱིས་རྣམ་པ་དེ་ལྟ་བུ་ཉིད་དུ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་དོན་དང་ལྡན་པའི་ཚུལ་ཁྲིམས་སླུ་བ་མེད་པའི་འབྲས་བུ་ཡང་ལས་རྣམས་དང་འདྲ་བ་ཡིན་ན་ སྡོམ་པ་འཛིན་པ་བཟུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་བ་དེའི་དེ་ལྟར་འདིར་སྐྱེ་བར་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། སྡོམ་པའི་ཚུལ་ཁྲིམས་དེ་དག་ཀྱང་རྣམ་པ་དུ་ཞིག་ཡོད་པ་ཡིན་ཞེ་ན། དེ་ལ་མདོར་བསྡུ་ན་འཁོར་བཞིའི་སྡོམ་པའོ། །དེ་དེར་གཏོགས་ པའི་བཞི་ནི་དགེ་སྦྱོང་དང ། དགེ་སྦྱོང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མའི་སྟེ། དེ་དག་ནི་འཁོར་རྣམ་པ་བཞི་ཡིན་ནོ། །དེ་ལ་ཡང་དེ་དག་གི་སྡོམ་པ་ནི་གང་ཡིན། རྣམ་པ་ནི་དུ་ཞིག་ཡོད། དེ་དག་གི་སྡོམ་པ་རྣམས་ཐ་དད་པར་ནི་ཇི་ལྟར་འགྱུར་བ་ཡིན་ན།དེ་ ལ་དགེ་བསྙེན་མདོར་བསྡུ་ན་རྣམ་པ་བཞིའོ། །བཞི་པོ་རྣམས་གང་ཞེ་ན།ཕྱོགས་གཅིག་ལ་སྤྱོད་པར་གྱུར་པ་དང ། མཐར་ཐུག་པར་སྤྱོད་པ་དང ། ཐམས་ཅད་ལ་སྤྱོད་པ་དང ། བསླབ་པའི་གཞི་རྣམས་ལས་སྡོམ་པ་གཅིག་བླངས་པའོ། །མཐར་ཐུག་པར་སྤྱོད་པ་ ནི་བསླབ་པའི་གཞི་སྡོམ་པ་བླངས་པ་ལ་སྤྱོད་པའམ་ཕལ་ཆེར་ལ་གནས་ནས་སྤྱོད་པ་སྟེ། སྡོམ་པའི་གཞི་དེ་ཡང་ཡང་དག་པར་འཛིན་ཏོ། །ཐམས་ཅད་ལ་སྤྱོད་པ་ནི་བསླབ་པའི་གཞི་ལྔ་ཡང་དག་པར་འཛིན་པའོ། །གཞན་ཡང་རྣམ་པ་བཞི་སྟེ། སྔ་ཕྱིར་བསླབ་པའི་ 70-1-104a གཞི་ལ་སྤྱོད་པ་དང ། ཀུན་ཏུ་ཉམས་པ་མེད་པར་སྤྱོད་པ་དང ། འགྱོད་ནས་སྤྱོད་པ་དང ། ཐམས་ཅད་ཀུན་ཏུ་ཉམས་པར་སྤྱོད་པའོ། །དེ་ལ་དགེ་བསྙེན་བསླབ་པའི་གཞི་ལ་སྔ་ཕྱིར་སྤྱོད་པ་ནི་གང་བསླབ་པའི་གཞི་རྒྱ་མཚོ་ལ་སྔ་ཕྱིར་བགྲོད་པར་བྱེད་པས་སྔ་ ཕྱིར་བགྲོད་པར་བྱེད་དོ། །དེ་དང་པོ་ཁོ་ནར་གསུམ་ལ་སྐྱབས་སུ་འགྲོ་བའི་དགེ་བསྙེན་དུ་འགྱུར་རོ། །ཕྱི་ནས་དུས་སྔ་ཕྱིར་སེམས་ཀྱིས་བསྒོམས་ནས་ཡོན་ཏན་ལེགས་པ་དང་ལྡན་པར་བྱས་ཏེ། བསླབ་པའི་གཞི་གཅིག་ལེགས་པར་འཛིན་ནོ། །དེ་ཡང་མ་ཉམས་པ། མ་ཆད་ པ། མ་ཟགས་པར་འཛིན་པར་བྱེད་དོ། །དེ་ལ་མ་ཉམས་པའི་རྣམ་པ་འདི་ལྟ་བུ་གང་ཡིན། མ་ཆད་པའི་རྣམ་པ་འདི་ལྟ་བུ་གང་ཡིན། མ་ཟགས་པའི་རྣམ་པ་དེ་ལྟ་བུ་གང་ཡིན་ན། མ་ཉམས་པ་ཞེས་བྱ་བ་ཇི་སྲིད་འཚོའི་བར་དུ་བདག་ཉིད་ཀྱིས་འཛིན་པ་སྟེ། སེམས་ ཀྱིས་ཀྱང་སྡོམ་པ་ལས་འདའ་བར་འགྱུར་བ་སེམས་པར་མི་བྱེད་དོ། །གཞན་བྱེད་པ་ན་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །བྱེད་པ་ཡང་འགོག་པར་བྱེད་དོ། །དེ་དག་རྣམས་ཆོས་ལ་ཡང་འགོད་པར་བྱེད་དོ། །འདི་ནི་མ་ཉམས་པ་ཞེས་བརྗོད་དོ། །དེ་ལ་མ་ཆད་པ་གང་ཞེ་ན། དེ་ཉིད་ཀྱིས་འདིར་བརྒྱ་ལ་ན་བསླབ་པའི་གཞི་རྣམས་གཏོང་བར་བྱེད་དོ། །གལ་ཏེ་ན་འཛིན་པར་བྱེད་དོ། །ཡང་དང་ཡང་དུ་བཏང་ནས་སླར་ཡང་ལེན་པར་བྱེད་དོ། །རྣམ་པ་འདི་ལྟ་བུ་ནི་ཆད་པ་ཡིན་ནོ། །དེ་ལ་འདིས་ནི་ཆད་པ་དང་བྲལ་བར་བྱས་ཤིང་འཛིན་པར་བྱེད་དོ། ། ཇི་ལྟར་ན་མ་ཟགས་པ་འཛིན་པ་ཡིན་ཞིང་ཟགས་པ་ཡང་ཇི་ལྟར་ཡིན་ན། འདི་ནི་བསླབ་པའི་གཞི་ལ་དང་པོ་ཉིད་དུ་རབ་ཏུ་དང་བའི་སེམས་ཀྱིས་དགེ་བའི་བཤེས་གཉེན་གྱི་དྲུང་ནས་བཟུང་བ་ལས་དེ་ཕྱི་ནས་འགྱོད་པ་དང་བཅས་པར་གྱུར་ནས་མི་འཛིན་ནོ། །རྣམ་པར་རྟོག་པའི་ཆུ་ བོས་ཁྱེར་རོ། །དེ་སེམས་རྙོག་པ་དང་བཅས་པས་སྤྱོད་པར་བྱེད་དོ། །སེམས་ལ་སྟོབས་མེད་པར་འགྱུར་རོ། །དེ་ཕྱི་ནས་འགྱོད་པའི་མེས་སྲེག་པར་བྱེད་ལ། བསྲེགས་པར་གྱུར་ནས་ཀྱང་ཡོངས་སུ་གཏོང་ངོ ། །ཡོངས་སུ་བཏང་ནས་ཀྱང་ཕྱིར་མི་འཛིན་ཏོ། །འདི་ནི་ 70-1-104b ཟགས་པ་ཞེས་བརྗོད་དོ། །དེས་འདི་ནི་དེ་བཞིན་དུ་མི་འཛིན་ཏོ། །གཞན་ཡང་སྔ་ཕྱི་བར་སྤྱོད་པའི་དགེ་བསྙེན་དེ་ཉིད་མ་ཉམས་པ་དང ། མ་ཆད་པ་དང ། མ་ཟགས་པར་བསླབ་པའི་གཞི་རྣམས་འཛིན་པར་བྱེད་པ་ལ། ཇི་ལྟར་མ་ཉམས་པ་ཡིན་ན། འདིར་སེམས་ལ་ དྲི་མ་མེད་པ་རྐོ་ཏྲོག་མ་ཡིན་པའི་དགེ་བར་གྱུར་ནས་ཀྱང་མི་དགེ་བར་འགྱུར་རོ། །ཆུ་ཤིང་གི་ལོ་མ་དང་གློག་དང་འདྲ་བར་དེ་རབ་ཏུ་རྔམ་པར་གྱུར་པའི་སེམས་ཀྱིས་དགེ་བའི་སེམས་སུ་གྱུར་ནས་སྡོམ་པ་འདི་འཛིན་པར་བྱེད་ལ། དེ་རབ་ཏུ་དང་བ་དང ། གུས་པ་དང་བཅས་པར་ ཡང་གྱུར་ནས། དེ་ཕྱིས་གལ་ཏེ་ཤེད་ན་མུ་སྟེགས་པའི་གནས་ནས་ཐོས་ན་འགྱོད་པར་གྱུར་ཏེ་རྙོག་པའི་བདག་ཉིད་དུ་གྱུར་ནས་གཏོང་ངོ ། །ཕྱིས་ཡང་དམ་པའི་ཆོས་ཐོས་ནས་འཛིན་པར་བྱེད་དོ། །འདི་ནི་ཉམས་པ་ཡིན་ནོ། །གཞན་ཡང་ཆད་པ་ཇི་ལྟར་ཆད་པར་འགྱུར་བ་ ཡིན། འདི་ནི་དགེ་བསྙེན་དག་གྱ་གྱུས་བསླབ་པའི་གཞི་འཛིན་པས་གལ་ཏེ་ན་ལྷ་རྣམས་མཆོད་པར་བྱེད་པ་ན་གལ་ཏེ་ཇི་ལྟར་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེས་དགའ་བར་འགྱུར་བའམ། ཡང་ན་ལྷ་དེའི་ཚིག་གིས་བདག་ལ་བདེ་འགྲོར་འབྱུང་བར་འགྱུར་རོ། །དེ་ལྟ་ བུ་དེས་དོགས་པར་བྱས་ནས་ཆོས་སྤྱོད་པར་བྱེད་དེ་འདི་ནི་ཆད་པ་ཞེས་བརྗོད་དོ། །གཞན་ཡང་ཟགས་པ་གང་ཞེ་ན། འདི་ན་ནང་སྟོང་པར་གྱུར་པ་རྣམས་ཕྱི་རོལ་ན་སེམས་དགེ་བ་བཞིན་དུ་གཞན་རྣམས་ལ་མཚོན་པར་བྱེད་དོ། །དེ་ཡང་ནང་རུལ་བར་གྱུར་ཀྱང་ཡིད་ཆེས་པ་བསྐྱེད་ པའི་དོན་དུ་བསླབ་པའི་གཞི་རྣམས་འཛིན་པར་བྱེད་དོ། །འདི་ནི་ནང་སྟོང་པ་ཡིན་ནོ། །སྔ་ཕྱིར་བསླབ་པའི་གཞི་ལ་སྤྱོད་པའི་དགེ་བསྙེན་དེས་འདི་སྤོང་བར་བྱེད་པ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཐུན་ཚགས་སུ་སྤྱོད་པའི་དགེ་བསྙེན་ཡིན་ན་འདི་ལ་བསླབ་པའི་གཞི་གཅིག་བླངས་ ནས་དུས་བར་ཆོད་པར་གྱུར་པ་ན་དེ་རྣམ་པར་དཔྱོད་པ་པོར་གྱུར་ནས་བསླབ་པའི་གཞི་གཞན་འཛིན་པར་བྱེད་དོ། །དེ་ལྟར་སྔ་ཕྱི་རིམ་པས་དེའི་དུས་ཀྱི་སེམས་བསྐྱེད་པ་གཅིག་གིས་བླ་མ་གཅིག་མ་ཡིན་པའི་དྲུང་ནས་དེ་ལྟར་ཐུན་ཚགས་སུ་གྱུར་པའི་བསླབ་པའི་གཞི་རྣམས་སྔ་ 70-1-105a ཕྱིའི་དུས་སུ་འཛིན་ནོ། །འདི་ནི་སྔ་ཕྱིར་བསླབ་པ་སྤྱོད་པའི་དགེ་བསྙེན་ཞེས་བྱའོ། །གཞན་ཡང་དགེ་བསྙེན་གཉིས་པ་ཡོད་དེ། ཕྱེད་ཉམས་པར་སྤྱོད་པ་ཞེས་བྱའོ། །ཕྱེད་ཉམས་པར་སྤྱོད་པ་གང་ཞེ་ན། འདི་ན་བསླབ་པའི་གཞི་རྣམས་དུས་ གཅིག་ཏུ་ནི་མི་འཛིན་ལ་ཅི་སྟེ་ན་གཉིས་ནི་སྔར་རོ། །དུས་བར་དུ་ཆོད་པར་གྱུར་པས་གསུམ་ནི་ཕྱི་ནས་སོ། །ཇི་སྟེ་ན་གསུམ་ནི་སྔར་རོ། །ཕྱི་ནས་གཉིས་འཛིན་ནོ། །ལེན་པར་ཡང་བྱེད་དོ། །འདི་ལ་ནི་ཕྱེད་ཉམས་པ་སྤྱོད་པ་ཞེས་བྱ་སྟེ། བསླབ་པའི་གཞི་ཕྱེད་ ཉམས་པར་གྱུར་པའི་རྒྱུ་གང་ཡིན་པས་སོ། །ཕྱེད་ཉམས་པ་རྣམ་པར་ཡང་འཛིན་ཏོ། །འདི་ལ་ནི་ཕྱེད་ཉམས་པར་སྤྱོད་པའི་དགེ་བསྙེན་ཞེས་བརྗོད་དེ་གཉིས་པའོ། །འགྱོད་པ་དང་བཅས་ནས་འཛིན་པར་འགྱུར་བའི་དགེ་བསྙེན་གསུམ་པ་གང་ཞེ་ན། སྔར་བསླབ་ པའི་གཞི་འཛིན་པར་མི་བྱེད་ལ་དོན་ཡོད་པའི་རབ་ཏུ་དང་བ་འབའ་ཞིག་གིས་སངས་རྒྱས་ལ་སོགས་པ་ལ་རབ་ཏུ་དང་བར་འགྱུར་རོ། །དེ་གལ་ཏེ་ཤེད་ན་དགེ་སློང་རྣམས་ཀྱི་དྲུང་ནས་སྡོམ་པའི་འབྲས་བུ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་བ་ཐོས་པར་འགྱུར་ ལ་འབྲས་བུ་དེ་ཐོས་ནས་ཀྱང་འགྱོད་པའི་མེས་སྲེག་པར་གྱུར་པས་གུས་པ་དང་བཅས་པར་གྱུར་ནས་ཇི་སྲིད་འཚོའི་བར་དུ་བསླབ་པའི་གཞི་རྣམས་འཛིན་པར་བྱེད་དོ། །འགྱོད་པ་དང་བཅས་པའི་དགེ་བསྙེན་ཞེས་བྱ་བ་ནི་འདི་ལ་བརྗོད་པ་ཡིན་ནོ། །གཞན་ཡང་དགེ་བསྙེན་བཞི་པ་ཡོད་ དེ། ཐམས་ཅད་ཀུན་ནས་ཚོགས་པར་སྤྱོད་པའོ། །ཐམས་ཅད་ཀུན་ནས་ཚོགས་པར་སྤྱོད་པར་གྱུར་པའི་དགེ་བསྙེན་གང་ཞེ་ན། འདི་ན་དམ་པའི་ཆོས་རྣམས་ལ་ཐོས་པ་དང་ལྡན་པར་གྱུར་ནས་ཚིག་དང་ཚིག་ཏུ་གྱུར་པ་རྣམས་དང ། གནས་རྣམས་དང ། མདོ་དང་མདོ་ རྣམས་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀྱང་རྟོགས་ནས་སེམས་འཇོག་པར་བྱེད་ཅིང་དད་པ་དང་ལྡན་པར་གྱུར་པ་དང ། དབང་པོ་དུལ་བས་སྡོམ་པ་ཐམས་ཅད་འཛིན་པར་བྱེད་དེ། དུས་འདིར་བསླབ་པའི་གཞི་ལྔ་ཀ་ཡོངས་སུ་རྫོགས་པར་འཛིན་པར་བྱེད་དོ། ། 70-1-105b ལེགས་པར་འཛིན་པར་བྱེད་དོ། །མ་ཉམས་པ་དང ། མ་ཆད་པ་དང ། མ་ཟགས་པར་ཇི་སྲིད་འཚོའི་བར་དུ་འཛིན་པར་བྱེད་དོ། །དེ་ལ་སྔར་བཤད་པའི་དགེ་བསྙེན་བཞི་པོ་དེ་དག་རྣམས་དང་ཕྱིས་ཀྱི་བཞི་པོ་རྣམས་ཏེ། དེ་ལས་དེ་དག་རྣམས་ཀྱི་དམན་པ་དང ། བར་ མ་དང ། ཁྱད་པར་དུ་འཕགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་སྔར་གྱི་མཆོག་དང ། འདིར་ནི་ཀུན་ནས་ཚོགས་པར་སྤྱོད་པ་ཡིན་ནོ། །ཐམས་ཅད་ལས་ཉུང་བ་ནི་སྔ་ཕྱིར་བསླབ་པའི་གཞི་ལ་སྤྱོད་པའོ། །ཐམས་ཅད་ལས་ཉུང་བར་གྱུར་པའི་དགེ་བསྙེན་སྐད་ཅིག་ཙམ་ སྡོམ་པ་འཛིན་པར་བྱེད་པ་དེའི་ཡང་གཞལ་དུ་མེད་པ་ཡིན་པས་ན་གཞན་ལྷ་རྣམས་དང་བདུད་ལ་སོགས་པ་དང ། དབང་པོ་རྣམས་ཀྱིས་ཀྱང་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པས་ཡོངས་སུ་བསྡུས་པའི་ངོ་བོ་ཡིན་པའི་ཕྱིར་རོ། ། ལྷ་དེ་དག་རྣམས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །སྡོམ་པ་སྔོན་དུ་འཛིན་པ་ནི་སའི་གནོད་སྦྱིན་གྱིས་སྔོན་ལ། ལེགས་པར་མངོན་པར་མཐོང་ནས་མཆོད་པར་བྱེད་དོ། །ཕྱག་འཚལ་བར་བྱེད་དོ། །བར་སྣང་ལ་རྒྱུ་བའི་ གནོད་སྦྱིན་གྱིས་མངོན་པར་མཐོང་ནས་མཆོད་པར་བྱེད་དོ། །ཕྱག་འཚལ་བར་བྱེད་དོ། །ཆོས་དང་ལྡན་པའི་བསམ་པས་ཀྱང་འདི་ལ་ལྷན་ཅིག་ཞབས་འབྲིང་བྱེད་ཅིང་འགྲོའོ། །ལྷ་རྣམས་ལ་ཡང་གོ་བར་བྱེད་དོ། །མཐོང་བའི་ཆོས་ཀྱི་འབྲས་བུ་ཡང་རྒྱལ་པོ་དང་རྒྱལ་པོའི་ བློན་པོ་རྣམས་ཡུལ་གྱི་བདག་པོ་དག་གིས་ཀྱང་མཆོད་པར་བྱེད་དོ། །དེ་དག་རྣམས་ཀྱིས་ཡང་ལེགས་པར་སྦྱོར་བར་བྱེད་དོ། །གང་ཡང་འདི་ཕྱི་བཞིན་དུ་ལྷ་རྣམས་ཉེ་བར་གནས་པར་གྱུར་པས་དེ་རྫུ་འཕྲུལ་ཆེ་བར་འགྱུར་བ་དང ། སྟོབས་ཆེ་བར་འགྱུར་རོ། །གནོད་སྦྱིན་ ཆོས་བྱེད་པ་མ་ཡིན་པ་གཞན་རྣམས་ཀྱིས་ཀྱང་ཐོ་བཙམ་པར་མི་ནུས་སོ། །གང་གི་ཚེ་སེམས་ཁྲལ་མང་པོ་སྣ་ཚོགས་པ་ཡོད་པར་གྱུར་པ་དེ་དག་རྣམས་ཀྱང་འདིས་བདེ་བར་འགྲུབ་པར་འགྱུར་རོ། །འདིའི་ལས་ཀྱི་མཐའ་རྣམས་ཀྱང་ཚེགས་མེད་པར་འགྲུབ་པར་འགྱུར་ 70-1-106a རོ། །ནད་རྣམས་ཀྱིས་ཀྱང་ཤིན་ཏུ་བར་ཉོན་མོངས་པར་མི་འགྱུར་རོ། །འདིའི་བཞིན་གྱི་མདངས་ཀྱང་གསལ་བར་འགྱུར་རོ། །བདེ་བར་གཉིད་ལོག་ནས་སད་པར་འགྱུར་རོ། །བུ་དང ། བྲན་ཕོ་དང ། བྲན་མོ་དང་ལས་བྱེད་པ་རྣམས་དང ། ཞོ་ཤས་འཚོ་ བ་རྣམས་ཀྱང་ལེགས་པར་འཛིན་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོ་ལྷའི་འཇིག་རྟེན་རྣམས་སུ་སྐྱེའོ། །ལྷ་རྣམས་ཀྱི་ནང་ན་ཡང་ཚད་དང ། མདོག་དང ། དབྱིབས་རྣམས་ཇི་ལྟར་སྡོམ་པ་བཟུང་བ་དེ་ཆེས་གཙོ་བོར་འགྱུར་རོ། །དེ་ལྟར་སྡོམ་པ་བཟུང་ བའི་ལས་ཀྱི་དབང་གིས་འབྲས་བུ་ཤིན་ཏུ་ཆེ་བར་གྱུར་པ་གང་དག་གིས་དགེ་བ་ཉེ་བར་བསྐྱེད་ནས་ཀྱང་བག་མེད་པར་གྱུར་པས་འཐབ་བྲལ་དུ་ཟད་པར་བྱེད་པ་རྣམས་ནི་སེམས་ལས་ཀྱི་དྲ་བས་ཀུན་ནས་ཉེ་བར་བཅིངས་པའི་སེམས་ཅན་རྣམས་ལས་ཀྱི་དབང་གིས་དམྱལ་བ་དང ། ཡི་ དགས་དང ། དུད་འགྲོ་རྣམས་སུ་སྐྱེའོ། །དེའི་ཕྱིར་དེ་ཉིད་ལ་ཇི་སྲིད་དུ་འཕགས་པའི་ཕྱག་རྒྱར་རྒྱུན་མ་ཆད་ཀྱི་བར་དུ་བསམ་པར་བྱའོ། །གང་ཡང་སེམས་ཀྱི་དབང་གིས་བག་མེད་པར་བསྟེན་པའི་ལྷ་རྣམས་ནི་འཆི་འཕོའི་དུས་ན་ཤིན་ཏུ་འགྱོད་པར་འགྱུར་རོ། །དགེ་བའི་ལས་ རྣམས་ཡོངས་སུ་ཟད་ན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་འགྲོའོ། །དེའི་ཕྱིར་ན་རིངས་པ་རིངས་པར་བག་མེད་པ་ཉིད་དུ་མ་བྱེད་ཅིག་།དགེ་བསྙེན་རྣམས་མཐོང་བའི་ཆོས་ལ་སྐྱོ་བ་བསྐྱེད་པའི་སྡུག་བསྔལ་ནི་བཞི་པའོ། །གང་ཡང་བྱ་བ་རྣམས་ལ་སྤྲོ་ བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །དེ་ལྟར་འཁོར་རྣམ་པ་གཅིག་ཡིན་ཏེ་སངས་རྒྱས་རྣམས་ཀྱི་དགེ་བསྙེན་གྱི་འཁོར་རོ། །དགེ་བསྙེན་མའི་འཁོར་རྣམས་ནི་གང་ཡིན། དགེ་བསྙེན་མའི་འཁོར་ཡང་རྣམ་པ་ནི་དུ་ཡིན་ན། སངས་རྒྱས་རྣམས་ ཀྱི་དགེ་བསྙེན་མ་ནི་རྣམ་པ་བཞི་སྟེ། དེ་ནི་དད་པ་ཅན་དང ། རིགས་སུ་རིམ་གྱིས་སྐྱེས་པ་དང ། བཏུལ་བ་དང ། གནས་ལྷན་ཅིག་ཏུ་བྱས་པ་དང་རྣམས་སོ། །དེ་ལ་དད་པ་དང་ལྡན་པའི་དགེ་བསྙེན་མ་དེ་གང་ཞེ་ན། དེ་སྐྱེ་བ་གཞན་དུ་ལེགས་པར་བསྒོས་པའི་རྒྱུད་ 70-1-106b དང ། བསྒོས་པའི་སེམས་དང ། འཇམ་པོར་སེམས་བསྒོམས་པ་དང ། ལེགས་པར་བསྒོས་པའི་རྒྱུད་དང་ལྡན་པས་སངས་རྒྱས་ཀྱི་གསུང་རབ་ཅུང་ཟད་ཙམ་ཡང་ཐོས་ནས་ལེགས་པར་རྟོགས་སོ། །ཡོངས་སུ་རིག་པར་འགྱུར་རོ། །རོ་མྱོང་བར་བྱེད་དོ། །འཇུག་པར་ཡང་བྱེད་ དོ། །དེའི་སེམས་ཆོས་འདུལ་བ་དེ་ལ་ཤིན་ཏུ་ལེགས་པར་གནས་པར་བྱས་ནས་སྡོམ་པ་ལེན་ལ་འཛིན་པར་ཡང་བྱེད་དོ། །བུད་མེད་ཀྱི་སེམས་ཀྱིས་ཀྱང་མི་འཕྲོག་གོ། །གཞན་མུ་སྟེགས་ཅན་གྱི་ཚིག་ཉེ་བར་རྙེད་པས་ཀྱང་སེམས་མི་འཕྲོགས་སོ། །གཞན་མུ་སྟེགས་ཅན་རྣམས་དང་ ལྷན་ཅིག་ཏུ་གླེང་སླངས་ཀྱང་མི་བྱེད་དོ། །སངས་རྒྱས་ལ་སོགས་པ་འབའ་ཞིག་ལ་སེམས་ཤིན་ཏུ་རབ་ཏུ་དང་བར་འགྱུར་རོ། །བསླབ་པའི་གཞི་ལྔ་ཀ་ཡང་དུས་གཅིག་ཉིད་དུ་པུས་མོ་བཙུགས་ནས་ལེན་ནོ། །དགེ་བསྙེན་མ་འདི་ནི་དད་པ་ཅན་ཞེས་བྱའོ། །དེ་ལ་དགེ་བསྙེན་མ་ རིགས་སུ་རིམ་གྱིས་སྐྱེས་པ་གང་ཞེ་ན། འདི་ན་རིགས་སུ་གྱུར་པ་ནི་བཟང་པོ་ཆོས་བྱེད། ཆོས་སྐྱབས་གནས་སུ་བྱེད་པ། ཆོས་སྐྱོབ་པར་བྱེད་པ། ཆོས་དཔུང་གཉེན་དུ་བྱེད་པ། ཆོས་ཀྱི་རིགས་རྒྱུད་ཅན། ཆོས་ལ་སྙིང་པོར་བྱེད་པ། ནེམ་ནུར་མེད་པར་སྤྱོད་པ། རྒོལ་བ་ གཞན་རྣམས་ཀྱིས་ནམ་ཡང་ཉེ་བར་འཇོམས་པར་མི་འགྱུར་བ། རྟག་ཏུ་དགེ་བསྙེན་གྱི་ཁྱིམ་དུ་འགྱུར་བ་དང ། སངས་རྒྱས་ལ་སོགས་པ་རྣམས་ལ་ཡང་ཤིན་ཏུ་བར་རབ་ཏུ་དང་བར་འགྱུར་རོ། །དེ་དག་གི་རིགས་སུ་བུ་མོ་གང་སྐྱེས་པ་དེ་རིགས་སུ་རིམ་གྱིས་སྐྱེས་པ་ནས་ བཟུང་ནས་དེ་སངས་རྒྱས་ཀྱི་གསུང་རྣམས་ཉན་ནོ། །ཉན་པ་ལས་རྙེད་ནས་དེའི་དོན་དུ་གཅིག་ཏུ་དེ་ལ་ཉན་ནོ། །དེ་རྟག་ཏུ་ལུས་བསྒོམས་པར་གྱུར་པའི་རྒྱུད་ཅན་རྒྱུད་ཡོངས་སུ་བསྒོམས་པར་གྱུར་པའི་དགེ་བསྙེན་མའོ། །དེ་ལ་བཏུལ་བ་ཞེས་བྱ་བའི་དགེ་བསྙེན་མ་གང་ ཞེ་ན། གང་དང་པོ་ཉིད་ནས་དད་པ་དང་ལྡན་པར་གྱུར་པ་ལ་སངས་རྒྱས་ལ་སོགས་པ་ལ་ནི་རབ་ཏུ་དད་པར་མ་གྱུར་པའོ། །དེ་གལ་ཏེ་དགེ་བའི་བཤེས་གཉེན་དང་བསྟེན་པས་དད་པ་སྐྱེད་པར་བྱེད་ལ་དེས་དེ་ལ་བསྟེན་པས་བྱས་པའི་ཡོན་ཏན་གྱིས་སྡོམ་པ་ཡང་ཡོངས་སུ་ 70-1-107a རྫོགས་པའམ། ཕྱོགས་གཅིག་པའམ། སྣ་འགའ་སྤྱོད་པ་རྣམས་ཀྱང་འཛིན་པར་བྱེད་དོ། །དགེ་བསྙེན་མ་བཏུལ་བ་ཞེས་བྱ་བ་ནི་དེ་ཡིན་ནོ། །དེ་ལ་དགེ་བསྙེན་མ་གནས་ལྷན་ཅིག་ཏུ་བྱས་པ་ཞེས་བྱ་བ་དེ་གང་ཡིན་ན། འདི་ན་གང་ཡང་གཞན་མུ་ སྟེགས་ཅན་དང་ལྷན་ཅིག་ཏུ་བརྗོད་པར་གྱུར་ལ་དེ་དག་དང་ཡང་ལྷན་ཅིག་ཏུ་གནས་པར་བྱེད་ལ་དེ་དག་གི་སྤྱོད་ལམ་རྣམས་ཀྱང་ཉེ་བར་འཛིན་པར་བྱེད་དོ། །ཉེ་བར་བཟུང་ནས་ཀྱང་གལ་ཏེ་དགེ་སྦྱོང་ཉེ་བར་འོངས་པར་གྱུར་ན་དེ་དེ་དག་རྣམས་ཀྱི་སྤྱོད་ལམ་ཡང་ཉེ་བར་འཛིན་པར་བྱེད་དོ། ། དེ་ཡང་ཁྱད་པར་དུ་གྱུར་པ་ཁོ་ནའི་དབྱིབས་སུ་གྱུར་པ་དང ། ཟས་ལ་སྤྱོད་པ་དང ། ཆོས་གོས་གྱོན་པ་དང ། འགྲོ་བ་དང་འོང་བའི་ཡོན་ཏན་རྣམས་རབ་ཏུ་ཞི་བའི་སྤྱོད་ལམ་མཐོང་ནས་སྐྱབས་སུ་འགྲོ་བའི་རིམ་གྱིས་གཞན་མུ་སྟེགས་ཅན་རྣམས་དང ། དགེ་སྦྱོང་རྣམས་ ལས་ཁྱད་པར་དུ་འཕགས་པ་ལེགས་པར་གྱུར་པ་སངས་རྒྱས་ལ་སོགས་པ་ལ་རབ་ཏུ་དང་བ་དང་དེས་གདུལ་བ་ཡང་ཡིན་ལ་སྡོམ་པ་ཡང་འཛིན་པར་བྱེད་དོ། །འདི་ནི་གནས་ལྷན་ཅིག་ཏུ་བྱས་པ་ཞེས་བྱ་བའི་དགེ་བསྙེན་མ་ཡིན་ནོ། །དེ་རྣམས་ཀྱང་བཞི་བཞི་དགེ་བསྙེན་ དང ། དགེ་བསྙེན་མ་རྣམས་ཡིན་ལ་དགེ་བསྙེན་མ་བཞི་མདོར་བསྡུས་ནས་ནི་རྣམ་པར་གཞག་པ་ཡིན་ལ། གལ་ཏེ་ཤེད་ན་མོས་པའི་དབང་དང་མོས་པའི་དབང་གིས་དང ། སེམས་ཀྱི་རྒྱུད་ཀྱི་དབང་གིས་དང ། རྐྱེན་གྱི་དབང་གིས་ཀྱང་གང་ཁོ་ན་སྔར་བརྗོད་པའི་ དགེ་བསྙེན་རྣམས་ཀྱིས་དགེ་བསྙེན་མ་ལ་ཡང་འགྱུར་རོ། །ཆོས་འདུལ་བའི་རྐྱེན་གྱིས་དགེ་བསྙེན་མ་ལ་ཡིན་པ་ནི་སྔར་བཤད་པའི་དགེ་བསྙེན་ལ་ཡང་འཇུག་པ་ཡིན་ནོ། །སེམས་ཀྱི་རྒྱུད་ཀྱི་དབང་གིས་དེ་ཡང་འདྲེན་མར་སྤྱོད་པ་ཞེས་བྱའོ། །དགེ་བསྙེན་དང་དགེ་ བསྙེན་མ་དེ་དག་ཐམས་ཅད་ཀྱང་དགེ་བའི་སྐལ་བ་ཅན། ཡང་དག་པའི་ལྟ་བ་ཅན། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་རྣམས་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པའི་སེམས་ཀྱིས་རྒྱུད་ཀྱིས་ལུས་ཞིག་པ་ན། མཐོ་རིས་བདེ་འགྲོ་ལྷའི་རིས་རྣམས་ 70-1-107b ཀྱི་འཇིག་རྟེན་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པ་རྣམས་སུ་སྐྱེའོ། །དེ་ལ་འགའ་ཞིག་ནི་འཐབ་བྲལ་གྱི་ལྷ་རྣམས་གང་དག་གི་ནང་དུ་སྐྱེ་སྟེ། དེ་ཇི་ལྟར་ཚུལ་ཁྲིམས་ཀུན་ཏུ་སྤྱད་ཅིང་ཉེ་བར་བསགས་པར་གྱུར་པའི་རྣམ་པ་དེ་ལྟ་བུར་འགྱུར་རོ། །དེ་བཞིན་ དུ་ལྷ་རྣམས་ཀྱི་རིས་གཞན་དུ་ཡང་ཚུལ་ཁྲིམས་དགེ་བར་གྱུར་པ་གང་དག་ཁོ་ནས་ཉེ་བར་བསྐྱེད་པར་གྱུར་ནས་ལྷ་རྣམས་བག་མེད་པར་སྤྱོད་པར་འགྱུར་ཏེ། ཅི་སྲིད་ཐ་མར་འཕགས་པའི་ཕྱག་རྒྱ་ཐོབ་པར་གྱུར་པ་དེ་སྲིད་ན་ཕྱིར་ཡང་སྤྱོད་པ་ནི་མ་ཡིན་ནོ། །དེ་དག་རྣམས་བསོད་ནམས་ ཟད་ནས་ཕྱིས་ཡང་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེའོ། །བསོད་ནམས་ཟད་པར་གྱུར་པ་ཡང་བག་མེད་པའི་སྐྱོན་གྱིས་ཡིན་ལ་གང་ཡང་བག་མེད་པས་བག་མེད་པར་སྤྱོད་པ་མ་ཡིན་པ་དེ་ནི་བདེ་བ་ནས་བདེ་བའི་གོ་འཕང་དུ་འགྲོ་སྟེ། དེའི་ཚུལ་ཁྲིམས་ དེ་ལེགས་པར་བསྒོམས་པ་དང་ཤིན་ཏུ་རྣམ་པར་དག་པར་གྱུར་པའི་གཟི་བརྗིད་ཀྱིས་ཡིན་ནོ། །དེའི་ཕྱིར་ན་བག་མེད་པས་ཅུང་ཟད་ཀྱང་མ་གནས་ཤིག་།བག་མེད་པ་རྣམས་ནི་དུག་དང་འདྲ་བའོ། །བྱིས་པའི་སྐྱེ་བོ་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་དོན་ཐམས་ཅད་ རླག་པར་བྱེད་པ་འཁོར་བ་ཐམས་ཅད་དུ་འཆིང་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བག་མེད་པ་རྣམས་ནི་ལྷའམ་མི་རྣམས་ཀྱིས་ཀྱང་མི་བྱའོ། །གང་ཡང་ལྷ་དང་མི་རྣམས་ཀྱང་རུང་སྟེ། རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་ཀྱིས་མཛེས་པར་གྱུར་ནས་སྐྱེ་བོ་རྣམས་བག་མེད་པའི་ སྐྱོན་གྱིས་འདའ་བར་བྱེད་པ་དེ་ནི་ཤིན་ཏུ་བསླུས་པའི་རྙེད་པ་ཅན་དུ་འགྱུར་ནས། ངན་འགྲོར་གྱུར་པའི་འཁོར་བར་ཡང་དུས་ཡུན་རིང་དུ་ཡང་འཁོར་བར་ཡོངས་སུ་འཁྱམ་པར་འགྱུར་རོ། །དེ་ལྟར་མུ་སུ་ལུན་དྷ་འདིས་ལྷ་དེ་དག་རྣམས་ལ་སྟོན་པར་བྱེད་དོ། །གང་སེམས་ཅན་རྣམས་ ལ་ཐུགས་བརྩེ་བ་པོ་བཅོམ་ལྡན་འདས་དེས་ལྷ་དང་མི་རྣམས་ལ་ཕན་པའི་དོན་དུ་རྫུ་འཕྲུལ་མཛད་ནས་སྤྲུལ་པའི་མཆོད་རྟེན་ན་བྱང་བུ་ལ་བྲིས་པ་དེ་ཐོས་ནས་ཀྱང་ལྷ་རྣམས་ཤིན་ཏུ་ཡིད་བྱུང་བར་གྱུར་པས་ཀྱང་འཁོར་བ་ལ་སྐྱོ་བ་སྐྱེའོ། །བག་མེད་པ་རྣམས་ཀྱང་དུག་བཞིན་དུ་སྤོང་ངོ ། ། 70-1-108a དགེ་བསྙེན་དང་དགེ་བསྙེན་མའི་རྣམ་གྲངས་རྣམས་ནི་བཤད་ནས་དགེ་སྦྱོང་གི་འཁོར་རྣམས་ནི་གང་དག་ཡིན། རྣམ་པ་ནི་དུ་ཡོད། ཡོན་ཏན་ནི་ཅི་ཡིན། ཅིས་གནས་པ་ཡིན། སྡོམ་པ་ཇི་ལྟ་བུ་ཡིན། དགེ་སྦྱོང་རྣམས་ཀྱི་སྡོམ་པ་སྐྱེ་བའི་རྣམ་པ་རྣམས་ནི་ དུ་ཞིག་ཡོད་ཅེ་ན། བཅོམ་ལྡན་འདས་ཀྱི་དགེ་སྦྱོང་མ་དང ། དགེ་སྦྱོང་གང་དག་ཀྱང་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པར་བྱེད་པ། ཉིན་དང་མཚན་དུ་བསམ་གཏན་བྱེད་པ་དང ། བརྩོན་འགྲུས་རྩོམ་པས་བདུད་ཀྱི་འཁོར་རྣམས་རྣམ་པར་སྐྲག་པར་བྱེད་པར་གྱུར་པ་དེ་དག་ རྣམས་ལ་དགེ་སྦྱོང་མ་རྣམ་པ་དུ་ཡོད་ན་མཁས་པ་གསལ་བ་དུལ་བ། འཇིགས་པ་མེད་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་པོ་དེ་ཁོ་ན་ཉིད་ལ་རྗེས་སུ་དཔྱོད་པར་གྱུར་པ་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས་རྗེས་སུ་དཔྱོད་པར་གྱུར་ན་ནི་མྱ་ངན་ལས་ འདས་པའི་གྲོང་ཁྱེར་དུ་འཇུག་པར་ནུས་པ་ཡང་ཡིན་ནོ། །འདི་ན་བུད་མེད་ཡོན་ཏན་ཇི་ལྟ་བུ་རྣམས་དང་ལྡན་པ་ཡིན་ན་སྦྱོར་བ་རྣམས་ཐམས་ཅད་ཉིད་ལ་མཆོག་ཏུ་གྱུར་པ་ཐམས་ཅད་དུ་མུན་པ་རྣམས་སོ། །དེ་བཞིན་དུ་གྱུར་པ་ལས་དང་པོ་ཁོ་ན་ཐམས་ཅད་ཉིད་ནས་དེ་ཁོ་ན་ཉིད་ ལ་སོ་སོར་རྟོག་པར་བྱེད་དེ། སྐྱེས་པ་དང་བདག་ཉིད་ཀྱི་ལུས་ལ་ཡང་སྟེ་དེས་སྐྱེས་པ་ན་སོ་མཉམ་པ་རྣམས་དང ། མཉམ་པ་བས་ལྷག་པ་རྣམས་མཐོང་ནས་སྤུན་དང་བུའི་འདུ་ཤེས་ཀྱིས་སྒོམ་པར་བྱེད་དོ། །དེ་ལ་དེ་དག་རྣམས་ནི་དགེ་སྦྱོང་གི་རྩ་བ་རྣམ་པ་གསུམ་ཡིན་པ་ལ་འདི་ ལྟ་སྟེ། སྦྱོར་བ་ལས་བར་དུ་གཅོད་པར་བྱེད་པའི་བློའོ། །ཉིན་མོ་དང་མཚན་མོར་རམ། གཉིད་ལོག་པ་དང་སད་པ་རྣམས་སམ། དོན་གཞན་ལ་རབ་ཏུ་ཆགས་པའི་བྱིས་པ་རྣམས་སམ། གཞོན་ནུ་རྣམས་སམ། རྒན་པོ་རྣམས་སམ། མཉམ་པར་གནས་པ་རྣམས་སམ། མི་མཉམ་པར་གནས་པ་རྣམས་སམ། སྐྱིད་པར་གྱུར་པ་རྣམས་སམ། ནད་མེད་པ་རྣམས་སམ། ནད་པ་རྣམས་སམ། འབད་པ་དང་བཅས་པ་རྣམས་སམ། བརྩོན་འགྲུས་དམན་པ་རྣམས་སམ། བསྲུངས་པ་རྣམས་སམ། རིགས་ལ་ལེགས་པར་གནས་པ་རྣམས་ 70-1-108b སམ། བསྲུངས་པ་དང་རིགས་མཉམ་པ་རྣམས་སམ། གཟུགས་བཟང་བ་རྣམས་སམ། གཟུགས་ངན་པ་རྣམས་སམ། ལམ་ན་གནས་པ་རྣམས་སམ། ཁྱིམ་ན་གནས་པ་རྣམས་སམ། ཡུལ་ལྗོངས་གང་བའི་གསེབ་ཏུ་སོང་བ་རྣམས་སམ། ཁང་པ་སྟོང་པ་ན་ གནས་པ་རྣམས་སམ། ཆ་བྱད་བཟང་བ་རྣམས་སམ། ཆ་བྱད་ངན་པ་རྣམས་སམ། བག་ཡངས་སུ་གནས་པ་རྣམས་སམ། བཙོན་ཁང་ན་བཅིངས་པ་རྣམས་སམ། བདག་པོས་བསྐྱངས་པ་རྣམས་སམ། བྱིས་པ་ནས་བསྐྱངས་པ་རྣམས་སམ། བླ་མ་དང་ཉེ་ བའམ་འོག་མ་རྣམས་དང་ཉེ་བ་ཡང་རུང་དེ་བཞིན་དུ་ན་ཚོད་མཉམ་པས་རྗེས་སུ་འཐུན་པ་རྣམས་དང ། ཉེ་བའམ་ནད་ཀྱིས་ལྷག་པར་གཟིར་བ་རྣམས་ཀྱང་རུང་སྟེ། དེ་དག་རྣམས་ཉིད་ཐམས་ཅད་ལ་ཡང་བུད་མེད་རྣམས་ཉིད་རྟག་ཏུ་བདག་ཉིད་ཐམས་ཅད་ཀྱིས་དང ། དུས་ ཐམས་ཅད་དང ། གནས་སྐབས་ཐམས་ཅད་དུ་རྟག་པ་ཁོ་ནར་འདོད་ཆགས་སྙིང་ལ་ཀུན་ཏུ་བཅིངས་པས་རྗེས་སུ་འཇུག་པར་བྱེད་དོ། །དཔེར་ན་ཉི་མ་ནི་འོད་དང་ལྡན་ལ་མེས་ནི་སྲེག་།ས་གཞི་ནི་སྲ། རླུང་ནི་ཡང་ཞིང་གཡོ་བ་ཉིད། ཆུ་ནི་རླན་ཞིང་གཤེར་བར་གྱུར་པ་ རྣམས་ལ་ཡང་ཇི་ལྟར་འབྱུང་བ་ཆེན་པོ་བཞིའི་རང་གི་མཚན་ཉིད་མཐར་ཐུག་པའི་བློ་འབྱུང་བར་འགྱུར་རོ། །དེ་ལྟར་བུད་མེད་རྣམས་ཐམས་ཅད་དུ་ཡང་དུས་ཐམས་ཅད་དུ་རྟག་པར་འདོད་ཆགས་རྗེས་སུ་འབྲེལ་པ་འདོད་ཆགས་ཕྱི་བཞིན་རྗེས་སུ་འབྲང་བ་ཡིན་ནོ། །དེ་ཉིད་ལས་དྲི་ མ་གཞན་གཉིས་འབྱུང་སྟེ།འདི་ལྟར་ཕྲག་དོག་དང་སེར་སྣའོ། །དེ་དག་གཉིས་ལས་རྗེས་སུ་འབྲང་བ་ནི་དྲི་མ་ལྷན་ཅིག་སྐྱེས་པ་གཅིག་ཡིན་ཏེ། འདི་ལྟ་སྟེ། གཡོའོ། །དེའི་རྗེས་སུ་འགྲོ་བ་དྲི་མ་གཞན་འདི་ལྟ་སྟེ། སླུ་བར་བྱེད་པའོ། །དེའི་རྗེས་སུ་འབྲང་བའི་དྲི་མ་གཞན་ རྣམས་ནི་འདི་ལྟ་སྟེ། སྲིད་པ་ལས་མི་འབྲལ་བའོ། །དེའི་རྗེས་སུ་འབྲང་བ་དྲི་མ་གཞན་རྣམས་ནི་དབྱིབས་ལེགས་པ་ལ་རྗེས་སུ་ཆགས་པར་འགྱུར་ཞིང་མི་མཉམ་པར་གནས་པ་རྣམས་སྤོང་བའོ། །དེའི་རྗེས་སུ་འབྲང་བ་དྲི་མ་གཞན་རྣམས་ནི་རྩབ་ཧྲལ་ཅན་ནོ། །དེའི་རྗེས་སུ་ 70-1-109a འགྲོ་བ་དྲི་མ་གཞན་རྣམས་ནི་རྟག་ཏུ་རང་གི་སྐྱེ་བོ་དང་རྩ་ལག་རྣམས་དང་ལྷན་ཅིག་ཏུ་འཐབ་རྩོད་བྱེད་པའོ། །དེའི་རྗེས་སུ་འགྲོ་བ་དྲི་མ་གཞན་རྣམས་ནི་རྟག་ཏུ་འབྱེད་པའི་སྤྱོད་པ་ལ་ངེས་པར་སྤྲོ་བའོ། །དེའི་རྗེས་སུ་འབྲང་བ་དྲི་མ་གཞན་རྣམས་ནི་རྒྱབ་ཀྱི་ཤ་ཟ་བར་ བྱེད་པའོ། །དེའི་རྗེས་སུ་འགྲོགས་པའི་དྲི་མ་རྣམས་ནི་བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པའོ། །དེའི་རྗེས་སུ་འབྲང་བ་དྲི་མ་གཞན་རྣམས་ནི་ཡིད་ཆེས་པ་མི་སྐྱེ་བའོ། །དེའི་རྗེས་སུ་འབྲང་བ་དྲི་མ་གཞན་རྣམས་ནི་བུད་མེད་གཞན་རྣམས་ལ་དབྱེ་བའི་སྤྱོད་པ་སློབ་པར་བྱེད་པའོ། ། དེའི་རྗེས་སུ་སོང་བའི་དྲི་མ་གཞན་རྣམས་ནི་གང་ལ་ཡང་དགའ་བ་མེད་པའོ། །དེའི་རྗེས་སུ་འཇུག་པའི་དྲི་མ་གཞན་རྣམས་ནི་གསུས་པ་བསྐྱོད་པར་བྱེད་པའོ། །དེའི་རྗེས་སུ་འཇུག་པའི་དྲི་མ་གཞན་རྣམས་ནི་ཡུལ་ལྗོངས་རྣམས་འཇིག་པར་བྱེད་པའོ། །དེའི་རྗེས་སུ་འཇུག་པའི་དྲི་ མ་གཞན་རྣམས་ནི་མུན་པ་ནས་མུན་པའི་ཁྲོད་དུ་གྱུར་པ་དམྱལ་བ་རྣམས་ཁོ་ནར་འགྲོ་བ་ཡིན་པའི་ཕྱིར་ན་འཆིང་བ་དང ། དུག་དང ། མཚོན་དང ། གཡང་ས་དང ། མེ་དང ། ངམ་གྲོག་དང ། སྦྲུལ་ལ་སོགས་པ་དང་འདྲ་བ་ནི་བུད་མེད་རྣམས་ཡིན་ནོ། །གལ་ཏེ་ཤེད་ན་དཀོན་ མཆོག་གསུམ་མཐོང་བ་དང ། བསྙད་པ་དང ། སངས་རྒྱས་ཀྱི་ཆོས་བསྒྲགས་པས་ཀྱང་སེམས་འཇམ་པོར་བྱས་པར་གྱུར་ན་དེའི་གཉེན་པོ་རྣམས་ནི་འདིར་ཤིན་ཏུ་ངོ་མཚར་བ་ཡིན་ཏེ། རྣམ་པ་དེ་ལྟ་བུར་མ་བགྲུངས་པའི་སྐྱེ་བོ་རྣམས་ཀྱང་གང་གི་ཕྱིར་ཐབས་ཀྱི་རིམ་པ་རྣམས་ཀྱིས་ རང་གི་རྒྱུད་སྦྱོང་བར་འགྱུར་ཞིང་གཞན་རྣམས་ཀྱི་རྒྱུད་ཀྱང་སྦྱོང་བར་བྱེད་པར་འགྱུར་རོ། །དད་པས་རབ་ཏུ་བྱུང་བས་ལེགས་པར་སྦྲེལ་བར་གྱུར་པས་དགེ་བ་བསྒོམས་པའི་རྒྱུད་ཀྱི་ངོ་བོར་གྱུར་པའམ། དེ་ཡང་ན་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པས་ཀྱང་རུང་སྟེ། དེ་ཇི་ སྐད་བཤད་པའི་སྐྱོན་གྱི་མུན་པའི་ཚོགས་རྣམས་ཐོག་མ་མེད་པའི་དུས་ནས་སེམས་ཀྱི་རྗེས་སུ་འབྲེལ་པ་རྣམས་རྣམ་པར་འཇིག་པར་འགྱུར་བ་ནི་ཇི་ལྟར་ཉི་མ་ཤར་བར་གྱུར་པ་ན་རིའི་ཕུག་དང་གསེབ་རྣམས་སུ་ཞུགས་པའི་མུན་པའི་ཚོགས་གནས་དུ་མ་རྣམས་ན་གནས་པ་རྣམས་འཇོམས་ 70-1-109b པར་འགྱུར་རོ། །དེ་བཞིན་དུ་དམ་པའི་ཆོས་ཀྱི་ཉི་མའི་གཏམ་རྣམས་གླེང་སླངས་པར་གྱུར་ན་སྐྱོན་གྱི་རི་བོ་རྣམས་ངེས་པར་རྣམ་པར་འཇིག་པར་འགྱུར་རོ། །དེའི་ཕྱིར་ན་རྣམ་པ་དེ་ལྟ་བུ་རྣམས་རབ་ཏུ་འབྱུང་བར་འདོད་པ་དང ། དགེ་སྦྱོང་མ་རྣམས་ཀྱིས་དང་པོ་ཁོ་ནར་སྐྱེས་བུ་དམ་ པ་མ་ཡིན་པ་རྣམས་ལ་བསྟེན་པར་མི་བྱའོ། །གང་ཇི་སྐད་དུ་བསྟན་པའི་ཡང་དག་པའི་གཉེན་པོར་གྱུར་པ་དེ་དག་རྣམས་ནི་དགེ་བའི་བཤེས་གཉེན་དེས་སྟོན་པ་ཡིན་པའི་རྒྱུའི་ཕྱིར་རོ། །ལམ་དམ་པར་རབ་ཏུ་འཇོག་པར་ཡང་བྱེད་དོ། །སྡུག་བསྔལ་རྣམས་ལས་རྣམ་པར་ གྲོལ་བར་བྱས་ནས་བདེ་བ་ལ་འཇོག་པར་བྱེད་དོ། །ལེགས་པའི་ལམ་ཡང་རབ་ཏུ་སྟོན་པར་བྱེད་དོ། །ཐོག་མ་མེད་པའི་དུས་ནས་འཇུག་པ་ཅན་གྱི་མུན་པ་རྣམས་ཀྱང་འཇོམས་པར་བྱེད་དོ། །དགེ་བའི་ལམ་སྲང་རྣམས་ཀྱང་ཉེ་བར་འདོམས་པར་བྱེད་དོ། །དུས་རིང་པོ་ ནས་རང་ཉིད་དམ་པར་ཟུག་པའི་འདོད་ཆགས་ལ་སོགས་པའི་ཟུག་རྔུ་རྣམས་གཏན་ནས་འདོན་ནོ། །སྲེད་པའི་ངམ་གྲོག་ཏུ་སོང་བ་རྣམས་ལས་ཡོངས་སུ་སྐྱོབ་པར་བྱེད་དོ། །རྟག་པར་རྒ་བ་མེད་པ་འཆི་བ་མེད་པའི་གྲོང་ཁྱེར་གྱི་བདེ་བའི་གོ་འཕང་ཡང་ལེགས་པར་སྟོན་ ནོ། །དེའི་ཕྱིར་ན་དྲི་མ་དེ་དག་རྣམས་ལས་གོ་བཟློག་པའི་ཚིག་དེ་རྣམས་བདག་གིས་བསྟན་པར་བྱའོ། །སྔ་ཕྱིའི་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྒྲགས་པ་རྣམས་གོ་རིམས་ཇི་ལྟ་བ་བཞིན་དུ་དྲི་མ་རྣམས་དེ་ལས་བཟློག་པ་རྣམས་ཀྱིས་རབ་ཏུ་འཇོམས་པར་འགྱུར་རོ། ། འདི་དག་རྣམས་ཐམས་ཅད་ནི་དེ་ཁོ་ན་བཞིན་དུ་བུད་མེད་རྣམས་ལ་ཡིན་གྱི་སྐྱེས་པ་རྣམས་ལ་ནི་ཕལ་ཆེར་མ་ཡིན་ན། བུད་མེད་རྣམས་ལ་ནི་ཕྲག་དོག་དང་སེར་སྣ་དག་ཕལ་ཆེ་བ་ཡིན་ནོ། །དེ་དག་རྣམས་ལ་ནི་ལུགས་དང་འཐུན་པ་ལ་ལུགས་ལས་བཟློག་པས་ གཉེན་པོར་འགྱུར་བ་དང ། འཁོར་བ་ལ་ངེས་པར་འབྱིན་པར་ཡང་འགྱུར་རོ། །འདོད་ཆགས་ལྷག་པའི་བུད་མེད་དེ་རྣམས་ལ་མི་སྡུག་པའི་གཉེན་པོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་ལྟ་བ་ནི་ནད་ཀྱི་གནས་མི་གཙང་བ་རྣམས་ཀྱི་ཕུང་པོ་ཐམས་ཅད་ཀྱང་ 70-1-110a བཤང་བའི་གནས་ཀྱི་ཕུང་པོར་གྱུར་པ་དེ་ལ་ལུས་དེ་ཉིད་ལ་རེ་ཞིག་རང་གིའམ་གཞན་གྱི་ཡང་རུང་སྟེ། ལུས་ཀྱི་རང་གི་མཚན་ཉིད་ལ་རབ་ཏུ་དཔྱོད་པར་བྱེད་དེ། ལུས་འདི་ཅི་ལས་བྱུང་བར་འགྱུར་ན་ཁུ་ཆུ་དང་ཁྲག་གཉིས་ཀྱི་མི་གཙང་བའི་ཕུང་པོ་ལས་བསྐྱེད་ཅིང་ ཡོངས་སུ་གྱུར་པ་གཉིས་ཀྱིས་བདག་གི་ལུས་བསྐྱེད་པ་ཡིན་པར་དེས་མཐོང་ངོ ། །དེས་ཀྱང་ལུས་གཟུགས་ངན་པ་དང་མི་གཙང་བ་སྟེ། དེས་ཡང་ལུས་དེ་ཉིད་ལ་སོ་སོར་རྟོག་པར་བྱེད་དོ། །གསོན་པའི་ལུས་འདི་ནི་མི་གཙང་བ་ཡིན་ན་གལ་ཏེ་བདག་ཅག་གི་ལུས་དེ་ལ་གཙང་མར་གྱུར་ པ་ཅུང་ཟད་ཙམ་ཅིག་ཡོད་དམ་བྱ་བར་རོ། །གཞན་ཡང་དེས་དེ་ཁོ་ན་ཉིད་ཚོལ་ཞིང་ལྟ་བར་བྱེད་པ་ན་ལུས་འདི་ནི་རྨ་དགུ་ནས་མི་གཙང་བ་རྣམས་ཡོངས་སུ་འཛག་པ་ཡིན་ནོ། །བུད་མེད་རྣམས་དང་སྐྱེས་པ་རྣམས་ལ་ཡང་དགུ་ཡིན་ནོ། །དགུ་པོ་རྣམས་ཀྱང་གང་ཞེ་ན། ཉེ་བར་འབྱུང་བ་ ལྷག་པར་གྱུར་པ་ནི་བུད་མེད་རྣམས་ཡིན་པ་འདི་ལྟ་སྟེ། ཉེ་བར་གནས་པའི་ནུ་མ་གཉིས་པོ་ལས་སོ། །བཤང་བ་དང་གཅི་བ་དང་སྣའི་བུ་ག་དག་ལས་སྣབས་ཡོངས་སུ་འབབ་བོ། །མིག་གཉིས་ལས་ནི་མཆི་མའོ། །རྣ་བ་གཉིས་ལས་ནི་དྲི་མའོ། །ཁ་ནས་ནི་ཁྲག་དང་ རྣག་གོ། །དྲི་ངན་པ་དང་ལྡན་པ་རླུང་དང ། མཁྲིས་པ་དང ། བད་ཀན་དང ། ཁྲག་དང ། བཤང་བ་རྣམས་དང་དེ་ལྟ་བུ་ལ་སོགས་པ་མི་གཙང་བ་གཞན་ཡང་བརྒྱ་ཕྲག་ལུས་ལས་ཡོངས་སུ་འབབ་པ་རྣམས་དེ་ཁོ་ན་ཉིད་བསྒོམས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། ། བདག་ཅག་གིས་ལུས་ལ་གཙང་མར་གྱུར་པ་ནི་ཅུང་ཟད་དམ་བག་ཙམ་ཡང་མི་འབབ་ན་དེ་ལ་སུ་ཞིག་ལུས་འདི་ལེགས་པར་འཛིན་པར་བྱེད། གང་ཡང་རྟེན་འདི་དང་ཕྲད་ནས་གཙང་མ་དེ་དག་རྣམས་ཀྱང་ལུས་འདི་མི་གཙང་བའི་དབང་གིས་གཞན་ཉིད་ཁོ་ནར་འགྱུར་བར་དེས་ཡང་དག་ པར་སོ་སོར་རྟོག་པར་བྱེད་པ་ན་གང་དག་རྣམས་ཁོ་ན་ལུས་འདི་དང་འབྲེལ་པར་གྱུར་པ་གཙང་མ་རྣམས་ཐམས་ཅད་ཀྱང་དེ་ཁོ་ན་བཞིན་དུ་མི་གཙང་བར་འགྱུར་བར་མཐོང་ངོ ། །དཔེར་ན་གལ་ཏེ་འདིས་ཟས་དང་སྐོམ་བསོད་པ་རྣམས་ཐམས་ཅད་མེད་པར་གྱུར་ལ། ལུས་དེ་དང་འགྲོགས་ 70-1-110b པས་ཕྱི་སར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཟོས་པ་རྣམས་ཀྱང་དེ་ལྟར་ནང་དུ་ཐམས་ཅད་དུ་མི་གཙང་བར་བྱེད་པ་ཡིན་ནོ། །ཕྱི་རོལ་དུ་ཡང་ལུས་འདི་དང་སྤྲད་པ་ལས་གཙང་བ་དེ་རྣམས་འདིས་མི་གཙང་བར་བྱེད་དེ། དཔེར་ན་དྲིས་སྒོ་བར་བྱེད་པའི་དྲི་རྣམས་ཐམས་ ཅད་ཀྱང་ལུས་དང་བརྟེན་པ་ན་རྔུལ་གྱི་སྐྱོན་གྱིས་དྲི་མི་ཞིམ་པར་འགྱུར་རོ། །དེ་བཞིན་དུ་དྲི་ཞིམ་པོའི་མེ་ཏོག་རྣམས་ཐམས་ཅད་ཀྱང་ལུས་དང་བརྟེན་པས་རྙིངས་པ་དང་དྲི་མི་ཞིམ་པར་ཡང་འགྱུར་རོ། །དགེ་སློང་མ་དེ་དེ་ལྟར་གཞན་ཡང་དེ་ཁོ་ན་ལྟར་ལུས་ལ་སོ་སོར་རྟོག་པར་བྱེད་པ་ གང་གིས་ལུས་འདི་ངེས་པར་འཛིན་པ་མའི་ཐ་སྙད་ཀྱིས་ཀྱང་ལུས་འདི་ཡིན་ན་ལུས་འདི་གཙང་ངམ། ཅི་སྟེ་མི་གཙང་བ་ཞིག་ཡིན། དེ་ནས་དགེ་སློང་མ་སོ་སོར་དཔྱད་པར་གྱུར་པ་ན་རིགས་རྒྱུད་རྣམས་ཀྱི་མ་གང་ཡིན་པ་དེ་ཡང་ལུས་སྤྱིར་མི་གཙང་བ་ཡིན་པར་མཐོང་ངོ ། ། གཞན་ཡང་དགེ་སློང་མ་དེས་གང་ལ་ཡང་ལུས་འདི་གནས་པའམ་འདུག་པའི་ས་ཕྱོགས་རྣམས་དང་ཡུལ་ཕྱོགས་དག་ཅི་གཙང་བར་འགྱུར་རམ། མི་གཙང་བ་ཡིན་ཞེས་ལུས་དེ་ཉིད་ལ་སོ་སོར་རྟོག་པར་བྱེད་དོ། །དེས་ཡང་དེ་ལྟར་སོ་སོར་བརྟགས་པར་གྱུར་པ་ན་མཆོག་ཏུ་གཙང་ བ་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཡུལ་ཕྱོགས་གང་དག་ལ་ལུས་འདི་ཤི་བའམ། གསོན་པ་ཡང་རུང་སྟེ་བཞག་པར་གྱུར་པ་ན་སྲིན་བུ་དང ། དྲི་མ་དང ། སྐྲ་དང ། རུས་པ་དང་བཅས་པ་ཡིན་པས་ཡུལ་ཕྱོགས་ཐམས་ཅད་ཀྱང་དྲི་མི་ཞིམ་པར་ལུས་དང་འབྲེལ་པས་ འགྱུར་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང ། གཞན་ཡང་ལུས་དེ་ཉིད་ལ་དགེ་སློང་མ་དེས་འདོད་ཆགས་སྤང་བར་བྱ་བའི་ཆེད་དུ་སོ་སོར་རྟོག་པར་བྱེད་དེ། ལུས་འདི་གང་གིས་ཟ་བར་བྱེད་དེ། བྱ་བ་རྣམ་པ་དེ་ལྟ་བུ་དག་གིས་དེ་སོ་སོར་རྟོག་པར་གྱུར་པ་ལས་སྲིན་པོ་དང་ ཤ་ཟ་ལ་སོགས་པ་མི་གཙང་བར་གྱུར་པ་རྣམས་ཉིད་ལས་གཞན་རྣམས་གང་ཞིག་གིས་འདི་ཟ་བར་བྱེད། ངང་པ་དང ། ཀཱ་རཎྜ་བ་དང ། ངང་ངུར་པད་མ་གཙང་མ་ལ་སྟེན་པ་རྣམས་ཀྱིས་ནི་མ་ཡིན་ནོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེ་ཡང་ལུས་ 70-1-111a འདི་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པ་ན་མཐོང་བ་འདི་ནི་ཡང་དག་པ་མ་ཡིན་པར་འཛིན་པ་འབའ་ཞིག་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་རྟོག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལོང་བར་འགྱུར་ཞིང་སྐྱེས་པ་དང་བུད་མེད་ཞེས་བྱ་བའི་མིང་ ཙམ་འདི་ལས་ཀྱང་དེ་བདེན་པ་ཡིན་པར་སྙིང་ལ་སྐྱེ་བར་མཐོང་ངོ ། །དེས་དེ་ལྟར་ངེས་པར་རྟོགས་ནས་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་པར་བྱེད་དོ། །དེའི་ཚེ་འདིའི་འདོད་ཆགས་ཐམས་ཅད་ཀྱང་སྤོང་བར་འགྱུར་རོ། །ཆུང་བར་འགྱུར་རོ། །རྩ་བ་ནས་རླག་པར་ འགྱུར་ཏེ། གང་གི་ཕྱིར་འདི་ཐམས་ཅད་ཀྱི་རྩ་བ་ཡང་འདི་ལྟ་སྟེ། བུད་མེད་ཀྱི་འདོད་ཆགས་ཞེས་བྱ་བ་ཡིན་ལ། དྲི་མ་གཞན་རྣམས་དེ་ལས་འབྱུང་བ་སྤོང་བ་ཡང་དེ་སྤངས་པ་གཉེན་པོར་གྱུར་པས་སྤོང་བ་ཡིན་ནོ། །ཉི་མ་འདི་གནས་པར་གྱུར་པའི་དུས་ན་མི་རྣམས་ ཀྱི་འཇིག་རྟེན་གྱི་འོད་རྣམས་ཀྱང་ནུབ་པར་མི་འགྱུར་ལ། དེ་བཞིན་དུ་འདི་ཡང་ཤིན་ཏུ་ལྷག་པར་གྱུར་པའི་རྩ་བ་ཡིན་ཏེ། དྲི་མ་དེ་བཅོམ་པ་ལས་ཀྱང་དྲི་མ་གཞན་རྣམས་ཀྱང་རབ་ཏུ་བཅོམ་པར་འགྱུར་རོ། །དེ་ལ་གང་ཡང་དགེ་སློང་མ་འདིས་ལམ་འདི་ནས་འདོད་ཆགས་རབ་ཏུ་ འཇོམས་པར་བྱེད་དོ། །དེའི་ཚེ་འདིའི་དེ་རབ་ཏུ་བཅོམ་པ་ལས་གཞན་ལྷན་ཅིག་སྐྱེས་པ་རྣམས་རབ་ཏུ་བཅོམ་པ་གང་ཞེ་ན། འདི་ལྟ་སྟེ། ཕྲག་དོག་དང་སེར་སྣའོ། །ཕྲག་དོག་དང་སེར་སྣ་ནི་འདོད་ཆགས་ཅན་ལ་འབྱུང་བ་ཡིན་ནོ། །སྐྱེས་པའམ་བུད་མེད་ཀྱང་རུང་སྟེ། འདོད་ ཆགས་ཀྱི་རྩ་བ་ལས་ཆོས་དེ་དག་གཉིས་སོ། །དེ་ཡང་འདོད་ཆགས་རབ་ཏུ་སྤངས་པའམ་བསྲབས་པར་བྱས་པས་ཀྱང་དེ་དག་གཉིས་ཀྱང་བསྲབས་པར་འགྱུར་རོ། །དེ་དག་གཉིས་ལས་ཀྱང་དྲི་མ་གཞན་ཕྱི་བཞིན་ཁོ་ནར་རྗེས་སུ་འབྲེལ་པ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། གཡོའོ། ། གཡོ་ནི་ཕྲག་དོག་དང་སེར་སྣ་གཉིས་ཀྱི་རྒྱུ་དག་གིས་བསྐྱེད་པ་ཡིན་ཏེ། དེ་དག་མེད་པར་གྱུར་ན་དེ་ཡང་མེད་པར་འགྱུར་རོ། །གཡོའི་སྟེང་དུ་དྲི་མ་གཞན་འདི་ལྟ་སྟེ།སླུ་བར་བྱེད་པའོ། །ཕྲག་དོག་དང་སེར་སྣ་མེད་པར་གྱུར་ན་སླུ་བར་མི་བྱེད་པར་འགྱུར་རོ། །སླུ་བའི་ཕྱི་བཞིན་ 70-1-111b དུ་དྲི་མ་གཞན་ཡོད་པ་ནི་འདི་ལྟ་སྟེ།སྲེད་པར་གནས་པའོ། །དེ་བཅོམ་པར་གྱུར་ན་མི་འབྱུང་སྟེ།དེ་ལས་སྲེད་པར་གནས་པ་ཉིད་མི་འབྱུང་ངོ ། །དེ་མེད་པར་གྱུར་པས་མཉམ་པར་གནས་པ་རྣམས་འདོད་ཆགས་པར་བྱེད་པ་དང ། མི་མཉམ་པར་གནས་པ་རྣམས་སྤོང་ བར་བྱེད་པ་མི་འབྱུང་ངོ ། །དེ་མེད་པས་གང་གི་ཕྱི་བཞིན་འབྲང་བའི་དྲི་མ་གཞན་དེ་ཡང་མི་འབྱུང་ངོ ། །འདི་ལྟ་སྟེ། རྩབ་ཧྲལ་དུ་གྱུར་པའོ། །རྩབ་ཧྲལ་མེད་པས་མེད་པར་གྱུར་པ་ནི་འདི་ལྟ་སྟེ། རྩོད་པ་དང་རྣམ་པར་འབྱེད་པ་རྣམས་ཏེ། བུད་མེད་རྣམས་ནི་ཕལ་ཆེར་ཡང་ དབྱེན་བྱ་བའི་བསམ་པ་ཅན་རྣམས་ཡིན་ནོ། །བུད་མེད་རྣམས་ཀྱི་དེ་མེད་པས་དྲི་མ་གཞན་ཕྱི་བཞིན་རྗེས་སུ་འབྲང་བ་ཡང་མེད་པར་འགྱུར་རོ། །གང་ཞེ་ན། འདི་ལྟ་སྟེ། རྒྱབ་ཀྱི་ཤ་ཟ་བའོ། །བུད་མེད་རྣམས་ཕྱི་བཞིན་རྣམ་པར་དབྱེ་བའི་བསམ་པ་ཅན་ཡིན་པ་གང་གི་ཕྱིར་ དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་རྒྱབ་ཀྱི་ཤ་ཟ་བར་བྱེད་དོ། །གང་གི་ཚེ་རྣམ་པར་འབྱེད་པ་དེ་སྤངས་པར་གྱུར་པ་དེའི་ཚེ་རྒྱབ་ཀྱི་ཤ་ཟ་བ་སྤངས་པར་འགྱུར་རོ། །དེ་མེད་པར་གྱུར་པས་གཞན་ཕྱིའི་བཞིན་རྗེས་སུ་འབྲེལ་བ་ཡང་མེད་པར་འགྱུར་རོ། །གང་ཞེ་ན། འདི་ལྟ་སྟེ། གསུས་པ་སྐྱོད་པར་བྱེད་པའོ། །བུད་མེད་རྣམས་ནི་གསུས་པ་འགེངས་པ་དང ། གཉིས་སྦྱོར་བ་ལ་ཆེད་དུ་བྱེད་པར་འགྱུར་རོ། །འདི་ལྟ་སྟེ། གསུས་པ་འགེངས་པའི་དྲི་མ་རབ་ཏུ་ཞི་བར་གྱུར་པ་ན་དེའི་ཚེ་བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པའི་དྲི་མ་རབ་ཏུ་སྤངས་པར་ འགྱུར་རོ། །གང་གི་ཕྱིར་གསུས་པ་འགེངས་པའི་སྐྱོན་གྱིས་བུད་མེད་དག་བགྲོད་པར་བྱ་བ་མ་ཡིན་པའི་སྐྱེས་པ་རྣམས་ལ་ཡང་བགྲོད་པར་བྱེད་དོ། །འདི་ལྟ་སྟེ། གསུས་པ་འགེངས་པའི་འདོད་ཆགས་དང་རབ་ཏུ་བྲལ་ན། དེའི་ཚེ་བགྲོད་པར་བྱ་བ་མ་ཡིན་པའི་དྲི་མ་དེ་ ཡང་རབ་ཏུ་ཞི་བར་འགྱུར་རོ། །དེ་མེད་པས་ཀྱང་དྲི་མ་གཞན་ཡང་མེད་པར་འགྱུར་བ་ནི་འདི་ལྟ་སྟེ། ཡིད་ཆེས་པའི་གནས་མ་ཡིན་པའོ། །བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པ་གང་གི་ཕྱིར་ན་བུད་མེད་དེ་དག་རྣམས་ལ་ནི་སྐྱེ་བོ་ཐམས་ཅད་དོགས་པ་སྐྱེ་བར་འགྱུར་ཏེ། 70-1-112a སྐྱེ་བོ་ཐམས་ཅད་ཀྱང་དགའ་བར་འཛིན་པ་དང་བྲལ་བར་འགྱུར་རོ། །བགྲོད་པར་བྱ་བ་མ་ཡིན་པ་དེའི་རྗེས་སུ་འབྲེལ་པའི་དྲི་མ་ལྷན་ཅིག་སྐྱེས་པར་ཕྱི་བཞིན་རྗེས་སུ་སྦྲིལ་བ་གཞན་ནི་སྤྱོད་པ་འབྱེད་པའོ། །སྤྱོད་པ་འབྱེད་པ་ཡང་གཞན་མེད་པས་མེད་པར་འགྱུར་རོ། ། གང་ཞེ་ན་འདི་ལྟ་སྟེ། རྩོད་པ་ལ་དགའ་བས་སོ། །རྩོད་པ་ལ་དགའ་བ་མེད་པས་དེའི་རྗེས་སུ་འབྲང་བའི་དྲི་མ་གཞན་རྣམས་ཀྱང་མེད་པར་འགྱུར་བ་ནི་འདི་ལྟ་སྟེ། ཡུལ་ལྗོངས་འཇོམས་པའོ། །རྩོད་པ་ལ་དགའ་བ་དང་བྲལ་བས་ཡུལ་ལྗོངས་འཇིག་པ་རྣམས་ཀྱང་དེ་མེད་པས་ མེད་པར་འགྱུར་རོ། །གང་ཡང་ཕན་ཚུན་དུ་ཞེ་འགྲས་པས་མཚོན་ཆས་གཏུབ་པ་ལ་དགའ་བ་དང ། སྐྱེས་པ་རྣམས་ཕན་ཚུན་དུ་རྣམ་པ་སྣ་ཚོགས་པར་གྱུར་པ་དེ་དག་རྣམས་ཀྱང་གང་གི་ཕྱིར་ཕལ་ཆེར་ནི་བུད་མེད་ཀྱི་རྒྱུ་ལས་ཡིན་པའི་ཕྱིར་ཏེ། རྒྱུ་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། ། དེའི་ཕྱིར་དེས་དེ་ལྟར་འདོད་ཆགས་རབ་ཏུ་བཅོམ་པའི་ཕྱིར་གཅིག་གི་སྟེང་ན་གཅིག་གནས་པའི་དྲི་མ་དེ་དག་རྣམས་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །དེ་དང་རབ་ཏུ་འབྲེལ་པ་དང ། དེས་གང་བར་གྱུར་པ་དེ་ལྟ་བུའི་རང་བཞིན་ཅན་གྱི་བུད་མེད་རྣམས་ཀྱི་སེམས་ནི་དགེ་བའི་བཤེས་གཉེན་ གྱི་ཁ་ནས་ཐོས་པའི་སངས་རྒྱས་ཀྱི་བཀའ་མ་གཏོགས་པ་གཞན་རྣམས་ཀྱིས་ནི་འཇམ་པོར་བྱ་བར་ནུས་པ་ཡང་མ་ཡིན་ཏེ། གཞན་དུ་ནི་བུད་མེད་གང་དག་དེ་བཞིན་དུ་མི་འགྱུར་རོ། །དེའི་ཚེ་ཁྱིམ་གྱི་གནས་ཤིན་ཏུ་སྤང་བར་དཀའ་བ་སྤངས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ སྟེ། གང་གི་ཚེ་ན་ཟག་པ་རྣམས་ཟད་པར་བྱ་མི་ནུས་པ་ཡང་དེའི་ཚེ་ལེགས་པར་བསྒོམ་པའི་ཚུལ་ཁྲིམས་ངེས་ཏེ། དེ་ལྟར་ཡང་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་དང ། བརྫུན་དང ། ཚིག་རྩུབ་དང ། ཕྲ་མ་དང ། ཀུན་ཏུ་འབྲེལ་པ་མེད་པ་ རྣམས་རྣམ་པར་སྤངས་ཤིང་ལེགས་པར་བསྒོམས་ལ་ཡང་དང་ཡང་དུ་བསྟན་ཅིང་བསྒོམས་ལ་ལན་མང་དུ་བྱས་པའི་བུད་མེད་རྣམས་ནི་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེའོ། །གང་དག་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བའི་ལམ་མ་ཐོབ་པ་རྣམས་ 70-1-112b ནི་ལས་དང་སེམས་ཀྱི་དབང་གིས་འདོད་པ་ན་སྤྱོད་པ་རྣམས་ལས་འཐབ་བྲལ་བ་རྣམས་ཀྱི་ནང་གི་ཚོགས་པ་རྒྱུ་བ་ན་རྣམ་པར་སྤྱོད་པ་གང་ཡིན་པའི་སར་སྐྱེའོ། །གང་གི་ཚེ་སྐྱེས་པ་ཉིད་འོངས་པར་གྱུར་ན་དེ་རྣམ་པ་དེ་ལྟ་བུ་མཆོག་ཏུ་ལེགས་པའི་ཚུལ་ཁྲིམས་ཀྱིས་མའི་ཚུལ་དུ་རྗེས་སུ་ གནས་སོ། །དེ་རྣམ་པ་དེ་ལྟ་བུའི་སྐྱེ་བ་ཐོབ་པའི་ལྷ་གང་ཡིན་པ་དེ་ཡང་བག་མེད་པས་བག་མེད་པར་སྤྱོད་པར་འགྱུར་རོ། །དེ་དེ་དག་རྣམས་ཟད་ནས་སླར་ཡང་དམྱལ་བའམ། ཡི་དགས་སམ། དུད་འགྲོ་རྣམས་སུ་སྐྱེའོ། །གཞན་ཡང་ལྷའི་ཚོགས་རྣམས་སུ་གོང་ནས་གོང་དུ་ འཇུག་པར་བྱེད་པས་བུད་མེད་ཀྱི་སྲིད་པ་སྒྲུབ་པར་བྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། འདོད་ཆགས་ཕྲག་དོག་གཡོ་རྣམས་ཀྱི། །ས་གཞིའི་སེམས་ནི་ཟོ་ཆུན་གློག་།ལྕགས་བསྲེགས་ང་རྒྱལ་སྐྱེ་གནས་རྣམས། །བློ་གཏད་ ནམ་ཡང་ཡོད་མ་ཡིན། །མཚོན་ཆ་མེ་དང་མཚུངས་པར་རྣོ་བ་རྣམས། །གཟུགས་ཀྱི་ཞགས་པས་བདག་དང་གཞན་རྣམས་ཀྱིས། །དོང་དང་གཡང་ས་མི་བཟད་པ་རྣམས་དང ། །ཟབ་པར་མཚུངས་པའི་སེམས་དང་ལྡན་པ་ཡི། །དང་པོ་ཉིད་ནས་གཞན་ལ་དགྲ་ནི་བྱེད་པ་ཡིན། ། སྒྱུ་མ་མིག་འཕྲུལ་དེ་ལ་སོང་བའི་སེམས། །དུས་མིན་འཆི་བདག་དང་ནི་རྡོ་རྗེ་མེ། །དུས་ཀྱི་རི་བོ་དང་མཚུངས་བདག་ཉིད་རྣམས། །སེམས་ནི་རྣམ་པ་དུ་མ་དག་གིས་ཀྱང ། །སྐྱོན་རྣམས་དུ་མ་ཀུན་ཏུ་སྤྱོད་བྱེད་པ། །གལ་ཏེ་བུད་མེད་རྣམས་ནི་འགའ་ཞིག་གིས། །ཚུལ་ཁྲིམས་ཡུད་ཙམ་ ཡིད་ལ་སྒོམ་བྱེད་པ། །དེ་ནི་སངས་རྒྱས་ཉི་མའི་གསུང་རྣམས་ཀྱི། །འོད་ཟེར་རྣམས་ཀྱིས་རྣམ་པར་མཛེས་པ་ཡིན། །དེ་ལྟར་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ལ་ལྷ་ཁྱེད་རྣམས་མིའི་བུད་མེད་དུ་གྱུར་པ་ན་སྤྱད་པས་འདིར་སྐྱེས་པ་ཡིན་ནོ་ཞེས་དེ་ལྟར་སྐྱེ་བ་གཞན་དུ་སྤྱད་པའི་ཚུལ་ ཁྲིམས་དེ་རབ་ཏུ་སྟོན་པར་བྱེད་དོ། །དེ་གལ་ཏེ་བུད་མེད་ཀྱི་དངོས་པོར་གྱུར་པས་བསྐྱེད་པའི་ཚུལ་ཁྲིམས་གལ་ཏེ་མིར་གྱུར་པའམ། ལྷར་གྱུར་པ་ན་ཡང་བག་མེད་པས་ཟད་པར་བྱེད་པའི་ལྷ་དེ་རྣམས་ནི་ཤིན་ཏུ་བསླུས་པར་གྱུར་པ་ཡིན་ནོ། །དེས་ན་རིངས་པ་རིངས་པར་བག་མེད་པར་ 70-1-113a མ་བྱེད་ཅེས་བཅོམ་ལྡན་འདས་དེས་ལྷ་རྣམས་ལ་ཕན་པར་བཞེད་པས་དེ་ལྟར་རྗེས་སུ་གདམས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐམས་ཅད་ཀྱི་ཡང་འཁོར་རྣམ་པ་བཞིར་འགྱུར་བ་དེ་ཉིད་ཀྱིས་ནི་སྲིང་མོའི་འཁོར་རྣམས་ཀྱི་གཏིང་ དེ་ལ་དགེ་སློང་གི་འཁོར་རྣམས་ཡིན་ནོ། །དེ་ལ་སྔ་ཕྱི་རིམ་པས་དགེ་སློང་གི་སྡོམ་པ་རྣམས་ལ་ཞུགས་པ་མཆོག་ཏུ་རྒྱ་ཆེ་བའི་དགེ་བས་བསྒོས་པའི་རྒྱུད་རང་ལ་ཡང་སྡུག་བསྔལ་འབྱུང་བས་འཇིགས་པར་ལྟ་བ་འཇིག་རྟེན་གཞན་དུ་འགྲོ་བས་སྐྲག་པ་འཁོར་བ་ཐམས་ཅད་ལ་ཡིད་ འབྱུང་བས་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་གཉའ་ཤིང་གང་ཙམ་དུ་ལྟ་བ་སྙིང་ལས་ཆུང་བ་མཆོག་ཏུ་ཟབ་པ་མཆོག་ཏུ་རྒྱ་ཆེ་བའི་དགེ་བ་ཚུལ་ཁྲིམས་དང་སྦྱིན་པ་ལ་རྒྱུད་གོམས་པ། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་ལ་ཆེད་ཆེར་བྱེད་པའི་དགེ་སློང་དེ་ ནི་རྣམ་པ་དུ་ཡོད་པ་དང ། རྣམ་པ་ཡང་དུ་ཡོད་ན་གང་དགེ་སློང་རྣམས་ཀྱིས་འདའ་བར་མི་བྱ་བ་ནི་རྣམ་པ་བཞིའོ། །བཞི་པོ་གང་ཞེ་ན། དེ་ལྟར་གཅིག་པུ་རྒྱུ་བར་བྱེད་པའི་རྣམ་པ་ལས་དགེ་སློང་གཅིག་པུ་ལམ་དུ་འགྲོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཅིག་པུ་ཞིག་ལྗོངས་ རྒྱུར་འགྲོ་བ་བྱེད་པ་ན་འཕྱ་བར་འགྱུར་རོ། །རང་དགར་ཡང་འགྱུར་རོ། །རང་དགར་གྱུར་པས་ཀྱང་བསླབ་པའི་གཞི་རྣམས་ལས་འདའ་བར་བྱེད་དོ། །གྲོང་དང ། གྲོང་ཁྱེར་དང་།གྲོང་རྡལ་དང ། ཡུལ་ལྗོངས་སུ་ཡང་འདོད་རྒྱལ་དུ་སྡོམ་པ་གཏོང་བར་བྱེད་པ་སྟེ། དགེ་སློང་གཞན་ ལ་འཇིགས་པ་མེད་པའི་ཕྱིར་རོ། །དེས་ཡུལ་ལྗོངས་ཀྱི་བུད་མེད་དག་མངོན་དུ་མཐོང་ནས་རེག་དོགས་ཀྱི་སེམས་གཡོ་བར་གྱུར་པའི་རང་བཞིན་གྱིས་མིག་གཏོད་པར་བྱེད་དོ། །དེའི་མིག་གིས་བལྟས་པར་གྱུར་པས་མངོན་པར་མཐོང་ནས་ཁྱིམ་པ་དང་ཡུལ་ལྗོངས་པ་རྣམས་ཀྱིས་ དགེ་སློང་དེ་སྨོད་པར་བྱེད་དོ། །དེ་ལ་སྨད་པར་གྱུར་པ་ན་ཀུན་ཏུ་ཞེ་སྡང་བསྐྱེའོ། །དེ་ལས་དགེ་སློང་འདིའི་སྙིང་ལ་སྐྱོན་གཉིས་པ་ཀུན་ཏུ་སྐྱེ་སྟེ་ཞེ་སྡང་ངོ ། །དེ་འདོད་ཆགས་དང་ཞེ་སྡང་གི་དབང་དུ་གྱུར་པས་གཏི་མུག་གིས་ཤིན་ཏུ་བར་རྨོངས་པར་འགྱུར་རོ། །དེ་ལྟར་དགེ་སློང་གཅིག་ 70-1-113b པུ་ཞིག་ལྗོངས་རྒྱུ་བར་བྱེད་པས་རྒྱུ་བ་ན་སྐྱོན་གསུམ་རབ་ཏུ་འཕེལ་བ་ཡིན་ནོ། །དེའི་ཕྱིར་ན་གཅིག་པུ་ཞིག་གིས་ལྗོངས་རྒྱུ་བར་མི་བྱའོ། །འདི་ནི་རྣམ་པ་གཅིག་ཡིན་ནོ། །རྣམ་པ་གཞན་ཡང་དགེ་སློང་རྣམས་ཀྱིས་རྒལ་བར་མི་བྱ་བ་འདི་ལྟ་སྟེ། ལུས་དྲན་པའི་རྣམ་པའོ། །འདི་ ན་དགེ་སློང་ལམ་དུ་འགྲོ་བ་ན་ལུས་སུ་གཏོགས་པ་ལ་འགྲོ་བའི་དུས་སུ་དྲན་པ་བསྐྱེད་པར་བྱ་སྟེ། དཔེར་ན་བདག་གི་རྐང་པ་འདེགས་པ་ལ་སེམས་དང་སེམས་ལས་བྱུང་བས་ཀུན་ཏུ་རྟོག་ཅིང་ཡིད་ལ་བྱེད་པས་དེ་རྐང་པ་ནས་བཟུང་ནས་ལུས་མ་ལུས་པ་ལ་དཔྱོད་པར་བྱེད་དོ། །དེ་ལ་རྐང་ གཡས་པ་དང་གཡོན་པ་བཏེག་པའི་གཡས་པ་དང་གཡོན་པ་དེ་དག་རྒྱུས་པའི་དྲ་བས་ཀུན་ནས་སྦྲེལ་བ། རུས་པ་ལ་ཚིལ་དང་པགས་པས་གཡོགས་པ་ཚིགས་པ་རྒྱུས་པའི་འབྲེལ་པས་སྦྲེལ་བར་གྱུར་པ་ལས་ཀྱི་རླུང་གིས་རྒྱུ་བའི་སེམས་ཀྱི་བྱ་བའི་རྗེས་སུ་འཇུག་པ། བཏེག་ཅིང་ འདོར་བ་ན་འཁུམ་པ་ལྟར་འགྱུར་བ། གཞི་ལ་བཞག་པ་ན་རྣམ་པར་འབྱེ་བར་འགྱུར་བ། ཆུ་རྒྱུས་ཀྱི་སྟོབས་ཀྱིས་སྦྲེལ་བའི་རྐང་པ་དེ་སོར་མོ་ལྔ་པོ་ཐམས་ཅད་ཀུན་ཏུ་སྦྲེལ་བ། སེན་མོ་དང་ཉེ་བའི་སེན་མོ་རྣམས་ཉེ་བར་སྐྱེས་པ་མངོན་པར་མཐོང་ནས་པུས་མོ་ལ་སོ་སོར་རྟོག་པར་བྱེད་དེ། གཞོང་པ་རིང་པོ་དང་འདྲ་བར་གྱུར་པ་ཤའི་འདམ་དང་ཤའི་འདམ་རྣམས་ཀྱིས་དེ་ཀུན་ཏུ་བྱུགས་པ། རྒྱུས་པས་ཀུན་ནས་སྦྲེལ་བ།རུས་པའི་སྦུབས་དང་བཅས་པ། ཆུ་རྒྱུས་རིང་པས་ཀུན་ནས་སྦྲེལ་བ། སྔོན་བྱས་པའི་རྒྱུ་རྐྱེན་གྱིས་བསྐྱེད་པ། བ་སྤུའི་ཁུང་བུས་ཡོངས་སུ་ཁྱབ་ པའི་ཕྱི་རོལ་ན་སྦྲང་བུ་རྣམས་འབབ་པ། པགས་པ་འཐུག་པོས་གཡོགས་པ་གང་ཡིན་པའི་པུས་མོ་གཅིག་དེས་ཡང་དག་པ་ཇི་ལྟ་བར་སོ་སོར་ལེགས་པར་རིག་པར་བྱེད་དོ། །དེས་ལུས་འདི་འཆག་པར་གྱུར་པ་ན་རབ་ཏུ་གཡོ་བར་གྱུར་པ་དེ་དག་རྣམས་རིམ་པ་སོ་སོར་རྟོག་པར་ བྱེད་དེ། པུས་མོ་དང ། བརླ་དང ། བྱིན་པར་གཏོགས་པའི་ཆུ་རྒྱུས་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་ལ་ཡང་སོ་སོར་རྟོག་པར་བྱེད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལས་ཀྱི་རླུང་གིས་བསྐྱོད་ནས་འགྲོ་བར་བྱེད་པ་ཡིན་ནོ། །གཞན་ཡང་ལུས་ 70-1-114a དེ་ཉིད་ཀྱི་འདུ་ཤེས་ཅན་གྱིས་ཇི་སྲིད་དུ་སྟེང་ནས་དམྱལ་བའི་བར་དུ་སོ་སོར་རྟོག་པར་བྱེད་དེ། ཤ་དང་ཆུ་རྒྱུས་ཕན་ཚུན་དུ་སྦྲེལ་བར་གྱུར་པ་ཤའི་བྱུག་པས་ཀུན་ཏུ་བྱུགས་པས་ཆེས་སྦོམ་པར་གྱུར་པ་ཆུ་སེར་ཀུན་ནས་འཛག་པ། ཁྲག་དང ། ཚིལ་རྣམས་ ཀྱིས་གང་བ། མདངས་འབའ་ཞིག་ཙམ་གྱིས་ཡིད་འཕྲོག་པ་རྣམས་དེས་རྣམ་པར་དཔྱོད་པར་གྱུར་པས་རྩ་སྦུབས་གཅིག་ལ་ཡང་དག་པ་ཇི་ལྟ་བར་སོ་སོར་རྟོག་པར་བྱེད་དོ། །བཏེག་པར་གྱུར་པ་ན་གཞན་ཡང་དེ་ཁོ་ན་ལྟར་སོ་སོར་རབ་ཏུ་རིག་པར་བྱེད་དོ། །བསྐུམ་པ་དང་བརྐྱང་ བར་གྱུར་པ་ན་ཡང་ཇི་ལྟ་བུའི་རང་བཞིན་གྱི་རྩ་ཕྲ་བར་གྱུར་པ་རྣམ་པ་དུ་མ་ལ་ཀུན་ཏུ་ལྟ་བར་བྱེད་དོ། །རབ་ཏུ་གཡོ་བར་བྱེད་པ་དང ། འགྲོ་བར་གྱུར་པ་ཡང་རྣམ་པ་དུ་མར་གྱུར་པའི་རླུང་གིས་ཀུན་ནས་གཡོ་བ་དང་དེའི་འབྲེལ་པ་སྟེང་དུ་གཞིར་གྱུར་པ་ཕོ་བའི་ཐ་སྙད་དུ་བྱ་བ་ བཤང་བ་དང་གཅི་བའི་གནས་དེ་རྣམ་པ་ཐམས་ཅད་དུ་མི་གཙང་བའི་སྔར་གྱི་གཞི་ལ་རྒྱུ་བས་རྒྱུ་བའི་ཆ་ཤས་རྣམས་རབ་ཏུ་འབྱུང་བར་གྱུར་པ་ན་ཡང་དག་པ་ཁོ་ནར་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་དགེ་སློང་གིས་ཆེས་སྟེང་ཉིད་དུ་རབ་ཏུ་གཡོ་བར་གྱུར་པའི་རང་གི་ལུས་འགྲོ་བ་ ཉེ་བར་རྟོགས་པར་བྱེད་དོ། །ཇི་ལྟར་ཞེ་ན། བདག་ལམ་དུ་འགྲོ་བར་གྱུར་པ་ན་བདག་གི་རྒྱུ་མ་དང་གཉེ་མ་དག་རབ་ཏུ་གཡོ་བར་གྱུར་པ་རྣམས་ལ་དེས་ལྟ་བ་ནི་རྐང་པ་བཏེག་པ་ན་དབུགས་རྔུབ་པ་དང་ལྷན་ཅིག་ཏུ་འགྲོགས་པ་རབ་ཏུ་གཡོ་བའོ། །བདག་གིས་རྒྱུ་མ་རབ་ཏུ་གཡོ་བ་ དེ་དག་ཐམས་ཅད་གཡོན་ལོགས་ནས་གཡས་ལོགས་སུ་རབ་ཏུ་གཡོ་བར་འགྱུར་ལ་གཡས་ནས་ཀྱང་གཡོན་དུའོ། །རྒྱུ་མ་དེ་དག་རྣམས་རླུང་དང ། མཁྲིས་པ་དང ། བད་ཀན་དང ། བཤང་བ་དང ། གཅི་བ་དང་སྲིན་བུས་རབ་ཏུ་གང་བ་རྣམས་གཡོ་བར་མངོན་པར་མཐོང་ནས་ཇི་ལྟ་ བ་བཞིན་དུ་རྗེས་སུ་ལྟ་བར་བྱེད་དོ། །ལུས་དེའི་རྒྱུ་མ་དང་གཉེ་མ་དང་བཅས་པ་རྣམས་དགེ་སློང་གིས་ཡང་དག་པར་མངོན་པར་མཐོང་ནས་གཞན་ཡང་ཤིན་ཏུ་མཐོང་བར་གྱུར་པའི་ལུས་དག་ལ་རྣམ་པར་ལྟ་བར་བྱེད་དེ། ལོང་ཀར་གྱུར་པ་ལ་རྒྱུས་པའི་འཁྲུལ་འཁོར་གྱིས་ཀུན་ནས་ 70-1-114b སྦྲེལ་བ་ཇི་ལྟར་མཐོང་བའི་ལོགས་ལ་རྒྱུས་པའི་དྲ་བས་ཀུན་ནས་སྦྲེལ་བ་ནང་ན་ཟས་ཀྱི་རོ་རྣམས་རུལ་བ་ནི་དེ་མ་ཐག་ཏུ་སྐྱུག་པ་ལྟ་བུའི་བད་ཀན་རྣམས་དང་ལྡན་པས་ནད་རྣམས་གང་བར་གྱུར་པ་ཤིན་ཏུ་འཇིགས་སུ་རུང་བའི་ཤིན་ཏུ་དྲི་མི་ཞིམ་པ་རྣམས་ཀྱིས་མགྲིན་པ་དང ། མིག་ མཆུ་རྒྱུས་པ་དང ། ་གནད་དང ། རུས་པ་ཀུན་ཏུ་བཀང་ཞིང་ཀུན་ནས་འཛིན་པ་ནི་ལས་ཀྱིས་བསྐྱེད་པའི་རླུང་འབའ་ཞིག་གིས་སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་ཏུ་འཛིན་པར་གྱུར་པ་དང ། འགྲོ་བར་གྱུར་པ་ན་ཡང་ལུས་ལ་སོ་སོར་རྟོག་པར་བྱེད་དོ། །གཞན་ཡང་ ལུས་དེ་ཉིད་རབ་ཏུ་གཡོ་བར་གྱུར་པ་ན་ཡང་སོ་སོར་རྟོག་པར་བྱེད་དོ། །དགེ་སློང་དེས་ཇི་ལྟ་བར་ཁ་དང ། འགྲམ་རུས་དང ། ཀླད་ཕོར་གྱི་ཚོགས་འདུས་པ་དང ། མིག་ཕོར་གཉིས་དང་གཅིག་ལྷག་པ་འཛུམས་པ་དང ། འབྱེད་པ་དང ། འབྲས་བུ་གཉིས་དང་།བདག་གི་ དེ་དག་རྣམས་ཤིང་གི་འཁྲུལ་འཁོར་གྱི་བུད་མེད་བཞིན་དུ་རྒྱུས་པའི་འཁྲུལ་འཁོར་གྱིས་ཀུན་ཏུ་སྦྲེལ་བ། སྐད་ཅིག་དང་སྐད་ཅིག་ལ་སྐྱེ་བར་འགྱུར་ཞིང་འཆི་བར་འགྱུར་ལ་འཕོ་བར་འགྱུར་བས་གྲོང་དང ། གྲོང་ཁྱེར་དང ། གྲོང་ཆུང་རྣམས་སུ་བདག་འགྲོ་བར་བྱེད་པ། ལུས་ ཀྱི་གོང་བུའི་ཁོག་ཙེ་སྦྲུལ་དུག་ཅན་གྱི་ཁོག་པ་ཉིད་གཅེས་པར་འཛིན་པ་ཡིན་པས་རྒྱགས་པས་རྒྱུ་བར་མ་བྱེད། ཟས་ཀྱི་དོན་དུ་ཀུན་ཏུ་འཆུམས་པར་མི་བྱ་བ་དང ། བདག་གིས་རབ་ཏུ་བགད་པར་ཡང་མི་བྱའོ། །འགྲོ་བའི་དབང་དུ་བྱས་ནས་དེས་དེ་ལྟར་བགྲོད་པར་བྱེད་པའི་དགེ་ སློང་ནི་རྣམ་པ་གཉིས་པ་རྒལ་བར་མི་འགྱུར་རོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་ཆུང་རྣམས་སུ་བསོད་སྙོམས་ལ་ཞུགས་པར་གྱུར་པ་ལ་ཇི་ལྟ་བ་བཞིན་དུ་བདག་ཉིད་ཀྱི་ལུས་ལས་སོ་སོར་དཔྱོད་པར་བྱེད་དེ། དེ་ལྟར་དེ་ལུས་ལེགས་པར་བསྒོམས་པ་དང ། བརྩོན་འགྲུས་ བརྩམས་པར་གྱུར་པས་བུད་མེད་རྣམས་ཉིད་དང ། སྐྱེས་པ་རྣམས་ཐམས་ཅད་ལ་ཡང་དེ་དེ་ལྟར་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་སྙིང་ལ་མི་འཇུག་གོ། །རྣམ་པ་དེ་ལྟ་བུ་རྣམས་ལས་ནི་དེས་སྲོག་གི་དབང་པོའི་ཕྱིར་ཡང་རྒལ་བར་མི་བྱ་སྟེ། རྣམ་པ་འདི་རྣམས་ 70-1-115a ནི་དགེ་སློང་ངེས་པར་ལེགས་པར་འདོད་པ་རྣམས་ཀྱིས་རྒལ་བར་མི་བྱའོ། །གཞན་ཡང་རྣམ་པ་གསུམ་པ་དགེ་སློང་གིས་རྒལ་བར་མི་བྱའོ། །འདི་ལྟ་སྟེ། དགེ་སློང་རྣམས་ཀྱི་ནི་རྟག་པ་ཉིད་དུ་དྲན་པ་ཉེ་བར་གནས་པར་བྱའོ། །དྲན་པ་ཉེ་བར་གནས་པ་ལས་ ཀྱང་དགེ་སློང་ཤེས་བཞིན་དང་ལྡན་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་དགེ་བའི་ཡིད་ཅན་བློ་རྣམ་པར་མི་གཡེང་བ་དེ་ལྟ་བུར་གྱུར་པའི་དགེ་སློང་དེ་ལ་ནི་རྟག་པར་ཡང་ལྷ་རྣམས་ཕྱི་བཞིན་ཉེ་བར་གནས་པར་འགྱུར་རོ། །དེ་ལ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་ཀྱང་ཐོ་བཙམ་ པར་མི་ནུས་སོ། །ཇི་ལྟར་ན་དྲན་པ་ཉེ་བར་གནས་པ་ཡིན་ཞེ་ན། འདུན་པ་སྔོན་དུ་འགྲོ་བས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འཇུག་པ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པར་གྱུར་པ་དང ། མ་སྐྱེས་པ་རྣམས་བག་དང་ལྡན་པའི་བློ་ཤེས་བཞིན་དང་ལྡན་པར་གྱུར་པས་ཡང་དམིགས་ པ་ལས་སེམས་དང་སེམས་ལས་བྱུང་བའི་ཆོས་འདི་དག་རྣམས་ཉིད་སྐྱེ་བར་འགྱུར་ཏེ། དགེ་བ་དང ། མི་དགེ་བ་དང ། ལུང་དུ་མ་བསྟན་པ་རྣམས་སོ། །རྐྱེན་གྱི་ཁྱད་པར་གྱིས་བདག་ལ་དགེ་བའི་ཆོས་ཕན་པ་དང ། བདེ་བ་དང ། མྱ་ངན་ལས་འདས་པའི་མཐར་ཐུག་པར་ འགྱུར་བ་རྣམས་སྐྱེས་པ་དང ། དེ་ཉམས་པ་ན་ཆོས་གཞན་སེམས་དང་སེམས་ལས་བྱུང་བའི་རྐྱེན་གྱི་ཁྱད་པར་ལས་སྐྱེས་པ་མི་དགེ་བ་དང ། མཉམ་པར་མ་བཞག་པ་དང ། བདེ་བ་མ་ཡིན་པ་འབྱུང་བར་འགྱུར་བ་རྣམས་ཏེ། དེས་དགེ་བ་འདི་དག་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །སོ་སོར་ལེགས་པར་རིག་པར་བྱེད་དོ། །སེམས་ཀྱིས་རྣམ་པར་དྲན་པར་བྱེད་དོ། །དེ་བཞིན་དུ་ཡིད་དུ་མི་འོང་བའི་ཆོས་རྣམས་ལ་ཆ་ཤས་སོ་སོར་བྱེད་དོ། །དྲན་པ་ལྔའི་རོ་རྣམས་ཀྱང་མྱོང་བར་མི་བྱེད་དོ། །སེམས་ཀྱིས་ཀུན་ཏུ་རྟོག་པར་མི་བྱེད་དོ། ། ད་ལྟར་བ་རྣམས་སྤོང་བར་བྱེད་དོ། །དྲན་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་གང་ཡིད་དུ་འོང་བ་མིག་གི་ཡུལ་ཉམས་སུ་མྱོང་བར་གྱུར་པ་ལ་འདུ་ཤེས་སྔོན་དུ་སོང་བས་ཐག་ཉེ་བ་དང ། ཐག་རིང་བ་དང ། མདོག་བཟང་པོའམ། མདོག་ངན་པའམ། རིད་པར་གནས་པའམ། 70-1-115b དུས་ཆེས་སྔ་མ་ན་ཉམས་སུ་མྱོང་བའམ། རང་ཉིད་ལ་གྱུར་པ་རྣམས་སམ། གཞན་གྱིས་ཉེ་བར་ལོངས་སྤྱོད་པའི་གཟུགས་རྣམ་པ་སྣ་ཚོགས་པ་དེ་དག་རྣམས་ལ་ཡང་དགེ་སློང་འདིས་རོ་མྱོང་བར་མི་བྱེད་དོ། །དཔྱོད་པར་མི་བྱེད་དོ། །རྐྱེན་གྱི་དབང་གིས་འོངས་པ་རྣམས་ཀྱང་ཡོངས་ སུ་སྤོང་བར་བྱེད་དོ། །ཇི་ལྟར་འགའ་ཞིག་སྲེག་པར་བྱེད་པའི་སྐྱོན་གྱི་འཇིགས་པས་འཇིགས་ནས་མེ་སྤོང་བར་བྱེད་པ།དེ་བཞིན་དུ་དགེ་སློང་འདི་ཡང་འདོད་ཆགས་ཀྱིས་སྲེད་པའི་འཇིགས་པས་འཇིགས་ནས་འདས་པའི་ཉོན་མོངས་པའི་མེ་དགའ་བའི་འདོད་ཆགས་སྡུག་བསྔལ་མང་པོའི་ མཐར་ཐུག་པ་འབྱུང་བར་འགྱུར་བའི་གཟུགས་ཉམས་སུ་མྱོང་བ་དེ་དག་དྲན་པར་མི་བྱེད་དོ། །ཀུན་ཏུ་རྟོག་པར་མི་བྱེད་དོ། །སེམས་གནས་པར་མི་བྱེད་དོ། །དེ་ལྟར་གང་དག་འདས་པ་ཉམས་སུ་མྱོང་བ་རང་དང་གཞན་རྣམས་ཀྱིས་ཉེ་བར་སྤྱད་པར་གྱུར་པ་སྣ་ཚོགས་པ་རྣམས་ལ་ དེ་ལྟ་དེ་ལྟར་ཀུན་ཏུ་རྟོག་པར་མི་བྱེད་དོ། །དོན་དུ་གཉེར་བར་མི་བྱེད་དོ། །གཞན་ཡང་ལྷན་ཅིག་འགྲོགས་པ་རྣམས་དང་ཉེ་གནས་རྣམས་ཀྱང་མྱོང་བར་བྱེད་པ་ན་འགོག་པར་བྱེད་དོ། །རྗེས་སུ་ཡི་རང་བར་མི་བྱེད་དོ། །ལམ་ལ་རབ་ཏུ་འགོད་པར་བྱེད་དོ། །འགྱུར་བ་མེད་པའི་དགེ་ སློང་མི་བརྐམ་པར་འདོད་པ་ལ་འཆུམས་པ་མ་ཡིན་པ་དྲན་པ་ཉེ་བར་གནས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་མི་ལྡན་པ་ལེགས་པར་སྡོམ་པར་བྱེད་པའི་མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ཀྱིས་ཁྲིད་པར་མི་བྱེད་དོ། །གཞན་ཡང་དྲན་པ་གཉིས་པས་ལེགས་པར་བཟུང་ བར་གྱུར་པ་ནི་རྣ་བ་གང་དག་གིས་སྒྲ་རྣམས་ཐོས་པས་ཡིད་འཕྲོག་པར་བྱེད་པ་གང་གླུ་དང ། རོལ་མོའི་སྒྲ་དང ། གད་མོ་རྣམས་དང ། རྩེད་མོ་དང ། སྔོན་ཉེ་བར་ལོངས་སྤྱོད་པ་དེ་དག་རྣམས་འདིས་དྲན་པར་མི་བྱེད། སེམས་ཀྱིས་སེམས་པར་མི་བྱེད། ཀུན་ཏུ་རྟོག་པར་མི་བྱེད་དོ། །རྐྱེན་ ལས་བྱུང་བ་གཞལ་དུ་མེད་པ་རྣམས་ཀྱང་རྐྱེན་ལས་སྤོང་བར་བྱེད་དོ། །ཇི་ལྟར་འགའ་ཞིག་སྲེག་པའི་རྐྱེན་གྱིས་འཇིགས་པས་འཇིགས་ནས་མེ་ཡོངས་སུ་སྤོང་བར་བྱེད་པ་དེ་བཞིན་དུ་དགེ་སློང་འདི་ཡང་རྐྱེན་རྣམས་ཀྱིས་ཡོངས་སུ་སྤོང་བར་བྱེད་དོ། །གཞན་རྣམས་ཀྱང་རྣ་བའི་རྣམ་པར་ 70-1-116a ཤེས་པས་སྒྲ་ཉན་པར་བྱེད་པར་གྱུར་པས་ཉེ་གནས་སམ། ལྷན་ཅིག་འགྲོགས་པ་རྣམས་ལམ་ལ་རབ་ཏུ་འགོད་པར་བྱེད་དོ། །རྗེས་སུ་ཡི་རང་བར་མི་བྱེད་དོ། །མཆོག་ཏུ་དགེ་བའི་ལས་ཀྱི་མཐའ་ལ་སྤྱོད་པའི་དགེ་སློང་དེའི་འདོད་པ་རྣམས་ལ་དད་ཆེ་བ་མ་ཡིན་ཞིང་ སྒྲ་ལ་བརྐམ་པས་མི་འཁྲིད་དོ། །དེའི་དྲན་པ་ནི་བརྟན་པར་འགྱུར་རོ། །སྒྲ་རྣམས་ཀྱིས་འཕྲོགས་པ་མ་ཡིན་ནོ། །དྲན་པ་གཉིས་པ་དང་ལྡན་པའི་དགེ་སློང་རྣམས་ནི་བརྩོན་འགྲུས་ཡང་དག་པར་བརྩམས་པར་འགྱུར་རོ། །ཤེས་བཞིན་དང་ལྡན་པ་ཚངས་པར་སྤྱོད་པ་ལ་གོམས་པའི་ཚུལ་ ཁྲིམས་ལ་རབ་ཏུ་གནས་པ་ཡིན་ནོ། །གཞན་ཡང་དགེ་སློང་དྲན་པ་དང་ལྡན་པས་སྒོམ་པར་མི་བྱེད། རོ་མྱོང་བར་མི་བྱེད། སེམས་ཀྱིས་རབ་ཏུ་རྟོགས་པར་མི་བྱེད་པ་རྣམས་ནི་གང་དག་འདིས་སྔོན་བསྣམས་པར་གྱུར་པ་དྲི་རྣམས་དྲི་ཞིམ་པ་དང ། དྲི་ང་བ་དང ། དམན་པ་དང ། མཆོག་ དང ། ཡུལ་ཐག་ཉེ་བ་ན་གནས་པ་དེ་དག་རྣམས་ཀྱང་འདིས་ཀུན་ཏུ་དྲན་པར་མི་བྱེད་དོ། །སེམས་ལ་རབ་ཏུ་འཇོག་པར་མི་བྱེད་དོ། །རྐྱེན་གྱིས་ནང་གི་བདག་ཉིད་དུ་སོན་པ་རྣམས་ཀྱང་ཡོངས་སུ་སྤོང་བར་བྱེད་དོ། །གཞན་ཡང་ཉེ་བར་གནས་སམ། ལྷན་ཅིག་རྒྱུ་བ་རྣམས་ལ་ཡང་ སྣའི་རྣམ་པར་ཤེས་པ་དྲི་སྣོམ་དུ་མི་འཇུག་སེམས་ཀྱིས་རབ་ཏུ་དཔྱོད་པར་མི་བྱེད། གང་དང་པོ་ཉིད་ནས་འདིས་ཡིད་རབ་ཏུ་ཟློག་པར་བྱེད་དོ། །རྗེས་སུ་ཡི་རང་བར་མི་བྱེད་དོ། །དགེ་སློང་དེ་བདག་དང་གཞན་དགེ་བ་ལ་སྤྱོད་པར་བྱེད་པ། དགེ་བའི་ཆོས་དང་ལྡན་པ། དྲན་པ་ཉེ་བར་གནས་པ། ཞེན་པ་མེད་པར་ཤེས་བཞིན་དང་ལྡན་པ་ཡིན་ནོ། །འཆུམས་པར་གྱུར་པས་སྣ་འཕྲོགས་པར་མི་འགྱུར་རོ། །དགེ་སློང་དེ་ནི་སྡིག་པ་རྣམས་སྦྱངས་པར་གྱུར་པ་ཡིན་ཞིང་ལེགས་པའི་ཚུལ་ཁྲིམས་དང་ལྡན་པ་དྲན་པ་ཉེ་བར་གཞག་པའོ། །གཞན་ཡང་དྲན་པས་དྲན་པར་མི་བྱེད་པ་ནི་གང་འདིས་སྔོན་ མྱངས་པར་གྱུར་པ་དེ་དག་རྣམས་ཏེ། ཡིད་དུ་འོང་བ་རྣམས་དུས་བར་དུ་ཆོད་པ་ན་མྱངས་པའམ། དུས་ཉེ་བ་ན་མྱངས་པར་གྱུར་པ་ཡང་རུང་སྟེ། དེ་དག་རྣམས་འདིས་མྱོང་བར་མི་བྱེད་དོ། །ཀུན་ཏུ་རྟོག་པར་མི་བྱེད་དོ། །རྐྱེན་གྱིས་འོངས་པ་རྣམས་ཀྱང་མེ་བཞིན་དུ་ཡོངས་སུ་སྤོང་ངོ ། ། 70-1-116b གཞན་ཡང་རོས་ཁྲིད་པར་གྱུར་པའི་ཉེ་གནས་དང་ལྷན་ཅིག་འགྲོགས་པ་རྣམས་རོ་ལ་འཆུམས་པས་ཀུན་ཏུ་དྲངས་པར་གྱུར་པ་རྣམས་ཀྱང་རབ་ཏུ་འགོག་པར་བྱེད་དོ། །རྗེས་སུ་ཡི་རང་བར་མི་བྱེད་དོ། །འདི་ནི་དགེ་སློང་ཞེན་པ་མེད་པ། དྲན་པ་ཉེ་བར་གནས་པ། ཤེས་བཞིན་དང་ ལྡན་པ། སྡིག་པ་བཅོམ་པ། དགེ་བའི་ཚུལ་ཁྲིམས་ཅན། བདག་དང་གཞན་ལ་ཕན་པ་ལ་ཞུགས་པ་ཞེས་བརྗོད་དོ། །གཞན་ཡང་དགེ་སློང་གིས་དྲན་པ་ངན་པ་རྣམས་སྒོམ་པར་མི་བྱེད་ཅིང་སེམས་རབ་ཏུ་གནས་པར་མི་བྱེད་པ་ནི་གང་རེག་པར་བྱ་བ་དེ་ལ་རེག་པར་མི་བྱེད་དོ། ། ཀུན་ནས་ཉོན་མོངས་པ་ཅན་གྱི་བདེ་བ་ཡིན་པའི་ཕྱིར་འཐུག་པ་དང ། སྲབ་པ་དང ། འཇམ་པར་གྱུར་པའི་དངོས་པོ་འདིའི་ཆོས་དེ་རྣམས་ཡང་འདིས་རོ་མྱོང་བར་ཡང་མི་བྱེད་དོ། །ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །རྐྱེན་གྱིས་བྱུང་བ་རྣམས་ཀྱང་མེ་བཞིན་དུ་སྤོང་བར་བྱེད་དོ། །གཞན་ རྣམས་ལ་ཡང་དེ་བཞིན་དུ་སྤོང་དུ་འཇུག་གོ། །ལུས་སུ་གཏོགས་པའི་རེག་བྱར་གྱུར་པ་ལ་བརྐམ་པས་དྲང་བར་གྱུར་པ་རྣམས་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །གང་འདི་ལ་དགེ་སློང་རོ་དང་རེག་བྱ་རྣམས་སྤངས་པ་ཤེས་བཞིན་དང་ལྡན་པ་ཚུལ་ཁྲིམས་དག་པ་དང ། གཙང་མ་ལ་སྤྱོད་ པ་དགེ་བའི་ཆོས་ལ་ལེགས་པར་ཀུན་ནས་གནས་པ་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཞེས་བརྗོད་དོ། །ཡང་དྲན་པ་ལྔ་པོ་འདི་དག་རྣམས་དགེ་སློང་གིས་རྟག་ཏུ་བསྒོམ་པར་བྱ་ཞིང་ཡིད་ལ་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དུས་དྲན་པ་དང ། ན་ཚོད་རྣམས་དྲན་པ་དང ། མྱ་ངན་ལས་འདས་པ་དང ། འགྲོ་བ་དང་གནས་པའོ། །དེ་ལ་ཇི་ལྟར་དགེ་སློང་གིས་དུས་དྲན་པ་བསྒོམ་པར་བྱ་ན། འདི་ན་དགེ་སློང་རྟག་པ་ཁོ་ནར་ལུས་དྲན་པ་ཉེ་བར་གཞག་པ་སྒོམ་པར་གྱུར་པས་མི་རྨོངས་ཤིང་ཡུལ་གྱིས་མི་འཇོམས་སོ། །རྣམ་པར་ཉམས་པར་མི་བྱེད་དེ། དགེ་ སློང་དག་གིས་ཤེས་པར་བྱ་སྟེ།འདི་ན་ཉིན་དང་མཚན་དུ་ཡང་དེ་བཞིན་དུ་དགེ་བ་རྣམས་སོ་སོར་རིག་པར་བྱ་སྟེ། མི་ཉལ་བར་དབུགས་འཇུག་པ་དང་འབྱུང་བ་ལ་མངོན་པར་བརྩོན་པ་དང་ལྡན་པ་ཞེས་བྱ་བ་གང་གི་ཕྱིར་དབུགས་འབྱུང་བ་དང་འཇུག་པ་སྐད་ཅིག་པ་རྐྱེན་གྱིས་ངེས་པར་མྱོང་ 70-1-117a བར་འགྱུར་བ་དམའ་བ་དང་མཐོ་བར་བྱེད་པ་པོ་འདིས་དེ་ལྟར་བདག་གིས་གསུས་པ་རྒྱས་པར་བྱེད་པ་ཁམས་དང ། སྐྱེ་མཆེད་རྣམས་འཐོབ་པ་སྐད་ཅིག་ལ་སྟེང་དུ་འགོར་བ་མེད་པར་བྱེད་པར་འགྱུར་བའི་འདུས་བྱས་ཀྱི་ཆོས་འདི་དག་རྣམས་ཐམས་ཅད་ནི་ ཁམས་དང ། ཕུང་པོ་དང ། སྐྱེ་མཆེད་རྣམས་ཀྱིས་ངེས་པར་བསྡུས་པ་མིག་བཙུམས་པ་དང ། འབྱེད་པར་བྱེད་པ་དང ། དབུགས་འབྱུང་བ་ཞེས་བྱ་བའི་ཐ་སྙད་དུ་བྱ་བའི་རླུང་རྣམས་གང་དག་ཡིན་པ་འདུས་བྱས་སུ་གྱུར་པ་དེ་དག་རྣམས་ནི་འགག་པ་འཇིག་པ་རུལ་བར་གྱུར་པ་ཡིན་ ནོ། །གཞན་ཡང་དེའི་རྗེས་ཐོགས་ལ་རྐྱེན་གཞན་ལས་རབ་ཏུ་འབྱུང་བར་འགྱུར་ལ་སྐད་ཅིག་ཏུ་ཡང་མི་འགོར་བར་ལྷན་ཅིག་ཏུ་དབུགས་རྔུབ་པར་བྱེད་པའི་དེ་ལྟར་དགེ་སློང་འདི་དུས་ཀྱི་རྗེས་སུ་ཞུགས་པའི་དྲན་པ་དང་ལྡན་པ་དེས་རབ་ཏུ་བསྒྲལ་བར་གྱུར་པའི་ཡིད་ལ་བྱེད་པའི་བྱ་བ་དང་ ལྡན་པར་གྱུར་པས་བདག་ཉིད་ཀྱིས་སོ་སོར་རིག་པར་བྱེད་དོ། །ཁམས་དང་སྐྱེ་མཆེད་ཀྱི་ཚོམ་བུར་གྱུར་པའི་ལུས་འདི་ནི་སྐད་ཅིག་གི་ཁོག་ཙེ་ལས་ཉེ་བར་འཚེ་བ་དང་བཅས་པ་ལུས་འདི་ཐམས་ཅད་ཀྱིས་སྟོང་པ་ལྟ་བུར་གྱུར་པ་ལ་ནི་བྱེད་པ་པོ་དང ། ཚོར་བ་པོ་རྣམས་ནི་ཡོད་པ་མ་ ཡིན་གྱི། རྒྱུ་དང་རྐྱེན་ཕན་ཚུན་གྱི་དབང་གིས་ཐ་སྙད་ཀྱི་ལུས་འདི་ཀུན་ནས་བསྐྱེད་པས་རབ་ཏུ་འཇུག་པར་འགྱུར་བ་ཡིན་ནོ། །སྐད་ཅིག་དང་སྐད་ཅིག་ལ་སྐྱེ་ཞིང་འཆི་ལ། རྒས་པར་གྱུར་ཅིང་འཆི་འཕོ་དང་སྐྱེ་བའི་ཕུང་པོ་འབའ་ཞིག་ཏུ་གྱུར་པ་ནི་འཁོར་བའི་ཕུང་པོ་ཐམས་ཅད་ཡིན་ནོ། ། དེ་ལྟར་སྒོམ་པའི་དགེ་སློང་དུས་རྣམས་འབྲས་བུ་མེད་པ་མ་ཡིན་པར་བྱེད་པ་དེ་ནི་རབ་ཏུ་དང་བ་བཞི་དང་ལེགས་པར་ལྡན་པར་སེམས་ཀྱིས་སེམས་རབ་ཏུ་དང་བས་འདིའི་བཞིན་གྱི་ཁ་དོག་རབ་ཏུ་དང་བར་འགྱུར་རོ། །འདིའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱང་རབ་ཏུ་དང་བར་འགྱུར་རོ། ། འཇིག་རྟེན་ཕ་རོལ་ཏུ་ཕན་པར་བྱེད་པ་པོ་ཉིད་དང ། མྱ་ངན་ལས་འདས་པའི་ཡང་མཐར་ཐུག་པའི་དགེ་སློང་འདིའི་ཚུལ་ཁྲིམས་ལ་རྣམ་པར་དཔྱད་ནས་སྦྱིན་པ་པོ་དང་སྦྱིན་བདག་གང་ཡིན་པ་རྣམས་ཀྱང་མཆོག་གི་རབ་ཏུ་རངས་པས་ཡིད་རབ་ཏུ་དང་བར་འགྱུར་རོ། །ཚུལ་ཁྲིམས་ 70-1-117b དང་ལྡན་པ་མཆོག་ཏུ་དགེ་བ་ཡང་དག་པའི་དོན་ལ་སྤྱོད་པ་པོའི་དགེ་སློང་རྣམས་ནི་བཞི་པོ་དེ་དག་རྣམས་རབ་ཏུ་དང་བར་འགྱུར་རོ། །ཐམས་ཅད་དུ་ཤིན་ཏུ་རབ་ཏུ་དང་བས་བདེ་བར་ཉལ་ལོ། །དེ་ཉལ་བ་ན་ཆོས་དང་ལྡན་ཞིང་ཆོས་དང་རབ་ཏུ་འབྲེལ་པའི་རྨི་ལམ་བཟང་པོ་མཐོང་བར་ འགྱུར་རོ། །དེ་བཞིན་དུ་དེ་རྒྱགས་པ་མ་ཡིན་པ་བག་དང་ལྡན་པར་རྒྱུ་བས་ཆོས་བདུན་འཕེལ་བར་འགྱུར་ཏེ། བདུན་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་རྣམས་དཔྱོད་པའི་དབང་དུ་བྱས་པའི་ཆོས་ཀྱི་སྤོབས་པ་དང ། དེ་དགེ་བའི་ལས་ཀྱི་མཐའ་རྣམས་ལ་སྤྱོད་པའི་དགའ་བ་ དང་ལྡན་པར་འགྱུར་རོ། །དེའི་དགའ་བ་ཡང་མངོན་པར་འཕེལ་བར་འགྱུར་རོ། །དགའ་བ་རྒྱ་ཆེ་བར་གྱུར་པ་གང་གི་ཕྱིར་མིང་དང་གཟུགས་དག་ཕན་ཚུན་གྱི་དབང་གིས་འཕེལ་བར་འགྱུར་རོ། །འཕེལ་ཞིང་རྒྱས་པའི་རྒྱུ་འདིས་ལུས་ཀྱི་ནད་མེད་པའི་ལུས་དང་སེམས་དག་ཀྱང་ཕན་ ཚུན་གྱི་དབང་གིས་བདེ་ལེགས་སུ་གྱུར་པས་ཡིད་གཞུངས་པར་གྱུར་ཏེ། ཡིད་གཞུངས་པའི་མིང་ནི་སྔོན་བྱས་པའི་དགེ་བའི་ཆོས་རྣམས་རྗེས་སུ་དྲན་པ་ཡིན་ཏེ། འདིའི་ཡིད་གཞུངས་པ་དེ་ཡང་འཕེལ་ལོ། །དགེ་བའི་ཆོས་རྣམས་ལ་རྟག་ཏུ་ཡང་དྲན་པ་འཕེལ་ལོ། །དགེ་བའི་ ཆོས་རྗེས་སུ་དྲན་པ་རྣམས་འཕེལ་བ་བསམས་ནས་ཀྱང་འདིའི་བདེ་བ་རྣམས་ཀྱང་འཕེལ་ལོ། །བདེ་བར་གྱུར་པ་རྣམས་ཀྱི་ཡང་སྟོབས་འཕེལ་བར་འགྱུར་རོ། །ཆོས་བདུན་འཕེལ་བ་རྣམས་ནི་བདེ་བས་མཚན་མོ་འདའ་བར་བྱེད་ལ་ཉལ་བ་ན་ཡང་མཚན་མོ་ལུས་སྒོམ་པ་དང ། སེམས་ཀྱང་ སྒོམ་པར་འགྱུར་རོ། །དེ་ལྟར་དུས་རྣམས་དྲན་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ཉིན་མོ་དང་མཚན་མོ་དུས་དྲན་པ་དང་ཡང་དག་པར་ལྡན་པ་ཡིན་ཞེ་ན། དགེ་སློང་དག་འདི་ན་དགེ་སློང་གིས་མིག་བཙུམས་པ་དང་ཕྱེ་བ་རྟོགས་པར་བྱེད་དེ་སྐད་ཅིག་པའི་མིག་བཙུམས་པ་དང ། ལྷན་ཅིག་ཏུ་བདག་གིས་དུས་སུ་གྱུར་པ་གང་ཞིག་ལེགས་པར་རབ་ཏུ་ཐོབ་པ་དང་དེ་དང་ལྷན་ཅིག་འགྲོགས་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་དེ་རྣམས་ནི་དུས་མི་རིང་བ་ན་ཞིག་ཅིང་རུལ་བར་འགྱུར་བའོ། །དེ་ལ་དུས་འདི་གང་དག་རིམ་གྱིས་འགག་པ་དང་སྐྱེ་བ་ཡང་ཡིན་ 70-1-118a ཞེ་ན། རབ་ཏུ་སྐྱེ་བ་རྣམས་ལ་ཡང་ཚེ་ཟད་པ་སྒྲུབ་པ་ཡིན་པ་གང་གི་ཕྱིར་བདག་གི་ལང་ཚོ་རྣམས་ནི་རྒས་པས་ཟད་པར་འགྱུར་རོ། །གང་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་བཟློག་པར་བྱ་བའི་ཐབས་མེད་པའི་འཆི་བདག་གསོན་པ་ཐམས་ཅད་རབ་ཏུ་འཇོམས་པར་ བྱེད་པས་ཤིན་ཏུ་མྱུར་ཞིང་མགྱོགས་པར་འབབ་པས་སྲིད་པ་གཞན་དུ་བདག་འགག་པར་འགྱུར་རོ། །བདག་བག་ཆགས་སུ་གྱུར་པ་ཐམས་ཅད་ཀྱི་གསོན་པ་འདི་ནི་ཤིན་ཏུ་མྱུར་བར་འཇུག་པའི་ཕྱིར་ན་རྒྱུ་མེད་པར་མཆི་མ་འབྱུང་ངོ ། །དཔེར་ན་མར་མེ་གནས་པར་གྱུར་པའི་མེས་ སྣུམ་རྣམས་འཐུང་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཞེན་པའི་རང་བཞིན་དུ་གྱུར་པའི་བདག་རྣམས་ཀྱིས་ཀྱང་སྣུམ་འདྲ་བའི་ཚེ་འཐུང་བར་བྱེད་པ་འདི་དགེ་སློང་དག་གིས་བསམ་པར་བྱའོ། །ངེས་པར་ལེགས་པ་ལ་རབ་ཏུ་བརྩོན་པར་བྱའོ། །དེ་ལྟར་ཡང་ནང་གི་བདག་ཉིད་ཀྱི་དངོས་ པོ་འདི་རྣམས་ནི་རབ་ཏུ་ཉམས་པར་བྱེད་པའི་ཆོས་བཞིས་ཟད་པར་བྱེད་པ་ཡིན་པ་དེ་བཞིན་དུ་ཕྱི་རོལ་གྱི་འདུས་བྱས་ཀྱི་དངོས་པོ་རྣམས་ཐམས་ཅད་ཀྱང་བཞིས་འཇོམས་པར་བྱེད་དེ། རི་དང ། ནགས་དང ། ཆུ་ཀླུང་དང ། གྲོང་ཁྱེར་དང ། གྲོང་དང ། གྲོང་རྡལ་དང ། སྨན་གྱི་ལྗོངས་དང ། སྐྱེད་ མོས་ཚལ་རྣམས་མིའི་འགྲོ་བས་བསྡུས་པ་རྣམས་དང ། ལྷའི་འཇིག་རྟེན་གྱི་ཡང་སྟེ། འཇོམས་ཤིང་ཟད་པར་འགྱུར་རོ། །ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། ལྗོན་ཤིང་གི་ནགས་རྣམས་ཀྱང་ལྷ་རྣམས་ཐམས་ཅད་བག་མེད་པར་སྤྱོད་པས་ཉམས་ཤིང་ཉམས་པར་ ཡང་འགྱུར་རོ། །དེ་དག་རྣམས་ཐམས་ཅད་མེད་པས་ཡང་དང་ཡང་དུ་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེའོ། །འཇིག་རྟེན་འདི་དག་ཐམས་ཅད་རང་གི་ལས་ལ་ལོངས་སྤྱོད་པ་རྣམ་པ་དུ་མར་ཀུན་ཏུ་གནས་པ་མེད་པ་རྣམས་ལ་གཡེང་བ་མེད་པའི་བློས་ལྟ་བར་བྱེད་ དོ། །གཅིག་ཏུ་ངེས་པའི་བློས་དྲན་པ་བརྟན་པ་རྣམ་པར་མ་གཡེངས་པའི་དྲན་པ་དང་ལྡན་པ་གཅིག་ཏུ་དེ་ཁོ་ན་ཉིད་ལ་བལྟ་བར་གྱུར་པས་རྟོགས་ནས་གཞན་ཡང་དུས་དེ་ཉིད་ལ་སོ་སོར་དྲན་པ་དང་ཤེས་བཞིན་དང་ལྡན་པ་ཡིན་ཏེ། དགེ་སློང་དེ་ནི་ཅི་ལྟ་བུའི་སྤྱོད་ལམ་གྱིས་གནས་པའི་ 70-1-118b རབ་ཏུ་བྱས་པ་དང ། སྡོམ་པ་ལ་གནས་པའི་དབང་དུ་བྱས་པ་དང ། ཇི་ལྟ་བ་བཞིན་དུ་དྲི་མ་ལས་ལྡང་བའི་དུས་ནི་འདི་ཡིན་ནོ། །བསམ་གཏན་གྱི་གནས་པས་ཉེ་བར་འཕེལ་བར་བྱ་བའི་དུས་ནི་འདི་ཡིན་ནོ། །ཉེ་བར་བཅག་པའི་དབང་དུ་བྱས་པའི་དུས་ནི་འདི་ཡིན་ནོ། །བླ་མའི་ དུས་ནི་འདི་ཡིན་ནོ། །བདག་གི་ཟས་ཀྱི་དུས་ནི་འདི་ཡིན་ནོ། །བདག་གི་ཆོས་གོས་བསྡུ་ཞིང་བྱི་དོར་བྱ་བའི་དུས་ནི་འདི་ཡིན་ནོ། །བདག་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་དྲུང་དུ་སོང་ལ་ཆོས་བསྟན་པའི་དབང་དུ་བྱ་བའི་དུས་ནི་འདི་ཡིན་ནོ། །དེ་ལས་བདག་ཕྱིར་འགྲོ་བར་བྱ་བའི་དུས་ནི་ འདི་ཡིན་ནོ། །དགེ་སློང་དེས་དུས་ཐམས་ཅད་ཉིད་དུ་དུས་ཀྱི་རྗེས་སུ་རྟོགས་པའི་དྲན་པ་ཡིན་ནོ། །དེ་ལྟར་ན་དགེ་སློང་དུས་ཀྱི་རྗེས་སུ་ཞུགས་པའི་དྲན་པ་ཅན་ཡིན་ནོ། །གཞན་ཡང་ཇི་ལྟར་ན་ཚོད་དྲན་པ་ཡིན་ན་ནི་འདི་ན་དགེ་སློང་དག་དགེ་སློང་བདག་ཉིད་ཀྱི་ཇི་སྲིད་མངལ་ནས་བཟུང་ ནས་ན་ཚོད་ཀྱི་རྗེས་སུ་འབྲེལ་བ་རྣམས་དྲན་པར་བྱེད་དོ། །ལུས་ཀྱི་ན་ཚོད་རྣམས་ཀྱང་གང་གི་ཕྱིར་སྐད་ཅིག་པ་ཉིད་ཡིན་ཏེ། ནུར་ནུར་པོ་དང ། ལྟར་ལྟར་པོ་དང ། མཁྲང་འགྱུར་དང ། གོར་གོར་པོ་དང ། གོང་པོ་དང ། ཡན་ལག་དང་ཉིང་ལག་འགྱུས་པ་རྣམས་དང ། བྱིས་པ་ དང ། གཞོན་ནུ་དང ། བར་མ་དང ། རྒས་པར་གྱུར་པ་ལ་སོགས་པ་ལུས་ཀྱི་ན་ཚོད་སྔ་ཕྱིའི་རིམ་པ་རྣམས་ཤིན་ཏུ་མྱུར་ཞིང་གར་ཡང་གནས་པ་མེད་པའི་ལུས་སྐད་ཅིག་པ་འདི་ལ་ལྟ་བར་བྱེད་དོ། །བྱིས་པའི་སྐྱེ་བོ་བག་མེད་པས་ཉེ་བར་བཅོམ་པ་རྣམ་པར་རྟོག་པའི་རྒྱས་བཅུས་པ་ སྲིད་པའི་ཆུ་བོས་ཁྱེར་བ་འདི་དག་རྣམས་ཀྱིས་ནི་སོ་སོར་རིག་པ་ཡང་མ་ཡིན་ལ་སྐལ་བ་འཐུན་པའི་རིགས་གཞན་རྣམས་ནས་འཆི་འཕོས་ནས་ལས་ཀྱི་ལྕགས་སྒྲོག་གིས་རྒྱུད་ཀུན་ཏུ་བཅིངས་ཤིང་སླར་ཡང་སྐྱེ་བ་གཞན་གང་ཡང་རུང་བ་ཅིག་ཏུ་སྐྱེ་བར་འགྱུར་རོ། །གཞན་ཡང་དེ་རང་གི་ ལས་ཀྱིས་ཉེ་བར་འགྲོ་བར་གྱུར་པས་ལུས་དང་སེམས་ཀྱི་རྒྱུད་ཀྱི་རྗེས་སུ་འབྲེལ་བའི་ནུར་ནུར་པོ་དང ། ལྟར་ལྟར་པོ་དང ། མཁྲང་འགྱུར་དང ། གོར་གོར་པོ་དང ། ཤའི་གོང་བུ་དང་ཡན་ལག་དང་ཉིང་ལག་དང་ལྡན་པར་མིའི་འགྲོ་བར་སྐྱེ་བར་འགྱུར་བས་བྱིས་པ་དང ། གཞོན་ 70-1-119a ནུ་བདོ་བ་དང ། བར་མ་ན་གནས་པའི་གནས་སྐབས་དེ་དག་ཉིད་རིམ་གྱིས་འཆི་བའི་མཐར་ཐུག་པར་འགྱུར་རོ། །གཅིག་ཇི་ལྟ་བ་དེ་བཞིན་དུ་འདོད་པའི་ཁམས་པ་རྣམས་ཐམས་ཅད་ཀྱང་སོ་སོ་སོ་སོར་སྔོན་གྱི་ལས་ཀྱིས་ཀུན་ནས་སྦྲེལ་བས་ཇི་ལྟར་རྗེས་སུ་ འཐུན་པའི་ལུས་ཀྱིས་བསྡུས་པ་དང ། ལུས་དང་ལྷན་ཅིག་འགྲོགས་པའི་ལས་རྣམས་ཀྱིས་ན་ཚོད་དང་རྗེས་སུ་འཐུན་པའི་ལུགས་རྣམས་ནི་ཅི་ནས་ཀྱང་སེམས་ཅན་རྣམས་ཐམས་ཅད་ལ་འགྱུར་བ་ཡིན་ནོ། །དེ་ལྟ་བུ་ལ་ནི་ན་ཚོད་རྣམས་དྲན་པའི་དགེ་སློང་ཞེས་བརྗོད་དོ། །གཞན་ ཡང་དྲན་པ་གསུམ་པ་དགེ་སློང་གིས་བསྟེན་པར་བྱ་ཞིང་བསྒོམ་པར་བྱ་ལ་མཐར་ཐུག་པར་ཡང་བྱའོ། །གང་དག་ཅེ་ན། འདི་ལྟ་སྟེ། འཆི་འཕོ་དང་སྐྱེ་བའོ། །མཚན་མོ་ཡང་བསྒོམ་པར་བྱ་སྟེ། སེམས་ཅན་འདི་དག་ཐམས་ཅད་ནི་མཐར་འཆི་བར་གྱུར་པ་སྟེ། གསོན་པ་རྣམས་ ཀྱི་མཐའ་ནི་འཆི་བས་མཐར་ཐུག་པར་བྱེད་དོ། །ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཐམས་ཅད་ཀྱང་མི་རྟག་པ་དང ། སྐྱེ་བ་དང ། འགག་པའི་ཆོས་ཅན་ཀུན་ནས་འདུས་བྱས་པ། ཉེ་བར་འཚེ་བ་དང་བཅས་པ་འདུས་པ་མཐར་འབྲལ་བར་འགྱུར་བས་ན་ལྷ་རྣམས་ནས་ འཆི་འཕོས་ནས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དམྱལ་བ་རྣམས་ནས་འཆི་འཕོས་ནས་ཀྱང་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དང ། དམྱལ་བ་རྣམས་ནས་འཆི་འཕོས་ནས་ཀྱང་ལྷར་སྐྱེ་བ་དང ། མི་རྣམས་ནས་ཤི་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་ དང ། མི་རྣམས་སུ་ཡང་སྐྱེའོ། །ཡི་དགས་རྣམས་ནས་ཤི་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང ། མི་རྣམས་སུ་སྐྱེའོ། །དེ་ལྟར་ན་འོག་དང ། ཐད་ཀ་དང ། སྟེང་གི་འཁོར་བ་འདི་དག་རྣམས་སུ་ལས་ཀྱི་རླུང་གིས་ཡོངས་སུ་འཁོར་རོ། །རང་གི་ལས་རྣམས་ ལ་ལོངས་སྤྱོད་པས་ཡོངས་སུ་འཁྱམ་མོ། །འཁོར་བའི་རྒྱ་མཚོ་ཆེན་པོ་ན་ཡོངས་སུ་འཁོར་རོ། །དེ་བཞིན་དུ་དེས་ནམ་ནངས་པ་དང་།ནུབ་པ་དང་།ཉིན་མོ་དང་།མཚན་མོ་ཡང་གཅིག་ཏུ་འཆི་འཕོ་དང་སྐྱེ་བ་དྲན་པ་གང་ཡིན་པ་སྒོམ་པར་བྱེད་དོ། །དེའི་དགེ་སློང་འདིའི་གང་ 70-1-119b དག་གསོན་པའི་རྒྱགས་པར་གྱུར་པ་གཅིག་ཏུ་ཆགས་པར་བྱེད་པའི་ལོག་པར་ཡོངས་སུ་ཞེན་པས་བྱས་པ་དེ་བསྙུངས་པར་གྱུར་པའམ། རྣམ་པ་ཐམས་ཅད་དུ་ཡང་མེད་པར་འགྱུར་རོ། །དྲན་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟར་འཆི་འཕོ་དང་སྐྱེ་བ་དྲན་ པའོ། །དེའི་ཕྱིར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་རྣམས་ཀྱིས་འདི་བསྟེན་པར་བྱའོ། །ཡིད་ལ་བྱའོ། །རྒྱུ་གང་གིས་སེམས་ཅན་འདི་དག་རྣམས་དྲིན་མེད་པར་འགྱུར་བ་ནི་རྟག་པའི་གོ་འཕང་ཚོལ་བར་བྱེད་པ་དོན་མེད་དོ། །གང་གི་ཕྱིར་སྲེད་པའི་ཞགས་ པས་ཀུན་ཏུ་བཅིངས་ནས་འཁོར་བ་ན་ཡོངས་སུ་འཁྱམ་པ་རྣམས་ཀྱིས་རྟག་པའི་གོ་འཕང་འཐོབ་པར་འགྱུར་རམ། དེ་ནས་དེའི་ཚེ་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། སྲིད་པའི་འཇིགས་ལས་རྣམ་གྲོལ་ཞིང ། །ཐམས་ཅད་ལ་ཡང་ཆགས་མེད་པས། །འདོད་དང་བྲལ་ བའི་བརྟན་པ་ནི། །གོ་འཕང་མྱ་ངན་འདས་ལ་གནས། །སྲིད་པའི་སྐྱོན་དུ་བྱིང་བ་ལ། །དཀའ་ཐུབ་སྤྱོད་པས་དགའ་བ་ཡི། །དེ་ཡི་ཡིད་རྣམས་ངལ་སོས་ཀྱང ། །ཞི་བར་འགྱུར་བ་ཡིན་ནམ་ཅི། །གང་གི་ཡིད་ཀྱང་རྣམ་འཁྲུལ་བས། །ལུས་རྣམས་ལ་ནི་རབ་ཏུ་རྒྱུགས། །དེ་ ནི་ཆོས་ཀྱི་ལམ་ནོར་བས། །དམྱལ་བར་སྐྱེ་བར་འགྱུར་བ་ཡིན། །བག་མེད་པས་ནི་སེམས་དཀྲུགས་པས། །དེ་ཉིད་རྗེས་སུ་མཐོང་བ་མིན། །བག་མེད་པ་ཡང་མེ་དང་འདྲ། །དེ་ཕྱིར་འབད་པས་ཡོངས་སུ་སྤོངས། །བག་མེད་པས་ནི་རྣམ་འཇོམས་པའི། །སྐྱེས་བུ་ལས་ཀྱི་སྐྱེ་ གནས་སྐྱེས། །ལམ་ཡང་རྣམ་བརྒྱད་དེས་ལེགས་པ། །ཐམས་ཅད་ཉིད་དུ་མི་མཐོང་ངོ ། །བག་མེད་ཡུལ་ན་བསྟེན་པ་ཡིས། །ཆོས་བཅུ་རྣམ་པར་ཉམས་པ་ཡིན། །དེ་ནི་རྟག་ཏུ་བག་མེད་པས། །བསམ་གཏན་ཡང་ནི་རབ་ཏུ་ཉམས། །བག་མེད་སེམས་ཅན་ཐམས་ཅད་ ཀྱི། །འཆིང་བ་རྣམས་ཀྱི་མཆོག་ཡིན་ནོ། །བདེ་བའི་གོ་འཕང་རྟག་པར་ཡང ། །བག་ཡོད་པར་ནི་རབ་བརྗོད་དོ། །འཁོར་བའི་འཇིགས་པ་སྟོན་པ་ལས། །གང་གི་བློ་ནི་རྨོངས་མེད་པ། །དེ་ནི་ངན་སོང་འཇིགས་གྲོལ་ནས། །རབ་ཞི་ལེགས་པར་གནས་ཞེས་བརྗོད། ། 70-1-120a དེ་ལྟར་འཆི་འཕོ་དང་སྐྱེ་བ་དྲན་པ་ཅེས་ཀྱང་བསྒོམ་པར་བྱའོ། །དེ་བསྒོམས་པའི་ཕྱིར་རྟག་ཏུ་དགའ་བར་འགྱུར་རོ། །དེ་འདུས་བྱས་ཀྱི་དངོས་པོ་རྣམས་ཐམས་ཅད་ལ་འཆི་འཕོ་དང་སྐྱེ་བ་ལེགས་པར་མངོན་པར་མཐོང་ནས་འཁོར་བའི་སྡུག་བསྔལ་མང་པོ་ རྣམས་ལ་སོ་སོར་རྟོག་པར་བྱེད་དོ། །གང་ཞིག་འཇིག་རྟེན་འདིར་རྣམ་པ་དུ་མར་སྒྲུབ་པར་བྱེད་པའི་བག་མེད་པ་དེ་དག་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་སྤོང་བར་བྱེད་པའི་དགེ་སློང་དེ་རྟག་ཏུ་ཡང་མི་རྟག་པ་ལ་རྗེས་སུ་ལྟ་ཞིང་གནས་སོ། །ཟད་ཅིང་འགོད་པ་རྗེས་སུ་ལྟ་བ་བློ་དང་ལྡན་པ་དྲན་པ་ཉེ་་ བར་གཞག་ཅིང་ཡིད་ལ་བྱེད་པ་དང་ལྡན་པ་དེས་ནི་སྡུག་བསྔལ་རྣམས་མཐར་བྱེད་པར་ནུས་སོ། །གཞན་ཡང་དགེ་སློང་གིས་དྲན་པ་བཞི་པ་ཡིད་ལ་བྱ་བ་ནི་འདི་ལྟ་སྟེ། ཕུན་སུམ་ཚོགས་པ་དང་རྒུད་པ་རྣམས་དྲན་པ་ཡིད་ལ་བྱེད་པའོ། །འདི་ལྟར་ཕུན་སུམ་ཚོགས་པ་དང་རྒུད་པ་དྲན་པས་ ཕུན་སུམ་ཚོགས་པ་དང་རྒུད་པ་ཡིད་ལ་བྱེད་པའི་དགེ་སློང་རྣམས་ནི་རྙེད་པ་དང་བཀུར་སྟི་ལ་མངོན་པར་དགའ་བར་མི་འགྱུར་རོ། །འདོད་པའི་དབང་དུ་གྱུར་པས་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ལ་བརྟེན་པར་མི་བྱེད་དོ། །དེས་རྒྱལ་པོའམ་རྒྱལ་པོའི་བློན་པོ་གང་ཡིན་པ་རྣམས་མཐོང་ཞིང་དེའི་བདེ་ བ་དེ་དག་རྣམས་ཀྱང་ཡང་དག་པར་མངོན་པར་མཐོང་བར་གྱུར་པ་དེའི་ཚེ་ཡང་བདེ་བར་སེམས་ཀྱིས་ཀུན་ཏུ་འཛིན་པར་མི་བྱེད་དོ། །སྲེད་པས་མི་འཆིང་ངོ ། །ཉིན་མོར་ཀུན་ཏུ་རྟོག་པར་མི་བྱེད་ཅིང་མཚན་མོར་ཡང་མ་ཡིན་ནོ། །ཤིན་ཏུ་ལེགས་པར་བརྟག་པར་བྱ་བའི་ལོངས་སྤྱོད་གཞན་རྣམས་ ཀྱང་བདག་གིར་མི་བྱེད་དོ། །གཞན་རྣམས་ལ་ཡང་འཐུན་པའི་སེམས་ཀྱིས་ཀུན་ཏུ་ལྟ་བར་བྱེད་དོ། །འདི་ལྟར་ཡང་ཡིད་ཀྱིས་སྒོམ་པར་བྱེད་དེ། ཇི་ལྟར་སེམས་ཅན་འདི་དག་རྣམས་ནི་རྒུད་པ་མཐར་ཐུག་པ་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་ཕུན་སུམ་ཚོགས་པ་ཐམས་ཅད་ ཀྱང་རྒུད་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་ཕུན་སུམ་ཚོགས་པ་ཤིན་ཏུ་ཆེས་ལྷག་པར་གྱུར་པ་དེ་ལྟ་དེ་ལྟར་སྲེད་པ་རྣམས་སྟོབས་ཆེས་ཤིན་ཏུ་ལྷག་པར་འགྱུར་བ་ཡིན་ནོ། །དེ་རྣམས་རབ་ཏུ་ཉམས་པར་གྱུར་པ་ལས་ཀྱང་དེ་ལ་མངོན་པར་ཞེན་པས་ཕྱིས་ཡང་རྣམ་པར་ 70-1-120b འབྲལ་བར་བྱས་པའི་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མ་ཇི་སྙེད་ཀྱི་ཡིད་ཀྱི་སྡུག་བསྔལ་རྣམས་སྐྱེ་བར་འགྱུར་ཏེ། དེའི་དཔེ་རྣམས་ཀྱང་བྱ་བར་སླ་བ་མ་ཡིན་ནོ། །དེ་དེ་ལྟར་གང་གི་ཚེ་ཕུན་སུམ་ཚོགས་པ་དང་རྒུད་པ་རྣམས་ལ་ལེགས་པར་མངོན་པར་ལྟ་བར་བྱེད་པ་དེའི་ཚེ་ ལྷའི་རྒྱལ་པོ་རྣམས་ཀྱང་འདོད་པར་མི་བྱེད་ན་ཅི་ཡང་མིའི་རྒྱལ་པོ་རྣམས་སམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་འདོད་པར་འགྱུར་རམ། དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ལ་རྒུད་པའི་སྡུག་བསྔལ་རྣམ་པ་དུ་མ་ཀུན་ནས་མངོན་པར་མཐོང་བའི་ཕྱིར་ཏེ། གཞན་ཡང་རྒྱལ་ པོའམ། རྒྱལ་པོའི་བློན་པོ་རྣམས་སམ། ཁྱིམ་བདག་རྣམས་སམ། རྒྱལ་རིགས་རྣམས་དང་ཤིན་ཏུ་སྟོབས་དང་ལྡན་པ་གཞན་རྣམས་ཀྱི་མཆོག་ཏུ་ཕུན་སུམ་ཚོགས་པ་རྣམས་ཀྱང་རུང་སྟེ། སྐྱེས་ནས་ལན་ཅིག་དང་ལན་ཅིག་མ་ཡིན་པར་རྒུད་པར་བྱེད་པར་འགྱུར་བ་ཡིན་ནོ། །བུ་དང ། བྲན་པོ་དང ། བྲན་མོ་རྣམས་དང ། ལས་བྱེད་པ་རྣམས་དང ། ཞོ་ཤས་འཚོ་བ་རྣམས་དང་འབྲལ་བར་འགྱུར་རོ། །རྒུད་པའི་བྲེལ་དོག་ཏུ་ལྟུང་བ་རྣམས་ལ་ནི་གཞན་རྣམས་སྔང་བར་འགྱུར་རོ། །གཞན་རྣམས་ཀྱིས་བསྔངས་པར་གྱུར་པ་ནི་ལམ་སྲང་རྣམས་དང་བཞི་མདོ་ རྣམས་ཀྱི་སྒོ་རྣམས་ན་ལག་པ་དང་རྐང་པ་ཟད་ནས་ཁྲག་འཐིག་པར་གྱུར་པ་གོས་རལ་བར་གྱུར་པ་བཀྲེས་པ་དང ། སྐོམ་པས་གདུངས་པས་སྐམས་པ་སྐད་ཆད་པར་གྱུར་པས་གྲོང་ཁྱེར་ནས་གྲོང་ཁྱེར་དང ། གྲོང་ནས་གྲོང་དང ། རི་ནས་རི་དང ། ཡུལ་ཆུང་ནས་ཡུལ་ཆུང་ རྣམས་གང་དག་ཡིན་པར་རྣམ་པ་དུ་མར་མཆོག་ཏུ་མི་བཟད་པའི་སྡུག་བསྔལ་གང་ཡིན་པ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེའི་ཚེ་དགེ་སློང་འདིས་ལེགས་པར་མངོན་པར་མཐོང་ནས་ཡིད་ལ་བྱེད་པར་གྱུར་པ་ན་ཤིན་ཏུ་ཡང་ཡུལ་གྱི་ངམ་གྲོག་རྣམ་པ་དུ་མར་ལྷུང་བའི་ འཁོར་བ་ལ་སྐྱོ་བ་སྐྱེའོ། །གཞན་ཡང་དགེ་སློང་འདིས་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་རྣམས་རྒུད་པ་ལ་ལྟ་བར་བྱེད་ལ། དེའི་ཚེ་ལྷ་རྣམས་ལ་ཡང་རྗེས་སུ་དཔག་པ་དེ་ཉིད་ཀྱིས་རྗེས་སུ་དཔོག་པར་བྱེད་དོ། །དེ་ལ་རེ་ཞིག་མི་རྣམས་གང་ཡིན་པ་རྣམས་གཞན་གྱི་དབང་དུ་ 70-1-121a གྱུར་པ་དང ། མེ་དང་ཆུ་དང ། ཆོམ་རྐུན་དང ། རྒྱལ་པོའི་སྒོ་དག་ནས་ཀྱང་ཉེ་བར་འཚེ་བར་བྱེད་པས་རྒུད་པའི་གནས་སྐབས་རྣམས་ན་སྡུག་བསྔལ་བའི་འཇིགས་པ་དུ་མར་འགྱུར་བ་རྣམས་ལ་ལྟ་བརྗོད་དུ་ཡང་ཅི་ཡོད་ནས་ལྷ་རྣམས་ཤ་དང ། རུས་པ་ དང ། ཆུ་སེར་དང་བྲལ་བ་ལྷའི་བདེ་བ་ཕུན་སུམ་ཚོགས་པ་ལྷ་རྫས་ཀྱི་པད་མའི་ཕྲེང་བས་ཀུན་ཏུ་དཀྲིས་པ་ལྷ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དཔེ་མེད་པའི་ཡོན་ཏན་རྣམས་ཕུན་སུམ་ཚོགས་པའི་བུད་མེད་ཀྱི་འགྲོ་བ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྒོད་པ་དང ། འགྱིང་བ་ རྩེ་བའི་བདེ་བ་རྣམས་དང་ལྡན་པ་རྣམས་ལ་ལྷ་རྫས་ཀྱི་སྐྱེད་མོས་ཚལ་དང ། རྫིང་བུ་དང ། རིའི་རྩེ་མོ་རིན་པོ་ཆེ་སྣ་བདུན་གྱིས་ཤིན་ཏུ་འབར་བས་ཉེ་བར་གསལ་བ་རྣམས་ལ་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རྟག་ཏུ་ཉེ་བར་བསྒྲགས་པ་དང་ལྡན་པས་བདེ་བར་རྒྱུ་བ་རྣམས་རིན་པོ་ཆེ་བདུན་དང་ ལྡན་པའི་ཁང་བུ་ན་འོད་ཀྱིས་གསལ་བའི་ལུས་ཅན་རྣམས་ཤིན་ཏུ་རྣམ་པ་དུ་མར་དཔེ་མེད་པའི་ཡུལ་གྱི་བདེ་བ་རྣམས་ལ་རྟག་པར་སྟེན་པར་གྱུར་པ་རྣམས་ཕན་ཚུན་དུ་གནོད་པ་མེད་ཅིང་འཐབ་པ་དང་རྩོད་པ་རྣམ་པར་སྤངས་པ་རྣམས་ལ་ནི་གང་དག་ཁོ་ན་ཡིད་ཀྱིས་བསམས་པ་དེ་དག་ ཁོ་ན་འཐོབ་པར་འགྱུར་བ་རྣམས་རྔ་སྐད་ཡན་ལག་ལྔ་པས་རྟག་ཏུ་བསྒྲགས་པར་གྱུར་པའི་ཡིད་བདེ་བའི་ལྷ་རྣམས་ལ་ཡང་གང་གི་ཚེ་རྒུད་པས་བྱས་པའི་རྒུད་པའི་སྡུག་བསྔལ་རྣམས་འབྱུང་བར་འགྱུར་ཏེ། ལས་ཟད་པ་ན་སླར་ཡང་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་བ་ རྣམས་སུ་སྐྱེ་བར་འགྱུར་བ་ལ་མངོན་དུ་ཕྱོགས་པ་རྣམས་ཀྱིས་ཕྱིར་ཉིད་སྐྱེ་བ་གཞན་དུ་སྐྱེ་བར་འགྱུར་བས་བྱས་པའི་རྣམ་པ་དུ་མ་སྐྱེ་བ་གཞན་སོ་སོ་ཐ་དད་པ་རྣམ་པ་སྣ་ཚོགས་པར་འཕོ་བར་འགྱུར་བ་རྣམས་གང་གི་ཚེ་འཆི་འཕོ་བ་ན་མཐོང་ངོ ། །དེ་ལ་གང་གི་ཕྱིར་དམྱལ་བ་རྣམས་སུ་སྐྱེ་བར་ འགྱུར་ན་ནི་དེའི་ཚེ་དམྱལ་བ་རྣམས་ན་རབ་ཀྱི་ཤུགས་ཀྱིས་འབར་བས་འཁྲིགས་པ་དང ། བཀྲེས་པ་དང་སྐོམ་པས་བྱས་པའི་སྡུག་བསྔལ་རྣམས་ལ་དཔེ་མེད་པའི་གཟེར་ཟུག་དང་ལྡན་པའི་དམྱལ་བ་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ 70-1-121b ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང་སྟེ། མནར་མེད་པ་སྤངས་པའི་དམྱལ་བ་ཆེན་པོ་བདུན་པོ་རྣམས་སུ་ཇི་ལྟར་ལས་བྱས་པ་བཞིན་བདག་ཉིད་རབ་ཏུ་ལྟུང་བར་འགྱུར་བ་མཐོང་ངོ ། །དེའི་ཚེ་རྣམ་པར་འབྲལ་བས་བྱས་པ་གང་ཡིན་པའི་སྡུག་བསྔལ་ཆེན་པོ་དེ་དག་རྣམས་ མངོན་པར་མཐོང་ནས། ལུས་དང་ཡིད་གང་ཡིན་པའི་སྡུག་བསྔལ་སྐྱེ་བར་འགྱུར་རོ། །འདི་བཤད་པར་སླ་བ་ཡང་མ་ཡིན་ནོ། །དྲན་པ་འདི་དག་རྣམས་ནི་འདིར་དགེ་སློང་གིས་ལན་ཅིག་མ་ཡིན་ཞིང་ལན་ཅིག་མ་ཡིན་པར་དང་ཉིན་དང་མཚན་དུ་ཡང་བསྒོམ་པར་བྱའོ། །གཞན་ ཡང་དགེ་སློང་དེ་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་དེ་ཉིད་ཀྱིས་བྱས་པའི་དྲན་པ་རྗེས་སུ་སྒོམ་པར་བྱེད་དེ། འགྲོ་བ་གསུམ་པོ་རྣམས་ལ་ནི་རྒུད་པ་ཁོ་ན་ཡིན་གྱི། དམྱལ་བ་རྣམས་དང ། ཡི་དགས་རྣམས་དང ། དུད་འགྲོའི་འགྲོ་བ་རྣམས་ལ་གང་ལ་ཕུན་སུམ་ཚོགས་པ་ འབྱུང་བར་འགྱུར། ལྷ་དང་མི་རྣམས་ལ་ནི་བདེ་བའི་རྗེས་སུ་འཐུན་པའི་ཐ་སྙད་དུ་བྱ་བ་ཅུང་ཟད་ཙམ་ཡོད་ཀྱང་འཐག་པའི་སྣལ་མ་འཆུགས་དང་འདྲ་བར་རང་དབང་མེད་པ་ཕུན་སུམ་ཚོགས་པ་རྒུད་པར་བྱེད་པ་ཡིན་ནོ། །མི་རྣམས་ཀྱི་ལྔ་གང་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་མིག་ གིས་གཟུགས་ཡིད་དུ་འོང་བ་འཐུན་པ་སྡུག་པ་མངོན་པར་མཐོང་ནས་ཞེན་པར་ལྟའོ། །དེའི་ཚེ་རོ་མྱོང་བར་བྱེད་དོ། །འདོད་པར་བྱེད་དོ། །བདེ་བའི་སྐལ་བ་ཅན་དུ་འགྱུར་རོ། །ཡང་གང་གི་ཚེ་དེ་ལས་བཟློག་པ་གཞན་མི་ཕན་པ་མི་འཐུན་པ་ཡིད་དུ་མི་འོང་བ་རྣམས་མཐོང་ན་དེའི་ཚེ་ དེ་ཉིད་ལ་འདོད་ཆགས་དང་བྲལ་ལོ། །སྡུག་བསྔལ་བར་འགྱུར་ཏེ། དེ་དག་རྣམས་དབང་པོ་གཅིག་གི་དབང་དུ་བྱས་པའི་ཕུན་སུམ་ཚོགས་པ་དང་རྒུད་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་ཉིད་རྒུད་པ་དང་ཕུན་སུམ་ཚོགས་པ་གཞན་དྲན་པ་ལ་རྗེས་སུ་འབྲེལ་བར་བྱེད་དེ། གང་ ཞེ་ན། འདི་ལྟ་སྟེ། རྣ་བས་དགའ་བ་འཐུན་པ་ཡིད་དུ་འོང་བ་རྗེས་སུ་འཐུན་པ་རབ་ཏུ་དགའ་བར་བྱེད་པའི་སྒྲ་རྣམས་རྣ་བས་ཐོས་ན་ཡིད་རབ་ཏུ་རངས་པ་སྐྱེད་པར་བྱེད་པ་དེ་ནི་འདིའི་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་གང་གི་ཚེ་ཐ་དད་པར་གྱུར་པའི་རྐྱེན་གཞན་གྱིས་སྒྲ་དེ་ཉིད་ཉན་པར་ 70-1-122a བྱེད་པ་ན་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བར་གྱུར་པ་དེའི་ཚེ་འདིའི་ཡིད་མི་བདེ་བ་སྐྱེད་པར་འགྱུར་ཏེ། རྗེས་སུ་མི་འཐུན་པ་སེམས་ལ་མི་ཕན་པ་དེ་ནི་འདིའི་རྒུད་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་གང་གི་ཚེ་མེ་ཏོག་གི་ཚོགས་རྣམས་དང་ཕྱེ་མའི་སྦྱོར་ བར་བྱས་པའི་དྲི་རྣམས་དང་གཞན་ཡང་རྣམ་པ་སྣ་ཚོགས་པའི་དྲི་ཡིད་ཀྱི་རྗེས་སུ་འཐུན་པའི་དྲི་རྣམས་སྣོམ་པར་བྱེད་དོ། །དེའི་ཚེ་རྒྱུ་དེ་དག་རྣམས་ཀྱིས་འདི་ལ་དགའ་བ་དང་ལྷན་ཅིག་འགྲོགས་པའི་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །གཞན་ཡང་གང་གི་ཚེ་དགེ་སློང་དེ་ཉིད་གང་ཤིན་ཏུ་ བརྟན་པའི་དྲན་པ་དེ་དག་ཁོ་ནས་རྗེས་སུ་འབྲེལ་པར་བྱེད་དེ། གཞན་ཡང་ཇི་ལྟར་གང་གི་ཚེ་མི་དེ་དག་རྣམས་ཉིད་སྣ་དེ་ཉིད་ཀྱིས་དྲི་རྣམ་པ་དུ་མ་སྣོམ་པར་བྱེད་དེ། བརྣགས་པ་རྣམས་དང ། ཡིད་ཀྱི་རྗེས་སུ་མི་འཐུན་པ་མི་གཙང་བའི་རིགས་མང་པོར་གྱུར་པའི་དྲི་མི་ཞིམ་པ་རྣམས་ སྣོམ་པར་བྱེད་པ་ན། དེའི་ཚེ་འདི་ཡིད་མི་བདེ་བ་སྐྱེ་བར་འགྱུར་རོ། །དེ་ནི་འདིའི་རྒུད་པ་ཡིན་ནོ། །གཞན་ཡང་དགེ་སློང་དེ་ཉིད་རྣམ་པ་གཞན་གྱིས་ཀྱང་མིའི་འཇིག་རྟེན་དེ་ཉིད་ཀྱི་ཕུན་སུམ་ཚོགས་པ་དང་རྒུད་པ་ལ་དྲན་པ་རྗེས་སུ་འབྲེལ་པར་བྱེད་དེ། གང་གི་ཚེ་མིའི་འཇིག་རྟེན་པ་ རྣམས་ལྕེས་རོ་རྣམས་ཇི་ལྟར་མྱོང་བར་བྱེད་པ་ཡིན་ནོ། །འཐུན་པའི་ཡིད་དུ་འོང་བ་བསམས་པའི་རྗེས་སུ་འཐུན་པའི་ཚིམ་པར་བྱས་པས་ཡོངས་སུ་སྨིན་པ་ན་བདེ་བར་བྱེད་པ་ཚེ་དང ། སྟོབས་དང ། མདོག་དང ། བདེ་བ་རྣམས་སྣ་ཚོགས་པར་རབ་ཏུ་རྒྱས་པས་བྱེད་པ་དེའི་ཚེ་ཡིད་བདེ་བ་ འབྱུང་བར་འགྱུར་རོ། །དེ་ནི་འདིའི་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་ལུས་ཀྱིས་ཀྱང་རེག་བྱ་རྣམས་ལ་རེག་པར་བྱེད་པ་ནི་འཐུན་པ་ཡིད་དུ་འོང་བ་གྲང་བའི་དུས་སུ་དྲོ་བ་རྣམས་ལ་ཡང་རྒུད་པ་དྲན་པ་རྗེས་སུ་འབྲེལ་བར་བྱེད་ལ་དྲོ་བའི་དུས་རྣམས་སུ་ནི་བསིལ་བ་ སྟེ། ཇི་ལྟར་ཡིད་ཀྱི་རྗེས་སུ་འཐུན་པར་བྱེད་པ་དེ་ནི་མི་རྣམས་སུ་གྱུར་པའི་མིའི་འཇིག་རྟེན་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཡིན་ནོ། །ཡང་གཞན་གང་དག་གི་ཚེ་ན་རྒྱུ་གཞན་དག་དང་རྐྱེན་གཞན་རྣམས་ཀྱིས་ལུས་དེ་ཉིད་ལ་ཡང་རེག་བྱ་དེ་ཉིད་ཀྱང་མི་འདོད་པར་འགྱུར་ཏེ། 70-1-122b ཡུལ་གཞན་རྣམས་ཀྱི་དབང་གིས་ཀྱང་མི་འདོད་པར་འགྱུར་རོ། །གཞན་ཡང་ཡུལ་རྣམས་དང་དབང་པོ་དང་ཕྲད་པ་ལས་སྐྱེས་པ་དེའི་རྣམ་པར་རྟོག་པ་བརྟན་པོས་བྱས་པ་ལན་ཅིག་མ་ཡིན་ཞིང་ཕྱོགས་གཅིག་མ་ཡིན་པར་རབ་ཏུ་འཕེལ་བར་གྱུར་པས་སྲེད་པའི་མེས་བསྲེགས་པར་གྱུར་ པ་རྣམས་གང་ཡིན་པ་ནི་རང་བཞིན་གྱིས་འཇིག་རྟེན་པ་རྣམས་ཐམས་ཅད་ཆགས་པ་ཡིན་ནོ། །ཇི་ལྟ་བུའི་བདེ་བ་རྣམས་དང་ལྡན་པའི་ལྷའི་འཇིག་རྟེན་པ་ཡུལ་རྣམས་ལ་སྲེད་པས་ཆགས་པའི་བློ་ཅན་དེ་དག་རྣམས་ཀྱི་རྒུད་པ་དང་རྗེས་སུ་འབྲེལ་པའི་དྲན་པས་རྣམ་པར་དཔྱོད་པ་བྱེད་དོ། ། མཆོག་ཏུ་དགེ་བར་གྱུར་པའི་དགེ་སློང་དེས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་རྣམས་ཀྱི་རྒུད་པ་རྣམས་མཐོང་སྟེ། དེ་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ལ་ནི་རྒུད་པ་རྣམ་པ་བཅུ་གཉིས་ཡིན་ནོ། །འདི་ལྟ་སྟེ། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་འཐབ་མོའི་དུས་ན་བང་ཉམས་པ་དང་ལྷ་ མ་ཡིན་གྱིས་བརྒྱབ་པས་ལྷན་ཅིག་ཁོ་ནར་འགྱེལ་བ་དང ། རྒྱ་མཚོར་ལྷུང་བ་དང ། གོ་ཆ་རྣམས་ལྷུང་བ་དང ། ཆགས་པ་རྣམས་དང་ལྷན་ཅིག་ཁོ་ནར་འབྱེད་པ་དང་ཆགས་ཤིང་ངོ་ཚ་བ་རྣམས་དང་ལྷན་ཅིག་ཏུ་མགོ་རྒྱན་ལྷུང་བ་དང ། སྒྲ་གཅན་མཐོང་བས་བརྒྱལ་བ་དང་འཆི་ འཕོ་བའི་དུས་ན་ཚད་དང་དབྱིབས་དང་རྒྱན་རྣམས་དང་ལྡན་པའི་ལྷའི་བུ་མོ་དེ་དག་རྣམས་ཕྱིར་གསར་དུ་སྐྱེས་པའི་དྲུང་དུ་སོང་ནས་རྩེད་མོ་ཆེན་པོ་རྩེད་མོ་ཚད་མེད་པ་བྱེད་པར་གྱུར་ནས་ཡོངས་སུ་སྤངས་པ་དང ། རྩེད་མོའི་དུས་ན་དེ་རང་གི་ལས་དང་འཐུན་པའི་དམན་པར་འགྱུར་ བ་དང ། རྩེད་མོའི་དུས་ན་དུད་འགྲོར་སྐྱེས་པའི་བྱས་ཀྱང་སྨོད་པར་བྱེད་པ་དང ། པད་མ་རྣམས་ལ་བསྡད་པ་དང་རེག་པ་ཁོ་ནས་ཉམས་ཏེ་རང་གི་ལས་དང་འཐུན་པར་འགྱུར་བ་དང ། རྒྱན་རྣམས་དང་གཞན་ཆེས་གཙོ་བོར་གྱུར་པ་དག་གི་རྒྱན་རྣམས་མངོན་པར་མཐོང་ནས་ངོ་ཚ་བ་དང་སྟེ། རྒུད་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཡིན་ནོ། །དགེ་ལེགས་སུ་རྗེས་སུ་སྤྱོད་པའི་དགེ་སློང་འདིས་མཐོ་རིས་ཀྱི་བདེ་བ་ལ་མ་འཆུམས་པ་དྲི་མ་མེད་པའི་བློས་དེ་དག་རྣམས་ལ་ཀུན་ནས་ལྟ་བར་བྱེད་དོ། །དེས་མཐོང་ནས་ཀྱང་གཤེ་ཞིང་མཐོ་རིས་ 70-1-123a ཀྱི་བདེ་བ་རྣམས་ལ་སྨོད་པར་ཡང་བྱེད་དེ། གང་དག་མཐོ་རིས་འདོད་པས་ཚངས་པར་སྤྱོད་པ་དེ་དག་རྣམས་ཀྱི་ཚངས་པར་སྤྱོད་པ་ནི་མི་ཚངས་པར་སྤྱོད་པའི་དོན་དུ་སྤྱོད་པ་ཡིན་ནོ། །དེ་རྣམས་ལ་ཡང་འཕྱ་བར་བྱེད་ཅིང་སྐྱུག་བྲོ་བར་ལྟའོ། །དེ་ཅིའི་ཕྱིར་ཞེ་ ན། རང་དབང་མེད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་དགེ་སློང་དེ་ཉིད་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒུད་པ་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒུད་པ་བརྒྱད་པོ་མཐོང་བ་ལ་འདི་ལྟ་སྟེ། ལྷ་དང་ལྷ་མ་ཡིན་རྣམས་ཀྱི་རྩོད་པས་གོ་ཆ་ རྣམས་མེད་པར་འགྱུར་བ་དང ། གང་གི་ཚེ་རབས་གཏན་གྱི་གཤུལ་ནས་ལྟུང་བ་དང ། མི་གཙང་བས་རྗེས་སུ་འབྲེལ་བའི་དུས་སུ་འཇུག་ངོས་རྣམས་མི་མཐོང་བ་དང ། མཐོང་བས་སེམས་སྟོབས་འཆོར་བ་དང ། ཟས་དང་རྩེད་མོ་དག་ལ་འཇུག་པའི་དུས་སུ་ཁ་དོག་དང་གཟུགས་ དང་སྟོབས་ཀྱི་ངོ་བོ་རྣམས་ཞན་པ་དང ། སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་ལ་ཡང་མི་མཉམ་པར་བརྒྱ་བྱིན་གྱིས་ཡོངས་སུ་ཤེས་པ་དང ། འཆི་འཕོ་བའི་དུས་ན་བུད་མེད་རྣམས་འཕོས་པར་འགྱུར་བ་དང ། རྩེད་མོའི་ལྟད་མོ་ཁང་བུ་རྣམས་ཀྱི་བང་བུལ་བར་གྱུར་ པ་རྣམས་སོ། །རྒུད་པ་བརྒྱད་པོ་འདི་དག་རྣམས་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཡིན་ནོ། །འཐབ་བྲལ་བ་རྣམས་ཀྱི་རྒུད་པ་རྣམས་ནི་འདི་ལྟ་སྟེ། བུད་མེད་རྣམས་ཀྱིས་ཤེས་པར་འགྱུར་བས་ཟས་ཀྱི་དུས་ན་ངོ་ཚ་བར་འགྱུར་རོ། །དེའི་ལས་རྣམས་ཉུང་བ་ཡིན་པའི་ཕྱིར་ན་ལྷ་འདི་ ལ་ལྷ་གཞན་རྣམས་ཀྱིས་གཡོག་གི་བྱ་བ་མི་བྱེད་དེ། དཔེར་ན་ལྷ་གཞན་ལ་ལྷ་གཞན་དག་རྣམས་ཀྱིས་སྤྱོད་པར་བྱེད་ཅིང་རྒྱལ་པོར་ཡང་བྱེད་པར་འགྱུར་རོ། །མུ་སུ་ལུན་དྷའི་ཆོས་སྟོན་པའི་དུས་ན་ཤིན་ཏུ་འཇིགས་པར་འགྱུར་བ་ནི་མཐར་ཐུག་པའི་རྒུད་པ་ཡིན་ནོ། །ལས་རྣམས་ དམན་པ་ཡིན་པའི་ཕྱིར་ན་འོད་རྣམས་འཇོམས་པར་འགྱུར་ཏེ། ལྷ་གཞན་དགེ་བའི་ལས་ཀྱི་མཐའ་ལ་སྤྱོད་པ་རྣམས་ཀྱི་འོད་ཀྱིས་འདི་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་འཇོམས་པ་ཡང་མིའི་འཇིག་རྟེན་ན་ཉི་མས་གཟའ་དང་སྐར་མ་དང་རྒྱུ་སྐར་རྣམས་བཞིན་ནོ། །ལས་དམན་ 70-1-123b པ་ཡིན་པའི་ཕྱིར་ན་སྟན་ལ་ཉེ་བར་འདུག་པའི་རིན་པོ་ཆེ་རྣམས་གཞན་ཉིད་དུ་ཉེ་བར་འགྱུར་ཏེ། གང་གི་ཚེ་དགེ་བའི་ལས་ཀྱི་མཐའ་ལ་སྤྱད་པའི་ལྷ་རྣམས་འདུག་པར་འགྱུར་བ་ན། དེའི་ཚེ་ལྷ་དེའི་སྟན་རྣམས་དངུལ་གྱི་རང་བཞིན་དུ་གྲུབ་པར་གྱུར་པ་ནི་ལས་རྣམས་སྣ་ཚོགས་ པའི་ཕྱིར་རོ། །དེ་དག་རྣམས་ནི་འདིའི་རྒུད་པ་ཡིན་ཏེ་འདིའི་ཚད་ཀྱང་ཆུང་བར་འགྱུར་རོ། །རྒུད་པ་དྲུག་པོ་དེ་དག་རྣམས་ནི་འཐབ་བྲལ་བའི་ཡིན་ནོ། །དགའ་ལྡན་པ་རྣམས་ལ་ནི་རྒུད་པ་བཞི་ཡོད་དེ།འདི་ལྟར་ངང་པའི་སྒྲ་ཀུན་ནས་སྒྲོགས་པ་མཉན་པར་འོས་པའི་དམ་པའི་ ཆོས་སྒྲོགས་པ་ཉན་པར་བྱེད་པའི་རྒྱུད་དགའ་ལྡན་པ་རྣམས་ཀྱིས་ཐོས་ན་མི་དགའ་བ་མེད་པ་ནམ་མཁའ་ལ་འགྲོ་བའི་རྒྱལ་པོ་ངང་པས་རང་གི་གཟུགས་འདོད་པ་བཞིན་དུ་བསྒྱུར་བས་རིན་པོ་ཆེ་བདུན་གྱིས་ཤིན་ཏུ་འབར་བའི་ཆ་བྱད་ཀྱིས་གཟུགས་དཔེ་མེད་པ་འཛིན་པའི་གཟུགས་ ཀྱིས་དཔག་ཚད་ལྔ་སྟོང་དུ་རང་གི་ལུས་རྣམ་པར་བསྲིངས་པའི་འོད་ཁ་དོག་སྣ་ཚོགས་པ་རྣམས་ཀྱིས་དགའ་ལྡན་ཀུན་ཏུ་སྣང་བར་བྱས་པར་གྱུར་ཞིང་མཆོག་ཏུ་ངོ་མཚར་བར་གྱུར་པའི་སྐད་ཀྱིས་ལྷ་དེ་དག་རྣམས་ལ་ཉི་མ་རེ་རེ་བཞིན་དུ་འགྲོ་བར་བྱེད་པས་ནམ་མཁའ་ལ་བགྲོད་པའི་ རྒྱལ་པོ་ངང་པ་བྱང་ཆུབ་སེམས་དཔའ་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གང་ཕྱིར་བསོད་ནམས་རྣམས་ནི་ཟད། །ཚེ་ཡང་མྱུར་བར་འགྲོ་བ་ཡིན། །དགའ་ལྡན་གྱི་ནི་དབང་ཕྱུག་གིས། །ཆོས་ལེགས་བསྡུ་ལ་འབད་པར་གྱིས། །གང་ཡང་ཆོས་ནི་ཡོངས་བཏང་ ནས། །རྒྱགས་པས་མཆོག་ཏུ་ཉེར་བཅོམ་པ། །བསོད་ནམས་སྩོགས་པ་མ་ཡིན་ཏེ། །དེ་ནི་ཕྱི་ནས་གདུང་བར་འགྱུར། །ཇི་སྲིད་དུ་ནི་རྒས་དང་ནད། །འཆི་བདག་བཅས་ཏེ་མ་འོངས་པ། །དེ་སྲིད་དུ་ནི་བསོད་ནམས་ཀྱིས། །ཕྱི་ནས་འགྱོད་པར་གྱུར་ཏ་རེ། །བསོད་ནམས་ཀུན་ ནས་མ་བསྡུས་དང ། །བག་མེད་པས་ཀྱང་ཉེར་བཅོམ་པ། །དམྱལ་བའི་རྒྱུ་ཡི་སྡུག་བསྔལ་ལ། །བག་མེད་པ་ནི་བཞད་གད་བྱེད། །གསོན་པའི་དོན་དེས་ཅི་ཞིག་བྱ། །ལོངས་སྤྱོད་ཀྱིས་ཅི་གཉེན་གྱིས་ཅི། །དབང་པོ་ཚང་བ་དེ་རྙེད་ནས། །གང་ཞིག་ཆོས་ལ་རྟག་མི་དགའ། །ཆོས་ 70-1-124a ནི་ལེགས་པར་བསྡུ་བའི་ཡིད། །ཉི་མ་རེ་རེ་བཞིན་དུ་བྱ། །སྡིག་པ་རྣམས་ནི་རྣམ་སྤངས་དང ། །བཟང་པོ་རྣམས་དང་ཕྲད་པར་བྱ། །ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །རྒྱགས་རྒྱུན་གདུལ་དཀའ་གཅད་པར་གྱིས། །སྐྱོན་གྱི་ཕུང་པོ་གཞོམ་བྱ་ཞིང ། ། སྐྱོན་གྱི་ལམ་ནི་གཅད་པར་གྱིས། །ཤེས་དང་ཚུལ་ཁྲིམས་དཀའ་ཐུབ་སྤེལ། །འདོད་པ་དང་བྲལ་སྤྲོ་བ་སྤངས། །དེ་ཉིད་ལམ་ནི་རྣམ་སྟོན་པོ། །ཞི་བ་རྟག་ཏུ་བསྟེན་པར་བྱ། །ཚུལ་ཁྲིམས་གང་གིས་ལྷ་སྐྱེ་བ། །འཐོབ་པའི་འབྲས་ལ་རྨོངས་པ་ཡིས། །བསོད་ནམས་སོག་པར་ མི་བྱེད་ཅིང ། །སྲིད་པའི་མཐའ་ནི་ཟློག་མི་བྱེད། །ཡེ་ཤེས་རྩོལ་ལ་མངོན་དགའ་གང ། །ཚུལ་ཁྲིམས་རིན་པོ་ཆེ་ཡིས་བརྒྱན། །འདོད་འདོད་ཆགས་ཀྱིས་གང་འཇིགས་པ། །ལྷ་རྣམས་ལྷར་ནི་འདོད་པ་ཡིན། །གང་ཞིག་རྟག་ཏུ་ཆོས་ལ་དགའ། །ལྷ་རྣམས་རྟག་ཏུ་དེ་ཕྱག་ འཚལ། །གང་ཡང་དེ་ལས་ཕྱིན་ཅི་ལོག་།དེ་དག་ཐམས་ཅད་ཉམས་པར་འགྱུར། །ཆོས་ཀྱི་ཟབ་པ་འདི་རྙེད་ནས། །ཕ་རོལ་མཆོག་ཏུ་སྒྲོལ་བ་ཆེ། །གང་ཞིག་ལེགས་པར་ཟམ་མི་རྒལ། །དེ་ནི་སྲིད་པ་ལས་མི་གྲོལ། །ཉོན་མོངས་ཤིང་ནི་མ་ལུས་པ། །ཡེ་ཤེས་མེ་ཡིས་ མི་སྲེག་པ། །ཅིའི་དོན་ཉོན་མོངས་ཡུལ་གྱི་ནི། །དྲ་བས་མི་རྣམས་བསྡམས་ཕྱིར་རོ། །འཐུག་པོའི་རང་བཞིན་མིག་སྤྲིན་ཚོགས། །རབ་ཏུ་ཡེ་ཤེས་མིག་སྦྱོང་ཞིང ། །དེ་ལས་སྒྲོལ་བ་རྫོགས་སངས་རྒྱས། །གསུང་གི་རང་བཞིན་སྨན་གྱི་ཟས། །དམ་ཆོས་དམག་གི་དཔོན་གྱིས་ ནི། །འདོད་ཆགས་དམག་ནི་ངེས་པར་འཇོམས། །དགེ་མངའ་ཤིན་ཏུ་བསྒྲགས་པས་ཏེ། །དེ་ནི་རབ་ཏུ་འབད་པས་མཉན། །ཕྱིན་ཅི་ལོག་ནི་རྣམ་པ་བཞི། །དེས་ཀྱང་དེ་སྲིད་ཉིད་དུ་སླུ། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱང ། །སྐྱེ་དགུ་མ་ལུས་འཇོམས་པར་བྱེད། །སྲེད་དྲ་མི་བཟད་ཆུ་བོ་ ནི། །རྣམ་རྟོག་བརྒྱ་ཕྲག་རྒལ་བར་དཀའ། །ཤེས་པའི་ཟམ་པ་ལེགས་ཞོན་ནས། །ཐུབ་རྣམས་ཞི་བར་རྒལ་བ་ཡིན། །འདོད་པས་ཀུན་ཏུ་རྨོངས་པའི་ཡིད། །ལྷ་གང་འདོད་པ་སྟེན་པ་རྣམས། །རྟག་པར་ཡང་ནི་གནས་ལྔ་རུ། །དེ་དག་རྣམས་ལ་གྲོལ་བ་མེད། །ལན་ཅིག་མིན་པར་ 70-1-124b ཐོབ་ཉམས་པའི། །ཀིམ་པ་ཀ་དང་དུག་དང་མཚོན། །མེ་དང་མཚུངས་པའི་སྡུག་བསྔལ་རྒྱུ། །འདོད་པ་གློག་འདྲ་ཅི་ཞིག་བྱ། །ཇི་ལྟ་ཇི་ལྟར་བསྟེན་བྱས་པ། །དེ་ལྟ་དེ་ལྟར་རབ་ཏུ་འཕེལ། །ངོམས་མེད་བྱེད་ཕྱིར་དེ་དག་ནི། །སྲེག་པའི་རྒྱུ་ཡི་མེ་བཞིན་ནོ། །སྲེག་སྐྱོན་འཇིགས་ པས་ངེས་བརྒྱལ་བའི། །ལྷ་གང་བདེ་བ་འདོད་པ་རྣམས། །འདི་ལས་བདེ་བ་ཀུན་འབྱུང་གིས། །འདོད་པ་མི་དགེ་རྣམ་སྤང་གྱིས། །སྐྱེ་བོ་རྨོངས་པ་ཆགས་གྱུར་ཞིང ། །འཆིང་བའང་དམ་པོར་བསྡམས་ནས་ནི། །རྩབ་ཧྲལ་ཅན་ནི་གཞན་དུ་འགྲོ། །འདོད་པ་གློག་གི་ ཡོན་ཏན་བཞིན། །གང་ཞིག་འདོད་ཆགས་སྲེད་པ་ཡིས། །གོང་ནས་གོང་དུ་འདོད་པ་སྟེན། །དེ་ནི་འདོད་ཆགས་མེས་བསྲེགས་ནས། །བསྲེགས་བཞིན་བསྲེགས་པ་འཐོབ་པར་འགྱུར། །ལྷ་གང་འདོད་པ་སྟེན་བྱེད་རྣམས། །དེ་དག་གང་ཕྱིར་ཤིན་ཏུ་རྨོངས། །མེད་པར་ བྱ་ཕྱིར་འཇུག་བྱེད་པ། །གང་དེ་བདེ་ནས་བདེ་བ་ཡིན། ། མྱང་འདས་འདོད་ལྡན་རྣམས་ལ་མེད། །གྲོལ་མེད་བདེ་བ་ཅི་ལ་ཡོད། །དེ་ཕྱིར་འདོད་པ་བསྟེན་མི་བྱ། །འདོད་དང་སྡུག་བསྔལ་མཉམ་དུ་བྱུང ། །ཡུལ་གྱི་ཆགས་པ་སྟེན་པ་རྣམས། །དབང་པོ་རྣམས་ཀྱང་ངོམས་པ་ མེད། །ཐམས་ཅད་དུ་ནི་ལེགས་འཕེལ་བའི། །ངོམས་མེད་བདེ་བའང་ག་ལ་ཡོད། །དེ་ཕྱིར་ཡིད་བྱུང་འཇིགས་བཅས་པའི། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །འདོད་པའི་སྲེད་པ་མི་བཟད་པ། །ཡོངས་སུ་སྤོངས་ཤིག་སྡིག་ཅན་དེ། །རི་ཡི་ཚོགས་ནི་དེ་དག་གི། ། དགའ་བའི་ལྗོན་ཤིང་རྣམ་སྣ་ཚོགས། །དེ་དག་ལ་ཡང་ཡོངས་བརྟེན་ནས། །འདོད་རྣམས་སྐྱེ་འཇིག་སྒོམ་པར་བྱེད། །ཤེས་པའི་བདེན་པ་བཞི་པོ་ནི། །དེ་དག་མཁས་པས་རབ་ལེགས་མཐོང ། །བསམ་པ་མེད་ལྡན་སྐྱེ་དང་རྒ་བའི་འཇིགས་པ་ལས། །རབ་ཏུ་གྲོལ་བ་མཆོག་ཏུ་ ཞི་བ་དང་ལྡན་པ། །བསམ་པ་མེད་ལྡན་གང་ཡང་རྣམ་པར་རྨོངས་པའི་བློ། །འདོད་པ་ལ་ཆགས་སྲིད་པའི་ལོངས་སྤྱོད་དག་གིས་བཅིངས། །དེ་ནི་འདོད་པའི་རང་བཞིན་འཆིང་རྣམས་ལས་མ་གྲོལ། །སྐྱེ་དང་རྒ་བའི་འཇིགས་པ་རྣམས་ལས་འགྲོལ་བ་མིན། །གང་གི་སྡུག་བསྔལ་ 70-1-125a རྒྱ་ཆེ་འདི་ནི་རྣམ་བསམས་ནས། །སྲིད་པའི་རྒྱ་མཚོ་ལས་ནི་སྐྱོ་བར་མི་འགྱུར་བ། །དེ་ནི་འདོད་པའི་དུག་གི་མདའ་ཡི་ཤུགས་ཀྱིས་རྨོངས། །སྡུག་བསྔལ་གྱི་ནི་གནས་སྐབས་དམྱལ་བ་འཐོབ་པར་འགྱུར། །ཐོག་མ་ཐ་མའི་འདོད་པའི་བདེ་བ་རྣམས་ཀྱང་ སྤོངས། །བྱིས་རྣམས་ཅི་ཕྱིར་འདོད་པའི་ལོངས་སྤྱོད་རྣམས་ལ་དགའ། །ཤིན་ཏུ་མི་བཟད་འཇིགས་པ་དེ་དག་རྣམས་ཀྱང་ནི། །འཆི་བདག་འབར་བས་གསལ་བར་མ་འོངས་མི་ཤེས་པ། །གསོན་པ་འདི་དག་འདིས་ནི་འཇོམས་པར་བྱེད་པ་ཡི། །ཇི་སྲིད་འཆི་བདག་འཇིག་ རྟེན་ཐམས་ཅད་མི་འཇོམས་པ། །དེ་སྲིད་དུ་ནི་ཕན་དང་སྐྱིད་དང་བདེ་བ་དང ། །མྱ་ངན་མེད་ཀྱིས་དེ་དག་སྐྱེས་བུ་རྣམས་ཀྱིས་བྱོས། །ཆུད་གཟོན་ཀུན་གདུང་བྱེད་པ་པོ། །འདོད་པའི་སྐྱེ་གནས་ཀུན་ཐོབ་པ། །རྣམ་དུར་རྨོངས་པས་དེ་ལྟ་ན་འང ། །འདོད་པའི་སྤྱོད་པ་ཚིམ་པར་ བྱེད། །དེ་ལྟར་ནམ་མཁའ་ལྡིང་གི་རྒྱལ་པོ་ངང་པས་འགྲོ་བར་ཡང་བྱེད་པ་དང ། རྗེས་སུ་སྟོན་པར་ཡང་བྱེད་དོ། །ལྷ་གང་དག་བག་མེད་པར་གྱུར་པས་ཆོས་སྒྲོགས་པ་རྣམས་ལ་ཆེད་ཆེར་བྱས་ནས་ཉན་པར་མི་བྱེད་པ་དང ། གང་ཡང་དམ་པའི་ཆོས་ཉན་པ་ལས་ཆེད་ཆེར་བྱེད་པ་དེ་ དག་རྣམས་ཉིད་ལ་ལྷན་ཅིག་ཏུ་ངང་པ་དེས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་དེ་དག་རྣམས་སྒྲོགས་པ་ཡིན་ཏེ། དེ་རྣམས་དམ་པའི་ཆོས་ཉན་པ་ལ་གུས་པ་ལེགས་པར་སྐྱེས་ནས་རིངས་པར་གྱུར་པས་གང་ན་ཐོས་ན་མི་དགའ་བ་མེད་པ་ཞེས་བྱ་བའི་ས་ཡོད་པ་དེར་ཉེ་བར་ལེགས་ པར་འགྲོ་བར་བྱེད་ལ། དམ་པའི་ཆོས་ཉན་པ་ལ་གུས་པ་སྐྱེད་པའི་ཡིད་ཅན་གྱི་ལྷ་དེ་དག་རྣམས་རྒྱུག་པར་བྱེད་པ་ན། ཁང་བུའི་ཕྱི་བཞིན་གྱིས་ལམ་རྣམས་སུ་ཡོན་ཏན་སྟོང་ཕྲག་བརྒྱས་ཡང་དེ་དག་རྣམས་ཀྱི་འོད་ཟེར་རྣམས་རབ་ཏུ་དང་བར་འགྱུར་རོ། །རྒྱུག་པ་དེ་དག་རྣམས་ལས་ གཞན་པའི་ལྷ་བག་མེད་པས་རྣམ་པར་རྒྱུ་བ་དེ་དག་རྣམས་ཀྱི་གཟི་བརྗིད་རྣམས་ནི་དམན་པར་འགྱུར་རོ། །འདི་རྣམས་ནི་ཉེ་བར་བཅོམ་པར་འགྱུར་རོ། །དེའི་མཐུ་སྟོབས་རྣམས་ཀྱང་ཉེ་བར་བཅོམ་པར་འགྱུར་རོ། །དེ་ལ་འདི་དག་རྣམས་ནི་ལྷ་གང་དག་གི་མཐོང་བའི་ཆོས་ཀྱི་འབྲས་ 70-1-125b བུ་ཡིན་ནོ། །འདོད་པ་ལ་མངོན་པར་དགའ་བའི་ལྷ་གང་དག་ཡིན་པ་དེ་དག་རྣམས་ཡང་མདོག་དང ། གཟུགས་དང ། ཆ་བྱད་དང ། རྒྱན་དམན་པར་འགྱུར་རོ། །དེ་དག་ནི་དགའ་ལྡན་པ་འདི་རྣམས་ཀྱི་རྒུད་པ་དང་པོ་ཡིན་ནོ། །གཞན་ཡང་དགའ་ལྡན་གྱི་ལྷ་རྣམས་ཀྱི་རྒུད་པ་གཉིས་ པ་ཡོད་དེ། ཉེ་བར་ལོངས་སྤྱོད་པས་བསྡུས་པ་རྣམས་དང ། དམ་པའི་ཆོས་ཉན་པའི་དབང་དུ་བྱས་ནས་བརྒྱ་སྟོང་བྱེ་བ་ཕྲག་དུ་མའི་འཁོར་རྣམས་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་རྣམ་པར་བརྒྱན་པ་ལ་གང་ཡང་དགའ་ལྡན་གྱི་མངའ་བདག་ཉེ་བར་ཞི་བས་དམ་པའི་ཆོས་སྟོན་ པར་བྱེད་དོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་རྒྱས་པར་རོ། །དམ་པའི་ཆོས་དེ་དག་ཐོས་ནས་ཀྱང་ལྷ་གང་དག་ཡིད་ལེགས་པར་གཏོད་པ་དང་རབ་ཏུ་དང་བའི་ཡིད་ཀྱིས་ཉན་པར་བྱེད་པ་དེ་དག་རྣམས་ཀྱི་གཟི་བརྗིད་དང ། ཆ་བྱད་དང ། རྒྱན་དང ། གཟུགས་དེ་དག་རྣམས་བརྒྱ་སྟོང་འགྱུར་དུ་ཤིན་ཏུ་ལྷག་པར་འཕེལ་བར་འགྱུར་རོ། །གང་ཡང་སེམས་ཀྱིས་རྐོ་ཏྲོག་ཏུ་གྱུར་པ་གློག་དང་ཟོ་ཆུན་ལྟར་ཀུན་ཏུ་འཁོར་བ་དེ་དག་རྣམས་ནི་སྲེད་པའི་ཡུལ་གྱི་དབང་གིས་ཀུན་ཏུ་ཁྲིད་པར་གྱུར་པ་དེ་དག་རྣམས་ཀྱི་གཟི་བརྗིད་དེ་དག་དང ། ཆ་བྱད་དང ། རྒྱན་དང ། གཟུགས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཏེ། འདི་ནི་རྒུད་པ་གཉིས་པ་ཡིན་ནོ། །རྩེད་མོ་བྱེད་པའི་ལྷ་རྣམས་ཀྱི་གཞན་ཡང་ལྟུང་བ་གསུམ་པ་ཡོད་དེ། ལྷ་དེ་དག་རྣམས་ཉིད་ལས་ལྷ་གང་དག་ཉན་པ་ལ་གུས་པའི་ཡིད་ཅན་རྣམས་ཀྱིས་ ཆོས་ཀྱི་མཚན་ཉིད་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བ་དེའི་དུས་ན་ཡིད་དེ་ལ་སོང་བར་གྱུར་པ་དེ་དག་རྣམས་ཀྱི་འོད་ཀུན་ཏུ་གང་བ་དང་ཕྱིར་ཞིང་ཆེས་ལྷག་པར་གྱུར་པས་མངོན་པར་ཟིལ་གྱིས་གནོན་པར་བྱེད་དོ། །ལྷག་མ་རྣམས་ཀྱིས་ནི་དེ་བཞིན་དུ་མངོན་པར་རྒྱས་པར་མི་འགྱུར་ རོ། །ཅི་ལྟར་ལྷ་དེ་དག་རྣམས་ཆོས་ཀྱི་མཚན་ཉིད་རྟོགས་པར་བྱེད་པའི་དུས་དེ་དག་ཏུ་ཆ་བྱད་དང ། རྒྱན་རྣམས་དང ། གཟུགས་ཀྱང་མངོན་པར་རྒྱས་པར་མི་འགྱུར་རོ། །འདི་ནི་ལྷ་དེ་དག་རྣམས་ཀྱི་རྒུད་པ་གསུམ་པའོ། །གཞན་ཡང་ལྷ་རྣམས་ཀྱི་རྒུད་པ་བཞི་ 70-1-126a པ་ནི་དེའི་ཚེ་ཉིད་ལ་ལྷ་གང་དག་དམ་པའི་ཆོས་ཉན་པ་ལ་གུས་པ་ལེགས་པར་སྐྱེས་པར་གྱུར་ཅིང་རྣ་བའི་ཁུང་བུ་ཤིན་ཏུ་ཕྱོགས་པ་ཡིད་རྩེ་གཅིག་ཏུ་གྱུར་པས་ཆོས་ཀྱི་མཚན་ཉིད་ཀུན་ཤེས་པར་བྱེད་པ་ལ་ཆེད་ཆེར་བྱེད་པ་ཆོས་དེ་དག་རྣམས་འཛིན་པར་བྱེད་དོ། ། ཡིད་ལ་རབ་ཏུ་འཇོག་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་རྗེས་སུ་འཇོག་གོ། །དུས་ཡུན་རིང་དུ་ཡིད་ལ་ཀུན་ཏུ་བཟུང་ནས་རབ་ཏུ་སྒྲུབ་པར་བྱེད་དོ། །ཆོས་ལ་ཇི་ལྟ་བ་བཞིན་དུ་གུས་པ་སྐྱེས་པ་དེ་དག་རྣམས་ཆོས་ཉན་པའི་མཐུ་སྟོབས་ཀྱིས་ཕྱིར་ཞིང་ཤིན་ཏུ་ལྷག་པ་ཉིད་དུ་གཟི་བརྗིད་ དང ། ཆ་བྱད་དང ། རྒྱན་འགྱུར་ཏེ། ཐམས་ཅད་ཀྱང་བརྒྱ་ལོག་ཏུ་འགྱུར་རོ། །དེ་དག་རྣམས་ཀྱི་གཟི་བརྗིད་དེ་དག་མངོན་པར་འཕེལ་བར་གྱུར་པ་རྣམས་ཡང་དག་པར་མངོན་པར་མཐོང་ནས་ལྷ་གང་དག་ཤིན་ཏུ་ཡང་ལྷག་པར་མོས་པ་དམན་པའི་ཡིད་ཅན་དེ་དག་ རྣམས་ངོ་ཚ་བར་འགྱུར་རོ། །དེ་ནི་དགའ་ལྡན་གྱི་ལྷ་དེ་དག་རྣམས་ཀྱི་རྒུད་པ་བཞི་པ་ཡིན་ནོ། །དེ་ལྟར་དགེ་སློང་དེས་དགའ་ལྡན་པའི་ལྷ་རྣམས་ཀྱི་རྒུད་པ་རྣམ་པ་བཞི་སོ་སོར་རབ་ཏུ་རིག་པར་བྱས་ནས་འཕྲུལ་དགའི་ལྷ་རྣམས་ཀྱི་རྒུད་པ་རྣམས་ཀྱང་སོ་སོར་རབ་ཏུ་རིག་པར་བྱེད་དོ། ། དེ་སྲིད་དུ་བདེ་བར་གྱུར་པ་འདི་དག་འཕྲུལ་དགའི་ལྷ་རྣམས་ལ་ཡང་རྒུད་པ་རྣམ་པ་བཞི་ཡོད་པ་རྣམས་དེས་མཐོང་བ་ནི་ཇི་ལྟར་ལེགས་པར་བྱས་པའི་ལས་རྣམས་ཟད་པ་ན་ངེས་པར་རྐང་པ་དག་ལ་གྲིབ་མ་འབབ་པའོ། །ལུས་ཐམས་ཅད་ལས་ནི་འོད་ངེས་པར་འབྱུང་བར་འགྱུར་ལ་ རྐང་པ་དག་གི་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་འདིས་ན་རྐང་པ་ལ་གྲིབ་མ་འོང་ངོ ། །ཐམས་ཅད་ནས་འོད་ཀྱི་ཕྲེང་བ་དང་ལྡན་པའི་ལྷ་གཞན་གང་དག་གིས་གྲིབ་མ་དེ་དག་རྣམས་མཐོང་བར་འགྱུར་རོ། །དེ་དག་གིས་གྲིབ་མས་མངོན་པར་ཉམས་པའི་ལྷ་དམན་པ་དེ་དག་མངོན་པར་ མཐོང་ནས་ཀྱང་ཡོངས་སུ་སྤོང་བར་བྱེད་ཅིང་བཞད་གད་དུ་ཡང་བྱེད་དེ། ལྷ་འདི་དག་ལ་ཡོངས་སུ་ཅོ་དྲིས་པར་གྱུར་ཏོ། །ལེགས་པར་བྱས་པའི་ལམ་རྣམས་ཡོངས་སུ་ཟད་པ་ངེས་པ་འབྱུང་ངོ ། །ཇི་ལྟར་ལེགས་པར་བྱས་པའི་ལས་ཡོངས་སུ་ཟད་པ་ཀུན་ནས་འབྱུང་བའི་དབང་དུ་ 70-1-126b འདི་གྱུར་པ་རྐང་པ་ལ་ཚ་ཡས་མནར་བའི་ལྷ་དེ་དག་རྣམས་ཀྱིས་དེ་ལྟར་དེ་སྐད་ཐོས་ནས་ཤིན་ཏུ་ངོ་ཚ་བའི་རྙེད་པ་དང་ལྡན་པར་འགྱུར་རོ། །ལེགས་པར་བྱས་པའི་ལས་རྣམས་ཡོངས་སུ་ཟད་པར་བདག་ལ་ཇི་ལྟ་བ་བཞིན་དུ་སྐྱེས་པར་གྱུར་ཏོ། །ཕུན་སུམ་ཚོགས་པ་ཐམས་ ཅད་ཀྱི་མཐའ་ནི་མཐར་རྒུད་པར་འགྱུར་རོ། །དཔེར་ན་གང་གི་ཕྱིར་མི་རྣམས་ཀྱི་མིའི་འཇིག་རྟེན་ན་གང་ལ་ཉིན་མོ་ཡོད་པ་དེ་ལ་ཅིས་ཀྱང་མཚན་མོ་ངེས་པ་ཁོ་ནར་འབྱུང་ངོ ། །དེ་བཞིན་དུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐའ་ལ་ནི་རྒུད་པ་ཡིན་ཏེ། ཡང་ཇི་ལྟར་གང་འགའ་ཞིག་ གསོན་པ་ཡིན་པ་དེ་དག་རྣམས་ལ་ངེས་པ་ཁོ་ནར་འཆི་བར་འགྱུར་རོ། །དེ་བཞིན་དུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་རྒུད་པའི་མཐར་ཐུག་པར་འགྱུར་བ་ཡིན་ཏེ།ཕུན་སུམ་ཚོགས་པ་རྣམས་ནི་འགའ་ཞིག་ཀྱང་རྒུད་པར་མི་འགྱུར་བ་གང་ཡིན་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་བུ་ རྣམས་ནི་རྒུད་པར་གྱུར་པ་དང་པོ་ཡིན་ནོ། །འཕྲུལ་དགའ་བའི་ལྷ་དེ་དག་རྣམས་ཀྱི་གཞན་ཡང་རྒུད་པ་གཉིས་པ་ཡོད་དེ། ཇི་ལྟ་ཇི་ལྟར་ལྷ་དེ་དག་རྣམས་ཉིད་ཀྱི་མིའི་འཇིག་རྟེན་ན་རས་བལ་གྱི་དང་གློང་སྟན་ནང་ཚངས་ཅན་གང་རྣམས་མནན་ན་ནེམ་ལ་བཏེག་ན་འཕར་བར་ཡིན་པ་དེ་ བཞིན་དུ་ལྷའི་འཇིག་རྟེན་པ་འཕྲུལ་དགའ་བ་རྣམས་ཀྱི་མནན་ན་ནེམ་ལ།བཏེག་ན་འཕར་བར་འགྱུར་རོ། །དེ་ལ་ལྷ་གང་དག་ལེགས་པར་བྱས་པའི་ལས་རྣམས་ཤིན་ཏུ་ཟད་པར་གྱུར་པ་དེའི་ས་གཞི་འདི་དག་གི་རྣམས་མནན་ན་ནེམ་ལ་བཏེག་ན་འཕར་བ་ཟད་པར་འགྱུར་རོ། །དེ་རྐང་པ་ བཞག་པ་ན་དམའ་བར་འགྱུར་ལ་འཕར་བར་ནི་མི་འགྱུར་རོ། །དེ་བཞིན་དུ་བཏེག་པ་ན་སྟེ་དེ་དག་དེ་ལྟར་མངོན་པར་མཐོང་ནས་ལྷ་གཞན་རྣམས་ཀྱིས་རྣམ་པར་ཤེས་པ་ཡིན་ཏེ། ཇི་ལྟར་ལྷ་དེ་དག་གི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་ནི་གདོན་མི་ཟ་བ་ཁོ་ནར་ཟད་པར་བྱུང་ ངོ་ཞེས་ཀྱང་ཁ་ཅིག་ཟེར་རོ། །འདིའི་ལེགས་པར་བྱས་པའི་ལས་རྣམས་ནི་ཡོངས་སུ་ཟད་པར་གྱུར་ལ་ཡོངས་སུ་ལྟུང་བར་འགྱུར་བ་ནི་འོངས་པ་ཡིན་ནོ་ཞེས་ནི་གཞན་དག་རྣམས་རྗོད་པར་བྱེད་དོ། །དེ་ལ་དེ་དག་རྣམས་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་རྒུད་པའི་གནས་སུ་གྱུར་པ་གཞན་ 70-1-127a གཉིས་པ་ཡིན་ནོ། །གཞན་ཡང་ལྷ་དེ་དག་གི་རྒུད་པའི་གནས་འདི་ལྟ་བུ་དག་ཡིན་ཏེ་ལྷ་དེ་དག་ཡང་ཤིང་གང་དག་ཉིད་ཁོ་ནའི་དྲུང་དུ་ཉེ་བར་འགྲོ་བར་བྱེད་པ་ན་དང ། ལྷ་དེ་དག་རྣམས་ཡོངས་སུ་རྩེ་བར་གྱུར་པ་ན་དང ། ནགས་དང་ཉེ་བའི་ནགས་རྣམས་སུ་རྩེ་ བར་གྱུར་པའི་ལྷ་དེ་དག་རྣམས་ཉིད་ལ་ཤིང་དེ་དག་རྣམས་ཉིད་ཀྱིས་མེ་ཏོག་གི་ཆར་མངོན་པར་འབེབས་པར་འགྱུར་རོ། །ལྷ་གང་དག་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་ཟད་པར་གྱུར་པ་དེ་དག་རྣམས་ལ་དེ་བཞིན་དུ་ཤིང་རྣམས་ཀྱིས་མེ་ཏོག་གི་ཆར་གྱིས་མངོན་པར་ འགེངས་པར་མི་བྱེད་དོ། །ཉིད་རྩེ་བར་གྱུར་པ་ན། ལྷ་གང་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་ཟད་པར་གྱུར་པའི་ལྷ་དེ་ལ་ཤིང་མེ་ཏོག་གིས་མངོན་པར་གང་བར་མི་བྱེད་དོ། །ལྷ་དེ་དག་རྣམས་ལ་ལྷ་གཞན་དག་རྣམས་ཀྱིས་དེ་ལྟར་མེ་ཏོག་གི་ཆར་གྱིས་སྟོང་པར་མངོན་ པར་མཐོང་བར་གྱུར་ནས། ཀྱེ་མ་ལྷ་འདི་དག་རྣམས་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་ནི་ཅི་ལྟ་བ་བཞིན་དུ་ཟད་ལ་ལྟུང་བར་འགྱུར་བ་ནི་འོངས་སོ། །དེའི་དེ་དག་རྣམས་ཐོས་པར་གྱུར་པ་དང་ལྷ་དེ་ཤིན་ཏུ་ངོ་ཚ་བ་དང་ལྡན་པར་འགྱུར་རོ། །མཐོང་བས་བྱས་པ་འདི་ དག་རྣམས་ནི་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་རྒུད་པ་གསུམ་པ་ཡིན་ནོ། །གནས་དེ་དག་རྣམས་ནི་སླུ་བ་མེད་པ་ཡིན་ཏེ། ཕུན་སུམ་ཚོགས་པའི་མཐའ་ཐམས་ཅད་ནི་རྒུད་པར་འགྱུར་བ་ཡིན་ནོ། །གཞན་ཡང་འཕྲུལ་དགའི་ལྷ་དེ་དག་རྣམས་ཉིད་ཀྱི་རྒུད་པར་འགྱུར་བ་རྣམས་གང་ཞེ་ ན། འདི་ལྟ་སྟེ། རེ་རེ་ཞིང་རིན་པོ་ཆེའི་ས་གཞི་ལ་ཉེ་བར་འགྲོ་བར་བྱེད་པ་ན་རིན་པོ་ཆེའི་རང་བཞིན་དེ་དག་རྣམས་ཀྱི་ས་གཞི་དྲི་མ་མེད་པ་རྣམས་དང ། རྩིག་པ་ལ་མེ་ལོང་བཞིན་དུ་གཟུགས་ཀྱི་གཟུགས་བརྙན་རྣམ་པ་སྣ་ཚོགས་པའི་གྲིབ་མ་རྣམས་ཀྱི་གཟུགས་དང ། ཆ་བྱད་དང་རྒྱན་སྣ་ཚོགས་ པ་རྣམས་མཐོང་བར་འགྱུར་ཏེ། ཇི་ལྟར་མི་རྣམས་ཀྱི་མིའི་འཇིག་རྟེན་ན་ཉི་མའི་དཀྱིལ་འཁོར་གཅིག་ཉིད་མཚོ་དང ། རྫིང་བུ་དང ། པད་མའི་རྫིང་བུ་དུ་མར་ཡང་བརྒྱ་སྟོང་དུ་མར་མཐོང་ངོ ། །དེ་བཞིན་དུ་ལྷ་རྣམས་ལས་གཅིག་གི་གཟུགས་བརྙན་ཡང་བརྒྱ་སྟོང་དུ་མ་རྣམས་སུ་རིན་པོ་ 70-1-127b ཆེའི་རང་བཞིན་གྱི་ས་གཞི་དེ་དག་རྣམས་ལ་ཤིན་ཏུ་ཡོངས་སུ་གསལ་བར་མཐོང་ངོ ། །དེ་ལ་ལྷ་གང་དག་ལེགས་པར་བྱས་པའི་ལས་རྣམས་ཟད་པར་གྱུར་པ་རྣམས་ཀྱི་ནི་དེའི་གཟུགས་བརྙན་གཅིག་ཁོ་ན་རིན་པོ་ཆེའི་ས་གཞི་གཅིག་ཁོ་ན་ལ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །ལྷ་ གང་དག་ཡིད་ཆེས་རབ་ཏུ་གསལ་བར་གྱུར་པ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་རྒུད་པ་རྣམས་ཇི་ལྟ་བ་བཞིན་དུ་མངོན་པར་མཐོང་ནས་ལེགས་པར་བྱས་པའི་ལས་རྣམས་ཡོངས་སུ་ཟད་པ་ནི་ལྷ་འདི་དག་ལ་ངེས་པར་འབྱུང་ངོ ། །འདི་དག་གི་རྒུད་པ་རྣམས་ནི་འོངས་པར་གྱུར་ཏོ། །ཞེས་ རྗོད་པར་བྱེད་དོ། །དེ་ལ་འདི་དག་ནི་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་རྒུད་པ་བཞི་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། འཇིག་རྟེན་ཕུན་སུམ་ཚོགས་རྒྱུ་བ། །རྒུད་པ་རྟོགས་པ་མ་ཡིན་ནོ། །ཇི་ལྟར་ཉིན་མོ་མཐར་ནི་འཛད། ། ཕུན་ཚོགས་མཐའ་ནི་རྒུད་པ་ཡིན། །ཇི་ལྟ་ཇི་ལྟར་ཕུན་ཚོགས་པ། །དེ་ལྟར་རྒུད་པའང་སྡིག་པ་ཅན། །འདོད་པའི་ལས་ནི་ངོམས་པ་མེད། །ངོམས་པ་མེད་པས་ཡོངས་སུ་སྲེག་།གང་ཞིག་རྟག་ཏུ་ཕུན་ཚོགས་འདོད། །བདེ་བ་རྟག་པར་འདོད་བྱེད་པ། །དེ་ནི་སྲེད་པས་བཅོམ་ནས་ ཀྱང ། །གང་ཕྱིར་དེ་ལ་བདེ་བླག་འབབ། །འདོད་པ་སྤྱད་པས་ཚིམ་མེད་པའི། །ལྷ་གང་དམྱལ་བར་ལྟུང་བ་ནི། །ཐམས་ཅད་མེ་ཡིས་བསྐོར་ཡིན་པར། །དེ་ནི་དེ་བཞིན་གཤེགས་པས་གསུངས། །མི་གང་དམྱལ་བར་རབ་ཏུ་འགྲོ། །དེ་བཞིན་བརྒྱ་ཕྲག་དུ་ཡང་སྟེ། །དེ་ནི་རྣམ་ ཡངས་སྡིག་ཅན་གྱི། །བྱ་བར་མཁས་པས་ཤེས་པར་གྱིས། །དེ་ལྟར་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་རྒུད་པ་བཞི་པ་ཡིན་ནོ། །གཞན་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒུད་པ་ཡང་བཞི་ཁོ་ན་ཡོད་དེ། ཇི་ལྟར་གང་གི་ཚེ་ལྷ་རྣམས་ཀྱི་ལེགས་པར་བྱས་པ་ཟད་པར་གྱུར་ པ་ན་དེ་དེ་ལ་གོམས་པར་གྱུར་པས་འཆི་འཕོ་བའི་དུས་དེའི་ཚེ་ན་ཡང་དེ་རྣམས་ལ་ཕྲེང་བ་རྣམས་ཀྱིས་ཁྱབ་པ་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་དང་ལྡན་པར་འགྱུར་ཏེ། ལྷ་རྣམས་ལྷ་རྫས་ཀྱི་མ་རྙིངས་པའི་མེ་ཏོག་རྣམས་ཀྱིས་ 70-1-128a ཉེ་བར་བརྒྱན་པར་གྱུར་ཏོ། །མཆོག་ཏུ་དྲི་ཞིམ་པ་རྣམས་གང་དག་གི་དཔེར་བྱ་བར་སླ་བ་ཡང་མ་ཡིན་པའི་མེ་ཏོག་གི་ཕྲེང་བས་ཁ་དོག་སྣ་ཚོགས་པའི་འོད་ཀྱིས་ཤིན་ཏུ་གསལ་བར་བྱས་པར་གྱུར་པ་རྣམས་གང་གི་ཁྱད་པར་གྱིས་ཉི་མའི་དཀྱིལ་འཁོར་གྱིས་ ཀྱང་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཕྲེང་བ་དེ་དག་རྣམས་ལ་ཡང་རིན་པོ་ཆེ་བདུན་གྱིས་སྤྲས་པར་གྱུར་པའི་བྱ་རྣམས་དང་བུང་བས་རྟག་ཏུ་སྒྲ་འབྱིན་པ་རྣམས་ཀྱིས་ཁྱབ་པར་གྱུར་པའོ། །དེ་ལ་གང་གི་ཚེ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་རྒུད་པ་འབྱུང་བའི་དུས་སུ་གྱུར་ པ་ན་དེའི་ཚེ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་མཆོག་ཏུ་དྲི་ཞིམ་པོ་དེ་དག་རྣམས་བུང་བ་དེ་དག་གིས་ཡོངས་སུ་བཏང་ནས་གཞན་དག་ཏུ་འགྲོ་བར་བྱེད་དོ། །ཡིད་འབྱུང་བའི་སྒྲ་རྣམས་ཀྱང་འདོན་ཏོ། །དེའི་རྒུད་པ་དེ་དག་རྣམས་ཡིད་རབ་ཏུ་གསལ་བར་གྱུར་པའི་ལྷ་གཞན་དག་རྣམས་ ཀྱིས་ལེགས་པར་མངོན་པར་མཐོང་ནས་དེ་དག་ལ་བགྲོ་བར་བྱེད་དེ་བསོད་ནམས་ཟད་པར་གྱུར་པའི་ལྷའི་བར་དུ་གཅོད་པར་བྱེད་པ་རྣམས་ཅི་ལྟ་བ་བཞིན་དུ་འདིར་འོངས་སོ། །དེ་ནི་བག་མེད་པ་རྣམས་བག་མེད་པར་སྤྱོད་པའི་རྒུད་པ་དང་པོ་སྟེ། དེ་བུང་བ་རྣམས་ཀྱིས་ཡོངས་སུ་སྤངས་ནས་གཞན་དུ་ སོང་བར་གྱུར་པ་དེ་ཡང་ཐོས་ནས་བསོད་ནམས་ཟད་པར་གྱུར་པའི་ལྷ་དེ་དག་རང་ཉིད་སོ་སོར་རབ་ཏུ་རིག་པར་བྱེད་དོ། །དཔེ་མེད་པའི་ཡུལ་གྱི་བདེ་བ་རྣམས་མཐོང་ནས་བདག་ཉིད་ལ་ཡོངས་སུ་གདུང་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། ཡིད་གདུང་བར་བྱེད་པ་གང་དག་གི་ཁྱད་པར་རྣམས་ཀྱིས་ དམྱལ་བ་རྣམས་ཀྱི་མེ་དང་ཡང་འདྲ་བར་འགྱུར་རོ། །འདི་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒུད་པའི་གནས་དང་པོའོ། །གཞན་ཡང་ཐག་ཉེ་བར་གྱུར་པ་གཞན་གཉིས་པ་འབྱུང་བར་འགྱུར་བ་དེ་དག་ནི་ལྷ་རྣམས་འཆི་འཕོ་བར་འགྱུར་བའི་དུས་ན་འདི་ལྟ་སྟེ། མཆོག་ཏུ་འཇམ་ཞིང་ དཀར་པོར་གྱུར་པའི་འོད་ཀྱི་ཕྲེང་བར་གྱུར་པའི་ལྷ་གང་དག་གི་ཁྱད་པར་གྱིས་ཉི་མ་ནི་སྲིན་བུ་མེ་ཁྱེར་ཙམ་དུ་སྣང་བར་གྱུར་ལ། ལྷ་དེ་དག་རྣམས་ཀྱི་ལུས་ལ་ནི་ཆེན་པོར་གྱུར་པ་ཉིད་ཀྱི་བློ་འབྱུང་བ་ཡིན་ཏེ། རབ་ཏུ་གསལ་བའི་རིའི་རྩེ་མོ་རྣམས་དང་རྩིག་པའི་ལོགས་རྣམས་ལ་དེ་དག་མེ་ 70-1-128b ལོང་བཞིན་དུ་མཐོང་བར་འགྱུར་རོ། །འདི་ལྟ་སྟེ། འཆི་འཕོ་བའི་དུས་སུ་རྒུད་པ་རྣམས་དང་ཐག་ཉེ་བར་གྱུར་པ་དེའི་ཚེ་ལྷ་རྣམས་ཀྱི་ལུས་དེ་དང་དེ་དག་རྣམས་དོ་ཤལ་རྣམས་དང་གཟུགས་བརྙན་ཡང་མཐོང་བར་མི་འགྱུར་རོ། །ལྷ་གཞན་གང་དག་ཆོས་ཤིན་ཏུ་ཤེས་རབ་རྣོ་བར་གྱུར་ པ་རྣམས་ཀྱིས་དེ་དག་རྣམས་མངོན་པར་མཐོང་ནས་དེས་ལྷ་དེ་དག་ལ་སྦྲོན་པར་བྱེད་དེ། བག་མེད་པས་བག་མེད་པར་སྤྱོད་པ་རྣམས་ལ་ཀྱེ་མ་བར་ཆད་འདི་དག་རྣམས་ཇི་ལྟ་བ་བཞིན་དུ་འོང་བར་འགྱུར་ཏེ། དོ་ཤལ་རྣམས་དང་གཟུགས་དེ་སྲིད་པ་རྣམས་ལུས་ལ་མ་མཐོང་སྟེ། ཇི་ལྟར་སྔོན་ གྱི་ལྷ་གཞན་རྣམས་འཆི་འཕོ་བའི་རྒུད་པའི་རྒྱུ་རྣམས་སྔར་མཐོང་བ་དེ་དག་རྣམས་ཁོ་ན་བཞིན་ནོ། །འདི་དག་རྣམས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒུད་པའི་རྒྱུ་གཉིས་པ་ཡིན་ནོ། །གཞན་ཡང་གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ལ་རྒྱུ་གསུམ་པ་རྣམས་འཆི་འཕོ་བ་དང་ཉེ་བ་ན་འབྱུང་་ བར་འགྱུར་བ་ལ་འདི་ལྟ་སྟེ། ལྷ་སྐལ་བ་ཡོངས་སུ་མ་ཟད་པ་རྣམས་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་ཀུན་ཏུ་འབར་བའི་ཁང་བུ་རྣམས་ཀྱིས་གནས་གསུམ་དུ་མཚུངས་པར་འགྲོ་བར་བྱེད་པ་ལ་འདི་ལྟ་སྟེ། ནམ་མཁའ་ལ་འགྲོ་བར་བྱེད་པ་ན་ཐང་ལ་ཇི་ལྟ་བར་རོ། །དེ་བཞིན་དུ་ལྷའི་བུ་མོ་རྣམས་ ཀྱང་ཉམས་པ་མེད་པའི་ཤུགས་ཀྱིས་འགྲོའོ། །འོན་ཀྱང་ཉམས་པར་འགྱུར་བ་ཡང་མ་ཡིན་ཏེ། འདི་ལྟར་ལྷ་གཞན་དག་བསོད་ནམས་ཟད་པ་རྣམས་ཡིན་པར་གྱུར་ན་དེའི་ཚེ་དེ་དག་རྣམས་ཤིང་རྟ་ལས་ཉམས་པར་འགྱུར་བ་དང་ཆུར་ཡང་འབྱིང་ངོ ། །རྣམ་པ་ཐམས་ཅད་དུ་འགྲོ་བར་འགྱུར་བ་ ཡང་མ་ཡིན་ནོ། །དེ་ནས་ལྷ་དེ་དག་གི་ཁང་བུ་ནུབ་པ་དེ་དག་རྣམས་མངོན་པར་མཐོང་བ་དང ། ཇི་ལྟ་བུའི་བར་ཆད་བདག་ཅག་ལ་ཉེ་བར་འོངས་པར་གྱུར་ཏེ། འཆི་བའི་དུས་སུ་གྱུར་པ་ལས་གཞན་རྣམས་ཀྱང་རྒུད་པའི་རྒྱུ་འདི་ཉིད་ཀྱིས་འཆི་འཕོས་སོ་ཞེས་རྗོད་པར་བྱེད་པ་དེ་ཡང་ ཐོས་ནས་བསོད་ནམས་ཟད་པའི་ལྷ་དེ་ལྷ་རྫས་ཀྱི་ཡུལ་གཞན་དག་རྣམས་བཏང་བས་བྱས་པའི་སེམས་ཀྱི་གདུང་བས་ཀུན་ནས་སྲེག་པར་གྱུར་པ་ན་ཇི་ལྟར་དམྱལ་བ་རྣམས་ཀྱི་མེ་ཡིན་པ་དེ་བཞིན་དུ་ལུས་སྲེག་པར་བྱེད་དེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒུད་པའི་རྒྱུ་གསུམ་ 70-1-129a པ་ཡིན་ནོ། །གཞན་ཡང་ལྷ་དེ་དག་རྣམས་ཀྱི་རྒུད་པའི་རྒྱུ་ཡོད་དོ། །འདི་ལྟ་སྟེ།ལྷ་གང་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་ཟད་པར་གྱུར་པ་དེ་དག་རྣམས་ཀྱི་རྒྱན་རྣམས་གང་དག་ཡིན་པ་དེ་དག་རྣམས་ནི་ཡན་ལག་ལྔ་པོ་རྣམས་དང་མཚུངས་ པར་འགྱུར་ཞིང་འོང་སྟེ། སྙན་པའི་རང་བཞིན་དང་དགའ་བར་འགྱུར་བའི་སྒྲ་དང་ཡིད་རབ་ཏུ་རངས་པར་བྱེད་པ་དེ་དག་རྣམས་གཞི་དང་བཅས་པ་སྒྲུབ་པར་བྱེད་དོ། །སྒྲ་འགའ་ཞིག་ནི་རྣམ་པར་གྱུར་པ་དང་ལྡན་པ་ཡིན་ནོ། །སྒྲ་རྣམས་ནི་ལས་ཀྱིས་བྱས་པ་ཡིན་ནོ། །སྒྲ་རྣམས་ཀྱང་ དེའི་ལེགས་པར་བྱས་པའི་ལས་རྣམས་ཇི་ལྟ་བ་བཞིན་དུ་ཟད་པས་རབ་ཏུ་འཇུག་པ་རྣམས་ཀྱིས་ཚིམ་པ་མེད་པར་གང་གི་ཕྱིར་ལས་རྣམས་ཀྱིས་བཅིངས་པའི་ལུས་ཅན་རྣམས་འཇིག་རྟེན་ཕྱི་མར་འགྲོ་བར་བྱ་དགོས་སོ། །དེ་ལྟར་ལས་ཀྱིས་བྱས་པའི་རྒྱན་རྣམས་ཀྱི་སྒྲ་དེ་དག་ཐོས་ནས་ ཤིན་ཏུ་ཡིད་མི་བདེ་བར་འགྱུར་རོ། །ཡུལ་རྣམས་ཀྱིས་ཉེ་བར་བཅོམ་པ་དང ། བདག་གི་བསོད་ནམས་རྣམས་ཀྱང་ཟད་པས་འདིའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པའི་ཅོད་པན་ལྟུང་བར་འགྱུར་རོ། །དེ་མངོན་པར་མཐོང་ནས་ཀྱང་ལྷ་དེ་དག་གི་ཡིད་ཤིན་ཏུ་སྐྱོ་བ་དང་ལྡན་པར་ འགྱུར་རོ། །དེ་ལྟ་བུ་རྣམས་ཉིད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒུད་པའི་གནས་བཞི་པ་ཡིན་ནོ། །གང་དག་འདུས་བྱས་སུ་གྱུར་པ་རྣམས་གང་ཞིག་འཇིག་པར་མི་འགྱུར་བ་དང ། གང་ཞིག་ཟད་པར་མི་འགྱུར་བའི་གནས་དེ་ནི་ཁམས་གསུམ་ན་ཡོད་པ་མ་ཡིན་ནོ། །དེ་ལྟར་ ལྷ་དྲུག་པོ་རྣམས་ཀྱི་རྒུད་པའི་གནས་རྣམས་ལེགས་པར་བྱས་པའི་ལས་ཟད་པ་ན་ཡང་ངེས་པར་ལྟུང་བར་འགྱུར་བ་ཡིན་ནོ། །རྒུད་པར་གྱུར་པའི་ལྷ་རྣམས་ལྷའི་འཇིག་རྟེན་གྱིས་གདུངས་ནས་ཚུལ་ཁྲིམས་ལ་སྤྱོད་པའི་ལྷ་དེ་རྣམས་ངེས་པ་ཁོ་ནར་དེ་དག་རྣམས་ཟད་པ་ན་ལྟུང་བར་འགྱུར་ བས་ཅོ་དྲིས་པར་མཐོང་ངོ ། །དེ་ལྟར་ཚོགས་པ་རྒྱུ་བ་ན་སྤྱོད་པའི་ལྷ་རྣམས་འཐབ་བྲལ་གྱི་སར་སྐྱེས་པ་རྣམས་ལ་འཐབ་བྲལ་བའི་བདག་པོ་མུ་སུ་ལུན་དྷ་དེས་བཅོམ་ལྡན་འདས་འཁོར་བ་འཇིག་དེའི་གདུང་རྟེན་ལ་བརྒྱན་པའི་བྱང་བུ་རྣམ་པར་བཀྲ་བའི་ཚིག་དེ་དག་གིས་འདོད་པ་རྣམས་ 70-1-129b ཐམས་ཅད་ནི་དམྱལ་བའི་མེ་རྣམ་པར་སྨིན་པ་མྱང་བར་རྩུབ་པ་ཡིན་གྱིས་ཤིན་ཏུ་རིངས་པ་རིངས་པར་བག་མེད་པ་རྣམས་ཡོངས་སུ་སྤོང་བར་གྱིས་ཞེས་ལྷ་དེ་དག་རྣམས་ལ་ལེགས་པར་སྟོན་པར་བྱེད་དོ། །དེ་ལ་དེ་བཞིན་གཤེགས་པའི་མདོ་གསུམ་པ་དེ་དག་རྣམས་ཐོས་པར་གྱུར་པ་ དང ། ལྷ་གང་དག་བག་མེད་པས་གདུངས་པ་དེ་དག་རྣམས་ཀྱི་བག་མེད་པ་རྣམས་འདིར་མཆོག་ཏུ་ཞི་བར་འགྱུར་རོ། །སྟོང་ཕྲག་སུམ་ཅུ་རྩ་དྲུག་པའི་མདོ་ལས་འཁོར་བ་འཇིག་གི་མདོ་སྡེ་གསུམ་པ་རྫོགས་སོ།། །དེ་ནས་འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་རྣམས་ སྐྱོ་བ་དང་བཅས་པའི་ཡིད་མངོན་པར་མཐོང་བར་གྱུར་ནས་འཐབ་བྲལ་བ་རྣམས་ཀྱི་བདག་པོ་མུ་སུ་ལུན་དྷ་དེས་འདི་སྐད་ཅེས་བརྗོད་དེ། ཇི་ལྟར་ཐོས་པའི་ཆོས་འདི་དག་རྣམས་ནི་དྲང་སྲོང་ཆེན་པོ་མཆོག་གིས་བསྟན་པ་ཡིན་ཏེ། སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པ།བག་མེད་པ་རྣམས་ འཇོམས་པར་བྱེད་པ་པོ། ལྷ་དང་མི་རྣམས་ལ་ཕན་པར་མཛད་པ། བཀྲ་ཤིས་པ་མཐར་ཐུག་པར་གྱུར་པ་རྣམས་ནི་བསྟན་པ་ཡིན་ནོ། །དེ་ལ་ཁྱེད་ཀྱིས་དེ་དག་རྣམས་ནི་ཐོས་པར་གྱུར་ན་དེ་ལ་དེ་བཞིན་གཤེགས་པ་གསུམ་པའི་དམ་པའི་ཆོས་འདུལ་བ་དེ་དག་ཉིད་ཉན་པར་འདོད་པ་རྣམས་གང་ ཡིན་པ་དེ་དག་རྣམས་ལ་མཐའ་ཡས་པར་ཤིས་པར་འགྱུར་བ་དེ་དག་རྣམས་ནི་ཁྱེད་ཀྱིས་ཉན་ནས། གཞན་ཡང་དེ་བཞིན་གཤེགས་པ་གཞན་གྱི་ཆོས་ཉོན་དང་དེས་ཕྱིར་ཞིང་ཁོ་ན་ཆོས་རྣམས་འཕེལ་བ་དང་བདེ་ལེགས་སུ་བྱེད་པར་ཡང་འགྱུར་རོ། །དེ་བཞིན་དུ་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་གནས་རྣམས་སུ་བདག་ཅག་གི་ལྷའི་རིས་ནས་ཤི་འཕོས་ནས་འགྲོ་བར་འགྱུར་བ་ན་ཡང་སྟེ། དེ་ལྟར་དེ་སྐད་དུ་བརྗོད་པ་དང ། ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་མུ་སུ་ལུན་དྷ་ལ་འདི་སྐད་ཅེས་བརྗོད་པ། ཇི་ལྟར་བདག་ཅག་རྣམས་ལ་ཕན་པར་འགྱུར་བ་དང ། བདེ་བར་འགྱུར་བ་དེ་ལྟར་ མཛོད་ཅིག་།དེ་ནས་ལྷའི་བདག་པོས་ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་བརྗོད་དོ། །ཁྱེད་རྣམས་ཐམས་ཅད་ཉིད་ཀྱིས་ཀྱང་མཆོད་རྟེན་བཞི་པ་འདི་ལ་བལྟ་བར་གྱིས་དང ། རིན་པོ་ཆེ་སྣ་ཚོགས་ཀུན་ཏུ་འབར་བ་འོད་ཟེར་བརྒྱ་སྟོང་ཕྲག་དུ་མས་རྣམ་པར་སྣང་བར་བྱས་པ་རིན་པོ་ཆེ་འབར་བ་རྣམ་པ་སྣ་ 70-1-130a ཚོགས་པ་རྣམས་ཀྱིས་སྤྲས་པས་ཤིན་ཏུ་བར་ཡང་མཛེས་པར་གྱུར་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་ལྷའི་འཇིག་རྟེན་འདི་དག་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས་ནས་གནས་པ་ཡིན་ནོ། །དེ་ནས་ལྷའི་བདག་པོ་དེས་ཡང་འདི་སྐད་ཅེས་སྨྲས་ཏེ། ཇི་ལྟ་བ་བཞིན་དུ་ ངས་ནི་མཐོང་ངོ ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་འདི་སྐད་ཅེས་བརྗོད་དེ། བདག་ཅག་རྣམས་ཐམས་ཅད་ཉིད་མཆི་བར་བགྱིའོ། །མུ་སུ་ལུན་དྷ་ཐོག་མར་གྱུར་པའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་གང་ན་དེ་བཞིན་གཤེགས་པའི་མཆོད་རྟེན་བཞུགས་པར་སྔར་བཞིན་དུ་དེར་ཉེ་བར་སོང་ངོ ། །ཉེ་ བར་སོང་ནས་ཀྱང་དད་པས་མགོ་ཀུན་ནས་བཏུད་པས་ཕྱག་འཚལ་བར་བྱེད་པ་ཡང་གཅིག་ཏུ་དད་པས་ཁྱབ་པའི་ཡིད་ཀྱིས་དེ་ལ་རབ་ཏུ་ཕྱག་འཚལ་ནས་ལངས་ཏེ། ཁྱེད་རྣམས་ཀྱིས་ཐམས་ཅད་སྐྱོབ་པའི་མཆོད་རྟེན་སྣ་ཚོགས་པའི་རིན་པོ་ཆེ་རྣམས་ཤིན་ཏུ་འབར་བ་ལ་ལྟོས་ཞེས་བྱ་བ་རྣམས་ ནི་སྔ་མ་བཞིན་ནོ། །དེ་ནས་མཆོད་རྟེན་དེའི་རྩིག་པའི་ལོགས་ལ་རིན་པོ་ཆེ་འབར་བ་མཆོག་གི་ཡི་གེ་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་མདོ་མངོན་པར་བྲིས་པ་ཡོད་པ་ལ་དེ་དག་ཐམས་ཅད་ཀྱང་མཆོག་ཏུ་དགེ་ལེགས་སུ་གྱུར་པ། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བར་གྱུར་པ་ནི་འདི་ལྟ་སྟེ། ཆོས་ བདུན་དང་ཡང་དག་པར་ལྡན་པའི་སྐྱེས་བུ་རྣམས་ནི་ལྷར་སྐྱེ་བར་འགྱུར་རོ། །བདུན་པོ་རྣམས་གང་ཞེ་ན། འདི་ན་རིགས་ཀྱི་བུ་དག་ཐོས་པ་དང་ལྡན་པར་གྱུར་པ་དང ། ཐོས་པའི་དོན་དང་ལྡན་པ་དང ། ཐོས་པའི་ཆོས་རྣམས་ལ་སྤྱོད་པར་བྱེད་པ་དང ། བློ་ཐོས་པས་ལེགས་པར་སྦྱངས་ པ་དང ། ཐོས་པ་ལ་སྐྱབས་སུ་བྱེད་པ་དང ། ཐོས་པ་ལ་སྙིང་པོར་བྱེད་པའི་བློས་གཅིག་ཏུ་སྙིང་པོར་གྱུར་པའི་ཐོས་པ་རྣམས་ཆེད་དུ་འཛིན་པ་དང ། དེ་དག་གིས་དགེ་བའི་བཤེས་གཉེན་ལ་དགའ་བའི་སྐྱེས་བུ་རྣམས་ནི་ཡོན་ཏན་བདུན་དང་ལྡན་པར་འགྱུར་རོ། །འདི་ལྟ་སྟེ། ཇི་སྐད་ སྨྲས་པ་དེ་ལྟར་བྱེད་པ་དང ། ཇི་སྐད་སྨྲས་པ་བརྟན་པོར་འཛིན་པ་དང ། དེ་བརྟན་པོར་འཛིན་པ་དེ་སྙིང་པོར་བྱེད་པ་དང ། སོ་སོར་རྣམ་པར་དཔྱོད་པའི་བློ་གྲོས་དང ། དེ་ཁོ་ན་ཉིད་ལ་མངོན་པར་འཇུག་པ་དང ། བློ་གྲོས་བརྟན་པས་མང་པོ་རྣམས་ཆུད་འཛའ་བར་མི་འགྱུར་བ་དང ། གཞན་ 70-1-130b རྣམས་ཀྱང་དེ་དང་ངང་ཚུལ་མཚུངས་ན་རྗེས་སུ་སྟེན་པར་བྱེད་པ་ཡིན་ཏེ། གཞན་གྱི་ཆོས་ཀྱིས་མི་འཕྲོགས་ཤིང་དེ་བཞིན་དུ་ཡོན་ཏན་བདུན་དང་ལྡན་པའི་གྲོགས་པོ་རྣམས་ལ་སྟེན་པར་བྱེད་པའོ། །ཇི་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ཞེ་ན་འདི་ན་དེ་བཞིན་དུ་དགེ་བའི་བཤེས་གཉེན་དགེ་ བའི་རང་བཞིན་ཅན་དེ་དག་གིས་གང་དང་གང་དག་ཁོ་ན་རིག་པར་གྱུར་པ་རྣམས་འདིར་རྗོད་པར་བྱེད་པ་དང ། ཕན་པ་དང ། དུས་དང་ལྡན་པར་གྱུར་པ་དང ། ཡུལ་དང་རིགས་པ་རྣམས་བརྗོད་པ་དང ། ཤིན་ཏུ་མྱུར་བ་དང་བུལ་བ་མ་ཡིན་པ་དང ། དོན་མང་པོ་རྣམས་ཡི་གེ་ཉུང་ངུ་ན་ གྱིས་དང ། སྙན་པ་དང་གོ་བ་དང ། ཆོས་ཀྱི་སྦྱིན་པ་དང་ལྡན་པ་དང ། རང་དང་གཞན་རྣམས་ལ་ཕན་པའི་དོན་དུ་ཉེ་བར་གནས་པ་རྣམས་དགེ་ལེགས་སུ་རྗོད་པར་བྱེད་པ་རྣམས་ཀྱིས་གཉི་གར་གནས་པ་ལ་ཕན་པར་སྨྲ་བར་བྱེད་དོ། །འདི་ལྟ་སྟེ། ཇི་ལྟར་བརྗོད་པ་དེ་ཁོ་ན་བཞིན་ དུ་སྒྲུབ་པར་བྱེད་པའོ། །གཞན་དག་དེ་དང་ལྷན་ཅིག་ཏུ་སྤྱོད་པ་རྣམས་ལ་ཡང་དེ་དག་རྣམས་སྡོམ་དུ་འཇུག་གོ། །རྟག་པར་རྒྱུན་དུ་ཡང་ལུས་དང་ངག་དང ། ཡིད་རྣམས་ལེགས་པར་སྤྱོད་པར་བྱེད་དོ། །ཕྱི་རོལ་དང་ནང་ཀུན་ནས་ཡོངས་སུ་དག་པའི་གསེར་དང་མཚུངས་པར་གྱུར་ པ་སྟེ། དེ་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། །ཇི་ལྟར་ནི་ཇི་སྐད་སྨྲས་པ་དེ་བརྟན་པོར་འཛིན་པ་ཡིན་ཞེ་ན། འདི་གང་དག་བྱེད་པ་དེ་ཀུན་ནས་མཆོག་ཏུ་རྣམ་པར་དག་པར་བྱེད་དོ། །ཆོས་རྣམ་པ་གསུམ་པོ་དེ་དག་རྣམས་མཆོག་ཏུ་རྣམ་པར་དག་པར་མངོན་པར་མཐོང་ཞིང་ ལྷ་དང་མི་རྣམས་ཀྱི་སྐྱེ་བ་སྐྱེད་པ་པོ་ཐ་མར་མྱ་ངན་ལས་འདས་པའི་མཐར་ཐུག་པ་ཡིན་པ་བདག་ཉིད་རང་གིས་ཀྱང་རྟོགས་པ་དང ། གཞན་རྣམས་ལས་ཀྱང་ཐོས་ནས་རྣམ་པར་སྨིན་པ་བདེ་བ་ལ་བརྟན་པས་མངོན་པར་འཇུག་གོ། །དེ་བརྟན་པོར་འཛིན་པར་བྱེད་དེ། དེ་ལྟར་བརྟན་པོར་འཛིན་ པར་བྱེད་པ་ཡིན་ལ། དེ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་སྟེན་པར་ཡང་བྱེད་དོ། །ཇི་ལྟར་གང་དག་བརྟན་པོར་བཟུང་བ་དེ་དག་སྙིང་པོར་མངོན་པར་འཇུག་པ་ཡིན་ནོ། འཇུག་པ་ཡང་དགེ་བའི་འབྲས་བུ་རྣམས་གང་གི་ཕྱིར་གཙང་མ་བརྟན་པོར་འཛིན་པ་ཡིན་ནོ། །འཇིག་རྟེན་གཉིས་ 70-1-131a ལ་ཕན་པར་འགྱུར་བའི་དོན་དུ་ཡང་མངོན་པར་མཐོང་ནས་རྟོག་མི་བཞིན་དུ་བློས་རྣམ་པར་དཔྱོད་པར་བྱེད་དོ། །དེ་ལྟར་དེ་ནི་སྙིང་པོ་རབ་ཏུ་རྣམ་པར་དཔྱོད་པའི་བློ་ཡིན་ནོ། །དགེ་བའི་ལས་ཀྱི་འབྲས་བུའི་སྙིང་པོ་དེ་དག་གཞན་ལས་ཐོས་པའམ། དེ་གལ་ཏེ་ཤེས་ན་རང་ཉིད་ ཀྱིས་ཀྱང་རབ་ཏུ་རྣམ་པར་དཔྱད་ནས་དེ་ཁོ་ན་ཉིད་ལ་མངོན་པར་འཇུག་གོ། །དེ་ལྟ་བུ་ནི་དེ་ཁོ་ན་ཉིད་ལ་མངོན་པར་འཇུག་པ་ལ་སྤྱོད་པ་ཡིན་ནོ། །བློ་གྲོས་བརྟན་པ་རྣམས་ནི་འདིར་མང་དུ་ཐོས་པར་གྱུར་ནས་སྙིང་པོ་མེད་པས་མི་ཁྲིད་དོ། །དེ་ལྟར་ན་བློ་གྲོས་བརྟན་པ་ཡིན་ནོ། །འདི་ན་ཡོན་ ཏན་དེ་དག་དང་མཚུངས་པའི་བདག་ཉིད་ཅན་གཞན་རྣམས་ལ་ཡང་སྟེན་པར་བྱེད་ལ། གཞན་དག་རྣམས་ཀྱི་ཆོས་སུ་གྱུར་པ་ཆོས་ལྟར་འཆོས་པས་ཁྲིད་པར་མི་བྱེད་དོ། །དེ་ལྟར་ཡོན་ཏན་བདུན་དང་ལྡན་པའི་གྲོགས་པོ་སྟེན་པའི་སྐྱེས་བུ་རྣམས་ནི་བདག་ཅག་གི་འཇིག་རྟེན་ལས་ཤི་འཕོས་ ནས་ལྷའི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ། །ཆོས་འདི་དག་ནི་དང་པོར་བསྟེན་པ་ཡིན་ནོ། །ཡང་ལྷ་དག་ཆོས་གཞན་བདུན་པོ་གང་དག་གིས་ལྷའི་འཇིག་རྟེན་རྣམས་འཕེལ་བར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་སྟེན་པ་དང ། ཐོས་པ་དང་ལྡན་པར་གྱུར་པ་ དང ། སྒྲུབ་པ་དང་ལྡན་པར་གྱུར་པ་དང ། ལེ་ལོ་མེད་པར་གྱུར་པ་དང ། དྲན་པ་དང་ལྡན་པ་དང ། གཞན་ལ་གདུང་བར་མི་བྱེད་པ་དང ། ཚུལ་འཆོས་པ་མེད་པ་དང་སྟེ། ཇི་ལྟར་བསྟན་པའི་ཆོས་བདུན་པོ་དེ་དག་རྣམས་ཀྱིས་སྐྱེས་བུ་ལུས་ཞིག་པ་ན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ ལས་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །འདི་ལྟ་སྟེ། ཤིང་རྟ་ཆེན་པོ་བདུན་དང་ལྡན་པས་ནི་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཡང་རུང་སྟེ་བདེ་བས་སྐྱེད་མོས་ཚལ་གྱི་ལྟད་མོ་ལ། གླུ་དང ། རྔ་སྒྲ་དང ། ཕྲེང་བ་དང་བཅས་པས་ཇི་ལྟ་བ་བཞིན་འགྲོ་བར་བྱེད་དོ། །དེ་བཞིན་དུ་ཆོས་བདུན་པོ་དེ་ དག་དང་ཡང་དག་པར་ལྡན་པའི་སྐྱེས་བུ་རྣམས་ནི་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །རྣམ་པ་དེ་ལྟ་བུར་གྱུར་པའི་ཐོས་པ་དེ་ཡང་གང་ཡིན་ཞེ་ན། འདི་ན་ཐོས་པ་དང་ལྡན་པར་གྱུར་པའི་མི་ནི་གང་སྙིང་པོར་གྱུར་པ་ཉན་པའོ། །དེ་དག་ཐོས་ནས་ཀྱང་རྒོད་བག་དང་ལྡན་པར་མི་འགྱུར་རོ། ། 70-1-131b ཇི་ལྟ་ཇི་ལྟར་ཐོས་པ་དེ་ལྟ་དེ་ལྟར་ཆེས་རབ་ཏུ་ཆོས་ལ་རྟོན་པས་བག་དང་ལྡན་པར་འགྱུར་རོ། །ཤེས་པ་རྣམས་ཀྱིས་ཆོག་ཤེས་པར་མི་བྱེད་པར་འགྱུར་རོ། །གཞན་དག་རྣམས་ལ་ཡང་ལན་ཅིག་མ་ཡིན་ཞིང་ལན་ཅིག་མ་ཡིན་པར་འདྲིའོ། །རང་ཉིད་ཀྱིས་ཀྱང་གཞན་རྣམས་ལ་ བསྙད་པའི་དོན་དུ་རབ་ཏུ་བརྗོད་དོ། །དེ་ལྟ་བུའི་ཐོས་པ་དང་ལྡན་པའི་སྐྱེས་བུ་རྣམས་ནི་ལུས་ཞིག་ནས་མཐོ་རིས་བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེའོ། །གཉིས་པ་ནི་ཆོས་ལ་སྒྲུབ་པ་དང་ལྡན་པ་ཡིན་ཏེ་།ཇི་ལྟར་ན་སྒྲུབ་པ་དང་ལྡན་པ་ཡིན་ཞེ་ན། འདིར་ཆོས་རྣམས་ཐོས་ནས་ཆོས་འདུལ་ བ་ལ་དེ་ཁོ་ན་བཞིན་དུ་སྒྲུབ་པར་བྱེད་དོ། །ཐོས་པ་དང་ལྡན་པར་གྱུར་ནས་ཀྱང་ཆོས་འདུལ་བ་ལ་སྒྲུབ་པར་མི་བྱེད་པ་དེ་ནི་ཐོས་པ་རྣམས་ཁུར་འབའ་ཞིག་ཡིན་པ་ཁོ་ནར་ཟད་དོ། །འབྲས་བུ་ལ་སྟེན་པར་བྱེད་པ་མ་ཡིན། ཤེས་རབ་དང ། དགེ་བ་ལ་སྦྱོར་བ་དང ། ཚུལ་ཁྲིམས་དང ། ཤེས་རབ་རྣམས་ཡིད་ལ་འབབ་པ་ཡང་མ་ཡིན་ནོ། །དེའི་ཚེ་ནི་འོད་དང་རྣམ་པར་བྲལ་བའི་རི་མོའི་མར་མེའི་བཞིན་དུ་སྙིང་པོ་མེད་པ་ཡིན་ནོ། །གང་ཡང་ཤེས་རབ་དང ། ཚུལ་ཁྲིམས་ལ་སྦྱོར་བར་བྱེད་པ་དེ་ནི་མེའི་མར་མེ་རྣམས་འོད་བྱེད་པ་བཞིན་ནོ། །ཐོས་པ་དེ་དག་རྣམས་ནི་དོན་ ཡོད་པ་ཡིན་ནོ་སྒྲུབ་པའི་ཆོས་རྣམས་ཀྱི་སྙིང་པོ་ཡིན་གྱི་ངག་ནི་སྙིང་པོ་མ་ཡིན་ནོ། །ལུས་དང་ངག་གི་ལས་ཀྱི་མཐའ་རྣམས་ནི་ཞི་བ་དེ་དག་ནི་ལུས་ཞིག་ནས་མཐོ་རིས་བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེའོ། །ཆོས་གསུམ་པར་གྱུར་པ་ལེ་ལོ་ཇི་ལྟ་བུ་ཡིན་ཞེ་ན། འདི་ན་སྙོམ་ལས་སུ་གྱུར་པས་སྒྲུབ་ པ་བྱེད་པ་མ་ཡིན་ནོ། །སྒྲུབ་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དོན་རྣམས་བྱེད་པའམ། གཏན་ལ་འབེབས་པའོ། །དེ་ཡང་ཉེ་བར་རྩོམ་པ་དང་སྤྲོ་བར་མི་བྱེད་དེ་སྒྱུ་སྙོམ་དང ། བརྩོན་འགྲུས་དམན་པ་དང ། རྩོམ་པ་ཞན་པར་གྱུར་པའི་སྐྱེས་བུ་རྣམས་ཀྱིས་ནི་འཇིག་རྟེན་པའི་དོན་ ཐམས་ཅད་ལ་ཡང་ནུས་པ་མེད་པར་འགྱུར་རོ། །འཇིག་རྟེན་ལས་འདས་པ་ལ་ཡང་བརྩོན་འགྲུས་དམན་པ་རྣམས་དང་སྤྲོ་བ་མེད་པ་རྣམས་ཀྱིས་ནི་དགོས་པ་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །འཇིག་རྟེན་པ་རྣམས་ཀྱིས་ཀྱང་ཐོ་བཙམས་པའི་གནས་སུ་འགྱུར་རོ། ། 70-1-132a བདག་ཉིད་རང་ཡང་སྐྱིད་པར་འགྱུར་བ་ཡང་མ་ཡིན་ནོ། །ལེ་ལོས་ཉེ་བར་བཅོམ་པའི་མི་རྣམས་ནི་ལུས་ཞིག་ནས་ཀྱང་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་ལེ་ལོ་རྣམས་ཐམས་ཅད་ནས་གནས་སྐབས་ཐམས་ཅད་དུ་དུག་དང ། མེ་དང ། མཚོན་ཆ་དང ། གཡང་ས་དང་འདྲ་བར་ཡང་ཡོངས་སུ་སྤང་བར་གྱིས་ཤིག་།བདག་ཉིད་ཐམས་ཅད་ཀྱིས་གནས་སྐབས་ཐམས་ཅད་དུ་སྙོམ་ལས་ཀྱིས་ཉེ་བར་བཅོམ་པའི་སྐྱེས་བུ་བརྩོན་འགྲུས་དམན་པ་རྣམས་ནི་གཟི་བརྗིད་ཀྱང་ཕྱུགས་རྣམས་དང་མཚུངས་པར་འགྱུར་ རོ། །ཤེས་པ་དང་རྣམ་པར་ཤེས་པ་དང ། ཆོས་དང ། ཆོས་མ་ཡིན་པ་དང ། བགྲོད་པར་བྱ་བ་དང ། བགྲོད་པར་མི་བྱ་བ་རྣམས་ཀྱང་རྣམ་པར་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། དཔྱད་པར་བྱ་བ་ལེ་ལོའི་སྐྱོན་གྱིས་བསྟན་བཅོས་ལ་བློ་ཟུམ་པར་གྱུར་པའི་སྐྱེས་བུ་ནི་ཆོས་ཐམས་ཅད་ རྣམ་པར་མི་ཤེས་སོ། །དོན་དང་དོན་མ་ཡིན་པ་རྣམས་ལ་ཡང་དེ་ཁོ་ན་བཞིན་ཏེ། དེ་ལྟར་ཡང་མར་མེ་ལྟ་བུའི་ཤེས་རབ་ཀྱིས་ཐམས་ཅད་རྟོགས་པར་འགྱུར་བ་ཡིན་ནོ། །ཤེས་པ་དེ་ཡང་བརྩོན་འགྲུས་དམན་པ་རྣམས་དང་ལེ་ལོ་ཅན་རྣམས་ལ་མེད་པ་ཡིན་ནོ། །དམུས་ལོང་དང་མཚུངས་ པར་གྱུར་པ་དེ་ལུས་ཞིག་པ་ན་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །དེ་བཞིན་དུ་འཇིག་རྟེན་པའི་དོན་རྣམས་ཐམས་ཅད་ལ་ཡང་སྟེ། དོན་ཐམས་ཅད་ཉམས་པར་བྱེད་པར་འགྱུར་རོ། །དེ་དོན་རྣམས་ཐམས་ཅད་ཉམས་པས་མཆོག་ཏུ་སྡུག་བསྔལ་ བར་འགྱུར་རོ། །གཞན་གྱི་ཁྱིམ་ལ་ཉེ་བར་སྟེན་པར་བྱེད་པ། གཞན་གྱི་ལུས་ཉེ་བར་འདོད་པ། གཞན་གྱི་བདེ་བ་རྣམས་ཉེ་བར་རྟོགས་པ་ལ་ཆེད་ཆེར་བྱེད་པ། མཆོག་ཏུ་གོས་ཧྲུལ་བ། སྐྲ་རྣམས་ཀྱིས་མིག་གཡོགས་པ། ཁ་དང་མིག་དང་སྐམས་པར་གྱུར་པས་བཞི་མདོ་ནས་ བཞི་མདོ་རྣམས་སུ་དང ། སུམ་མདོ་ནས་སུམ་མདོར་དང ། ཁྱིམ་ནས་ཁྱིམ་དུ་སློངས་མོས་འཚོ་བར་གྱུར་པ། ཤིན་ཏུ་རིད་པ། གསོན་པ་ལ་ཡང་སྐྱེ་བོ་རྣམས་ཐམས་ཅད་སྐྱུག་བྲོ་བར་གྱུར་པའོ། །རྒྱུ་འདི་དག་གིས་ན་སྐྱེས་བུ་རྣམས་ཐམས་ཅད་ཀྱིས་ཀྱང་གནས་སྐབས་ཐམས་ཅད་དུ་ 70-1-132b ཡང་ལེ་ལོ་ཡོངས་སུ་སྤང་བར་བྱའོ། །གཞན་དུ་ནི་བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་དང་ལྡན་པ་སྤོང་བ་དང་ལྡན་པ་རྣམས་ནི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །མྱ་ངན་ལས་འདས་པའི་མཐར་ཐུག་པར་ཡང་འགྱུར་ན་གཞན་འཇིག་རྟེན་པའི་རྣམས་དང ། ལུས་ ཞིག་ནས་ཀྱང་མཐོ་རིས་ཀྱི་འཇིག་རྟེན་བདེ་འགྲོ་ལྷར་སྐྱེ་བར་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ལྷའམ་མི་རྣམས་ཀྱིས་ཀྱང་རུང་སྟེ། གནས་སྐབས་ཐམས་ཅད་དུ་ལེ་ལོ་ཡོངས་སུ་སྤང་བར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་དེས་ཚིགས་སུ་བཅད་པ་གསུངས་ པ། ཇི་ལྟར། བློ་ནི་ལེ་ལོའི་རང་བཞིན་དང ། །དྲེགས་པ་དང་ནི་རྩུབ་པ་དང ། །ཤེས་རབ་ཡོངས་སུ་སྤངས་ཕྱིར་ཡང ། །ལོག་པར་ལྟུང་བའི་ས་མི་མཐོང ། །དམ་པ་རྣམས་དང་འདིར་འགྲོགས་ཤིང ། །དམ་པ་མིན་པ་སྤང་བར་བྱ། །ཆུད་གསོན་རྒྱུར་ནི་རབ་ཏུ་བཤད། །ལོག་པར་ ལྟ་བ་ཉིད་ཀྱང་སྟེ། །ཡུལ་དུས་ལེགས་པར་རྩོམ་མིན་ཞིང ། །བརྗོད་དང་མ་བརྗོད་རྣམ་མི་ཤེས། །ཕྱིར་ཞིང་དོན་མེད་འགྱུར་དེ་དག་།ངལ་སོ་བ་ཡང་བུད་མེད་རྣམས། །གང་དང་དེ་ཡིས་འཐུན་འཛིན་པའི། །ཟས་རྣམས་དེ་དང་དེ་ལའོ། །དེ་དག་ཡང་མོར་བྱེད་པ་དང ། །བདག་ཉིད་ཞོར་ འཕྱང་དང་དེ་བཞིན། །བརྟན་པ་འཇིག་དང་དྲན་པ་ཉམས། །ས་བདག་དང་ཡང་འགལ་བར་བྱེད། །དེ་དག་དུས་མིན་འཆི་བ་དང ། །དེ་བཞིན་དུ་ནི་ཁྲོ་བའི་ཡིད། །ལས་འབྲས་དེ་ཁོ་ན་མི་ཤེས། །ཆོས་དང་ཆོས་མིན་ཕྱི་རོལ་བྱས། །ལེགས་པའི་སྐྱེས་བུ་རྣམས་ཀྱིས་སྤངས། །ཀུན་ ཏུ་འགྲོ་བས་འགྲོས་ཀྱིས་ངལ། །ལེ་ལོའི་བློ་ནི་གཉིད་དང་ཡང ། །དེ་བཞིན་རོ་རྣམས་ལ་ཡང་བརྐམ། །རྣམ་པར་སྤངས་པས་གང་ལ་ཡང ། །སྐྱེ་གནས་ལ་ནི་རབ་སྡང་བརྗོད། །འདོད་ཆེན་དང་ནི་མངོན་ང་རྒྱལ། །རྐོ་ཏྲོག་ཅན་དང་ཆོས་སྤངས་པོ། །འདོད་པ་ལ་ནི་ལེགས་སྟེན་ཉིད། །ལུས་ ལ་ཡོངས་སུ་གདུང་བྱེད་ཡིན། །སྐྱོན་ནི་གསུམ་པོ་འདི་རྣམས་ཀྱི། །རྩ་བ་ལེ་ལོ་ཡིན་པར་བརྗོད། །མི་རྣམས་སྐྱོན་ནི་རྗེས་འབྲེལ་བཅས། །བརྩོན་འགྲུས་བརྩམས་པས་འཇོམས་པ་ཡིན། །བརྩོན་འགྲུས་བརྩམས་པ་ཅི་ནས་ཀྱང ། །འབྲས་བུ་ཐམས་ཅད་ཉེར་ལོངས་སྤྱོད། །རིགས་ 70-1-133a པ་དེ་ཉིད་བརྩམས་པ་ནི། །ཆོས་བཞིན་དུ་ནི་འབྲས་བུ་མཐོང ། །ལས་རྣམས་གསུམ་པོ་འདི་ལ་ནི། །འབྲས་བུ་རྣམ་པ་གསུམ་དུ་འདོད། །ཕུང་པོ་གསུམ་དང་ངེས་དེ་ཡང ། །གསུམ་རྩས་སྲིད་གསུམ་རྗེས་སུ་འགྲོ། །དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་ སྐྱོབ་དེའི་མཆོད་རྟེན་དེ་ལ་ལེ་ལོ་ལ་རྣམ་པར་སྨོད་པའི་ཚིགས་སུ་བཅད་པ་རྣམས་མངོན་པར་བྲིས་པའི་རྣམ་པ་དེ་སྲིད་པ་ཉིད་ལེགས་པར་མངོན་པར་མཐོང་བས་ངེས་པར་གཅིག་ཏུ་ལེ་ལོ་སྤང་བར་བྱའོ། །གང་གི་ཕྱིར་ཇི་སྐད་དུ་བཤད་པའི་ལེ་ལོ་གཅིག་པུ་ཞིག་ལས་ཀྱང་ཡན་ལག་དེ་རྣམས་ ཙམ་ཞིག་ཡིན་ནོ། །ལེ་ལོ་མེད་པ་བརྩོན་འགྲུས་བརྩམས་པར་གྱུར་པའི་ལྷའམ་མི་རྣམས་ཡང་རུང་སྟེ། དོན་རྣམས་ཐམས་ཅད་མེད་པར་མི་འགྱུར་རོ། །ཐམས་ཅད་ལས་དུས་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ཡོངས་སུ་ཉམས་པར་མི་འགྱུར་རོ། །ལེ་ལོ་མེད་པར་གྱུར་པའི་སེམས་ཅན་ རྣམས་ནི་མྱ་ངན་ལས་འདས་པའི་མཐར་འགྲོ་བ་དེ་ཁོ་ནའོ། །དེ་ལ་གཅེས་པར་གྱུར་པའི་ཆོས་བཞི་ནི་བསྟན་ནོ། །ཆོས་གཞན་གང་དག་མི་རྣམས་ལ་གཅེས་པར་གྱུར་པ་ཡིན་ཞེ་ན། འདི་ལྟ་སྟེ་དྲན་པའོ། །དེ་ལྟར་ཡང་ཆོས་ཐམས་ཅད་ཀྱི་བར་ཆད་བྱེད་པ་ལེ་ལོ་ཡིན་པ་དེ་བཞིན་དུ་ཆོས་ ཐམས་ཅད་ཀྱང་སྟེ། མྱ་ངན་ལས་འདས་པའི་རྣམ་པར་སྨིན་པ་ཅན་ཡང་དྲན་པ་གཅིག་ཏུ་བསྒོམས་ཤིང་ལེགས་པར་བསྒོམས་པའི་རྩ་བ་ལས་བསྒོམ་པར་བྱ་བའི་དོན་འཐོབ་པར་འགྱུར་རོ། །ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། དྲན་པ་དང་ལྡན་པ་རྣམས་ནི་བག་མེད་ པར་མི་འགྱུར་རོ། །བག་དང་ལྡན་པ་ཡང་དོན་བརྩམས་པ་རྣམས་ཆུད་མི་ཟའོ། །དེ་ཡང་ནས་ཡང་དུ་ཡང་དོན་གཞན་རྣམས་རྩོམ་པར་བྱེད་དོ། །རིགས་པ་དང་རབ་ཏུ་བརྩོན་པ་དང་མངོན་པར་འདོད་པས་ཀྱང་དེ་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་ལྡན་པས་ཤེས་བཞིན་གྱིས་ གནས་པར་འགྱུར་རོ། །དབང་པོ་ལྔ་པོ་རྣམས་ཡང་སྤྱོད་ཡུལ་ལྔ་ལས་སྲུང་ལ་འཕོ་བ་དང་གཏོང་བ་ཡང་མ་ཡིན་ཏེ། རྟག་ཏུ་ཡང་རྐྱེན་རྣམས་ལས་མིག་གིས་གཟུགས་མཐོང་བ་ན་དེའི་ཚེ་འདུན་པའི་འདོད་ཆགས་ཀྱིས་དགའ་བར་མི་བྱེད་དོ། །རང་བཞིན་རྣམས་མཐོང་བར་འགྱུར་ 70-1-133b རོ། །རྐྱེན་གྱི་རྩ་བ་ཅན་དུ་མཐོང་བར་འགྱུར་རོ། །རྒྱུ་ལས་ཀུན་འབྱུང་བའི་གཟུགས་རྣམས་མཐོང་བ་ན་རྙོག་པ་ཅན་དུ་མི་བྱེད་དོ། །དེ་ལས་སྐྱེས་པའི་ཡིད་ལ་བྱེད་པས་ཁྲིད་པར་མི་འགྱུར་རོ། །དགའ་བའི་འདོད་ཆགས་དྲན་པ་ཉམས་པས་ཀུན་ནས་བཅིངས་ནས་སྐྱེས་བུའམ། རབ་ཏུ་བྱུང་བ་རྣམས་སམ། ལྷའམ། ལྷ་གཞན་དག་གང་ཡང་རུང་བ་རྣམས་ཀྱང་རུང་སྟེ། ཉོན་མོངས་པ་བདུད་ཀྱི་སྤྱོད་ཡུལ་རྣམས་ལ་དགའ་བར་མི་འགྱུར་རོ། །དེས་སྐྱེས་པའི་འཇིགས་པ་རྣམས་ཀྱང་ཀུན་ནས་ཤེས་སོ། །སྐྱོན་ལས་སྐྱེ་བར་འགྱུར་བར་གྱུར་པ་རྣམས་ཀྱང་ཤེས་ སོ། །འགགས་པ་རྣམས་ཀྱང་དྲན་པས་ཡོངས་སུ་ཤེས་ཏེ། ལེགས་པར་དྲན་ནས་ཇི་ལྟར་ཆེ་གེ་མོ་ཞིག་གི་ཡུལ་ན་དམིགས་པ་འདི་དག་གིས་དང ། རྒྱུ་འདིས་དང ། རྐྱེན་འདིས་དང ། རྣམ་པ་དེ་འདྲ་བའི་ཡུལ་ལས་ཀུན་ཏུ་བྱུང་བའི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་ འགྲོགས་པའི་ཡུལ་གྱི་རླན་གྱིས་ཀུན་ཏུ་བསྐྱེད་པར་གྱུར་པའི་དུས་དེའི་ཡིད་ལ་བྱེད་པའི་ཉོན་མོངས་པ་ངེས་པར་འཇོམས་པ་པོ་རང་གི་ངང་གིས་ནུས་པ་དང་ལྡན་པས་ཉོན་མོངས་པ་ངེས་པར་འཇོམས་པས་རབ་ཏུ་འཇོམས་པར་གྱུར་པ། རྒྱུ་དང་རྐྱེན་རྣམས་ལས་ཀུན་ཏུ་འབྱུང་བ་ཡུལ་ དེས་ཤིན་ཏུ་ཡང་ཆགས་པ་སྐྱེད་པར་བྱེད་པས་དེས་ཞེན་པ་དྲན་པར་གྱུར་ན་དྲན་པ་ཉེ་བར་གནས་པའི་ཕྱིར་ན་སླར་ཡང་རབ་ཏུ་འཇོམས་པར་བྱེད་དོ། །དེ་གཟུགས་དམིགས་པས་ཟིལ་གྱིས་མནན་ན་དྲན་པས་འཇིགས་པ་དང་བཅས་པས་རྣམ་པ་དུ་མར་རབ་ཏུ་སྤོང་བར་བྱེད་དོ། །དལ་བུས་ དལ་བུས་ལས་བྱེད་པ་སྤྱང་པོར་གྱུར་པའི་ལྕགས་མགར་མེར་བཅུག་ནས་དྲོས་པར་གྱུར་པའི་ལྕགས་ཀྱི་སྣོད་རྡུང་བ་དེ་བཞིན་དུ་ལུས་དབེན་པ་ལ་སྤྲོ་བ་རྣམས་ཡང་དལ་བུས་དལ་བུས་དྲི་མ་རྣམས་སྦྱོང་བར་བྱེད་དོ། །ཞིབ་མོར་བྱེད་ཅིང་དྲི་མ་མེད་པར་བྱེད་དོ། །དེ་བཞིན་དུ་འདི་ ན་མཛེས་པར་གྱུར་པ་རྣམས་ཀྱིས་དྲན་པས་སེམས་ཀྱི་རྒྱུད་དལ་བུས་དལ་བུས་དྲི་མ་རྣམས་མེད་དོ། །ཇི་ལྟར་མཛེས་པའི་རྫ་མཁན་བརྩོན་འགྲུས་བརྩམས་པར་གྱུར་པ་རྒྱུ་རྐྱེན་དང་གོམས་པ་རྣམས་ཀྱིས་འཇིམ་པའི་གོང་བུ་བུམ་པར་སྒྱུར་བར་བྱེད་དེ། གཟུགས་བཟང་ 70-1-134a པོ་རྩོམ་པའི་དྲན་པས་བརྩམས་པའི་ཕྱིར་རོ། །དེ་བཞིན་དུ་དྲན་པ་དང་ལྡན་པའི་སྐྱེས་བུས་འདིར་ཡང་འཇིམ་པའི་གོང་བུ་ལྟ་བུར་གྱུར་པའི་དམིགས་པ་དང ། རྒྱུ་རྐྱེན་གཉིས་དང་ཡིད་ཀྱི་དྲན་པ་མཛེས་པ་བསྟེན་པ་ངེས་པར་རྫོགས་པ་ལས་གང་ཡོངས་ སུ་རྫོགས་ན་དྲན་པ་བརྩམས་པས་ཚུལ་བཞིན་ཡིད་ལ་བྱེད་པ་བུམ་པ་བཞིན་དུ་སྐྱེད་དོ། །ལྷ་དག་ཇི་ལྟར་བདག་ཅག་རྣམས་ཀྱི་གོས་རྣམས་གསར་པ་གྱོན་པར་གྱུར་པའི་དུས་དེ་ཉིད་ནས་བཟུང་ནས་དེ་དག་རྣམས་རིམ་གྱིས་ཟད་པར་འགྱུར་རོ། །ཡང་གང་གི་ཚེ་ཤེས་པར་གྱུར་པ་དེའི་ཚེ་ནས་ སྐད་ཅིག་པ་རྣམས་ཤེས་པར་འགྱུར་རོ། །དེ་ཁོ་ན་བཞིན་དུ་གང་ཁོ་ནའི་ཚེ་ནས་མཛེས་པའི་དྲན་པ་ཉེ་བར་འཇོག་པར་གྱུར་པ་དེའི་དུས་དེ་ནས་བཟུང་ནས་སྐྱོན་ཐམས་ཅད་ཟད་པར་འགྱུར་རོ། །དེ་ཉིད་མངོན་པར་རྟོགས་པར་འགྱུར་བ་ཡང་གང་གི་ཚེ་འཕགས་པའི་རྒྱས་བཏབ་པར་གྱུར་ པའི་སེམས་ཀྱི་རྒྱུད་ལ་སྐྱོན་རྣམས་ཟད་པ་མཚོན་པར་འགྱུར་ཞིང་དེའི་ཚེ་ན་ཡོངས་སུ་ཤེས་སོ། །དེའི་ཕྱིར་ན་སྐྱེས་བུ་དམ་པ་རྣམས་དགེ་བ་འདོད་པས་རྟག་པ་ཉིད་དུ་མིག་དང་ཕྲད་པའི་གཟུགས་དམིགས་པར་གྱུར་པ་ན་ཡང་དག་པ་ཇི་ལྟ་བའི་དྲན་པའི་ཐག་པས་ཡོངས་སུ་བཅིངས་ན་སེམས་ ཡོངས་སུ་འཁྱམ་པར་མི་འགྱུར་རོ། །རྟ་རྒོད་བཞིན་དུ་བསྲིངས་ནས་འཛིན་པར་བྱེད་དེ་འདས་པ་དྲན་པ་དང་ལྡན་པའི་སྐྱེས་བུ་རྣམས་ནི་དགའ་བའི་འདོད་ཆགས་མི་བཟད་པ་རྣམས་དམིགས་པ་སྤངས་ནས་གནས་སོ། །དྲན་པས་དེ་བཞིན་དུ་ད་ལྟར་གྱི་ཡུལ་རྣམས་ལ་མིག་རྒྱུ་བར་བྱེད་པ་ན་སྒྲུབ་ པས་ཟློག་པར་བྱེད་དོ། །དྲན་པ་དང་དྲན་པ་མ་ཡིན་པ་དག་ལ་རྗེས་སུ་སྒྲུབ་པས་ཇི་ལྟར་ལེགས་པར་རྟོགས་པར་བྱ་ཞེ་ན། འདི་ལྟ་སྟེ། སྐྱེས་པར་གྱུར་པའི་དགའ་བའི་འདོད་ཆགས་ལ་ཚུལ་བཞིན་མ་ཡིན་པའི་རླུང་གིས་ཀུན་ནས་ཁྱེར་བ་ན་དྲན་པས་ཀུན་ཏུ་འཛིན་པར་བྱེད་དོ། །འདིར་གང་ གི་ཚེ་སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་གང་ཡིན་པའི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱིས་གཟུགས་དེ་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པ་དུ་མ་དང་དབྱིབས་དུ་མར་རྣམ་པར་དཔྱོད་པར་བྱེད་པ་དེའི་ཚེ་འདུན་པའི་འདོད་ཆགས་འདི་ཐམས་ཅད་དུའམ། 70-1-134b གནས་སྐབས་ཐམས་ཅད་དུ་ཡང་རབ་ཏུ་ཉམས་པར་འགྱུར་རོ། །གལ་ཏེ་ཤེད་ན་ཡང་ཆུང་ངུར་འགྱུར་རོ། །འདི་ནི་དེའི་དགེ་བའི་ཆོས་ཀྱི་གཟི་བརྗིད་ཡིན་ཏེ་འདི་ལྟ་སྟེ། དྲན་པས་རྗེས་སུ་སྦྲེལ་བའི་རྩ་བ་ཡིན་ནོ། །དགེ་བའི་ཆོས་རྣམས་ཐམས་ཅད་ནི་དེའི་གཞིས་རབ་ཏུ་འཇུག་གོ། །དེ་ལྟ་བུ་ནི་ད་ ལྟར་བྱུང་བའི་དྲན་པ་ཡིན་ནོ། །ཇི་ལྟར་ན་མ་འོངས་པའི་ཡུལ་ཉམས་སུ་མ་མྱོང་བ་རྒྱུ་མཚན་གྱི་དབང་དུ་བྱས་པས་ཡུལ་ཉེ་བར་དམིགས་པའི་དྲན་པ་ཡིན་ཞེ་ན། དྲན་པས་མ་འོངས་པ་རྣམས་ལ་ཡང་ལེགས་པར་དྲན་ཏེ། འབྲས་བུའི་རྒྱུ་མཚན་དམིགས་པས་མ་འོངས་པ་རྣམས་ཡང་དྲན་ཞིང་ཀུན་ ཏུ་དྲན་ནོ། །འདི་ལྟ་སྟེ། ལུས་དང ། ངག་དང ། ཡིད་ལེགས་པར་སྤྱད་པ་སྤྱོད་པའི་སྐྱེས་བུ་རྣམས་མངོན་པར་མཐོང་བར་གྱུར་ནས་ལྷ་དང་ལྷ་ཙམ་དུ་འབྱུང་བར་འགྱུར་རོ་ཞེས་འདི་དག་དྲན་ནོ། །དེ་ལྟར་དམ་པར་བྱས་པའི་ལས་རྣམས་མངོན་པར་མཐོང་ནས་ལེགས་པར་དྲན་ནོ། །ཉེས་པར་ སྤྱད་པའི་ལས་ཀྱི་མཐའ་སྤྱད་པ་རྣམས་ལས་དམྱལ་བ་རྣམས་འབྱུང་བ་ཡང་ཀུན་ཏུ་དྲན་ནོ། །དེ་ལ་དྲན་པ་ཞེས་བྱ་བའི་ཆོས་ལྔ་པ་འདི་དེ་ལྟར་ལྷ་དང་མི་རྣམས་ལ་གཅེས་པར་གྱུར་པ་ཡིན་ནོ། །གཞན་ཡང་ཆོས་དྲུག་པ་ལྷ་དང་མི་རྣམས་ལ་གཅེས་པར་བྱ་བ་ཡོད་དེ། གང་ཞེ་ན་འདི་ལྟ་སྟེ། གཞན་ལ་གདུང་བར་མི་བྱེད་པའོ། །འདི་ན་ལ་ལ་ཉེ་བར་གདུང་བར་མི་བྱེད་པར་གྱུར་པ་བློ་ཤིན་ཏུ་རབ་ཏུ་དང་བ། གང་ཟག་རྣམས་ལ་རབ་ཏུ་དཔྱོད་པར་ཡང་མི་བྱེད་ལ་ཚངས་པར་སྤྱོད་པ་རྣམས་ལ་རབ་ཏུ་དཔྱོད་པར་ཡང་མི་བྱེད་པ་དང ། སེམས་འདུལ་བར་མི་བྱེད་པ་མ་ཡིན་པ་གནས་ མལ་དང ། ནད་ཀྱི་རྐྱེན་སྨན་དང ། ཡོ་བྱད་རབ་ཏུ་མང་པོ་མངོན་པར་མཐོང་བ་ན་གཞན་ལ་སྨོད་པར་མི་བྱེད། བདག་ལ་སྟོད་པར་མི་བྱེད་དོ། །རང་གི་དབང་དུ་བྱས་པའི་ཚུལ་ཁྲིམས་བསྔགས་པར་མི་བྱེད་ཅིང ། གཞན་གྱི་ཚུལ་ཁྲིམས་ཀྱང་དགེ་བ་མ་ཡིན་པར་ཐོས་ནས་སྦྱིན་པ་པོ་དང་སྦྱིན་ བདག་རྣམས་ལ་སོ་སོར་གོ་བར་མི་བྱེད། གྲོགས་པོ་དང་གྲོགས་པོ་མ་ཡིན་པ་རྣམས་དང་བྲལ་བས་མཚུངས་པའི་བློར་གྱུར་པ། དེའི་ཡིད་དཀོན་མཆོག་གསུམ་ལ་སོང་བར་གྱུར་པའི་དོན་གྱིས་ཚུལ་ཁྲིམས་འཆལ་བར་མི་བྱེད། ཚུལ་ཁྲིམས་དང་བཅས་པ་ལ་སྐུར་པར་མི་བྱེད་དོ། །ཞབས་འབྲིང་བར་ 70-1-135a ཀུན་ཏུ་སྟོན་པ་མ་ཡིན་གྱི་སྙིང་རྗེས་སེམས་འཇུག་པར་འགྱུར་རོ། །འདྲི་བར་བྱེད་པའི་རང་བཞིན་ཅན་མ་ཡིན་ལ་དགོན་པ་དང་རི་ཁྲོད་དང་ཕུག་རྣམས་སུ་མངོན་པར་དགའ་བར་འགྱུར་རོ། །ཀུན་ནས་འདྲེ་བས་ཉེ་བར་འགྲོ་བར་ནི་ཚངས་པ་མཚུངས་པར་སྤྱོད་པ་དག་དང་ལྷན་ཅིག་ ཏུའོ། །ཤིན་ཏུ་ངོ་མཚར་སྐྱེ་བའི་ཡོན་ཏན་དེ་ལྟ་བུ་རྣམས་དང་ལྡན་པའི་སྐྱེས་བུ་ནི་གཞན་ལ་ཉེ་བར་གདུང་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ན་གཞན་རྣམས་ལ་ཉེ་བར་གདུང་བར་མི་བྱེད་པ་ནི་ལྷ་དང་མི་རྣམས་ལ་གཅེས་པར་གྱུར་པ་ཡིན་ནོ། །གཞན་ཡང་གཅེས་པར་གྱུར་པའི་ཆོས་བདུན་པ་ལྷ་དང་ མི་རྣམས་ཀྱི་བར་དུ་གཅོད་པར་བྱེད་པ་ནི་འདི་ལྟ་སྟེ། ཚུལ་འཆོས་པས་རབ་ཏུ་འཆབ་པར་བྱེད་པའི་ཕྱིར་ཏེ། དགེ་བར་གྱུར་པ་སྡིག་པ་རྣམས་བཅོམ་པ་ཡིད་ཤིན་ཏུ་རྣམ་པར་དག་པ། ལྷུང་བཟེད་དང་ཆོས་གོས་ཀྱིས་ཆོག་ཤེས་པ། བསླངས་ནས་ཟ་བ། རི་ཁྲོད་དང་རི་ཕུག་དག་ཏུ་ སྟེན་པ། ཆོག་ཤེས་པ། དབེན་པར་གནས་པར་དགའ་བ། བསྟོད་པ་དང ། སྨད་པས་མཐོ་བ་དང་དམའ་བའི་བློ་མེད་པ། དོན་དང་དོན་མ་ཡིན་པ་རྣམས་ལ་ལྟོས་པ་མེད་པར་ལྗོངས་རྒྱུ་བར་བྱེད་པས་ལེགས་པར་རྒྱུའོ། །མི་རྣམས་ཀྱང་སྲིན་བུའི་གནས་ཡིན་པའི་ཕྱིར་དང ། ལྟེང་ ཀའི་ཆུར་གྱུར་པའི་ཆུ་ཙམ་ལ་ཡང་འཇིགས་པས་ཉེ་བར་མི་འགྲོ་སྟེ་སྲིན་བུ་གསོད་པའི་སྐྱོན་གྱི་འཇིགས་པས་འཇིགས་པའི་ཕྱིར་རོ། །རི་ལུ་དང་རི་ལུའི་ཕྲེང་བ་དང་གློག་འཁྱུག་པ་ལ་ལྟ་བར་མི་བྱེད་དོ། །ས་གཡོ་བ་དང་ཟླ་བ་གཟས་འཛིན་པ་ཡང་སྟོན་པར་མི་བྱེད་དོ། །རྙེད་པ་དང་ བཀུར་སྟིའི་དོན་དུ་གཅིག་པུ་ཞིག་ཁྱིམ་ནས་ཁྱིམ་དུ་ཉེ་བར་འཚོ་བར་བྱེད་པ་ཡང་མ་ཡིན་ནོ། །མགོ་བོ་གཅོགས་པས་ས་གཞི་གཡོ་བའི་རང་བཞིན་མ་ཡིན་ནོ། །ཤིན་ཏུ་དམན་པ་དང་ཆེ་བར་སྨྲ་བ་མ་ཡིན་ནོ། །བཀྲ་བར་བྱས་པའི་མཆིལ་ལྷམ་དང་ཤིང་ལེབ་ཀྱི་སྟན་བཟང་པོ་དང་སྔས་ནང་ ཚངས་ཅན་ཟླུམ་པོ་འཛིན་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་ཡོན་ཏན་མཚུངས་པའི་གོང་མ་དག་རྙེད་ཀྱང་ཉེ་བར་སྟེན་པ་མ་ཡིན་ནོ། །གཞན་གྱི་རྗེས་སུ་འཚོ་བ་ནི་མ་ཡིན་གྱི་དེ་བཞིན་དུ་གྲོང་དང ། གྲོང་ཁྱེར་དང ། ཚོང་དུས་དག་ཏུ་སོང་ནས་རྙེད་པ་དང་བཀུར་སྟིའི་རྒྱུས་བདག་གི་ཚུལ་ཁྲིམས་དང་ 70-1-135b ཡོན་ཏན་སྙིང་པོར་བྱས་ཏེ་བརྗོད་པར་ནི་མི་བྱེད་དོ། །བློ་རྣམ་པ་སྣ་ཚོགས་པར་གཡེང་བར་བྱེད་པ་ཡང་མ་ཡིན་ནོ། །བརྐམ་ཞིང་ཆགས་པ་ཡང་མ་ཡིན་ནོ། །གྲོང་དང་ཐག་ཉེ་བར་གནས་པར་བྱེད་པས་དགའ་བར་འགྱུར་བ་མ་ཡིན་ནོ། །སྔོན་གྱི་གཉེན་བཤེས་དང་མཛའ་བོ་རྣམས་དང་འཚོག་ཅིང་ བལྟ་བའི་དོན་དང ། དེའི་ཁྱིམ་དུ་འཇུག་པ་བློ་ལ་མང་དུ་རྒྱུ་བར་མི་འགྱུར་རོ། །ཡོད་པ་མ་ཡིན་པའི་ཡོན་ཏན་རྣམས་རྗོད་པར་མི་བྱེད་ལ་ཡོད་པའི་ཡོན་ཏན་རྣམས་ཡང་རྗོད་པར་མི་བྱེད་དོ། །ཡོད་པའི་ཡོན་ཏན་རྣམས་སྤོང་བར་ཡང་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དང་སྐྱོན་ རྣམས་སྟོན་པར་གྱུར་ནས་རྒྱབ་ཀྱི་ཤ་སྦྱིན་པར་བྱེད་པ་ཡང་མ་ཡིན་ནོ། །མཐོང་བ་དུག་ཅན་བཞིན་དུ་རྣམ་པ་དུ་མར་ཡང་བུད་མེད་ཀྱི་འགྲོ་བ་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །དེ་དང་ལྷན་ཅིག་ཏུ་སྨྲ་གླེང་བྱེད་པས་གནས་པའི་རང་བཞིན་ཅན་ཡང་མ་ཡིན་ནོ། །ལྗོན་ཤིང་དང ། ནགས་དང ། མེ་ཏོག་ཀུན་ཏུ་རྒྱས་པ་རྣམས་སུ་རྒྱུ་བའི་རང་བཞིན་ཅན་མ་ཡིན་ནོ། །བདག་དགའ་བར་འགྱུར་བའི་ཡིད་དོན་དུ་གཉེར་བས་ཉེ་བར་བགྲོད་པ་མ་ཡིན་ནོ། །དགའ་བར་འགྱུར་བའི་བྱའི་སྒྲ་ཀུན་ཏུ་སྒྲོགས་པ་རྣམས་ལ་ཉན་པའི་འདོད་ཆགས་ཀྱི་སྐྱོན་གྱི་འཇིགས་པས་གང་གི་ཕྱིར་དེའི་སྙིང་ གིས་སེམས་པ་དང་རྣ་བ་དང་ཡིད་གཏོད་པར་བྱེད་པ་མ་ཡིན། སྒྲ་དེ་དག་རྣམས་གང་ཡིན་པའི་སྐྱོན་གྱིས་འཇིགས་པས་བྱ་རྣམས་ཀྱི་སྒྲ་དང་གཞན་གྱི་སྒྲ་རྣམས་ཀྱང་ཉན་པར་མི་བྱེད། ཆུ་ཀླུང་གི་སྒྲས་གང་བའི་ཡུལ་ཕྱོགས་སུ་སྒོམ་པར་མི་བྱེད། སྒྲའི་སྐྱོན་གྱིས་ཡིད་འཕྲོགས་པར་ མི་འགྱུར་རོ། །དྲི་དང་ལྡན་པའི་མེ་ཏོག་མང་བ་དང ། འཁྲི་ཤིང་རྣམས་དང ། ལྗོན་ཤིང་རྣམས་ཤིན་ཏུ་ཕལ་ཆེ་བ་དང ། ཉེ་བར་བསམ་གཏན་བྱེད་པ་དང ། ཉེ་བར་འགྲོ་བ་དང ། ཉེ་བར་འགྲོ་བ་ཡང་མ་ཡིན་ཏེ། ཡིད་དུ་འོང་ཞིང་ཡིད་དུ་འོང་བར་གྱུར་པའི་དྲི་རྣམས་ལ་ཡང་སྣ་ཕྱོགས་ པར་འགྱུར་བའི་སྐྱོན་གྱིས་ཡིད་ཁྱེར་བའི་ཕྱིར་རོ། །སྒྲོ་རྣམས་རྣམ་པར་བཀྲ་བར་གྱུར་པས་དགའ་བའི་ཁ་དོག་སྣ་ཚོགས་པའི་བྱ་རྣམས་འདོད་ཆགས་ལ་ཆེད་ཆེར་བྱེད་པར་གྱུར་པའི་ངང་ངུར་དང ། ཤང་ཤང་ཏེའུ་དང ། རྨ་བྱ་རྣམས་ཀྱང་ལྟ་བར་བྱེད་པས་རྣམ་པར་རྒྱུ་བ་མ་ཡིན་ནོ། ། 70-1-136a གང་གི་ཕྱིར་ཡིད་འཕྲོག་པར་བྱེད་པ་དུད་འགྲོའི་སྐྱེ་གནས་པ་རྣམས་སམ། བུད་མེད་དག་གམ། ཤིང་ཏོག་ནཱ་ཌི་ཀེ་ར་དང ། པ་ན་ས་དང ། ཆུ་ཤིང་གི་འབྲས་བུ་དང ། ་མྲ་དང ། དཔལ་འབྲས་དང ། ཀ་པིད་ཐ་དང ། པ་རུ་ཥ་དང ། ཁ་རྫུ་རའི་ནགས་རྣམས་སུ་ཡང་ བསམ་གཏན་མི་བྱེད་དེ། ཡིད་རོས་འཕྲོག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབང་པོའི་དོན་རྣམས་ལ་མཐོང་བ་དང་བྲལ་བར་གྱུར་པའི་ཞི་བའི་ཉེ་བའི་ནགས་རྣམས་ལ་བརྐམ་ཆགས་མེད་པས་མ་འདྲེས་པའི་བདེ་བར་རྒྱུ་བའི་དགའ་ཚལ་ལ་གཅིག་ཏུ་ཕྱོགས་པའི་ཡིད་ཀྱིས་བསམ་གཏན་དུ་ བྱེད་དེ། དེས་རྟག་ཏུ་བརྩོན་འགྲུས་བརྩམས་པ་ཕྱིར་རྒོལ་བ་ལྟ་བུར་གྱུར་པ་དང ། ལྷན་ཅིག་ཏུ་གཡུལ་འགྱེད་དོ། །སྐྱོན་ཆུང་ངུ་ཡང་མ་ཡིན་པ་ཡང་བར་དུ་གཅོད་པར་འགྱུར་བའི་ཡིད་ཀྱིས་རབ་ཏུ་འབད་པར་བྱེད་དོ། །རྩབ་ཧྲལ་ཅན་རྣམས་ཀྱིས་ཐོང་གཤོལ་གྱིས་གློགས་པ་མ་ཡིན་ པའི་ས་ཕྱོགས་ཀྱི་ཕྱག་དར་ཁྲོད་པ་རྣམས་ཀྱང་རྣམ་འགྱུར་བསྟན་པའི་དོན་དུ་མི་ལེན་ནོ། །སྲིད་པ་ལ་སོགས་པ་རྣམས་ཀྱི་བཞིན་བདེ་བར་གནས་པར་འགྱུར་བ་ནི་མ་ཡིན་ནོ། །འདི་ནི་གཙང་བ་དང་བཅས་པའི་ལྷུང་བཟེད་ཀྱིས་རྒྱུ་བ་དེ་ཡང་ཟས་སྐོམ་རྣམས་མི་འཛིན་ཏོ། །དངུལ་དང་གསེར་ལ་ སོགས་པ་རྣམས་ཀྱང་ཡིད་ཀྱིས་སེམས་པར་མི་བྱེད་དོ། །དགའ་བར་འགྱུར་བའི་ལྷུང་བཟེད་འཛིན་པར་འགྱུར་རོ། །བརྗེ་བསོར་ཅན་གྱི་ཆོས་གོས་རྣམས་འཛིན་པར་མི་འགྱུར་རོ། །སྒྲ་བརྡ་དང་བྲལ་བས་གོམ་པ་གཅིག་ཀྱང་རྗེས་སུ་མི་འགྲོའོ། །སྲོག་ཆགས་འཆི་བའི་སྐྱོན་དོགས་པར་བྱས་པ་མ་ གཏོགས་པར་ཚུལ་འཆོས་སྟེན་པ་པོ་ཐམས་ཅད་དུ་འགྲོ་བར་མི་བྱེད་དོ། །ལྒང་བུ་དང ། འབྲས་སོ་བ་དང ། རུལ་པར་གྱུར་པའི་འབྲས་བུ་བ་ད་ར་དང ། ཤིན་ཛི་ཏཱ་དང ། འབྲས་བུ་པ་རུ་ཥ་ཀ་དང ། ཁ་རྫུ་ར་དང ། ཀ་ཌཱ་པ་དང ། རྒྱལ་པོའི་འབྲས་སོ་བ་དང ། མོན་སྲན་གྲེའུ་རྣམས་ མ་བཏགས་པར་ཟ་བར་མི་བྱེད་དེ། སྲིན་བུ་དག་འདི་དག་གི་ནང་ན་གནས་པ་ཡིན་པའི་ཕྱིར་རོ། །སྐྲ་ཤད་པའི་སོ་མངས་མ་ཡིན། རྔུལ་བ་ལས་བྱུང་ཞིང་རང་གི་ལུས་ལས་ལངས་པའི་སྲིན་བུ་རྣམས་སྤོང་བར་མི་བྱེད་དོ། །ཆོས་གོས་དག་ལ་ཡང་གནོད་པའི་འཇིགས་པས་ཀྱང་གོམ་པ་ 70-1-136b གཅིག་ཙམ་དང ། སྟན་གཅིག་ལ་འདུག་པ་དང ། གཞན་གྱི་ལྷུང་བཟེད་ལ་ལྟ་བར་ཡང་མི་བྱེད་དོ། །ཟས་ལ་བརྐམ་ཞིང་ཆགས་པས་དང་བསོད་པའི་འབྲས་སོ་བ་ལ་ཡང་ལྟ་བར་མི་བྱེད་དེ། རང་གི་དོན་ལུས་ཀྱི་ངོར་བྱེད་པ་ཀུན་ཏུ་སྤོང་ངོ ། །སྲིན་བུས་ཀུན་ཏུ་གང་བས་བསླད་ པའི་ས་ཕྱོགས་སུ་གཅིན་དང་གཅི་བ་གཏོང་བར་མི་བྱེད་དེ། སྲིན་བུ་ལ་གནོད་པའི་འཇིགས་པས་འཇིགས་པའི་ཕྱིར་རོ། །བསོད་སྙོམས་ལ་འཇུག་པར་བྱེད་པ་ན་ཡང་གཉའ་ཤིང་གང་ཙམ་དུ་ལྟ་བར་འགྱུར་རོ། །དྲང་པོ་དང་དྲང་པོ་ལ་སྟེན་པར་གྱུར་པའི་དགེ་སློང་འདུས་པ་རྣམས་ ལ་མི་སྟེན་པ་ཞེན་པ་མེད་པ་སྙིང་ལས་ཆུང་བར་གྱུར་པ་རྟག་ཏུ་བསམ་གཏན་གྱི་དབང་དུ་བྱས་ཏེ་དགའ་བས་བརྩོན་འགྲུས་བརྩམས་པར་གྱུར་པའོ། །དེ་ལ་སྙིང་ཉིད་ནི་ཚུལ་འཆོས་པ་མེད་པ་དང ། དེ་ཉིད་ཚུལ་ཁྲིམས་རྣམ་པར་དག་པ་དང ། དེ་ཉིད་འཚོ་བ་རྣམ་པར་དག་པ་དང ། གཅིག་ཏུ་ཕན་པ་གཙང་ཞིང་དག་པར་གྱུར་པ་ཡིན་ཏེ། དེ་ཉིད་ཇི་སྐད་དུ་བཤད་པའི་བསླབ་པའི་གཞི་ལ་གནས་པ་རྣམས་ཀྱི་ཡིན་ནོ། །དེ་ཇི་ལྟ་ཇི་ལྟར་བདག་ཉིད་ཀྱི་འགྲོ་བ་འདོད་པར་གྱུར་པ་དེ་ཁོ་ན་བཞིན་དུ་སྐྱེ་བར་འགྱུར་རོ། །ཐམས་ཅད་དུ་ཡང་འཚོ་བ་དག་པ་འདིའི་རྣམ་པར་རྟོག་ པ་རྣམས་ཀྱང་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་རྣམས་སྐྱེ་བར་འགྱུར་རོ། །དེ་ནས་དེའི་དུས་ན་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་དེས་ཚིགས་སུ་བཅད་པ་གསུངས་པར་གྱུར་པ། ཇི་ལྟར། འཚོ་བ་དག་པ་རྣམ་དག་པའི། །ལུས་ངག་ལས་ནི་ཞི་བ་ཡིན། །རབ་ཏུ་དབེན་ པའི་བསམ་གཏན་པའི། །ཤིན་ཏུ་མྱ་ངན་འདས་རིང་མིན། །བག་མེད་པས་ནི་གཟུང་དཀའ་བའི། །དུར་ཁྲོད་དང་ནི་ནགས་རྣམས་སྟེན། །རྟག་ཏུ་ས་གཞིའི་མལ་སྟན་ཅན། །ཤིན་ཏུ་མྱ་ངན་འདས་རིང་མིན། །གོས་ཧྲུལ་ཕྱག་དར་ཁྲོད་ཀྱི་མལ། །ལྷུང་བཟེད་གོག་པོ་གཅིག་ དེ་དང ། །འབྲས་བུ་རྩ་བས་ཆོག་ཤེས་པ། །དེ་ནི་བདེ་བར་སངས་རྒྱས་བཞེད། །འདོད་པ་ལྡན་པ་མི་རྣམས་ཀྱིས། །ཆོག་ཤེས་དང་ནི་མངོན་དགའ་བ། །བརྟན་པ་ལེགས་པར་དཔྱོད་པ་པོ། །ཤིན་ཏུ་མྱ་ངན་འདས་རིང་མིན། །ཚུལ་འཆོས་དྲི་མ་དང་བྲལ་བའི། །རྡུལ་ 70-1-137a གྱི་འཆིང་བ་ལས་སྐྱོབ་པ། །སེམས་ནི་ནམ་མཁའ་དང་མཚུངས་པའི། །མྱ་ངན་འདས་པ་རིང་བ་མིན། །དེ་ལྟར་བཅོམ་ལྡན་འདས་དེས་ཚུལ་འཆོས་པ་མེད་པའི་དགེ་སློང་ལ་རབ་ཏུ་བསྔགས་པར་མཛད་དོ། །དེ་ལ་ཆོས་བདུན་པོ་དེ་དག་རྣམས་དང་གང་ ཡང་དག་པར་ལྡན་པའི་སྐྱེས་བུ་དེ་དག་ནི་སྐྱེས་བུ་དམ་པ་ཡིན་ནོ། །གང་ཡང་འདོད་པ་རྣམས་སྟེན་པས་རྣམ་པར་རྒྱུ་བར་གྱུར་པ་འཁོར་བར་བྱིང་བ་རྣམས་ནི་དུད་འགྲོ་དང་མཚུངས་པར་གྱུར་པའི་མིའི་མིང་ཅན་ནོ། །དེ་ལ་ཆོས་བདུན་པོ་དེ་དག་རྣམས་དང་ཡང་དག་པར་ལྡན་པའི་ སྐྱེས་བུ་དེ་ནི་རབ་ཏུ་བསྔགས་པ་ཡིན་ནོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡོངས་སུ་ལྷག་པར་གྱུར་པ་རྣམས་ཀྱིས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །མཆོག་ཏུ་དགེ་བར་གྱུར་པའི་ཆོས་བདུན་པོ་དེ་དག་ རྣམས་ཡང་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང ། ཐོས་པ་དང་ལྡན་པ་དང ། སྒྲུབ་པ་དང་ལྡན་པ་དང ། ལེ་ལོ་མེད་པ་དང ། དྲན་པ་དང་ལྡན་པ་དང ། གཞན་རྣམས་ལ་གདུང་བར་མི་བྱེད་པ་དང ། ཚུལ་འཆོས་པ་མེད་པ་དང་སྟེ། རིན་པོ་ཆེ་ཆེན་པོ་དེ་བདུན་གྱི་ ནོར་རྣམས་ཀྱིས་ལྷ་ཉིད་འཐོབ་པར་ཡང་འགྱུར་རོ། །དགའ་བ་རྣམས་ཐོབ་ནས་བག་མེད་པས་ཟད་པར་བྱེད་དོ། །དེ་རྣམས་སླར་ཡང་འཁོར་བ་ཁོ་ནར་ཁ་མངོན་དུ་ཕྱོགས་པར་འགྱུར་ལ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཉིད་དུ་ཕལ་ཆེར་སྐྱེ་བར་འགྱུར་རོ། །དེའི་ ཕྱིར་ན་ལྷས་བག་མེད་པར་བྱ་བར་མི་འོས་ཏེ་བདག་ཉིད་ཀྱིས་ལེགས་པར་གོ་བར་གྱིས། སྲིད་པ་རྣམས་ན་ནམ་ཡང་བག་མེད་པ་རྣམས་ཀྱིས་བདེ་བར་འགྱུར་བ་ནི་འགའ་ཡང་མེད་དོ། །དེ་ལ་ཆོས་བདུན་པོ་དེ་རྣམས་ཀྱིས་མི་རྣམས་ལྷར་སྐྱེའོ། །རྒྱུ་རྣམ་པ་གསུམ་གྱིས་ལྷའི་འཇིག་རྟེན་པ་ རྣམས་ལས་ཤི་འཕོས་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། གསུམ་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་བསྒྲགས་པ་ན་མི་ཉན་པ་དང ། སྡིག་པ་ལ་སྙེན་པ་དང ། དགེ་བའི་བཤེས་གཉེན་མ་ཡིན་པར་དགེ་བའི་བཤེས་ 70-1-137b གཉེན་ལྟར་འཆོས་པ་དེ་དག་རྣམས་ལ་དད་པར་བྱེད་པ་སྟེ། ཆོས་དེ་དག་རྣམས་ཀྱིས་ལྷའི་འཇིག་རྟེན་རྣམས་ནས་ཤི་འཕོས་ནས་དམྱལ་བ་ཡི་དགས་དུད་འགྲོ་རྣམས་སུ་སྐྱེའོ། །འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་བརྗོད་ དོ། །གང་བཅོམ་ལྡན་འདས་དེས་གསུངས་པ་དེ་དག་ཐམས་ཅད་ཁྱེད་ཀྱིས་ཐོས་སམ། དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་རྗོད་པར་གྱུར་པ་ནི་ཇི་ལྟ་བ་བཞིན་དུ་མདོ་དེ་དག་རྣམས་ཐོས་སོ། །བཅོམ་ལྡན་འདས་ཐུགས་བརྩེ་བ་དང་ལྡན་པ་འཇིག་རྟེན་ལ་ཕན་པར་མཛད་ པས་བག་མེད་པ་རྣམས་གདུལ་བར་བྱ་བའི་དོན་དུ་མདོ་འདི་བསྟན་པ་ཡིན་ལ། དེ་དག་ཐོས་ནས་ཀྱང་ཇི་ལྟར་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སླར་ཡང་སྐྱེ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག་།ནོར་ཆེན་པོ་རྣམས་གང་གི་རྒྱུས་ལྷའི་སྐྱེ་བར་གྱུར་པ་ཁྱེད་ཀྱི་ རྩེད་མོ་འདི་དག་ཡིན་གྱིས་དེ་ནི་བག་མེད་པས་འདའ་བར་མི་འོས་སོ། །རབ་ཏུ་ལྷུང་བར་གྱུར་ཏ་རེ། བཅོམ་ལྡན་འདས་དེས་ལྷའི་མཆོག་རྣམས་ལ་མདོ་འདི་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་ནོ། །སྟོང་ཕྲག་སུམ་ཅུ་རྩ་དྲུག་པའི་མདོ་ལས་བཅོམ་ལྡན་འདས་ཐམས་ཅད་སྐྱོབ་ཀྱིས་ གསུངས་པ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་ལྷ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷས་དེ་ལྟར་ལྷ་རྣམས་ལ་བསྟན་ཞིང་སྐྱོ་བ་ཡང་ངེས་པར་བསྐྱེད་ནས་གཞན་ཡང་འཁོར་བ་ན་སྡུག་བསྔལ་བརྒྱ་སྟོང་དུ་མ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ། སྡུག་པ་དང་རྣམ་པར་ བྲལ་བ་རྣམས་དང ། མི་སྡུག་པ་དང་ཕྲད་པ་རྣམས་དང ། རྒ་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དུ་མ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ་དང ། ཕུན་སུམ་ཚོགས་པ་དང ། རྒུད་པའི་མི་ལམ་ལོག་གི་སྡུག་བསྔལ་གྱི་རང་བཞིན་རྣམས་ཀྱིས་གང་བར་ གྱུར་པའི་ཕྱིར་ན། དེ་ནས་ཡང་ལྷ་དེ་དག་རྣམས་ཀྱི་ཡིད་ལས་སུ་རུང་བར་གྱུར་པ་ལེགས་པར་མངོན་པར་མཐོང་བར་གྱུར་ནས། གཞན་ཡང་ཕན་པར་བྱེད་པས་རྗེས་སུ་འཛིན་པའི་ཕྱིར་ན་འདི་སྐད་བརྗོད་པ། སྦྱིན་པར་འགྲོ་བར་འདོད་པའི་ལྷ་རྣམས་བག་མེད་པས་བག་མེད་པར་ 70-1-138a གནས་པ་རྣམས་སྲིད་པ་གཞན་གྱི་དུས་ཀྱི་གནས་སྐབས་སྟེང་དུ་གནས་པར་གྱུར་པ་ན། འགྱོད་པའི་དུས་སུ་ཕྱིན་པ་སྡུག་བསྔལ་ཆེན་པོ་སྐྱེས་པར་གྱུར་པ་ཀུན་ཏུ་ཉེ་བར་གནས་པ་རྣམས་ལ་ཅི་ཡང་བྱར་མེད་པའི་དུས་སུ་སོང་བ་ན་ལས་ཀྱི་ཐག་པས་ཀུན་ནས་ བཅིངས་ནས་གཅིག་པུ་ཞིག་གྲོགས་མེད་པར་ཁྲིད་པར་གྱུར་པ་ན། ལྷའམ། མིའམ། ཀླུའམ། དམྱལ་བ་པ་རྣམས་ཀྱང་རུང་སྟེ། འཆི་བདག་གི་ཞགས་པས་ཁྲིད་པར་གྱུར་པ་ལ་ཆོས་མ་གཏོགས་པའི་གྲོགས་སུ་གྱུར་པ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ལྷའི་ བདག་པོ་ཆོས་རྣམས་ནི་སེམས་ཅན་གྱི་རྒྱ་མཚོ་ཐམས་ཅད་ལགས་སོ། །སླར་ཡང་འཐབ་བྲལ་གྱི་བདག་པོ་དེ་ཉིད་ཀྱིས་འདི་སྐད་ཅེས་བརྗོད་དེ། དེ་དེ་བཞིན་ཏེ། ཆོས་དང་ཆོས་མ་ཡིན་པ་རྣམས་མ་གཏོགས་པ་འགའ་ཞིག་ཀྱང་འགའ་ཞིག་གི་གྲོགས་སུ་མི་འགྱུར་རོ། །དེ་དག་ གང་ཡིན་པ་ལྷ་དག་གིས་ངེས་པར་གོ་བར་གྱིས་ཤིག་།དེ་ལ་གཞན་ལ་དད་པའི་ས་བོན་འཕེལ་བར་བྱ་བའི་རྒྱུ་མཚན་དུ་དང ། བདེ་ལེགས་ཐོབ་པར་བྱ་ཞིང་ཐོབ་པའི་དོན་དུ་དང ། སྡུག་བསྔལ་མཐར་ཐུག་པར་གཞོམ་པའི་དོན་དུ་འཛམ་བུའི་ཆུ་བོའི་གསེར་གྱི་རང་བཞིན་ གཞན་འདི་མུ་ཏིག་གི་དྲ་བས་གཡོགས་པ། རིན་པོ་ཆེ་བདུན་གྱི་ཀ་བས་ཉེ་བར་མཛེས་པར་གྱུར་པ། རིན་པོ་ཆེ་སྣ་ཚོགས་པས་རབ་ཏུ་གསལ་བར་བྱས་པ་དེའི་དེར་བདག་ཅག་རྣམས་ཐམས་ཅད་ཉིད་ཉེ་བར་ལེགས་པར་འགྲོ་བར་བྱ་སྟེ། བཅོམ་ལྡན་འདས་གསེར་ཐུབ་འདིའི་ མཆོད་རྟེན་དེར་འཇུག་པར་བྱ་བ་དང ། ཇི་ལྟ་བ་བཞིན་དུ་བདག་ཅག་གིས་བལྟ་བར་བྱའོ། །དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་བདག་ཅག་གིས་བྱ་སྟེ། །རང་ཉིད་ལ་ཕན་པ་དང ། འཁོར་བ་ལས་ངེས་པར་འབྱུང་བ་དང ། མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །དེ་ནས་ལྷ་དེ་དག་ རྣམས་ཀྱིས་འཐབ་བྲལ་གྱི་བདག་པོའི་ཚིག་ཉེ་བར་ཐོས་པ་དང་གུས་པ་ལེགས་པར་སྐྱེས་པར་གྱུར་པས་རྒྱགས་པ་དང་ང་རྒྱལ་རྣམས་དང་རྣམ་པར་བྲལ་བ། དབང་པོ་རབ་ཏུ་གསལ་བར་གྱུར་པས་གང་ན་བཅོམ་ལྡན་འདས་དྲང་སྲོང་གི་མཆོག་གསེར་ཐུབ་དེའི་མཆོད་རྟེན་འདི་ཀུན་ཏུ་ལྷམ་ 70-1-138b མེ་བ་བཞུགས་པ་དེར་ཏེ་སྔར་བཞིན་ནོ། །དེ་ནས་ལྷ་དེ་དག་ཉིད་ཐམས་ཅད་མུ་སུ་ལུན་དྷ་དང་བཅས་པ་རྣམས་གང་གི་ཚེ་དྲང་སྲོང་མཆོག་གི་སྐུ་གདུང་དེའི་དྲུང་དུ་ཉེ་བར་ལེགས་པར་འགྲོ་བའོ། །ཉེ་བར་ལེགས་པར་ཕྱིན་པ་དེ་དག་རྣམས་ལ་གཞན་ཡང་འཐབ་བྲལ་བའི་བདག་པོ་དེས་འདི་ སྐད་ཅེས་སྨྲས་སོ། །མཆོད་རྟེན་འདིའི་ནང་དུ་ཡང་དེ་བཞིན་གཤེགས་པ་གསེར་ཐུབ་དེས་འཇིག་རྟེན་པ་རྣམས་ལ་ཕན་པ་དང ། འཇིག་རྟེན་ལ་བྱམས་ཤིང་རྗེས་སུ་བརྩེ་བར་གྱུར་པས་མི་རྟག་པ་ཉིད་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་བསྟན་པ་ཡིན་ལ། དེ་མངོན་སུམ་དུ་ལེགས་པར་མཐོང་ནས་ ཀྱང་ལྷ་ཁྱེད་རྣམས་ཐམས་ཅད་ཤིན་ཏུ་ཡིད་འབྱུང་བར་འགྱུར་བ་དང ། རྩིག་པ་འདི་དག་གི་ལོགས་ལ་གང་དག་དེ་བཞིན་གཤེགས་པ་དེས་བསྟན་ཅིང་སྤྲུལ་པ་མཛད་པ་རྣམས་ལ་རྟག་པར་རྒྱུན་དུ་བལྟ་བར་ཡང་གྱིས་ཤིག་།དེས་དེ་སྐད་ཅེས་སྨྲས་ནས་ལྷ་རྣམས་ཁྲིད་ནས་ མཆོད་རྟེན་དུ་ཞུགས་སོ། །མཆོད་རྟེན་དེ་ཡང་རྒྱར་དཔག་ཚད་བཅུ་པའོ། །མཆོད་རྟེན་དེའི་ནང་ན་ཡང་འདུས་བྱས་མ་ལུས་པ་མི་རྟག་པ་དང ། ཕུན་སུམ་ཚོགས་པ་རྣམས་རྒུད་པར་འགྱུར་བ་དང ། ལས་བདག་གིར་བྱ་བ་དང ། རང་དབང་མེད་པ་སྟེ། སོ་སོ་སོ་སོར་འགྲོ་བ་ལྔ་པོ་རྣམས་ཡོངས་སུ་སྤྲུལ་པ་ རྣམས་ཤིན་ཏུ་དྲི་མ་མེད་པ་གཟུགས་བརྙན་གྱི་གཟུགས་རྣམས་སོ་སོར་མཐོང་བ་ཡིན་ཏེ། མཆོད་རྟེན་གྱི་རྩིག་ལོགས་ལ་གཟུགས་དེ་དག་རྣམས་ཡོངས་སུ་རྫོགས་པ་དང་བཅས་པ་ཤིན་ཏུ་གསལ་བ་སོ་སོ་སོ་སོར་གྱུར་པ་དང ། རྣམ་པ་སྣ་ཚོགས་པར་གྱུར་པ་རྣམས་གསལ་བར་མཐོང་ ངོ ། །དེ་དག་རྣམས་ལས་ཡུལ་ཕྱོགས་གཅིག་ན་དམྱལ་བ་བརྒྱད་མཐོང་བ་ལ་འདི་ལྟ་སྟེ། ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པའི་དམྱལ་བ་རྣམས་སུ་ཡང་རབ་ཏུ་ལྟུང་ བར་འགྱུར་བའི་ལྷ་རྣམས་མངོན་པར་མཐོང་བ་ལ་རང་གི་ལས་ཀྱི་རླུང་གིས་རབ་ཏུ་ལྟུང་བར་གྱུར་པ་མགོ་བོ་ནི་ཐུར་ལ་རྐང་པ་ནི་གྱེན་ལ་བསྟན་པ། ཉེ་འཁོར་ཀུན་ནས་རབ་ཏུ་འབར་བའི་ལུས་ཅན་རྣམས་ཐམས་ཅད་དུ་ཀིང་ཤུ་ཀའི་ཤིང་འདྲ་བར་གྱུར་པ་དེ་སྲིད་དུ་མཐོང་བར་གྱུར་པ། 70-1-139a ལྷའི་རིས་ནས་དེ་སྲིད་དུ་འོག་ཏུ་རབ་ཏུ་ལྟུང་བར་གྱུར་པ། རྣམ་པར་ཁྲོས་པའི་ཡིད་ཀྱིས་ཀུན་ཏུ་ངུ་བར་བྱེད་པ། རང་གི་སེམས་ཀྱིས་ཡོངས་སུ་བསླུས་པ། ལེགས་པར་བྱས་པའི་ལས་རྣམས་ཡོངས་སུ་ཟད་པ། བག་མེད་པས་རྣམ་པར་རྒྱུ་བས་བསླུས་པར་ གྱུར་པ། བདེ་བའི་མཆོག་རྣམས་ལ་ལོངས་སྤྱད་ནས་སྡུག་བསྔལ་གྱི་མཆོག་ལ་ལོངས་སྤྱོད་པ་ལ་གཅིག་པུ་ཞིག་གྲོགས་དང་གཉེན་རྣམས་ཀྱིས་ཡོངས་སུ་སྤངས་ནས་སྐྱབས་མེད་པའི་དམྱལ་བར་ལྟུང་ངོ ། །འདི་ལ་དང་པོ་ཁོ་ནར་རེ་ཞིག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་རབ་ཏུ་ལྟུང་བར་ གྱུར་པ་རྣམས་མངོན་པར་མཐོང་སྟེ། དེ་དག་ལ་སྲོག་གཅོད་པ་ཡང་ཡོད་དེ། སྲོག་གཅོད་པའི་སྐྱོན་དང་མ་བྱིན་པར་ལེན་པས་ཀྱང་ངོ ། །ཇི་ལྟར་སྲོག་གཅོད་པར་བྱེད་པ་ཡིན་ན། རྒྱལ་ཆེན་རིས་བཞིའི་ལྷ་དེ་དག་རྣམས་ཡང་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་འཁྲུག་པ་ལ་སྲོག་གཅོད་པར་ བྱེད་དོ། །རྟག་ཏུ་ཡང་རྣམ་པར་རྒྱལ་བར་འགྱུར་ཏེ། ཅོད་པན་འཕྲོག་པ་དང་མཚོན་རྣམས་འཕེན་པར་བྱེད་དོ། །ལས་དུ་མའི་རྐྱེན་རྣམས་ཀྱིས་ཀྱང་སྟེ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའམ། ལས་གཞན་རྣམས་ཀྱིས་ཀྱང་ལྷ་རང་གི་སེམས་ཀྱིས་བསླུས་པ་རྣམས་ནི་ཅི་ནས་ ཀྱང་ལྟུང་བར་འགྱུར་རོ། །གང་གི་ཚེ་ལྷ་རྣམས་འཆི་འཕོ་བར་འགྱུར་བ་ན་ཕུང་པོ་རྣམས་འགག་པར་འགྱུར་རོ། །དེའི་ཚེ་ན་དམིགས་པ་རྣམས་འཇུག་པ་དང ། དམྱལ་བ་པ་རྣམས་ཀྱི་སྲིད་པ་བར་མ་དོར་རབ་ཏུ་འབྱུང་བར་འགྱུར་ཏེ། དེས་བདེ་བ་ལས་སྡུག་བསྔལ་ལ་མཚམས་སྦྱོར་བ་ཐོབ་ པར་འགྱུར་ན་འཁོར་བ་པ་གཞན་རྣམས་གང་དག་རྣམ་པ་དུ་མའི་སྒོ་ནས་དམྱལ་བར་སྐྱེ་བར་འགྱུར་བའི་ཟུག་གཟེར་གྱི་སྡུག་བསྔལ་དུ་གྱུར་པ་རྣམས་ལ་སྨོས་ཀྱང་ཅི་ཞིག་དགོས། དེ་ལ་ལས་ཆེན་པོ་འདིས་ཤིན་ཏུ་མནར་བ་གང་ཡིན་པའི་སེམས་ཅན་རྣམས་ལྷ་རྣམས་ནས་ཤི་འཕོས་ནས་དམྱལ་ བ་རྣམས་སུ་སྐྱེའོ། །དེ་ལྟར་ལྷ་དེ་དག་རྣམས་ཀྱིས་བཅོམ་ལྡན་འདས་དེས་སྤྲུལ་པ་གང་ཡིན་པའི་སྤྲུལ་པ་རྣམས་མཐོང་ངོ ། །གཞན་ཡང་ཡུལ་ཕྱོགས་གཞན་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལྷའི་འཇིག་རྟེན་ནས་ཤི་འཕོས་ནས་ཡི་དགས་སུ་སྐྱེས་པ་རྣམས་མཐོང་སྟེ། རྣམ་པ་དེ་སྲིད་ 70-1-139b ཀྱི་ཟས་བདེ་བ་དེ་དག་རྣམས་ལས་རྣམ་པ་དེ་སྲིད་ཀྱི་བཀྲེས་པ་དང་སྐོམ་པ་ཤིན་ཏུ་ཆེ་བའི་དགོན་པ་རྣམས་སུ་སྐྱེ་བར་འགྱུར་རོ། །རྣམ་པ་དེ་སྲིད་ཀྱི་གོས་རྣམས་ཀྱིས་བཀབ་པར་གྱུར་པའི་རྣམ་པ་དེ་སྲིད་ཀྱི་སྐྲས་གདོང་མི་མངོན་པ་མུན་པར་གྱུར་པར་ཀུན་ཏུ་སྐྱེད་དོ། །དེ་ནགས་ཀྱི་་ ཤིང་ད་བ་ཚིག་པ་དང་འདྲ་བར་གྱུར་ནས་ཁ་ཅིག་ནི་ཀུན་ནས་སྲེག་ལ། ཁ་ཅིག་ནི་རབ་ཏུ་འབར་བའི་ལྕགས་བསྲེགས་གཅལ་དུ་བཀྲམ་པའི་དགོན་པར་བཀྲེས་པ་དང་སྐོམ་པ་དག་གི་མྱ་ངན་གྱིས་གདུངས་པར་གྱུར་ཀྱང་བད་འབབ་པར་གྱུར་པའི་རླན་གྱི་ཚད་ཙམ་གྱི་ཆུ་ཡང་མི་རྙེད་ དོ། །ལྷའི་འཇིག་རྟེན་ལ་རྣམ་པར་རྒྱུ་བར་གྱུར་པ་ལས་ཤི་འཕོས་ནས་ཡི་དགས་ཀྱི་ས་གཞི་རྣམ་པ་སུམ་ཅུ་རྩ་དྲུག་ན་ཉེ་བར་འཚེད་པར་འགྱུར་བ་རྣམས་ལེགས་པར་མཐོང་ན་བྱ་རོག་དང ། འུག་པ་དང ། བྱ་རྒོད་རྣམས་ཀྱིས་ཁ་གདོང་དང་མིག་དག་ཀུན་ནས་ཟ་བ་རྣམས་མཐོང་བར་ འགྱུར་ཏེ། མནན་ན་ནེམ་པ་བཏེག་ན་འཕར་བས་རབ་ཏུ་ལྟེམ་པ། མཉེན་པ་ཤིན་ཏུ་འཇམ་པར་གྱུར་པའི་རྣམ་པ་དེ་སྲིད་ཀྱི་མཐོ་རིས་ཀྱི་ས་རྣམས་ལ་སྤྱད་ནས་སླར་ཡང་ཡི་དགས་ཀྱི་སྲིད་པར་སྐྱེ་བར་གྱུར་ནས་མེ་མ་མུར་བདུན་གྱིས་ཤིན་ཏུ་རྩུབ་པ་དང་ལྡན་པ། རྡོ་རྗེའི་མཆུ་ རྣམས་ཀྱིས་རྐོ་བར་བྱེད་པར་གྱུར་པ། རྩཝ་དཱུར་བའི་ཚེར་མ་རྒྱ་ཆེན་པོ་རྣམས་ཀྱིས་ཀུན་ནས་གང་བར་གྱུར་པ་མཐོང་ངོ ། །གཞན་ཡང་རྣམ་པ་དེ་སྲིད་ཀྱི་དྲི་རྣམས་བསྣམས་པར་གྱུར་པ་ལ་མན་དཱ་ར་བ་དང ། ཀུ་ཤེ་ཤ་ཀ་དང ། དྲིའི་འབྱུང་གནས་རྒྱ་ཆེན་པོར་གྱུར་པ་རྣམ་པ་བརྒྱ་སྟོང་ ཕྲག་དུ་མ་རྣམས་བསྣམས་ནས་ཕྱིས་ཡང་མི་གཙང་བ་རྣམ་པར་སྨེ་བར་གྱུར་པའི་བཤང་གཅི་དང་མི་རོའི་དཀྱིལ་དུ་དུར་ཁྲོད་ན་རྒྱུ་བའི་ཡི་དགས་སུ་གྱུར་ནས་རྣམ་པ་དུ་མ་དེ་སྲིད་ཀྱིས་མི་གཙང་བའི་དྲི་རྣམས་སྣོམ་པར་བྱེད་དོ། །དེ་དག་རྣམས་ཀྱི་སྣ་བུག་ན་ནི་རབ་ཏུ་འབར་བར་གྱུར་པའི་གྲོག་ མ་རྣམས་ཀྱིས་ཀུན་ཏུ་གང་བར་འགྱུར་ཏེ། ཡི་དགས་དེ་དག་རྣམས་ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེས་པར་གྱུར་པ་རྣམས་ལ་ཡིན་ནོ། །དེ་བཞིན་དུ་ཡང་སྔོན་གྱི་སྐྱེ་གནས་སུ་སྐྱེས་པ་རྣམས་རྣམ་པ་སྣ་ཚོགས་པའི་བདེ་བའི་ཡོ་བྱད་ཀྱི་ཟས་དག་འདོད་པར་གྱུར་པའི་མདོག་དང་། 70-1-140a རོ་དང ། དྲི་དང ། བདེ་བའི་རེག་པ་རྣམས་ཕུན་སུམ་ཚོགས་པར་གྱུར་པ་ལས། ཡང་ཕྱིས་ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེས་པ་རྣམས་ལ་ཐོ་བཙམས་པ་ལས་ཀྱང་ཐོ་བཙམས་པར་གྱུར་པའི་ཤིན་ཏུ་ཡང་མི་གཙང་བར་གྱུར་པ་རོ་དང་དྲི་རྣམས་བླ་ལྷག་པར་ དམན་པར་གྱུར་པ་ལ། གལ་ཏེ་ཤེད་ན་ལོ་བརྒྱ་ཕྲག་དུ་མའི་ཤིན་ཏུ་མི་གཙང་བའི་བཤང་བ་རྣམས་སོ། །ཡང་ན་ལུས་ཤིན་ཏུ་རིད་པར་གྱུར་པ་ཉིད་ཀྱིས་རྟུག་པ་རྣམས་ཟ་བར་བྱེད་པ་དེ་བཞིན་དུ་མཆོད་རྟེན་གྱི་ལོགས་ལ་མཐོང་བར་གྱུར་ལ་ལུས་ལ་ཡང་མཆོག་ཏུ་འཇམ་པར་གྱུར་ པ། མཆོག་ཏུ་སྲབ་པ། མ་བཏགས་པ། རིན་པོ་ཆེ་དུ་མས་ཉེ་བར་མཛེས་པར་གྱུར་པ། མཐོ་རིས་ཀྱི་རྗེས་སུ་འཐུན་པ་མཆོག་ཏུ་དགའ་བར་གྱུར་པའི་གོས་རྣམས་གྱོན་པར་གྱུར་པ་ན་ཡང་རླུང་གིས་བསྐྱོད་པ། མེ་ཏོག་སྣ་ཚོགས་པའི་ཀུ་སུ་མའི་དྲི་དང་ཡང་དག་པར་ལྡན་པ་ རྣམས་ལ་ཉེ་བར་བསྟེན་པར་བྱས་པའི་ལས་རྣམས་ཡོངས་སུ་ཟད་ནས། ཕྱིས་ཡང་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་ན་ཤིན་ཏུ་ཡང་གཅེར་བུར་གྱུར་པས་ལངས་པའི་ལུས་ཤིན་ཏུ་འཐུག་ཅིང་རྩུབ་པ། སེར་པོའི་སྐྲས་ཀུན་ཏུ་བཀབ་པའི་ལུས་ལ་སྲིན་བུ་བརྒྱ་སྟོང་གིས་བསྐོར་བར་ གྱུར་པ་དང་བཅས་པས་གང་བར་གྱུར་པ་རྣམས་ཀྱིས་རབ་རབ་ཀྲུམ་ཀྲུམ་ཟ་བ་བྱེད་པས་སྣུམ་ཁུར་འདྲ་བར་ཟ་བར་བྱེད་པའི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པའི་བཀྲེས་པ་དང ། སྐོམ་པས་བསྲེགས་པའི་ལུས་ཅན་རྣམས་ཉི་མ་རེ་རེ་ཞིང་ངུ་བ་མཆི་མ་འཛག་པས་ངུ་བར་བྱེད་པའི་བཞིན་ གྱིས་དུས་རིང་དུ་རྣམ་པ་དུ་མར་ཤིན་ཏུ་རྩུབ་པའི་ཡི་དགས་ཀྱི་སྡུག་བསྔལ་རྣམས་ཉེ་བར་ལོངས་སྤྱོད་པ་ཡིན་ཏེ། བག་མེད་པས་བསླུས་ནས་ལྷའི་འགྲོ་བ་ནས་ཡོངས་སུ་ཉམས་པར་གྱུར་པས་ཡི་དགས་ཀྱི་སྲིད་པར་སོང་བ་ཡིན་ནོ། །གཞན་ཡང་མཆོད་རྟེན་གྱི་རྩིག་ ལོགས་ཀྱི་ཡུལ་ཕྱོགས་གཞན་ཞིག་ན་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བའི་ལྷ་དང ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཆི་འཕོ་བར་གྱུར་པ་ན་དུད་འགྲོའི་སྐྱེ་གནས་པ་རྣམ་པ་དུ་མར་ཉེ་བར་སྐྱེ་བར་འགྱུར་བ་སྣ་ཚོགས་པའི་ཡུལ་དང ། ས་དང ། རིགས་རྣམས་དང་གནས་ 70-1-140b གསུམ་དུ་འགྲོ་བ་ལ་འདི་ལྟ་སྟེ།ཆུ་ན་ནི་ཆུ་ལ་རྒྱུ་བ་རྣམས་ཕན་ཚུན་ཟ་བར་གྱུར་པ་ཤིན་ཏུ་འཇིགས་པར་གྱུར་པའི་གྲང་བ་དང་ཚ་བས་བྱས་པའི་ཤིན་ཏུ་རྩུབ་པར་གྱུར་པའི་གནས་སྐབས་རྣམས་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པའོ། །ཐང་ལ་ནི་ཐང་ལ་འགྲོ་བ་རྣམས་ཉི་མའི་ འོད་ཀྱིས་བསྲེགས་པར་གྱུར་པས་ཡོངས་སུ་ཉམ་ཐག་པར་བྱེད་པའི་བཀྲེས་སྐོམ་གྱིས་ལུས་རྣམ་པར་བསྲེགས་པར་གྱུར་པ་རྣམས་ཕན་ཚུན་དུ་གསོད་ཅིང་འཆིང་བར་བྱེད་པའི་འཇིགས་པ་རྣམས་ཀྱིས་འཇིགས་པར་གྱུར་པ། མཆོག་ཏུ་སྡུག་བསྔལ་བར་གྱུར་པ་རྣམ་ པ་བརྒྱ་སྟོང་དུ་མའི་གནས་སྐབས་ཉེ་བར་ལོངས་སྤྱོད་པར་བྱེད་པ། མི་དགེ་བའི་ལས་རྣམས་ཀྱིས་ཡོངས་སུ་བསྐུལ་ནས་རྣམ་པ་དེ་སྲིད་དུ་ནགས་དང་ཉེ་བའི་ནགས་རྣམས་ན་དུད་འགྲོ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པ་རྣམས་བརྗོད་པར་སླ་བ་ཡང་མ་ཡིན་ནོ། ། དེ་བཞིན་དུ་ནམ་མཁའ་ལ་ཡང་ནམ་མཁའ་ལ་འགྲོ་བར་གྱུར་པའི་ཆེན་པོ་རྣམས་དང ། ཤིན་ཏུ་ཕྲ་བ་རྣམས་དང ། ཚོགས་པར་གྱུར་པ་དང ། ཚོགས་པ་མ་ཡིན་པ་རྣམས་ཀྱི་ལུས་ཅན་གྱི་བྱ་རྣམས་ཕན་ཚུན་དུ་གནོད་པ་བྱ་བར་སེམས་པས་བསྐྱེད་པའི་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་མི་བཟད་ པའི་གནས་སྐབས་རྣམས་ལ་ཉེ་བར་ལོངས་སྤྱོད་དེ། ལྷ་བག་མེད་པས་ཡོངས་སུ་བསླུས་ནས་དུད་འགྲོར་སྐྱེས་པར་གྱུར་པ་རྣམས་ཡིན་ནོ། །དེ་བཞིན་དུ་གཞན་གང་དག་མངོན་པར་བག་མེད་པས་ཉེ་བར་བཅོམ་པ་རྣམས་ལས་ཁྱད་པར་དུ་འཕགས་པ་དགེ་བའི་ལས་ཅན་དེ་དག་ རྣམས་ནི་ལྷའི་འཇིག་རྟེན་ནས་རབ་ཏུ་ཤི་འཕོས་ནས་མི་རྣམས་ཀྱི་འཇིག་རྟེན་དུ་སྐྱེས་པར་གྱུར་ནས་ལེགས་པར་བྱས་པའི་ལས་རྣམས་ཟད་པས་ཇི་ལྟ་བའི་དགེ་བའི་ལས་རྣམས་ལ་ལོངས་སྤྱོད་པར་བྱེད་དོ། །དགེ་བ་དང་མི་དགེ་བའི་ལས་རྣམས་ལ་ལོངས་སྤྱོད་པར་བྱེད་པས་མིའི་ འཇིག་རྟེན་དུ་སྐྱེས་པ་ནི་ཐམས་ཅད་ཉིད་ཀྱང་ཡོངས་སུ་ཚོལ་བའི་སྡུག་བསྔལ་དུ་བྱིང་བར་གྱུར་པ་དམན་པ་དང ། བར་མ་དང ། ཁྱད་དུ་འཕགས་པ་རྣམས་འབྱོར་པ་ཇི་ལྟ་བ་བཞིན་དུ་ཡུལ་དང་དུས་རྣམས་སུ་ཆོས་སྒྲུབ་པ་དང་རྗེས་སུ་འཐུན་པར་གྱུར་པའི་འཕེལ་བ་དང་འགྲིབ་པ་རྣམས་ 70-1-141a མཆོད་རྟེན་གྱི་རྩིག་ལོགས་ལ་གསལ་བར་མཐོང་བར་གྱུར་ཏོ། །དེ་ལ་གལ་ཏེ་ཤེད་ན་ལེགས་པར་བྱས་པའི་ལས་དེ་དག་རྣམས་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པའི་བསྙེན་གནས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ལས་བྱས་པར་ གྱུར་པ་མ་ཆད་པ། མ་གོལ་བ། མ་ཟགས་པ་དང ། བརྟན་པ་དང ། སེམས་ཀྱིས་ཤིན་ཏུ་ལེགས་པར་སྦྱངས་པའི་ལས་དེ་དག་རྣམས་སམ། གཞན་ཡང་ལས་རྣམ་པ་གསུམ་མཆོག་ཏུ་ཕལ་ཆེ་བའི་ལེགས་པར་བྱས་པའི་ལས་ཀྱིས་འཕངས་པ་ངེས་པར་འདོད་པའི་རྣམ་པར་སྨིན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་འཕངས་པར་གྱུར་པའམ། སེམས་ཅན་རྣམས་ལ་ཡང་མི་འཇིགས་པའི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་དག་གིས་འཕངས་པར་གྱུར་པའམ། གཞན་ཡང་དེ་དག་དང་རྗེས་སུ་འཐུན་པར་གྱུར་པ་རྣམས་ཀྱང་རུང་སྟེ། རྣམ་པ་འདི་ལྟ་བུ་དག་གིས་ ལེགས་པར་བྱས་པ་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱིས་བསྒོམས་པར་གྱུར་པའི་ཡིད་རབ་ཏུ་དང་བས་འཕངས་པར་གྱུར་པས་སམ། ལས་དེ་དག་རྣམས་ཀྱིས་ཀྱང་གཅིག་ཏུ་རབ་ཏུ་དང་བའི་ཡིད་ཀྱིས་ཕ་དང་མ་དག་ལའམ། སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་རབ་རྣམས་ལ་ ལེགས་པར་སྤྱད་ཅིང་ལེགས་པར་བྱས་པའི་ལས་རྣམས་སམ། དེ་ཡང་ན་ནད་པ་དང ། མགོན་མེད་པ་དང ། དབུལ་བ་རྣམས་དང ། ནད་ཀྱིས་ཉེ་བར་གཙེས་པ་རྣམས་ལ་སྨན་པ་དང ། སྨན་དང ། གཡོག་བྱེད་པ་དང་བྲལ་བ་རྣམས་ལ་དུས་ཡུན་རིང་དུ་ནད་ཀྱི་རྐྱེན་སྨན་དག་བྱིན་པས་ འཕངས་པར་གྱུར་པའམ། ཡང་ན་དེས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་སྤྱོད་པ་དང ། ཆང་འཐུང་བ་ལ་སོགས་པ་རྣམས་རྣམ་པར་སྤངས་པས་སམ། ཡང་ན་དེས་གཡང་ས་དང་དོང་རྣམས་ལས་འབྲོག་དགོན་པ་རྣམས་སུ་རྫིང་བུ་དང་ཆུ་མིག་རྣམས་རབ་ ཏུ་སྦྱིན་པའི་དགེ་བའི་ལས་ཀྱིས་འཕངས་པས་སམ། ཡང་ན་དེས་དཀོན་མཆོག་གསུམ་མཆོད་པ་དང ། ཕྱག་འཚལ་བ་ཐལ་མོ་སྦྱོར་བའི་ལས་ལེགས་པར་བྱས་པས་སམ། རྒྱ་ཆེན་པོར་འབར་བ་དང ། རྐང་དྲུག་གི་འཇིགས་པ་ཆེན་པོ་དང་བཅས་པ་དགོན་པ་རྣམས་དང ། གསོད་ 70-1-141b པར་གྱུར་པ་དང ། མཚོན་ཆའི་འཇིགས་པས་འཇིགས་པར་གྱུར་པ་རྣམས་ལ་རབ་ཏུ་མི་འཇིགས་པ་བྱིན་པས་སམ། ཡང་ན་དེས་རང་སངས་རྒྱས་རྣམས་དང་དགྲ་བཅོམ་པ་རྣམས་ལ་གནས་མལ་དང ། ནད་ཀྱི་རྐྱེན་སྨན་དང ། ཉེ་བར་མཁོ་བ་རྣམས་བྱིན་པས་སམ། དེས་ཡང་ན་ བུ་དང་བུ་མོ་རྣམས་ཡང་དག་པའི་བདེ་བས་ཡོངས་སུ་བསྐྱངས་པར་གྱུར་པས་སམ། མུ་གེའི་འཇིགས་པས་གཟིར་བའི་ཚོགས་རྣམས་ལ་ཡང་སྟེ། མཆོག་ཏུ་དགའ་བར་གྱུར་པ་མྱ་ངན་ལས་འདས་པ་མཐར་ཐུག་པར་བྱེད་པའི་ལས་དེ་དག་རྣམས་ནི་ཇི་ལྟར་བསྔོས་པའི་འབྲས་བུ་རྣམས་ འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་བྱང་ཆུབ་ཀྱི་བར་དུ་ཡང་འགྱུར་ན་ལྷའི་སྐྱེ་གནས་རྣམས་སུ་ལྟ་སྨོས་ཀྱང་ཅི་དགོས། དེ་གལ་ཏེ་ལྷ་རྣམས་ཉིད་དུ་སྐྱེ་བར་གྱུར་ན། དེ་ཡང་ལྷའི་སྐྱེ་གནས་ལས་ཉམས་ནས་སྐྱེ་གནས་འདིར་ཡང་སྐྱེ་བར་མཐོང་ངོ ། །དེ་ལྟར་སོང་བའི་ལྷ་དེ་དག་རྣམས་ཀྱིས་ རྣམ་པ་སྣ་ཚོགས་པའི་ལས་ཀྱི་དྲ་བར་རྒྱུ་དུ་མ་སྣ་ཚོགས་པའི་ཐག་པས་སྟེང་དུ་བཅིངས་པར་གྱུར་པ། སེམས་ཅན་དུ་མ་ཉེ་བར་བསྡུས་པའི་འཁོར་བར་སེམས་ཀྱི་འཁོར་ལོ་དེས་སེམས་ཅན་རྣམས་ངེས་པར་མནན་ཅིང་ཉེ་བར་སྦྲེལ་བར་གྱུར་པ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེ་ནས་ འཐབ་བྲལ་བའི་ལྷ་རྣམས་དང ། རྒྱལ་ཆེན་རིས་བཞི་པའི་དེ་དག་རྣམས་ཀྱི་ལྷ་རྣམས་འཆི་འཕོ་བ་དང་སྐྱེ་བའི་རང་བཞིན་གྱི་སྡུག་བསྔལ་ཆེན་པོ་རྣམ་པ་དུ་མར་གྱུར་པ་དེ་དག་རྣམས་མཐོང་སྟེ། གང་བཅོམ་ལྡན་འདས་གསེར་ཐུབ་དེས་སྤྲུལ་པ་རྣམས་མངོན་པར་མཐོང་བར་གྱུར་ནས་ སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་དེ་བཞིན་དུ་ལྟ་བར་བྱེད་དེ། དེ་ལ་ཅི་འདིར་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་སྡུག་བསྔལ་འདི་དག་རྣམས་ཇི་ལྟ་བ་ཁོ་ནར་མཆོད་རྟེན་གྱི་ལོགས་ལ་མཐོང་བ་ཡིན་ལ། དེ་ཁོ་ན་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཡང་ཡིན་ནོ། །དེ་ནས་རབ་ཏུ་ བལྟ་བར་བྱ་བའི་དོན་དུ་ལྷ་དེ་དག་རྣམས་ཡུལ་ཕྱོགས་གཞན་དུ་ཉེ་བར་འགྲོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བར་འཁོར་བའི་ཉོན་མོངས་པ་དང ། ལས་དང་སྐྱེ་བ་རྒྱ་ཆེ་བར་བརྒྱུད་མར་སྦྲེལ་བ་རྣམས་མཐོང་བར་གྱུར་པ་ལ་ལོངས་སྤྱོད་རྣམས་ 70-1-142a གཞན་འཕྲུལ་དབང་བྱེད་པ་རྣམས་དང ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཇི་ལྟར་པད་མ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པ། རང་གི་ལས་ལ་རྣམ་པར་སྤྱད་པ། དགེ་བ་དང ། མི་དགེ་བའི་ལས་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེ་དག་རྣམས་ ཇི་ལྟར་ལས་ལ་སྤྱོད་པ་ཡང་བདེ་བ་དང་བདེ་བ་མ་ཡིན་པ་རྣམས་ཀྱི་སྐལ་བ་ཅན་དུ་འགྱུར་ཏེ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང ། མི་རྣམས་ཀྱི་སྐྱེ་གནས་རྣམས་སུ་ལས་ཀྱི་ཞགས་པས་ཀུན་ནས་བཅིངས་ནས་སོ་སོ་ཐ་དད་པ་དུ་མར་རྣམ་པར་རྒྱུ་བ་ཡིན་ ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ལས་ཀྱི་རླུང་གིས་བསྐྱོད་ནས་འཁོར་བ་ན་ཀུན་ཏུ་འཁྱམ་པ་ཡིན་པའི་ཕྱིར་དང ། གང་ན་སྐྱེ་གནས་གསུམ་པ་རྣམས་ན་དམྱལ་བའི་ལས་ཀྱི་འབྲས་བུ་ལ་ཡོངས་སུ་ལོངས་མ་སྤྱད་པར་གྱུར་པ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ན། དེ་དག་ རྣམས་འགྲོ་བ་ལྔར་འགྲོ་བར་འགྱུར་བ་རྣམས་མཐོང་བ་ལ་ལྟ་སྨོས་ཀྱང་ཅི་དགོས། ལེགས་པར་བྱས་པའི་ལས་ཀྱི་ཞགས་པས་སྦྲེལ་དུ་ཟིན་ཀྱང ། དེ་དག་རྣམས་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ཚ་བ་ལ་སོགས་པའི་མནར་མེད་པ་ མ་གཏོགས་པའི་དམྱལ་བ་ཆེན་པོ་བདུན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །མནར་མེད་པའི་ལས་རྣམས་གང་ཡིན་པའི་རྒྱུ་རྣམས་ལྷ་རྣམས་ལ་མེད་པའི་རྒྱུ་འདིའི་ཕྱིར་ན་ལྷ་རྣམས་མནར་མེད་པ་པར་འགྱུར་བ་ནི་མ་ཡིན་ནོ། །དམྱལ་བ་བདུན་པོ་རྣམས་སུ་ནི་སྐྱེ་བར་འགྱུར་བ་ཡང་ཡིན་ནོ། ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡང་སོས་དེར་སྐྱེ་བར་མི་འགྱུར་བ་ཡང་མ་ཡིན་ཏེ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་སྲོག་གཅོད་པའི་ལས་རྣམས་ཀྱིས་སམ། ལྷ་དང་ལྷ་མ་ཡིན་རྣམས་ཀྱི་འཁྲུག་པས་གསོད་པའི་ལས་ཀྱིས་ཀྱང་རུང་སྟེ། ཡུལ་གྱི་ལས་ཀྱི་ས་རྣམས་ ལ་གནས་པའི་ལྷ་རྣམས་ཐམས་ཅད་ལ་ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡོད་ལ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང ། སུམ་ཅུ་རྩ་གསུམ་པ་རྣམས་ལ་ནི་ཤིན་ཏུ་ཕལ་ཆེ་བ་ཡིན་ལ། དེ་བཞིན་དུ་ལྷ་རྣམས་ཀྱི་གནས་གཞན་བཞི་པོ་གཞན་རྣམས་ན་ཡང་ཡིན་ནོ། ། 70-1-142b དེ་ལ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལས་ཀྱི་འགྲོས་ཕྲ་མོ་འདི་དག་རྣམས་ཡང་འཐབ་བྲལ་བ་རྣམས་ཀྱིས་ཤེས་པར་བྱེད་ལ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བས་བྱས་པའི་ལས་ཀྱི་འབྲས་བུ་རྣམས་ཡུལ་ཕྱོགས་འདིར་ཚོགས་པ་རྒྱུ་བ་ན་སྤྱོད་པའི་ལྷ་རྣམས་ ཀྱིས་མཐོང་ངོ ། །དགའ་བའི་ཚལ་དང ། ཡོངས་འདུ་དང ། རྩུབ་འགྱུར་དང ། ཤིང་རྟ་སྣ་ཚོགས་རྣམས་སུ་ཁང་བུར་རྩེད་མོ་རྩེ་བ་ལ་ཆེད་ཆེར་བྱེད་པར་འགྱུར་ཞིང་ཡུལ་རྣམས་ལ་ཡོངས་སུ་ལོངས་སྤྱོད་པས་ངོམས་པ་མེད་པ་རྣམས་ལེགས་པར་བྱས་པའི་ལས་ཟད་ནས་མེའི་ ཞགས་པས་ངེས་པར་བཅིངས་ནས་དམྱལ་བ་རྣམས་སུ་ལྟུང་ངོ ། །རྒྱུ་གང་དག་གིས་རྒྱལ་ཆེན་རིས་བཞི་པ་རྣམས་ལ་འགྱུར་བའི་ཟུག་གཟེར་དེ་དག་རྣམས་བཅུ་འགྱུར་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་འགྱུར་རོ། །རྒྱུ་གང་གིས་ཞེ་ན། འདི་ལྟ་སྟེ།ཁ་ན་མ་ཐོ་བ་གང་དང་ལྡན་པས་ལྷ་ ཡུལ་གྱི་བདེ་བ་རྣམས་ཕལ་ཆེ་བར་འགྱུར་བ་དེ་སྲིད་དུ་འབྲལ་བའི་སྡུག་བསྔལ་ཆེན་པོ་ཤིན་ཏུ་མི་བཟད་པར་འགྱུར་རོ། །ལས་རྣམས་ནི་དཔག་ཏུ་མེད་པའི་ཕྱིར་དང ། ཤིན་ཏུ་ཡང་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །ཇི་ལྟར་ལུས་འདི་ཉིད་ཀྱི་མིག་ལ་སོགས་པའི་གནས་གང་དག་ ཡིན་པ་རྣམས་ཤིན་ཏུ་གཞོན་ཤ་དང་ལྡན་པར་གྱུར་པ་རྣམས་ནི་ཆེས་གཞོན་ཤ་དང་ལྡན་པའི་ཕྱིར་ན་གཟེར་ཟུག་ཆེས་དེ་དག་རྣམས་ལ་ལྷག་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཁྱད་པར་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་ཆེས་ལྷག་པར་སྐྱེད་པ་ཡིན་ཞིང་དེ་ དག་རྣམས་ཡུལ་དེ་ཡོངས་སུ་བཏང་བས་བྱས་པའི་ཡིད་མི་བདེ་བ་རྣམས་ཀྱང་ཆེས་ལྷག་པར་འགྱུར་རོ། །ཡིད་དང་ལྷན་ཅིག་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ལ་གཉིས་པོ་འདི་དག་ལ་ནི་དཔེ་མེད་པ་ཡིན་ཏེ། བདེ་བ་དང ། སྡུག་བསྔལ་དག་གོ། །ལྷ་རྣམས་ཀྱི་བདེ་བ་དང ། དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་ལོ། །དེ་དེ་ལྟར་ལས་ཀྱི་ཞགས་པས་མནར་བས་མནར་བར་གྱུར་ནས་རབ་ཏུ་ལྟུང་བར་གྱུར་པས་རབ་ཏུ་ལྟུང་བ་རྣམས་རྣམ་པ་དུ་མར་ཤིན་ཏུ་མི་བཟད་པའི་ལྷང་ཀྱོག་གི་སྡུག་བསྔལ་རྣམས་ཁྱེར་བར་བྱེད་པ་མཆོད་རྟེན་གྱི་རྩིག་ལོགས་ལ་མཐོང་ངོ ། ། 70-1-143a དེ་ནས་ལྷ་དེ་དག་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པ་དེ་དག་རྣམས་རབ་ཏུ་ལྷུང་བར་གྱུར་ཅིང་རྣམ་པར་བཅོམ་པ་རྣམས་མཐོང་བས་མཆོག་ཏུ་ཡིད་ཟུག་གཟེར་དང་ལྡན་པར་འགྱུར་རོ། །གཞན་ཡང་སུམ་ཅུ་རྩ་གསུམ་པ་དེ་དག་ཉིད་ཡུལ་ཕྱོགས་གཞན་ཞིག་ན་ཡི་ དགས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་བ་རྣམས་མཐོང་བར་འགྱུར་ཏེ། དགའ་ཚལ་དང ། རྩུབ་འགྱུར་དང ། ཤིང་རྟ་སྣ་ཚོགས་དང ། ཡོངས་འདུ་སྟེ། དེ་དག་རྣམས་སུ་ཁྱོགས་གང་དག་སྟེན་པར་བྱེད་པ་ལྷ་རྫས་ཀྱི་བདུད་རྩིས་ཚིམ་པར་བྱེད་པ། མཆོག་ཏུ་སྐྱིད་པར་གྱུར་ནས་ཕྱིས་ཡང་ དེ་ལྟར་བཤང་བ་དང ། མི་རོ་མི་གཙང་བ་རྣམས་དང ། སྲིན་བུའི་རིགས་རྣམས་ཀྱིས་ཉམས་པར་གྱུར་པ་ཡིད་ཀྱིས་བསམ་དུ་མེད་པའི་སྡུག་བསྔལ་གྱི་མཆོག་རྣམས་དང་ལྡན་པས་ལུས་ལ་ཁྱབ་པར་གྱུར་པ་དེ་ལྟ་བུ་རྣམས་མཐོང་ངོ ། །ཚོགས་པ་རྒྱུ་བའི་ས་དག་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ ཀྱིས་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ལོག་པར་ལྟུང་བའི་གནས་སྐབས་སུ་གྱུར་པའི་ཡི་དགས་ཀྱི་སྐྱེ་གནས་དེ་དག་རྣམས་ལ་ཀུན་ཏུ་བལྟས་ནས་དུད་འགྲོའི་འགྲོ་བ་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷུང་བར་གྱུར་ནས་རྒྱ་མཚོ་ཆེན་པོར་ཉ་རྣམས་དང ། ཆུ་སྲིན་ དང ། མུ་ཏིག་དང ། སི་སུ་མཱ་ར་དང ། ཆུ་སྲིན་ན་ཀྲ་ལ་སོགས་པར་ཉེ་བར་སྐྱེ་བར་འགྱུར་བ་ན་ཕན་ཚུན་དུ་གསོད་པས་བྱས་པའི་ཀུན་ཏུ་བྲེད་པར་འགྱུར་བ། བཀྲེས་པ་དང་སྐོམ་པས་ལུས་ཤིན་ཏུ་བསྲེགས་པ། ཟུག་རྔུའི་མཆོག་རྣམ་པ་དུ་མ་ཀུན་ནས་འབབ་པར་འགྱུར་རོ། །དེ་བཞིན་དུ་ ནམ་མཁའ་ལ་དུད་འགྲོའི་འགྲོ་བ་གྲངས་མེད་པ་བྱ་ལ་སོགས་པ་ཕན་ཚུན་དུ་གནོད་པར་བྱེད་པས་བརྒྱལ་བར་གྱུར་པ། གསོད་པའི་མཐར་ཐུག་པའི་འཇིགས་པའི་གནས་སྐབས་རྣམས་སུ་གྱུར་པ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དེ་བཞིན་དུ་གང་འགའ་ཞིག་ཤིན་ཏུ་ལེགས་ པར་བྱས་པའི་ལས་དེས་ཀྱང་གྲོལ་བར་འགྱུར་བ་སྔར་བཞིན་ཏེ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཇི་ལྟ་བ་དེ་ཁོ་ན་བཞིན་དུའོ། །གལ་ཏེ་མི་རྣམས་སུ་སྐྱེ་བར་གྱུར་ན་ཡང་དེ་དག་རྣམས་ཀྱི་གཞན་ལ་མྱོང་བར་གྱུར་པའི་ལས་རྣལ་མ་རྣམས་ཡིན་གྱི་སྔ་ན་མེད་པ་ནི་མ་ཡིན་ནོ། །རིགས་ 70-1-143b འཐུན་པར་སྐྱེ་བར་འགྱུར་བས་བྱས་པ་དང ། སྐྱེ་བ་དང ། རབ་ཏུ་འབྲེལ་བའི་འཆི་བས་བྱས་པ་རྣམས་དང ། ལྷ་རྣམས་འཆི་འཕོ་བའི་དུས་ཀྱི་འབྲལ་བའི་སྡུག་བསྔལ་རྣམ་པ་དུ་མར་གྱུར་པ་གང་དག་ཡིན་པ་དེ་སྲིད་པ་དེ་དག་རྣམས་ཉིད་ཀྱང་བརྗོད་པར་སླ་བ་ཡང་མ་ཡིན་ན་གང་ ཡང་མངལ་གྱི་སྡུག་བསྔལ་ཉེ་བར་སྤྱོད་པ་རྣམས་ལྟ་ཅི་སྨོས།མིའི་འཇིག་རྟེན་དུ་སྐྱེས་པ་རྣམས་ལ་ཡང་གང་དག་བྱིས་པར་གྱུར་པ་ནས་རྟག་ཏུ་སྡུག་བསྔལ་བར་འགྱུར་ཏེ། གོག་པར་བྱེད་པ་དང ། སྨིན་པ་དང ། ཀུན་ཏུ་འགྲོ་བ་དང ། མ་རིག་པར་གྱུར་པ། རྩོད་པ་བྱེད་པ། དོན་དང་དོན་ མ་ཡིན་པ་ལ་རྣམ་པར་ཞེན་པ་དང ། ངུ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཡིན་ནོ། །དེ་དག་གི་ཡན་ལག་སོ་སོར་གྱེས་པ་རྣམས་ནི་བརྗོད་པར་སླ་བ་ཡང་མ་ཡིན་ནོ། །དེ་ལྟར་གཟུགས་བརྙན་ལྟ་བུར་གྱུར་པ་དེ་དག་རྣམས་ཐམས་ཅད་ཉིད་ཀྱང་ཚོགས་པ་རྒྱུ་བའི་སར་སྐྱེས་པའི་འཐབ་བྲལ་ གྱི་ལྷ་དེ་རྣམས་ཀྱི་མཆོད་རྟེན་གྱི་ལོགས་ལ་རབ་ཏུ་མཐོང་ངོ ། །རྣམ་པ་དུ་མ་རྣམས་སུ་ཤིན་ཏུ་སྡུག་བསྔལ་ཞིང་ཤིན་ཏུ་རྣམ་པ་སྣ་ཚོགས་པར་གྱུར་པའི་འཁོར་བའི་གར་མཁན་རྣམས་དེས་མཐོང་བར་གྱུར་ཅིང་རྣམ་པ་སྣ་ཚོགས་པ་ཆེས་ངོ་མཚར་བར་གྱུར་པ་རྣམས་མངོན་པར་མཐོང་ནས་ ལྷ་དེ་དག་རྣམས་ཤིན་ཏུ་ཡིད་བྱུང་བར་འགྱུར་ཏེ། མི་རྣམས་ནི་འགྲོ་བ་གཞན་དག་ཏུ་འགྱུར་བ་ལ་འདི་ལྟ་སྟེ། ལྷའི་འགྲོ་བར་རོ། །ལྷ་རྣམས་ཀྱང་མིའི་འགྲོ་བ་རྣམས་སུའོ། །དེ་ལ་གང་དག་བདེ་འགྲོར་སྐྱེས་པ་རྣམས་ཀྱི་གནས་སྐབས་ཀྱང་འདི་འདྲ་བར་འགྱུར་ན། ཅི་ཡང་ལས་ཀྱིས་མནར་ནས་ ངན་སོང་དུ་སོང་བར་གྱུར་པ་རྣམས་ཀྱི་གནས་སྐབས་ཅི་འདྲ་བར་འགྱུར། གཞན་ཡང་ཚོགས་པ་རྒྱུ་བའི་སར་སྐྱེས་པའི་འཐབ་བྲལ་བའི་ལྷ་དེ་དག་རྣམས་ཀྱིས་རྩིག་པའི་ལོགས་དེ་དག་ཉིད་ལ་ལས་རྣམས་མཐོང་བར་གྱུར་པ་ནི་ཆོས་བཟངས་ན་གནས་པའི་ལྷ་རྣམས་འཆི་འཕོ་བར་འགྱུར་ བ་སྟེ། ཇི་ལྟ་བར་ལས་ཀྱི་དབང་གིས་འགྲོ་བ་རྣམས། འགྲོ་བ་ལྔར་སྐྱེ་བར་འགྱུར་བའོ། །འཆི་འཕོ་བར་འགྱུར་བའི་ལྷ་དེ་དག་རྣམས་ཀྱིས་གལ་ཏེ་ཤེད་ན་གང་དག་ཏུ་གང་ཞིག་བྱས་པའི་ལས་རྣམས་ཀྱི་རྐྱེན་གྱིས་འགྱུར་བ་རྣམས་སྔར་བཤད་པ་བཞིན་ནོ། །གལ་ཏེ་ལྷ་རྣམས་ཉིད་ 70-1-144a ལས་ཤི་འཕོས་ནས་ལྷ་རྣམས་ཉིད་དུ་སྐྱེས་ན། དེ་ན་གནས་པ་ཉིད་ན་སྡུག་བསྔལ་ཡིན་ནོ། །འདི་ལྟ་སྟེ། འཆི་འཕོ་བ་དང་སྐྱེ་བས་བྱས་པ་རྣམས་དང ། རྣམ་པར་བྲལ་བར་བྱས་པས་རྣམས་དང ། འཆི་འཕོ་བའི་འཇིགས་པས་རྣམས་ཀྱང་སྟེ། འཆི་བས་བྱས་པའི་ སྡུག་བསྔལ་རྣམས་ནི་ཆེ་བ་དང ། རྣམ་པ་ཡང་མང་བ་ཡིན་ནོ། །དེ་དག་རྣམས་བཞིན་དུ་འཆི་འཕོ་བའི་འཇིགས་པ་རྣམ་པ་དུ་མ་རྣམས་དང ། འཆི་འཕོ་བ་རྣམས་ཀྱང་ཡང་དག་པར་མངོན་པར་མཐོང་ནས་གཞན་ཡང་ཡུལ་ཕྱོགས་གཞན་རྣམས་སུ་ཀུན་ཏུ་ལྟ་བར་བྱེད་དོ། །ཇི་སྲིད་དུ་རྩིག་ པ་དེ་ཉིད་ཀྱི་ལོགས་ལ་བརྒྱ་བྱིན་འཆི་འཕོ་བར་གྱུར་པ་ལྷ་རྫས་ཀྱི་ཕྲེང་བ་མཆོག་དང་ལྡན་པ་འོད་འབར་བར་གྱུར་པའི་རྣ་རྒྱན་བཅུག་པ། འདོད་པ་ལྔའི་ཕུན་སུམ་ཚོགས་པ་དཔེ་མེད་པར་གྱུར་པའི་བདེ་བ་རྣམས་དང་རྣམ་པར་བྲལ་བར་གྱུར་པ། རང་གི་ལས་ཀྱིས་དབང་གིས་ཡང་འགྲོ་ བར་འགྱུར་བ་བག་མེད་པ་ལ་ཞུགས་པར་གྱུར་པའི་དབང་གིས་ངན་སོང་གི་ས་རྣམས་ཁྱབ་པར་གྱུར་པར་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་གནས་རྣམས་སུ་ལྟུང་བར་གྱུར་པ་རྣམས་མཐོང་ངོ ། །རང་གིས་བྱས་པའི་ལས་ཀྱིས་ཏེ། དེ་ལ་དབང་པོའི་མིང་ནི་འདི་དག་ རྣམས་ཡིན་ཏེ། དེ་ལ་སུམ་ཅུ་རྩ་གསུམ་ན་གནས་པའི་དབང་པོ་རྣམས་འཆི་འཕོ་བའི་མིང་ནི་འདི་དག་རྣམས་ཡིན་ཏེ། འདི་ལྟར་འོད་དང་ལྡན་པ་ཞེས་བྱ་བའི་བརྒྱ་བྱིན་གྱིས་ལྷ་ཡུལ་གྱི་རྒྱལ་པོ་བྱས་ནས་རང་གི་ལས་ཀྱི་བསོད་ནམས་ཟད་པར་གྱུར་ནས་རྒྱ་མཚོར་ཆུ་སྲིན་གྱི་སྐྱེ་གནས་སུ་ སྐྱེས་སོ། །དེས་ཀྱང་མིར་གྱུར་པ་ན་བྱ་བར་གྱུར་ཏེ། སྲོག་ཆགས་མང་པོ་རྣམས་བསད་པར་གྱུར་པའི་ཕྱིར་དང ། སངས་རྒྱས་ལ་ཕྱག་ཀྱང་བྱས་པར་འགྱུར་རོ། །དེ་ཕྱག་བྱས་པར་གྱུར་པ་དེའི་རྒྱུས་དེ་དབང་པོར་གྱུར་ཏོ། །དེ་ཟད་པའི་ཕྱི་ནས་ཡང་སྲོག་གཅོད་པའི་སྡིག་པའི་ལྷག་ མ་རྣམས་ཀྱིས་སླར་ཡང་དུད་འགྲོར་སྐྱེས་སོ། །དབང་པོར་གྱུར་པ་ན་དེས་ལེགས་པའི་ལས་བྱས་པ་ནད་པ་རྣམས་དང ། མགོན་མེད་པ་རྣམས་དང ། དགེ་སློང་དག་ལ་ཡང་བསོད་སྙོམས་རབ་ཏུ་དང་བའི་ཡིད་ཀྱིས་བྱིན་པ་དེའི་རྒྱུས་སུམ་ཅུ་རྩ་གསུམ་གྱི་དབང་པོར་གྱུར་ཏོ། །སླར་ཡང་ 70-1-144b དེ་ཟད་ནས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཉེས་པར་བྱས་པས་ཀྲི་ཀ་ལཱ་ཤར་སྐྱེས་སོ། །དེས་སྐྱེ་བ་གཞན་གང་ཡང་རུང་བ་ཞིག་ཏུ་ལོག་པར་ལྟ་བས་ཉམས་པར་གྱུར་པས་ཀྲི་ཀ་ལཱ་ཤ་མཆོད་སྦྱིན་དུ་བསྲེགས་སོ། །དེ་རྒྱུ་དེ་དང་རྐྱེན་དེས་དམྱལ་བར་སྐྱེས་སོ། །དེའི་ ལྷག་མ་རྣམས་ཀྱིས་སླར་ཡང་ཀྲི་ཀ་ལཱ་ཤའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ། །དེའི་རྗེས་ལ་ལྷ་རྫས་ཀྱི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱད་ནས། རབ་ཏུ་གསལ་བ་ཞེས་བྱ་བའི་དབང་པོ་གཞན་འཆི་འཕོ་བར་གྱུར་ནས་རབ་ཏུ་ལྟུང་བར་འགྱུར་བ་མཐོང་བ་ལ་དེས་མ་དང་ཕ་དག་ནད་པར་ གྱུར་པའི་གཡོག་བྱས་སོ། །རྒྱུ་དེས་དེ་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་དང་ལྡན་པའི་དབང་པོར་ལེགས་པར་སྐྱེས་སོ། །ཡང་ལས་དེ་ཟད་ནས་ཡི་དགས་སུ་སྐྱེས་སོ། །དེས་སྐྱེ་བ་གཞན་གང་ཡང་རུང་བ་དག་ཏུ་དགོན་པར་ཤིན་ཏུ་མི་རིགས་པ་ཆེན་པོས་འབྲུ་བཙོངས་ནས་བསླུས་པར་ གྱུར་པ་གང་ཡིན་པ་དང ། ཡིད་ཀྱིས་ཀྱང་སླར་ཡང་དེ་བཞིན་དུ་མུ་གེ་དྲག་པོ་བསམས་པར་གྱུར་ཏོ། །དེ་རྒྱུ་དེ་དག་རྣམས་ཀྱིས་དམྱལ་བ་ཐིག་ནག་ཏུ་སྐྱེས་སོ། །དེའི་ལྷག་མ་རྣམས་ཀྱིས་ཀྱང་ཡི་དགས་ཁབ་ཀྱི་མགྲིན་པ་ལྟ་བུར་སྐྱེས་སོ། །གཞན་ཡང་འཐབ་བྲལ་གྱི་ལྷ་དེ་ རྣམས་ཉིད་ཀྱིས་མཐོང་བར་གྱུར་པ་རྣམས་ལས་གཞན་པ་རྣམ་པ་དུ་མར་གྱུར་པའི་འཁོར་བའི་སྡུག་བསྔལ་རྣམ་པ་མང་པོ་རྣམས་ཤིན་ཏུ་ལེགས་པར་སྐྱེས་པའི་ཡིད་ཀྱིས་མཐོང་བར་གྱུར་པ་ལས་ཇི་སྲིད་དུ་འཐུན་པར་བྱེད་པ་ཞེས་བྱ་བའི་བརྒྱ་བྱིན་མཐོ་རིས་ནས་རབ་ཏུ་འཆི་འཕོས་ནས་ཕག་ མོའི་སྐྱེ་གནས་སུ་སྐྱེས་པར་གྱུར་པ་མཐོང་ངོ ། །དེའི་ལེགས་པར་བྱས་པའི་ལས་རྣམས་ཀྱང་མཐོང་སྟེ།གང་བརྒྱ་བྱིན་དུ་སྐྱེས་པར་གྱུར་པ་དེས་སྐྱེ་བ་གཞན་གང་དག་ཏུ་ཤིན་ཏུ་ང་རྒྱལ་ཅན་གྱི་བྲམ་ཟེ་ལོག་པར་ལྟ་བའི་མཆོག་གིས་ཉེ་བར་སྨྲས་པར་གྱུར་པ་ལ་འཐུན་པར་སྨྲས་ནས་ ཟས་དང་སྨན་དག་བྱིན་ནོ། །སྲོག་གཅོད་པ་ལས་ཀྱང་བསླབ་པའི་གཞི་བླངས་པར་གྱུར་ཏོ། །རྒྱུ་དེ་དག་དང ། རྐྱེན་དེ་དག་དང ། གཞི་དེ་དག་ལས་དེ་ལུས་ཞིག་པ་ན་མཐོ་རིས་བདེ་འགྲོ་སུམ་ཅུ་རྩ་གསུམ་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལས་དེ་དག་རྣམས་ཡོངས་སུ་ 70-1-145a ཟད་ཅིང་ཉམས་པར་གྱུར་ནས་ཕག་གི་མངལ་དུ་སྐྱེས་སོ། །དེའི་ལེགས་པར་བྱས་པའི་ལས་རྣམས་ནི་གང་དག་ཡིན་ཞིང་ལེགས་པར་བྱས་པའི་ལས་ཀྱིས་ཀྱང་དེར་སྐྱེས་པ་དང ། མིང་ཡང་ཅིར་བཏགས་ཞེ་ན། སུ་མ་ནྱུམ་ཞེས་བྱ་བའི་དབང་པོ་དེས་སྐྱེ་བ་ གཞན་གང་ཡང་རུང་བ་ཞིག་ལ་གཞན་གང་ཡང་རུང་བ་ཞིག་སེང་གེའི་ལག་ཏུ་སོང་ཞིང་སྲོག་ཐེ་ཙོམ་དུ་གྱུར་པ་ལ་སྙིང་རྗེའི་སྣོད་དུ་གྱུར་པའི་ཡིད་ཀྱིས་རབ་ཏུ་གྲོལ་བར་བྱས་ནས་དུས་ཕལ་པོ་ཆེར་ཟས་དང་སྐོམ་རྣམས་ཀྱིས་ལེགས་པར་གསོས་པར་གྱུར་པ་དེ་རྒྱུ་དང་རྐྱེན་དེས་སུ་མ་ནྱུམ་ཞེས་ བྱ་བའི་དབང་པོར་གྱུར་ཏོ། །དེ་ལས་ཀྱང་འཕོས་ནས་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེས་སྐྱེ་བ་གཞན་ཞིག་ལ་རྒྱལ་པོའི་ནང་དུ་སོང་བར་གྱུར་པ་ན་བརྫུན་དུ་སྨྲས་པའི་རྒྱུ་དེ་དང་རྐྱེན་དེ་དག་རྣམས་ཀྱིས་དམྱལ་བར་སྐྱེས་སོ། །དེ་འཆི་འཕོས་པར་གྱུར་ནས་སྤྲུལ་པའི་བརྒྱ་བྱིན་ཞེས་ བྱ་བ་དབང་པོ་གཞན་མཐོང་བར་གྱུར་ཏོ། །དེའི་ཡང་ལེགས་པར་བྱས་པའི་ལས་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་པ་ལ་ཤེས་རབ་ཅན་དེས་མཉམ་པར་བྱས་ནས་མཆོད་སྦྱིན་གྱི་གནས་སུ་བླ་མ་རྣམས་ལ་སྦྱིན་པ་བྱིན་ནོ། །དེ་རྒྱུ་དེས་ཀཽ་ཤི་ཀ་ཞེས་བྱ་བའི་དབང་པོར་གྱུར་ཏོ། །གཞན་དུ་ ཡང་འདིས་ལེགས་པར་བྱས་པའི་ལས་རྣམས་མང་དུ་བྱས་ཏེ། དེ་ལས་དེ་དག་རྣམས་ཀྱི་རྐྱེན་གྱིས་དབང་པོར་འབྱུང་བར་འགྱུར་ཏེ་རིགས་གཉིས་པའི་དབང་པོའོ། །སླར་ཡང་སྟན་དེ་ཉིད་ལ་དབང་པོར་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་མཐུས་དེ་ངན་ འགྲོ་རྣམས་སུ་འགྲོ་བར་འགྱུར་བར་མ་མཐོང་ངོ ། །ལྷ་ལས་འཆི་འཕོས་ནས་མིར་སྐྱེ་བར་འགྱུར་རོ། །འདི་ནི་ལན་བདུན་བསྐོར་བ་ཡིན་གྱི་དེའི་འགྲོ་བ་འདི་དག་ལས་མེད་པ་ཡིན་པར་མཆོད་རྟེན་གྱི་ལོགས་དེ་ལ་འཐབ་བྲལ་གྱི་ལྷ་རྣམས་ཀྱིས་མཐོང་ངོ ། །དེ་ནས་དེ་དག་རྣམས་ མཆོག་ཏུ་ངོ་མཚར་བ་སྐྱེས་པར་གྱུར་པ་ཡིན་ནོ། །བརྒྱ་བྱིན་དེ་དག་རྣམས་ཐམས་ཅད་ལྷག་མ་མ་ལུས་པའི་འགྲོ་བ་མཆོད་རྟེན་འདིའི་རྩིག་པ་ལ་མཐོང་བ་ལ་ཀཽ་ཤི་ཀ་གཅིག་པུའི་ངན་འགྲོ་མ་དམིགས་སོ། །འདིའི་རྒྱུ་ཅི་ཞིག་ཡིན་ན། དེ་ནས་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ཐམས་ཅད་ 70-1-145b འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་དེ་ལ་ལྟའོ། །ཇི་ལྟར་དབང་པོ་དེ་དག་རྣམས་ཐམས་ཅད་ལྷག་མ་མ་ལུས་པ་རྣམས་ཀྱི་ཡང་ངན་སོང་དུ་འགྲོ་བའི་འགྲོ་བ་གཞན་རྣམས་མཐོང་བ་ལ་ཀཽ་ཤི་ཀ་ལ་ནི་སྐྱེ་བ་བདུན་གྱི་མཐར་ཐུག་པར་མཐོང་ངོ ། །བརྒྱད་པ་ནི་ཡོངས་སུ་ཤེས་པ་མ་ཡིན་ ནོ། །དེ་ལ་འདིའི་རྒྱུ་ནི་ཅི་ཡིན། རྐྱེན་ནི་ཅི་ཞིག་ཡིན། གླེང་གཞི་ནི་གང་ཡིན། དེ་ནས་ལྷ་དེ་རྣམས་ཀྱི་དྲུང་ནས་ཉེ་བར་ཐོས་པར་གྱུར་པ་དང ། འཐབ་བྲལ་གྱི་མངའ་བདག་དེས་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདིའི་འགྲོ་བ་གང་འབྱུང་བར་འགྱུར་བ་དང ། རྒྱུ་འདི་དག་རྣམས་ ཀྱིས་ཡིན་པ་དེ་དག་རྣམས་ཉོན་ཅིག་དང ། བདག་གིས་ཁྱེད་ཅག་རྣམས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་རབ་ཏུ་བསྟན་པར་བྱ་ཞིང་དམ་པའི་ཆོས་ཀྱང་བཤད་པར་བྱའོ། །རྒྱུ་གང་གིས་དེ་དག་ཐམས་ཅད་འབྱུང་བ་བག་མེད་པས་བག་མེད་པར་གནས་པས་ལྷ་རྫས་ཀྱི་ འདོད་པས་ཀུན་ཏུ་རྨོངས་པས་དམ་པའི་ཆོས་ངོ་མཚར་བ་རྣམས་ཇི་ལྟ་བ་བཞིན་དུ་མི་ཉན་ནོ། །དེས་ན་བདག་གིས་ཁྱེད་རྣམས་ཉིད་ལ་ཕན་པའི་དོན་དུ་དང ། བདག་ཉིད་མཆོད་རྟེན་ལ་འཇུག་པའི་རྒྱུ་མཚན་དུ་ཁེངས་པ་ལ་སོ་སོར་བརྟག་པར་བྱའོ། །ཀྱེ་བག་མེད་པར་མ་བྱེད། སྐྱེ་བ་ སྐྱེས་པ་དོན་མེད་པར་བསྐྱལ་བར་གྱུར་ཏ་རེ། ཕྱི་ནས་འགྱོད་པར་འགྱུར་བར་མ་བྱེད་ཅིག་།འཆི་བའི་ཡུལ་དང་དུས་ཀུན་ནས་ཉེ་བར་གནས་པར་གྱུར་པའི་རྒྱུ་གཉིས་ཀྱི་དངོས་པོ་གཉིས་ཡིན་པར་བདག་གིས་ཐོས་ཏེ་རྒྱུ་གང་གིས་ཀཽ་ཤི་ཀ་འདི་རིགས་གཉིས་པར་སྐྱེ་བར་འགྱུར་བ་རབ་ཏུ་ མཐོང་བ་དང ། འདི་ལ་ལོག་པར་ལྟུང་བ་ཡང་འབྱུང་བར་མི་འགྱུར་བ་དང ། མཆོད་རྟེན་གྱི་ལོགས་ལ་སྐྱེ་བ་བརྒྱད་པ་ཡང་མ་མཐོང་བ་ནི་ཀཽ་ཤི་ཀ་འདི་སྔོན་བག་མེད་པས་བག་མེད་པར་རྒྱུ་བར་གྱུར་པའི་བག་མེད་པས་རྒྱུ་བའི་ཕྱིར་ན་སྐྱེ་བ་ཐམས་ཅད་འདས་པར་གྱུར་ནས། ལེགས་པར་བྱས་ པའི་ལས་རྣམས་ཟད་པ་གོ་བར་བྱེད་པའི་འཆི་འཕོ་བའི་རྟགས་རྣམས་འདི་ལ་ཉེ་བར་བྱུང་ནས་གནས་པ་ན། ཡང་དགེ་བའི་བཤེས་གཉེན་གྱིས་ཉེ་བར་གནས་བཞིན་པ་དེ་དག་རྣམས་ཀྱང་རིག་པར་བྱས་ཏེ། ཀཽ་ཤི་ཀ་འཆི་འཕོ་བའི་མཚན་མ་བར་དུ་གཅོད་པར་བྱེད་པ་དེ་དག་འབྱུང་བར་འགྱུར་ 70-1-146a གྱིས་བདེ་ལེགས་ལ་ཡིད་ཞོག་ཅིག་ཅེས་དེ་སྐད་བརྗོད་པ་དང ། ཀཽ་ཤི་ཀས་འདི་སྐད་བརྗོད་དེ། བདག་གི་རྐང་པ་པད་མ་འདི་དག་ལས་དང་བདག་གི་སྟན་ལས་འཆི་འཕོ་བར་མི་འགྱུར་བའི་ལས་ཇི་ལྟ་བུ་ཡིན། དེ་སྐད་སྨྲས་པ་དང ། དྲང་སྲོང་གིས་ཀཽ་ཤི་ཀ་དེ་ལ་འདི་ སྐད་ཅེས་བརྗོད་དེ། ཇི་ལྟ་བར་ཉོན་དང་ཐབས་གང་གིས་ཀཽ་ཤི་ཀ་ཁྱོད་བདག་ཅག་རང་གི་སྟན་ལས་འཕོ་བར་མི་འགྱུར་བ་ནི་ཤཱཀྱ་ཐུབ་པ་འདི་དྲང་སྲོང་བུ་རམ་ཤིང་བའི་རིགས་ལས་སྐྱེས་པར་གྱུར་ཏེ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཁོར་བ་ཐམས་ཅད་ཀྱི་ལས་ དང་འབྲས་བུའི་དབང་པོར་གྱུར་པ། སེམས་ཅན་ཐམས་ཅད་ལ་ལམ་དམ་པ་ཉེ་བར་སྟོན་པ་པོ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་དེས་གང་གིས་བདག་ཅག་གི་སྟན་ལས་འཕོ་བར་མི་འགྱུར་བའི་ཆོས་དེ་དག་རྣམས་དེས་སྟོན་པར་འགྱུར་རོ། །དེ་ནས་དེའི་དྲུང་ནས་ཀཽ་ཤི་ཀ་རིངས་པ་དང་ བཅས་པར་གང་ན་འཛམ་བུའི་གླིང་ཡོད་པ་དེར་བཅོམ་ལྡན་འདས་དེའི་དྲུང་དུ་ཆོས་ཉན་འདོད་པར་གྱུར་པས་ལེགས་པར་ཉེ་བར་སོང་ངོ ། །དེ་ནས་ཀཽ་ཤི་ཀ་དེས་བཅོམ་ལྡན་འདས་མིག་གཅིག་ཏུ་གྱུར་པ་ལམ་དམ་པ་སྟོན་པ་པོས་ཆོས་སྟོན་པར་གྱུར་པ་མཐོང་སྟེ། བདེ་ལེགས་སུ་གྱུར་ པ། ཐབས་སུ་གྱུར་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལེགས་པར་སྟོན་པ་པོ། དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བའི་ཆོས་རྣམས་སྟོན་པར་མཛད་པ་ལ་འདི་ལྟ་སྟེ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་སྡུག་བསྔལ་ཀུན་ཏུ་འགགས་པ་རྣམ་པར་འགྱུར་བའི་དབང་དུ་བྱས་པ་རྣམས་ལྷ་རྣམས་ཀྱིས་ཀྱང་ཐོས་པར་འཕགས་པའི་བདེན་པ་བཞི་སྟོན་པར་མཛད་དེ། སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང་ལམ་མོ། །དེ་ ནས་ཀཽ་ཤི་ཀ་དེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དྲིས་པ། ཀྱེ་གཽ་ཏ་མ་ལགས་འདིར་བདག་ཅག་གི་བདག་ལ་བར་ཆད་རབ་ཏུ་འབྱུང་བར་འགྱུར་བ་འཆི་འཕོ་བའི་རྟགས་རྣམས་བྱུང་བར་གྱུར་ལ། བདག་གི་བར་ཆད་རྣམས་ཞེས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ 70-1-146b དེས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཇི་ལྟ་བ་བཞིན་དུ་གོ་བར་གྱིས་ཤིག་།རྒྱུ་མཚན་དང་རྒྱུ་མཚན་མ་ཡིན་པ་རྣམས་རབ་ཏུ་འབྱུང་བར་འགྱུར་ཞིང་ཚེ་ཕ་རོལ་དེ་དག་རབ་ཏུ་འབྱུང་བར་འགྱུར་བ་ནི་བག་མེད་པ་བག་མེད་པར་རྒྱུ་བས་ལེགས་པར་བྱས་པའི་ལས་ རྣམས་ཟད་པར་གྱུར་པ། ལུས་སྲེད་པའི་དབང་དུ་སོང་བ་དེ་དག་རྣམས་ནི་ཤིན་ཏུ་གཞན་དུ་འགྲོ་བར་བྱ་དགོས་པ་ཡིན་ཏེ། འཁོར་བའི་དགོན་པ་ཆེན་པོ་འདི་དག་གི་ཕ་རོལ་ཐོབ་པར་དཀའ་བ་དུས་ཐམས་ཅད་དུ་སྐྱེ་བོ་རྣམས་ཀྱི་མངའ་བདག་ཏུ་གྱུར་པའི་སྐྱེ་བ་དང ། རྒ་བ་དང ། ན་བ་ དང ། འཆི་བ་དང་།མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་རྣམས་དང ། མི་སྡུག་པ་རྣམས་དང་ཕྲད་པ་དང ། སྡུག་པ་རྣམས་དང་བྲལ་བ། གཅན་གཟན་ཁྲོ་བོ་དང ། སེང་གེའི་འཇིགས་པའི་ཉེས་པ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ། ཉི་མའི་གདུང་བས་སྲེག་པར་བྱེད་པ། གཏི་མུག་གི་མུ་ནག་གིས་མུན་པར་གྱུར་ཅིང་ཀུན་ལ་ཆགས་པ་སྐྱེ་བས་ཉེ་བར་འཚེ་བར་གྱུར་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིན་ཏེ། སྲེད་པའི་རི་དགས་ཀྱིས་ཀུན་ནས་གང་བར་གྱུར་པ་དེའི་གྲོགས་སུ་གྱུར་པ་ཀུན་ཏུ་རྟོག་པ་བརྒྱ་སྟོང་གི་ཤིང་གིས་ཀུན་ ནས་གང་བར་གྱུར་པ་ལ་དམ་པའི་ཆོས་སྐྱེས་པར་གྱུར་པའི་ཆུ་དང་བྲལ་བ། ལེགས་པར་རྣམ་པར་འཆད་པའི་དགེ་བའི་བཤེས་གཉེན་ལམ་སྟོན་པར་བྱེད་པ་རྣམས་དང་བྲལ་བ། ལྟ་བ་ངན་པ་དུ་མ་མུ་སྟེགས་ཅན་གྱི་འདོད་པའི་ལམ་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་རྒྱ་ཆེ་བར་ གྱུར་པ། འགྲོ་བ་ལྔ་སྙིང་པོ་དང་བྲལ་བའི་མུན་པའི་སྡུག་བསྔལ་རྒྱ་ཆེ་བའི་འཁོར་བའི་དགོན་པ་འདི་ལ་ཀཽ་ཤི་ཀ་འཁོར་བ་ལས་ཁྱོད་ཡིད་མི་འབྱུང་ངམ། འདོད་པས་རྨོངས་པ་རྣམས་དེས་གཞན་དུ་འགྲོ་བར་བྱ་དགོས་པ་ཡིན་ཞིང ། དེའི་སྐྱེ་བ་དེ་དག་དང་ཡང་འབྲལ་བར་འགྱུར་བ་ཡིན་ ན། དེ་དག་རྣམས་ཀྱི་སྡོམ་པ་དང་སྐྱེ་བས་ཀྱང་ཅི་ཞིག་བྱ། དེ་དག་རྣམས་ཀྱི་དཀའ་ཐུབ་ཀྱིས་ཀྱང་ཅི་བྱེད་པར་འགྱུར་ན་འདོད་པ་རྣམས་འཆི་འཕོ་བའི་དུས་ན་འོང་བར་འགྱུར་རམ་ཁྱོད་ནི་གཞན་དག་ཏུ་འགྲོ་བར་བྱ་དགོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། ཀཽ་ཤི་ཀས་བཅོམ་ལྡན་ 70-1-147a འདས་དེ་ལ་ཆོས་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། ཅོད་པན་འདུད་པར་གྱུར་པས་མགོ་བོས་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་ནས་དྲིས་སོ། །བཅོམ་ལྡན་འདས་བདག་ཅག་གི་སྟན་འདི་ལས་བདག་སྡུག་བསྔལ་བར་མི་འགྱུར་བའི་ཐབས་བདག་ཅག་ ལ་མཆིས་སམ། དེ་ལྟར་ངན་བུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱལ་པོ་བྱེད་པར་འགྱུར་བ་རྒྱུ་འདི་དག་ཁྱོད་ཀྱིས་གཟིགས་སམ་བདག་གི་སྟན་དང ། ལྷག་པའི་སྟན་དང ། རྒྱུ་གཞན་རྣམས་ཀྱིས་ཀྱང་བྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀཽ་ཤི་ཀ་གང་ནས་ཤི་འཕོས་པར་གྱུར་པ་སླར་ཡང་སྟན་དེ་ཉིད་ལ་སྐྱེ་བར་འགྱུར་བ་ཡོད་དེ་རྣམ་པ་དེ་ལྟ་བུ་མྱོང་བར་ངེས་པའི་ལས་གཞན་རྣམས་འགའ་ཞིག་གིས་ཀྱང་མི་བྱེད་པའི་རྒྱུ་གང་གིས་གང་གི་ཚེ་ཁྱོད་སྟན་ལ་སྐྱེ་བར་འགྱུར་ཞིང་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱལ་ པོ་བྱེད་པར་འགྱུར་རོ། །རྒྱུ་འདི་དག་གིས་ངས་མཐོང་བ་ཡིན་ཞིང་ཁྱོད་ཀྱི་སྟན་དང་ལྷག་པའི་སྟན་དང ། རྒྱུ་གཞན་རྣམས་ཀྱང་ངས་མཐོང་བ་ཡིན་ཏེ།གལ་ཏེ་ངའི་ཆོས་ཉན་པར་བྱེད་ན་ཇི་ལྟ་བར་ཁྱོད་ཉམས་པར་འགྱུར་བ་མ་ཡིན་ནོ། །དེ་ལ་དེ་སྐད་ཅེས་བཀའ་སྩལ་པ་དང ། ཀཽ་ཤི་ ཀས་སླར་ཡང་ཐལ་མོ་སྦྱར་བ་བྱས་ཏེ་འཇིག་རྟེན་མགོན་པོ་བཅོམ་ལྡན་འདས་ཀྱིས་ཆོས་དེ་བདག་གིས་མཉན་པར་འཚལ་ལོ། །དེ་ནས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འདོད་པ་རྣམས་ཀྱི་ཉེས་དམིགས་དང ། མྱང་བར་ངན་པ་དང ། ངེས་པར་འབྱུང་བར་འགྱུར་བའི་ ཡང་དབང་དུ་བྱས་ནས་གང་གིས་ཀཽ་ཤི་ཀ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དེ་བཞིན་དུ་མདོ་རྣམས་རྒྱས་པར་བསྟན་ནོ། །དེ་ནས་ཀཽ་ཤི་ཀས་འབྲས་བུ་ཐོབ་པར་གྱུར་པས་འཆི་འཕོ་དང ། སྐྱེ་བ་དང ། ངན་སོང་གི་སྒོ་རྣམས་ཡང་བཅད་དོ། །ལེགས་པར་བསྐྱེད་པའི་རྒྱུ་འདིས་ལྷ་ འཐབ་བྲལ་བ་རྣམས་ཀྱིས་མཆོད་རྟེན་གྱི་ལོགས་ལ་ཀཽ་ཤི་ཀའི་སྐྱེ་བ་བརྒྱད་པ་གཞན་མ་མཐོང་བ་ཡིན་ནོ། །དེ་ནི་མྱ་ངན་ལས་འདའ་བར་འགྱུར་བ་ཡིན་གྱི་དེའི་ཐམས་ཅད་ཀྱི་ཕ་རོལ་ཡིན་པའི་ཕྱིར་སྐྱེ་བ་གཞན་བརྒྱད་པ་ནི་འབྱུང་བར་མི་འགྱུར་རོ། །རྒྱུ་དེ་དག་རྣམས་ཀྱི་ཕྱིར་ན་ངས་ཁྱེད་རྣམས་ 70-1-147b ལ་བརྗོད་པ་ཡིན་ནོ། །དེ་ནས་དེའི་དུས་ན་མུ་སུ་ལུན་དྷ་ས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། འདོད་པ་ལས་སྐྱེས་ནོར་མི་མཐོང ། །གང་ཕྱིར་འདོད་སྐྱེས་དེ་ནོར་མེད། །མཐར་ཐུག་དགེ་ལེགས་བྱེད་པ་པོ། །ཚུལ་ཁྲིམས་དད་པ་ནོར་མཆོག་ཡིན། །འདོད་པ་ལས་སྐྱེས་ནོར་ དེས་ཀྱང ། །སྲིད་པའི་དགོན་པ་སྟོན་བྱེད་ཡིན། །གང་ཡང་འདོད་པ་ལས་རྣམ་གྲོལ། །གཏེར་སྤྲུལ་པ་ཞེས་བརྗོད་པ་ཡིན། །གོ་འཕང་ལས་གང་ལེགས་མི་སྐྱོབ། །གང་ལས་བདེ་བ་དེ་འབྱུང་མེད། །ནོར་རྣམས་ནོར་ཆུད་ཟོས་པ་ནི། །གཅིག་ཏུ་ཤེས་ཆེན་མིན་པར་བརྗོད། །འདོད་ པ་རྣམས་ནི་རབ་སྟེན་པའི། །ནོར་དེ་དག་ནི་ནོར་མིན་མཐོང ། །ལམ་སྟོན་པ་དེ་མཆོག་ཡིན་ནོ། །ལམ་འཆད་གང་ཡིན་ཤིས་པ་ཡིན། །ལམ་གང་གིས་ནི་གོ་འཕང་མཆོག་།མཁས་པ་དེར་ནི་འགྲོ་བ་ཡིན། །འདོད་པ་གང་ཞིག་རབ་མ་ཆགས། །གང་ཞིག་འདོད་ནས་འདོད་ཆེན་ མིན། །དེ་ནི་ཤེས་པའི་གནས་སུ་ཞུགས། །འདོད་པའི་མེ་རབ་སྟེན་པ་མིན། །འདོད་པས་རྟག་ཏུ་ངོམས་པ་མེད། །འདོད་པས་ཞི་བ་དྲན་པ་མིན། །སྲེད་དང་ལྷན་ཅིག་ཡང་དག་ལྡན། །འབར་བ་ལྟ་བུར་འབར་བར་བྱེད། །དེ་བཞིན་ལྷ་མི་ཆགས་སྦྲུལ་གྱིས། །ངོམས་པ་མེད་པར་ རྣམ་པར་འཇོམས། །རྣམ་པར་ཆུད་ཟོས་དེ་རྟག་ཏུ། །ཆུད་ཟོས་དམྱལ་བའི་མེ་རབ་ལྟ། །དེ་ལྟར་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ལ་རྣམ་པ་དུ་མ་བརྒྱར་འཛིན་པར་བྱེད་དོ། །ཡང་དག་པར་ཡང་ཡོངས་སུ་སྐྱོང་བར་བྱེད་དོ། །དེ་ནས་སླར་ཡང་ལྷ་དེ་དག་རྣམས་མཆོག་ཏུ་སྐྱོ་བར་གྱུར་པའི་ཡིད་ ཀྱིས་ཤིན་ཏུ་ཡིད་བྱུང་བར་གྱུར་ནས་གཞན་ཡང་མུ་སུ་ལུན་དྷ་དེ་ལ་འདི་སྐད་ཅེས་བརྗོད་དེ། བདག་ཅག་རྣམས་འགྲོ་བ་གང་ཞིག་ཏུ་འགྱུར་བ་ལྷའི་ཞལ་སྔ་ནས་རེ་ཞིག་བདག་ཅག་ལ་སོ་སོར་བསྟན་དུ་གསོལ། དེ་བཞིན་དུ་བྱའོ་ཞེས་བརྗོད་ནས་སླར་ཡང་མཆོད་རྟེན་དེ་ཉིད་ཀྱི་རྩིག་ལོགས་དེ་ཉིད་ལ་སོ་སོར་ རྟོག་པར་བྱེད་དོ། །དེ་ནས་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ཉིད་འཆི་འཕོས་པར་གྱུར་ནས་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་རྣམས་སུ་རྣམ་པ་དུ་ 70-1-148a མར་རབ་ཏུ་ལྟུང་བའི་ལྷ་མགོ་བོ་འཕྱང་བ་རྐང་པ་གྱེན་དུ་བལྟས་པ་དང ། འགག་པར་འགྱུར་བའི་ལྷའི་ལུས་མང་པོ་རྣམས་མཐོང་བར་གྱུར་ཏོ། །འགའ་ཞིག་ནི་སྐྱེ་བར་འགྱུར་ཞིང་དེ་ན་འཚེད་པར་བྱེད་དོ། །ཁ་ཅིག་ནི་རབ་ཏུ་འབར་བའི་ལྕགས་བསྲེགས་ཀྱི་རང་ བཞིན་དེ་ལ་བྱ་རྒོད་དང་ཁཝ་ཏ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ།འཇིགས་སུ་རུང་བའི་དུ་མ་རྣམས་ཀྱིས་འདི་ན་གང་བར་གྱུར་པ། རབ་ཏུ་འབར་བའི་བྱེ་མས་འདིར་ཡོངས་སུ་གང་བ། མགོ་བོ་ཐུར་དུ་བསྟན་པའི་ལྷ་རྣམས་དམྱལ་བའི་ས་གཞི་འདི་ལ་འཚེད་པར་གྱུར་པ། ཤིན་ཏུ་ རྩུབ་པར་གྱུར་པ། ཤིན་ཏུ་མི་བཟོད་པར་གྱུར་པ། མཆོག་ཏུ་གདུག་པ་རྣམ་པ་དུ་མའི་ཚོར་བ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་ལན་ཅིག་མ་ཡིན་པར་ཕྱིར་ཟློག་ཅིང་རྗེས་སུ་སྨྲ་བར་ཡང་བྱེད་དོ། །བདག་ཉིད་དེ་ལྟ་བུ་རྣམ་པ་དུ་མར་མཐོང་བར་གྱུར་ཏོ། ། ཇི་ལྟར་གཞན་ཡང་འཐབ་བྲལ་བ་རྣམས་ཀྱི་བདག་པོར་གྱུར་པ་གཞན་གང་ཡིན་པ་མང་པོ་རྣམས་ཡུལ་ཕྱོགས་འདི་དག་ཉིད་ན་དེ་དག་རྣམས་ཀྱང་དམྱལ་བར་སྐྱེ་བར་གྱུར་པ་མཐོང་ངོ ། །ཤིན་ཏུ་ཁྲོ་བར་གྱུར་པས་རྣམ་པ་དུ་མར་འབིགས་པར་བྱེད་པའི་ཚོར་བའི་ཟུག་ཟེར་རྣམས་བྱེད་ཅིང་འདོད་ པས་རྣམ་པར་གཡེང་བའི་ཡིད་ཀྱིས་བྱས་པ་གང་ཡིན་པ་དང ། ཡུལ་རྣམས་ཀྱིས་ཉེ་བར་བཅོམ་པར་གྱུར་པ་ནས་ཇི་སྲིད་དུ་དོགས་པ་དང་བཅས་པ་རྣམས་དང ། མཚན་ཉིད་དང་བཅས་པ་རྣམས་དང ། མངོན་དུ་ཤེས་པ་དང་བཅས་པ་དེ་དག་རྣམས་ཐམས་ཅད་དང ། ཡུལ་རྣམས་ ལ་དད་པ་ཆེ་བར་གྱུར་པ་ཁྱེད་རྣམས་ཀྱིས་གང་བྱས་པ་དེ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་རྣམས་ལ་ལོངས་སྤྱོད་ཅིག་ཅེས་ཀྱང་གཤིན་རྗེའི་སྐྱེས་བུས་རྗོད་པར་བྱེད་དོ། །དེ་ལ་འཐབ་བྲལ་གྱི་མངའ་བདག་རྣམས་ཀྱི་མིང་ནི་འདི་དག་རྣམས་ཡིན་ཏེ། ལས་ཆེན་པོ་དང ། ཕུན་ སུམ་ཚོགས་པར་བྱེད་པའི་སྡེ་བཟང་པོ་དང ། གཟི་བརྗིད་དང་ལྡན་པ་དང ། དབང་དུ་མ་གྱུར་པ་མ་ཡིན་པས་ཡིད་མངོན་པར་དགའ་བ་དང ། རབ་ཏུ་གཏུམ་པ་མ་ཡིན་པ་དང ། གཟུགས་ཀུན་ནས་མངོན་པར་དགའ་བའོ། །འཐབ་བྲལ་གྱི་མངའ་བདག་དེ་དག་རྣམས་ 70-1-148b དམྱལ་བ་བདུན་དུ་ལྷུང་ན་ས་ཇི་ལྟར་ལས་ཀྱི་ཞགས་པས་ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་གྱུར་པ་རྣམས། དེ་དག་ཡུལ་གྱི་མཆོག་རྣམས་ལ་ཉེ་བར་ལོངས་སྤྱད་ནས་ངོམས་པ་མེད་པས་སྲེད་པས་ཉེ་བར་བཅོམ་ནས་ལྷུང་བ་ ཡིན་ནོ། །རེ་ཞིག་ལས་ཆེན་པོས་ནི་རང་སངས་རྒྱས་ལ་སེམས་བག་དང་ལྡན་ཞིང་བསྒོམས་པར་གྱུར་པས། ཞལ་ཟས་ཉེ་བར་བྱིན་པས་ལུས་ཞིག་ནས་མཐོ་རིས་བདེ་འགྲོ་རྣམས་ལས་འཐབ་བྲལ་གྱི་མངའ་བདག་ཉིད་ཐོབ་པར་གྱུར་ཏོ། །དེས་དེ་ལ་ལྷ་རྫས་ཀྱི་འདོད་པ་རྣམ་པ་ དུ་མ་རྣམས་རྗེས་སུ་ལོངས་སྤྱད་ནས་ཡུལ་རྣམས་ལ་སྲེད་པར་གྱུར་པ་ཉིད་ཀྱིས་ལྷའི་རིས་དེ་ནས་དམྱལ་བ་ཐིག་ནག་ཏུ་མ་བྱིན་པར་ལེན་པས་ལྟུང་བར་གྱུར་ཏེ། དེས་ཡང་སྐྱེ་བ་གཞན་དག་ཞིག་ཏུ་སྨན་པར་གྱུར་ནས་ནད་པ་ལ་ཡང་དག་པ་མ་ཡིན་པས་ནོར་བླངས་པར་གྱུར་པ་ལས་དེའི་རྣམ་ པར་སྨིན་པས་ཐིག་ནག་ཏུ་སྐྱེས་པར་གྱུར་ཏོ། །ལྷ་དེ་དག་རྣམས་ཀྱིས་འཐབ་བྲལ་གྱི་བདག་པོ་ལས་ཆེན་པོའི་ལས་བྱས་པ་རྣམས་མངོན་པར་མཐོང་བར་གྱུར་ནས་ཕུན་སུམ་ཚོགས་པར་བྱེད་པའི་སྡེ་བཟང་པོའི་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དགེ་ བའི་ལས་གང་དག་རྣམས་ཀྱིས་དེ་འཐབ་བྲལ་གྱི་མངའ་བདག་ཏུ་གྱུར་པ་ཡང་ཇི་ལྟ་བར་མཐོང་བ་འདས་པའི་དུས་ན་དེས་དགེ་སློང་ནད་པ་ལ་རྫས་ཀྱི་སྦྱིན་པ་རབ་ཏུ་བྱིན་ཞིང ། རབ་ཏུ་མ་དང་བའི་ཡིད་ཀྱིས་སྙིང་ལ་བསྒོམས་པར་ནི་མ་གྱུར་ཏོ། །རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་ནས་ མཐོ་རིས་བདེ་འགྲོ་འཐབ་བྲལ་གྱི་མངའ་བདག་བྱས་པར་གྱུར་ཏོ། །དེ་སླར་ཡང་སྲེད་པའི་ཡུལ་གྱི་སྲེད་པའི་ཆུ་ཀླུང་གིས་ཁྱེར་བས་ལེགས་པར་བྱས་པའི་ལས་རྣམས་ཟད་པར་གྱུར་ནས་དམྱལ་བ་ངུ་འབོད་དུ་ལྟུང་ངོ ། །དེ་ཡང་བག་མེད་པར་གྱུར་པས་ཏེ། དེ་རྒྱལ་པོའི་ རྒྱགས་པས་ཟིན་པར་གྱུར་པས་མིའི་འཇིག་རྟེན་དུ་སྐྱེས་པ་ན་འགྲོན་པོ་འོངས་པར་གྱུར་པ་མཆོག་ཏུ་སྐོམ་པས་གདུངས་པ་འོངས་པ་རྣམས་ལ་དྲེགས་པས་བུར་ཆང་བླུད་དོ། །དེས་དེ་དད་པས་བསྐྱེད་པའི་ཚུལ་ཁྲིམས་འཆལ་བར་སྐྱེས་པར་རང་གི་དོན་རྣམས་ལས་ཉམས་པར་གྱུར་ཏོ། ། 70-1-149a མི་དགེ་བའི་ལས་དེས་ལྷུང་བར་གྱུར་ནས་ལུས་ཞིག་པ་དང་ལན་གྲངས་གཞན་ལ་མྱོང་བར་གྱུར་པའི་ལས་ཀྱིས་ངུ་འབོད་ཀྱི་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ལྟར་རྟོགས་པར་གྱུར་ཅིང་གཞན་འཐབ་བྲལ་གྱི་མངའ་བདག་གཉིས་པའི་ལས་དང ། ཆོས་དང ། སྡིག་ པ་དང ། ངན་སོང་རྣམས་ཀྱང་མངོན་པར་ལེགས་པར་མཐོང་ནས་འཁོར་བ་འདི་ཐམས་ཅད་འབར་བར་མཐོང་བར་གྱུར་ཏོ། །ཞེས་དེ་ལྟར་ཡང་ཕན་ཚུན་དུ་རྗོད་པར་བྱེད་དེ། གང་བདག་ཅག་རྣམས་ལ་ནི་ཕ་མ་དང་མཚུངས་པར་གྱུར་པའི་གཞན་རྣམས་འགའ་ཞིག་གིས་ཀྱང་མ་བྱས་པ་དེ་འཐབ་ བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་འདིས་བྱས་ཏེ། དམྱལ་བ་རྣམས་དང ། ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་རྣམ་པ་དུ་མ་རྣམས་གང་ཡིན་པའི་འབྲས་བུ་རྣམ་པར་སྨིན་པ་དེ་དག་རྣམས་ཇི་ལྟ་བ་བཞིན་དུ་ལེགས་པར་བསྟན་ནོ། །ཕན་ཚུན་དུ་དེ་སྐད་ཅེས་སྨྲས་ནས། ཡང་ གཞན་འཐབ་བྲལ་གྱི་བདག་པོ་རྣམས་ཤི་འཕོས་པ་རྣམས་བལྟ་བར་བྱ་བའི་དོན་དུ་དེ་དག་དང་ཐག་ཉེ་བར་འགྲོ་བར་བྱེད་དེ། ལས་དང་འབྲས་བུ་ལེགས་པར་བལྟ་བའི་དོན་དུ་མཆོད་རྟེན་གྱི་ལོགས་དེ་དག་རྣམས་ལ་བཅོམ་ལྡན་འདས་གསེར་ཐུབ་དེས་འཐབ་བྲལ་གྱི་མངའ་བདག་གཟི་བརྗིད་དང་ ལྡན་པའི་ལས་དང་འབྲས་བུ་སྤྲུལ་པར་གྱུར་པ་རྣམས་ཇི་ལྟ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཏོ། །གཟི་བརྗིད་དང་ལྡན་པ་དེ་སྔོན་གྱི་དུས་ན་འཐབ་བྲལ་གྱི་མངའ་བདག་དེར་གྱུར་པ་ནི་དེས་སྔོན་ཡིད་རབ་ཏུ་དང་བར་གྱུར་པས་མཆོག་ཏུ་བཅོམ་པའི་མཚན་མོ་དམ་པའི་ཆོས་ཉན་པ་རྣམས་དང ། སངས་ རྒྱས་བཅོམ་ལྡན་འདས་དང ། ཆོས་དང་དགེ་འདུན་ལ་ཡང་མར་མེ་རབ་ཏུ་སྦར་རོ། །དེ་རྒྱུ་དེ་དག་དང ། རྐྱེན་དེ་དག་དང ། གཞི་དེ་དག་གིས་ལུས་ཞིག་པར་གྱུར་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་རྣམས་ལས་འཐབ་བྲལ་བ་རྣམས་ཀྱི་ནང་དུ་འཐབ་བྲལ་བའི་མངའ་བདག་གཟི་ བརྗིད་དང་ལྡན་པ་ཞེས་བྱ་བར་གྱུར་ཏོ། །དེ་རིང་དུ་རྒྱལ་པོ་བྱས་ཏེ། ཇི་སྲིད་དུ་ཚེ་ཟད་ནས་ལུས་ཞིག་སྟེ། གཞན་ཡང་རྒྱལ་པོ་རིགས་བཞིའི་ལྷར་སྐྱེས་སོ། །དེ་དེ་ལས་ཤི་འཕོས་ནས་བྱང་ཕྱོགས་སྒྲ་མི་སྙན་དུ་སྐྱེས་སོ། །དེ་ལས་ཤི་འཕོས་ནས་གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ 70-1-149b ལྷར་སྐྱེས་སོ། །དེ་ལས་དེ་ཤི་འཕོས་ནས་ཀྱང་འཛམ་བུའི་གླིང་གི་རྒྱལ་པོ་རྫུ་འཕྲུལ་དང་ལྡན་པ་མཐུ་ཆེན་པོར་གྱུར་པར་སྐྱེས་སོ། །དེ་ལ་སྐྱེས་པར་གྱུར་པ་དེས་བག་མེད་པར་གྱུར་ནས་འདོད་པའི་དབང་གིས་རྨོངས་པས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་ གཡེམ་པ་ལ་སོགས་པ་མི་དགེ་བར་གྱུར་པའི་མི་དགེ་བ་རྣམས་བསྒོམས་པའི་སེམས་རྐོ་ཏྲོག་ཏུ་གྱུར་པའི་ཕྱིར་ན། དེ་ལུས་ཞིག་པར་གྱུར་ནས་རབ་ཏུ་ཚ་བའི་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ལ་ཡང་དམྱལ་བའི་ལས་ཀྱིས་ཀུན་ནས་བསླང་བའི་སྡུག་བསྔལ་དཔེ་མེད་པ་རྣམ་པ་དུ་མ་དང་ལྡན་པ་རྣམ་པར་ རྟོག་པ་བརྒྱ་སྟོང་དུ་གྱུར་པ་རྣམས་ཉེ་བར་འབྱུང་ངོ ། །དེ་ཡང་དེའི་སེམས་དགྲར་གྱུར་པས་བསླུས་པ་ཡིན་ནོ། །དེ་ནས་ལྷ་དེ་དག་གཞན་ཡང་དེའི་ཕུན་སུམ་ཚོགས་པ་དང་རྒུད་པས་བྱས་པའི་བདེ་བ་དང་སྡུག་བསྔལ་དུ་མ་རྣམས་མཐོང་བར་གྱུར་ནས་དེ་དག་རྣམས་ཕན་ཚུན་འདི་བཞིན་དུ་གཏམ་བྱེད་ དེ། ཤིན་ཏུ་མི་བཟད་སྙིང་པོའི་སྟོབས། །སྟོབས་ཆེན་བསྲན་པར་མི་བཟོད་པ། །གང་གིས་བྱིས་པ་རྣམས་འཚེད་པའི། །ལས་རྣམས་སེམས་ཀྱིས་བྱེད་པ་ཡིན། །ལས་རྣམས་ཐམས་ཅད་སེམས་ཀྱི་རྒྱུས། །སྲིད་པ་ནས་ནི་སྲིད་པར་འབྱུང ། །གང་གིས་བྱིས་པ་རྣམ་འཚེད་པའི། ། སྲིད་རབ་འཇུག་བྱེད་སྡུག་བསྔལ་ནི། །སྣ་ཚོགས་སྡུག་བསྔལ་རང་བཞིན་གྱི། །དྲག་པོ་བསྲན་དཀའ་སྟོབས་པོ་ཆེ། །ལས་ཀྱིས་འཇིག་རྟེན་འཕེལ་བྱེད་ཀྱང ། །སྐྱོ་བར་འགྱུར་བའང་མ་ཡིན་ནོ། །ལྷ་ཡི་འཇིག་རྟེན་ནས་ནི་མིར། །མི་ནས་ཕྱིས་ཀྱང་དམྱལ་བར་རོ། །དམྱལ་ནས་དུད་འགྲོའི་ སྐྱེ་གནས་ལ། །དུད་འགྲོའི་འགྲོ་ལས་ཡི་དགས་སྐྱེར། །དེ་ལྟར་ལས་བུང་འཁོར་བས་ཕུག་།སྐྱེ་དགུ་ལས་ནི་རླུང་བསྐྱོད་ནས། །འཁོར་ཡང་འགྲོ་བ་ཀུན་རྨོངས་པས། །འདི་ཡང་རྟོགས་པ་མ་ཡིན་ནོ། །དེ་ལྟར་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བའི་ལྷ་རྣམས་ཕན་ཚུན་དུ་གཏམ་བྱེད་དོ། །རྣམ་ པ་དུ་མར་རྣམ་པ་སྣ་ཚོགས་པའི་ལས་ཀྱིས་བྱས་པ་གང་ཡིན་པ་དེ་དག་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཆོད་རྟེན་དེའི་ལོགས་ལ་བཅོམ་ལྡན་འདས་གསེར་ཐུབ་ཀྱིས་སྤྲུལ་པར་གྱུར་པ་དེ་ལ་ལས་དུ་མས་བྱས་པ་རྣམས་གསལ་བར་མངོན་དུ་མཐོང་ནས་གཞན་ཡང་དེ་ལས་གཞན་པའི་འཐབ་བྲལ་ 70-1-150a གྱི་བདག་པོའི་དགེ་བ་དང་མི་དགེ་བས་བྱས་པའི་སྐྱེ་བ་རྣམ་པ་དུ་མ་རྣམས་ལྟ་བརརྩོམ་མོ། །གཞན་ཡང་རྩིག་པའི་ལོགས་གཞན་ཞིག་ལ་ཀུན་ཏུ་བལྟ་བར་བརྩམས་པ་ན། དེ་ནས་གཏུམ་པ་མ་ཡིན་པའི་གཟུགས་ཞེས་བྱ་བའི་འཐབ་བྲལ་གྱི་མངའ་བདག་མཐོང་བར་གྱུར་ཏོ། ། དེ་ལས་གང་གིས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་བྱས་པར་གྱུར་ནས། དེ་དག་མཐོང་བར་གྱུར་པ་ཇི་ལྟར་སྔོན་གྱི་དུས་ན་མིའི་འཇིག་རྟེན་དུ་མང་པོར་བྲམ་ཟེར་གྱུར་ནས་ཡང་དག་པའི་ལྟ་བས་ཚུལ་ཁྲིམས་བཟང་པོ་དང་ལྡན་པར་གྱུར་པས་བཙོན་ཁང་དུ་བཅིངས་པ་རྣམས་དང ། ཤིན་ཏུ་སྡུག་བསྔལ་ བ་རྣམས་དང ། མགོན་མེད་པ་རྣམས་དང ། མུ་གེས་མནར་བ་རྣམས་ལ་སེམས་ཀྱིས་ཟིན་པར་བྱས་ཏེ། རབ་ཏུ་དང་བར་གྱུར་པའི་ཡིད་ཀྱིས་ཟས་བསོད་པར་གྱུར་པ་རབ་ཏུ་མང་པོ་རྣམས་བྱིན་ལ་སྡོམ་པ་ཡང་དུས་ཚིགས་ལ་བཟུང་ངོ ། །དེ་རྒྱུ་དེ་དང ། རྐྱེན་དེ་དང ། བཙོན་ར་ན་ བཅིངས་པའི་མི་རྣམས་བཀྲོལ་བའི་གཞི་དེ་དག་རྣམས་ཀྱིས་དེ་ལུས་ཞིག་ནས་མཐོ་རིས་བདེ་འགྲོ་ལྷར་སྐྱེས་སོ། །དེ་ལྟར་སྦྱིན་བདག་བྲམ་ཟེ་དེ་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་རྣམས་ལས་འཐབ་བྲལ་བའི་བདག་པོར་གྱུར་ཏོ། །རབ་ཏུ་གཏུམ་པ་མ་ཡིན་པའི་གཟུགས་ ཞེས་བྱ་བ་དེས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་བྱས་ནས་ལས་བྱས་པར་གྱུར་ནས་རབ་ཏུ་ཤི་འཕོས་ཏེ་མིར་སྐྱེས་པར་གྱུར་པ་ལ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་མཆོག་ཏུ་གཟི་བརྗིད་ཆེ་བའི་རྒྱལ་པོར་གྱུར་ཏོ། །དེ་དེར་རྒྱལ་པོར་བྱས་པར་གྱུར། ལུས་ཞིག་པ་ན་ཕྱིས་ཡང་སུམ་ཅུ་རྩ་གསུམ་ པ་རྣམས་ཀྱི་ལྷར་སྐྱེས་སོ། །དེ་དེ་ལ་རྣམ་པ་དུ་མར་བདེ་བ་ཆེན་པོ་རྣམས་ལ་ཉེ་བར་ལོངས་སྤྱད་ནས་དུས་རྣམས་འདས་པ་དང ། རབ་ཏུ་ཤི་འཕོས་པར་གྱུར་ཏེ། ལྷ་མ་ཡིན་དུ་སྐྱེས་པར་གྱུར་ནས་རྫུ་འཕྲུལ་ཆེ་བ་དང ། སྟོབས་ཆེན་པོ་དང་ལྡན་པར་གྱུར་ཏོ། །དེ་དེ་ལས་ཀྱང་ཤི་འཕོས་པར་གྱུར་ ཏེ་སླར་ཡང་མིར་སྐྱེས་ནས་སྟོབས་ཆེན་པོ་དང་ལྡན་པའི་ཁྱིམ་བདག་ནོར་ཆེ་བར་གྱུར་ཏོ། །དེ་ལས་ཀྱང་ཤི་འཕོས་པར་གྱུར་ནས་ཕྱིས་ཡང་བ་ལང་སྤྱོད་པ་རྣམས་ཀྱི་གླིང་གི་མིར་སྐྱེས་སོ། །དེ་ལས་ཀྱང་ཤི་འཕོས་པར་གྱུར་ནས་སླར་ཡང་མི་རྣམས་ལས་ཡུལ་ཆུང་གི་སྐྱེ་བོར་སྐྱེས་སོ། །དེས་སེམས་ 70-1-150b ཡང་མོར་གྱུར་པས་སྲོག་གཅོད་པ་བྱས་ཏེ་རི་དགས་ཤོར་བར་གྱུར་ནས་རི་དགས་རྣམས་མཚོན་ཆ་དང་རྫོགས་ཀྱིས་རྨས་ཤིང་རྨས་པར་བྱས་ཤིང་བསད་དོ། །དེ་རྒྱུ་དེ་དང ། རྐྱེན་དེ་དང ། གཞི་དེ་རྣམས་ཀྱིས་ལུས་ཞིག་པ་ན་ངན་སོང་དུ་ལྟུང་བར་གྱུར་ནས་དམྱལ་བ་ཡང་སོས་སུ་སྐྱེས་ཏེ། མེ་ཕལ་ ཆེན་པོ་རྣམས་ཀྱིས་སྲེག་པར་བྱེད་དོ། །གཟེར་ཟུག་རྣམས་ཀྱང་རྣམ་པ་དུ་མར་དྲག་པ་དང ། རྩུབ་པ་དང ། ཚ་བ་ཉམས་སུ་མྱོང་བར་གྱུར་ཏེ། དེས་མི་དགེ་བའི་ལས་དྲག་པོ་རྣམས་བྱས་པའི་ཕྱིར་རོ། །དེའི་ལས་ཀྱི་རྣམ་པར་སྨིན་པ་དེ་དག་ལེགས་པར་མངོན་པར་མཐོང་ནས་གཞན་ཡང་ཚོགས་ པ་རྒྱུ་བའི་ས་ན་སྤྱོད་པའི་ལྷ་དེ་དག་རྣམས་ཀྱིས།བཅོམ་ལྡན་འདས་གསེར་ཐུབ་དེས་མཛད་པའི་མཆོད་རྟེན་དེའི་ནང་གང་ཡིན་པར་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མར་ལས་དེ་དག་རྣམས་དམིགས་པ་དེར་ཉེ་བར་ཕྱིན་ནས་སླར་ཉིད་ཀྱང་ལས་ཀྱིས་བྱས་པ་དེ་དག་རྣམས་ལྟ་བར་འདོད་ པས། དེ་དེར་ཕྱིན་པར་གྱུར་པ་ན་ཤིན་ཏུ་ངོ་མཚར་བར་གྱུར་པ་རྩིག་པའི་ལོགས་ལ་སྐྱེས་པ་རྣམས་རབ་ཏུ་མཐོང་བར་གྱུར་པ་ནི་ཀུན་ནས་མངོན་པར་དགའ་བ་ཞེས་བྱ་བའི་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཏུ་གྱུར་པའོ། །ལས་ཀྱི་རྣམ་པར་སྨིན་པ་གང་དག་གིས་དེར་སྐྱེས་པར་གྱུར་པ་ ཡང་དེ་ཉིད་ལ་ལེགས་པར་མཐོང་བ་ཇི་ལྟར་སྐྱེ་བ་གཞན་ཅིག་ལ་མིར་གྱུར་པ་ན་དགེ་བའི་སེམས་སུ་གྱུར་པས་རྟག་ཏུ་བླ་མ་རྣམས་མངོན་པར་བརྗོད་པས་ཕྱག་འཚལ་བ་དང ། མངོན་དུ་ལྡང་བ་དང ། ཐལ་མོ་སྦྱར་བའི་ལས་རྣམས་འཇིགས་ཤིང་ཞུམ་པར་འགྱུར་བས་བྱེད་པ་དང ། རྟག་པར་ ཡང་མཆོད་རྟེན་རྣམས་ལ་ལེགས་པར་བྱི་དོར་དང ། བྱུག་པ་དང ། སྐྱེ་བ་རྣམས་ལེགས་པར་བྱས་པ་དང ། རྟག་ཏུ་ཡང་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་དད་པས་ཇི་ལྟ་བ་བཞིན་དུ་སྦྱིན་པ་བྱིན་པ་དང ། རྟག་པར་ཡང་འདིས་གློ་བུར་དུ་འོངས་པ་དང ། ནད་པ་རྣམས་ལ་སེམས་རབ་ཏུ་ དང་བ་དང ། བཀུར་སྟི་དང་བཅས་པས་རྐྱེན་ཉེ་བར་གཞག་པར་གྱུར་པའི་ལས་དེས་ལུས་ཞིག་པ་ན་མཐོ་རིས་བདེ་འགྲོ་རྣམས་ལས་འཐབ་བྲལ་བའི་མངའ་བདག་ཏུ་སྐྱེས་པར་གྱུར་ཏེ། ཀུན་ནས་མངོན་པར་དགའ་བ་ཞེས་བྱ་བའི་རང་བཞིན་ནོ། །དེ་ལྟར་ཀུན་ནས་མངོན་པར་དགའ་བ་དེའི་ལུས་ 70-1-151a ལས་ཁ་དོག་རྣམ་པ་སྣ་ཚོགས་པའི་འོད་རྣམས་གཟུགས་རྣམ་པ་སྣ་ཚོགས་པར་གྱུར་པས་སྐྱེ་བོ་སྣ་ཚོགས་རབ་ཏུ་ཚིམ་པར་བྱེད་པ་བརྒྱ་ཕྲག་རྣམས་ཀྱང་ཀུན་ཏུ་འཕྲོའོ། །རིན་པོ་ཆེ་རྣམས་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཅིང་གཟུགས་དཔེ་མེད་པས་ལྷའི་ཚོགས་ཐམས་ཅད་ཟིལ་ གྱིས་མནན་ནས་ཀུན་ཏུ་སྣང་བར་བྱེད་དོ། །ཇི་ལྟར་གང་གི་ཕྱིར་ཡང་འཛམ་བུའི་གླིང་གི་མི་རྣམས་ཀྱི་དྲུང་ན་ཟླ་བས་ནི་ཀུན་ནས་གསལ་བར་བྱེད་དོ། །དེ་བཞིན་དུ་འཐབ་བྲལ་གྱི་ལྷ་རྣམས་ཐམས་ཅད་ཀྱི་ནང་ན་ཀུན་ནས་མངོན་པར་དགའ་བ་འདི་མཛེས་པར་གྱུར་པ་ཡིན་ཏེ། གཟི་བརྗིད་ དང་ལྡན་པར་དུས་ཡུན་རིང་དུ་འདོད་པའི་ཡོན་ཏན་ལྔ་དང་ཡང་དག་པར་ལྡན་པས་བདེ་བ་རྣམས་ཉེ་བར་ལོངས་སྤྱད་ནས་ཤི་འཕོས་སོ། །དེ་ལས་དེ་དག་ཉིད་ཀྱི་ལྷག་མ་རྣམས་ཀྱིས་འཛམ་བུའི་གླིང་དུ་རྒྱལ་པོར་གྱུར་ཏེ། ཡུལ་ལྗོངས་བརྒྱ་ལ་མངའ་སྒྱུར་བར་གྱུར་ཏོ། །དེ་དེར་སྐྱེས་པར་གྱུར་ པ་ན་སེམས་གཡོ་བར་གྱུར་པས་རི་དགས་བཤོར་རོ། །དེ་རྒྱུ་དེ་དག་གིས་དམྱལ་བ་ཡང་སོས་སུ་སྐྱེས་སོ། །དེ་ལས་ཤི་འཕོས་ནས་ཀྱང་བྱ་ངང་པར་སྐྱེ་བར་འགྱུར་རོ། །དེ་དག་རྣམས་དེའི་ལས་ཀྱིས་བྱས་པ་རྣམས་ཉེ་བར་རྟོགས་ནས། གཞན་ཡང་ལས་ཀྱིས་བྱས་པའི་ངོ་མཚར་བར་ གྱུར་པ་གཞན་ཅི་ཞིག་འབྱུང་བར་འགྱུར་སྙམ་ནས་དེ་དག་རྣམས་རྩིག་ལོགས་དེ་ཉིད་ཀྱི་ཡུལ་ཕྱོགས་གཞན་ལ་མངོན་པར་རྟོགས་པར་བྱེད་དོ། །དེ་ནས་སླར་ཡང་ལྷ་དེ་དག་རྣམས་མཆོད་རྟེན་དེའི་རྩིག་ལོགས་ལ་རྗེས་སུ་སོང་ནས་ལྟ་བར་བྱེད་པ་ན། དེ་ལ་མུ་སུ་ལུན་དྷ་ཞེས་བྱ་བ་འཐབ་བྲལ་གྱི་ བདག་པོ་ཆོས་དང་ལྡན་པ་ཆོས་ཀྱི་རྗེས་སུ་ཀུན་ནས་འཇུག་པ། འདོད་པ་རྣམས་ཀུན་ཏུ་སྟེན་པར་མི་བྱེད་པ། ཆོས་ཀྱི་མཆོག་གིས་སེམས་ཅན་རྣམས་ཐམས་ཅད་ལ་ཕན་པར་རྗེས་སུ་འཇུག་པར་བྱེད་པ་མཐོང་བར་གྱུར་ཏེ། ལས་ཀྱིས་བྱས་པ་རྣམས་ཀུན་ཏུ་རིག་པའི་ཕྱིར་ན་ལྷ་རྣམས་ཀྱི་བདག་ པོར་གྱུར་ནས་ཀྱང་བག་མེད་པས་རྣམ་པར་རྒྱུ་བར་མི་བྱེད་དོ། །དེའི་ལས་ཀྱི་རྣམ་པར་སྨིན་པ་རྣམས་ཀྱང་རྗེས་སུ་མཐོང་བར་གྱུར་པ་ལ་དད་པ་དང་ལྡན་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་ལ། དེ་རབ་ཏུ་བྱུང་བར་གྱུར་ནས་ཀྱང་ཕྱིར་ཞིང་ཉིད་དུ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་ 70-1-151b པར་ལྟ་བར་གྱུར་ནས། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་སྤྱད་པ་དེའི་ལུས་ཞིག་པར་གྱུར་པ་ན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལས་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་རྒྱལ་པོ་ཟིལ་གྱིས་མི་ནོན་པ་ཞེས་བྱ་བར་གྱུར་ཏོ། །དེ་དེ་ལས་རབ་ཏུ་ཤི་འཕོས་པར་གྱུར་ནས་ཀྱང་ གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་ལས་ཀྱང་རབ་ཏུ་འཕོས་པར་གྱུར་ནས་གཞན་ཡང་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་སོ། །དེ་ལས་རབ་ཏུ་ཤི་འཕོས་པར་གྱུར་ནས་གཞན་ཡང་སྐྱིད་པ་ཆེན་པོ་དང་ལྡན་པ་ནོར་ཆེན་པོ་དང་ལྡན་པའི་ཁྱིམ་བདག་ཏུ་གྱུར་པ་དང ། དཔག་ཚད་སྟོང་ལ་དབང་བའི་རྒྱལ་པོར་གྱུར་ཏོ། །དེ་དེ་ལས་ཀྱང་རབ་ཏུ་འཕོས་ནས་གཞན་ཡང་ཤར་གྱི་ལུས་འཕགས་པོའི་གླིང་གི་རྒྱལ་པོར་གྱུར་ཏེ། མཐུ་སྟོབས་མཆོག་ཏུ་ཆེ་བ་དང་ལྡན་པར་གྱུར་ཏོ། །དེ་དེ་ལས་ཀྱང་རབ་ཏུ་ཤི་འཕོས་ནས་སླར་ཡང་མཆོག་ཏུ་རྫུ་འཕྲུལ་ཆེ་བ་དང ། མཆོག་ ཏུ་སྟོབས་དང་ལྡན་པའི་ལྷར་སྐྱེས་པར་གྱུར་ཏོ། །དེ་ལས་ཀྱང་རབ་ཏུ་ཤི་འཕོས་ནས་སླར་ཡང་བདེ་བ་ཆེ་བར་གྱུར་པ། ནོར་ཆེ་བར་གྱུར་པའི་ཁྱིམ་བདག་མཆོག་ཏུ་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་རབ་རྣམས་ཕུན་སུམ་ཚོགས་པར་གྱུར་ཏོ། །སྐྱེ་བ་གཞན་དག་རྣམས་གང་དང་གང་དག་ ཏུ་སྐྱེས་པར་གྱུར་པ་ན་དེ་དེ་དག་རྣམས་སུ་ཡང་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཤེས་པ་དང་ལྡན་པར་ཀུན་ཏུ་གནས་སོ། །དེ་ནས་དེ་ལས་རབ་ཏུ་ཤི་འཕོས་པར་གྱུར་ནས་ཀྱང་སྦྱིན་པ་དང ། ཚུལ་ཁྲིམས་དང་།ཤེས་རབ་ཀྱི་རྒྱུད་དེ་དག་ཉིད་ཀྱིས་རྣམ་པར་ལངས་པར་གྱུར་ཅིང་ལུས་ཞིག་ནས་ཀྱང་ མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱི་བདག་པོར་ཉེ་བར་སྐྱེས་པར་གྱུར་ཏེ་མིང་ནི་མུ་སུ་ལུན་དྷ་ཡིན་ནོ། །དེ་ལས་དེ་དག་རྣམས་ཉིད་ཀྱི་རྒྱུན་རྣམས་ལེགས་པར་བསྒོམས་པར་གྱུར་ཅིང་སེམས་ཀྱིས་ཀྱང་ལས་རྣམས་ལེགས་པར་ཡོངས་སུ་སྦྱང་བ་བྱས་པར་གྱུར་པས་བག་དང་ལྡན་པར་ གྱུར་ཏོ། །འདོད་པ་རྣམས་ཀྱིས་འཕྲོགས་པར་མི་འགྱུར་བ་དང ། ཡུལ་རྣམས་ཀྱིས་ཀྱང་སེམས་ཉེ་བར་བཅོམ་པ་མ་ཡིན་ལ། མཆོག་ཏུ་བདག་དང་གཞན་ལ་ཕན་པར་བྱེད་པར་གྱུར་པ་དེའི་དགེ་བའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པར་གྱུར་པ་འདིའི་བཀའ་དྲིན་འདི་དག་གིས་ལྷ་མང་པོ་རྣམས་ 70-1-152a ཀྱང་འདོད་པའི་དབང་དུ་དང ། འདོད་པས་ཟིལ་གྱིས་གནོན་པར་ཡང་མི་འགྱུར་རོ། །དེ་ནས་དེའི་ཚེ་ལྷ་དེ་དག་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། དགེ་བ་རྗེས་སུ་སྤྱོད་པ་ནི། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང ། །དགེ་ བ་ཡོངས་སུ་ཆུད་མི་འཛའ། །ཚུལ་ཁྲིམས་རྟག་ཏུ་ལེགས་བསྡམས་དང ། །ཤེས་རབ་ཀྱང་ནི་རྗེས་སུ་འཕེལ། །དེ་ནི་སྲིད་ལས་ངེས་འབྱིན་པའི། །སྦྱིན་པ་ཡང་ནི་རྟག་ཏུ་བྱིན། །མི་ཡི་སྦྱིན་ལ་སོགས་གསུམ་གྱིས། །སྐྱོན་གསུམ་རབ་ཏུ་འཇོམས་པར་བྱེད། །དེ་ཕྱིར་སྐྱོན་རྣམས་ ཡོངས་སྤོང་ལ། །རབ་ཏུ་བརྩོན་པས་ཡོན་ཏན་སྟེན། །ལྷ་རྫས་འདོད་པ་ཕུན་ཚོགས་ཀྱང ། །ཡུལ་གྱིས་གང་ཞིག་འཇོམས་མིན་དང ། །དམྱལ་བར་ཀུན་ཏུ་སྐྱེ་འགྱུར་ཡང ། །གང་ཕྱིར་ཆོས་ལས་ལྡོག་པ་མིན། །འདི་ནི་ཆོས་ལྡན་ཤེས་པར་གྱིས། །བྱིས་པ་རྣམས་ནི་བཟློག་པ་ཡིན། ། ཆོས་དང་ཚུལ་ཁྲིམས་ལེགས་པར་སྟེན། །རབ་ཏུ་བརྩོན་པས་ཤེས་རབ་རྩོམ། །སྲིད་སྐྱེས་སྡུག་བསྔལ་རྣམ་འཇོམས་པར། །ཇི་བཞིན་ཉི་མའི་ཞབས་བཞེད་དོ། །ཤིན་ཏུ་མཐོ་བའི་ཆོས་ལྡན་གང ། །དེ་ལ་ལྷས་ཀྱང་ཕྱག་བྱེད་དོ། །སྐྱེ་བ་གཞན་ནི་ཐོབ་ནས་ཀྱང་།[་(]།[)]མྱུར་དུའང་མྱ་ངན་འདའ་ བར་འགྱུར། །དེ་ལྟར་ལྷ་ཡི་ཆོས་གང་གི། །མཚན་ཉིད་དེ་ཉིད་ཤེས་གྱུར་གང ། །སྐྱེས་བུ་དེ་ནི་སྲིད་གྲོལ་ནས། །ཕ་རོལ་འགྲོ་བ་འགྲོ་བར་འགྱུར། །བཟོད་དང་སྙན་པར་སྨྲས་ནས་ནི། །འབྱུང་པོ་ཐམས་ཅད་སྙིང་རྗེས་འཛིན། །སྦྱིན་པ་ཡང་ནི་གཏོང་བ་ཡི། །ལམ་དེ་དག་ནི་ཞི་བ་ཡིན། ། རབ་གཏུམ་སྡིག་པ་སྟེན་པ་གང ། །ལེ་ལོ་ཤིན་ཏུ་སྟེན་པ་དང ། །ཁྲོན་མ་ཆོས་ལ་རྣམ་ཞེ་སྡང ། །དམྱལ་བར་ཉེ་བར་འགྲོ་བ་ཡིན། །གང་དང་དེས་ཀྱང་མགུ་མི་འགྱུར། །གང་དང་དེ་ལའང་ཁྲོ་བར་བྱེད། །གང་དང་དེ་ལ་ཀུན་ཏུ་ཆགས། །རྨོངས་པ་ཞེས་ནི་དེ་ལ་བརྗོད། །དགེ་བ་ སྤངས་པའི་མི་དགེ་བ། །སྡིག་པའི་ཆོས་ཀྱིས་རྨོངས་པ་ཡིན། །གང་ལ་སྡིག་པས་རྣམ་འཚེད་པའི། །རྨོངས་པ་དམྱལ་བར་ཁྲིད་པ་ཡིན། །ཆོས་སྤྱོད་དགེ་བ་རྗེས་སུ་ཚོལ། །རྟག་ཏུ་འདོད་པ་རྣམ་སྤོང་བ། །མུ་སུ་ལུན་དྷ་འཐབ་བྲལ་སྲིད། །ཉོན་མོངས་ཟད་པར་སྤྱོད་པ་ཡིན། ། 70-1-152b དེ་ལྟར་ཚོགས་པ་རྒྱུ་བ་ན་རྣམ་པར་སྤྱོད་པའི་ལྷ་དེ་དག་རྣམས་ཕན་ཚུན་དུ་གཏམ་བྱེད་དོ། །ཡུལ་གྱི་སྲེད་པའི་འཇིགས་པ་འཇིགས་སུ་རུང་བ་སྡུག་བསྔལ་དེ་དག་རྣམས་ཐམས་ཅད་མངོན་སུམ་དུ་གྱུར་པར་མངོན་པར་མཐོང་བར་གྱུར་པ་དང ། གཞན་ཡང་མུ་སུ་ལུན་དྷ་དེ་ཉིད་དང་བཅས་པའི་ ཚོགས་པ་རྒྱུ་བའི་ས་ན་རྣམ་པར་སྤྱོད་པའི་ལྷ་དེ་དག་མཆོད་རྟེན་དེ་ཉིད་ཀྱི་རྩིག་ལོགས་ལ་ལྟ་བར་རྩོམ་པར་གྱུར་ཅིང་ཤི་འཕོས་ནས་ཀྱང་འཐབ་བྲལ་གྱི་མངའ་བདག་འདི་གང་དུ་སྐྱེ་བར་འགྱུར། འདིའི་འགྲོ་བ་ནི་གང་དུ་འགྱུར་སྙམ་པས་དེ་དག་རྣམས་སླར་ཡང་རྩིག་པའི་ཡུལ་ཕྱོགས་དེ་ལ་ལྟ་བར་རྩོམ་མོ། ། དེ་ནས་ལྷ་དེ་དག་རྣམས་ལྷའི་རིས་དེ་ལས་ཤི་འཕོས་པར་གྱུར་ནས་མུ་སུ་ལུན་དྷ་དེ་དང་ལྷན་ཅིག་ཏུ་ཐམས་ཅད་ཀྱང་བྱམས་པའི་གསུང་རབ་ལ་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་བ་མཐོང་སྟེ། ཐམས་ཅད་ཀྱང་དབང་པོ་ཚང་བ་དང ། ཐམས་ཅད་ཀྱང་རིགས་ཆེན་པོར་སྐྱེ་བ་དང ། ཐམས་ཅད་ཀྱང་ཕན་ཚུན་ ལྷན་ཅིག་ཏུ་ཡུལ་གཅིག་ཏུ་སྐྱེ་བ་དང ། ཐམས་ཅད་ཀྱང་ཕན་ཚུན་དུ་མཆོག་ཏུ་སྙིང་དགའ་བར་འགྱུར་བ་དང་ཡང་དག་པར་ལྡན་པ་དང་ཁྱིམ་ཆེན་པོར་ལེགས་པར་སྐྱེ་བ་དང ། ནོར་ཆེན་པོའི་ཁྱིམ་དང ། ཡོན་ཏན་ཆེན་པོ་དང་ལྡན་པ་དང ། བདག་ཉིད་ཀྱི་སྐྱེ་བ་བཟང་པོར་གྱུར་པར་མཐོང་ངོ ། །མུ་ སུ་ལུན་དྷ་ནི་ཡུལ་དེ་ཉིད་ཀྱི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོར་སྐྱེ་བར་འགྱུར་ཞིང་ནོར་ཆེན་པོ་དང་ལྡན་པ་དང ། མཐུ་སྟོབས་ཆེ་བར་གྱུར་པ་དང ། སྐྱེ་བོ་ཐམས་ཅད་ཀྱིས་མཆོད་པ་དང ། བྱེ་བ་ཕྲག་བརྒྱ་སྟོང་གི་རིན་པོ་ཆེས་གང་བར་གྱུར་པ་དེར་སྐྱེས་པའི་བུ་ཐུ་བོ་འདིའི་མིང་ཡང་ཚུལ་ཁྲིམས་བཟང་ པོའོ། །དུས་དེའི་ཚེ་ན་བཅོམ་ལྡན་འདས་བྱམས་པའི་ཞལ་སྔ་ནས་ཆོས་སྟོན་པར་མཛད་དེ། ཐབས་སུ་གྱུར་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་བྱེད་པ། འཕགས་པའི་བདེན་པ་བཞིའི་ཡོན་ཏན་དང་ལྡན་པ། དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་ པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་དང ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་པར་མཛད་པ་ནི་འདི་ལྟ་སྟེ། འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀུན་འབྱུང་བའོ། །འདི་ནི་གཟུགས་འགོག་པའོ། །འདི་ནི་གཟུགས་འགོག་པར་འགྲོ་བའི་ 70-1-153a ལམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་རྣམས་ལ་ཡང་རྒྱ་ཆེར་མཚན་ཉིད་སྟོན་པར་མཛད་དོ། །སེམས་ཅན་ཐམས་ཅད་བདེ་ལེགས་སུ་བྱེད་པ། ཉོན་མོངས་པ་མེད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ལེགས་ པར་འཇུག་པར་བྱེད་པ། འགྲོ་བ་ཐམས་ཅད་སྒྲིབ་པ་མེད་པར་མཛད་པའི་ཆོས་སྟོན་པར་མཛད་དོ། །དེ་ནས་ཚུལ་ཁྲིམས་བཟང་པོས་དེ་ལྟར་བཅོམ་ལྡན་འདས་བྱམས་པ་ཆོས་སྟོན་པར་མཛད་པ་ཐོས་པར་གྱུར་པ་ནས་སྔ་མ་བཞིན་ཏེ། དེ་དག་རྣམས་ཀྱིས་ཀྱང་དེ་དང་ལྷན་ཅིག་ཏུ་དེ་ཁོ་ན་བཞིན་ ཐོས་པར་གྱུར་ཏོ། །དེ་ནས་དེ་དག་རྣམས་སྔོན་གོམས་པའི་དགེ་བའི་ལས་རྣམས་ཀྱིས་ལེགས་པར་བསྐུལ་བར་གྱུར་པས་ཕན་ཚུན་དུ་གཏམ་སྐད་བསྟུན་ནས། དེ་དག་ཐམས་ཅད་ཀྱང་གང་ན་ཚུལ་ཁྲིམས་བཟང་པོ་ཡོད་པ་དེར་ཉེ་བར་འོངས་པར་གྱུར་ཏོ། །སྟོང་ཕྲག་ཉི་ཤུ་པོ་དེ་དག་རྣམས་ཐམས་ ཅད་ཀྱང་ཚུལ་ཁྲིམས་བཟང་པོ་ལ་གྲོས་བྱེད་པར་འགྱུར་ཏེ། རྒྱས་པར་ནི་སྔ་མ་བཞིན་ནོ། །དེ་ནས་དེ་དག་རྣམས་ཀྱིས་གཙོ་བོས་ཐོས་པར་གྱུར་ཅིང་སྔོན་གྱི་དགེ་བའི་ལས་ཀྱིས་ལེགས་པར་བསྐུལ་ནས་ཐབས་ཅིག་ཁོ་ནར་ལངས་ཏེ། ཡི་རངས་པར་གྱུར་པས་ལེགས་པར་གུས་པ་སྐྱེས་ཤིང་དགའ་ བར་གྱུར་པས་བཞིན་གྱི་མདངས་རབ་ཏུ་དང་བ་དང་ལྡན་པར་གྱུར་ནས། ཐམས་ཅད་དང་ཡང་དག་པར་ལྡན་པ་རྣམས་གང་ན་བཅོམ་ལྡན་འདས་བྱམས་པ་བཞུགས་པ་དེར་བློ་རྣམ་པར་རྒྱས་པ་རྣམས་ཀྱིས་བརྒྱ་བྱིན་ཡོངས་སུ་བསྐོར་བ་བཞིན་དུ་ཉེ་བར་ལེགས་པར་འགྲོ་བའོ། །དེ་ནས་བཅོམ་ལྡན་ འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཉེ་བར་མཛེས་པར་གྱུར་པའི་སྐུ་བྱ་བ་ནི་རྒྱས་པར་ཏེ། ཆོས་སྟོན་པར་མཛད་པར་རྒྱང་རིང་བ་ཉིད་ནས་མཐོང་སྟེ།ལྷ་དང་མིར་བཅས་པའི་སྐྱེ་དགུ་རྣམས་ལ་ཕན་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ཚོགས་ཀྱི་སྐྱེ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར་ ཅིང་མདུན་དུ་བདར་ཏེ། ཐོག་མ་བར་དང་ཐ་མར་དགེ་བའི་ཆོས་སྟོན་པར་མཛད་པ་ནི་མཚོ་བཞིན་དུ་རབ་ཏུ་དང་བར་གྱུར་པ། ཤིན་ཏུ་རྙོག་པ་མེད་པ། སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པ། འཁོར་བ་ཐམས་ཅད་ཀྱི་འཆིང་བ་རྣམས་གཏན་ནས་གྲོལ་བར་བྱེད་པ་མྱ་ངན་ལས་འདས་པའི་ 70-1-153b མཐར་ཐུག་པར་གྱུར་པའི་ཆོས་རྣམས་སྟོན་པར་མཛད་དོ། །འཁོར་འདི་དག་རྣམས་ནི་ཤིན་ཏུ་ཟབ་པར་གྱུར་པས་རྒྱ་མཚོ་ལྟ་བུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིང་བ་ཉིད་ནས་སྐྱེ་བོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་མངོན་པར་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏེ། འཐབ་ བྲལ་གྱི་བདག་པོ་མུ་སུ་ལུན་དྷ་མགོ་བོས་ཞབས་དག་ལ་ལེགས་པར་ཕྱག་འཚོལ་ཅིག་།འཁོར་དང་བཅས་པ་རྣམས་ཀུན་ནས་འོངས་པ་ལེགས་པར་འོངས་སམ། ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། ཆོས་ལ་ཁྱོད་ཀྱི་དབང་པོ་ཡོངས་སུ་སྨིན་པར་གྱུར་ཏམ། མི་དགེ་བའི་ལས་མང་ པོ་རྣམས་བསྲབས་པར་བྱས་ཤིང་གཏན་ནས་ཟད་པར་བྱས་སམ། འདོད་པ་བསྟེན་པ་རྣམས་ཡོངས་སུ་སྤངས་པར་གྱུར་ཏམ། ང་ནི་སྡུག་བསྔལ་དེ་དག་རྣམས་མཐར་བྱེད་པའི་དུས་སུ་ཕྱིན་ནོ། །དེས་དེ་བཞིན་དུ་དེ་བཞིན་གཤེགས་པས་བཀའ་སྩལ་པ་རྣམས་དེ་ལྟར་ཐོས་ནས་ཡིད་རབ་ཏུ་ དགའ་ཞིང་གུས་པ་ལེགས་པར་སྐྱེས་པར་གྱུར་ཏོ། །དེ་ལྟར་གྱུར་པས་འཁོར་བ་ཐམས་ཅད་ཀྱི་ཟམ་པར་གྱུར་པའི་དེ་བཞིན་གཤེགས་པའི་གཟུགས་དཔེ་མེད་པར་གྱུར་པ་ལེགས་པར་མངོན་པར་མཐོང་ནས་མགོ་བོས་ཞབས་ལ་ལེགས་པར་གཏུགས་ཤིང་མངོན་པར་མཐོང་བའི་མཐའ་གཅིག་ཏུ་ འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་བར་འཇུག་པ་ནི་ཟད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གང་གིས་སྟོང་ཕྲག་ཉི་ཤུ་པོ་འདི་དག་རྣམས་ཟག་པ་ཟད་པར་འཁྲིད་པར་བྱེད་པའི་རྣམ་པ་དེས་ཆོས་སྟོན་ཏེ། གང་དག་ལྷའི་འཇིག་རྟེན་དུ་དེའི་ལྷན་ཅིག་སྤྱོད་ པར་གྱུར་པ་རྣམས་སོ། །དེ་ལྟར་མུ་སུ་ལུན་དྷ་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་གསེར་ཐུབ་ཀྱིས་ཡོངས་སུ་སྤྲུལ་པའི་མ་འོངས་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐོང་བར་གྱུར་ཏོ། །དེ་ནས་ངོ་མཚར་བར་གྱུར་པ་རྣམ་པ་དུ་མ་ལེགས་པར་མངོན་པར་མཐོང་བ་དེ་དག་རྣམས་ནི་ཐམས་ ཅད་མཁྱེན་པ་ཉིད་ཀྱིས་སྤྲུལ་པར་གྱུར་པ་ཡིན་གྱི། གཞན་དག་རྣམས་ཀྱིས་ནི་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་ན། ལྷ་དང་བཅས་པའི་འཇིག་རྟེན་རྣམས་དང ། བདུད་དང་བཅས་པ་རྣམས་དང ། དགེ་སྦྱོང་དང་བྲམ་ཟེའི་རིགས་དང་བཅས་པའི་སྐྱེ་དགུ་རྣམས་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་ 70-1-154a རྣམས་ལ་ནི་མ་དད་པར་འགྱུར་རོ། །དེ་ལ་སྐྱེས་བུ་རྣམས་སྟེན་པར་བྱེད་པའི་མཆོག་ནི་འཁོར་བ་འདི་ལས་ངེས་པར་འབྱུང་བར་བྱེད་པ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་སྟེན་པའོ། །དེ་ནས་ལྷ་དེ་དག་རྣམས་ཉིད་ཁྲིད་ནས་ཡིད་ཤིན་ཏུ་རངས་པར་གྱུར་པས་སངས་ རྒྱས་ལ་གུས་པ་ལེགས་པར་སྐྱེས་པ་དེ་བཞིན་དུ་ཆོས་དང་འཕགས་པའི་དགེ་འདུན་རྣམས་ལ་ཡང་ངོ ། །གཞན་ཡང་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་ཞབས་གཉིས་ལ་མགོ་བོས་ཀུན་ནས་ཕྱག་བྱས་ཏེ། ཐམས་ཅད་ཀྱང་མཆོད་རྟེན་དེ་ལས་ཕྱིར་བྱུང་བར་གྱུར་པ་ཡིན་ནོ། །མདོ་དྲུག་ པ་ལས་གསེར་ཐུབ་ཀྱི་སྤྲུལ་པས་འགྲོ་བའི་མདོ་སྡེ་ལྔ་པ་རྫོགས་སོ།། །།དེ་ནས་གཞན་ཡང་མུ་སུ་ལུན་དྷ་རབ་ཏུ་དགའ་བའི་ཡིད་ཀྱིས་འདོད་པའི་འཇིགས་པའི་སྐྱོན་སྟོན་པར་བྱེད་པས་ལྷ་དེ་དག་རྣམས་ཉིད་དང་ལྷན་ཅིག་ཏུ་ཚོགས་པ་རྒྱུ་བ་ན་སྤྱོད་པའི་ས་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དེ། རབ་ཏུ་དགའ་བར་གྱུར་པས་དེས་དཔྱོད་པར་བྱེད་པ་ན་སྣ་ཚོགས་པའི་ལྷའི་ཚོགས་རྣམས་ཀྱིས་གང་བ་ནགས་དང ། སྐྱེད་མོས་ཚལ་དང ། མཚེའུ་དང ། རྫིང་བུ་དང ། ནགས་ཀྱི་ཚོགས་དང ། ཆུ་ཀླུང་ཕལ་པོ་ཆེ་རྣམས་ཀྱིས་གང་བར་གྱུར་པ་པད་མའི་རྫིང་བུ་དུ་མ་རྣམས་ལ་རྣམ་པ་ཐམས་ཅད་དུ་ བྱ་ནང་ན་གནས་པ་རྣམས་ཀྱིས་རྣམ་པར་བརྗོད་པ་དགའ་བར་གྱུར་པ་སྒྲ་འབྱིན་པར་བྱེད་པ་དང ། ཚོགས་པ་རྒྱུ་བའི་ས་རྣམས་ན་ལྷའི་བུ་མོ་བརྒྱ་སྟོང་དུ་མས་གླུ་དང་གར་ལེགས་པར་བྱེད་པ་དང ། རྒོད་པ་དང ། འགྱིང་བ་རྣམས་ཀྱིས་སྟེན་པ། ཡོན་ཏན་དུ་མ་དང་ལྡན་པའི་ལྷ་རྫས་སྨོས་སུ་ རུང་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ལ་འབྲས་བུས་གང་བ། ནོར་བུའི་རང་བཞིན་གྱི་རི་རབ་ཏུ་མང་བ། ནགས་རྣམས་ཀྱིས་མཛེས་པར་གྱུར་པ་རྣམས་ན་ལས་ཀྱི་འབྲས་བུ་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པའི་ལས་ཀྱིས་ལྷའི་ཚོགས་རྣམས་གཅིག་ ཏུ་སྲེད་པས་སྟེན་པར་བྱེད་པས་ཀུན་ཏུ་དང་བ་དང ། ཕན་ཚུན་ལྷན་ཅིག་ཏུ་གནོད་པ་མེད་པས་ངལ་སོ་བ་སྐྱེད་པའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་འཁྲིགས་པར་གྱུར་པ་དང ། བཏུང་བའི་ཆུ་ཀླུང་དགའ་བར་གྱུར་པ་རྣམས་ཤིན་ཏུ་ཕལ་ཆེ་བ། གཞན་ཡང་རིན་པོ་ཆེ་སྣ་ཚོགས་པའི་ཁང་ 70-1-154b བུའི་ཕྲེང་བ་ངོ་མཚར་བར་དགའ་བར་གྱུར་པས་འདོད་པའི་ཡོན་ཏན་ལྔས་ཕུན་སུམ་ཚོགས་པ། ཕན་ཚུན་དུ་རིན་པོ་ཆེའི་འོད་ཀྱིས་བརྒྱན་པ། གསེར་ཤིན་ཏུ་འབར་བར་གྱུར་པ་དང ། བྱི་རུ་དང་།མུ་སཱ་ར་གལ་བ་དང ། ིན་དྲ་ནཱི་ལའི་རིའི་རྩེ་མོ་ཕན་ཚུན་ཀུན་ཏུ་འབར་བས་ཉེ་བར་མཛེས་ པར་གྱུར་པའི་ཚོགས་པ་རྒྱུ་བ་ན་སྤྱོད་པའི་ས་དེ་དག་རྣམས་ལ་ཀུན་ཏུ་བལྟས་ནས་མུ་སུ་ལུན་དྷ་དེས་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ལྷའི་ཚོགས་འདི་དག་རྣམས་རབ་ཏུ་དགའ་བས་ཡིད་ཆེས། དགའ་བར་གྱུར་པས་མཐོན་པོ་རྣམས་ནས་མཐོན་པོ་རྣམས་དང ། རིའི་རྩེ་མོ་ནས་རིའི་རྩེ་མོར་རྩེ་ བར་བྱེད་པ། རབ་ཏུ་རངས་པས་རྔ་སྐད་ཡན་ལག་ལྔ་པ་ཤིན་ཏུ་བསྒྲགས་པར་གྱུར་ཅིང ། རབ་ཏུ་རྒྱུ་བར་བྱེད་པ་རྣམས་ལ་ལྟོས་དང ། བརྗོད་པ་ལྷ་བདག་ཅག་གིས་མཐོང་ལགས་སོ། །ལྷའི་ཚོགས་དེ་དག་རྣམས་ཐམས་ཅད་ཉིད་ནི་ཆུ་དང་བྲལ་བའི་མཆོད་རྟེན་ནོ། །དེ་ནས་གཞན་ཡང་ ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་སྨྲས་ཏེ་ལྷ་དག་དེ་བཞིན་གཤེགས་པས་འདི་དག་ངེས་པར་སྡུག་བསྔལ་དུ་གསུང་བ་ནི་གནས་ཡིན་ནོ། །བག་མེད་པས་རྣམ་པར་རྒྱུ་བའི་ལྷ་རྣམས་ནི་མངོན་པར་རིགས་པར་གྲོལ་བ་མ་ཡིན་ཏེ། སྐྱེས་བུ་རྣམས་ཀྱི་ལེགས་པར་བྱས་པའི་ལས་ རྣམས་ཀྱང་ཟད་ནས་འཆི་འཕོ་བའི་དུས་སུ་ཕྱིན་པ་དང་ཕྱི་མ་ལ་མྱུར་དུ་ལྟུང་ངོ ། །འདུ་བྱེད་ཀྱི་ལས་སྒྱུ་མ་ལྟ་བུ་རྣམས་ཀྱང་བྱིས་པ་རྣམས་ཀྱིས་གོ་བར་འགྱུར་བ་ཡང་མ་ཡིན་ནོ། །དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་སྐྱེ་བར་ལོག་པར་ལྟུང་བ་རྣམས་ཀྱང་བག་མེད་པར་ རྒྱུ་བའི་ལྷས་གོ་བ་མ་ཡིན་ནོ། །གང་གི་ཕྱིར་ལས་རྣམས་ལས་ཡིན་པ་འདི་ཡང་སྒོ་གཅིག་གིས་སྡུག་བསྔལ་བར་འགྱུར་བའི་སྐྱེ་བ་མ་བཟློག་པ་ལས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་དང ། གནས་པ་དང ། འཇིག་པའི་མཚན་ཉིད་གསུམ་དང་ལྡན་པ་འདུས་བྱས་རྣམས་ཀྱིས་རབ་ ཀྱི་མཆོག་ཏུ་གྱུར་པའི་ལས་འདི་དག་རྣམས་ཐམས་ཅད་ཀྱང་བསྡུས་པ་དང ། སྐྱེས་བུ་རྣམས་ཤིན་ཏུ་ལྷན་ཅིག་ཏུ་འཇུག་པའི་ཕྱིར་རོ། །དེ་ལ་ནི་སྐྱོན་གསུམ་གྱིས་མ་རུངས་པར་གྱུར་པ། སྡུག་བསྔལ་དུ་མ་ཕལ་པོ་ཆེའི་གནས་སུ་གྱུར་པ། མྱང་བའི་རོ་ནི་འགའ་ཞིག་ཀྱང་རྟོགས་ 70-1-155a པ་མ་ཡིན་ནོ། །མཆོག་ཏུ་སྐྱིད་པར་གྱུར་པའི་ཚོགས་བདག་ཅག་རྣམས་གང་ཡིན་པ་ལ་ཡང་འཆི་བ་ཡང་སྦྱང་བར་གྱུར་པས་སྐད་ཅིག་རེ་རེ་ཞིང་སྟེན་པར་བྱེད་དོ། །འཆི་བདག་གི་ཁས་ཀྱང་འབིགས་པར་བྱེད་དོ། །འདུ་བྱེད་འདི་དག་ཐམས་ཅད་ཀྱང་སྐད་ཅིག་པ། གསོན་པ་འདི་ཐམས་ཅད་ནི་མྱུར་བར་ལྟུང་བ། ལང་ཚོ་ཡང་གཅིག་ཏུ་དགའ་བ་མ་ཡིན་ནོ། །ཕུན་སུམ་ཚོགས་པ་རྣམས་ཡང་མྱུར་བར་འཇིག་གོ། །འབྲལ་བར་འགྱུར་བ་མཐའི་སྡུག་བསྔལ་རྣམ་པ་མང་པོ་མཆོག་ཏུ་མི་བཟད་པའི་འཆི་བདག་གང་གི་ཚེ་འདི་དག་རྣམས་ངེས་པར་རྟོགས་པར་ འགྱུར་རོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་ལྷའི་བདག་པོ་མངོན་པར་མཐོང་ནས་རབ་ཏུ་རངས་པའི་ཡིད་ཀྱིས་རིངས་པ་རིངས་པར་ཅོད་པན་རྣམ་པར་འཕྱང་བའི་ཕྲེང་བ་དང་དོ་ཤལ་དག་རྣམ་པར་དཔྱངས་པས་འཕྱང་བ། རང་གི་ལུས་ཀྱི་འོད་འཕྲོ་བས་འོད་དང་ལྡན་པར་གྱུར་པ། མཆོག་ ཏུ་རྒྱ་ཆེ་བའི་རྒྱན་དང་ཆ་བྱད་ཅན་གྱི་བུད་མེད་ཀྱི་འགྲོ་བ་སྟོང་གིས་ཡོངས་སུ་བསྐོར་ནས་རྣམ་པ་སྣ་ཚོགས་པའི་རྔ་སྐད་རྣམས་དང ། གླུ་དང ། གར་དང ། རྒོད་པ་དང ། འགྱིང་བ་རྩེ་བར་བྱེད་པས་ལྷན་ཅིག་ཏུ་མཆོག་ཏུ་སྐྱིད་པར་གྱུར་པ། རང་གིས་བྱས་པའི་དགེ་བའི་ལས་རྣམས་དང་ལྡན་པ་ རྣམ་པ་བརྒྱ་སྟོང་དུ་མའི་གཟུགས་ཀྱི་དཔལ་རྣམས་འཛིན་པར་གྱུར་པས་གང་ན་ལྷའི་མངའ་བདག་མུ་སུ་ལུན་དྷ་འདི་ཡོད་པ་དེ་དང་དེར་རིངས་པ་རིངས་པར་ཐག་བསྙེན་པར་གྱུར་ཏོ། །དེ་ནས་རྒྱལ་པོར་དེ་དག་རྣམས་རྗེས་སུ་གཞུག་པའི་དོན་གང་ན་དེ་དག་རྣམས་ཡོད་པར་འགྲོའོ། །དེ་དག་རྣམས་ཀྱང་ ཉེ་བར་འོངས་པར་གྱུར་ཏོ། །དེ་དག་རྣམས་ཀྱི་རྩེད་མོ་ལ་ལྟོས་པའི་ཕྱིར་རོ། །དེ་ནས་དེ་དག་རྣམས་དང ། ལྷ་གཞན་རྣམས་ཀྱི་ཡང་ནང་དུ་སོང་ནས་འཐབ་བྲལ་གྱི་མངའ་བདག་དེ་མངོན་པར་རྩེ་བར་བྱེད་དོ། །རྒོད་པར་བྱེད་དོ། །འགྱིང་བར་བྱེད་དོ། །ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །དེ་རྣམས་ རྗེས་སུ་གཞུག་པའི་དོན་དུ་ཡིན་གྱི་རང་བཞིན་ནི་མ་ཡིན་ནོ། །དེ་དེ་དག་རྣམས་ཀྱི་ནང་དུ་སོང་ནས་ཡུད་ཙམ་ཅིག་རྒོད་ཅིང་འགྱིང་བ་དང་རྩེད་མོ་རྩེ་བ་དག་བྱས་སོ། །དེ་དག་རྣམས་ནི་རང་བཞིན་གྱིས་སེམས་རྩབ་ཧྲལ་ཅན་ཡིན་པས་དང ། ལྷ་རྣམས་ནི་འདོད་པ་དུ་མ་ལ་རྣམ་པར་ཆགས་པའི་སེམས་ 70-1-155b ཡིན་པས་ཀྱང་གཞན་དུ་རིའི་རྩེ་མོ་རྣམས་ལ་རྗེས་སུ་སྟེན་པར་བྱེད་པ་རྣམས་དང ། བྱི་རུའི་རང་བཞིན་གྱི་ལྗོན་ཤིང་སྣ་ཚོགས་པ་རྣམས་དང་ལྡན་པ། རྣམ་པ་བརྒྱ་སྟོང་དུ་མའི་སྒྲ་དང ། དབྱིབས་དང ། འོད་ཟེར་དུ་མས་གསལ་བར་གྱུར་པ། ཁམས་དུ་མས་རྣམ་པར་བཀྲ་བའི་ རིའི་རྩེ་མོ་རྣམས་ལ་རྗེས་སུ་སྟེན་པ་རྣམས་ནི་བློ་མང་བར་གྱུར་པ་ཡིན་ནོ། །འཐབ་བྲལ་གྱི་བདག་པོ་འདི་དང་ལྷ་དེ་དག་རྣམས་ཉིད་ནི་ཕྱོགས་གཅིག་ཏུ་སྟེ། ཡུལ་དུ་མ་རྣམས་ལ་རྣམ་པར་ཆགས་པའི་ཡིད་དང་ཇི་ལྟ་བར་བྲལ་བའི་ལྷ་གང་ཡིན་པ་དེ་དག་རྣམས་ལྷན་ཅིག་ཏུ་གྱུར་པ་དེ་དག་ ལ་འཐབ་བྲལ་གྱི་མངའ་བདག་གིས་འདི་སྐད་ཅེས་བརྗོད་དོ། །ལྷ་དག་བདག་ཅག་རྣམས་ལྷ་དེ་དག་རྣམས་ཅན་དུ་འགྲོ་བར་བྱ་སྟེ། རང་གི་དོན་ལས་ལྡོག་པར་འགྱུར་བའི་ཡུལ་རྣམས་ཀྱི་དོན་གང་ཡིན་པ་ལས་ཟློག་པ་ཉིད་ཀྱིས་བདེ་ལེགས་བྱས་པར་འགྱུར་རོ། །འདི་དག་རྣམས་མི་འཇུག་ ཅིང་ཆོས་ལ་རྗེས་སུ་སྒྲུབ་པར་ནི་བདག་ཅག་རྣམས་ཀྱིས་ཅི་ནས་ཀྱང་བྱ་བ་ཡིན་ནོ། །བདེ་ལེགས་གཞན་རྣམས་དེ་ལྟར་ཉེ་བར་གོ་ནས་ལྷ་དེ་དག་རྣམས་ཉིད་དང་བཅས་ཏེ། ལྷ་རྣམས་ཀྱི་བདག་པོ་དེ་ཡིད་རབ་ཏུ་ཞི་བར་གྱུར་པས་གཞན་ཡང་གང་ན་ཚོགས་པ་རྒྱུ་བ་ན་རྣམ་པར་སྤྱོད་པའི་ལྷ་དེ་དག་ རྣམས་ཀྱི་སའི་ཡུལ་ཕྱོགས་གཞན་ཅིག་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་སྟེ། འབབ་ཆུ་དང ། རྫིང་བུ་དང ། པད་མའི་ཚལ་སྣ་ཚོགས་པ་རྣམས་ལ་བྱའི་ཚོགས་རྣམས་ཀྱིས་རྣམ་པར་བརྒྱན་པ། རྣམ་པ་སྣ་ཚོགས་པའི་རྩེ་མོ་ཉེ་བར་དུད་པར་གྱུར་པ། རིན་པོ་ཆེ་རྣམས་ཀྱི་དཔལ་ཉེ་འཁོར་ན་ རབ་ཏུ་འབར་བ་ལྟ་བུར་གྱུར་པ་དེ་ན་ཡོད་པའི་ས་ཕྱོགས་ཀྱི་ཆ་ཡིད་འཕྲོག་པར་བྱེད་པ། རྣམ་པ་དེ་སྲིད་པ་རྣམས་ཀྱིས་ནི་འཐབ་བྲལ་གྱི་བདག་པོས་ཀྱང་ངོ་མཚར་བར་བྱེད་པ། རིན་པོ་ཆེ་ཐམས་ཅད་ཀྱི་དཔལ་ཟིལ་གྱིས་མནན་ནས་ནམ་མཁའ་བརྟོལ་བ་བཞིན་དུ་མཐོ་བར་གནས་པ་རིན་པོ་ཆེ་སྣ་ཚོགས་ ཀྱི་འོད་དང་ལྡན་པ་དང ། ཉི་མ་བརྒྱ་སྟོང་དང་ལྡན་པ། མངོན་པར་གསལ་བའི་གཟི་བརྗིད་དང་ལྡན་པ། མཆོག་ཏུ་ཞི་ཞིང་ཉེ་བར་གསལ་བར་གྱུར་པ། མཆོག་ཏུ་རྣམ་པར་དབེན་པའི་སའི་ཆ་ཤས་ན་གནས་པའི་མཆོད་རྟེན་མཐོང་ངོ ། །དེ་ནས་ལྷའི་བདག་པོས་འདི་སྐད་ཅེས་སྨྲས་སོ། །རིན་ 70-1-156a པོ་ཆེ་སྣ་ཚོགས་པ་རྣམས་འབར་བར་མཐོང་བ་འདི་ནི་ཅི་ཞིག་བྱ་བ་སྟེ། སྔ་མ་བཞིན་ནོ། །དེ་ནས་ལྷ་དེ་དག་གི་དྲུང་ནས་རྣམ་པ་དེ་ལྟ་བུའི་ཚིག་རྣམས་ཐོས་ནས་འཐབ་བྲལ་གྱི་བདག་པོ་དེས་འདི་སྐད་ཅེས་བརྗོད་དེ། ཁྱེད་རྣམས་ཉོན་དང་གང་འདིར་མཐོང་བའི་རིན་པོ་ཆེ་སྣ་ ཚོགས་འབར་བར་གྱུར་པ་ཞེས་བྱ་བ་རྣམས་ནི་སྔ་མ་བཞིན་ནོ། །འདི་དག་ནི་བཅོམ་ལྡན་འདས་དྲུག་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷའི་ལྷར་གྱུར་པ། འོད་སྲུང་ གི་གདུང་རྟེན་ལྷམ་མེ་བར་གྱུར་པའོ། །མཆོད་རྟེན་གཞན་རྣམས་ལ་ནི་ཚངས་པས་གསོན་པའི་ལྷ་རྣམས་ཉིད་ཀྱིས་བརྒྱུས་པར་གྱུར་ལ། སྔོན་བསྒོམས་པའི་སེམས་དང་ལྡན་པ་རྣམས་ལ་ཕན་པའི་དོན་དུ་དང་རྗེས་སུ་འཇུག་པར་བྱ་བའི་ཕྱིར་མཆོད་རྟེན་འདིའི་རྩིག་ལོགས་ལ་བྱས་པ་རྣམས་ཡིན་ནོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་དག་རྣམས་དང་གཞན་དག་རྣམས་ཀྱི་མཆོད་རྟེན་དེ་དག་ལ་ཡང་ང་དང་ཁྱེད་ཅག་རྣམས་ཀྱང་སངས་རྒྱས་དང་ཆོས་ལ་གུས་པ་དང ། བདག་ཉིད་ལ་ཡང་ཕན་པར་འདོད་པས་ལེགས་པར་འགྲོ་བར་བྱའོ། །དེ་སྐད་ཅེས་བརྗོད་ནས་འཐབ་བྲལ་བའི་བདག་པོ་དེ་ ལྷའི་ཚོགས་དང་བཅས་པ་རྣམས་གང་ན་དྲང་སྲོང་དང་མཆོག་གི་གདུང་རྟེན་དེ་ཡོད་པ་ཡིན་པ་དེར་ཉེ་བར་སོང་བ་ན་རིན་པོ་ཆེ་སྣ་ཚོགས་འབར་བར་གྱུར་པ་དེ་ཉིད་དེ་དག་རྣམས་ཀྱིས་མཐོང་བ་ནི་སྔ་མ་བཞིན་ནོ། །དེ་ནས་ལྷ་དེ་དག་མཆོད་རྟེན་དུ་ཞུགས་པར་གྱུར་པ་ན་ལྷའི་ཚོགས་རྣམས་ཀྱིས་མཐོང་ བར་གྱུར་པ་ནི་དྲང་སྲོང་གི་མཆོག་འོད་སྲུང་གི་སྐུ་གཟུགས་འཛམ་བུའི་ཆུ་བོའི་གསེར་གྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་ཀུན་ཏུ་འབར་བའི་ན་བཟའ་དང ། བཻ་ཌཱུརྱའི་རང་བཞིན་གྱི་སེང་གེའི་ཁྲི་ལ་བཞུགས་པ་དངོས་ཁོ་ན་བཞིན་དུ་ཆོས་སྟོན་པར་མཛད་པའི་གཟུགས་ཀྱི་དངོས་པོ་དཔེ་མེད་པར་གྱུར་པའི་ རྣམ་པ་གང་གི་ཁྱད་པར་གྱིས་ནི་ལྷ་དེ་དག་རྣམས་དང ། སྲིན་བུ་མེ་ཁྱེར་དང་ཉི་མའི་ཁྱད་པར་བཞིན་དུ་དེའི་དཔལ་རྣམས་ལ་དཔེ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེའི་སྐུ་དེ་དག་གིས་མངོན་པར་མཐོང་བར་གྱུར་པ་དང ། ཡིད་ཆེས་རབ་ཏུ་བདེ་བ་སྐྱེས་ནས་གུས་པ་དང་། 70-1-156b གདུང་བས་ཀུན་ནས་མགོ་བོས་བཏུད་དེ། ཅོད་པན་དང་ཕྲེང་བ་དང་བྲལ་བ། མེ་ཏོག་གི་ཕྲེང་བ་དང་བྲལ་བ། གཟུགས་དང ། དབང་ཕྱུག་དང ། འོད་ཀྱི་རྒྱགས་པ་རྣམས་དང་བྲལ་བ། དྲི་དང་བྲལ་བ། འདོད་པ་དང་བྲལ་བས་བཅོམ་ལྡན་འདས་དེའི་ཞབས་གཉིས་ལ་རབ་ཏུ་ བཏུད་དོ། །གུས་པས་མགོ་བོ་བཏུད་པས་དེས་དེ་བཞིན་དུ་མངོན་པར་ཕྱག་འཚལ་ནས་གཞན་ཡང་རྒྱགས་པ་རྣམས་དང་བྲལ་བས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ནས་ལངས་ཏེ་ཐམས་ཅད་ཀྱང་ཡིད་རྩེ་གཅིག་པར་གྱུར་ཅིང་རང་བཞིན་གྱིས་མི་གཡོ་བ་ཡང་མ་ཡིན་ པས་རིན་པོ་ཆེ་དུ་མས་རྣམ་པར་བརྒྱན་པ། གཟུགས་དཔེ་མེད་པ་དང་ལྡན་པས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་མཆོད་རྟེན་དེའི་ནང་དུ་སོང་ནས་ལས་ཀྱིས་བྱས་པ་རྣམས་ལ་སེམས་པས་ལྟ་བར་བྱེད་དོ། །དེ་ནས་དེ་ཉིད་ཀྱི་ལོགས་ལ་རྫུ་འཕྲུལ་གྱིས་རྩིག་པའི་སྟེང་དུ་ལེགས་པར་ གསལ་བར་གྱུར་པའི་ཡི་གེར་བྲིས་པའི་མདོ་སྡེ་ལྷ་དང་མི་རྣམས་ལ་ཕན་པའི་དོན་དང ། འགྲོ་བ་ཐམས་ཅད་ལ་མཆོག་ཏུ་ཕན་པའི་དོན་དུ་འགྱུར་བར་ཡང་མདོ་ཤིན་ཏུ་གསལ་བའི་ཡི་གེར་གྱུར་པ། ཚིག་དང་དོན་བཟང་པོར་གྱུར་པ། མྱ་ངན་ལས་འདས་པར་འགྲོ་བ་སྟོན་པ། བྱིས་པའི་ བློ་དང་ལྡན་པའི་བྱིས་པའི་སྐྱེ་བོ་རྣམས་ཐམས་ཅད་ལ་སྒྲོན་མར་གྱུར་པ་ཡིན་ནོ། །དེ་ནས་མདོ་འདིའི་སྟེང་དུ་བྲིས་པ་ཡིན་ཏེ། འདུལ་བར་བྱེད་པ། བདེ་ལེགས་སུ་བྱེད་པ། མར་མེ་ལྟ་བུར་གྱུར་པ། གདམས་ངག་ཏུ་གྱུར་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལེགས་པར་སྟོན་པར་བྱེད་ པར་གྱུར་པ། རབ་ཏུ་བྱུང་བ་རྣམས་ཐམས་ཅད་ཀྱི་མཁན་པོ་ལྟ་བུར་གྱུར་པ་བསླབ་པའི་གཞི་རྣམས་ཡིན་ནོ། །འདི་ལྟ་སྟེ། ཆོས་བཅུ་གསུམ་པོ་འདི་དག་རྣམས་ཀྱིས་ནི་གང་དག་དགེ་སློང་ཡིན་པ་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་རོ། །བསམ་གཏན་ལ་སྙོམས་པར་འཇུག་པ་དང ། མྱ་ངན་ ལས་འདས་པར་འགྲོ་བ་དང ། རང་གི་བྱ་བ་རྣམས་ཀྱང་ཡོངས་སུ་བཅོམ་པར་འགྱུར་རོ། །ཆོས་བཅུ་གསུམ་པོ་འདི་དག་རྣམས་རྗེས་སུ་སྒྲུབ་པར་བྱེད་པའི་དགེ་སློང་དེ་དག་ནི་ནད་དང ། རྒ་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་ 70-1-157a བདེ་བ་དང ། ངལ་དུབ་རྣམས་ལས་དེ་ཡོངས་སུ་མི་འགྲོལ་ལོ། །བརྒྱ་ཕྲག་ཏུ་ཡང་འཕྱ་བར་བྱ་བའི་གནས་སུ་འགྱུར་རོ། །འདིའི་རབ་ཏུ་བྱུང་བ་དོན་མེད་པ་ཡིན་ནོ། །ལུས་དང ། ངག་དང ། ཡིད་ཀྱང་བསྡམས་པར་འགྱུར་བ་མ་ཡིན་ནོ། །བརྩོན་འགྲུས་མ་བརྩམས་པ་གང་ ཡིན་པ་རྣམས་ལ་ནི་གནས་མལ་དང ། ནད་ཀྱི་གསོས་སྨན་གྱི་ཡོ་བྱད་རྣམས་ལས་གཅིག་ཀྱང་ངས་བྱིན་དུ་མ་གནང་ངོ ། །དེ་དག་གིས་དེའི་བར་དུ་གཅོད་པར་འགྱུར་རོ། །འདི་ལྟ་སྟེ། མདོག་ངན་པ་དང ། ལེ་ལོ་ཅན་དང ། སྔར་མར་གྱུར་པ་དང ། མངོན་པར་མི་ཤེས་པའི་སྐྱེས་བུ་རྣམས་ ཀྱིས་ནི་རྒྱགས་པའི་ཤུགས་ཀྱིས་ཟབ་པར་གྱུར་པ་བཟོད་པར་དཀའ་བ་རྣམས་ལས་རྒལ་བར་མི་ནུས་སོ། །དེ་ཁོ་ན་བཞིན་དུ་རང་བཞིན་གྱིས་བརྩོན་འགྲུས་ཉམ་ཆུང་བར་གྱུར་པ། སེམས་བསྡམས་པ་མ་ཡིན་པ། ལེ་ལོ་ཅན་བསམ་གཏན་ལ་སྙོམས་པར་འཇུག་པ་ན་དགེ་བ་ལ་འཇིགས་པ་བླུན་ པར་གྱུར་པ་དང ། རང་བཞིན་གྱིས་མ་རིག་པས་གཡོགས་པ་རྣམས་ཀྱིས་ནི་ཆུ་བོ་ལྔ་ལེགས་པར་རྒལ་ནུས་པ་ཡང་མ་ཡིན་ནོ། །ཡུལ་གྱི་ཆུ་མི་བཟད་པའི་རྩེ་མོར་གྱུར་པ་རྣམས་ལེགས་པར་རྒལ་ནུས་པ་ཡང་མ་ཡིན་ནོ། །དེ་དེས་ཀུན་ནས་འཁྲིད་པ་ཡིན་ཏེ། སྙིང་ཡང་སྲེད་པའི་ཆུ་ཀླུང་གིས་ཁྱེར་ནས་ འཁོར་བའི་རྒྱ་མཚོར་ཡོངས་སུ་འཁྱམ་མོ། །ཆོས་བཅུ་གསུམ་པོ་དེ་དག་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚོགས་པ་འདུས་པ་དང ། སྨན་པ་དང ། རི་མོའི་ལས་དང ། ཐོས་པ་ངན་པ་སྙན་དངགས་སྡེབ་པ་དང ། རྒྱུ་སྐར་འགྲང་བ་དང ། རྒྱུ་མཚན་གྱི་སེམས་དང ། རྗེས་སུ་རྙེད་པ་དང་བཀུར་ སྟིར་ཁས་ལེན་པ་དང ། གསེར་འགྱུར་ལ་སེམས་རྩེ་གཅིག་པའི་ཤ་ཟ་དང ། རྒྱལ་པོའི་ཞབས་འབྲིང་བྱེད་པ་དང ། བདེ་བར་ཕེའུ་བཏབ་པ་ཁས་ལེན་པ་དང ། མི་འདྲི་བ་དང ། གྲོགས་པོ་མང་པོ་དང ། འདྲེ་བར་གནས་པ་སྟེ། ཆོས་བཅུ་གསུམ་པོ་དེ་དག་རྣམས་ཀྱིས་དགེ་སྦྱོང་དག་བསམ་ གཏན་བྱེད་པར་གྱུར་པ་ན་བར་དུ་གཅོད་པར་བྱེད་པར་འགྱུར་རོ། །དེ་སྟེང་ནས་ལྷུང་ནས་རང་གི་དོན་ལས་ཉམས་པར་འགྱུར་རོ། །དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་ཡང་སྐྱེའོ། །འདིས་རབ་ཏུ་བྱུང་བ་ནི་དོན་མེད་པར་འགྱུར་རོ། །དེ་ཁྱིམ་པ་མ་ཡིན་ནོ། །རབ་ཏུ་བྱུང་བ་ཡང་ 70-1-157b མ་ཡིན་ནོ། །དགེ་བའི་ལས་རྣམས་ཡོངས་སུ་སྤངས་པར་གྱུར་པ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྨད་པར་གྱུར་པ། དུང་གི་སྒྲ་དང་མཚུངས་པར་སྤྱོད་པ་ཡིན་ནོ། །ཐོས་པ་མེད་པ་དང་ཤེས་པ་མེད་པའི་ཕྱིར་ན་འདིའི་ཡིད་ཀྱིས་བསམས་པའི་མྱ་ངན་ལས་འདས་པར་འགྲོ་ བ་ཡང་འགྲུབ་པར་མི་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་སྤོང་བར་བྱེད་དོ། །དེ་ལ་འདི་དང་པོ་ཁོ་ནར་བསམ་གཏན་ལ་སྙོམས་པར་ཞུགས་པ་ན་རྣམ་པར་སྲེག་པར་གྱུར་ནས་མཆོག་ཏུ་ཡང་ཡིད་རྣམ་པར་གཡེང་བར་བྱེད་པ། ལྟུང་བ་རྣམས་ལ་ཤིན་ཏུ་དགའ་བར་གྱུར་པ། ཕྱི་ནས་འགྱོད་པར་བྱེད་པ་པོ་ རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་རྣམ་པར་སྤང་བར་བྱ་བ་འདི་ལྟ་སྟེ། ཚོགས་པ་འདུས་པ་ལ་དགའ་བའོ། །ཚོགས་པ་འདུས་པ་ལ་དགའ་བ་ཡང་སེམས་མ་བསྡམས་པ་ཡིན་ནོ། །མ་བསྡམས་པར་སྤྱོད་པ་རྣམས་ཀྱང་རང་བཞིན་གྱིས་རྒོད་པར་འགྱུར་བའི་ཕྱིར་ན་རྟག་ཏུ་ཡང་ཡིད་ཀྱིས་ཀུན་བརྗོད་ པར་འགྱུར་རོ། །སེམས་ཤིན་ཏུ་རྣམ་པར་གཡེང་བ་རབ་ཏུ་གཡོ་བའི་རྟོག་པ་རབ་ཏུ་གཡོ་བའི་བློ་དང་རྣམ་པ་དེ་ལྟ་བུ་ཉིད་ལ་སྟེན་པར་བྱེད་པ་དང ། གང་དག་ལ་ཡོད་པ་གང་ཡིན་པའི་སེམས་རྣམ་པར་གཡེང་བར་གྱུར་པ་ན་གང་རྟག་ཏུ་ཡང་གར་དང་བྲོ་ལ་དགའ་བས་ཀུན་ཏུ་ལྟར་འགྲོ་བ་ལ་སོགས་པས་ དེ་མ་བསྡམས་པ་ཁོ་ནར་རྟག་པར་སྤྱོད་པར་འགྱུར་ཏེ། གྲོང་ཁྱེར་དང ། ཡུལ་ཆུང་དང ། གྲོང་དང ། གྲོང་རྡལ་དུ་འགྲོ་བར་བྱེད་དོ། །རྟག་ཏུ་ཡང་སྤྲོ་བས་ལྟ་བ་པོར་འགྱུར་རོ། །ཚོགས་པ་འདུས་པ་རྣམས་ལ་ཀུན་ཏུ་ལྟ་བ་དེ་དག་རྣམས་ལྷན་ཅིག་ཏུ་འགྲོགས་ནས་རྒྱུན་དུ་ཡུལ་ནས་ཡུལ་དུ་འགྲོ་བར་བྱེད་དོ། ། ཐམས་ཅད་དུ་འགྲོ་བར་བྱེད་ཅིང་མ་བསྡམས་པར་གྱུར་པས་རྟག་ཏུ་ཡང་ཁ་ན་མ་ཐོ་བའི་ཚིག་བརྗོད་པ་ལ་མངོན་པར་དགའ་བ་ལ་གཅིག་ཏུ་ཞུགས་པའི་བློ་ནི་ཉིན་མོ་དང་མཚན་མོར་ཡང་སྡོད་པ་མ་ཡིན་ནོ། །དེ་ནི་བློ་རྣམ་པར་གཡེང་བར་གྱུར་པ་ཐོས་པ་དང་མི་ལྡན་པ་ཡིན་ཏེ། གཞན་གྲོགས་ ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་རྣམ་པར་སྨོད་པར་བྱེད་དོ། །དེ་ལ་བཤེས་པར་གྱུར་པ་ཡང་བདག་ཉིད་རང་གིས་ཀུན་ཏུ་མི་རྟོགས་སོ། །དེ་དག་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱི་དྲུང་ན་ཡིད་ཀྱི་བྱ་བ་བྱེད་དོ། །དེ་ལུས་ཞིག་པར་གྱུར་པ་ན་ངན་སོང་ལོག་པར་ལྟུང་བར་ལྷུང་ནས་དམྱལ་བར་ 70-1-158a སྐྱེའོ། །གཞན་ཡང་ཚོགས་པ་འདུས་པ་ལ་སྐྱོན་ཆེན་པོ་རྣམས་ཡོད་དེ། ཚོགས་པ་འདུས་པ་ལ་མངོན་པར་དགའ་བའི་དགེ་སློང་ངན་པ་ཚུལ་ཁྲིམས་འཆལ་བ་རྟག་ཏུ་ཚོགས་པ་འདུས་པ་ལ་མངོན་པར་དགའ་བའི་སྒྲ་རྣམས་ཉན་པར་བྱེད་པ་ནི་རྒོད་པར་འགྱུར་རོ། །མ་ བསྡམས་པ་བློ་རབ་ཏུ་མ་ཞི་བ་དེའི་བློ་ལ་ལྟོས་ནས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་དབང་ཆེ་བར་འགྱུར་ཏེ། རྙེད་པ་དང་བཀུར་སྟིས་ཟིལ་གྱིས་མནན་པར་གྱུར་པའི་ཕྱིར་རོ། །གཞན་ཡང་རབ་ཏུ་བྱུང་བས་གཞན་དག་རྣམས་ཁ་དྲག་པའི་སྐྱོན་ཡོད་དོ། །གཞན་ཡང་ཚོགས་པ་འདུས་པའི་སྐྱོན་ རྣམས་གང་ཞེ་ན། འདི་ལྟ་སྟེ། བདག་ཉིད་རང་ཤིན་ཏུ་ཚོགས་པ་འདུས་པ་པོ་ཡིན་པས་རབ་ཏུ་བྱུང་བ་གཞན་དག་རྣམས་ཀྱང་ཚོགས་པ་འདུས་པ་དེ་ལ་དགའ་བ་ཁོ་ནར་བྱེད་དོ། །དམ་པའི་ཆོས་ལས་ཡོངས་སུ་ཉམས་པར་བྱེད་དོ། །དེ་ལ་འདིས་བདག་ཉིད་རང་ཆུད་གཟན་ནས་གཞན་རྣམས་ ཡང་ཆུད་གཟོན་པར་བྱེད་དོ། །བདག་ཉིད་རང་ཡོངས་སུ་ཉམས་པར་འགྱུར་བའི་བསམ་པ་ལ་སྦྱོར་རོ། །རྣམ་པ་དེ་ལྟ་བུའི་སེམས་ཅན་དེ་ནི་དགེ་འདུན་ཐམས་ཅད་ཀྱིས་སྤང་བར་བྱ་སྟེ། འདིས་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱང་ཆུད་གཟོན་པར་བྱེད་དོ། །ཚུལ་ཁྲིམས་ཅན་ གྱིས་འདི་ཡོངས་སུ་སྤང་བར་བྱ་སྟེ། སྡིག་པའི་གྲོགས་པོའི་རང་བཞིན་ཅན་འདི་ནི་ཚངས་པ་མཚུངས་པར་སྤྱོད་པ་ཐམས་ཅད་ཀྱིས་རྣམ་པར་སྨད་པ་ཡིན་ནོ། །གཞན་ཡང་ཚོགས་པ་འདུས་པའི་སྐྱོན་རྣམས་ནི་གང་གི་ཕྱིར་ཚོགས་པ་འདུས་པ་རྣམས་ནི་རྣམ་པ་སྣ་ཚོགས་པ་ཡིན་ནོ། །གང་ གི་ཕྱིར་ཚོགས་པ་འདུས་པ་རྣམས་ནི་སྒྲ་སྣ་ཚོགས་པ་ཡིན་ནོ། །རྣམ་པར་བཀྲ་བ་སྣ་ཚོགས་པའི་སྒྲ་རྣམས་ཀྱིས་སེམས་དགའ་བར་བྱེད་པ་ཡང་ཡིན་ཏེ། སྒྲ་ལ་ཤིན་ཏུ་ཆགས་པས་དེ་དག་ལ་ཡིད་བརྟན་པར་གྱུར་ནས་ཆེས་རབ་ཏུ་གཡོ་བར་གྱུར་པའི་ཡིད་ཀྱིས་དགའ་བ་མངོན་པར་ རྫོགས་པར་བྱེད་དོ། །ཆགས་པར་གྱུར་པའི་བློ་དད་པ་མེད་པ་དེ་ནི་དོན་གང་ལ་ཡང་དད་པར་མི་འགྱུར་རོ། །གང་དག་ཆོས་མ་ཡིན་པའི་ཆོས་རྣམས་ལ་འཇུག་པར་བྱེད་དོ། །དེ་དེ་ལ་ཡང་དད་པར་མི་བྱེད་དོ། །དེ་བདེ་བས་རྐྱེན་དང་བཅས་པའི་ལོག་པར་ལྟུང་བ་ཀུན་ཏུ་སྤྱོད་པར་བྱེད་པ་ 70-1-158b ཡིན་ནོ། །དེ་དེ་ལ་ཡང་ལོག་པར་སྨྲ་བར་འགྱུར་རོ། །དེ་ལུས་ཞིག་ནས་ཤི་བར་གྱུར་པའི་འོག་ཏུ་ངན་སོང་དུ་ལོག་པར་ལྷུང་ནས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཚོགས་པ་འདུས་པ་འདིའི་ཡལ་ག་གྱེས་པ་རྣམས་ནི་སྐྱོན་ཆེན་པོ་མང་བར་འགྱུར་རོ། །དེ་ནས་དེའི་དུས་ན་བཅོམ་ལྡན་ འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། འཆིང་བ་དུ་མའི་ཚིག་རྐང་ལྡན། །ཡིད་ནི་རྣམ་པར་གཡེང་བྱེད་པ། །ཚངས་པར་སྤྱོད་པ་ཆུད་གཟོན་པའོ། །མྱ་ངན་འདས་འགྲོ་སུན་འདོན་པའོ། །རྟེན་ཅིང་རྟག་ཏུ་སྦྱོར་བྱེད་པ། །རང་བཞིན་གྱིས་ནི་ཚུལ་ཁྲིམས་ སྤངས། །བསམ་གཏན་མངོན་དགའ་དེ་ཉིད་མཐོང ། །རྟག་ཏུ་དེ་ནི་ཡོངས་སུ་སྤངས། །རྒོད་པའི་རྩ་བ་གཅིག་ལས་ནི། །ཡིད་ལ་བྱེད་པ་རབ་ཆུད་གཟོན། །མྱ་ངན་འདས་པ་གསལ་སྟོན་པའི། །ཚངས་པར་སྤྱོད་པ་ཆུད་གཟོན་པའོ། །སྡུག་བསྔལ་ལས་ནི་ཟློག་བྱེད་པ། །མཐོ་ རིས་ལམ་ལས་ཉམས་བྱེད་པོ། །ཕོ་ཉ་ཡི་དགས་འཇིག་རྟེན་གྱིས། །དུད་འགྲོའི་སྐྱེ་གནས་སུ་སྐྱུར་བ། །འཁོར་བ་མ་ལུས་ཀུན་གྱི་མ། །ཚོགས་པ་འདུས་པའི་མིང་ཡང་སྤོངས། །བསམ་གཏན་སྙོམས་འཇུག་ཡང་དག་ལྡན། །དགེ་སློང་ཡིད་ནི་དག་རྣམས་ཀྱིས། །དེ་ལྟར་བཅོམ་ ལྡན་འདས་འོད་སྲུང་དྲང་སྲོང་གི་མཆོག་དེས་ཚོགས་པ་འདུས་པའི་སྐྱོན་འདི་དག་རྣམས་གསུངས་སོ། །གཞན་ཚོགས་པ་འདུས་པ་མ་ཡིན་པའི་ཡོན་ཏན་རྣམས་སྟོན་པར་མཛད་དེ། དགེ་སློང་གང་དག་སེམས་ཤིན་ཏུ་མཉམ་པར་བཞག་པར་གྱུར་པ་དམ་པའི་ཆོས་འབའ་ཞིག་ལ་ མངོན་པར་དགའ་བ། དམ་པའི་ཆོས་འབའ་ཞིག་སྟོན་པར་བྱེད་པ། དམ་པའི་ཆོས་ཉིད་སེམས་པར་བྱེད་པ། དམ་པའི་ཆོས་རྟོགས་པར་འགྱུར་བ། སངས་རྒྱས་ལ་རབ་ཏུ་འདུད་པར་བྱེད་པའི་རང་བཞིན་ཅན་དུ་གྱུར་པ་དེ་དག་རྣམས་ཀྱིས་ནི་གང་བལྟ་བར་བྱ་བའི་ཞབས་དྲུང་ དེ་དག་ཉིད་མཐོང་བར་འགྱུར་རོ། །ཚོགས་པ་འདུས་པའི་སྲིད་པ་རྣམས་ལས་གྲོལ་བ། རྩེ་གཅིག་ཏུ་དགའ་བར་གྱུར་པ། གཅིག་ཏུ་འཁོར་བའི་འཇིགས་པ་རྣམས་ཀྱིས་སྐྲག་པ། གཞན་དུ་ན་དེ་དག་རྣམས་ཀྱི་ངག་གི་ངལ་བ་འབྲས་བུ་དང་བཅས་པ་ནི་གང་འཕགས་ 70-1-159a པའི་བདེན་པ་བཞིའོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་གཏམ་ཡང་རྗོད་པར་བྱེད་དོ། །དེ་དག་རྣམས་ཀྱི་ལུས་ངལ་བ་དོན་ཡོད་པ་ནི་གང་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་ཐལ་མོ་སྦྱོར་བའི་ལས་ཀྱིས་རབ་ཏུ་བཏུད་དེ་ལུས་ ཀྱིས་ཀྱང་སྐྱོ་བ་སྐྱེའོ། །དེ་དག་རྣམས་བདག་ཉིད་ངལ་བའི་ཡིད་ཀྱི་ངལ་བ་འབྲས་བུ་དང་བཅས་པར་གྱུར་པ་ནི་རང་གི་མཚན་ཉིད་དང ། སེམས་ཀྱི་སྤྱིའི་མཚན་ཉིད་རྣམས་ལ་ཡིད་འབྱུང་བར་བྱེད་པའོ། །དེ་དག་རྣམས་ཀྱི་ཡོངས་སུ་ངལ་བ་འབྲས་བུ་དང་བཅས་པ་རྣམ་པ་གསུམ་ པོ་རྣམས་ཀྱིས་ཇི་ལྟར་ན་མྱ་ངན་ལས་འདས་པ་དང་ཉེ་བར་འཇུག་པ་ཡིན་ཞེ་ན། གང་དག་ཡོངས་སུ་གོམས་པར་བྱེད་པའི་ཐབས་ཐམས་ཅད་ཀྱིས་ཚོགས་པ་འདུས་པ་ལ་དགའ་བར་མི་བྱེད་ཅིང་སྡིག་པའི་གྲོགས་པོ་རྣམས་སྟེན་པར་མི་བྱེད་པ། ཡིད་ལེགས་པར་སྡོམ་པར་བྱེད་པ་ དང ། ཡིད་ཤིན་ཏུ་བར་ཡང་མཉམ་པར་གཞག་པར་ཡང་གསུམ་གྱིས་ཏེ། འདི་དག་རྣམས་ཀྱིས་ནི་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདའི།གསུམ་པོ་རྣམས་གང་ཞེ་ན། འདི་ལྟ་སྟེ། དབུགས་རྔུབ་པ་དང ། འབྱུང་བ་དྲན་པ་དང ། མི་སྡུག་པ་དང ། ཁམས་ཀྱི་རབ་ ཏུ་དབྱེ་བའོ། །དེ་ལ་ཐམས་ཅད་ཉིད་ཀྱང་ལམ་དེ་དག་རྣམས་ལས་སེམས་མཉམ་པར་བཞག་པར་འགྱུར་རོ། །སེམས་མཉམ་པར་བཞག་པ་མ་ཡིན་པ་རྣམས་དང ། སེམས་མཉམ་པར་འཇོག་པར་མི་བྱེད་པ་ཡང་ཚོགས་པ་འདུས་པ་སྟེ། ལམ་གསུམ་སུན་འདོན་པར་ བྱེད་པ་ཡང་ཡིན་ནོ། །དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་འགྲོ་བར་བྱེད་པའི་ཞགས་པར་གྱུར་པ་ཐབས་མ་ཡིན་པས་ཀུན་ནས་བཅིངས་ནས་སྐྱེས་བུ་དམྱལ་བ་རྣམས་སུ་རྒྱུག་པར་བྱེད་དོ། །ཡི་དགས་དང ། དུད་འགྲོའི་འགྲོ་བ་ཡང་སྟེ། དེ་དག་ རྣམས་ནི་ཚོགས་པ་འདུས་པ་ལ་དགའ་བས་བསླུས་པ་ཡིན་ནོ། །དེའི་ཕྱིར་ཚོགས་པ་འདུས་པ་ནི་དུག་དང ། མཚོན་ཆ་དང ། མེ་དང ། གཅན་གཟན་ཁྲོ་བོ་དང ། གཡང་ས་རྣམས་བཞིན་དུ་བློ་དང་ལྡན་པའི་དགེ་སློང་བསམ་གཏན་ལ་སྙོམས་པར་འཇུག་པ་རྣམས་ཀྱིས་ 70-1-159b རྟག་ཏུ་ཡོངས་སུ་སྤང་བར་བྱའོ། །བག་མེད་པའི་སྐྱེས་བུ་མང་པོ་རྣམས་ཚོགས་པ་འདུས་པ་གང་ཡིན་པས་བསླུས་ཏེ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་རྣམས་བག་མེད་པར་གྱུར་པ་ཡང་ལན་གྲངས་གཞན་ལ་མྱོང་ བར་འགྱུར་བའི་ལས་ཀྱིས་གར་དང་གར་བྱེད་པ་རྔ་ཛྷ་ལ་ལ་ཀ་དང ། གླུ་མཁན་དུ་གྱུར་པ་གཞན་གྱི་ཁྱིམ་གྱི་སྒོར་བཀྲེན་པར་གྱུར་པའི་སློངས་མོ་ནན་དང་བྲལ་བས་སྲང་དང་སྒོར་ཡོན་གྱིས་འཚོ་བར་འགྱུར་བ་ཡིན་པས་ན་ཚོགས་པ་འདུས་པ་ནི་སྦྲུལ་མཐོང་བ་དུག་ཅན་དང ། ཚོགས་པ་འདུས་པ་ནི་མེས་སྲེག་པ་དང ། ཚོགས་པ་འདུས་པ་ནི་དོང་དུ་ལྷུང་བ་དང ། ཚོགས་པ་འདུས་པ་ནི་གཏི་མུག་གིས་རྣམ་པར་རྨོངས་པ་དང ། ཚོགས་པ་འདུས་པ་ནི་འདོད་ཆགས་ཀྱིས་ཀུན་ཏུ་འདོད་ཆགས་པ་དང ། ཚོགས་པ་འདུས་པ་ནི་ཟོ་ཆུན་རྒྱུད་མོ་རྣམ་ པར་འཕྲུལ་པ་དང ། ཚོགས་པ་འདུས་པ་ནི་རྣམ་པར་རྨོངས་པར་བྱེད་པ་དང ། ཚོགས་པ་འདི་ནི་མུན་པའི་ཕུང་པོ་བཞིན་དུ་དུ་མར་རྣམ་པར་རྒྱལ་བ་མ་ཡིན་པར་བྱེད་པ་ཡིན་པས་འཇིགས་པ་གཅིག་པོ་དང ། གཅིག་ཏུ་སྲིད་པས་འཇིགས་པར་གྱུར་པ་རྣམས་དང ། གཅིག་ ཏུ་དེ་ཁོ་ན་ལ་ལྟ་བ་ལ་མངོན་པར་བརྩོན་པ་རྣམས་ཀྱིས་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། རབ་ཏུ་ཞི་བའི་དགོན་པ་རྣམས་ལ་དང ། སྒྲའི་ཅ་ཅོ་རྣམས་སྤངས་པས་རབ་ཏུ་ཞི་བར་གྱུར་པ་རྣམས་སུ་དང ། ཤེས་བྱ་ཉི་མ་སྟེན་པར་བྱེད་པ་རྣམས་སུ་དང ། རིའི་མཐོངས་རྣམས་སུ་ དང ། ཤིང་གི་དྲུང་རྣམས་སུ་དང ། ཕུག་གི་སྒོ་རྣམས་ལ་དང ། བསོད་ནམས་སུ་གྱུར་ཅིང་བསོད་ནམས་སུ་གྱུར་པའི་སྒྲ་མེད་པ་རྣམས་སུ་གཅིག་པུ་ཞིག་དབེན་པར་སོང་ལ། ཀུན་ནས་གཅུམ་པའི་ཡིད་རྩེ་གཅིག་གིས་ཉོན་མོངས་པའི་མཆོག་རྣམས་ལས་ཀྱང་ངེས་ པར་རྣམ་པར་རྒྱལ་བར་གྱིས་ཤིག་།དེ་ལྟར་ཁྱེད་རྣམས་ཡིད་ལེགས་པར་ལས་སུ་རུང་བར་གྱིས།ཡིད་ཤིན་ཏུ་རབ་ཏུ་ཞི་བར་གྱུར་པ་དང ། ཚོགས་པ་འདུས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང ། རང་གི་སྐྱེ་བོ་དང ། གྲོགས་བཤེས་དང ། གཉེན་ 70-1-160a འབྲེལ་རྣམས་འགྲོ་བ་དང་།འོང་བས་ཀུན་ཏུ་ཕྲད་པའི་ཚོགས་པ་འདུས་པའི་ཞེན་པ་དང་རྣམ་པར་བྲལ་བ་དང ། སྤྲོ་བ་མེད་པར་གཅིག་པུ་དགའ་བ་དང ། བསམ་གཏན་ལ་བསམ་པ་གཏན་པར་དང ། གནས་པས་ཕྱིན་ཅི་ལོག་བཞི་དང་ བྲལ་བ་དང ། དབུགས་འབྱུང་བ་དང་རྒྱུ་བ་རྣམ་པ་བཅུ་དྲུག་དྲན་པའི་ངང་ཚུལ་གྱིས་ཉིན་མེད་མཚན་མེད་དུ་ཡང་ཤིན་ཏུ་ལེགས་པར་བརྩམས་པས་འཁོར་བའི་འཆིང་བ་ལས་འབྲོས་པར་བྱེད་པའི་ཕྱིར་ཡང་སྟེ། དེ་ལྟ་བུ་དེས་གོ་འཕང་གི་མཆོག་འཐོབ་པར་གྱུར་པ་ནི་ གང་ཤིན་ཏུ་སྔབ་ནས་ཀྱང་མཐོང་མ་མྱོང་བའི་བདེ་ལེགས་སུ་གྱུར་པ་ཡིན་ལ། ཚོགས་པ་འདུས་པ་ལ་མངོན་པར་དགའ་བས་ཀྱང་ནི་མ་ཡིན་ནོ། །ཐོས་པ་དང་མི་ལྡན་པ། བློ་བརྟན་པོ་མ་ཡིན་པ་བརྟན་པོར་རྒྱུ་བ་མ་ཡིན་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེས་ པ། ལེ་ལོ་ཅན་དུ་གྱུར་པ་རྣམས་དེ་ལྟར་ཆོས་གཅིག་པོ་འདི་གཞོམ་པར་གྱིས་དང ། འདི་ལྟ་སྟེ། ཚོགས་པ་འདུས་པ་ཞེས་བྱ་བའོ། །གཉིས་པ་ཡང་རབ་ཏུ་སྤང་བར་བྱ་ཞིང་སྤྱད་པར་ནི་མི་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། སྨན་པ་བྱེད་པའོ། །དགེ་སློང་དག་ བསམ་གཏན་བྱེད་པར་གྱུར་པ་ན་བར་དུ་གཅོད་པར་འགྱུར་རོ། །དེ་སྨན་པ་བྱེད་པར་གྱུར་པ་ན་གཞན་དུ་བྱེད་ཅིང་གཞན་དུ་སྨྲ་བར་འགྱུར་རོ། །དེ་ནད་པ་རྣམས་ལ་སེམས་སྟེར་བར་མི་བྱེད་དོ། །བློ་དེ་ལ་སོང་བ་ཡིན་ནོ། །དེ་དེ་ལྟར་བྱེད་པ་ན་འདོད་པ་རབ་ཏུ་སྟོབས་དང་ལྡན་པར་ འགྱུར་རོ། །དེ་འདོད་པས་ཟིལ་གྱིས་མནན་པར་གྱུར་ནས་སེམས་ཀྱིས་སྤྱོད་པར་བྱེད་པ་སྟེ། ཇི་ལྟར་ཕྱིར་ཞིང་ཉིད་ཀྱང་ནད་རྣམ་པ་དུ་མར་སྟོབས་དང་ལྡན་པར་གྱུར་ན་དེས་སེམས་ཅན་རྣམས་ལ་གཟེར་ཟུག་བྱེད་དོ། །གཞན་ཡང་རྣམ་པ་མང་དུ་ང་ལ་རྙེད་པ་དང་བཀུར་སྟི་འོང་བར་འགྱུར་ རོ། །དེས་བདག་གིས་གྲོང་རྣམས་ནས་གྲོང་དུ་དང ། གྲོང་ཁྱེར་རྣམས་ནས་གྲོང་ཁྱེར་དུ་དང ། ཡུལ་ཆུང་རྣམས་ནས་ཡུལ་གྱི་ལྗོངས་རྒྱུ་བའི་སྒོ་ནས་ངས་མང་དུ་བསྡུ་བར་བྱའོ་ཞེས་དེ་ལྟར་བསམས་པར་གྱུར་པས་བརྣབ་སེམས་འཕེལ་བར་འགྱུར་རོ། །དེ་བརྣབ་སེམས་ཀྱིས་ 70-1-160b ཟིལ་གྱིས་མནན་པར་གྱུར་པའི་ཡིད་ཅན་དྲི་མ་རྣམས་ཤིན་ཏུ་དཔྱོད་པར་བྱེད་པ་པོ་ཡིན་གྱི་བསམ་གཏན་ལ་སྙོམས་པར་འཇུག་པ་སེམས་པ་པོར་ནི་མི་འགྱུར་རོ། །དགེ་བ་རྣམས་ལ་སྤྱོད་པར་མི་འགྱུར་རོ། །གཞན་ཡང་སྨན་པ་བྱེད་པ་ན་སྐྱོན་ཆེན་པོ་རྣམས་ཡོད་དེ། དགེ་སློང་མ་ཡིན་ པ་དགེ་སློང་དུ་དམ་འཆའ་བ་གང་གི་ཚེ་རླུང་ལ་སོགས་པའི་ནད་རྣམས་ཀྱིས་སྲོག་ཆགས་རྣམས་ཟིལ་གྱིས་མནན་པར་གྱུར་པ་ན་དེའི་ཚེ་རྫས་ལུང་འབོགས་པར་བྱེད་དེ། ཇི་ལྟར་མྱུར་བར་གྱུར་པར་མར་ནག་ལ་མར་ནག་གི་སྐོལ་སྦྱོར་བྱེད་དོ། །གལ་ཏེ་མེད་པར་གྱུར་ན་དེས་ཏིལ་ ཀུན་ནས་བཙིར་ཞིང་ཏིལ་རྣམས་ཀུན་ཏུ་འཚིར་བར་བྱེད་དོ། །ཏིལ་ཀུན་ཏུ་བཙིར་བར་གྱུར་པ་ལས་ཀྱང་སྲོག་གཅོད་པ་ཆེན་པོ་འབྱུང་བར་འགྱུར་ཏེ། སྲིན་བུའི་ཚོགས་ཆེན་པོ་ཁ་བཏག་པར་འགྱུར་རོ། །འདི་ནི་སྐྱོན་གཞན་ཡིན་ཏེ། དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་ པ་པོས་ནད་རྣམས་མ་གཏོགས་པར་ཤ་བཀའ་སྒོ་བར་བྱེད་དོ། །གསར་པར་གྱུར་པ། མཚོན་གྱིས་བསད་པ། ཤིན་ཏུ་ཚིལ་ཅན་མ་ཡིན་པ། ཤི་བ་མ་ཡིན་པ། ནད་དང་གཅོང་གིས་ཤིན་ཏུ་བཅོམ་པ་མ་ཡིན་པ། ནད་དང་གཅོང་གིས་ཉེ་བར་ཉམས་པ་མ་ཡིན་པ། དུག་གིས་ ཤི་བ་མ་ཡིན་པ། གཅན་གཟན་གྱིས་བསད་པ་མ་ཡིན་པ། སྐམ་པོ་མ་ཡིན་པ། རྗུད་པ་མ་ཡིན་པ་དེ་ལྟ་བུ་རྣམས་སུ་སྒོ་བར་བྱེད་དོ། །བཀའ་སྒོ་བར་བྱེད་པའི་དོན་གྱིས་སྲོག་གཅོད་པ་བདག་ལ་འབྱུང་ངོ ། །གང་གིས་སྲོག་གཅོད་པ་བཀའ་སྒོ་བར་བྱེད་པ་དང ། གང་བྱེད་ པ་དང ། དེ་གཉིས་ཀ་ཡང་ལས་མཉམ་པའི་ཕྱིར་ན་དང ། བརྣབ་སེམས་དང ། གནོད་སེམས་ཀྱི་སྐྱོན་གྱིས་དམྱལ་བ་ཡང་སོས་སུ་འགྲོ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་པས་ཀྱང་སྨན་པ་མི་བྱའོ། །ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་གདོན་དུ་གྱུར་པ། རྐུན་མ་ སྐྱེས་བུ་སྡིག་ཅན་སྨན་པའི་སྐྱོན་གཞན་ནི་གང་ནད་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་པ་ན་དེའི་ཚེ་གང་ཡང་གྲོང་གཞན་དང་གཞན་སོ་སོ་ཐ་དད་པ་རྣམས་ཀྱི་ཤིང་ལྗོན་པ་དང ། འཁྲི་ཤིང་དང ། ཤིང་གེལ་པ་རྣམས་ཀྱང་དེས་ནོར་གྱི་དོན་དུ་སྟེ། སེམས་ཅན་གྱི་གནས་ཀྱིས་ཀུན་ཏུ་བསྡུས་པ། 70-1-161a ནང་ན་ཉེ་བར་གནས་པའི་སྲིན་བུ་རྣམས་ཀྱིས་རྟེན་དུ་གྱུར་པ་རྣམས་ནོར་གྱི་དོན་དུ་དང་པོ་ཁོ་ནར་རྐོ་བར་བྱེད་པའམ། གཅོད་པར་བྱེད་པ་ཡང་བྱེད་དོ། །དེས་བརྐོས་པར་གྱུར་པ་ན་ས་ལ་གནས་པར་གྱུར་པའི་སྲོག་ཆགས་ཤུན་པ་དང་རྩ་བ་ལ་རྟེན་པ་རྣམས་འཛིན་ པར་བྱེད་པ་དང ། ཚད་རྣམས་ཀྱང་རབ་ཏུ་བཤིག་པར་བྱེད་དོ། །གཅོད་པས་ནི་དེའི་ནང་ན་གནས་པའི་སྲིན་བུ་རྣམས་ཀྱང་གསོད་པར་བྱེད་དོ། །དེའི་ཚེ་རྟེན་པར་གྱུར་པའི་སྲོག་ཆགས་རྣམས་ཀྱང་གསོད་པར་འགྱུར་རོ། །འདི་ནི་སྨན་པ་བྱེད་པ་རྣམས་ཀྱི་སྐྱོན་གཞན་ཡིན་ནོ། །དེ་དེ་ ལྟར་འཚོ་བ་ངན་པར་གྱུར་པ་ཆོས་མ་ཡིན་པ་དང ། ཡང་དག་པར་ལྡན་པའི་ཡིད་ཅན་རྣམས་ནི་བསམ་གཏན་ལ་སྙོམས་པར་འཇུག་པ་ལ་ཇི་ལྟར་དགའ་བར་འབྱུང་བར་འགྱུར་ཏེ། དེ་ནི་རྗེས་སུ་ཆགས་པའི་ཡིད་ཅན་ཡིན་ནོ། །གཞན་ཡང་སེམས་ངན་པ་ལ་སྐྱོན་སྟོབས་དང་ལྡན་པར་འགྱུར་ཏེ། དེ་བཞིན་དུ་བསམ་པ་ངན་པ་ལ་སེམས་པའི་སྡིག་པ་ཅན་དེ་ཡང་ཆོས་མ་ཡིན་པ་ཡུལ་འཁོར་འཇོམས་པ་སེམས་པར་བྱེད་དོ། །ཇི་ལྟར་སེམས་ཅན་རྣམས་ཡུལ་ལྗོངས་རྣམས་འཇོམས་པར་འབྱུང་བར་འགྱུར་བ་དེའི་ཚེ། དེ་ལས་བདག་ལ་མཆོད་པར་འགྱུར་བ་དང ། རྫས་དང ། ཟས་དང ། སྐོམ་དང ། སྟན་དང ། གནས་མལ་དང ། རབ་ཏུ་ཕལ་ཆེ་བའི་རྙེད་པ་དང་བཀུར་སྟི་འབྱུང་བར་འགྱུར་རོ། །འདོད་པས་ཉེ་བར་བཅོམ་པར་གྱུར་པའི་བློ་དེ་དགེ་བ་རྣམས་ལ་སེམས་པར་མི་བྱེད་དོ། །བསམ་གཏན་ལ་སྙོམས་པར་འཇུག་པའི་རང་བཞིན་ཅན་ ཡང་མ་ཡིན་ནོ། །བླ་མ་དག་ལ་ཉེ་བར་སྟེན་པར་མི་བྱེད་དོ། །དགེ་བའི་བཤེས་གཉེན་རྣམས་དང་འགྲོགས་པར་མི་བྱེད་དོ། །སངས་རྒྱས་ལ་ཕྱག་འཚལ་བའི་རང་བཞིན་ཅན་མ་ཡིན་ནོ། །བྱ་བ་ངན་པ་བྱེད་པ་དེ་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་ བར་འགྱུར་རོ། །དེ་དེ་ལས་འཆི་འཕོས་ནས་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ལེགས་པར་བྱས་པ་རྣམས་ཀྱིས་མིར་སྐྱེས་ན་ཡང་སྨན་པ་ངན་པ་དེའི་ལས་རྣམས་ཀྱི་མཐུས་དེ་རྟག་ཏུ་ནད་པ་དབུལ་པོ་དང་ཚེ་ཐུང་བར་ཡང་འགྱུར་རོ། །སྨན་པ་བྱེད་པའི་སྐྱོན་གཞན་ 70-1-161b རྣམས་ནི་ཡང་རླུང་དང ། མཁྲིས་པ་དང ། བད་ཀན་དེ་དག་རྣམས་ནི་གང་གི་ཕྱིར་ཐ་མལ་པ་ཡིན་པའི་ཕྱིར་ན་བསྒྲུབ་པར་བླ་བ་ཡིན་ལ་ཐོག་མ་མེད་པའི་དུས་ནས་འཇུག་པར་འགྱུར་བ་ལུས་དང་ལྷན་ཅིག་ཏུ་འགྲོགས་པར་གྱུར་པའི་ངན་སོང་དུ་འགྲོ་བ་རྣམས་ནི་རྟོགས་པར་ཡང་མི་འགྱུར་ རོ། །སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་དེ་ནི་འཇིགས་པར་འགྱུར་བའི་ལུས་འཆོས་པར་བྱེད་ཀྱི། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨིག་བགོས་ཏེ། རབ་ཏུ་བྱུང་བར་གྱུར་པ། གང་གི་དོན་དུ་རབ་ཏུ་བྱུང་བར་གྱུར་ནས་ཀུན་ ནས་སྤོང་བས་འདོད་ཆགས་ཞེ་སྡང་གཏི་མུག་གིས་ཐོག་མ་མེད་པའི་དུས་ནས་འཇུག་པའི་ལུས་སྲེག་པ་འཆོས་པར་མི་བྱེད་དོ། །གང་གིས་ཀྱང་འདི་དག་སྲེག་པར་འགྱུར་བ་དེས་ཀྱང་གང་གི་ཕྱིར་ལུས་རྣམས་བསྲེགས་པས་ཤིན་ཏུ་སྲེག་པར་བྱེད་པ་དང ། རྣམ་པར་ཆུད་གཟན་ཞིང་ རྣམ་པར་ཆུད་གཟོན་པར་བྱེད་དོ། །ཕྱི་བཞིན་རྗེས་སུ་འབྲེལ་ནས་ལམ་དུ་འགྲོ་བ་ན་འགྲོགས་པར་བྱེད་པའི་སྐྱོན་ཆེན་པོ་གསུམ་པོ་འདོད་ཆགས་ཞེ་སྡང་གཏི་མུག་དེ་དག་རྣམས་ཡོངས་སུ་བཏང་ནས་གཞན་རྣམས་ལ་ཀུན་ཏུ་འཕོ་བར་བྱེད་པ་དེའི་རབ་ཏུ་བྱུང་བ་དོན་མེད་པར་འགྱུར་ རོ། །གསོ་བ་ངན་པའི་སྐྱེས་བུ་རང་གི་སེམས་ཀྱིས་ཡོངས་སུ་བསླུས་པ་སྐྱེས་བུ་གཏི་མུག་ཅན་བསླུས་པར་གྱུར་པ་ཡང་ཡིན་ཏེ། དཔེར་ན་བློ་གྲོས་དམན་པའི་སྐྱེས་བུ་འགའ་ཞིག་རྩ་བ་མེད་པ། གྲོགས་མེད་པ། ནོར་མེད་པར་སྟོབས་དང་ལྡན་པའི་དགྲ་ཞིག་འོངས་པར་གྱུར་ ན་དགྲ་དེ་ནི་འདིས་བརྩད་པར་བྱ་བ་དག་གིས་བྱ་བར་མི་ནུས་སོ། །སྟོབས་ཀྱིས་ཀྱང་བཟློག་པར་མི་ནུས་ཏེ། དགྲ་བོ་འདི་ནི་ཤིན་ཏུ་སྟོབས་དང་ལྡན་པས་དེ་བརྟན་པ་དང་ལྡན་པར་འགྱུར་རོ། །ཐོས་པ་དང་མི་ལྡན་པའི་བྱིས་པ་སོ་སོའི་སྐྱེ་བོ་དེ་རྣམས་ཀྱིས་དགྲ་དེའི་འཇིགས་པ་མ་བརྩིས་ པར་དམན་པའི་སྐྱེས་བུ་གཞན་དགྲ་འཇིགས་པས་སྐྲག་ཅིང་ལྷན་ཅིག་ཏུ་དབང་དུ་གྱུར་ནས་འགྲོགས་པར་བྱེད་དོ། །དེ་དེ་ལྟར་དྲན་པ་ངན་པ་ཤེས་རབ་འཆལ་བ། ལེ་ལོ་ཅན་སྐྱེས་བུ་བག་མེད་པར་གྱུར་པ། སོང་ཞིང་འཐུངས་པར་བྱེད་པ་ཇི་སྲིད་དུ་གཞན་གྱི་ཆུང་མ་དང་བག་མེད་པ་ 70-1-162a རྣམས་སྟེན་པར་བྱེད་པ་འདི་དག་ནི་དགེ་སློང་ངན་པ་དགེ་སློང་དུ་ཁས་འཆེས་པ་རང་གི་དགྲ་རྣམས་བཟོད་པར་བྱེད་དོ། །སྟོབས་ཆེན་པོས་བརྩོན་པ་དུ་མས་ཀྱང་འཇིག་རྟེན་ལས་འདས་པའི་ཕྱི་བཞིན་རྗེས་སུ་འབྲང་བར་འགྱུར་བས་ཟིལ་གྱིས་མནན་ནས་ དེས་ཤིན་ཏུ་སྤྲོ་བའི་གནས་ལ་འདྲིས་པར་བྱེད་ཅིང་རྣམ་པར་རྟོག་པ་དང་མཉམ་པར་འཇུག་པ་གང་ཆེས་སྟོབས་དང་ལྡན་པས་རྗེས་སུ་འབྲང་བ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་བཟོད་པར་བྱས་ནས་གང་དག་ལུས་རབ་ཏུ་བྱུང་བར་གྱུར་པ། རང་གི་སྐྱེ་བོ་དང ། གྲོགས་པོ་དང ། བུ་མོ་རྣམས་ཡོངས་སུ་སྤངས་པས་རབ་ཏུ་བྱུང་བའི་ཡིད་བོར་ཏེ། རྫས་ཀྱི་རྒྱུས་གཞན་དག་གི་དབང་གིས་ལྷན་ཅིག་ཏུ་འགྲོ་བར་བྱེད་དོ། །ཇི་ལྟར་ང་ནི་ཁྱེད་རྣམས་ལ་རླུང་དང ། བད་ཀན་དང ། མཁྲིས་པ་རྣམས་དགྲར་འདོད་དོ། །དེ་དག་རྣམས་བདག་ཅག་གིས་འདི་ལྟར་གོ་བར་བྱ་སྟེ། ཡིད་རྣམ་པར་དཀྲུག་པར་བྱེད་པ་དང ། འཆི་བདག་གི་རྒྱལ་པོ་ཡང་གསུམ་དུ་འགྲོ་བའི་དགྲ་གསུམ་པོ་འདི་དག་རྣམས་ཡིན་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཞེ་སྡང་གཏི་མུག་གང་ཡིན་པ་འདིས་འདོད་པའི་ཐག་པས་བཅིངས་ནས་ཤིན་ཏུ་བག་མེད་པར་འཇིག་རྟེན་ཕ་རོལ་ཏུ་འཁྲིད་ པར་བྱེད་དོ། །དོན་གྱི་མཆོག་ལ་བག་མེད་པ་ནོར་གྱི་འདོད་པ་རབ་ཏུ་སྟོབས་ཆེ་བ་རྣམས་ཀྱིས་བློ་སྡུག་བསྔལ་བར་བྱེད་པ་ཡིན་པ་དེའི་ཕྱིར་སྐྱོན་དེ་དག་རྣམས་གོ་བར་གྱིས་ལ་སྨན་པ་མ་བྱེད་ཅིག་།གལ་ཏེ་འགའ་ཞིག་འཆོས་པའི་སྨན་པ་བྱེད་ན་གང་གཞན་དག་རྣམས་སུ་དེ་བདེ་བར་མི་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། བད་ཀན་ལ་སོགས་སྐྱོན་མ་ཡིན། །སྐྱོན་གཞན་འདོད་ཆགས་ལ་སོགས་འདོད། །བད་ཀན་སོགས་ཀྱིས་ངན་སོང་དུ། །ཡིད་ཅན་སྐྱེ་བར་འགྱུར་མ་ཡིན། །སེམས་ཀྱི་སྐྱོན་རྣམས་འདི་དག་གིས། །ངན་སོང་སྟོན་པར་བྱེད་པ་ ཡིན། །དེ་ཕྱིར་དེ་དག་ཞི་བ་ཉིད། །མཆོག་ཡིན་བད་ཀན་སོགས་འདིར་མིན། །ཐོག་མཐར་མཆོག་ཏུ་ལེགས་པར་ནི། །ཆགས་ལ་ཀུན་བསྟན་འཐོབ་པ་མིན། །གང་སེམས་སྨན་པ་དེ་སྨན་པ། །ལུས་ཀྱི་སྨན་པ་སྨན་པ་མིན། །ཡིད་འཆོས་པ་ནི་ཤེས་པར་དཀའ། །དེ་བཞིན་མིན་འདོད་འཇིག་ 70-1-162b རྟེན་པའི། །དེ་ལྟར་བཅོམ་ལྡན་འདས་འོད་སྲུང་གིས་རྒྱུ་འདིས་ན་རབ་ཏུ་བྱུང་བས་སྨན་པ་མ་བྱེད་ཅིག་ཅེས་གསུངས་སོ། །སྨན་པ་བྱེད་པ་ལ་སྐྱོན་གཞན་ཡང་ཡོད་པ་ནི་འདི་ལྟ་སྟེ། སྨན་པ་བྱེད་པ་ན་སྐྱོན་དུ་མ་འཕེལ་བར་འགྱུར་ཏེ། འདོད་པས་ཟིལ་གྱིས་གནོན་པར་བྱེད་དོ། ། ཕྱིར་རྩོད་པར་བྱེད་པར་འགྱུར་ལ་སྨན་པ་གཞན་དེ་ལ་སྨད་ར་ཡང་སྨྲ་བར་བྱེད་དོ། །འཚོ་བ་རྣམས་ཡང་ཉེ་བར་འཇོམས་སོ། །དེ་ལ་འདི་དག་རབ་ཏུ་སྐྱེ་སྟེ། ཤིན་ཏུ་ཡང་ཡི་དགས་སུ་སྐྱེ་བའི་རྒྱུ་བྱེད་དོ། །དེ་ལྟར་དྲི་མ་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་བའི་སེམས་གཡོ་བས་ གཏི་མུག་སྟོབས་ཆེ་བར་འགྱུར་རོ། །དེ་གཏི་མུག་གིས་ཟིལ་གྱིས་མནན་པས་བུད་མེད་ཀྱི་འགྲོ་བ་ལེགས་པར་མངོན་པར་མཐོང་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཁྲིད་པར་འགྱུར་རོ། །བློ་གྲོས་རྨོངས་པ་དེ་བུད་མེད་དག་མངོན་པར་མཐོང་ནས་འདོད་ཆགས་ཀྱི་ཟིལ་ གྱིས་གནོན་ནོ། །སྐྱོན་དེ་དག་རྣམས་བད་ཀན་ལ་སོགས་པ་དེ་དག་ལ་མེད་དོ། །འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་ལ་བཅོས་གྱིས་དང ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་འགྲོ་བ་རྣམས་ཀྱི་རྒྱུར་གྱུར་པའི་སྟོབས་ཆེ་བ་ཡིན་གྱིས། དེ་ཡང་དེ་ལྟར་གྱུར་པས་བུད་ མེད་ཀྱི་འགྲོ་བ་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཁྲིད་པར་འགྱུར་རོ། །དྲན་པ་རྨོངས་པ་དེ་བུད་མེད་དག་མཐོང་ནས་འདོད་ཆགས་ཀྱི་ཟིལ་གྱིས་གནོན་པར་འགྱུར་རོ། །རབ་ཏུ་བྱུང་བ་རྣམས་ཀྱིས་འདོད་ཆགས་ལ་སོགས་པ་རྣམས་རྟག་ཏུ་རྟོགས་པ་ལ་རབ་ཏུ་བརྩོན་པར་བྱའི་ བད་ཀན་ལ་སོགས་པ་རྣམས་ནི་མ་ཡིན་ནོ། །འདི་དག་ནི་ཆོས་གཞན་གཉིས་པ་ཡིན་ཏེ། དགེ་སྦྱོང་མྱ་ངན་ལས་འདས་པ་ལ་ཁ་ཕྱོགས་པས་མི་བྱ་སྟེ། བསམ་གཏན་ལ་སྙོམས་པར་ཞུགས་པ་ན་རྣམ་པར་སྲེག་པར་བྱེད་པའི་ཕྱིར་རོ། །གཞན་ཡང་ཆོས་གསུམ་པ་ ཡོངས་སུ་སྤང་བར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། རི་མོའི་ལས་བྱེད་པའོ། །རི་མོའི་ལས་བྱེད་པའི་རབ་ཏུ་བྱུང་བ་རྣམས་ནི་འདོད་ཆགས་ཀྱིས་རབ་ཏུ་འབྱུང་བར་བྱ་བ་ཡིན་ཏེ། ཁ་དོག་གི་འདུ་ཤེས་ཅན་གྱིས་འདོད་ཆགས་གཞན་སྐྱེད་པར་བྱེད་པ་ཡིན་ནོ། །ལས་རྣམ་པ་སྣ་ཚོགས་པ་ 70-1-163a རྣམས་ཀྱིས་འཇིག་རྟེན་འདི་བོར་ནས་ཁ་དོག་སྣ་ཚོགས་པར་གྱུར་པ་གཞན་རྣམས་བྱེད་དོ། །སེམས་རྣམ་པར་བཀྲ་བ་རྣམས་མངོན་པར་མི་ཤེས་པར་གཞན་ཁ་དོག་རྣམ་པ་སྣ་ཚོགས་པ་རྣམས་དེ་བྱེད་དོ། །དེ་ལ་རབ་ཏུ་བྱུང་བ་རྣམས་ཀྱིས་རྟག་པ་ཁོ་ནར་ལས་ རྣམ་པ་སྣ་ཚོགས་པ་རྣམས་ཤེས་པར་བྱ་སྟེ། སེམས་རི་མོ་མཁན་གྱིས་དོན་དམ་པའི་ཚོན་ཆེན་པོ་ལྔས་འགྲོ་བ་ལྔ་ཚོན་གྱིས་བསྒོ་བར་བྱེད་དོ། །ཇི་ལྟར་སེམས་རི་མོ་མཁན་དང ། ཚོན་ཆེན་པོ་ལྔ་པོ་རྣམས་གང་ཞེ་ན། མཆོག་ཏུ་རྒྱ་ཆེ་བའི་དད་པ་ལ་སོགས་པ། དཀར་པོའི་ལས་ རྣམས་ཤིན་ཏུ་སྦྱངས་པའི་ཁ་ནས་དང ། འདུན་པས་རབ་ཏུ་སྦྱིན་པ་མདུན་དུ་བྱས་པས་མཆོག་ཏུ་རྒྱ་ཆེ་བར་གྱུར་པ་དྲི་མ་རྣམས་དང ། སེར་སྣའི་དྲི་མ་དང་རྣམ་པར་བྲལ་བར་གྱུར་པ། མཆོག་ཏུ་དགའ་བའི་ཡིད་ཀྱིས་ཚུལ་ཁྲིམས་ཀྱི་རི་ལ་ལེགས་པར་ལངས་པའི་ཚུལ་ཁྲིམས་ཀྱིས་ལྷ་ རྣམས་རྣམ་པར་བཀྲ་བར་སེམས་རི་མོ་མཁན་གྱིས་བྲིས་པའོ། །གཞན་ཡང་དགེ་སྦྱོང་གིས་སེམས་ཀྱི་ལས་འདི་དག་ཉེ་བར་གཟུང་བར་བྱའོ། །འདི་ལྟ་སྟེ། མི་རྣམས་ནི་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པའི་ལས་རྣམས་ཀྱི་ཚོན་མང་པོས་རྣམ་པར་བཀྲ་བར་བྱས་ སོ། །དེ་ལ་གང་དག་ནོར་རྣམས་དང་ལྡན་པ་དང ། མཆོག་ཏུ་ཚུལ་ཁྲིམས་དང་ལྡན་པ་དེ་དག་རྣམས་ཀྱང་མཆོག་ཏུ་དཀར་བའི་ལས་ཀྱི་ཚོན་རྣམས་ཀྱིས་རྣམ་པར་བཀྲ་བར་བྱས་སོ། །གང་ཡང་མཆོག་ཏུ་ནོར་རྣམས་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པ་དེ་དག་ནི་ནག་པོ་དང་དཀར་པོ་གཉིས་ ཀྱི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་སོ། །གང་དག་ནོར་ཆུང་བ་ཚུལ་ཁྲིམས་དང་ལྡན་པ་དེ་དག་ནི་དཀར་པོ་དང་དམར་བའི་ཚོན་གཉིས་ཀྱིས་རྣམ་པར་བཀྲ་བར་བྱས་སོ། །གང་དག་དབུལ་པོ་ཚུལ་ཁྲིམས་འཆལ་བ་དེ་ནི་ནག་པོའི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་སོ། །གང་དག་བརྩོན་འགྲུས་ དམན་པ་འདོད་ཆགས་སྟོབས་ཆེ་བ་དེ་ནི་ནག་པོ་དང་དབུལ་པོའི་ཚོན་དག་གིས་རྣམ་པར་བཀྲ་བར་བྱས་སོ། །གང་དག་གཟུགས་དང་ལྡན་པ་མཆོག་ཏུ་རིགས་བཟང་བར་གྱུར་པ་དེ་རབ་ཏུ་དང་བའི་ཚོན་དཀར་པོས་མངོན་པར་བྲིས་སོ། །གང་དག་བར་མའི་རིགས་སུ་སྐྱེས་པ་དེ་དག་ནི་དམར་ 70-1-163b པོའི་ཚོན་གྱིས་མངོན་པར་བྲིས་སོ། །གང་དག་ཉུང་བར་གྱུར་པ་དེ་དག་ནི་ནག་པོའི་ལས་རྣམས་ཀྱི་ཚོན་གྱིས་སེམས་རི་མོ་མཁན་གྱིས་མངོན་པར་བྲིས་སོ། །གང་ཡང་རྒྱལ་པོའམ་རྒྱལ་པོའི་བློན་པོ་ལེགས་པར་བྱས་པའི་ལས་རྣམས་འདས་ནས་མདུན་དུ་མི་དགེ་བ་མང་པོ་རྣམས་ བྱེད་པར་གྱུར་པ་དེ་དག་རྣམས་ཀྱི་དཀར་པོའི་མདོག་འདི་དག་རྣམས་ནི་ཉམས་ནས་ཀྱང་ནག་པོ་ཉེ་བར་འཕེལ་བར་འགྱུར་རོ། །གང་ཡང་དབུལ་པོར་གྱུར་པ་རིགས་ཤིན་ཏུ་དམན་པར་སྐྱེས་པ་དེའི་ཁ་དོག་ནག་པོའི་ལས་བྱས་པ་རྣམས་ནི་ནུབ་པར་གྱུར་ནས་ཀྱང་དཀར་པོའི་མདོག་རྣམས་ཀྱང་ རབ་ཏུ་འབྱུང་བར་འགྱུར་རོ། །གང་ཡང་བར་མའི་རིགས་སུ་གྱུར་པ་གཟུགས་ཕུན་སུམ་ཚོགས་པ་དང ། ལས་ཀྱང་བར་མ་རྣམས་བྱེད་པར་གྱུར་པ་དེ་དག་རྣམས་ནི་སེམས་རི་མོ་མཁན་གྱིས་དཀར་པོ་དང་དམར་པོ་དག་གིས་བཀྲ་བར་བྱས་སོ། །དེ་ལྟར་ཚོན་དུ་མ་རྣམས་ཀྱིས་མིའི་འཇིག་རྟེན་མཆོག་ ཏུ་བཀྲ་བར་གྱུར་པས་མཆོག་ཏུ་བཀྲ་བར་མངོན་པར་བྲིས་སོ། །གཞན་ཡང་འགྲོ་བ་གཞན་ལ་རྣམ་པར་བལྟ་བར་བྱ་སྟེ། གང་དག་ཅེ་ན། འདི་ལྟ་སྟེ་དམྱལ་བའི་འོ་དམྱལ་བ་རྣམས་ཡང་སེམས་རི་མོ་མཁན་གྱིས་གཉིས་ཀྱིས་མངོན་པར་བྲིས་པར་གྱུར་པ་ལ་འདི་ལྟ་སྟེ། སེར་པོ་དང་ནག་པོས་ཀྱང་ངོ ། །དེ་ལ་ ཇི་ལྟར་སེར་པོས་ཡིན་ན་འདི་ལྟ་སྟེ། ཞེ་སྡང་ངོ ། །ཚོན་ནག་པོས་ཡང་འདི་ལྟ་སྟེ། ཕྲག་དོག་གོ། །དམན་པ་དང་བར་མར་གྱུར་པའི་དམྱལ་བར་སྐྱེས་པ་རྣམས་ནི་མདོག་གཉིས་ཉིད་ཁོ་ནས་རྣམ་པར་བཀྲ་བར་བྱས་པར་གྱུར་པ་འདི་ལྟ་སྟེ། སྔོན་པོ་དང་ནག་པོ་དག་གིས་སོ། །དེ་ལྟར་དམྱལ་བ་རྣམས་ཚོན་ རྣམས་ཀྱིས་རྣམ་པར་བཀྲ་བར་བྱས་པ་ངེས་པར་རྟོགས་པར་གྱུར་པ་དང ། ཡང་འགྲོ་བ་གཞན་ལ་རྣམ་པར་བལྟ་བར་བྱ་སྟེ། གང་ཞེ་ན། འདི་ལྟ་སྟེ། ཡི་དགས་རྣམས་སོ། །ཡི་དགས་རྣམས་ཀྱང་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་སྟེ། ཕྲག་དོག་དང་སེར་སྣ་དག་གིས་རྣམ་པར་བཀྲ་བར་གྱུར་པའོ། ། དེ་དག་རྣམས་ནི་ནག་པོའི་ཚོན་རྣམས་ཉིད་ཀྱིས་ཀྱང་རྣམ་པར་བཀྲ་བར་བྱས་ཏེ། ཁ་དོག་ནག་པོར་གྱུར་པའི་མུན་པ་རྣམས་ན་རྒྱུ་ཞིང་སྤྱོད་པར་འགྱུར་རོ། །བཀྲེས་པ་དང་སྐོམ་པས་བསྲེགས་པའི་ཡི་དགས་རྣམས་ནི་ལས་ནག་པོ་དང་ནག་པོའི་ལུས་དེ་དག་ཐམས་ཅད་ཉིད་ཀྱང་ལས་གཅིག་གི་ཚོན་གྱིས་རྣམ་ 70-1-164a པར་བཀྲ་བར་བྱས་པའོ། །གཞན་ཡང་དུད་འགྲོ་རྣམས་ཀྱང་ལས་གང་དག་གི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་པ་ཡིན་ན། ནག་པོ་དང་དམར་པོའོ། །དེ་ལ་གང་དག་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ཕན་ཚུན་དུ་འཇིགས་པས་འཇིགས་པར་གྱུར་པ་དེ་དག་རྣམས་ ནི་ནག་པོའི་ཚོན་ཉིད་ཀྱིས་རྣམ་པར་བཀྲ་བར་བྱས་སོ། །གང་ཡང་ཕན་ཚུན་དུ་འཇིགས་པས་འཇིགས་པར་གྱུར་པ་དེ་ནི་དམར་པོའི་ཚོན་རྣམས་ཉིད་ཀྱིས་སེམས་རི་མོ་མཁན་གྱིས་བཀྲ་བར་བྲིས་སོ། །དེ་དག་རྣམས་ཀྱང་གཞལ་དུ་མེད་པའི་དུད་འགྲོ་རྣམས་ཡིན་ཏེ། ཕན་ཚུན་དུ་གསོད་པ་དང་འཆིང་ བས་འཇིགས་པར་གྱུར་པ་དེ་དག་རྣམས་ཀྱང་མདོར་བསྡུ་ན་ནམ་མཁའ་ལ་རྒྱུ་བར་གྱུར་པ་རྣམས་ལས་གང་དག་ཤ་ཟ་བར་བྱེད་པ་ཡང་འདི་ལྟ་སྟེ། རྨ་བྱ་དང ། བྱེའུ་ལཱ་བ་ཀ་དང ། ངང་པ་ལ་སོགས་པའོ། །ས་གཞི་ལ་སྤྱོད་པ་ཡང་བ་ལང་དང ། མ་ཧེ་ཥཱ་དང ། ཕག་པ་དང ། ནགས་ཕྱུགས་ལ་ སོགས་པའོ། །ཆུ་ལ་རྒྱུ་བ་ཡང་ཉ་ལ་སོགས་པ་སྟེ། དེ་དག་རྣམས་ནི་ནག་པོའི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་སོ། །གང་དག་གསོད་པའི་འཇིགས་པ་ཅན་མ་ཡིན་པ་དེ་དག་རྣམས་ནི་དམར་པོའི་ཚོན་གྱིས་བཀྲ་བར་བྱས་ཏེ། དཔེར་ན་མཐོ་རིས་ཀྱི་བྱ་རྣམས་སོ། །དེ་ལྟར་འགྲོ་བ་ལྔ་པོ་དེ་དག་ ཕལ་ཆེར་ཚོན་སྣ་ལྔས་བཀྲ་བར་བྱས་སོ། །ཀྱེ་མ་དེ་ཉིད་དཔྱོད་པར་བྱེད་པས་ཉམ་ཐག་པར་ཆུད་པའི་མཆོག་ཏུ་སྡུག་བསྔལ་བ་སྡུག་བསྔལ་སྔར་ནུབ་པར་གྱུར་པ། བག་མེད་པར་རྗེས་སུ་ཚོལ་བར་གྱུར་པས་ཕན་ཚུན་དུ་གནོད་པར་བྱེད་པས། བཀྲེས་པ་དང་སྐོམ་པས་བྱས་པའི་སྡུག་བསྔལ་རྣམས་ཀྱིས་ ཉེ་བར་བཅོམ་པར་གྱུར་པའོ། །དེས་དེ་ལྟར་རྣམ་པར་ངོ་མཚར་བ་རྣམས་ལ་མ་སྤྱད་པར་ཉམས་སྨད་པ་དང ། ལེ་ལོ་ཅན་དུ་གྱུར་པ་བསམ་གཏན་སྒོམ་པའི་རང་བཞིན་ཅན་མ་ཡིན་ལ། སེམས་རི་མོ་མཁན་མི་ཤེས་པར་རང་གི་སྐྱེ་བ་ལས་གཞན་དུ་གྱུར་པའི་རི་མོ་རྣམས་སེམས་པར་བྱེད་དོ། །རབ་ཏུ་བྱེད་དོ། །དེ་ ལ་མཆོག་ཏུ་ཡང་རྣམ་པར་བཀྲ་བར་གྱུར་པ་དེ་དག་ཉིད་ནི་འདི་ལྟ་སྟེ། འཁོར་བའི་སྐྱེ་བ་དང ། རྒ་བ་དང ། འཆི་བ་དང ། མི་སྡུག་པ་རྣམས་དང་ཕྲད་པ་དང ། སྡུག་པ་རྣམས་དང་འབྲལ་བ་དང ། གྲང་བ་དང ། ཚ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། ཕན་ཚུན་མི་དགའ་བར་བྱེད་པ་དང ། དགའ་བར་བྱེད་ 70-1-164b པའི་རྟག་ཏུ་གར་བྱེད་པར་གྱུར་པའི་བདེ་བ་དང་སྡུག་བསྔལ་རྣམས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང ། མི་རྣམས་སུ་སྣ་ཚོགས་པའི་ལས་ཀྱི་གོ་འཕང་བྲིས་པར་གྱུར་པའི་འཁོར་བ་ངོ་མཚར་བ་དེ་དོན་དུ་གཉེར་བ་ཡང་མ་ཡིན་ནོ། །ཡིད་ལ་མི་བྱེད་པས་སྐྱོ་བ་མི་སྐྱེའོ། །ཇི་སྲིད་དུ་གཞན་ བསམ་གཏན་ལ་སྙོམས་པར་འཇུག་པ་ན་རྣམ་པར་འཚིག་པར་འགྱུར་བའི་རི་མོ་གཞན་བྱེད་དོ། །དགེ་སྦྱོང་རྣམ་པར་འཚིག་པར་གྱུར་པའོ། །གཞན་ཡང་རིམ་པ་གཞན་དག་གིས་མཆོག་ཏུ་རྣམ་པར་བཀྲ་བའི་འཁོར་བ་ལ་དཔྱོད་པར་བྱེད་དེ། ཇི་སྲིད་ཚོན་གཞན་རྣམས་ཀྱིས་རྣམ་པར་བཀྲ་བར་བྱས་པ་ལ་ དཔྱོད་པར་བྱེད་དོ། །འདི་ལྟ་སྟེ། རྣམ་པར་བཀྲ་བར་གྱུར་པའི་ཡུལ་རྣམས་དང་ཉེ་བར་འབྲེལ་བར་གྱུར་པ་གང་གིས་བཅིངས་པའི་སེམས་དུས་ཡུན་རིང་དུ་དམྱལ་བ་དང་།ཡི་དགས་དང ། དུད་འགྲོའི་འགྲོ་བ་རྣམས་ལ་ཡོངས་སུ་འཁྱམ་མོ། །ཇི་ལྟར་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་མིག་ གིས་གཟུགས་སྡུག་པ་ཡིད་དུ་འོང་བར་གྱུར་པ་ཡུལ་གྱི་འདོད་ཆགས་སྐྱེད་པར་བྱེད་པ་རྣམས་མཐོང་བར་གྱུར་ན་དེ་དེ་དག་རྣམས་ལ་ཆགས་པར་འགྱུར་རོ། །དེ་དག་ནི་ནག་པོའི་ཚོན་གྱིས་བྱུགས་པ་ཡིན་ནོ། །དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་ གཟུགས་དེ་དག་ཉིད་མིག་གིས་མངོན་པར་མཐོང་བར་གྱུར་ནས། འདི་ལྟར་སེམས་པར་བྱེད་དེ། ཇི་ལྟར་གཟུགས་འདི་དག་རྣམས་ནི་མི་རྟག་པ་མི་བརྟན་པ་ཡོངས་སུ་མི་འགྱུར་བའི་ཆོས་མ་ཡིན་པས་ན་ཆོས་ཙམ་དུ་གྱུར་པའི་འཁོར་བ་འདི་ལ་འདོད་ཆགས་པར་མི་བྱའོ། །དེའི་ཚེ་དཀར་པོའི་ཚོན་ རྣམས་ཀྱིས་བསྐུས་ནས་ལྷ་དང་མིར་སྐྱེ་བར་འགྱུར་བ་དང ། གང་མྱ་ངན་ལས་འདས་པར་འགྲོ་བར་ཡང་འགྱུར་རོ། །དེ་ལྟར་མིག་གིས་རྣམ་པར་ཤེས་པར་བྱ་བ་རྣམས་ལ་མི་ཆགས་སོ། །རབ་ཏུ་རྟོག་པར་མི་བྱེད་དོ། །སྤྲོ་བར་མི་བྱེད་དོ། །འདུན་པའི་འདོད་ཆགས་སུ་མི་བྱེད་དོ། །མཆོག་ཏུ་དཀར་ པོར་གྱུར་པའི་ལས་རྣམས་ཀྱིས་ལྷ་ལས་ཀྱང་ཆེས་ལྷར་གྱུར་པ་རྣམས་དང་མི་རྣམས་སུ་བདེ་བར་འགྱུར་རོ། །དེ་ལྟར་ཡང་དགེ་སྦྱོང་ངན་པར་གྱུར་པ་འདིས་སྤྱོད་པར་མི་བྱེད་དོ། །བསམ་གཏན་དུ་མི་བྱེད་དོ། །དེ་བཞིན་དུ་མིག་གིས་རྣམ་པར་ཤེས་པར་བྱ་བའི་ཡུལ་རྣམས་ལ་གང་གི་ཚེ་ 70-1-165a འདི་ཆགས་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་ཡིན་པར་གོ་བར་བྱེད་པར་གྱུར་པ་དེའི་ཚེ་ནག་པོའི་ལས་རྣམས་བྱེད་པར་འགྱུར་རོ། །དེས་ནག་པོའི་ལས་རྣམས་མ་རྟོགས་པར་བློ་དམན་པ་དེ་ཚོན་རྣམས་ཀྱིས་རྣམ་པར་བཀྲ་བར་བྱེད་དོ། །དེའི་ཕྱིར་ན་བསམ་གཏན་ ལ་སྙོམས་པར་འཇུག་པ་ན་རྣམ་པར་སྲེག་པར་འགྱུར་བའི་ལས་རྣམས་མི་བྱའོ། །བྱས་པར་གྱུར་པ་རྣམས་ཀྱང་དགེ་སྦྱོང་གིས་ཡིད་ལ་མི་བྱའོ། །གང་དག་ཅེ་ན།འདི་ལྟ་སྟེ། རྣ་བས་རྣམ་པར་ཤེས་པར་བྱ་བའི་སྒྲ་ཡིད་དུ་འོང་བ་རྣམས་ཡང་སྟེ། དེ་ལ་ཡིད་དུ་འོང་བ་རྣམས་ལ་གང་ གི་ཚེ་ཆགས་པར་གྱུར་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་ཀུན་ནས་ལྟ་བར་བྱེད་དེ། ཇི་ལྟར་སྒྲ་འདི་དག་རྣམས་ནི་མི་བརྟན་པ། མི་རྟག་པ། རབ་ཏུ་རྣམ་པར་ཉམས་པར་འགྱུར་བའི་ཆོས་ཅན་ནོ་ཞེས་དེ་ལྟར་རྣམ་པར་ཤེས་པ་ཆགས་པར་མི་བྱེད་དོ། །ཀུན་ཏུ་སྤྲོ་བར་མི་བྱེད་དོ། །རབ་ཏུ་རྟོག་ པར་མི་བྱེད་དོ། །དེའི་ཚེ་འདིས་དཀར་པོའི་མཐའ་རྣམས་བྱས་པར་གྱུར་པ་ཡིན་ནོ། །མཆོག་ཏུ་རྒྱ་ཆེ་བའི་ཚོན་དེས་ཀྱང་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་བར་མཆོག་ཏུ་རྣམ་པར་བཀྲ་བར་བྱས་པར་གྱུར་པ་ཡིན་ནོ། །དེ་ལ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་སྒྲ་རྣམ་པར་ བཀྲ་བ་དེ་ལ་དཔྱོད་པར་མི་བྱེད་པ་ནས་ཇི་སྲིད་དུ་རི་མོའི་ལས་གཞན་རྣམས་བྱེད་པས་བསམ་གཏན་ལ་སྙོམས་པར་ཞུགས་པ་ན་རབ་ཏུ་སྲེག་པར་འགྱུར་རོ། །གཞན་ཡང་སྒྲ་དེ་ཉིད་ཐོས་པར་གྱུར་ནས་སྨན་པ་བློ་རབ་ཏུ་དམན་པ་ཐོས་པ་དང་མི་ལྡན་པ། བྱིས་པ་སོ་སོའི་སྐྱེ་བོ་དེ་ལྟར་རབ་ ཏུ་འཇུག་པར་བྱེད་དོ་ཇི་ལྟར་ཡིད་དུ་འོང་བའི་སྒྲ་ཚིམ་པ་སྐྱེད་པར་བྱེད་པ། ཡིད་འཕྲོག་པར་གྱུར་པ་དེ་ཉིད་ཀྱི་དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་རབ་ཏུ་རྟོག་པར་བྱེད་དོ། །འདུན་པ་སྐྱེད་པར་བྱེད་དོ། །དེ་ལ་ཆགས་པ་དང་ལྡན་པ་འགྱུར་རོ། །དེ་དག་ནི་ནག་པོའི་ཚོན་དང་ལྡན་ པས་སེམས་རི་མོ་མཁན་གྱིས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་ཉེ་བར་བྲིས་པ་ཡིན་ནོ། །དགེ་སྦྱོང་ངན་པ་འདི་ལས་རྣམ་པར་བཀྲ་བ་དེ་དག་བཏང་ནས་གཞན་དག་ཉིད་དུ་རི་མོ་བཀྲ་བར་བྱེད་དོ། །བསམ་གཏན་ལ་སྙོམས་པར་འཇུག་པ་ན་རྣམ་པར་སྲེག་པར་ 70-1-165b འགྱུར་རོ། །གཞན་ཡང་འཁོར་བ་རྣམ་པར་བཀྲ་བར་གྱུར་པ་དེ་མ་བསམས་པར་དགེ་སྦྱོང་ངན་པ་གཞན་ཉིད་དུ་རི་མོ་བཀྲ་བར་བྱེད་དོ། །གང་ཞེ་ན། འདི་ལྟར་དབང་པོའི་ཡུལ་གྱིས་ཉེ་བར་ཀུན་ནས་བཅིངས་པར་གྱུར་པའི་འཁོར་བ་འདི་ཡིད་དུ་འོང་བར་བྱེད་པའི་ཡུལ་ གྱིས་འཇོམས་པར་བྱེད་དོ། །ཇི་ལྟར་ཞེ་ན། འདི་ལྟར་སྣའི་རྣམ་པར་ཤེས་པས་དྲི་རྣམས་ལའོ། །དེ་གང་གི་ཚེ་སྐྱེས་བུ་དམ་པ་རྣམས་ནི་སྣས་དྲི་ཞིམ་པོའམ་མི་ཞིམ་པ་རྣམས་ཀྱང་མི་འཛིན་ནོ། །དེ་མི་མཛེས་པ་རྣམས་ལ་ཡང་ཀུན་ཏུ་མི་ཆགས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པས་མི་འཕྲོགས་སོ། །དེ་བཞིན་དུ་དྲི་འདི་དག་རྣམས་ནི་མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་དང ། ཆོས་རྣམས་འབྱུང་བར་མི་འགྱུར་བ་དང ། བྱུང་ནས་ཀྱང་ཕྱིར་ལྡོག་པར་འགྱུར་རོ། །དེ་ལྟར་གང་གི་ཚེ་ཡང་དག་པ་ཇི་ལྟ་བར་གྱུར་ པ་ན་དྲི་རྣམས་སྣོམ་པས་དེ་ལྟར་དེ་ཆགས་པར་མི་འགྱུར་རོ། །ཀུན་ཏུ་སྤྲོ་བར་མི་བྱེད་དོ། །དེའི་ཚེ་དཀར་པོའི་ཆོས་རྣམས་ཡང་དག་པར་འཕེལ་བར་འགྱུར་རོ། །ཁ་དོག་གིས་ཤིན་ཏུ་འབར་བར་ཡང་མི་འགྱུར་རོ། །ཡང་དག་པ་ཇི་ལྟ་བས་དང་ཡོངས་སུ་ཤེས་པར་གྱུར་པ་དེ་དག་གིས་ ལྷ་དང་མི་རྣམས་སུ་སྟེ། དེ་དགེ་སྦྱོང་ངན་པ་འདིས་ལས་རྣམ་པར་བཀྲ་བ་དེ་དག་བོར་ནས་གཞན་དག་རྣམས་ཉིད་དུ་རི་མོའི་ལས་རྣམས་བྱེད་པས་བསམ་གཏན་སྒོམ་པ་ན་རྣམ་པར་སྲེག་པར་བྱེད་དོ། །གཞན་ཡང་དྲི་ཞིམ་པ་དང་མི་ཞིམ་པའི་དྲི་དེ་དག་རྣམས་ཉིད་སྣོམ་པར་བྱེད་པ་ན་དྲི་དེ་དག་རྣམས་ ཉིད་ལ་ཆགས་པར་བྱེད་དོ། །སྦྱོར་བར་བྱེད་དོ། །སྤྲོ་བར་བྱེད་དོ། །ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པས་འདི་འཕྲོག་པར་འགྱུར་རོ། །གཤེ་བར་བྱ་བའི་གནས་སུ་གྱུར་པ་དེ་ནག་པོའི་ལས་རྣམས་ཀྱིས་བྱུགས་པར་གྱུར་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོར་ འཁོར་བར་བྱེད་པ་གང་ཡིན་པའི་ལས་རྣམ་པར་བཀྲ་བ་གཞན་དེ་དག་རྣམས་ཉིད་དགེ་སྦྱོང་ངན་པ་འདིས་སྤངས་ནས་རི་མོས་རྣམ་པར་བཀྲ་བའི་ལས་རྣམས་བྱེད་དོ། །བསམ་གཏན་སྒོམ་པ་ན་རྣམ་པར་སྲེག་པར་འགྱུར་རོ། །གཞན་ཡང་ལས་རྣམ་པར་བཀྲ་བ་རྣམས་ལ་འདི་ 70-1-166a ལྟ་སྟེ། ལྕེའི་རྣམ་པར་ཤེས་པས་རོ་ཡིད་དུ་འོང་བས་ཡིད་དུ་འོང་བར་འགྱུར་བའི་རོ་རྣམས་མྱངས་པར་གྱུར་ན་ཡང་དགའ་བར་མི་བྱེད་དོ། །ཁྲོ་བར་མི་བྱེད་དོ། །འཆིང་བར་མི་འགྱུར་རོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ལྡན་པས་རོ་དེ་ཉིད་རྣམ་པར་འབྱེད་པར་བྱེད་པ་སྟེ། ཇི་ལྟར་རོ་ འདི་དག་རྣམས་ནི་བྱུང་ནས་ཀྱང་མེད་པར་འགྱུར་རོ། །ལག་པའི་མཐིལ་གྱིས་བཅུག་པར་གྱུར་པའི་ཟས་འདི་དག་རྣམས་ནི་ལྕེ་ལ་འབབས་སོ། །དེ་རྣམས་ལ་མངར་མྱོས་ཞེས་བྱ་བའི་སྲིན་རྣམས་ཀྱིས་ཀྱང་རེག་ནས་ལྷན་ཅིག་ཏུ་མྱོང་བར་བྱེད་པ་ཉིད་ན་གླད་པ་ལས་སྣབས་ཞེས་བྱ་བའི་བློ་འབྱུང་བའི་གླད་ པ་རྣམས་རབ་ཏུ་ཟགས་ནས། སྣའི་སྦུབས་ནང་ན་མར་རབ་ཏུ་འབབས་པར་འགྱུར་ལ། རབ་ཏུ་ཟགས་པའི་རྣག་གི་ཐིགས་པ་དེ་དག་རྣམས་དང་ལྷན་ཅིག་ཏུ་ལྕེས་གཡུགས་ཤིང ། འགྲམ་སོའི་རང་ཐག་གི་དབུས་སུ་ཕྱེ་མར་བཏགས་པ་རྣམས་ལྕེས་མྱོང་བར་བྱེད་པ་གང་གིས་བྱིས་པ་འདི་དག་ རྣམས་འཆིང་བར་བྱེད་པ་ཡིན་ནོ། །རོ་དེ་དག་རྣམས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདིས་སེམས་པར་བྱེད་དོ། །དེས་ཚུལ་བཞིན་ཡིད་ལ་བྱེད་པས་རྣམ་པར་འབྱེད་པར་ཡང་བྱེད་དོ། །འདི་ནི་དཀར་པོའི་ཁ་དོག་རྣམས་དང་ཡང་དག་པར་ལྡན་པས་ལྷ་དང་མི་རྣམས་སུ་མཆོག་ཏུ་སྐྱིད་པར་ འགྱུར་རོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་དེ་ལྟར་ལས་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་འཇིག་རྟེན་འདི་རྣམ་པར་བཀྲ་བར་བྱས་པ་དེ་དག་རྣམས་མི་རིག་པར་བསམ་གཏན་བསམ་པར་བྱེད་པ་ན་བར་དུ་གཅོད་པའི་རི་མོ་བཀྲ་བ་གཞན་དག་རྣམས་ཉིད་བྱེད་པ་ཡིན་ནོ། །གཞན་ཡང་ ལྕེ་ལ་བབས་པར་གྱུར་པའི་རོ་དེ་དག་ཉིད་ལ་སྲིན་མངར་མྱོས་ཀྱིས་རེག་པར་གྱུར་པ་རྣམས་ལ་མྱོང་བར་བྱེད་པ་ན་བློ་གྲོས་དམན་པའི་ཕྱིར་ན། ཀྱེ་མ་ཟས་འདི་དག་ནི་ཤིན་ཏུ་དགའ་བར་གྱུར་པ། མཆོག་ཏུ་བསོད་པ། མཆོག་ཏུ་མཛེས་པ། མཆོག་ཏུ་རྒྱ་ཆེ་བའི་མདོག་དང ། རོ་དང ། དྲི་དང་ལྡན་པར་གྱུར་པ། མཆོག་ཏུ་གཙང་བར་གྱུར་པ་ཞེས་ཟས་དེའི་རྒྱགས་པས་རྒྱགས་ནས། ལུས་དང ། ངག་དང ། ཡིད་ཀྱིས་ཉེས་པར་སྤྱད་པ་རྣམས་སྤྱོད་པ་འདི་དག་རྣམས་ནི་ཚོན་ནག་པོས་རྣམ་པ་སྣ་ཚོགས་པར་བྱས་ནས་དུད་འགྲོར་སྐྱེ་བར་འགྱུར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་ 70-1-166b ཀུན་ནས་འཁྲིད་པར་བྱེད་དོ། །དེ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་ལས་རྣམ་པ་སྣ་ཚོགས་པ་དེ་དག་རྣམས་བོར་ནས་བསམ་གཏན་སྒོམ་པ་ན་བར་ཆད་བྱེད་པར་འགྱུར་བའི་ཐ་མལ་པའི་ལས་གཞན་རྣམས་ཉིད་བྱེད་དོ། །གཞན་ཡང་རྣམ་པར་བཀྲ་བར་གྱུར་པའི་ལས་གང་དག་གིས་ འཇིག་རྟེན་འདི་དག་རྣམས་རྣམ་པར་བཀྲ་བར་བྱས་པ་ཡིན་ནོ། །དཔེར་ན་འཇིག་རྟེན་དབང་པོ་རྟུལ་པོ་རྣམས་ནི་ཡུལ་རྣམས་ཀྱིས་འཁྲིད་པར་བྱེད་དོ། །འདི་ལྟ་སྟེ། ལུས་ཀྱི་རྣམ་པར་ཤེས་པར་བྱ་བ་རེག་བྱའོ། །དེ་ལ་གང་དག་ཡང་དག་པ་ཇི་ལྟ་བ་ཁོ་ནར་ཚུལ་བཞིན་ཡིད་ལ་བྱེད་པས་འཁྲིད་པར་ བྱེད་དེ། ཇི་ལྟར་ཡང་རེག་བྱ་ཞེས་བྱ་བའི་དོན་འདི་ཡང་རེག་བྱ་ནི་གསུམ་འདུས་པས་ཀུན་དུ་སྐྱེས་པ་ཡིན་ཏེ། འདི་ནི་རྟག་པ་མ་ཡིན། བརྟན་པ་མ་ཡིན། ཐེར་ཟུག་མ་ཡིན། བྱེད་པ་པོ་མ་ཡིན་གྱི། འདི་ནི་མདོག་ཙམ་འབའ་ཞིག་གིས་ཡིད་དགའ་བར་གྱུར་པ་དང ། ལུས་འདི་ནི་དབང་པོའི་ རྗེས་སུ་འཐུན་པ་ཙམ་འབའ་ཞིག་ཏུ་གཙང་བ་ཡིན་གྱི་རྟག་པ་ནི་མ་ཡིན་ནོ། །བདེ་བ་མ་ཡིན། བདག་དང་བཅས་པ་ཡང་མ་ཡིན་གྱི། འདི་ནི་ཚོགས་པ་འདུས་པ་ཙམ་འབའ་ཞིག་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ཟ་མ་ཏོག་ཏུ་གྱུར་པའོ། །ཟུག་རྔུར་གྱུར་པ་རྟག་ཏུ་ཉེ་བར་འཚེ་བར་ བྱེད་པ། རྟག་པ་ཁོ་ནར་ཡང་ནད་ཀྱིས་ཉེ་བར་འཚེ་བར་བྱེད་པ། ཉེ་བར་འཚེ་བ་ཐམས་ཅད་ཀྱིས་འཁྲིད་པར་བྱེད་པ་ཡིན་ནོ། །དེ་གང་དག་ཁོ་ནས་ཡང་དག་པ་ཇི་ལྟ་བར་ལུས་དེ་ཉིད་དང་རེག་བྱ་ལ་ཡང་སོ་སོར་རྟོག་པར་བྱེད་དོ། །དེའི་ཚེ་འདི་རེག་བྱས་འདི་འཁྲིད་པར་མི་འགྱུར་རོ། །རེག་བྱ་འདི་ ནི་གཞན་མ་ཡིན་གྱི། རེག་བྱ་འདི་ནི་བློ་བུར་འབའ་ཞིག་གོ། །འདི་ནི་ཉེ་བར་འཚེ་བ་དང་བཅས་པའོ། །རང་དབང་མེད་པ་ཡིན་ནོ་ཞེས་གང་དག་དེ་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་པས་དཔྱོད་པར་བྱེད་དོ། །དེ་དག་རྣམས་ནི་དཀར་པོའི་ཚོན་གྱིས་རྣམ་པར་བཀྲ་བར་བྱས་ནས། ལྷ་དང་མིར་སྐྱེ་བར་ འགྱུར་བ་དེ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་དཔྱོད་པར་མི་བྱེད་དོ། །སེམས་རི་མོ་མཁན་གྱིས་འཇིག་རྟེན་པ་འདིའི་ལས་རྣམས་རྣམ་པར་བཀྲ་བར་བྱས་པར་གྱུར་པ་དེ་འདིས་བཏང་ནས། བསམ་གཏན་ལ་སྙོམས་པར་འཇུག་པ་ན་བར་ཆད་བྱེད་པའི་ཐ་མལ་པའི་ཚོན་རྣམས་ཀྱིས་རི་མོས་ 70-1-167a བཀྲ་བའི་ལས་གཞན་རྣམས་ཉིད་བྱེད་དོ། །གཞན་ཡང་རེག་བྱ་དེ་ཉིད་ལ་ཐོས་པ་དང་མི་ལྡན་པའི་བྱིས་པ་སོ་སོའི་སྐྱེ་བོ་བློ་གྲོས་དམན་པ་རྣམས་ཀྱིས་རེག་བྱ་དེ་གཞན་ཉིད་དུ་རྣམ་པར་རྟོག་པར་བྱེད་དོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པར་གྱུར་པས་ཇི་ལྟར་བདག་གི་རེག་བྱ་འདི་དག་ནི་མཆོག་ ཏུ་བདེ་བར་གྱུར་པ། མཆོག་ཏུ་ལུས་རྒྱས་པའི་རྒྱུ་འདིས་བདག་ཚིམ་པར་བྱས་པ་དག་གིས་བདག་བདེ་བར་གནས་པར་བྱའོ། །དེ་བཞིན་དུ་ཐོས་པ་དང་མི་ལྡན་པའི་བྱིས་པ་སོ་སོའི་སྐྱེ་བོ་གང་ཡིན་པ་དེ་དག་རྣམས་ཀྱིས་རེག་བྱ་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་དཔྱོད་པར་བྱེད་དོ། །འདི་དག་རྣམས་ནི་ཚོན་ ནག་པོ་དང་ཀུན་ནས་ལྡན་པར་གྱུར་པས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནི་ཚོན་ནག་པོས་རྣམ་པར་བཀྲ་བར་བྱས་པ་ཡིན་ནོ། །དེ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་དཔྱོད་པར་མི་བྱེད་ཅིང ། ལས་རྣམ་པར་བཀྲ་བ་དེ་དག་སྤངས་ནས་བསམ་གཏན་སྒོམ་ པ་ན་བར་ཆད་བྱེད་པར་འགྱུར་བའི་རྣམ་པར་བཀྲ་བ་གཞན་ཉིད་དུ་གྱུར་པ་འཇིག་རྟེན་པའི་ཚོན་གཞན་ཉིད་ཀྱིས་རྣམ་པར་བཀྲ་བར་བྱེད་དོ། །གཞན་ཡང་དགེ་སྦྱོང་དུ་ཁས་འཆེས་པ་འཇིག་རྟེན་པའི་ལས་རྣམས་ལ་མངོན་པར་དགའ་བར་གྱུར་པས་ཡིད་ཀྱིས་དམ་པའི་ཆོས་རྣམས་སེམས་པར་མི་བྱེད་དོ། །འཕགས་ པའི་བདེན་པ་བཞིར་འགོག་པ་དང ། ལམ་རྣམ་པ་བཅུ་དྲུག་དབུགས་འབྱུང་བ་དང་རྔུབ་པ་དྲན་པ་དང ། བསམ་གཏན་བཞི་དང ། ཚངས་པའི་གནས་པ་བཞི་དང ། འབྲས་བུ་བཞི་དང ། ཆོས་དེ་དག་རྣམས་སྤངས་ནས་རང་བཞིན་གྱིས་མི་ཤེས་པར་གྱུར་པ། ཆགས་པས་བདག་གི་སེམས་ཀུན་ ནས་བསྒོ་བར་བྱེད་པ་འབའ་ཞིག་ཏུ་གྱུར་པ་གཞན་ཉིད་བྱེད་དེ། བསམ་གཏན་སྒོམ་པ་ན་བར་དུ་གཅོད་པར་བྱེད་པར་གྱུར་པ་གཞན་དུ་ན་ཀུན་ནས་ཉོན་མོངས་པར་གྱུར་པ་ཤེས་པ་མ་ཡིན་པའི་རྣམ་པར་བཀྲ་བའི་ལས་གཞན་རྣམས་ཉིད་བྱེད་དོ། །གང་གི་རྒྱུས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ འཕེན་པར་གྱུར་པས་ལུས་ཞིག་པར་གྱུར་པ་དང་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་སྐྱོན་ཆེན་པོར་གྱུར་པ་གང་གི་ཚེ་བུད་མེད་རྣམས་མངོན་པར་འདྲིད་པར་བྱེད་པ་ནི་དམྱལ་བར་འགྲོ་བར་འགྱུར་བའི་རྒྱུ་ཡིན་ཏེ། མཛེས་པར་གྱུར་པ། རྒྱན་དང་ཆ་བྱད་སྣ་ 70-1-167b ཚོགས་པ་དང་ལྡན་པ་མཐོང་ན་སྡུག་པར་གྱུར་པའི་གཟུགས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་འཕྲོག་པར་བྱེད་པའི་ལུས་མངོན་པར་མཐོང་ནས་ཀྱང་དེ་དག་རྣམས་ཡིད་འཕྲོག་པར་འགྱུར་བ་དང ། ཡིད་འདོད་ཆགས་སུ་ཆུད་པར་ཡང་འགྱུར་ན་གང་དག་འདིར་བུད་མེད་དངོས་སུ་ཡོད་པ་རྣམས་ལ་ལྟ་ཅི་སྨོས། གཞན་ དག་རྣམས་དང་བདག་ཉིད་ཀྱང་ཀུན་དུ་འདོད་ཆགས་པར་བྱེད་པ་པོའི་ལུས་ཞིག་པར་གྱུར་པ་ན་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། ལས་ཀྱིས་བཀྲ་བ་མ་བསམས་པར། །གང་ཞིག་རི་མོ་ལ་འཇུག་པ། ། རི་མོའི་ལས་ཀྱིས་དེ་བསྲེགས་ནས། །དམྱལ་བའི་རྗེས་སུ་རྒྱུག་པ་ཡིན། །གང་ཞིག་བདེ་ལེགས་མི་སེམས་པར། །ཟག་བཅས་ལ་ནི་ཉེར་ཆགས་པ། །སྙིང་ལ་ཆགས་ཅན་རྨོངས་པ་དེ། །གཡང་སའི་རྗེས་སུ་རྒྱུག་པ་ཡིན། །ལོང་བ་ལ་བརྟེན་སྐྱེས་བུ་གང ། །བསམ་གཏན་སྒོམ་པར་ བྱེད་པ་ན། །རང་ཉིད་བཀྲ་བ་དེ་བཏང་ནས། །དེ་ལ་བྱིས་རྣམས་རབ་ཏུ་ཆགས། །རི་མོའི་ལས་ལ་རྣམ་སྤྱོད་པའི། །རི་མོའི་ཞགས་པས་བྱིས་པ་དེ། །རི་མོའི་ལས་ཀྱིས་རྨོངས་པ་ཡིས། །དབང་མེད་པར་ནི་དམྱལ་བར་ཁྲིད། །ཚོན་གྱི་རི་མོ་བཀྲར་གྱུར་ཡང ། །སེམས་ཀྱི་རི་མོའི་དཔེར་མི་ ཕོད། །ཆར་གྱིས་རི་མོ་དེ་རབ་འཇིག་།ལས་ཀྱི་རི་མོ་འདི་འཇིག་མིན། །ཤིན་ཏུ་བཀྲ་བའི་རི་མོ་གང ། །རི་མོ་དམ་པར་དེ་མི་འདོད། །ལས་ཀྱི་རི་མོའི་རི་མོ་ཆེ། །ཁམས་གསུམ་གོ་འཕང་བཀྲ་བར་བྱས། །སྣ་ཚོགས་རི་མོའི་གཟུགས་ཀྱིས་གང ། །སེམས་ཅན་འགྲོ་བ་ལྔ་ན་འཁྱམ། ། ལས་རྣམས་སྣ་ཚོགས་དེ་དག་ཀུན། །རི་མོ་མཁན་གྱིས་རྣམ་པར་བྲིས། །རི་མོ་མཁན་གྱི་སེམས་འདིས་ནི། །ལས་ཀྱི་དྲ་བ་རྣམ་བཀྲར་བྱས། །གང་འདི་དྲ་བས་བཅིངས་ནས་ནི། །འགྲོ་བ་འཁྲུལ་བ་རྣམ་པར་རྨོངས། །ཆར་ཚད་རྡུལ་དང་དུ་བ་ཡིས། །ཚོན་སྐྱེས་རི་མོ་འཇིག་པ་ཡིན། ། བསྐལ་པ་བྱེ་བ་སྟོང་དུ་ཡང ། །སེམས་ཀྱི་རི་མོ་འཇིག་མི་འགྱུར། །ས་གཞི་རྣམས་ནི་འཇིག་འགྱུར་ཞིང ། །རྒྱ་མཚོ་ཡང་ནི་སྐམ་འགྱུར་ཡང ། །སེམས་ཀྱིས་བྱས་པའི་རི་མོ་གང ། །དེ་ནི་ཉམས་སུ་མྱོང་བར་གནས། །རང་གི་ལས་ཀྱི་རི་མོ་ཡང ། །རྣམ་པར་རྨོངས་པས་མ་མཐོང་ངོ ། ། 70-1-168a ཇི་སྲིད་དུ་ནི་ནོར་འདོད་པས། །རི་མོ་གཞན་ནི་རབ་ཏུ་བྱེད། །དེའི་ཕྱིར་ན་བསམ་གཏན་སྒོམ་པར་བྱེད་པ་ན་བར་དུ་གཅོད་པར་གྱུར་པ་སྐྱོན་དུ་མ་ཀུན་དུ་རྟོགས་པར་འགྱུར་བ། མ་གུས་པར་འགྱུར་བ་ལ་སྟེན་པར་བྱེད་པའི་རི་མོའི་ལས་རྣམས་དགེ་སློང་གིས་མི་བྱའོ། །དེ་དག་ལ་རྣམ་པར་ གཡེང་བར་གྱུར་པའི་ཡིད་ཀྱིས་བདེ་ལེགས་ཐོབ་པར་མི་འགྱུར་རོ། །དགེ་བའི་ལས་རྣམས་ལས་གཅིག་ཀྱང་ཡིད་ལ་བྱས་ཏེ་སྒོམ་པར་མི་བྱེད་དོ། །དེའི་ཕྱིར་ན་བདེ་ལེགས་ལག་ཏུ་འོང་བར་འདོད་པ་རྣམས་དང ། ལས་ཀྱི་འཇིགས་པས་འཇིགས་པར་གྱུར་པ་རྣམས་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ཚོན་གྱིས་བསྒོ་བར་མི་བྱེད་པའོ། །རྗེས་སུ་གཟུང་བ་སྟེ། འདི་ནི་བདག་ཅག་རྣམས་ལ་རྗེས་སུ་གདམས་པའོ། །སྐྱོན་དེ་དག་རྣམས་རིག་པར་བྱས་ལ་ཆོས་གསུམ་པ་འདི་དགེ་སྦྱོང་གིས་མི་བྱའོ། །གཞན་ཡང་ཆོས་བཞི་པ་དགེ་སྦྱོང་གིས་མི་བྱ་སྟེ། འདི་ཡང་གང་ཞེ་ན། ཐོས་པ་ངན་པ་ སྙན་དངགས་སྡེབ་པའོ། །འདི་ན་དགེ་སློང་གང་དག་བུ་དང ། བུ་མོ་དང ། རང་གི་སྐྱེ་བོ་རྣམས་དང ། སྤུན་དང ། ཕ་དང ། གཉེན་བཤེས་རྣམས་ཀྱང་སྤངས་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་སྤང་བའི་དོན་དུ་བསམ་གཏན་སྒོམ་པར་བྱེད་པར་གྱུར་ཅིང ། ཉོན་མོངས་པ་རྣམས་ཀྱང་ཡིད་རྩེ་ གཅིག་པས་གཞོམ་པར་བྱ་བ་ཡིན་གྱི། རྣམ་པར་གཡེང་བའི་ཡིད་ཀྱིས་ནི་མ་ཡིན་ནོ། །གང་དག་སྙན་དངགས་བྱེད་པར་གྱུར་པ་དེ་དག་རྣམས་ནི་སྣ་ཚོགས་པ་རྣམས་ལ་བརྟེན་ནས་བློ་རྣམ་པར་གཡེང་བར་འགྱུར་རོ། །དེའི་ཡིད་རྣམ་པར་གཡེང་བར་གྱུར་པས་ནི་དགེ་བའི་ཆོས་རྣམས་ཀྱི་བར་དུ་གཅོད་ པར་བྱེད་པར་འགྱུར་རོ། །བསམ་གཏན་སྒོམ་པར་མི་བྱེད་དོ། །བསམ་གཏན་དུ་མི་བྱེད་དོ། །བླ་མ་ལ་སྟེན་པར་མི་བྱེད་དོ། །དམ་པའི་ཆོས་ཉན་པ་ལ་མངོན་པར་དགའ་བར་མི་འགྱུར་རོ། །དཀོན་མཆོག་གསུམ་མཆོད་པ་ལ་མངོན་པར་དགའ་བར་མི་འགྱུར་རོ། །ངེས་པར་འབྱུང་བའི་ལམ་ལ་ མངོན་པར་དགའ་བའི་རང་བཞིན་ཅན་དུ་མི་འགྱུར་རོ། །རྟག་པར་རྒྱུན་དུ་ཡང་སྙན་དངགས་སྡེབ་པ་ལ་མངོན་པར་དགའ་བར་འགྱུར་རོ། །དེ་སྙན་དངགས་དེའི་རྟེན་གྱི་དོན་དུ་ཐོས་པ་ངན་པ་རྣམ་པ་སྣ་ཚོགས་པ་རྣམས་ཉན་པར་བྱེད་དོ། །གང་དག་ཆོས་ཉིད་ལས་འདས་པར་གྱུར་པ་ཉན་པ་ལ་དགའ་བར་ 70-1-168b འགྱུར་བ་ཙམ་འབའ་ཞིག་པ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཀུན་དུ་སྐྱེད་པར་བྱེད་པ་འབྲེལ་པ་མེད་པ་རྣམས་རྗོད་པར་བྱེད་པ་དང་ལྡན་པར་གྱུར་པ་དེ་དག་ལ་ཡང་དགེ་སྦྱོང་ངན་པ་འདི་དད་པར་བྱེད་དོ། །དེ་ཡང་དང་ཡང་དུ་ཉན་པར་བྱེད་པས་ཐོས་པ་ངན་པའི་ལམ་དེ་ཉིད་ཀྱིས་འཁྲིད་པར་བྱེད་དོ། །དེས་ ཁྲིད་པར་གྱུར་པས་སླར་ཉིད་ཀྱང་ཁྱིམ་པར་འགྱུར་རོ། །དེ་ཡང་དམ་པའི་ཆོས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ནི་སྙན་དངགས་ལ་མངོན་པར་དགའ་བ་ཉིད་ཀྱིས་དགའ་བར་གྱུར་པ་དེ་སྡེབས་བྱེད་པར་གྱུར་གྱི། དེ་བསམ་གཏན་སྒོམ་པ་ལ་ནི་ལེ་ལོ་ཅན་དུ་འགྱུར་ཞིང་དགེ་འདུན་གྱི་ནང་ དུ་འཇུག་པ་དང་ལྡན་པ་ཡང་མ་ཡིན་ནོ། །ཟས་དང་གནས་ལ་ལོངས་སྤྱོད་པ་རྣམས་ཐམས་ཅད་ཀྱིས་ཀྱང་དེའི་བར་དུ་གཅོད་པར་འགྱུར་རོ། །གང་དག་ལེ་ལོ་ཅན་དུ་གྱུར་པ་རྣམས་དང་པོ་ཁོ་ནར་ཚུལ་ཁྲིམས་འཆལ་བས་ནི་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་ན་གནས་མལ་རྣམས་དང ། ནད་ཀྱི་རྐྱེན་སྨན་གྱི་ཚད་དུ་གྱུར་པ་དང ། གཞན་རྣམས་ལྟ་བརྗོད་ཀྱང་ཅི་དགོས་ནས། གསོང་པོར་སྨྲས་པ་དང ། ཕྱག་བྱས་པས་ཀྱང་ལེ་ལོ་ཅན་གྱི་བར་ཆད་བྱེད་པར་འགྱུར་རོ། །བསམ་གཏན་དུ་བྱ་བ་ལས་སྙན་དངགས་གང་བསྡེབས་པར་གྱུར་པ་ལ་ཆེད་ཆེར་བྱེད་པས་བརྩམ་པར་འོས་པའི་སྙན་ དངགས་དེ་དག་བྱེད་ལ་དེ་དག་འབའ་ཞིག་ཏུ་ནི་མ་ཟད་ཀྱི། ཡང་དང་ཡང་དུ་དེ་ལ་འགྲོ་བ་ཁོ་ན་དང ། དེའི་ཚེ་དེ་ལ་རྟེན་པ་ལ་སེམས་མངོན་པར་དགའ་བ་དང ། རྣམ་པ་སྣ་ཚོགས་པའི་ཐབས་རྣམས་ཀྱི་བློ་རྣམ་པ་སྣ་ཚོགས་པ་དང ། རྣམ་པར་རྟོག་པ་དུ་མ་རྣམས་ཀྱིས་ཀུན་ནས་བཅོམ་པ་དང ། རྣམ་པ་སྣ་ཚོགས་པའི་རོ་རྣམས་སྐྱེད་པར་བྱེད་པའི་སྙན་དངགས་བྱེད་དོ། །དེས་དེའི་ཡིད་རྣམ་པར་དཀྲུགས་པར་གྱུར་པས་ཚེའི་འདུ་བྱེད་རྣམས་ནི་ཟད་པར་གྱུར་ལ། འཆི་བདག་གི་རྒྱལ་པོ་ནི་ཉེ་བར་འོངས་པར་གྱུར་པས་བྱ་བ་རྣམས་མ་བྱས་པར་ཡང་གྲོགས་མེད་ཅིང ། འཇིག་རྟེན་ འདས་པའི་ལམ་དང་རྣམ་པར་བྲལ་བ་གང་ཡིན་པའི་ཕྱོགས་སུ་འགྲོ་བར་བྱ་དགོས་སོ། །དེ་ཡང་སྙན་དངགས་ཀུན་དུ་སྡེབ་པ་དེ་ལ་བློ་སོང་བར་གྱུར་པ་ཡིན་ནོ། །སྐྱེས་བུ་འདི་ནི་དེས་རྨོངས་པར་གྱུར་ནས་བར་དུ་གཅོད་པ་ཆེན་པོ་རྣམས་ཀྱིས་བསླུས་པའི་མཆོག་ཐོབ་པར་འགྱུར་རོ། །གྱ་རྒུད་ 70-1-169a ཀྱིས་མི་ཐོབ་པར་གྱུར་ཅིང་དབང་པོ་རྣམས་ཚང་བ་དང ། རབ་ཏུ་བྱུང་བར་གྱུར་པ་དང ། མཆོག་ཏུ་དགའ་བ་དེ་དག་ཐོབ་ནས་ཀྱང་ཅིའི་ཕྱིར་སྙན་དངགས་སྡེབ་པས་བསླུས་ནས་དུས་བྱེད་པར་འགྱུར་བ་ནི་རང་གི་དོན་ལས་ཉམས་པ་ཡིན་ནོ། །སྙན་དངགས་བྱེད་པར་གྱུར་པ་ན་ སྐྱོན་གཞན་ཡང་ཡོད་དེ། དེ་ཡང་ཕལ་ཆེར་རྣམ་པར་རྟོག་པས་ཉེ་བར་བཅོམ་པའི་སེམས་དྲི་མ་ཅན་དྲི་མ་ཅན་གྱི་ཀུན་ཏུ་སྤྱོད་པ་དག་གིས་སྙན་དངགས་བྱེད་དོ། །རྣམ་པར་རྟོག་པ་དེ་ཉིད་ལས་གཞན་རྣམ་པར་རྟོག་པ་དེ་ལྟ་བུའི་རྣམ་པ་ནི་འགའ་ཡང་མི་འབྱུང་ངོ ། །ཇི་ལྟར་བུད་མེད་ཀྱི་རྣམ་པར་རྟོག་པ་རྣམས་ ནི་དགེ་སློང་གིས་མི་བྱའོ། །རྣམ་པར་རྟོག་པ་དེས་ཀྱང་རང་ཉིད་སྲེག་པར་བྱེད་དོ། །མེ་ཇི་ལྟ་བར་རང་གི་རྣམ་པར་རྟོག་པས་སྲེག་པར་འགྱུར་རོ། །དེ་ལྟར་བུད་མེད་ཀྱི་རྣམ་པར་རྟོག་པ་རྣམས་ཀྱང་བྱིས་པའི་སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཉིད་ལ་སྐྱེ་བ་གཞན་བརྒྱ་སྟོང་གི་བར་དུ་ཡང་མཐོང་་ བ་ཡིན་ནོ། །སྙན་དངགས་རྣམས་ཀྱང་དང་པོ་ཁོ་ན་བུད་མེད་རྣམས་ལ་ཅི་ནས་ཀྱང་འབབ་པ་ཡིན་ནོ། །དེ་བུད་མེད་ཀྱི་རྣམ་པར་རྟོག་པས་ཉེ་བར་བཅོམ་པར་གྱུར་པས་ཇི་སྲིད་དུ་རྐང་པ་ནས་མགོ་བོའི་བར་རྣམས་ལ་དེ་སྲིད་དུ་རྣམ་པ་དུ་མའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེད་པར་འགྱུར་བ་བྱིས་པའི་སྐྱེ་ བོ་རྣམས་ཐམས་ཅད་ཀྱི་ཡིད་འཕྲོག་པར་བྱེད་པར་སྙན་དངགས་ཀྱིས་བུད་མེད་ཀྱི་ལུས་ཀྱི་ཆ་རྣམས་དེས་རབ་ཏུ་བསྔགས་པར་བྱེད་དོ། །མཆོད་པར་བྱེད་དོ། །ཡིད་ལའང་རབ་ཏུ་འཇོག་པར་བྱེད་དོ། །གཙང་མ་ཡིན་པར་རབ་ཏུ་སྟོན་ནོ། །དེ་བདག་ཉིད་ཐམས་ཅད་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ ལ་བྱེད་པས་འཁྲིད་པར་འགྱུར་ལ་གཞན་དག་རྣམས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་ལ་རབ་ཏུ་འགོད་པར་བྱེད་དོ། །རང་དང་གཞན་ཡོངས་སུ་ཉམས་པར་བྱེད་པ་པོ་དེ་ནི་ཤི་བར་གྱུར་ནས་ལུས་ཞིག་པའི་འོག་ཏུ་ངན་སོང་ལོག་པར་ལྟུང་བ་ཐབས་མ་ཡིན་པས་ཀུན་དུ་བཅོམ་པའི་དམྱལ་བར་ སྐྱེའོ། །ཐོས་པ་ངན་པ་སྙན་དངགས་སྡེབ་པར་བྱེད་པ་དེའི་སྐྱོན་ནི་འདི་ཡིན་ནོ། །གཞན་ཡང་ཐོས་པ་ངན་པ་སྙན་དངགས་རྣམས་སྡེབ་པར་བྱེད་པའི་སྐྱོན་ཆེན་པོ་ནི་འདི་ལྟ་སྟེ། དགེ་སྦྱོང་ངན་པ་དེ་སྙན་དངགས་སྡེབ་པར་བྱེད་པས་རྒྱགས་ཤིང་མུན་པར་གྱུར་ཏེ། བློ་ཤིན་ཏུ་ལོང་བར་གྱུར་པའི་ཕྱིར་ 70-1-169b ཐོས་པ་མ་ཡིན།མཐོང་བ་མ་ཡིན། གཞན་དག་རྣམས་ཀྱི་དྲུང་ན་ཉན་པ་ཡང་མ་ཡིན་ནོ། །དེ་ལ་འདི་སྙན་དངགས་སྡེབ་པར་བྱེད་པར་འདོད་པས་ཀྱང་ངེས་པར་འཆིང་བར་འགྱུར་རོ། །རབ་ཏུ་གནས་པར་བྱེད་དོ། །གཞན་དག་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་ཚིག་གི་རྐང་པ་རྗོད་པ་རྣམས་ ཀྱིས་ཉེ་བར་འབྲེལ་བར་བྱེད་དོ། །ཇི་ལྟར་སྐྱེ་བར་འགྱུར་བ་དེ་བཞིན་དུ་དེ་ཉིད་ཀྱིས་དོན་དེ་དག་རྣམས་དངོས་སུ་མཐོང་བར་གྱུར་ནས་དེ་དག་གིས་སྐྱེས་བུ་ངན་པ་དེ་དེ་བཞིན་དུ་འཇོམས་པར་འགྱུར་རོ། །རང་གི་སེམས་ཀྱིས་ཀུན་ནས་སློང་བས་ཡོངས་སུ་བསྡེབས་པའི་རྫུན་དེ་དག་རྣམས་ཀྱི་སྐྱོན་དེས་ལུས་ ཞིག་ནས་ཤི་བའི་འོག་ཏུ་ཐབས་མིན་པའི་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སྙན་དངགས་སྡེབ་པར་བྱེད་པའི་སྐྱོན་གྱིས་གཞན་ཡང་སྐྱོན་ཆེན་པོར་འགྱུར་རོ། །ཐོས་པ་ངན་པ་སྙན་དངགས་སྡེབ་པར་བྱེད་པ་རྣམས་ཀྱི་ནི་འདི་ལྟ་སྟེ། ཐོས་པ་ངན་པ་སྙན་དངགས་སྡེབ་པ་ལ་ མངོན་པར་དགའ་བར་གྱུར་པས་སྙན་དངགས་གཞན་དག་རྣམས་རྙེད་པ་ཡང་ཉན་པར་བྱེད་དོ། །དེས་དེ་དག་རྣམས་ཐོས་ནས་ཀྱང་རང་གི་རྣམས་སྒྲུབ་པའི་དོན་དུ་རབ་ཏུ་ཞེ་སྡང་བར་བྱེད་པ་དང ། སྔོན་གྱི་སྙན་དངགས་པ་རྣམས་ལ་འཕྱ་བར་བྱེད་དོ། །མཛེས་པར་གྱུར་པའི་སྙན་དངགས་ལ་རབ་ཏུ་ ཞེ་སྡང་བར་བྱེད་པའི་དགེ་སྦྱོང་ངན་པ་དེ་ནི་དེ་ལྟར་བསམ་གཏན་སྒོམ་པས་སྟོང་པར་གྱུར་ནས་གནོད་སེམས་མངོན་པར་འཕེལ་བར་འགྱུར་རོ། །དྲི་མ་ཅན་གྱི་ལས་རྣམས་ནི་ཀུན་ནས་རབ་ཏུ་བསགས་པར་འགྱུར་ལ། འདིའི་དཀར་པོའི་ཆོས་རྣམས་ནི་ཟད་པར་འགྱུར་བས་འཇིག་རྟེན་ཕ་རོལ་ཏུ་བདེ་ བར་བྱེད་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དེ་ལྟར་གཤེ་བར་བྱེད་དོ། །ཐོས་པ་ངན་པ་སྙན་དངགས་སྡེབ་པར་བྱེད་པ་རྟག་ཏུ་བག་མེད་པ་ལ་སེམས་པ་རྣམས་ལ་ནི་གཞན་ཡང་སྐྱོན་ཆེན་པོ་ཡོད་དེ། ཐོས་པ་ངན་པསྙན་དངགས་རྣམས་སྡེབ་པ་ལ་ཆེད་ཆེར་བྱེད་པ་རྣམས་ནི་ཉིན་མེད་མཚན་ མེད་དུ་དེ་ལ་བློ་བཟོད་བླགས་མེད་པར་གྱུར་ནས་སྙན་དངགས་སྡེབ་པ་ལ་ཤིན་ཏུ་ཆེད་ཆེ་བར་འགྱུར་རོ། །དེ་དམ་པའི་ཆོས་སེམས་པར་བྱེད་པ་ཉིད་མ་ཡིན་ནོ། །སྒོམ་པར་མི་བྱེད་དོ། །ཉོན་མོངས་པ་རབ་ཏུ་ཞི་བར་བྱ་བའི་ཆེད་དུ་མི་འཇུག་གོ། །དེ་ཉན་པ་ལ་བློ་ཞུགས་པར་གྱུར་ན་ཡང་དམ་པའི་ཆོས་ 70-1-170a འབྱུང་བར་དོན་མེད་དེ་ཕྱིར་ལོག་ནས་འགྲོའོ། །གང་བསྐལ་པ་སྟོང་ཕྲག་བརྒྱར་ཡང་རྙེད་པར་མི་འགྱུར་བ་གང་ཡིན་པ་དེ་དག་རྣམས་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདིས་དེ་ལྟར་ཉམས་པར་བྱེད་དོ། །ཐོས་པ་ངན་པ་སྙན་དངགས་སྡེབ་པར་བྱེད་པ་ལ་ནི་གཞན་ཡང་སྐྱོན་ཆེན་པོ་ ཡོད་དེ། སྐྱེས་བུ་ངན་པ་དེ་སྙན་དངགས་ཀྱི་འདོད་པ་དང ། ཐོས་པ་ངན་པ་དག་གི་བསྟོད་པས་ཀྱང་ཕྱིན་ཅི་ལོག་ཏུ་སྨྲ་བར་བྱེད་དོ། །དེ་ཀུན་དུ་སྤྱོད་པར་གྱུར་པ་རྣམས་ལ་སྟེན་པར་བྱེད་དོ། །སྨྱོན་པ་བཞིན་དུ་གནས་རྣམས་ཐམས་ཅད་ལ་རབ་ཏུ་གཡོ་བའི་བློ་དང་ལྡན་པར་འགྱུར་རོ། །ལོག་པར་རྗོད་ པར་བྱེད་པ་རྣམས་ཀྱིས་བཅིངས་པར་གྱུར་པའི་བསྟོད་པ་བསྡེབས་པ་རྣམས་ལ་ནི་དོན་མེད་པ་ཡིན་ནོ། །འདུ་བྱེད་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་བ་ཡིན་པའི་ཕྱིར་ཡང་འདི་ལ་དོན་མེད་པ་ཡིན་ནོ། །སྙན་དངགས་ཀྱི་རྒྱགས་པས་ཟིན་པར་གྱུར་པ་དེ་དག་རྣམས་ནི་ཧ་ཅང་ཐལ་ཆེས་པར་ཤིན་ཏུ་ ཉམས་པར་གྱུར་ནས་ཆང་གི་བཏུང་བ་སྟེན་པར་བྱེད་དོ། །དེ་ལ་སྟེན་པར་གྱུར་པའི་བློ་རྣམ་པར་གཡེང་བས་ཀྱང་ཕན་ཚུན་དུ་དོན་བྱེད་དོ། །ཆང་གིས་ཀུན་ནས་གཡེངས་པར་གྱུར་པའི་བློས་དོན་ཆུང་ཟད་ཅིག་བྱེད་པར་འགྱུར་བ་ཡང་མ་ཡིན་ནོ། །སེམས་ཀྱང་རྣམ་པར་གཡེང་བར་བྱེད་པར་འགྱུར་ བ་ཡིན་པའི་ཕྱིར་དང ། དོན་མ་ཡིན་པ་རྣམས་ལ་འཇུག་པ་པོ་ངན་སོང་གི་སྒོར་གྱུར་པའི་ཆང་སྟེན་པར་བྱེད་པ་ཡིན་ནོ། །དེ་ཆང་གིས་ཟིན་པས་མི་དགེ་བ་རྣམས་ཐམས་ཅད་བྱེད་དོ། །བུད་མེད་དག་མངོན་པར་མཐོང་ནས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་འཁྲིད་པར་འགྱུར་རོ། ། དེ་ཉེ་བར་ཁྲིད་པར་གྱུར་ནས་དགེ་སྦྱོང་ངན་པ་མི་ཚངས་པར་སྤྱོད་པར་བྱེད་དོ། །དེ་ནི་རྒྱུད་ཚིག་པར་གྱུར་པ། ནང་རུལ་བར་གྱུར་པ། ཐོས་པ་དང་མི་ལྡན་པ། སྲེད་པའི་རིགས་སུ་གྱུར་པ། བི་དུ་ལའི་མེ་ཏོག་བཞིན་དུ་འབྲས་བུ་མེད་པའོ། །བྲིས་པའི་མར་མེ་བཞིན་དུ་འོད་མེད་པ་བྲིས་པའི་ ཟླ་བ་བཞིན་དུ་གྱུར་པ། གྲང་བ་བཞིན་དུ་རྣམ་པར་སྨད་པར་བྱ་བ་དེ་ནི་དེ་དག་རྣམས་ཁོ་ན་བཞིན་དུ་གྱུར་པས་འདི་ནི་གོས་ཀྱིས་གཡོགས་པ་ཙམ་འབའ་ཞིག་ཡིན་ནོ། །དགེ་སྦྱོང་གི་གཟུགས་དགེ་སྦྱོང་མ་ཡིན་ནོ། །ཐོས་པ་ངན་པ་སྙན་དངགས་བསྡེབས་པར་གྱུར་པའི་སྐྱོན་གྱི་རྩ་བ་དེ་ལས་ལུས་ཞིག་ 70-1-170b པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །དེའི་ཕྱིར་གང་དག་དགེ་སྦྱོང་ཡིན་པར་གྱུར་པ་དེ་དག་རྣམས་ཀྱིས་ཐོས་པ་ངན་པ་སྙན་དངགས་སྡེབ་པར་མི་བྱའོ། །གལ་ཏེ་བྱེད་པར་གྱུར་ན་ཡང་དེས་དམ་པའི་ཆོས་གསལ་བར་བྱེད་པར་འགྱུར་བ་རྣམས་གང་ཡིན་པ་དང ། ཅི་སྟེ་ཡང་དམ་པའི་ཆོས་ རྣམས་ཡོངས་སུ་རྟོགས་པར་འགྱུར་བ་སངས་རྒྱས་ལ་བསྟོད་པ་བྱའོ། །དཀོན་མཆོག་གསུམ་ལ་བསྟོད་པར་བྱའོ། །དམ་པའི་ཆོས་ཤིན་ཏུ་གསལ་བར་བྱེད་པའི་སྙན་དངགས་བྱའོ། །དེ་ལས་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །ངལ་བ་འབྲས་བུ་དང་བཅས་པར་འགྱུར་རོ། །དེ་དག་ གིས་དེ་རབ་ཏུ་བསྔགས་པར་ཡང་འགྱུར་རོ། །ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་དག་པའི་སྙན་དངགས་བསྡེབས་པར་གྱུར་པ་དང ། །དམ་པའི་ཆོས་གསལ་བར་འགྱུར་བ་བསྡེབས་པ་དག་གིས་ཏེ། དེས་ཀྱང་དེ་ལྟར་བྱ་བ་ཡིན་གྱི་གཞན་དུ་ན་བར་ཆད་ བྱེད་པར་འགྱུར་རོ། །གཞན་ཡང་ཆོས་ལྔ་པ་དགེ་སྦྱོང་དག་བསམ་གཏན་སྒོམ་པ་ན་བར་དུ་གཅོད་པར་བྱེད་པ་ཡིན་ཏེ། འདི་དག་རྣམས་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྒྱུ་སྐར་འགྲང་བ་དང་སེམས་པར་བྱེད་པའོ། །དགེ་སྦྱོང་དག་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་གནས་སྐབས་ཐམས་ཅད་ དུ་ཡང་རྒྱུ་སྐར་བགྲང་བ་དང་བསམ་པར་ཡང་མི་བྱའོ། །དེ་ལས་ཀྱང་དགེ་སྦྱོང་ལ་འཇིག་རྟེན་པ་རྣམས་ཀྱིས་རྣམ་པར་སྨོད་པར་འགྱུར་རོ། །བསམ་གཏན་སྒོམ་པར་བྱེད་པ་ན་བར་དུ་གཅོད་པར་འགྱུར་རོ། །དེ་བསམས་པས་ཀྱང་བསོད་ནམས་དང་ཚེའི་འདུ་བྱེད་རྣམས་ནུབ་པར་འགྱུར་རོ། ། བདེ་ལེགས་རྣམས་ཀྱང་འཐོབ་པར་མི་འགྱུར་རོ། །ཚེ་ཟད་པར་གྱུར་པ་དེ་བྱ་བ་མ་ཡིན་པ་བྱེད་པའི་ཕྱིར་ནད་ལས་དང ། རྒ་བ་ལས་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། ངལ་བ་རྣམས་ལས་ཡོངས་སུ་གྲོལ་བར་མི་འགྱུར་རོ། ། དུས་ཡུན་རིང་པོར་འཁོར་བར་ཡོངས་སུ་འཁྱམ་པར་འགྱུར་རོ། །འདི་ལ་རྒྱུ་སྐར་བགྲངས་པ་རྣམས་ཀྱིས་ཀྱང་ཅུང་ཟད་ཀྱང་མི་བྱེད་དོ། །བདག་ལ་མ་ཡིན་ཞིང ། གཞན་རྣམས་ལ་ཡང་སྐྱོབ་པ་ནི་རྒྱུ་སྐར་རྣམས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱིས་དེ་དག་རྣམས་འཇུག་པར་བྱེད་ 70-1-171a པ་ཡིན་གྱི། རྒྱུ་སྐར་རྣམས་ནི་སྐྱབས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་སྐར་གཅིག་ཉིད་ལ་ཡང་བདེ་བ་ཅན་རྣམས་དང ། སྡུག་བསྔལ་ཅན་རྣམས་དང ། སྐྱེ་གཟུགས་ངན་པ་དང ། གཟུགས་བཟང་བ་དང ། རིགས་དང་ལྡན་པ་དང ། རིགས་དམན་པ་ དང ། ཆོས་པ་དང ། ཆོས་མ་ཡིན་པ་དང ། དབུལ་པོ་དང ། ཕྱུག་པོ་དང ། རྐུན་མ་དང ། རྒྱལ་པོ་དང ། ཆོམ་རྐུན་དང ། མཁས་པ་དང ། རྨོངས་པ་དང ། བུད་མེད་དང ། སྐྱེས་པ་དང ། ཚུལ་ཁྲིམས་དང་ལྡན་པ་དང ། ཚུལ་ཁྲིམས་འཆལ་པ་དང ། བརྩོན་འགྲུས་བརྩམས་ པ་དང ། ལེ་ལོ་ཅན་དང ། འཇིག་རྟེན་པ་སྡུག་པར་འཛིན་པ་དང ། དེ་དག་ལ་སོགས་པ་གཞན་རྣམས་ཀྱང་རྒྱུ་སྐར་གཅིག་ལ་སྐྱེའོ། །གལ་ཏེ་ཡང་རྒྱུ་སྐར་རྣམས་རྒྱུ་མཚན་ཡིན་པར་གྱུར་ན། དེ་ལ་གང་དག་རྒྱུ་སྐར་གཅིག་ལ་སྐྱེས་པར་གྱུར་པ་དེ་དག་རྣམས་ཐམས་ཅད་ཀྱང་མཚུངས་པར་འགྱུར་རོ། ། སྐྱེས་བུ་རྣམས་ཀྱིས་ཇི་སྐད་བཤད་པའི་རྒྱུ་སྐར་རྣམས་ནི་བགྲང་བར་མི་བྱ་སྟེ། སྔོན་གྱི་སྐྱོན་དང་ཡོན་ཏན་དང་བཅས་པ་རྣམས་མངོན་པར་མི་ཤེས་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བར་གྱུར་པའི་དུས་རྣམས་སུ་སྐར་མར་གྱུར་པའི་རྒྱུ་སྐར་རྣམས་འགྲང་བར་བྱེད་དོ། །གཞན་ཡང་རྒྱུ་སྐར་འདི་ དག་རྣམས་འགྲང་བ་དང་དཔྱོད་པར་བྱེད་པ་ནི་འདི་ལྟ་སྟེ། རྒྱུ་སྐར་རྣམས་མ་ཤར་བ་དང ། གང་གི་ཕྱིར་མདུན་དུ་བྱས་པར་གྱུར་པས་རྣམ་པར་དག་པ་རྣམས་ཀྱང་ཉུང་བ་དང ། ལྷག་པར་འགྱུར་བ་དང ། མངོན་པར་གསལ་བ་ཡིན་པ་དང ། རྒྱུ་སྐར་གྱིས་རྒྱུ་སྐར་གཞན་རྣམས་ཟིལ་གྱིས་ ཀྱང་གནོན་ནོ། །གཞན་ཡང་གཟའ་སྐར་དེ་ཉིད་ཀྱང་དུས་གཞན་ན་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་དག་རྣམས་ལས་རྒྱུ་སྐར་གྱི་མཛེས་པ་དང ། མཛེས་པ་མ་ཡིན་པ་རྣམས་དཔྱོད་པར་བྱེད་པ་ཡིན་ནོ། །གང་སེམས་པར་བྱེད་པ་དང་འགྲང་བར་བྱེད་པའི་རྒྱུ་སྐར་རྣམས་ཀྱི་དབང་གིས་ བདེ་བ་དང་སྡུག་བསྔལ་བ་ཡིན་ན། གང་གིས་ཇི་ལྟར་བདག་ཉིད་ལ་སྟོབས་དང་ལྡན་པར་འགྱུར་ཞིང་བདེ་བ་དང ། སྡུག་བསྔལ་གྱི་དབང་དུ་བྱས་ནས་གང་གིས་ཟིལ་གྱིས་གནོན་པར་འགྱུར། ཇི་ལྟར་ན་གཞན་རྣམས་ཀྱིས་སྡུག་བསྔལ་དང་བདེ་བ་བྱེད་པར་འགྱུར་བ་ཡིན། དེའི་ཕྱིར་ 70-1-171b ལས་རྣམས་ཉིད་ཁོ་ན་ལས་དགེ་ལེགས་དང་དགེ་ལེགས་མ་ཡིན་པའི་འབྲས་བུ་རྣམས་ཡིན་ནོ། །རྒྱུ་སྐར་རྣམས་དང ། གཟའ་རྣམས་ཀྱང་གང་གི་ཚེ་གཟའ་གཞན་དང་འཁྲུགས་པར་གྱུར་པ་ན། དེའི་ཚེ་དེ་དག་རྣམས་ལ་ཡང་གཟེར་ཟུག་འབྱུང་ངོ ། །ཇི་ལྟར་ཉི་མ་དང་ཟླ་བ་དག་ཀྱང་གཟའ་སྒྲ་ གཅན་འཛིན་གྱིས་སྡུག་བསྔལ་བར་བྱེད་དོ། །དེ་ལ་གང་དག་བདག་ཉིད་ཀྱི་ལ་ནུས་པ་མེད་པ་དེ་ཇི་ལྟར་གཞན་རྣམས་ཀྱི་ལ་ནུས་པ་འབྱུང་བར་འགྱུར། དེའི་ཕྱིར་གཟའ་དགུ་པོ་རྣམས་ཀྱི་དཔྱད་ར་ནི་དགེ་སྦྱོང་གིས་མི་བྱའོ། །དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་མི་བྱའོ། །འཛིན་པར་ བྱེད་པ་གཟའ་ཆེན་པོ་རྣམས་ནི་གསུམ་པོ་འདི་དག་རྣམས་ཡིན་ནོ། །འདི་ལྟ་སྟེ། རྒ་བ་དང ། ན་བ་དང ། འཆི་བ་རྣམས་ཡིན་ཏེ། གང་ཞིག་རྟག་ཏུ་འཇིག་རྟེན་པ་རྣམས་ལ་གནས་པར་གྱུར་པ་ཐ་མར་འཛིན་པར་བྱེད་པའི་གཟའ་ཆེན་པོ་གསུམ་པོ་རྣམས་སེམས་པར་མི་བྱེད་པར་ནི་ཇི་ སྲིད་དུ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་དམ་བཅའ་བས་གཟའ་གཞན་འཇིག་རྟེན་པ་རྣམས་ཉིད་དཔྱོད་པར་བྱེད་དོ། །བློ་གྲོས་མེད་པ། ཐོས་པ་དང་མི་ལྡན་པའི་བྱིས་པར་གྱུར་པས་སྐྱོན་དང་བཅས་པར་གྱུར་པའི་འཇིག་རྟེན་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་དཔྱོད་པར་བྱེད་དོ། །གང་ཞིག་ རྣམ་པར་དཔྱད་པར་འགྱུར་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པར་གྱུར་ན་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ལེགས་པར་འཇུག་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་ནི་དཔྱོད་པར་མི་བྱེད་དོ། །དེ་དག་རྣམས་ཀྱང་གང་ཞེ་ན། འདི་ ལྟ་སྟེ། ཕུང་པོ་ལྔ་པོ་རྣམས་དང ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་དང ། ཁམས་བཅཝ་བརྒྱད་པོ་རྣམས་སོ། །དེ་དག་རྣམས་དཔྱོད་པར་གྱུར་པས་ནི་མྱ་ངན་ལས་འདའ་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བར་འདོད་ཆགས་འགོག་པར་བྱེད་པ་དང ། ཀུན་ནས་སྡོམ་ པ་དང ། འདུལ་བར་བྱེད་པས་ཀྱང་མྱ་ངན་ལས་འདའ་བ་ཡིན་ནོ། །དགེ་སློང་རྒྱུ་སྐར་སེམས་པར་བྱེད་པ་རྣམས་ནི་ཡང་རིམ་པ་གཞན་གྱིས་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་ཟླ་བ་བཅུ་གཉིས་འགྲང་བར་བྱེད་དོ། །དེ་དག་རྣམས་བགྲངས་པ་ལས་ 70-1-172a ཀྱང་དོན་མ་ཡིན་པར་འགྱུར་རོ། །ཉོན་མོངས་པ་རྣམས་སྤོང་བར་མི་བྱེད་པ་དང ། མྱ་ངན་ལས་འདའ་བར་ཡང་མི་འགྱུར་རོ། །འཁོར་བའི་སྐྱེ་མཆེད་བཅུ་གཉིས་འགྲང་བར་བྱེད་པ་རྣམས་ཀྱིས་གང་དག་ལེགས་པར་སྡོམ་པ་དང ། ཡང་དག་པའི་དོན་ཡོངས་སུ་ཤེས་པར་ བྱེད་པ་དང ། འདོད་ཆགས་དང་བྲལ་བ་དང ། ལེགས་པར་ཀུན་ནས་སྡོམ་པར་གྱུར་པ་རྣམས་ཀྱིས་ཀྱང་མྱ་ངན་ལས་འདའ་བ་ཡིན་ནོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པས་དེ་དག་རྣམས་མ་རྩེས་པར་ཀུན་ནས་ཉོན་མོངས་པར་གྱུར་པ་གཞན་རྣམས་དཔྱོད་པར་བྱེད་དོ། །ཡང་གང་ཞིག་ དཔྱད་པར་གྱུར་ནས་ནད་དང ། རྒས་པ་དང ། འཆི་བ་རྣམས་ལས་ཡོངས་སུ་འགྲོལ་བར་མི་འགྱུར་བའི་རིམ་པ་གཞན་གྱིས་ངན་པ་རྣམས་སེམས་པར་བྱེད་པའི་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་དུས་དྲུག་པོ་རྣམས་དཔྱོད་པར་བྱེད་དོ། །གང་དག་ རྣམས་དཔྱད་པར་གྱུར་ཅིང ། ཡང་དག་པ་ཇི་ལྟ་བར་སོ་སོར་རྣམ་པར་དཔྱད་ཅིང་རྣམ་པར་གནས་པར་གྱུར་ནས། དེ་དག་རྣམས་མྱ་ངན་ལས་འདའ་བར་འགྱུར་བའི་དགོས་པ་དང་བཅས་པས་ཀུན་ནས་ཉོན་མོངས་པ་ཅན་ཉེ་བར་འཚེ་བ་དང་བཅས་པར་གྱུར་པའི་སུམ་ཅུ་རྩ་དྲུག་གིས་ལུས་དཔྱོད་་ པར་མི་བྱེད་དོ། །ཡང་རིམ་པ་གཞན་གྱིས་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་འཇིག་རྟེན་པའི་དུས་ཀྱིས་བྱས་པའི་ལྟས་སུ་གྱུར་པ་རྣམས་ལ་དཔྱོད་པར་བྱེད་དེ། །ཇི་ལྟར་དཀར་པོའི་དུས་ཀྱི་ལྟས་རྣམས་ནི་མཛེས་པའོ། །དཀར་པོ་མ་ཡིན་པ་ནི་མི་མཛེས་པའོ། །ཆེ་གེ་མོ་ཞིག་ གི་དུས་ན་ལྟས་འདི་དག་རྣམས་འབྱུང་བར་ཆེ་གེ་མོ་གཅིག་གི་དུས་ན་ནི་མ་ཡིན་ནོ། །རྣམ་པ་དེ་ལྟ་བུར་གྱུར་པའི་བསམ་ཁྲལ་ངན་པ་རྣམས་སེམས་པར་བྱེད་ཀྱི། གང་དག་ཤེས་པར་གྱུར་པ་རྣམས་དང ། ཕ་རོལ་ཏུ་བདེ་བར་གྱུར་པ་རྣམས་དང ། མྱ་ངན་ལས་འདའ་བར་འགྱུར་བ་དང ། མྱ་ ངན་ལས་འདའ་བའི་མཐར་ཐུག་པར་འགྱུར་བ་སེམས་ཀྱི་དམིགས་པའི་མཚན་ཉིད་དུ་གྱུར་པའི་དགེ་བ་དང ། མི་དགེ་བ་དང ། ལུང་དུ་མ་བསྟན་པར་གྱུར་པའི་ལྟས་དང་ལྟས་མ་ཡིན་པ་རྣམས་ཀྱི་དཔྱད་ར་དཔྱོད་པར་མི་བྱེད་དོ། །ཇི་ལྟར་དགེ་བའི་སེམས་དང་ལྡན་པར་གྱུར་པའི་དགེ་བ་དམིགས་པའི་ལྟས་ 70-1-172b ལས་མཛེས་པར་གྱུར་པའི་བདེ་བར་འགྲོ་བའི་འགྲོ་བ་བདག་ལ་འབྱུང་བར་འགྱུར་རོ། །མྱ་ངན་ལས་འདའ་བར་འགྲོ་བར་འགྱུར་བའི་དགེ་བའི་སེམས་ཆེ་གེ་མོ་ཅིག་ལ་དམིགས་པ་བདག་ལ་སྐྱེས་སོ། །མི་དགེ་བ་ཀུན་ནས་ཉོན་མོངས་པ་ཅན་དེས་ནི་བདེ་བ་མ་ཡིན་ཞིང་ཤེས་པ་མ་ཡིན་ནོ། །བདག་བདེ་ འགྲོར་འགྲོ་བར་ཡང་མི་འགྱུར་རོ། །ལུང་དུ་མ་བསྟན་པ་ལ་དམིགས་པའི་བདག་གི་སེམས་ཆེ་གེ་མོ་ཅིག་སྐྱེས་པར་གྱུར་ཏེ། དེ་ནི་རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་ནོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་གི་གཟུགས་བརྙན་དེ་འཇིག་རྟེན་པའི་ལམ་གྱིས་སྐད་ཅིག་དང ། ཐང་ ཅིག་དང ། ཡུད་ཙམ་དང ། ཉི་མ་དང ། ཟླ་བ་ཕྱེད་དང ། ཟླ་བ་དང་ཡང་དག་པར་ལྡན་པའི་དགེ་བ་དང ། མི་དགེ་བའི་དུས་ཀྱི་མི་རྣམས་ཀྱི་ཚེའི་དུས་རྣམས་སེམས་པར་བྱེད་ཀྱི་བདག་གི་ཚེའི་འདུ་བྱེད་རྣམས་ནི་སྐད་ཅིག་པ་ཡིན་ཏེ། ཇི་ལྟར་འདི་དག་རྣམས་ནི་སྐད་ཅིག་པ། ཐང་ ཅིག་དང ། ཡུད་ཙམ་དང ། ཉི་མ་དང ། ཟླ་བ་དང ། ཟླ་བ་ཕྱེད་པར་འགོར་བ་མེད་པར་ཟད་པར་འགྱུར་བས་ཅིས་ཀྱང་བཟློག་ཏུ་མེད་པ་སྟོབས་ཆེན་པོ་དང་ལྡན་པའི་འཆི་བའི་དུས་སུ་གྱུར་པའི་འདུ་བྱེད་རྣམས་འཛད་པར་འགྱུར་བའི་དུས་ལ་ནི་དཔྱོད་པར་མི་འགྱུར་རོ། །བསམ་གཏན་བྱེད་ པ་ན་བར་དུ་གཅོད་པར་གྱུར་པ་འཇིག་རྟེན་པའི་རིམ་པ་གཞན་ཀུན་ནས་ཉོན་མོངས་པ་ཅན་རྣམས་ཀྱིས་ཀྱང་རྒྱུ་སྐར་གྱི་དཔྱད་ར་རྣམས་དཔྱོད་པར་བྱེད་དོ། །སྒོམ་པར་བྱེད་དོ། །ལན་མང་དུ་བྱེད་དོ། །སེམས་ཀྱིས་རབ་ཏུ་སྒོམ་པར་བྱེད་དོ། །རབ་ཏུ་འཇོག་པར་བྱེད་དོ། །གཞན་དག་རྣམས་ ལ་ཡང་སྦྱིན་པར་སྟོན་ནོ། །ཇི་ལྟར་རྒྱུ་སྐར་ཆེ་གེ་མོ་གཟའ་ཆེ་གེ་མོས་ཉེ་བར་གཟིར་བར་གྱུར་ནས་མནར་བར་བྱེད་དོ། །འདོད་པར་གྱུར་པའི་ཀུན་དུ་སྦྱོར་བའི་རྒྱུ་སྐར་གཟིར་བར་བྱེད་དོ། །དེ་བསམས་པར་གྱུར་པ་ན་ནད་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ལས་སྒྲོལ་བར་བྱེད་པ་པོ་འཁོར་བ་ལས་འདྲེན་པར་བྱེད་པ་པོ་རྣམས་ནི་དེ་ལྟར་དཔྱོད་པར་ནི་མི་བྱེད་ན། རྒྱུ་སྐར་ལ་ཇི་ལྟ་བ་བཞིན་དུ་དེ་ཉིད་ནི་ཆོས་ཀྱི་གཟར་གྱུར་པའི་ཆོས་གཞན་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །འདི་ལྟ་སྟེ། སྐྱེ་བའི་རྒྱུ་སྐར་རྣམས་ 70-1-173a ནི་འཆི་བའི་གཟའ་རྣམས་ཀྱིས་ཉེ་བར་འཛིན་ནོ། །ནད་མེད་པའི་རྒྱུ་སྐར་རྣམས་ནི་ནད་ཀྱི་གཟའ་རྣམས་ཀྱིས་ཉེ་བར་འཛིན་ནོ། །ལང་ཚོའི་རྒྱུ་སྐར་རྣམས་ནི་རྒས་པའི་གཟའ་རྣམས་ཀྱིས་ཉེ་བར་འཛིན་ནོ། །འཐུན་པ་དང་ཀུན་དུ་ཕྲད་པའི་རྒྱུ་སྐར་རྣམས་ནི་འཐུན་པ་དང་བྲལ་བའི་གཟའ་ རྣམས་ཀྱིས་ཉེ་བར་ཟིན་ནོ། །ལྷའི་འཇིག་རྟེན་དུ་སྐྱེས་པའི་རྒྱུ་སྐར་རྣམས་ནི་འཆི་འཕོ་བའི་གཟའ་རྣམས་ཀྱིས་ཉེ་བར་ཟིན་ནོ། །མིར་སྐྱེས་པའི་རྒྱུ་སྐར་རྣམས་ནི་ཚོལ་ཁྲོའི་སྡུག་བསྔལ་གྱི་གཟའ་རྣམས་ཀྱིས་ཉེ་བར་ཟིན་ནོ། །བདེ་བའི་ཚོར་བའི་རྒྱུ་སྐར་རྣམས་ནི་སྡུག་བསྔལ་གྱི་ཚོར་བའི་གཟའ་རྣམས་ ཀྱིས་ཉེ་བར་ཟིན་ནོ། །དགེ་བའི་སེམས་བསྐྱེད་པའི་རྒྱུ་སྐར་རྣམས་ནི། མི་དགེ་བའི་སེམས་བསྐྱེད་པའི་གཟའ་རྣམས་ཀྱིས་ཉེ་བར་ཟིན་ནོ། །མི་སྡུག་པའི་རྒྱུ་སྐར་རྣམས་ནི་ཞེ་སྡང་གི་གཟའ་རྣམས་ཀྱིས་ཉེ་བར་ཟིན་ནོ། །ཤེས་པའི་རྒྱུ་སྐར་རྣམས་ནི་གཏི་མུག་གི་གཟའ་རྣམས་ཀྱིས་ཉེ་བར་ཟིན་ ནོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པར་གྱུར་པ་དེ་རང་ཉིད་ཀྱི་བསམ་ཁྲལ་རྣམས་སེམས་པར་མི་བྱེད་དོ། །འཇིག་རྟེན་ལས་འདས་པའི་ཡོངས་སུ་དཔྱད་པར་བྱ་བའི་དཔྱོད་པ་རྣམས་སེམས་པར་མི་བྱེད་དོ། །འཇིག་རྟེན་པའི་དེ་དག་རྣམས་དང ། འཇིག་རྟེན་ལས་འདས་པའི་ཡང་ ཇི་སྐད་དུ་བཤད་པའི་རྒྱུ་སྐར་དཔྱད་པར་བྱ་སྟེ། སྔ་མ་བཞིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་བརྟག་པར་བྱའོ། །ཇི་སྐད་དུ་བཤད་པའི་གཟའ་རྣམས་ཀྱང་སྔར་བཞིན་དུ་ཡང་དག་པ་ཇི་ལྟ་བར་གཟའ་རྣམས་བསམ་པར་བྱའོ། །བསྒོམ་པར་བྱའོ། །ཡང་ དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་ཤེས་པའི་ལམ་ཡན་ལག་བརྒྱད་ཀྱིས་སོ་སོར་བརྟག་ན་ནི་གཟའ་དང་རྒྱུ་སྐར་གྱི་དཔྱད་ར་རྣམས་འབྲས་བུ་དང་བཅས་པར་འགྱུར་རོ། །མྱ་ངན་ལས་འདའ་བར་ཡང་འགྱུར་བ་དང ། ཤིས་པར་འགྱུར་བ་དང ། བདེ་བར་འགྱུར་བ་ཡང་ཡིན་ནོ། །ཐ་མལ་ པའི་འཇིག་རྟེན་པའི་གཟའ་རྣམས་དཔྱད་པ་དང ། རྒྱུ་སྐར་རྣམས་ཀྱང་དཔྱད་པར་གྱུར་པའི་སྐྱེས་བུ་ནི་བརྒྱ་སྟོང་དུ་མ་རྣམས་སུ་འགྲོས་ནོར་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །འཇིག་རྟེན་པ་དེ་དག་རྣམས་ནི་འཁོར་བར་ཀུན་ནས་འཇུག་པར་བྱེད་ 70-1-173b པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཀུན་ནས་སྐྱེད་པར་བྱེད་པ་ཡིན་ནོ། །གང་ཡང་དུས་དང ། གཟའ་དང ། རྒྱུ་སྐར་དེ་དག་རྣམས་འཇིག་རྟེན་ལས་འདས་པའི་ལམ་གྱིས་བསམ་པར་བྱ་བར་བཤད་པ་དེ་དག་རྣམས་རྣལ་འབྱོར་དཔྱོད་པས་བསམས་ཤིང་བསྒོམས་ཏེ། ཡང་དག་ པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པས་རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་སྟོང་ཕྲག་བརྒྱ་ལས་རྣམ་པར་གྲོལ་བའི་གོ་འཕང་འཐོབ་པར་འགྱུར་ཏེ། རྟག་ཏུ་རྒས་པ་མེད་པ་དང ། འཆི་བ་མེད་པ་དང ། ཟག་ པ་མེད་པའི་མྱ་ངན་ལས་འདས་པའི་མཆོག་དེ་ལྟ་བུ་དེ་དག་རྣམས་ལ་བསླབ་པར་བྱའོ། །དགེ་སྦྱོང་རྣམས་དང ། དགེ་སྦྱོང་དུ་དམ་བཅས་པ་རྣམས་དང ། སྡུག་བསྔལ་ཟད་པར་འདོད་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ཟད་པར་འགྱུར་བའི་རྒྱུ་སྐར་རྣམས་ལ་དཔྱད་པ་བསྒོམ་པར་བྱའོ། ། དུས་དཔྱོད་པ་ཡང་རང་བཞིན་ཇི་ལྟ་བུ་མ་ཡིན་པའི་ཀུན་ནས་ཉོན་མོངས་པ་ཅན་གྱི་ཤེས་པ་རྣམས་དང་བདེ་བའི་མཐར་ཐུག་པར་འགྱུར་བ་མ་ཡིན་ནོ། །ཤེས་པར་འགྱུར་བ་མ་ཡིན། མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་བ་ཡང་མ་ཡིན་གྱི། དགེ་སློང་དེས་བསམ་གཏན་སྒོམ་པར་ གྱུར་པ་ན་རྣམ་པར་སྲེག་པར་བྱེད་པ་འབའ་ཞིག་ཏུ་གྱུར་པ་དང ། རྒྱུ་སྐར་འགྲང་བ་དང་སེམས་པར་བྱེད་པ་ན་དགེ་སློང་ལ་རྣམ་པར་གཤེ་བར་བྱེད་པར་ཡང་འགྱུར་རོ། །གཞན་ཡང་ཆོས་དྲུག་པར་གྱུར་པ་བསམ་གཏན་སྒོམ་པ་ན་བར་དུ་གཅོད་པར་བྱེད་པ་རྣམས་ནི་དགེ་སྦྱོང་དང་དགེ་སྦྱོང་དུ་ཁས་ འཆེས་པ་རྣམས་ཀྱིས་བསམ་པར་ཡང་མི་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། རྒྱུ་མཚན་སེམས་པ་དགེ་སྦྱོང་གིས་མི་བྱའོ། །འཇིག་རྟེན་པ་ཀུན་ནས་ཉོན་མོངས་པ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་ཀུན་དུ་གསལ་བར་བྱེད་པར་གྱུར་པ་དགེ་བའི་ཆོས་ རྣམས་ཀྱི་བར་དུ་གཅོད་པར་བྱེད་པ་རྣམས་ཀུན་དུ་འཕེལ་བར་བྱེད་པ་ནི་རྒྱུ་མཚན་སེམས་པ་ལས་ཡིན་ཏེ། དེ་ལ་ས་གཡོ་བ་འབྱུང་བ་རྣམས་ཉིན་མོ་དང ། མཚན་མོར་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ནི་ཀུན་ནས་ཉོན་མོངས་པའི་ས་གཞི་ལས་ཀྱི་རྒྱུ་མཚན་ཉེ་བར་ 70-1-174a མཚོན་པར་བྱེད་དོ། །ཇི་ལྟ་བར་རྒྱུ་མཚན་འདི་དག་རྣམས་འབྱུང་བར་འགྱུར་ཏེ། འདི་ལྟར་ཆུ་ཀུན་དུ་གནས་པའི་རྫིང་བུ་དག་རླུང་གིས་དཀྲུགས་པར་བྱེད་ལ། ཇི་སྲིད་དུ་རབ་ཏུ་གཡོས་པར་གྱུར་པས་རྙོག་པ་ཅན་དུ་འགྱུར་རོ། །ལྷའི་ཆར་འབབ་ན་གྲོག་མ་རྣམས་གཟེར་ ཟུག་གིས་ཕྱིར་འབྱུང་བར་འགྱུར་རོ། །ཟླ་བ་གཟས་འཛིན་པར་འགྱུར་ན་ཆུར་མར་ནག་འབྱིང་བར་འགྱུར་རོ། །བྱ་རྣམས་དམའ་བ་ནས་འགྲོ་ན་ཡང་ནམ་མཁའ་ལ་ཉི་མ་གཟས་འཛིན་པར་འགྱུར་རོ། །ཕྱོགས་རྣམས་ལ་འདོད་ཆགས་དང་བྲལ་བར་ཉེ་བར་དམིགས་པར་འགྱུར་རོ། །དགེ་བ་ལ་ ནི་འདི་དག་རྣམས་འབྱུང་བར་འགྱུར་ཏེ། ཇི་ལྟར་འཇམ་པོར་གྱུར་པའི་རླུང་རྣམས་རབ་ཏུ་རྒྱུ་བར་འགྱུར་རོ། །ཕྱོགས་རྣམས་ཤིན་ཏུ་དྲི་མ་མེད་པར་གྱུར་པ་དང ། མཛེས་པའི་བྱ་དག་གཡས་ཕྱོགས་ནས་བསྐོར་བར་ཀུན་དུ་མཐོང་བར་འགྱུར་རོ། །མི་དགེ་བ་འབྱུང་བར་གྱུར་ན་དམར་རེངས་ དང་ཕྱོགས་ཀྱི་མདོག་རྣམས་རྩུབ་པར་མཐོང་ངོ ། །རླུང་རྩུབ་མོ་དག་རབ་ཏུ་རྒྱུ་བར་འགྱུར་རོ། །སྐྱ་རེངས་དམར་པོ་ཁྲག་གི་མདོག་ཏུ་འགྱུར་བ་དང ། ཀུན་ནས་དེའི་ཆ་བྱད་ཀྱིས་ཉི་མ་ནམ་མཁའ་ལ་ཤར་ནས་གནས་སོ། །དེ་ལྟར་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པར་བྱེད་པ་འདིས་ བསམ་གཏན་སྒོམ་པའི་བར་དུ་གཅོད་པར་བྱེད་པའི་རྒྱུ་མཚན་རྣམས་མཚོན་པར་བྱེད་དོ། །རྒྱལ་པོ་དག་ལ་ཡང་སྟོན་པར་བྱེད་དོ། །རྙེད་པ་དང་བཀུར་སྟིའི་དོན་དུ་རྒྱལ་བ་དང་འཕམ་པར་འགྱུར་བ་རྣམ་པར་དཔྱོད་པར་བྱེད་དོ། །དེས་དེ་བཞིན་དུ་རྒྱལ་པོ་རྒྱལ་བ་དང་འཕམ་པ་འདོད་པར་གྱུར་ པས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་ཡིད་ལ་ཀུན་ཏུ་སྐྱེ་སྟེ། དེ་དག་གི་རྩ་བ་ལས་ནི་གཏི་མུག་ཡིན་པས་སྐྱོན་གསུམ་པོ་འདིས་གཡོགས་པར་གྱུར་པ་དེ་ནི་དགེ་སྦྱོང་མ་ཡིན་ལ་ཁྱིམ་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དགེ་སྦྱོང་དང་དགེ་སྦྱོང་དུ་དམ་བཅས་པར་གྱུར་པ་རྣམས་ ཀྱི་རྒྱུ་མཚན་གྱི་དཔྱད་ར་མི་བྱའོ། །འདི་དག་ནི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །ཡང་རིམ་པ་གཞན་གྱིས་མ་རུངས་པའི་རྒྱུ་མཚན་འདི་དཔྱོད་པར་གྱུར་པ་ལ། ཇི་ལྟར་གང་འགའ་ཞིག་རྒྱུ་མཚན་ཅན་ཡིན་པར་གྱུར་པ་དེ་རྒྱལ་པོས་ཅི་ནས་ཀྱང་ལྟད་མོའི་དུས་ན་ལྟད་མོ་འཛུགས་པར་འགྱུར་རོ། ། 70-1-174b རྒྱལ་པོ་དག་ཕན་ཚུན་དུ་ཀུན་དུ་འཇོམས་པར་གྱུར་པ། སྐྱེ་བོ་ཐམས་ཅད་འཁྲུག་པར་བྱེད་པའི་འཁྲུག་པའི་ལྟད་མོ་ལས་སེམས་ཅན་བརྒྱ་སྟོང་དུ་མ་རྣམ་པར་ཉམས་པར་འགྱུར་རོ། །གསོད་པར་བྱེད་པ་དང ། འཛིན་པར་བྱེད་པས་ཀྱང་ཡུལ་ལྗོངས་དང ། ཡུལ་འཁོར་དང ། གྲོང་ཆུང་རྣམས་ ཕན་ཚུན་དུ་སྟོངས་པར་བྱེད་དོ། །སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་རོ། །དེའི་ཚེ་རྒྱལ་པོ་དག་ཕན་ཚུན་དུ་འགྲས་པར་གྱུར་པས་ཏེ། དེ་ལ་མདོར་བསྡུ་ན་སྐྱེ་བོའི་ཚོགས་ཆེན་པོ་འདི་དག་རྣམས་ཀྱི་ནི་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པས་ལྟད་མོ་བཙུགས་པ་ཡིན་ ནོ། །རྒྱལ་པོ་གཅིག་རྣམ་པར་རྒྱལ་བར་གྱུར་པས་རྒྱལ་པོ་གཞན་ལ་དབང་ཆེ་བའི་རྒྱུ་མཚན་ཉེ་བར་མཚོན་པར་བྱས་ནས་དེ་འདི་སྙམ་དུ་ཉེ་བར་སེམས་ཏེ། གལ་ཏེ་རྒྱལ་པོ་འདི་རྣམ་པར་རྒྱལ་བར་གྱུར་ན་དེ་ལས་བདག་ཆེན་པོར་འགྱུར་བ་དང ། རྒྱལ་པོའི་སྤྱན་སྔ་ནས་རྙེད་པ་དང་བཀུར་སྟི་ཡང་བདག་ལ་ཆེན་ པོ་འབྱུང་བར་འགྱུར་རོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་དེ་ཉིད་ཀྱི་དགེ་བ་གང་ཡིན་པའི་ཆོས་དེ་ནུབ་པར་འགྱུར་རོ། །བསམ་གཏན་ལ་སྙོམས་པར་ཞུགས་པ་ན་ཡང་དགེ་བ་མངོན་པར་མི་འཕེལ་ལོ། །རྒྱལ་བ་དང་མི་རྒྱལ་བ་རྣམས་ཀུན་དུ་རྟོག་པར་བྱེད་པ་པོ་ཞི་བར་གྱུར་པའི་ཆོས་རྣམས་ ཀྱང་མ་བསམས་པས་ལུས་ཞིག་པར་གྱུར་པ་ན་ཤི་བའི་འོག་ཏུ་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །རྒྱུ་མཚན་འདི་དག་གི་ཕྱིར་ན་དགེ་སྦྱོང་རྣམས་དང་དགེ་སྦྱོང་དུ་ཁས་འཆེས་པས་རྒྱུ་མཚན་གྱི་དཔྱད་ར་འཇིག་རྟེན་པ་མི་བྱའོ། །འཇིག་རྟེན་པའི་དཔྱད་ར་གང་ཡིན་པ་འདི་ནི་སྐྱོན་གསུམ་སྐྱེད་ པར་བྱེད་པ་ཡང་འདི་ཡིན་ཏེ། དགེ་བའི་ཆོས་རྣམས་ཀྱི་བར་དུ་གཅོད་པར་བྱེད་པ་ཡིན་ནོ། །དེ་ལ་སྐྱོན་གསུམ་པོ་དེ་དག་རྣམས་ལ་རིམ་གྱིས་ངེས་པར་རྣམ་པར་གྲོལ་བར་འགྱུར་བའི་འཇིག་རྟེན་ལས་འདས་པའི་སྒྲུབ་པ་དཔྱད་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། ཇི་ལྟར་འདིས་ས་གཞི་གཡོ་བ་ཉེ་ བར་མཚོན་པར་བྱེད་པ། ཉིན་མོ་དང་མཚན་མོར་ཡང་ཇི་ལྟར་ས་གཡོ་བ་འབྱུང་བར་འགྱུར་རོ་ཞེས་དེ་ཁོ་ན་ལྟར་ནི་ནམ་ཡང་དཔྱོད་པར་མི་བྱེད་དེ། ཉིན་དང་མཚན་དུ་ཡང་སེམས་ཀྱི་ས་གཞི་གཡོ་བ་འབྱུང་བར་འགྱུར་བའི་ཕྱིར་རོ། །དཔེར་ན་ས་གཞི་འདི་ཀུན་ནས་གཡོ་བར་གྱུར་ན་ནགས་དང་། 70-1-175a ཉེ་བའི་ནགས་དང ། རི་དང ། ཆུ་ཀླུང་དང ། ཤིང་དང ། གྲོང་དང ། ཚོང་འདུས་སུ་བཅས་པའི་འཇིག་རྟེན་འདི་དག་རྣམས་འཇིག་པ་འབྱུང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་སེམས་ཀྱི་ས་གཞི་འདི་རབ་ཏུ་གཡོས་པར་གྱུར་ན། དེ་ལ་བརྟེན་པ་དེ་དག་རྣམས་ཐམས་ཅད་ལས་འཇིག་ རྟེན་ལས་འདས་པ་སྒྲུབ་པར་བྱེད་པའི་ཆོས་དགེ་བའི་ས་ཆེན་པོ་པ་དང་བཅས་པ་རྣམས་མ་གཏོགས་པ་གཞན་དག་རྣམས་ནི་རབ་ཏུ་གཡོ་བར་འགྱུར་རོ། །དེའི་ཕྱིར་དང་པོ་ཁོ་ནར་དགེ་སྦྱོང་དགེ་སྦྱོང་དུ་དམ་བཅས་པ་རྣམས་ཀྱིས་ས་གཞི་བཞིན་དུ་སེམས་ཀྱི་ས་གཞི་གཡོ་བ་རྣམས་ལ་སོ་སོར་བརྟག་པར་ བྱའོ། །གང་གི་ཕྱིར་འཁོར་བར་བྱེད་པ་དང ། སེམས་ཀྱི་ས་གཞི་རབ་ཏུ་གཡོ་བར་ཡང་བྱེད་དོ། །གསུམ་གྱིས་སེམས་ཀྱི་ས་གཞི་རྣམས་རབ་ཏུ་གཡོ་བར་ཡང་བྱེད་དོ། །འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་རབ་ཏུ་གཡོ་བར་བྱེད་དེ། ཇི་ལྟར་ཡང་ས་གཞི་དག་ གཡོ་བ་འབྱུང་བར་འགྱུར་བ་ན་ཆུ་མཉམ་པ་དང་ལྡན་པ་རྣམས་རླུང་གིས་དཀྲུགས་པར་བྱེད་དོ། །སོ་སོའི་སྐྱེ་བོའི་སེམས་ཀྱང་དེ་ཁོ་ན་བཞིན་དུ་འབྱུང་བར་འགྱུར་ཏེ། འདོད་ཆགས་སམ། ཞེ་སྡང་ངམ།གཏི་མུག་ཀྱང་སྐྱེས་པར་གྱུར་པ་ན་སྙོམས་པར་གནས་པ་ལས་སྙིང་དང་བཞིན་གྱི་མདངས་ ཀྱང་དམར་བའམ། བཞིན་གྱི་མདངས་མི་གསལ་བ་འབྱུང་བར་འགྱུར་རོ། །དེའི་ཕྱིར་དགེ་སྦྱོང་རྣམས་དང ། དགེ་སྦྱོང་དུ་ཁས་འཆེས་པ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་རྣམས་དང ། དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱི་རྒྱུ་མཚན་དེ་དག་རྣམས་ཉེ་བར་གཟུང་བར་བྱའོ། ། རྒྱུ་མཚན་དེ་དག་རྣམས་ཀྱི་རྒྱུ་མཚན་གྱིས་ཉེ་བར་རྟོག་པ་རྣམས་ནི་ནམ་ཡང་སྡུག་བསྔལ་བར་མི་འགྱུར་རོ། །སེམས་ཀྱི་ས་གཞིའི་རྒྱུ་མཚན་དུ་གྱུར་པ་འདི་དག་རྣམས་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཐ་མལ་པའི་རྒྱུ་མཚན་འདི་དག་གིས་ཉེ་བར་མཚོན་པར་བྱེད་དེ། ཇི་ལྟར་གྲོག་མ་རྣམས་ཚང་ནས་ཕྱིར་འབྱུང་བར་འགྱུར་བ་དེ་བཞིན་དུ་ལྷའི་ཆར་འབབ་པར་འགྱུར་ལ། དེ་ཁོ་ན་བཞིན་དུ་དགེ་སྦྱོང་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པ་འདི་དག་བརྟག་པར་བྱ་སྟེ། ཇི་ལྟར་གྲོང་དང ། གྲོང་ཁྱེར་དང ། ཚོང་འདུས་དག་ལས་སྦྱིན་ 70-1-175b པ་པོ་དང ། སྦྱིན་བདག་རྣམས་དང ། དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱིས་དང ། ཁྱིམ་བདག་རྣམས་ཀྱིས་ཁྱིམ་ཡང་བཤིག་ནས་གང་ན་སངས་རྒྱས་བཞུགས་པ་དེར་འོང་ངོ ། །དེའི་ཚེ་ཡང་དག་པའི་རྒྱུ་མཚན་དུ་གྱུར་པ་སྟོན་པར་མཛད་པའི་རྒྱུ་མཚན་རྣམས་ཀྱང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་འདི་ ལྟར་ཉེ་བར་མཚོན་པར་འགྱུར་རོ། །ཇི་ལྟར་ཆུང་དུ་ན་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལེགས་པར་བསྟན་པའི་གསུང་གིས་དམ་པའི་ཆོས་དག་གི་ཆར་འབེབས་པར་འགྱུར་ཏེ། སྦྱིན་པ་པོ་དང ། སྦྱིན་བདག་རྣམས་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་བདག་རྣམས་གང་དག་ཡིན་པ་ དེ་དག་རྣམས་གང་ན་བཅོམ་ལྡན་འདས་སྤྲིན་དང་ལྡན་པར་གྱུར་པས་ཆར་མངོན་པར་འབེབས་པར་མཛད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དོ་ཞེས་པའི་རྒྱུ་མཚན་འདི་དག་ནི་མཆོག་ཡིན་གྱི་ཐ་མལ་པའི་ཆར་འབབ་པར་འགྱུར་བའི་རྒྱུ་མཚན་ནི་མ་ཡིན་ནོ། །གཞན་ཡང་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ ཁས་འཆེས་པ་འདི་དག་གིས་ཟླ་བ་གཟས་འཛིན་པའི་རྒྱུ་མཚན་ཉེ་བར་རྟོག་པར་བྱེད་དོ། །མ་ཐ་ཡང་ཟླ་བ་གཟས་འཛིན་པ་འབྱུང་བར་འགྱུར་ཏེ། ཇི་ལྟར་ཆུར་མར་ནག་ནུབ་པར་འགྱུར་རོ། །རྒྱུ་མཚན་དེ་དག་རྣམས་ནི་མཛེས་པ་མ་ཡིན་ཞིང་ཞི་བར་འགྱུར་བ་ཡང་མ་ཡིན་ནོ། །དགེ་སྦྱོང་གིས་གང་ མཛེས་པར་གྱུར་པའི་རྒྱུ་མཚན་འཇིག་རྟེན་ལས་འདས་པ་འདི་དུ་མ་རྣམས་དཔྱད་པར་བྱའོ། །ཆུང་དུ་ན་དུས་ཐ་མར་གྱུར་པ་རྩོད་ལྡན་གྱི་དུས་ན་དམ་པའི་ཆོས་ཟླ་བ་གཟས་འཛིན་པ་འབྱུང་བར་འགྱུར་ཏེ། ཇི་ལྟར་དམ་པའི་ཆོས་ཀྱི་མར་ནག་འདི་དག་རྣམས་ལོག་པར་ལྟ་བའི་སྐྱེ་བོ་རྣམས་ཀྱི་སྙིང་ལ་ནུབ་པར་འགྱུར་ རོ། །འབྱིན་པར་མི་བྱེད་དོ། །རྒྱུ་མཚན་འདི་དག་རྣམས་མཆོག་ཡིན་གྱི་འཇིག་རྟེན་པའི་ཟླ་བ་གཟས་འཛིན་པའི་རྒྱུ་མཚན་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདི་འཇིག་རྟེན་པའི་ཟླ་བ་གཟས་འཛིན་པ་མཆོག་ཡིན་པའི་རྒྱུ་མཚན་རྣམས་ཉེ་བར་མཚོན་པར་བྱེད་་ དོ། །ཇི་ལྟར་ཟླ་བ་གཟས་འཛིན་པར་འགྱུར་ཏེ།ཇི་ལྟར་བྱ་འདི་དག་རྣམས་ཀྱང་ནམ་མཁའ་ལ་དམའ་བ་ནས་འཕུར་རོ་ཞེས་ཉེ་བར་འཛིན་པའི་རྒྱུ་མཚན་འདི་ནི་མཛེས་པ་མ་ཡིན་ནོ། །དགེ་སྦྱོང་རྣམས་དང་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་མཛེས་པར་གྱུར་པ་འཇིག་རྟེན་ལས་འདས་པའི་རྒྱུ་མཚན་ 70-1-176a འདི་དག་ཉེ་བར་བརྟག་པར་བྱ་སྟེ། ཇི་ལྟར་དུས་ཀྱིས་དམ་པའི་ཆོས་ཀྱི་ཟླ་བ་གཟས་འཛིན་པ་ཇི་ལྟ་བར་འབྱུང་བར་འགྱུར་བ་ན་ཇི་ལྟར་དམ་པའི་ཆོས་ཀྱི་ལམ་དུ་ཞུགས་པར་གྱུར་པ་མཆོག་ཏུ་དགེ་བ་དང་ལྡན་པའི་དགེ་སྦྱོང་རྣམས་དམའ་བར་འགྲོ་བར་འགྱུར་རོ། །བྱ་བཞིན་དུ་དམའ་ཞིང་དམའ་བ་ ནས་ཀུན་དུ་སྤྱོད་པར་བྱེད་པའི་ལོག་པར་ལྟ་བ་ཅན་རྣམས་ཀྱི་སྒོ་ནམ་མཁའ་ལྟ་བུར་གྱུར་པ་ནས་དམན་པ་དམན་པའི་ཚིག་རྣམས་བརྗོད་པར་འགྱུར་རོ། །དུས་ཀྱི་སྐྱོན་དུ་གྱུར་པ་རྒྱུ་མཚན་གྱི་མཆོག་འདི་དག་རྣམས་ཉེ་བར་གཟུང་བར་བྱའོ། །དགེ་སྦྱོང་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་ཐ་མལ་པའི་ཟླ་ བ་གཟས་འཛིན་པ་ནི་མ་ཡིན་ནོ། །གཞན་ཡང་རྒྱུ་མཚན་གང་གི་ཕྱིར་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་འདི་ཉི་མ་གཟས་འཛིན་པའི་རྒྱུ་མཚན་ཉེ་བར་རྟོག་པར་བྱེད་དེ། འཇིག་རྟེན་པའི་ཇི་ལྟར་འབྱུང་བར་འགྱུར་བ་རྣམས་ལ་ཉི་མ་གཟས་བཟུང་བར་གྱུར་པ་ན་ཕྱོགས་རྣམས་ལེ་བརྒན་གྱི་མདོག་ ཏུ་རྟོགས་པར་གྱུར་ན་འདིར་དགེ་བ་དག་འབྱུང་བར་འགྱུར་རོ། །རླུང་འཇམ་པོ་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །ཕྱོགས་རྣམས་དངས་པ་དང་ལྡན་པ་དང་མཛེས་པ་དག་གིས་གཡས་ཕྱོགས་ནས་བསྐོར་བར་འགྱུར་བ་མཐོང་ངོ ། །བསམ་གཏན་སྒོམ་པ་ལ་བར་དུ་གཅོད་པར་འགྱུར་བས་དགེ་སྦྱོང་ དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱི་རྒྱུ་མཚན་འདི་དག་ནི་མཛེས་པ་མ་ཡིན་ནོ། །འཇིག་རྟེན་པ་འདི་དག་རྣམས་ནི་འདིར་ཤེས་པ་མ་ཡིན་ནོ། །བདེ་བར་གྱུར་པ་ཡང་མ་ཡིན་ནོ། །དེ་ཁོ་ན་བཞིན་དུ་དགེ་སྦྱོང་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་ཀྱིས་ཤིས་པར་བྱེད་པའི་རྒྱུ་མཚན་གཞན་རྣམས་བཟུང་བས་་ འཇིག་རྟེན་ལས་འདས་པ་རྣམས་ཉེ་བར་མཚོན་པར་བྱའོ། ་།ཇི་ལྟར་ཆུང་དུ་ན་བྱང་ཆུབ་སེམས་དཔའི་ཉི་མ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་བྱང་ཆུབ་པའི་གཟས་འཛིན་པར་འགྱུར་བ་འབྱུང་སྟེ། བསྐལ་པ་གཅིག་གམ། བསྐལ་པ་གཉིས་སམ། བསྐལ་པ་གསུམ་ཉིད་ཀྱིས་ཀྱང་སྟེ། བྱང་ཆུབ་སེམས་ དཔའ་འབྱུང་བ་འདི་ནི་དགེ་སྦྱོང་དག་འཇིག་རྟེན་ལས་འདས་པའི་རྒྱུ་མཚན་ཡིན་ནོ། །ཇི་ལྟར་འདིའི་བརྩོན་འགྲུས་དང ། སྦྱིན་པ་དང ། ཐོས་པ་དང ། ཡེ་ཤེས་རྣམས་ལ་ཆགས་པ་ཆགས་པར་གྱུར་པའི་མདོག་གིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱམས་པས་ཆགས་པ་དང་ལྡན་པའི་ལུས་ཀྱི་ 70-1-176b ཕྱོགས་རྣམས་ཀྱིས་མཚོན་པར་གྱུར་པ་ན་དགེ་བ་འདི་དག་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་ཡོན་ཏན་རབ་ཀྱི་ཕུལ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འདི་འབྱུང་བར་གྱུར་པ་ན་མ་འོངས་པ་ན་བྱའི་ལྟས་སུ་གྱུར་པའི་ཉན་ཐོས་དང ། རང་སངས་རྒྱས་དང ། དགྲ་བཅོམ་པར་གྱུར་པའི་བྱ་རྣམས་ འཇུག་པར་འགྱུར་བའི་རྟགས་རྣམས་ཀྱང་མཐོང་བར་འགྱུར་རོ། །གཡས་ཕྱོགས་ནས་བསྐོར་བ་ནི་ཡང་དག་པའི་གོ་འཕང་ཡིད་ལ་བྱེད་པ་གཡས་ནས་བསྐོར་བ་དེའི་ཚིག་བླ་དགས་ཡིན་ནོ། །གཞན་ཡང་འདིའི་ཇི་ལྟ་བ་ཉིད་དུ་འཇིག་རྟེན་པའི་རྒྱུ་མཚན་རྣམས་ལ་རབ་ཏུ་ལྟ་བར་བྱེད་དེ། ཇི་ལྟ་བར་དགེ་བར་ འབྱུང་བར་མི་འགྱུར་བ་ནི་སྐྱ་རེངས་དམར་པོ་དང་ཕྱོགས་རྣམས་ཀྱང་རྩུབ་པར་རབ་ཏུ་མཐོང་ངོ ། །རླུང་རྩུབ་མོར་གྱུར་པས་རླུང་རྣམས་རབ་ཏུ་རྒྱུའོ། །སྐྱ་རེངས་དམར་པོ་དེའི་ཀུན་དུ་ཆ་བྱད་ཀྱིས་ཉི་མ་ནམ་མཁའ་ལ་ཤར་ནས་གནས་པར་འགྱུར་རོ། །ཇི་ལྟར་དགེ་སྦྱོང་ངན་པ་འདི་བསམ་གཏན་སྒོམ་པ་ན་བར་ ཆད་བྱེད་པར་འགྱུར་བའི་འཇིག་རྟེན་པའི་རྒྱུ་མཚན་ཉེ་བར་རྟོག་པར་བྱེད་དོ། །དེ་བཞིན་དུ་ཡང་དགེ་སྦྱོང་བཟང་པོས་འཇིག་རྟེན་ལས་འདས་པའི་རྒྱུ་མཚན་དད་པ་ཅན་ཐམས་ཅད་ལ་ཀུན་དུ་སྟོན་པར་བྱེད་པར་འགྱུར་ཏེ། ཇི་ལྟར་མི་མཛེས་པར་གྱུར་པ་རྣམས་འབྱུང་བར་འགྱུར་ན། དེ་ལ་ཅི་ཞིག་མི་མཛེས་ པར་འབྱུང་བར་འགྱུར་བ་འདི་ལྟ་སྟེ། དམ་པའི་ཆོས་རྣམས་ནུབ་པར་འགྱུར་བའོ། །ཇི་ལྟར་རྒྱུ་མཚན་འདི་དག་རྣམས་མཐོང་བ་ཡིན་ཏེ། ཕྱོགས་ཀྱི་ཁ་དོག་རྩུབ་པ་ཞེས་བྱ་བ་ནི་དམ་པའི་ཆོས་ནུབ་པར་འགྱུར་བའི་ཚིག་རྩུབ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་བྱེད་པ་དང ། སྲོག་གཅོད་པ་དང ། མ་བྱིན་ པར་ལེན་པར་འགྱུར་བ་རྣམས་ལ་དགའ་བའི་སྐྱེས་བུ་དག་ཕྱོགས་སུ་འབྱུང་བར་འགྱུར་རོ། །རླུང་རྩུབ་མོ་རྣམས་རབ་ཏུ་རྒྱུ་བ་ཞེས་བྱ་བ་ནི་མི་སྙན་པའི་ཚིག་བླ་དགས་ཡིན་ནོ། །གང་གི་ཚེ་དམ་པའི་ཆོས་རྣམས་ནུབ་པར་གྱུར་པ་ན་སེམས་ཅན་ཆོས་དང་ལྡན་པ་མ་ཡིན་པ་རྣམས་འབྱུང་བར་འགྱུར་རོ། །དེའི་ ཚེ་མི་སྙན་པར་གྱུར་པའི་རླུང་རྣམས་ཕྱོགས་དག་ཏུ་འཕྱུར་བར་འགྱུར་རོ། །ཇི་ལྟར་སེམས་ཅན་འདི་དག་རྣམས་མཛེས་པ་མ་ཡིན་པར་གྱུར་པའི་སྡིག་པ་རྣམས་བྱེད་པར་གྱུར་པ་དེ་ལྟར་མི་སྙན་པའི་རླུང་རྣམས་རྒྱུ་བར་འགྱུར་རོ། །གཞན་ཡང་དེ་ཁོ་ན་ལྟར་འཇིག་རྟེན་པའི་རྒྱུ་མཚན་དུ་གྱུར་པ་དམར་རེངས་ 70-1-177a ཀྱི་མདོག་གི་ཀུན་དུ་ཆ་བྱད་ཀྱིས་ཉི་མ་ནམ་མཁའ་ལ་ཤར་ནས་གནས་པར་རབ་ཏུ་མཐོང་བར་གྱུར་པ་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་རྒྱུ་མཚན་འདི་དག་རྣམས་ཀྱང་ཕྱིས་ཀྱི་རྒྱུ་མཚན་དུ་མཐོང་བ་ཡིན་ཏེ།དམར་རེངས་ཀྱི་མདོག་ནི་དགེ་སྦྱོང་ངན་པ་དང ། བྲམ་ཟེ་ངན་པའི་འཁོར་ རྣམས་ཀྱི་ཀུན་དུ་ཆ་བྱད་ཅན་གྱི་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པར་ང་རྒྱལ་བའི་ལོག་པར་ལྟ་བ་ཅན་རྣམས་ཀྱི་ཉི་མ་ངན་པ་ཡིན་ལ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེས་པ་རིགས་ངན་པའི་རིགས་སུ་གྱུར་པ་རྣམས་ནམ་མཁའ་ ལ་ཤར་ནས་གནས་པ་ཡིན་ནོ། །དེ་ལ་རྣམ་པ་འདི་ལྟ་བུའི་ལོག་པར་ལྟ་བའི་ཉི་མ་ཤར་བར་གྱུར་པས་རྩཝ་དང ། ནགས་དང ། ནགས་ཚང་ཚིང་དང ། སྨན་རྣམས་ཐམས་ཅད་སྐམ་པར་འགྱུར་རོ། །འདིས་ནི་སྐྱེས་བུ་རྣམས་ཀྱི་དགེ་བ་ཐམས་ཅད་དང་ཡང་དག་པའི་ལྟ་བ་སྨན་རྣམས་རྩཝ་བཞིན་དུ་སྐེམས་ པར་འགྱུར་རོ། །དེ་བཞིན་དུ་འདི་ཡང་འཇིག་རྟེན་ལས་འདས་པའི་བསམ་གཏན་སྒོམ་པ་ན་ཀུན་དུ་གསལ་བར་བྱེད་པ། དོན་དམ་པའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ། མཆོག་ཏུ་གྱུར་པའི་བློ་གྲོས་འཇིག་རྟེན་ལས་འདས་པའི་རྒྱུ་མཚན་མཚོན་པར་བྱེད་དོ། །ཉེ་བར་མཚོན་ནས་ཀྱང་སྟོན་པར་བྱེད་དོ། ། དེ་དག་ཏུ་གྱུར་པ་གང་ཡིན་པ་རྣམས་ཀྱང་གང་དག་ཅེ་ན། དད་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་དེ་དག་རྣམས་ལ་སྟོན་པར་བྱེད་དོ། །ཇི་སྲིད་དུ་དམ་པའི་ཆོས་ཀྱི་ཉི་མ་ཤར་བར་གྱུར་པ་དེ་སྲིད་དུ་བདེ་བའི་ལས་རྣམས་ལ་རབ་ཏུ་འབད་པར་བྱའོ། །ཕྱི་ནས་ཆོས་ཐམས་ཅད་ནུབ་པར་གྱུར་ནས་ལོག་ པར་ལྟ་བའི་ཉི་མ་ཤར་བར་གྱུར་པ་ན་དགེ་སྦྱོང་དགེ་སྦྱོང་དུ་ཁས་འཆེས་པ་རྣམས་དང ། བྲམ་ཟེ་བྲམ་ཟེར་ཁས་འཆེས་པ་རྣམས་ཐམས་ཅད་མཁྱེན་པ་དང ། ཐམས་ཅད་མཁྱེན་པར་ཁས་འཆེས་པའི་དགེ་སྦྱོང་ངན་པ་དང་བྲམ་ཟེའི་ཆ་བྱད་ཅན་རྣམས་ཀྱིས་སྡུག་བསྔལ་བར་བྱས་པར་གྱུར་ཏ་རེ། བློ་མཆོག་རྒྱ་ཆེ་བར་གྱུར་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་མཚན་རྣམས་ནི་ཐམས་ཅད་མཁྱེན་པའི་བསྟན་པའི་མཆོག་འདི་ཡིན་ནོ་ཞེས་དེ་དག་གིས་དེ་ལྟར་སྟོན་པར་བྱེད་དོ། །དེ་བཞིན་དུ་རྒྱུ་མཚན་གྱི་སེམས་རྣམས་ནི་བར་དུ་གཅོད་པར་བྱེད་པ་ཡིན་ནོ། །བསམ་གཏན་སྒོམ་པར་གྱུར་པ་ན་འདི་དག་ 70-1-177b རྣམས་དང་གཞན་ཡང་འཇིག་རྟེན་པ་རྣམས་ཀྱིས་ནི་བར་ཆད་བྱེད་པར་འགྱུར་རོ། །དེ་ལ་འཇིག་རྟེན་པའི་བར་ཆད་འདི་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་འདི་ལས་འཁོར་བར་མངོན་པར་འཇུག་པར་བྱེད་པ་ནི་འཇིག་རྟེན་པའོ། །འཇིག་རྟེན་ལས་འདས་པས་ནི་མྱ་ངན་ལས་འདས་པའི་མཐར་ ཐུག་པར་བྱེད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། བསམ་གཏན་སྒོམ་དང་རྣམ་པར་བྲལ། །རྒྱུ་མཚན་ལ་ནི་རྟག་ཏུ་དགའ། །དགེ་བའི་ཆོས་ནི་རྣམ་པར་སངས། །ངན་འགྲོར་འགྲོ་བར་རིངས་པ་ཡིན། །དེ་ནི་རང་གི་ཆོས་སྤངས་ ནས། །གཞན་གྱི་ཆོས་ལ་དགའ་བར་བྱེད། །དེ་ནི་ཆོས་གཉིས་ལས་ཉམས་ནས། །ལོག་པར་ལྟུང་བའི་འོས་ཡིན་ནོ། །རང་གི་ཁྱིམ་ནི་ཡོངས་སྤངས་ནས། །གཞན་གྱི་ཁྱིམ་ནི་སྲུང་བ་ཡིན། །དེ་ནི་རྒོད་དང་ཡང་མོར་འགྱུར། །ནོར་མེད་པར་ཡང་མྱུར་དུ་འགྱུར། །ཇི་ལྟར་བློ་ངན་ རྨོངས་པ་གང ། །རྒྱལ་འདོད་མཁས་པའི་ང་རྒྱལ་ཅན། །རང་གི་ཆོས་ནི་རྣམ་སྤངས་ནས། །གཞན་གྱི་ཆོས་ཀྱིས་འཕེལ་བར་བྱེད། །ཆོས་མིན་པ་དང་སྙན་མིན་པའི། །གཞན་གྱི་རྟགས་ཀྱིས་ཉེ་བར་འཚོ། །རྩཝ་བཞིན་འགྲོ་བའི་འཇིག་རྟེན་ཡང ། །ཕྱི་མར་ངན་འགྲོར་འཚེད་པ་ ཡིན། །གང་ཞིག་ཞི་བའི་ཡུལ་ལ་གནས། །སྡིག་པའི་ལས་ལས་ལྡོག་བྱེད་པ། །སྡུག་བསྔལ་ཚོགས་ནི་དེས་མི་མཐོང ། །ཞི་བའི་མཐའ་ལ་འཇུག་པ་ནི། །སྤྲོ་མེད་ཞེ་སྡང་སྤངས་པ་དང ། །འདོད་པ་སྤྱོད་ལས་ཤིན་ཏུ་འདས། །བརྩོན་འགྲུས་བརྩམས་དང་ཆོག་ཤེས་དང ། །བསམ་གཏན་པ་ འདིར་དགེ་སློང་བརྗོད། །འདོད་ལས་གྲོལ་མིན་ཆགས་ཅན་གང ། །རྟག་ཏུ་ཟས་ལ་སྤྱོད་ལྡན་པ། །ལུས་ངག་བསྡམས་པའི་རྐུན་མ་འདི། །འདིར་ནི་དགེ་སྦྱོང་མིན་པར་བརྗོད། །རྒྱུ་མཚན་སྟོན་པའི་སྦྱིན་པ་དང ། །རྒྱུ་སྐར་བགྲང་བའི་སེམས་བྲལ་ཅན། །རྒྱལ་པོ་སྟེན་དང་བག་མེད་དང ། །འདིར་ ནི་འདི་ལ་ནག་འོས་མིན། །སྨན་པ་རི་མོའི་ལས་བྱེད་དང ། །དེ་བཞིན་ཐོས་ངན་སྙན་དངགས་སྡེབ། །འདྲེས་པར་གནས་དང་ཞབས་འབྲིང་བྱེད། །དགེ་སློང་རབ་ཏུ་ཉམས་པར་འགྱུར། །བསམ་གཏན་སྒོམ་ལ་ཞེ་སྡང་ཞིང ། །ཚོགས་པ་འདུས་ལ་དགའ་བ་དང ། །རྙེད་དང་བཀུར་ 70-1-178a སྟི་ལ་ཆགས་པར། །བྱེད་པའི་དགེ་སློང་རབ་ཆུད་འཛའ། །གསེར་གྱི་ཁམས་དང་ཡང་དག་ལྡན། །གྲོགས་མང་ལ་ཡང་དགའ་བ་གང ། །གཞན་གྱི་རྙེད་ལ་ཆགས་པས་ཀྱང ། །དགེ་སློང་བསྟན་པ་ལས་ལྟུང་ངོ ། །གང་ཡང་ཚོགས་པ་རྣམ་སྤངས་ཤིང ། །སྡིག་ པའི་ཚོགས་པ་མི་སྟེན་པར། །ཕྱེ་དང་ཆུས་ཀྱང་ཆོག་ཤེས་པ། །དགེ་སློང་དེ་ནི་ནད་མེད་ཡིན། །འབར་བ་ལྟ་བུའི་ཡུལ་རྣམས་ནི། །འོངས་པ་ཐམས་ཅད་སྤོང་བར་བྱེད། །ནོར་བུ་བཞིན་དུ་སྐྱོན་རྣམས་དག་།དགེ་སློང་འདི་ནི་དགེ་སློང་བརྗོད། །ནང་ཡང་རྣམ་པར་དག་པ་དང ། །ཡེ་ཤེས་ སྣང་བས་མངོན་པར་བརྒྱན། །དེ་ནི་ཚུལ་ཁྲིམས་གོས་ཀྱིས་གཡོགས། །སྤྱོད་ལྡན་དགེ་སློང་ཡིན་པར་བརྗོད། །འཇིག་རྟེན་ཆོས་ལས་རྣམ་འདས་གང ། །བརྟན་པས་རི་རབ་བཞིན་མི་གཡོ། །ཞི་བ་འཇིག་རྟེན་ཐམས་ཅད་བྱམས། །མཆོག་འགྲོ་དགེ་སློང་ཡིན་པར་བརྗོད། །གྲོང་ ཁྱེར་རམ་ནི་ཚོང་འདུས་སུ། །མཚན་མོ་གསུམ་གནས་གཅིག་པུ་གནས། །རི་ཕུག་སྟེ་ན་པར་བྱེད་པ་ཡང ། །རྣམ་གྲོལ་དགེ་སློང་ཡིན་པར་བརྗོད། །སྡིག་པས་འཇིགས་དང་འདུ་འཛི་མེད། །ཤིན་ཏུ་མཉམ་བཞག་ལེགས་པར་བསྡམས། །ཡེ་ཤེས་སྟེན་དང་རྒྱུད་བརྟན་པ། ། གཅིག་པུ་དགེ་སློང་ཡིན་པར་བརྗོད། །མི་གཡོ་སྙན་པར་སྨྲ་བ་དང ། །སྡིག་པའི་གྲོགས་པོ་རྣམ་སྤངས་པ། །བྱ་བ་ཀུན་ལ་ཆགས་མེད་པའི། །གྲོལ་བ་དགེ་སློང་ཡིན་ཞེས་བརྗོད། །དེ་ལ་དགེ་སློང་འདི་ནི་སྲིད་པའི་སྐྱོན་ལས་གྲོལ། །མཆོག་དང་མཆོག་མིན་རྣམ་ཤེས་ཏིང་འཛིན་ ལ་ཆགས་མེད། །ཡེ་ཤེས་དེ་ལ་མངོན་དགའ་དགེ་བ་རྣམ་པར་དག་།སྐྱེ་རྒའི་འཇིགས་པ་ལས་ནི་རྣམ་པར་གྲོལ་བ་ཡིན། །དེ་ལྟར་དེ་དག་ནི་དགེ་སློང་དུ་འོས་པ་ཡིན་ནོ། །བཟློག་པ་རྣམས་ནི་མིང་ཙམ་དགེ་སློང་དུ་གྱུར་པ་ཡིན་ཏེ། བར་དུ་གཅོད་པར་བྱེད་པ་ཉིད་ཀྱིས་བདག་ ཉིད་རབ་ཏུ་ལྟུང་བས་རབ་ཏུ་ལྟུང་བར་གྱུར་པ་ཡིན་ནོ། །བསམ་གཏན་བྱེད་པ་ན་བར་དུ་གཅོད་པར་བྱེད་པའི་ཆོས་དྲུག་པ་འདི་ནི་འདིར་དགེ་སྦྱོང་གིས་མི་བྱའོ། །གཞན་ཡང་དགེ་སྦྱོང་དང་དགེ་སྦྱོང་དུ་དམ་བཅས་པ་རྣམས་ཀྱིས་ཆོས་བདུན་པ་མི་བྱའོ། །འདི་དག་གང་ཞེ་ན། འདི་ལྟ་ 70-1-178b སྟེ། འཇིག་རྟེན་པ་གཞན་རྣམས་ཀྱི་རྙེད་བཀུར་དང་དུ་ལེན་པའོ། །འདི་ནི་བརྣབ་སེམས་དང ། གནོད་སེམས་མང་བར་གྱུར་པ་བསམ་གཏན་བསྒོམ་པ་རྣམས་ཐམས་ཅད་དང་བྲལ་བར་གྱུར་པ་སྟན་འབའ་ཞིག་ཉེད་པར་བྱེད་པ། དགེ་སློང་གི་རྟགས་ཙམ་གྱིས་དགེ་འདུན་གྱི་མལ་སྟན་དང ། ནད་ཀྱི་རྐྱེན་སྨན་དང ། ཡོ་བྱད་རྣམས་ལ་ལོངས་སྤྱད་པ། ཁྱིམ་གྱི་ལས་རྣམས་ཀྱི་འཇིགས་པས་འཇིགས་པར་གྱུར་པ། ལེ་ལོ་ཅན་ཟས་འབའ་ཞིག་ལ་མངོན་པར་དགའ་བ་གཞན་རྣམས་ཀྱི་དགའ་བ་ལྟ་བ་ལ་ཆེད་ཆེར་བྱེད་པ། ཡུལ་ལ་ཆེད་ཆེར་བྱེད་པར་གྱུར་པའི་དགེ་སློང་ལ་དེ་སྲིད་ཅིག་ན་ འབྱུང་བར་འགྱུར་བ་ནི་འཆི་བདག་འོང་བར་འགྱུར་ཏེ། བསམ་གཏན་བསྒོམ་པར་བྱ་བ་ལས་དེ་ལྟར་དགེ་སློང་འཆི་བར་ནི་ཚུལ་ཁྲིམས་ལས་ཡོངས་སུ་ཉམས་པ་བཞིན་དུ་ལུས་རྣམ་པར་འཇིག་པའི་འཆི་བ་ཡང་ཁྱད་པར་ཅན་མ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་དེས་ནི་དགེ་བའི་ཆོས་རྣམས་ ཐམས་ཅད་ཡོངས་སུ་བཏང་བར་གྱུར་ནས་བསྟན་འབའ་ཞིག་ཉེད་པར་བྱེད་པ། དགེ་སློང་གི་རྟགས་འབའ་ཞིག་འཛིན་པར་གྱུར་པ། སྡོམ་པ་དང་རྣམ་པར་བྲལ་བར་གྱུར་པ་ཡིན་ནོ། །བསྡམ་པར་བྱ་བ་ཡང་ཡིད་ཀྱིས་ལེགས་པར་སྡོམ་པའོ། །དེ་ཡང་འདིས་བྱ་བར་མི་ནུས་སོ། །དེ་ལ་ སྡོམ་པ་ནི་རྣམ་པ་བདུན་ནོ། །འདི་ལྟ་སྟེ། ངག་སྡོམ་པར་གྱུར་པ་སྟེ། དགེ་སློང་དུས་གཅིག་ཏུ་བདག་གིས་དགེ་སློང་གཞན་དང་ངམ། ཁྱིམ་པ་དང་ཡང་རུང་སྟེ། ལྷན་ཅིག་ཏུ་གླེང་བརྗོད་པར་མི་བྱའོ། །བུད་མེད་ཀྱི་སྐྱེ་བ་པ་རྣམས་དང་རྣམ་པ་ཐམས་ཅད་དུ་དགེ་སློང་གིས་མངོན་པར་བརྗོད་པས་ མངོན་པར་བརྗོད་པ་སྤང་བར་བྱའོ། །བསོད་སྙོམས་པ་རྣམས་ཀྱིས་ཀྱང་གཞན་སྦྱིན་པར་བྱེད་པ་རྣམས་དང་བྲལ་བར་གྱུར་ནས་ཡང་དེ་དག་ལ་མའམ་སྲིང་མོ་ཞེས་བྱ་སྟེ། རང་གི་རྐང་རྩེ་གཉིས་ལ་མིག་ཕབ་སྟེའོ། །དེའི་བདེ་བའམ་ཆ་བྱད་དུ་གཏོགས་པ་རྣམས་སམ། རྒྱན་རྣམས་ཀྱང་རུང་སྟེ། དགེ་སློང་གིས་བུད་མེད་དེ་དག་རྣམས་ལ་བལྟ་བར་ཡང་མི་བྱའོ། །དེ་ནས་དེའི་དུས་ན་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། རླུང་གིས་སྤར་ལ་ལེགས་བརྟེན་ནས། །དུས་རིང་ཞིག་ནས་མེ་ཡིས་སྲེག་།བུད་མེད་ལྟ་བས་ཀུན་བསླང་བའི། །མེ་འདིས་མྱུར་ 70-1-179a བར་སྲེག་པར་བྱེད། །དེའི་ཕྱིར་འདོད་ཆགས་ཀྱི་མེ་བསྲེག་པར་འགྱུར་བའི་སྐྱོན་གྱིས་འཇིགས་པ་རྣམས་ཀྱིས་འཇིགས་པའི་དགེ་སློང་གིས་བུད་མེད་ཀྱི་སྐྱེ་བོ་རྣམས་དང་མངོན་པར་མ་སྨྲ་ཞིག་འདི་ནི་སྡོམ་པ་གཅིག་ཡིན་ནོ། །གཞན་ཡང་སྡོམ་པ་གཉིས་པར་གྱུར་པ་ནི་འདི་ལྟ་སྟེ། སྡིག་པའི་ གྲོགས་པོ་དང་འགྲོགས་པའོ། །གནས་གཅིག་ཏུ་དུས་རིང་བ་དང་ལྡན་པར་མངོན་པར་དགའ་བར་བྱ་བ་མ་ཡིན་པ་རྙེད་པ་དང་བཀུར་སྟི་ཕལ་ཆེ་བར་གྱུར་པ་རྣམས་སྤང་བར་བྱ་བ་དང ། ནད་པ་རྣམས་ཡོངས་སུ་མི་གཏོང་བ་དང ། བུ་དང་བུ་མོ་རྣམས་བལྟ་བ་དང ། གང་ན་ཤིན་ཏུ་ཡང་རྩིས་ཆེ་བར་བྱེད་ པའི་ས་དེ་སྤང་བ་དང ། འདྲེ་བར་འགྱུར་བའི་འཇིགས་པའི་དོན་དུ་ཚུལ་ཁྲིམས་འཆལ་པ་རྣམས་དང་ལྷན་ཅིག་གནས་པར་སྟེན་པ་དང་ཕྲད་པར་བྱེད་པ་ཡང་རབ་ཏུ་དགག་པར་བྱ་བ་ཡིན་ནོ། །དེ་སྡོམ་པ་རྣམ་པ་བདུན་པོ་རྣམས་སྤངས་ནས་གཅིག་ཏུ་ཟས་ལ་ཆེད་དུ་བྱེད་པར་གྱུར་པ་ཕ་རོལ་གཞན་རྣམས་ཀྱི་ རྙེད་པ་དང་བཀུར་སྟི་མཐོང་བར་གྱུར་ནས་སམ། དེ་ཐོས་ནས་ཀྱང་མཆོག་ཏུ་ཡིད་མི་བདེ་བ་སྐྱེ་བར་འགྱུར་རོ། །དེའི་ཐབས་རྣམས་ཀྱང་སེམས་པར་བྱེད་དེ། གང་ཞིག་འདིའི་རྙེད་པ་དང་བཀུར་སྟིར་གྱུར་པ་དེ་དག་རྣམས་ངས་ཐབས་གང་ཞིག་བྱས་པས་ང་དེ་དག་རྣམས་ཀྱི་སྐལ་བ་ཅན་དུ་འགྱུར་ན་ ཞེས་དེ་ལྟར་སེམས་ཀྱིས་སེམས་པར་བྱེད་ཅིང་རྣམ་པར་རྟོག་པར་བྱེད་པས་དེའི་སེམས་ཀུན་ནས་རྙོག་པ་ཅན་དུ་འགྱུར་རོ། །རྩོམ་པ་དེ་དག་གིས་བརྣབ་སེམས་མང་བ་རྣམ་པར་རྒྱུ་བར་འགྱུར་རོ། །དགེ་སྦྱོང་ངན་པ་དེའི་ཐོས་པ་ཐམས་ཅད་ཀྱང་ངན་པས་ཉིན་མོ་བདེ་བར་གནས་པ་མ་ཡིན་ཞིང་ མཚན་མོ་ཡང་མ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པར་ཡང་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་ཁྱིམ་དུ་སོང་ནས་ཚུལ་འཆོས་པའི་ཆ་བྱད་འཛིན་པར་འགྱུར་ཏེ། དལ་བུས་སྨྲ་བར་བྱེད། ཁད་ཀྱིས་འགྲོ་བར་བྱེད། ནང་ན་མ་ཞི་བར་ཡང་ཕྱི་རོལ་ཞི་བར་རང་ཉིད་ཀྱིས་རབ་ཏུ་སྟོན་ནོ། ། གོས་སུ་ཚེམ་བེར་གྱོན་པར་བྱེད། །ལྷན་ཅིག་སྐྱེས་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་ཁྱབ་པར་གྱུར་པ། དུང་གི་སྒྲ་དང་མཚུངས་པར་སྤྱོད་པའི་སྡིག་པའི་ཆོས་ཅན་དེ་དག་དང་ལྷན་ཅིག་ཏུ་དེ་ཁྱིམ་དག་ཏུ་སོང་ནས་བདག་ཉིད་ཀྱི་ཚུལ་ཁྲིམས་རབ་ཏུ་སྟོན་ནོ། །ཇི་ལྟ་ཇི་ལྟར་ཀུན་དུ་འགྲོ་བར་བྱེད་ 70-1-179b པས་དེ་ལ་སྦྱིན་པ་པོ་དང ། སྦྱིན་བདག་རྣམས་ཀྱིས་ཀྱེ་མ་དགེ་སློང་འདི་ནི་མཆོག་ཏུ་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་དེ་ལྟར་བདག་ཉིད་རབ་ཏུ་གནས་པར་བྱེད་པས་སྤྱོད་པ་དེ་དག་དང ། དེའི་རྗེས་སུ་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་ཡང་དང་ཡང་དུ་ཁྱིམ་དེ་ཉིད་དུ་ལེགས་པར་འགྲོའོ། །གལ་ཏེ་གང་ ཞིག་ནས་ཕྱིན་ནས་དེས་དམ་པའི་ཆོས་ཀྱི་ཚིག་ཐོས་པར་གྱུར་ན། སྦྱིན་བདག་དང་སྦྱིན་པ་པོ་དེ་དག་རྣམས་ཀྱི་འཁོར་གཡོག་དང་བཅས་པ་ལ་དེ་འཆད་དོ། །ཇི་ལྟ་ཇི་ལྟར་བདག་གི་འདི་དག་རྣམས་ཀྱིས་དགེ་སློང་གང་དེའི་རྙེད་པ་དང་བཀུར་སྟི་དེ་རྣམས་བདག་ལ་འགྱུར་རོ། །སྡིག་པ་འདི་དག་ གིས་དེ་ནི་དགེ་སློང་གི་གཟུགས་ཀྱི་རྐུན་མ་གཞན་གྱི་རྙེད་པ་དང་བཀུར་སྟི་རྗེས་སུ་འཕྲོག་པས། ཁྱིམ་རྣམས་སུ་འགྲོ་བར་བྱེད་པ་གཞན་རྣམས་ལ་གནོད་པར་བྱེད་པ་ལ་མངོན་པར་དགའ་བ་དེ་ཉིད་ཀྱི་གང་བར་ཆད་བྱེད་པར་མི་འགྱུར་བ་ནི་མིག་ཕྱེ་བ་དང་བཙུམས་པ་ཙམ་ཡང་ཡོད་པ་མ་ཡིན་ ནོ། །གལ་ཏེ་མེད་པས་ཀྱང་ཐང་ཅིག་མ་ཡིན་པ་དང ། ཡུད་ཙམ་དུ་མ་ཡིན་པ་དང ། མཚན་མོར་མ་ཡིན་པ་དང ། ཉིན་མོ་མ་ཡིན་པ་ཡང་ཚུལ་ཁྲིམས་འཆལ་པ་གང་ཡིན་པའི་བསམ་གཏན་བསྒོམ་པ་སྤངས་པའི་དགེ་སློང་ངན་པ་དེ་དག་དམྱལ་བར་ཡང་མ་ཡིན་པའམ། ཡི་དགས་ སུ་མི་སྐྱེ་བའམ། དུད་འགྲོའི་སྐྱེ་གནས་རྣམས་སུ་མི་འགྲོ་བར་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་དགེ་སློང་འདི་ལྷན་ཅིག་པའི་སྐྱེ་བའི་སྐྱེ་བོ་ཀུན་དང་བཅས་ནས་ཀྱང ། སྔོན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གཞན་དེས་ཉེ་བར་ཕྱིན་པའི་ཁྱིམ་དེར་འཁོར་རྣམས་ལ་རྗོད་པར་བྱེད་ པའམ། ཡང་ན་དེས་འདིའི་ཚུལ་ཁྲིམས་སུན་འདོན་པར་བྱེད་དོ། །ཡང་ན་དེས་འདི་སྤྱོ་བ་སྟེ། དེ་ལྟར་ཡང་འདིས་དགེ་སློང་གང་ཁྱེད་ཅག་གི་ཁྱིམ་འདིར་ཞུགས་པར་གྱུར་པ་དེ་ནི་ཚུལ་ཁྲིམས་འཆལ་པར་གྱུར་པ། ལེ་ལོ་ཅན་ཤིན་ཏུ་དམན་པར་གྱུར་པ། བྱ་བཞིན་རྨོངས་པ་བློ་ གྲོས་དམན་པར་གྱུར་པའོ་ཞེས་དེ་ལྟར་ཤིན་ཏུ་སྤྱོ་བར་བྱེད་པ་ལ་མངོན་པར་དགའ་བར་གྱུར་ཅིང་རྟག་ཏུ་བརྩོན་པ་དང་ལྡན་པ་རྣམས་རྣམ་པ་དེ་ལྟ་བུར་གྱུར་པའི་ཆོས་ཀྱི་སྤྱོད་ཡུལ་ཅན་རྣམས་ལ་ཇི་ལྟར་ན་བསམ་གཏན་བསྒོམ་པ་ལ་འཇུག་པར་འགྱུར་བ་དེ་ནི་གསོག་ཏུ་གྱུར་པ། གསོ་བ། སྙིང་ 70-1-180a པོ་མེད་པ་ཡིན་པ་གང་གི་ཕྱིར་དེའི་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། སྐྱེས་བུ་ཡང་དག་ཡིན་བརྗོད་ པ། །སེམས་ཅན་ཐམས་ཅད་ཉེར་འཇོམས་པོ། །མུན་པའི་ཚོགས་དང་འདྲ་བ་སྟེ། །གསོན་དག་ཏུ་ཡང་ཤི་དང་མཚུངས། །ཇི་ལྟར་ལྟུང་མིན་ལྕེ་ལ་ནི། །ངག་གིས་མཚོན་ནི་བྱེད་པ་པོ། །གང་ཞིག་བརྫུན་དུ་སྨྲ་བྱེད་པས། །ཡང་དག་ཡོན་ཏན་འཇིག་བྱེད་པོ། །ཁ་ནི་གཅན་ གཟན་ཉེ་བ་དང ། །ཁ་ནི་ཁྱི་ལ་ཉེ་བ་ཡིན། །གང་ཞིག་བརྫུན་དུ་སྨྲ་བྱེད་པ། །ཁ་ནས་མེ་ནི་རབ་ཏུ་འབར། །ངག་དུག་འདིར་ནི་དུག་ཏུ་བརྗོད། །ཞིང་དང་འགྲོ་བ་དུག་མ་ཡིན། །ངག་དུག་གིས་བཅོམ་སེམས་ཅན་རྣམས། །དམྱལ་བའི་མཆོག་ཏུ་འགྲོ་བ་ཡིན། །རང་གི་ཁ་ནས་ རྣག་ལྷུང་བ། །ལྕེ་ཡི་ལས་ཀྱིས་དབྱུང་བ་ཡིན། །གང་ཞིག་བརྫུན་དུ་སྨྲ་བྱེད་པ། །ཕྱི་ས་དང་ནི་ཡང་ན་མེད། །དེ་དག་ལེགས་བསྡམས་ཞགས་པ་ཡིས། །དམྱལ་བའི་ཕོ་ཉའི་མཆོག་ཡིན་ནོ། །ཆོས་ཀྱི་ཟམ་པ་གཅོད་པ་ལའང ། །བརྫུན་གྱི་ཚིག་ནི་རབ་ཏུ་འཇུག་།དེ་ལ་མ་མེད་ ཕ་ཡང་མེད། །སངས་རྒྱས་རྣམས་དང་སྡོམ་པའང་མེད། །སྡིག་པའི་ལས་ཀྱིས་གང་ལྷུང་ནས། །བརྫུན་དུ་སྨྲ་བའི་ཚིག་བརྗོད་པ། །སྐབས་མིན་བར་ནི་ཡང་མོར་འགྲོ། །དམ་པ་ཡང་ནི་ཡོངས་སུ་སྤོང ། །གང་དག་བརྫུན་གྱི་ཚིག་སྨྲ་བ། །ལྷ་རྣམས་ཀྱིས་ཀྱང་སྤོང་བ་ཡིན། ། ངག་རྣམས་ཡོངས་སུ་འཛིན་མེད་དང ། །མྱུར་བར་ཡང་ནི་ཁྲོ་བ་དང ། །མི་བརྟན་པ་དང་སྐལ་བ་ཆུང ། །སྡུག་བསྔལ་མཐའ་ནི་ཡས་པར་གནས། །སེམས་ཅན་ཐམས་ཅད་ཉེར་འཇོམས་པའི། །གཞན་གྱི་བདེ་ལ་སུ་ཞེ་སྡང ། །གཞན་གྱི་སྡུག་བསྔལ་སྐབས་ཚོལ་བའི། །སྐྱེས་ བུ་དམྱལ་བར་འགྲོ་བ་ཡིན། །དེ་ལྟར་བཅོམ་ལྡན་འདས་འོད་སྲུང་འདིས་བསམ་གཏན་སྒོམ་པ་ན་བར་ཆད་བྱེད་པར་འགྱུར་བའི་ཆོས་བདུན་པ་བསྟན་ནོ། །གང་གི་ཚེ་སྡིག་པ་ཅན་གྱི་སྐྱེས་བུ་དེ་གཞན་ཚུལ་ཁྲིམས་དང་ལྡན་པ་དེའི་རྙེད་པ་དང ། བཀུར་སྟི་རྣམས་དང་དུ་བླང་བའི་ 70-1-180b དོན་དུ་ཉེ་བར་འཇོམས་པར་བྱེད་པར་གྱུར་པ་དེའི་ཚེ་ལྷ་དག་གིས་ཡོངས་སུ་སྤོང་ངོ ། །གང་ཞིག་གཞན་གྱི་ཡང་དག་པའི་ཡོན་ཏན་རྣམས་ཆུད་གཟན་ནས། ཡང་དག་པ་མ་ཡིན་སྐྱོན་གྱི་ཚིག་རྣམས་བདག་ཉིད་ཀྱི་ཕྱིར་རྗོད་པར་བྱེད་པ་དེ་དག་རྣམས་ཀྱི་ཁ་ནས་ནི་སྤུ་གྲི་ངེས་པར་འབྱུང་བ་ཡིན་ ནོ། །རྙེད་པ་དང་བཀུར་སྟི་རྣམས་བདག་རང་ལ་འོང་བར་བྱེད་པའི་རྒྱུས་དེ་དེ་ལྟར་སེམས་པར་བྱེད་པའི་དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པ་གང་བརྫུན་སྨྲ་བའི་བསམ་པ་དེ་ཡིན་ནོ། །དེ་ནི་སྡིག་པ་ཅན་གྱི་སྤྱོད་པ་ཡིན་པར་གྱུར་ཀྱང་སྡིག་པའི་སྤྱོད་པ་ཡིན་པར་མ་གོ་ཞིང་།ཆོས་ མ་མཐོང་བརསྦྱིན་པ་པོ་དང ། སྦྱིན་བདག་རྣམས་ཀྱི་ཁྱིམ་དུ་མྱུར་བར་འགྲོའོ། །དེའི་ཕྱིར་ན་དགེ་སློང་རྣམས་ཀྱིས་ཆོས་བདུན་པོ་འདི་སྤང་བར་བྱའོ། །འདི་ལྟ་སྟེ། གཞན་གྱི་རྙེད་པ་དང་བཀུར་སྟི་དང་དུ་ལེན་པའོ། །གཞན་ཡང་དགེ་སློང་རྣམས་བསམ་གཏན་སྒོམ་པར་གྱུར་པ་ ན་བར་དུ་གཅོད་པར་བྱེད་པའི་ཆོས་བརྒྱད་པ་ཡོད་དེ། འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གསེར་འགྱུར་གྱི་ཤ་ཟ་ཞེས་བྱ་བའོ། །འདི་ན་དགེ་སློང་དག་གིས་སྐྲ་དང་ཁ་སྤུ་རྣམས་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནའི་དད་པས་ཀྱང་ཁྱིམ་ནས་ཁྱིམ་ མེད་པར་རབ་ཏུ་བྱུང་བར་གྱུར་པ་ནི་འཁོར་བའི་འཇིགས་པ་རྣམས་ཀྱིས་འཇིགས་པར་གྱུར་པའི་ཕྱིར་ཡིན་ལ། དེ་ལ་འཁོར་བ་རྣམས་ན་ནི་སྡུག་བསྔལ་མང་བར་གྱུར་པ་ལས་མདོར་བསྡུ་ན་སྡུག་བསྔལ་གཉིས་ཡིན་ཏེ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་རྟེན་པའི་ ཁམས་གསུམ་པ་ཡིན་ནོ། །རྒྱས་པར་བྱ་ན་ནི་འགྲོ་བ་ལྔ་པོ་རྣམས་སུ་ཡིན་ནོ། །གཞན་ཡང་རྒྱས་པར་བྱ་ན་ནི་དམྱལ་བ་བརྒྱད་པོ་རྣམས་དང ། ཡི་དགས་རྣམས་དང ། དུད་འགྲོའི་འགྲོ་བ་རྣམས་དང ། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་རྣམས་དང་སྟེ། འདོད་པའི་ཁམས་པ་རྣམས་ལ་ཡང་དེ་ ལྟར་རྣམ་པ་དུ་མར་བསྲན་པར་མི་ནུས་པའི་རབ་ཏུ་དབྱེ་བ་ཡོད་དོ། །གཟུགས་ཀྱི་ཁམས་རྣམས་ཀྱང་སྡུག་བསྔལ་བ་ཡིན་ཏེ། འཆི་འཕོ་བའི་དུས་ན་ཡིད་སྡུག་བསྔལ་བར་འགྱུར་རོ། །འཆི་འཕོ་བར་འགྱུར་བའི་དུས་ཀྱི་ཚེ་ན་ཏིང་ངེ་འཛིན་རྣམ་པར་འཁྲུག་པར་འགྱུར་བའི་ཕྱིར་ན་གཟུགས་མེད་པའི་ཁམས་པ་རྣམས་ 70-1-181a ཀྱང་ཡིན་ནོ། །དེ་ལྟ་བུའི་ཡིད་ཀྱིས་རྣམ་པ་མང་པོར་དང་རྣམ་པར་རྟོག་པ་དུ་མར་ཡང་བསྲན་པར་མི་ནུས་པའི་སྡུག་བསྔལ་ཀུན་ནས་མཐོང་བས་ངལ་བར་གྱུར་ནས་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་བྲེགས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ལྟར་གྱུར་པ་ནི་ཕྱོགས་ གཅིག་གིས་འཇིགས་པ་ཡིན་ནོ། །གཞན་ཡང་སྡུག་བསྔལ་རྣམས་མཐོང་བར་གྱུར་པས་དགེ་སྦྱོང་གི་དངོས་པོར་འགྱུར་བ་རྣམས་གང་དག་ཅེ་ན། དེ་བཞིན་དུ་འདི་ལྟ་སྟེ། ལུས་ཀྱང་འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང་གཉིས་ན་ཡོད་པ་ཡིན་ལ་གང་གི་ཕྱིར་གང་ན་ལུས་ཡོད་པ་དེ་ནི་ཚོར་ བའོ། །དེ་ལ་ཀུན་ནས་སློང་བ་པོའི་ཚོར་བ་ཇི་ལྟར་གཟུགས་ཀྱི་ཁམས་ན་ཡོད་ན་སྡུག་བསྔལ་ནི་གང་གི་ཚེ་བསམ་གཏན་གྱིས་དུབ་པར་གྱུར་པ་ན་དེའི་ཚེ་སྐྱོ་བས་ལྡང་བར་འགྱུར་ཏེ། ལུས་ཀྱང་ཉོན་མོངས་པར་འགྱུར་རོ། །འཆི་འཕོ་བའི་དུས་ན་ཡང་ལུས་ཀྱི་འོད་རྣམས་ཡོངས་སུ་ཉམས་པར་ འགྱུར་རོ། །རླུང་དག་གིས་ཀྱང་ནང་དུ་ཀུན་ནས་རེག་པར་འགྱུར་རོ། །དེས་རེག་པར་གྱུར་པས་ཀྱང་སྔོན་མེད་པའི་ཚོར་བ་རྣམས་འདིའི་ལུས་ལ་སྐྱེ་བར་འགྱུར་ཏེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མ་གཏོགས་པ་སྟེ། བདེ་བ་ལུང་དུ་བསྟན་པ་དེ་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཚོར་བ་གཟུགས་ ལས་ཀུན་འབྱུང་བ་ཡིན་པར་རིགས་ཀྱི་བུ་དེས་ཐོས་པར་གྱུར་ནས་འཁོར་བ་འདི་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པའི་ཁམས་དང ། སྐྱེ་མཆེད་དང ། ཕུང་པོ་དང་ཀུན་དུ་ལྡན་པའི་སྡུག་བསྔལ་མང་པོ་རྣམས་ཀྱི་རྟག་པར་ཟིལ་གྱིས་མནན་པར་གྱུར་པའི་འཁོར་བའི་སྡུག་བསྔལ་རྣམས་ ཀུན་དུ་མཐོང་ནས་རབ་ཏུ་འབྱུང་ངོ ། །རབ་ཏུ་བྱུང་བ་དེ་ལ་གལ་ཏེ་ཤེད་ན་སྐྱེས་བུ་དམ་པ་རྣམས་དང་འགྲོགས་པར་བྱེད་དོ། །གལ་ཏེ་ན་དམ་པ་མ་ཡིན་པ་དང་སྟེ། དེ་དང་འགྲོགས་པས་ཀྱང་དེའི་རང་བཞིན་དུ་གྱུར་ནས་ཁམས་རྣམས་བསྐྱེད་པ་ལ་བརྩོན་པར་འགྱུར་རོ། །ཁམས་གཞན་གང་དག་གི་ འཇིགས་པ་རྣམས་ཐོས་ནས་དེས་རབ་ཏུ་བྱུང་བ་ལ་ཁམས་གཞན་རྣམས་འབྱུང་བ་ཐོས་པར་གྱུར་ནས་ཏེ། དེ་ཡང་གསེར་གྱི་ཁམས་རྣམས་དང་དག་པའི་དངུལ་གྱི་ཁམས་རྣམས་སམ། དེ་ཡང་རིན་པོ་ཆེའི་ཁམས་རྣམས་ཀུན་དུ་རྐོ་བར་གྱུར་པ་དེ་དག་རྣམས་དེས་དེ་ལྟར་ཐོས་ནས་འདོད་པ་ཆེ་བར་གྱུར་ཅིང་ 70-1-181b འདོད་པའི་མེས་སྲེག་པར་བྱེད་དོ། །དེ་བསྲེགས་པར་གྱུར་པས་སྡིག་པའི་གྲོགས་པོ་དེ་དང་ལྷན་ཅིག་ཏུ་རི་རྣམས་ནས་རི་རྣམས་དང ། རི་བོ་རྣམས་ནས་རི་བོར། རྩེ་མོ་ནས་རྩེ་མོ་དང ། རིང་བ་རྣམས་ནས་རིང་བར་འགྲོའོ། །འདོད་པའི་མེ་དག་གིས་དེ་བསྲེགས་པར་གྱུར་པས་ཉིན་མོ་བདེ་བ་རྙེད་པར་མི་ འགྱུར་ལ་མཚན་མོར་ཡང་མ་ཡིན་ནོ། །དེའི་སེམས་བརྒྱ་ལ་ཞིག་ན་འདི་ལྟར་འགྱུར་ཏེ། ཁམས་འདི་དག་རྣམས་ནི་དཔྱད་པར་མི་བྱའོ་ཞེས་སོ། །གང་དག་གི་དོན་དུ་རབ་ཏུ་བྱུང་བའི་ཁམས་དེ་དག་རྣམས་ནི་བོར་བར་གྱུར་ནས་ཀྱང་ཁམས་གཞན་དག་རྣམས་དཔྱོད་པར་བྱེད་དོ། །འདི་ལྟ་སྟེ། ལུས་ ཀྱི་ཁམས་རྣམས་ལ་སེམས་པར་བྱེད་དེ་སྔོན་བཞིན་ནོ། །དེ་ནི་འདི་ལྟར་སེམས་ལེགས་པར་མ་བསྡམས་པ་དང ། རྣམ་པར་གཡེང་བའི་སེམས་སུ་གྱུར་པས་བསམ་གཏན་སྒོམ་པར་བྱེད་པ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །དགེ་བའི་ཆོས་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ རོ། །དེ་ནི་དགེ་སྦྱོང་མ་ཡིན་ནོ། །ཁྱིམ་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལས་རབ་ཏུ་བྱུང་བ་དེ་ཤ་ཟའི་འདོད་པས་ཁྲིད་པར་གྱུར་ཅིང་འདོད་པའི་ཞགས་པས་བཅིངས་ནས་འདོད་པས་དམྱལ་བར་འགྲོའོ། །དེ་ནས་དེའི་དུས་ན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ གསུངས་པ། ཇི་ལྟར། ཁམས་རྣམས་འབྱུང་གནས་འདི་ཐམས་ཅད། །ལུས་ཡིན་པ་ནི་སྤོང་བར་བྱེད། །ལུས་ཀྱི་ཁམས་ཀྱི་ཚོགས་ནི་འདི། །དེ་བསྒྲལ་བ་ལས་ཐར་བ་ཡིན། །ལུས་ཀྱི་ཁམས་རྣམས་སྤང་བྱས་ནས། །ཁམས་གཞན་ལ་ནི་དགའ་བྱེད་པ། །ཁམས་ལ་སེམས་ཅན་དེ་ རྨོངས་ནས། །ཤིན་ཏུ་སྡུག་བསྔལ་ལས་འགྲོལ་མིན། །དབྱིག་གི་ཁམས་ནི་དེ་བཞིན་དུ། །སྡུག་བསྔལ་འཇོམས་པར་འཇུག་པ་ཡིན། །ལུས་ཁམས་དེ་ཉིད་ཇི་བཞིན་ཤེས། །སྡུག་བསྔལ་ལས་ནི་རབ་ཏུ་འགྲོལ། །སྡུག་བསྔལ་སྡུག་བསྔལ་འབྱུང་བ་ཀུན། །སྡུག་བསྔལ་ལས་ནི་ཡོངས་སུ་འགྲོལ། །རྫས་ལ་ རྒྱལ་པོ་ཆོམ་རྐུན་ཆུ། །མེ་འཇིགས་ཐམས་ཅད་ཀྱིས་ཉེར་འཚེ། །དེ་ཕྱིར་དོན་མིན་ལྡན་རྟག་ཏུ། །རིང་དུ་དེ་ནི་ཡོངས་སུ་སྤོངས། །བདེ་ལས་མི་བཟད་ཀུན་སྟོན་པ། །སྐྱེས་བུ་སྡུག་བསྔལ་ལྡན་པར་བརྗོད། །ལུས་ཁམས་དེ་ཉིད་ཤེས་པ་ནི། །ཁམས་ཀྱི་མཚན་ཉིད་དེ་ཉིད་ཤེས། །བསམ་གཏན་སྒོམ་དང་ལེགས་ལྡན་པ། ། 70-1-182a ཉོན་མོངས་རི་བོས་སྲེག་པར་བྱེད། །དེ་ཕྱིར་ལུས་སྐྱེས་པ་ཡི་ཁམས། །མཁས་པ་ཡིས་ནི་སོ་སོར་རྟོགས། །དེ་དག་རང་མཚན་ཤེས་ནས་ནི། །ལུས་ཅན་རྣམས་ནི་གྲོལ་བར་འགྱུར། །དེ་ཁོ་ན་བཞིན་དུ་ཁམས་དེ་དག་རྣམས་རབ་ཏུ་བརྩོན་པས་རིག་པར་བྱ་སྟེ། མཁས་ པ་རྣམས་ཀྱིས་དབྱིག་དང ། དངུལ་དང ། རིན་པོ་ཆེའི་ཁམས་རྣམས་འབྱུང་བའི་དོན་དུ་དགའ་བར་ནི་མི་བྱ་སྟེ། གང་གི་རྩ་བ་ལས་སྡུག་བསྔལ་ཐམས་ཅད་འབྱུང་བར་འགྱུར་བའི་ཕྱིར་རོ། །རབ་ཏུ་བྱུང་བ་བརྩོན་པ་མེད་པ་རྣམས་ལ་ཡིན་ན་ནི་ཁྱིམ་པ་རྣམས་ལ་ལྟ་ཅི་སྨོས། དེའི་ཕྱིར་ན་དེ་ལ་ རབ་ཏུ་འབྲེལ་བར་གྱུར་པ་ལས་འཇིགས་པ་ཐམས་ཅད་བྱེད་པར་འགྱུར་རོ། །ཇི་ལྟར་དོན་མ་ཡིན་པའི་བྱ་བ་རྣམས་བྱེད་པར་འགྱུར་བ་ཡིན་ནོ། །ཇི་ལྟར་ཐ་མལ་པའི་དོན་འདིས་ནི་བདེ་བ་ཐམས་ཅད་རབ་ཏུ་འབྱུང་བར་འགྱུར་བ་རྣམས་ཀྱང་དོན་མེད་པར་བྱེད་པ་ཡིན་ན་གསེར་འགྱུར་གྱི་ནོར་རྗེས་སུ་ ཚོལ་བར་བྱེད་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། འདི་ལ་ཆགས་པར་གྱུར་པ་གང་ཡིན་པ་རྣམས་ནི་བསམ་གཏན་དང་འདོན་པ་རྩེ་གཅིག་པ་དག་ལ་རབ་ཏུ་བརྩོན་པར་མི་བྱེད་དོ། །དེ་ལུས་ཞིག་པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་རབ་ ཏུ་བྱུང་བ་རྣམས་ཀྱིས་བསམ་གཏན་བསྒོམ་པར་བྱའི་ནོར་བསྒྲུབ་པར་མི་བྱའོ། །དེའི་ཚེ་རྒྱ་ཆེན་པོའི་སྲེད་པ་འཕེལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ནོར་ལ་ཆོག་ཤེས་པར་གྱིས་དང ། ནོར་རྣམས་ཀྱི་མཆོག་ཡིན་གྱིས་སེམས་ཅན་རྣམས་ནི་རྫས་ཀྱི་ནོར་རྣམས་ཀྱིས་དོན་མེད་པར་འགྱུར་བ་ཡིན་་ ནོ། །བསམ་གཏན་སྒོམ་པ་ན་བར་དུ་གཅོད་པར་བྱེད་པའི་ཆོས་བརྒྱད་པ་གཞན་འདི་ནི་དགེ་སྦྱོང་གིས་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བསམ་གཏན་ལ་བསམ་གཏན་དུ་བྱེད་པ་ན་བར་དུ་གཅོད་པའི་ཆོས་དགུ་པ་ཡོངས་སུ་སྤང་བར་བྱའོ། །འདི་གང་ཞེ་ན། འདི་ལྟ་སྟེ། དགེ་སྦྱོང་ གིས་རྒྱལ་པོའི་ཞབས་འབྲིང་ནི་གནས་སྐབས་ཐམས་ཅད་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ལ་སྟེན་པར་གྱུར་ན་ཡུལ་ལྗོངས་པ་རྣམས་ཐམས་ཅད་ཀྱིས་མཆོད་པར་མི་འགྱུར་རོ། །རྒྱལ་པོ་ལ་སྟེན་པ་དང་ཡང་དག་པར་ལྡན་པའི་དགེ་སྦྱོང་ངན་པས་ནགས་ཀྱི་རིགས་རྣམས་སམ། གྲོང་ 70-1-182b ཁྱེར་རམ། གྲོང་ངམ། ཚོང་འདུས་སམ། གཞན་ཡང་རྣམ་པ་དེ་ལྟ་བུ་རྣམས་དེས་གལ་ཏེ་དེས་དོན་དུ་གཉེར་བར་བྱེད་པ་ཡིན་ན་གཞན་ཅི་ཞིག་ཚོལ་བར་མི་བྱེད། དེ་ལྟར་ན་ཡང་དགེ་སློང་འདོད་པ་ཆེ་བར་མི་འགྱུར་རམ། གལ་ཏེ་ཚོལ་བར་མི་བྱེད་ན་ཡང་སྤྱད་པ་རྣམས་དོན་མེད་པར་ཉོན་མོངས་ པར་འགྱུར་རོ། །བསམ་གཏན་ལ་བསམ་གཏན་དུ་བྱེད་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །དེའི་ཐར་པའི་ལམ་ལ་ཡང་དག་པར་གནས་པ་ལས་འཆིང་བའི་ལམ་རྣམས་ལ་རྗེས་སུ་འགྲོའོ། །དེ་ལྟར་ན་དགེ་སློང་རྣམས་ཀྱིས་རྒྱལ་པོ་ལ་བསྟེན་པར་མི་བྱའོ། །ཡང་ཇི་ལྟར་བསྟེན་པར་ མི་བྱ་ཞེ་ན། དེ་ལ་སྟེན་པར་མི་བྱེད་པ་རྣམས་ཀྱིས་ཀྱང་ཡང་དག་པ་མ་ཡིན་པའི་འདུ་འཛི་རྣམས་ཡོངས་སུ་སྤང་བར་བྱའོ། །འདུ་འཛི་རྣམས་ཡོངས་སུ་སྤང་བ་ཡང་གང་དག་ཏུ་བྱ་ཞེ་ན། འདི་ལྟ་སྟེ། སྡིག་པའི་གྲོགས་པོ་དང ། ཀུན་ནས་ཉོན་མོངས་པའི་ཡུལ་ལྔ་པོ་སྒྲ་དང ། རེག་བྱ་ དང ། རོ་དང ། དྲི་དང ། གཟུགས་རྣམས་ལ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དང ། གཉིད་དང ། རྨུགས་པ་དང ། མཐའ་འཁོབ་ཀྱི་གྲོང་དུ་གནས་པ་བསྟེན་པར་མི་བྱའོ། །ལེ་ལོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚུལ་འཆོས་ཅན་རྣམས་དང་འགྲོགས་པར་མི་ བྱའོ། །སྟན་བཟང་པོ་ཅན་དང་ལྷན་ཅིག་གནས་པར་མི་བྱའོ། །ཚོང་པ་དང་ལྷན་ཅིག་འདྲི་རྨེད་ཀྱང་མི་བྱའོ། །གཞན་སྡུག་བསྔལ་བར་བྱས་པས་འཚོ་བ་རྣམས་དང་མ་ཡིན། རང་བཞིན་གྱིས་དྲི་མ་ཅན་དང་མ་ཡིན། ལྟ་བ་ལོག་པ་དང་མ་ཡིན། རྐོ་ཏྲོག་ཅན་དང་མ་ཡིན། ང་རྒྱལ་ཅན་དང་ མ་ཡིན། ཁེངས་པ་དང་མ་ཡིན། ལྷུང་བར་གྱུར་ནས་ལངས་པ་དང་མ་ཡིན། རྒྱན་པོས་འཚོ་བ་དང་མ་ཡིན། ཆང་འཚོང་བ་དང་མ་ཡིན། འཐབ་ཀྲོལ་ཅན་དང་མ་ཡིན། བུད་མེད་ལ་དད་ཆེ་བ་དང་མ་ཡིན། ཉོ་ཚོང་གིས་ཉེ་བར་འཚོ་བ་དང་མ་ཡིན། དུད་པའི་མིག་ཅན་དང་མ་་ ཡིན། སྐྱེས་བུ་ཉུལ་མ་དང་མ་ཡིན། བྱ་བ་མང་བ་དང་མ་ཡིན། སྤྲོས་པ་ཅན་རྣམས་དང་མ་ཡིན། མུ་སྟེགས་ཅན་ཞུགས་པ་དང་མ་ཡིན། སྐྱེ་བོ་ཐམས་ཅད་དང་ཞེ་འགྲས་པ་རྣམས་དང་མ་ཡིན་ཏེ། ལྷན་ཅིག་ཏུ་འགྲོགས་པ་དང ། ངག་བརྗོད་པའམ། ལམ་དུ་འགྲོགས་པ་ཡང་ 70-1-183a དགེ་སློང་གིས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་སྐྱེས་བུ་ལ་ཡང་གང་གི་ཕྱིར་གཞན་གྱི་སྐྱོན་རྣམས་སྲིད་པར་འགྱུར་བར་སྐྱེ་བོ་མང་པོ་དོགས་ཏེ། ཇི་ལྟར་ཆུང་དུ་ན་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་རྣམས་དང་སྟེན་པའམ། འགྲོགས་པར་བྱེད་དོ་ཞེས་དེ་གཞན་གྱི་ སྐྱོན་དེས་ཉེ་བར་གོས་པར་འགྱུར་རོ། །དེའི་ཕྱིར་དེ་ཉིད་ཀྱིས་དེ་དག་རྣམས་མི་བྱའོ། །རྒྱལ་པོ་སྟེན་པ་དེས་ཀྱང་ཅི་ཞིག་བྱ། རྣམ་པ་ཐམས་ཅད་དུ་གཤེ་བར་བྱ་བ་ཡིན་ནོ། །དེ་ནས་དུས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། དགེ་སློང་ནགས་ ན་གནས་རྣམས་ལ། །རྒྱལ་པོ་སྟེན་པས་གཤེ་བ་ཡིན། །ངུར་སྨྲིག་ཅི་ཡིན་གསོད་གསལ་ཅི། །མི་གཙང་བས་འཚེ་སྤང་བར་གྱིས། །ལྷ་དང་ལྷ་མོས་ཡང་སྟེན་གང ། །དགེ་སློང་ཞབས་འབྲིང་འོས་མ་ཡིན། །དད་པ་རོ་དང་འགྲོགས་མིན་ཏེ། །མི་གཙང་སྟེན་ལ་འཕྱ་བར་འགྱུར། ། ང་ཡི་མེད་དང་སྙིང་པོ་མེད། །སྤྲོ་བའང་མེད་པའི་ལུས་ཅན་རྣམས། །འཁོར་བའི་འཇིགས་པས་སྐྲག་པ་ཡིས། །རྒྱལ་པོ་སྟེན་པ་མཛེས་མ་ཡིན། །ནགས་དང་དགོན་པ་དུར་ཁྲོད་དང ། །ཤིང་རྩཝའི་བན་བུན་ས་ཕྱོགས་རིང ། །གནས་པའི་དགེ་སློང་རབ་ཏུ་མཛེས། །རྒྱལ་པོའི་ ཁྱིམ་སྒོ་སྟེན་པ་མིན། །རྒྱལ་པོ་སྟེན་པ་ནི་དེ་ལྟར་ཐབས་དུ་མས་སྨད་པ་ཡིན་ལ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཤེའོ། །གལ་ཏེ་ན་དགེ་སློང་རྣམས་ཀྱིས་བྱེད་ན་ཡེ་ཤེས་ཀྱི་རྒྱལ་པོ་ལ་བསྟེན་པར་བྱའོ། །དེ་བསྟེན་པས་ནི་ཤིས་པ་ མཐར་ཐུག་པར་འགྱུར་བ་ཡིན་ནོ། །གང་དག་ཡེ་ཤེས་སྟེན་པར་འགྱུར་བ་འདིས་ནི་བདེ་ལེགས་ཀྱི་མཆོག་ཐོབ་པར་འགྱུར་བ་ཡིན་ནོ། །དེ་བསྟེན་པ་ནི་ཐབས་སུ་འགྱུར་བ་ཡང་ཡིན་ཏེ། འདི་ལྟར་བརྩོན་འགྲུས་བརྟན་པར་འགྱུར་བ་དང ། ལས་གཞན་མི་བྱེད་པ་ཉིད་དང་།བླ་མ་ལ་སྟེན་པར་བྱེད་ པ་དང ། ཆོག་ཤེས་པར་འགྱུར་བ་དང ། དེ་ལ་རབ་ཏུ་རྟེན་པ་དང ། རྟག་ཏུ་སེམས་འདོད་པ་ལ་སྲེད་པ་མེད་པ་དང ། དེ་ལས་ཀྱང་དེ་བླ་མ་ལ་འདྲི་བ་ལ་རབ་ཏུ་སྟེན་པ་དང ། འཛིན་པ་དང ། ལེགས་པར་བགྲང་བ་དང ། སྙིང་ལས་ཆུང་བ་དང ། གྲོགས་ཚངས་པ་མཚུངས་པར་ 70-1-183b སྤྱོད་པ་དང་སྟེན་པར་བྱེད་པ་དང ། དགེ་སློང་ཡེ་ཤེས་ཀྱི་རྒྱལ་པོ་སྟེན་པ་རྣམས་ཀྱི་ཐབས་དེ་སྙེད་ཅིག་ཏུ་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་གིས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། གོམས་པ་བླ་མ་ལས་ལེགས་ཉན། །དེ་བཞིན་སྡོམ་པ་རྒྱ་ཆེན་ ཡིན། །ཡེ་ཤེས་རྒྱལ་པོ་བསྟེན་པས་ནི། །དྲན་བཞིན་དུ་ནི་ཚུལ་ཁྲིམས་སྟེན། །ལྷ་དང་བཅས་པའི་འཇིག་རྟེན་གྱི། །རྒྱལ་གང་བདེ་ལེགས་སྟོན་པ་པོ། །ཐ་མལ་རྒྱལ་མིན་ཤེས་བྱ་སྟེ། །སྲེད་པའི་འཆིང་བའི་སྡུག་བསྔལ་ཅན། །གང་ལ་སྡུག་བསྔལ་མི་དམིགས་པ། །དེ་ནི་ འདིར་ནི་རྒྱལ་པོ་ཡིན། །གང་ཡང་སྡུག་བསྔལ་གྱིས་གཡོགས་དེ། །རྒྱལ་སྒྲ་ཇི་ལྟར་འདིར་འོས་ཡིན། །དེ་ལྟར་ཡེ་ཤེས་ཀྱི་རྒྱལ་པོ་དགེ་སློང་གིས་བསྟེན་པར་བྱའི་ཐ་མལ་པ་ནི་མ་ཡིན་ནོ། །ཀུན་ཏུ་སྟེན་པར་བྱེད་པ་ལས་བསམ་གཏན་སྒོམ་པ་ན་ཡོངས་སུ་ཉམས་པར་འགྱུར་རོ། །དེ་ ཡོངས་སུ་ཉམས་པར་གྱུར་པས་སླར་ཡང་དམྱལ་བ་དང ། ཡི་དགས་དང ། དུད་འགྲོར་སྐྱེ་བར་འགྱུར་རོ། །གང་ལ་རྒྱལ་པོ་དེ་ལས་གྱུར་པའི་ཡུལ་གྱི་སྐྱོན་དེ་དག་སེམས་ཅན་རྣམས་ལ་ཡིན་པ་གང་གི་ཕྱིར་དགེ་སློང་གིས་གནས་སྐབས་ཐམས་ཅད་དུ་རྒྱལ་པོ་ལ་བསྟེན་པར་མི་བྱའོ། །ནགས་ན་གནས་ པ་འདི་དག་རྣམས་ལ་རྣམ་པར་གཤེ་བའི་ཕྱིར་རོ། །དེའི་ཕྱིར་ཆོས་དགུ་པ་འདི་རྣམ་པར་སྨད་པར་བྱ་བ་བསམ་གཏན་སེམས་པ་ན་བར་ཆད་བྱེད་པ་ཡིན་ནོ། །གཞན་ཡང་ཆོས་བཅུ་པ་རྣམ་པར་སྨད་པ་བསམ་གཏན་སྒོམ་པ་ནི་བར་དུ་གཅོད་པར་བྱེད་པ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བདེ་བར་ ཕེའུ་འདེབས་པ་ཞེས་བྱ་བ་རོ་རྣམས་བྱེད་པ་པོ་ཡིན་ནོ། །གལ་ཏེ་དུས་རིང་བ་ནས་ཡུལ་ལ་འགྲོ་བས་རབ་ཏུ་རྒྱུ་བ་སྤངས་པར་གྱུར་པ་རྣམས་ལྗོངས་རྒྱུ་བས་ཉེ་བར་འགྲོ་བར་བྱེད་པ་ན་དགའ་བར་འགྱུར་བའི་ནགས་སམ། གནས་ཀྱང་ཀུན་ཏུ་བཏང་ནས་ཡུལ་དག་ཏུ་རྒྱུན་མི་འཆད་པར་ཉེ་བར་ཀུན་ཏུ་འགྲོའོ། ། དེ་དེ་དག་རྣམས་ཀུན་ཏུ་འགྲོ་བ་ན་བག་མེད་པའི་སྤྱོད་པས་སྟེན་པར་བྱེད་པས་དེ་ཁྱིམ་ནས་ཁྱིམ་རྣམས་སུ་དང་།གྲོང་ནས་གྲོང་དང་།ཚོང་འདུས་ནས་ཚོང་འདུས།གྲོང་ཆུང་ནས་གྲོང་ཆུང་།གྲོང་ཁྱེར་ནས་གྲོང་ཁྱེར་རྣམས་སུ་ཀུན་ཏུ་འགྲོ་བར་བྱེད་དེ།ཇི་ལྟར་ཡུལ་ལྗོངས་རྣམས་སུ་ཚོགས་པ་ 70-1-184a འདུ་བར་བྱེད་པ་པོ་རང་གི་སྐྱེ་བོ་རྣམས་ལྟ་བ་ལ་དགའ་བར་གྱུར་པ། གཏམ་རྣམས་ལ་དགའ་བ། །དེ་ཕ་དང ། གཉེན་དང ། གྲོགས་བཤེས་དང ། རང་གི་སྐྱེ་བོ་རྣམས་ཀྱིས་ཕེའུ་འདེབས་སོ། །དེ་རོ་ལ་སྲེད་པར་གྱུར་པས་གང་དག་རྣམས་ལ་གང་དང་ཅི་ཡང་རུང་སྟེ། རོ་ལ་སྲེད་པར་གྱུར་པས་ཟ་བར་བྱེད་དོ། །ནགས་ཀྱི་བདེ་བ་རྣམས་དེས་བརྗོད་པར་གྱུར་ཅིང་བསམ་གཏན་བསྒོམ་པ་དང་ཡང་རྣམ་པར་བྲལ་བར་གྱུར་ནས་བག་མེད་པ་པོ་བག་མེད་པར་གྱུར་པས། ཟས་ལ་རྣམ་པར་རྒྱུ་བར་བྱེད་པ་ལ་ཅོ་འདྲི་བར་གྱུར་ནས་ལྷ་རྣམས་ཀྱིས་སྟེན་པར་མི་བྱེད་དོ། །གསོན་ པའི་ཞིང་ས་རྣམས་ཟད་པར་འགྱུར་ཡང་བདེ་བར་ཕེའུ་འདེབས་པར་བྱེད་པ་དེ་དག་རྣམས་ལ་ཞེན་པར་གྱུར་པ་གང་གི་ཚེ་ཡང་དགེ་སློང་དེ་མ་བསྡམས་པར་རྒྱུ་བས་སྤྱོད་པ་ཡིན་ནོ། །དགེ་སློང་དེ་ཡང་མིག་གི་གཟུགས་རྣམས་མངོན་པར་མཐོང་བར་གྱུར་ནས་ཆགས་པར་འགྱུར་ཞིང་འདུན་པ་སྐྱེད་པར་ཡང་ བྱེད་དོ། །གནོད་སེམས་སྐྱེད་པར་བྱེད་དོ། །དེ་ཉིད་ལ་ཕྱིར་ཞིང་ཉིད་ཀྱང་ཆགས་པར་འགྱུར་རོ། །དེ་རྒྱུན་ཏུ་ལྗོངས་རྒྱུ་བར་བྱེད་པས་རྒྱུ་བར་གྱུར་པ་ན་རང་གི་དོན་ལས་ཡོངས་སུ་ཉམས་པར་འགྱུར་རོ། །བསམ་གཏན་བསྒོམ་པ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །ཡོངས་སུ་ཉམས་ པ་དེ་མཆོག་ཏུ་རོ་ལ་ཞེན་པར་འགྱུར་རོ། །གཞན་གྱི་ཁྱིམ་རྣམས་སུ་ཡང་ལན་ཅིག་མ་ཡིན་ཕྱོགས་གཅིག་མ་ཡིན་པར་ཉེ་བར་འགྲོ་བར་བྱེད་དོ། །དེའི་མིག་གིས་གཟུགས་རྣམས་མངོན་པར་མཐོང་བར་གྱུར་ནས་འདུན་པ་སྐྱེད་པར་བྱེད་དོ། །གནོད་སེམས་སྐྱེད་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་རྣ་ བས་སྒྲ་རྣམས་ཐོས་པར་གྱུར་པ་ན་འདུན་པ་སྐྱེད་པར་འགྱུར། གནོད་སེམས་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་སྣས་དྲི་རྣམས་བསྣམས་པར་གྱུར་པ་ན་འདུན་པ་སྐྱེད་པར་འགྱུར། གནོད་སེམས་སྐྱེད་པར་འགྱུར་རོ། །དེ་ནི་ཡུལ་རྣམས་ཐམས་ཅད་ལ་རབ་ཏུ་འཇུག་པར་གྱུར་པས་འཆིང་བ་ ཐམས་ཅད་ཀྱིས་བཅིངས་པ། ཞགས་པའི་འཆིང་བ་ཐམས་ཅད་ཀྱིས་བཅིངས་པར་གྱུར་པ་དེ་འདོད་པ་ཐམས་ཅད་ཀྱི་རྗེས་སུ་འབྲང་བས་ཁྱིམ་པར་འགྱུར་གྱི་རབ་ཏུ་བྱུང་བ་ནི་མ་ཡིན་ནོ། །དེ་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་ 70-1-184b འགྱུར་ཏེ། བདེ་བར་ཕེའུ་འདེབས་པར་གྱུར་པའི་སྐྱོན་དང་པོས་སོ། །དེའི་ཕྱིར་སྐྱོན་འདི་མངོན་པར་མཐོང་བར་བྱས་ལ་དགེ་སློང་གིས་ལན་ཅིག་མ་ཡིན་ཞིང་འོར་ཅིག་མ་ཡིན་པར་ལྗོངས་རྒྱུ་བར་མི་བྱའོ། །དེས་ཡུལ་ལྗོངས་རྣམས་ཆུད་གཟོན་པར་འགྱུར་རོ། །གལ་ཏེ་ཡང་རྒྱུ་ན་དེ་འདོད་པའི་་ ཡོན་ཏན་ལྔ་ལ་རྒྱུའོ། །འདི་ལྟ་སྟེ། ནད་ཀྱི་རྐྱེན་སྨན་དང ། ཡོ་བྱད་རྣམས་དང ། དེ་བཞིན་དུ་བླ་མའི་དོན་དུ་ལྗོངས་ཡུལ་རྒྱུ་བས་རྒྱུ་བར་བྱའོ། །དེ་བཞིན་དུ་གལ་ཏེ་མཆོད་རྟེན་གྱིར་རམ། དགེ་སློང་རྣམས་ཀྱིས་གོས་ཧྲུལ་བར་གྱུར་པ་དེའི་འོག་ཏུ་ཡང་ཡུལ་ལྗོངས་སུ་རྒྱུ་བར་བྱ་ལ་རག་གོ། ། དེ་བཞིན་དུ་དགེ་འདུན་གྱི་དབང་དུ་བྱས་ནས་ལྗོངས་རྒྱུ་བ་རྣམས་ཀྱིས་རྒྱུ་བར་བྱ་སྟེ། གང་དག་གིས་དགེ་འདུན་ལ་ཕན་པར་འགྱུར་བ་རྣམས་སོ། །དེ་བཞིན་དུ་གལ་ཏེ་རྒྱལ་པོ་གཞན་དག་གི་ཡུལ་འཁོར་རྣམས་འཇོམས་པར་བྱེད་པའམ། ལྗོངས་བཅོམ་པར་གྱུར་པ་ན་རྒྱལ་པོ་དེའི་དྲུང་དུ་ལྗོངས་རྒྱུ་བས་ འགྲོ་བར་བྱའོ། །དེ་ལྟ་བུ་རྣམས་ནི་འབྲས་བུ་དང་བཅས་པར་འགྱུར་གྱི་གཞན་དུ་གལ་ཏེ་རྒྱལ་པོ་རྒྱུ་བར་གྱུར་ན་དེ་དོན་མེད་པར་རྒྱུ་བར་བྱེད་པ་ཡིན་ནོ། །བསམ་གཏན་སྒོམ་པ་དང་བྲལ་བར་གྱུར་ནས་རྒྱུའོ། །དེ་རྒྱུ་བར་གྱུར་པས་ནད་དང ། རྒ་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་ པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་རྣམས་ལས་ཡོངས་སུ་མི་འགྲོལ་ལོ། །དགེ་སྦྱོང་ངན་པ་དགེ་སྦྱོང་དུ་ཁས་འཆེས་པར་གྱུར་པ་འདིའི་རབ་ཏུ་བྱུང་བ་ནི་དོན་མེད་པ་ཡིན་ནོ། །དེའི་ཕྱིར་གང་དག་སྲེད་པའི་འདུན་པ་རྣམས་ཞི་བར་འགྱུར་བར་རྩོམ་པར་འདོད་ན་དེ་ལ་དེས་ཡིད་མཉམ་པར་གཞག་ པར་འགྱུར་ཞིང་དབང་པོ་རྣམས་རབ་ཏུ་དང་བར་གྱུར་པས་དཀོན་མཆོག་གསུམ་པོ་དེ་ལ་ཡིད་བཏང་བར་གྱུར་ན། དེ་དག་གི་རྩ་བ་ལས་གྱུར་པའི་ཉོན་མོངས་པ་རྣམས་བག་ལ་ཉལ་དང་བཅས་ནས་རྩ་བ་ནས་བཅད་ནས་འདོན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་ བཅད་པ་གསུངས་པ། ཇི་ལྟར། བསམ་གཏན་སྒོམ་པ་རྣམ་པར་སྤངས། །ཟས་འབའ་ཞིག་གི་བློ་དང་ལྡན། །དགེ་སློང་འདི་ནི་འདིར་ཤེས་བྱ། །ཤ་ཟ་དང་ནི་མཚུངས་པའི་ཡིད། །བསམ་གཏན་ལས་ནི་སྦྱིན་བདེ་མིན། །ཞེས་ནི་མཁས་པས་རབ་ཏུ་གསུངས། །བསམ་གཏན་བདེ་བ་ 70-1-185a ལས་གཞན་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །བསམ་གཏན་བདེ་བ་བླ་མེད་གང ། །སྐྱེ་བོ་ཐ་ཤལ་དེ་སྤངས་ནས། །བྱིས་པ་རོ་ལ་དགའ་བྱེད་པ། །རྨོངས་པ་དེ་ནི་རྣམ་པར་བཅོམ། །ཡུལ་ལ་ཀུན་ནས་འཁྱིམ་པ་ཡི། །འདི་ཡིད་རྟག་ཏུ་དེ་ལ་སོང ། །འཇིག་རྟེན་ཕ་ རོལ་འདྲེན་བྱེད་པའི། །མི་དགེའི་ཆོས་ནི་འཕེལ་བར་བྱེད། །བསམ་གཏན་བསྒོམ་དང་ངེས་པར་བྲལ། །སྦྱིན་དང་ཚུལ་ཁྲིམས་རྣམ་སྤངས་པ། །རྒོད་བག་རྩུབ་དང་རྨོངས་པ་ནི། །གསོན་པ་ན་ཡང་ཤི་དང་མཚུངས། །འཇིག་རྟེན་འདིར་ནི་གསོན་པ་ནའང ། །ཆོས་གཞན་ལ་ནི་རྗེས་སུ་ འཇུག་།ཆོས་སྤངས་རྟག་ཏུ་རྨོངས་པ་ནི། །གསོན་པ་ན་ཡང་ཤི་དང་མཚུངས། །མི་ཡི་པགས་པས་གཡོགས་པ་ཡི། །བྱིས་པ་རྣམས་ནི་ཕྱུགས་ཡིན་ནོ། །གང་གི་ཡེ་ཤེས་མར་མེ་ཡིས། །སྙིང་ནི་གསལ་བར་མ་བྱས་པའི། །སྐྱེས་བུ་འདི་སྲིད་དུ་ཡིན་ཏེ། །གང་ཞིག་ཚུལ་ཁྲིམས་ རྗེས་འཇུག་པའི། །ཚུལ་ཁྲིམས་ཀྱིས་དགའ་སྐྱེས་པ་ཀུན། །རང་དང་མཚུངས་པར་ཕ་རོལ་གནོན། །སྐྱེས་བུ་སྦྱིན་ཉམས་འདོད་ལྡན་དང ། །སྡིག་ལས་ཀྱང་ནི་དབང་རྒྱལ་མིན། །འདི་ནི་མི་མིན་ཤེས་བྱ་སྟེ། །འདི་ནི་ཡི་དགས་ལུས་དང་ལྡན། །ཤེས་དང་ཚུལ་ཁྲིམས་རྣམ་བྲལ་ ཞིང ། །སྦྱིན་པ་རིན་ཆེན་རྣམ་པར་སྤངས། །སྐྱེས་བུ་གསོན་པ་ཉིད་ན་ཡང ། །ཤི་བ་ཡིན་པར་མངོན་པར་བརྗོད། །སྦྱིན་དང་ཚུལ་ཁྲིམས་དཀའ་བསམ་གཏན། །བརྟན་དང་དྲན་པ་ཏིང་འཛིན་ལྡན། །སྐྱེས་བུའི་སྐྱེས་བུར་གྱུར་པ་སྟེ། །ལྷ་རྣམས་ཀྱིས་ཀྱང་ཕྱག་བྱེད་དོ། །ཡོན་ཏན་ ལྡན་པ་སྐྱེས་བུ་ཡིན། །ཡོན་ཏན་མེད་པ་ཕྱུགས་དང་མཚུངས། །ཡོན་ཏན་ཡོད་མེད་རྣམ་པ་ཤེས། །གང་དེ་ལྷ་ཡིན་ཞེས་བརྗོད་དོ། །དེ་བཞིན་ཡོན་ཏན་ཡོན་ཏན་མིན་རྣམས་ཤེས། །སྐྱེས་བུ་ཐམས་ཅད་དུ་ནི་བདེ་བར་འགྱུར། །གང་ཡང་རྟག་ཏུ་བློ་དང་རྣམ་བྲལ་བ། །འདིར་ནི་སྡུག་ བསྔལ་ཅན་དུ་འགྱུར་བ་ཡིན། །དེའི་ཕྱིར་ཡོན་ཏན་དེ་དག་རྣམས་མཉན་ལ་དགེ་སློང་གིས་བརྐམ་ཞིང་ཆགས་པར་མི་བྱའོ། །དེ་ལྟར་བསམ་གཏན་བསྒོམ་པ་ན་བར་དུ་གཅོད་པར་བྱེད་པའི་ཆོས་བཅུ་པོ་འདི་རྣམས་གལ་ཏེ་དེ་དགེ་སྦྱོང་འཁོར་བའི་འཇིགས་པས་འཇིགས་པར་གྱུར་ན་ཡོངས་སུ་སྤང་ 70-1-185b བར་བྱའོ། །གཞན་ཡང་ཆོས་བཅུ་གཅིག་པས་ནི་བསམ་གཏན་བསྒོམ་པ་ན་བར་དུ་གཅོད་པར་བྱེད་པ་དང ། དགེ་སློང་རྣམས་ཀྱང་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་ཡིན་ནོ། །འདི་གང་ཞེ་ན། འདི་ལྟ་སྟེ། འདྲི་བར་མི་བྱེད་པའོ། །འདིས་འདིར་བློ་དམན་པ་རྣམས་ལ་བར་དུ་གཅོད་ པར་འགྱུར་རོ། །ཁ་ཟུམ་པ་མ་ཡིན་པའི་བློ་གྲོས་ཅན་དུ་ཡང་བདག་ཉིད་ཕྱི་རོལ་ཏུ་སྟོན་པར་བྱེད་ལ་དེ་བཞིན་དུ་ཡང་བདག་ནི་བསྟན་བཅོས་ཐམས་ཅད་འཛིན་པ་ཡིན་པ་དང ། ང་ནི་རྗོད་པར་བྱེད་པ་ཉིད་དང ། དོན་རྣམས་ཀྱིས་དང ། ང་དང་མཚུངས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ང་ནི་མ་ལུས་ པར་ཤེས་པའི་ཚོགས་རྣམས་ཁ་ཏོན་དུ་བྱེད་པ་ཡིན་ནོ་ཞེས་དོན་ཆེན་པོ་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ལྷན་ཅིག་ཏུ་འགྲོགས་པ་རྣམས་དང་ཉེ་བར་གནས་རྣམས་ལ་ཡང་ངེས་པར་སྟོན་པར་བྱེད་དོ། །དེ་བཞིན་དུ་གཞན་དག་རྣམས་ལ་ཡང་བགྲོ་བར་བྱེད་དོ། །ངེས་པར་རྟོགས་པར་འགྱུར་བར་བྱེད་ དོ། །སེམས་ལ་རབ་ཏུ་གནས་པར་བྱེད་དེ། དེ་ནི་ཤེས་པའི་མངོན་པའི་ང་རྒྱལ་འབའ་ཞིག་ཏུ་ཟད་པར་གྱུར་པ། སེམས་ཅན་རྣམས་ཐམས་ཅད་ལ་རང་གི་ཡོན་ཏན་རིག་པར་བྱེད་པ། སྐྱེ་བོ་ཐམས་ཅད་ཀྱིས་ལེགས་པར་གོ་བར་འགྱུར་བ་དེ་ཁོ་ན་བཞིན་དུ་འདི་ཤེས་པ་ཐམས་ཅད་ལས་ཕ་ རོལ་དུ་སོན་པ་དེ་དང་བགྲང་བར་མཚུངས་པ་རྣམས་འགའ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་འཇིག་རྟེན་པ་རྣམས་ལ་རྗོད་པར་བྱེད་དོ། །དེ་ཡང་ཤིན་ཏུ་ཐོས་པ་ཆུང་བར་གྱུར་པ། ནང་རྣམས་ནི་སྟོང་པར་གྱུར་པ་དང ། གསོག་ཏུ་གྱུར་པ། གསོབ་ཏུ་གྱུར་པ། སྣོད་སྟོང་པ་རྣམས་དང་མཚུངས་ ཤིང་འདྲ་བར་གྱུར་པ། སྟོན་ཀའི་སྤྲིན་དག་དང་འདྲ་བ། བསམ་གཏན་ལ་བསམ་གཏན་དུ་བྱེད་པ་ཕྱི་རོལ་ཏུ་བྱས་པ། མི་ཐམས་ཅད་ཀྱིས་མཆོད་པ་དེ་ནི་གང་གི་ཚེ་བསམ་གཏན་བསྒོམ་པའི་རང་བཞིན་སྤངས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པར་གྱུར་པ་དམིགས་པའི་རང་བཞིན་ཅན་ ཐོས་པ་རྒྱ་ཆེན་པོར་གྱུར་པ། རིག་པ་རབ་ཏུ་རྟེན་པ་ཤིན་ཏུ་སྦྱངས་པའི་རྒྱན་གྱིས་བརྒྱན་པ། །སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གཅེས་པར་འཛིན་པ། སྤྲོ་བ་ལྡོག་པ་མེད་པར་གྱུར་པ། ཤེས་རབ་ཆེན་པོའི་དྲིས་རྒྱུད་བསྒོས་པར་གྱུར་པས་དགའ་བར་གནས་པའི་དགེ་སྦྱོང་གཞན་དེ་དག་ 70-1-186a རྣམས་ལ་ཡང་ནང་སྟོང་པར་གྱུར་པ་གསོག་དང་གསོབ་ཏུ་གྱུར་པ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་དགེ་སློང་དེ་དག་དང་སྨྲས་པར་གྱུར་ན་འདི་དག་གིས་ཇི་ལྟ་བར་ཉེ་བར་བསྟན་པས་བདག་ཟིལ་གྱིས་གནོན་པར་འགྱུར་རོ། །གང་ཡང་སྦྱིན་པ་པོ་དང་སྦྱིན་བདག་དེ་རྣམས་ཀྱིས་ བདག་ལ་མཆོད་པར་བྱེད་པ་ལས་དེ་དག་དྲུང་ནས་དེ་དག་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །བདག་ལ་དབང་ཆེ་བར་བྱེད་པར་ཡང་འགྱུར་རོ། །སྦྱིན་པ་པོ་དང་སྦྱིན་བདག་རྣམས་ནི་བདག་ང་རྒྱལ་གྱིས་བཟུང་བས་རང་ཉིད་ཀྱི་ཤེས་རབ་ཀྱིས་དོན་རྣམས་གོ་བར་མི་འགྱུར་རོ། །གཞན་གྱི་ཟིལ་ གྱིས་མནན་པར་འགྱུར་བའི་འཇིགས་པས་འདྲི་བར་མི་བྱེད་དོ། །གལ་ཏེ་ཡིན་མོད་འདི་དག་རྣམས་ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ལ་ཐོས་པ་ཡིན་པའམ། མ་ཡིན་པའམ་ཞེས་དེ་ནི་དེ་དག་རྣམས་ཀྱིས་ནང་སྟོང་པར་གྱུར་པ། གཞན་གྱི་ཟིལ་གྱིས་གནོན་པས་འཇིགས་པ་སྟེ། དེ་རང་ཉིད་ཕམ་པར་འགྱུར་བའི་འཇིགས་པས་སྐྲག་པའི་ཕྱིར་འདྲི་བར་མི་བྱེད་དོ། །དེ་དེ་ལྟར་ལོག་པར་སྨྲ་བར་བྱེད་པས་བསླབ་པའི་གཞི་ལྔ་ལས་འདས་པར་འགྱུར་ཏེ། འདི་ལྟ་སྟེ། བརྫུན་དུ་སྨྲ་བར་འགྱུར་བ་ནི་དེ་ལ་ཤེས་ཉེན་གྱི་རྟོགས་པ་ཡང་ཡོད་པ་མ་ཡིན་ལ། འོན་ཀྱང་སྨྲ་བར་ཡང་བྱེད་པའི་ཕྱིར་ ན་བསླབ་པའི་གཞི་དང་པོ་ལས་འདས་སོ། །ཡང་བསླབ་པའི་གཞི་གཞན་ལས་འདས་པ་གང་ཞེ་ན། འདི་ལྟ་སྟེ། མ་བྱིན་པར་ལེན་པའོ། །གང་ཤེས་རབ་དང་ལྡན་པ་ཞེས་བྱས་ནས་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱིས་བྱེད་པའི་མཆོད་པར་འོས་པ་ཡང་མ་ཡིན་ནོ། །ཉེ་འཁོར་ན་ཉན་པ་ རྣམས་ལས་དེས་ལེན་པར་བྱེད་པས་ནི་བློ་དམན་པ་དེ་ལ་བར་དུ་གཅོད་པར་བྱེད་པར་འགྱུར་རོ། །མ་བྱིན་པར་ལེན་པ་འདིས་ནི་བསླབ་པའི་གཞི་གཞན་རྣམ་པར་འདས་པའོ། །གཞན་ཡང་བསླབ་པའི་གཞི་ལས་འདས་པ་འདི་གང་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་དགེ་སློང་རབ་ཏུ་བྱུང་བར་ གྱུར་པ་དེའི་ཚེ། བསླབ་པའི་གཞི་ཡོངས་སུ་བཟུང་བར་གྱུར་པ་རྣམས་ཇི་ལྟར་ཚུལ་ཁྲིམས་ལ་ཀུན་ནས་བརྟེན་ཞིང་ཚུལ་ཁྲིམས་རབ་ཏུ་གནས་པར་བྱ་བ་དང་ཚུལ་ཁྲིམས་དམིགས་པར་བྱས་ནས་ངས་ཁྱིམ་གྱི་གནས་ཡོངས་སུ་གཏང་བར་བྱའོ་ཞེས་བྱས་པའི་ཡང་དག་པའི་ཚུལ་ཁྲིམས་གང་ཡིན་ 70-1-186b པ་རྣམས་ཀྱང་དེས་ཐོས་པ་ཡོད་པ་ཡང་མ་ཡིན་ནོ། །ངས་ཐོས་པ་ཡིན་ནོ་ཞེས་གཞན་དག་རྣམས་ལ་ཡང་གོ་བར་བྱེད་དོ། །འདི་ནི་བསླབ་པའི་གཞི་ལས་ཤིན་ཏུ་འདས་པ་གཞན་ཡིན་ནོ། །གཞན་ཡང་བསླབ་པའི་གཞི་ལས་འདས་པར་གྱུར་པ་ནི་འདི་ལྟ་སྟེ། གཞན་གྱིས་དྲི་བ་དང ། ཕྱིར་ཞིང་འདྲི་ བས་འཕགས་པར་གྱུར་པའི་ཟིལ་གྱིས་གནོན་པར་འགྱུར་བའི་འཇིགས་པས་འཇིགས་ནས་ཇི་སྲིད་དུ་ཆོས་གཞན་རྣམས་རྗོད་པར་བྱེད་དོ། །ཆོས་འདི་ནི་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་དང ། འདི་ནི་ཤིན་ཏུ་སྡིག་པ་ཅན་ནོ། །གཞན་ཡང་བསླབ་པའི་གཞི་ལས་རྣམ་པར་འདས་པར་གྱུར་པ་མཆོག་ ཏུ་དཀའ་བླས་ཆེ་བ་འདི་གང་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་དམ་པའི་ཆོས་མི་ཤེས་པར་གྱུར་པ་དེས་གཞན་དག་དམ་པའི་ཆོས་ལ་དཔྱད་པར་གྱུར་པ་རྣམས་ལ་རྗོད་པར་བྱེད་པ་ནི་དེའི་དོན་རྣམས་ཟབ་པ་ཡིན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་ཚིག་རྣམས་ཁྱོད་ཀྱིས་ཐོས་པ་མ་ཡིན་ ནོ་ཞེས་དེས་དགེ་འདུན་ལ་བརྙས་པར་བྱེད་དེ། ང་ཁོ་ནས་འདིའི་ཚིག་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་གྱི། བཙུན་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དགེ་འདུན་ལ་སྐུར་པ་འདེབས་པར་བྱེད་དོ། །ཁ་ཞན་པར་འགྱུར་བའི་འཇིགས་པས་སྐྲག་ནས་ཆོས་ཀྱང་འཆད་པར་བྱེད་དོ། །ཇི་ལྟར་ཆོས་འདི་ ནི་དམ་པའི་ཆོས་མ་ཡིན་ཏེ། དམ་པའི་ཆོས་ཀྱི་ཡོན་ཏན་རྣམས་འཇིག་པར་བྱེད་པ་པོ་བརྫུན་མཆོག་ཏུ་སྨྲ་བ་ནི་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །འདྲི་བར་མི་བྱེད་པ་ལས་གཞན་ཡང་སྐྱོན་མཆོག་ཏུ་ཆེ་བ་ཡོད་དོ། །འདྲི་བར་མི་བྱེད་པ་འདི་ཉིད་ལ་འདི་ལྟར་ གལ་ཏེ་ཇི་ལྟར་ང་རྒྱལ་དེ་ཁོ་ན་ཉིད་ཀྱིས་ཟིལ་གྱིས་གནོན་པར་འགྱུར་བའི་འཇིགས་པས་འཇིགས་ནས་ནགས་སུ་འཇུག་པར་བྱེད་དོ། །ལམ་དམ་པའི་གདམས་ངག་སྟོན་པར་བྱེད་པ་པོ་རྣམས་ལ་མ་དྲིས་པར་ཡང་འདིར་ལམ་ཇི་ལྟར་འབྱུང་བར་འགྱུར། དམིགས་པ་ཡང་ཇི་ལྟ་བུར་ཡིད་ལ་བྱ་བ་ཡིན། རྣམ་པ་གང་དག་གིས་དམིགས་པ་ལས་ཉམས་པར་འགྱུར་བ་ཡིན། ཕྱིར་ཡང་ཡིད་འཇོག་པར་ནི་བྱེད་དེ། །ང་རྒྱལ་གྱི་སྐྱོན་གྱིས་དེ་ལྟ་ན་ཡང་གཞན་རྣམས་ལ་མི་འདྲིའོ། །དེས་དེ་ལྟར་ལམ་རྙེད་པར་མ་གྱུར་པས་ཡིད་ཤིན་ཏུ་སྐྱོ་བར་འགྱུར་རོ། །དེ་སླར་ཡང་སྐྱིལ་མོ་ཀྲུང་ལས་ལྡང་བར་གྱུར་ནས་འདི་སྙམ་ 70-1-187a དུ་སེམས་ཏེ། ཇི་ལྟར་བདག་གིས་ཁེངས་པར་བྱས་པ་དེ་དག་རྣམས་ནི་དོན་མེད་དོ་ཞེས་སྐྱོ་བ་སྐྱེ་བར་གྱུར་ནས་འདི་ནི་ལམ་མེད་དོ། །བསམ་གཏན་མེད་དོ། །སྙོམས་པར་འཇུག་པ་མེད་དོ་ཞེས་དེ་བསམ་གཏན་གྱི་འབྲས་བུ་དང ། ཏིང་ངེ་འཛིན་གྱི་འབྲས་བུ་རྣམས་ལ་ང་རྒྱལ་གྱི་སྐྱོན་གྱིས་ དང་ཟིལ་གྱིས་གནོན་པའི་འཇིགས་པས་སྐྲག་པས་སྐུར་པ་འདེབས་པར་བྱེད་དེ་ཡོངས་སུ་མ་དྲིས་པའི་ཕྱིར་རོ། །ལོག་པར་ལྟ་བ་ཅན་དེ་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་ གསུངས་པ། ཇི་ལྟར། བདག་ཉིད་ཤེས་ཤིང་ང་རྒྱལ་བྲལ། །དེ་བཞིན་བླ་མ་ལ་འདྲི་བ། །དགེ་སློང་ཤིན་ཏུ་བརྩོན་ལྡན་པ། །མྱ་ངན་འདས་པ་རྟོགས་པ་ཡིན། །དེ་ལྟར་ཇི་ཙམ་ཐོས་གྱུར་པ། །དེ་ཙམ་ཞིག་ནི་འཆད་པར་བྱེད། །བདག་ཉིད་ཤེས་དང་ང་རྒྱལ་བྲལ། །དེ་ཉིད་རིག་པའི་དགེ་སློང་ ཡིན། །ང་རྒྱལ་ཤིན་ཏུ་ང་རྒྱལ་བྲལ། །གང་དག་ཡེ་ཤེས་ལམ་ལ་མཁས། །རང་གཞན་བདག་ཉིད་ཐབས་ཤེས་པས། །ཆོག་ཤེས་གང་ཡིན་དགེ་སློང་བརྗོད། །ང་རྒྱལ་ཅན་དང་ཁྲོ་བའི་ཡིད། །རྐོ་ཏྲོག་ཅན་དང་བློ་ཆུང་བ། །རྙེད་དང་བཀུར་སྟི་ཡིད་ཅན་ལ། །ཅི་ཕྱིར་ཞི་བ་འབྱུང་བར་འགྱུར། ། འདྲི་བར་མི་བྱེད་པ་ཉིད་ཀྱི་ང་རྒྱལ་ཅན་ཁྲོ་བའི་ཡིད་དུ་གྱུར་པ་བསམ་གཏན་སྒོམ་པར་མི་བྱེད་པ་རྣམས་ནི་གཞན་གྱི་ཟས་ཟ་བར་བྱེད་པ་རྣམས་བུ་ལོན་དུ་འགྱུར་རོ། །ཆ་བྱད་འབའ་ཞིག་ཙམ་འཛིན་པར་གྱུར་པ་རྣམས་ཀྱིས་དགེ་སློང་གི་བདག་ཉིད་ཅི་ཞིག་འཐོབ་པར་གྱུར་ནས་ལུས་ཞིག་པར་གྱུར་ཅིང་ཤི་བའི་འོག་ཏུ་ང་རྒྱལ་གྱི་ སྐྱོན་དང་འདྲེ་བར་མི་བྱེད་པའི་ཕྱིར་ན་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་འདི་ལྟར་བསླབ་པར་བྱ་སྟེ། ཇི་སྲིད་འཚོའི་བར་དུ་ཡོངས་སུ་འདྲི་བའི་རང་བཞིན་ཅན་གྱི་དགེ་སློང་རྣམས་ནི་བདེ་བ་དང་ཡིད་བདེ་བར་འགྱུར་རོ། །ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ང་རྒྱལ་དེ་བཅོམ་པར་གྱུར་པའི་ཡོན་ཏན་གྱིས་དེ་ལས་ཕྱི་མར་ཡང་མྱ་ངན་ལས་འདས་པ་འབྱུང་བར་འགྱུར་རོ། །གཞན་ཡང་ཆོས་བཅུ་གཉིས་པ་བསམ་གཏན་བསྒོམ་པ་ན་བར་དུ་གཅོད་པར་བྱེད་པ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། གྲོགས་པོ་མང་བར་གྱུར་པ་ཞེས་བྱ་ 70-1-187b བས་དོན་མ་ཡིན་པ་ཐམས་ཅད་བྱེད་པར་འགྱུར་རོ། །དགེ་སློང་རྣམས་ངེས་པར་སྲེག་པ་འབའ་ཞིག་ལ་འཇུག་པར་བྱེད་པ་ཡིན་ནོ། །གང་གི་ཚེ་གྲོགས་པོ་མང་པོ་ཡོད་པར་གྱུར་པ་དེའི་ཚེ། དགེ་སློང་རྣམ་པར་གཡེང་བ་མང་བར་འགྱུར་ལ་བྱ་བ་མང་བས་རྣམ་པར་གཡེང་བར་འགྱུར་བའི་བློ་ལ་ཡང་བསམ་གཏན་མེད་ཅིང་ བསམ་གཏན་དུ་བྱ་བ་ཡང་མེད་པར་འགྱུར་རོ། །ཁྱིམ་གྱི་གནས་ནས་ངེས་པར་བྱུང་བར་གྱུར་པ་རྣམས་ཀྱི་གྲོགས་པོ་དང ། དགྲ་བོ་མ་ཡིན་པ་རབ་ཏུ་སྤངས་པ་རྣམས་ཀྱིས་རེ་ཞིག་གྲོགས་པོ་གཅིག་ཉིད་ཀྱང་བྱ་བ་མ་ཡིན་ན་གྲོགས་པོ་མང་པོ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་གི་ཚེ་ལེ་ལོ་ཅན་མིང་ཙམ་གྱི་དགེ་ སློང་དུ་གྱུར་ནས་གཞན་གྱི་ཁྱིམ་རྣམས་སུ་རྗེས་སུ་རྒྱུ་བར་བྱེད་པ་ཡིན་ཏེ། དེའི་ཚེ་ན་འདིས་མཐོང་བ་ཙམ་ཉིད་ཀྱིས་བློ་རྣམ་པར་གཡེང་བར་འགྱུར་རོ། །མིག་གིས་གཟུགས་རྣམས་མཐོང་བར་གྱུར་པས་གཞན་དུ་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ཞི་བར་མི་འགྱུར་རོ། །དམིགས་པ་ལ་ཞི་བར་མི་འགྱུར་རོ། ། ཡིད་ལ་བྱེད་པ་ཉེ་བར་གནས་པ་མ་ཡིན་ནོ། །མཉམ་པར་གཞག་པ་མ་ཡིན་ནོ། །དུས་རྣམས་ཐུང་བར་བྱེད་པ་མ་ཡིན་ནོ། །གྲོགས་པོ་རྣམས་ལ་ལྟ་བ་ལ་ཆེད་ཆེ་བ་ཡིན་ནོ། །དེ་བཞིན་དུ་སྒྲ་རྣམས་ཐོས་ནས་ཀྱང་མཉམ་པར་གཞག་པར་མི་འགྱུར་ཏེ། དམིགས་པར་མི་བྱེད་དོ། །དེ་ཡིད་ལ་བྱེད་པ་ གཞན་རྣམས་ལ་ཞུགས་པ་ན་ཞི་བར་མི་འགྱུར་རོ། །མ་ཞི་བའི་ཡིད་ལ་བྱེད་པ་རྣམས་ལ་དམིགས་པ་ནི་ཟད་ཅིང་ལྟུང་བར་འགྱུར་ལ། གང་གི་ཚེ་གྲོགས་པོ་དེ་དག་ལ་ལྟ་བར་བྱེད་པ་དེས་ནི་དམིགས་པའི་བར་དུ་གཅོད་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་དགེ་སྦྱོང་གིས་གྲོགས་པོ་གཅིག་ཀྱང་མི་བྱ་ན་གྲོགས་པོ་ མང་པོ་ནི་དང་པོར་མ་ཡིན་ནོ། །གྲོགས་པོ་ལ་འཆེལ་བར་གྱུར་པའི་དགེ་སློང་ཡུལ་ལྗོངས་རྣམས་ནས་ཡུལ་ལྗོངས་སུ་རྒྱུ་བར་གྱུར་པས་ཉེ་བར་འགྲོ་བར་བྱེད་པ་ན་ཚེའི་འདུ་བྱེད་རྣམས་ནི་ཟད་པར་འགྱུར་བ་དང ། དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་འགྱུར་ཏེ། དགེ་བའི་ཕྱོགས་ཉམས་པར་གྱུར་པ་རྣམས་ཀྱིས་ ཀྱང་འགྲོ་བའི་མཆོག་འཐོབ་པ་མ་ཡིན་ནོ། །སྐད་ཅིག་ཙམ་ཡང་བསམ་གཏན་དང་འདོད་པ་རྩེ་གཅིག་པ་གཉིས་ཡིད་ལ་བྱ་བར་ནུས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། དགེ་སློང་གིས་ཀུན་ནས་ཉོན་མོངས་པ་ཅན་གྱི་སྲེད་པ་རྣམས་འཕེལ་བར་བྱེད་པ་པོའི་ཁྱིམ་པའི་གྲོགས་པོ་མི་བྱའོ། ། 70-1-188a འདི་དང་ཕ་རོལ་དུ་མྱ་ངན་ལས་འདས་པའི་ལམ་སྟོན་པར་བྱེད་པ་དང ། མྱ་ངན་ལས་འདས་པའི་ལམ་ཉེ་བར་སྟོན་པར་བྱེད་པ་དང ། བསམ་གཏན་གྱི་གྲོགས་བྱེད་པར་འགྱུར་བའི་དགེ་བའི་གྲོགས་པོ་བྱ་བར་བྱའོ། །གང་དང་ལྷན་ཅིག་ཏུ་གྱུར་པས་ཉོན་མོངས་པ་རྣམས་ཟད་པར་བྱས་ནས་ མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པ་དེ་དག་ནི་གྲོགས་པོའི་མཆོག་ཡིན་ནོ། །གཞན་དུ་ན་ནི་གྲོགས་པོའི་གཟུགས་བརྙན་གྱི་དགྲ་བོ་ཡིན་ཏེ། གང་དག་དོན་དམ་པ་མ་ཡིན་པ་དེ་དག་གིས་ནི་གྲོགས་པོར་འགྱུར་བ་མ་ཡིན་ནོ། །གང་དང་ཕྲད་ནས་ཀུན་བརྗོད་པ་དང་གནས་པའི་ལས་སུ་གྱུར་ པས་གང་ཡང་འཇིག་རྟེན་ཕ་རོལ་གྱིར་འགྱུར་བ་དེ་ནི་གྲོགས་པོ་ཡིན་ཏེ། གང་ཡང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཉེ་བར་སྟོན་པ་དང ། བྱེད་དུ་འཇུག་པའམ། འཇིག་རྟེན་ཕ་རོལ་གྱི་འཇིགས་པ་སྟོན་པར་བྱེད་པའམ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་འགྲོ་བར་སྐྱེ་བའི་འཇིགས་ པ་ལེགས་པར་སྟོན་པ་རྣམས་ཀྱང་རུང་སྟེ། ཇི་ལྟར་ལུས་དང ། ངག་དང ། ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམས་ཀྱིས་ངན་སོང་དུ་འཇུག་པར་འགྱུར་བ་རྣམས་མི་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་པ་གསུངས་པ། ཇི་ལྟར། གྲོགས་གང་འཇིག་རྟེན་ཕ་རོལ་གྱི། །གྲོགས་ པོ་དེ་ནི་གྲོགས་པོར་བརྗོད། །གང་ཞིག་སྡིག་ལས་ཟློག་པ་དང ། །འཆི་འཕོ་ལས་ཀྱང་སྲུང་བྱེད་པ། །ཕ་རོལ་དུ་ནི་གང་ཕན་པའི། །ཕན་པ་རྟག་ཏུ་རབ་ཏུ་བརྗོད། །མི་རྣམས་གྲོགས་ནི་དེ་ཡིན་ཏེ། །གྲོགས་གང་གིས་ནི་འདོད་པ་འཐོབ། །དེ་ནི་གྲོགས་པོ་རྣམས་ཀྱི་མཆོག་ཡིན་ཏེ། གང་གིས་རྣམ་པ་དུ་ མ་དང ། རྣམ་པར་རྟོག་པ་དུ་མས་ཀྱང ། ཆོས་ཉེ་བར་སྟོན་པར་བྱེད་པའོ། །འོན་ཀྱང་གང་དག་ཟས་ཕལ་པོ་ཆེ་རྣམས་མངོན་པར་རྗོད་པར་བྱེད་པ་དང ། ཁྱིམ་རྣམས་སུ་འཇུག་པར་བྱེད་པ་དང ། སྡུག་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་སྟེན་པ་ཉེ་བར་སྟོན་པར་བྱེད་པ་ རྣམས་ནི་མ་ཡིན་ཏེ། རྣམ་པ་དེ་སྲིད་ཀྱི་གྲོགས་པོ་འདི་དག་ནི་གཅིག་ཀྱང་གྲོགས་པོར་བྱ་བ་མ་ཡིན་ན་སྐྱོན་དུ་མ་རྣམས་སྐྱེད་པར་བྱེད་པའི་གྲོགས་པོ་མང་པོ་མི་བྱ་བ་ལྟ་ཅི་སྨོས། གང་དག་གིས་འཇིགས་པ་དང་བཅས་པར་འགྱུར་བ་འཇིག་རྟེན་ཕ་རོལ་དུ་ཕན་པ་མ་ཡིན་པ་བྱེད་པར་འགྱུར་བ་དེ་དག་རྣམས་ནི་ 70-1-188b གྲོགས་པོའི་གཟུགས་ཀྱི་དགྲ་བོ་རྣམས་ཡིན་ནོ། །དགེ་སློང་གང་དག་རབ་ཏུ་ཆགས་པར་གྱུར་པ་རྣམས་ནི་རང་གི་བྱ་བ་ལས་ཡོངས་སུ་ཉམས་པར་བྱེད་པ་དང ། དགེ་སྦྱོང་བསམ་གཏན་སྒོམ་པར་བྱེད་པ་ན་བར་དུ་གཅོད་པར་བྱེད་པར་འགྱུར་བ་ཡིན་ནོ། །གཞན་ཡང་ཆོས་བཅུ་གསུམ་པ་བསམ་གཏན་སྒོམ་ པར་བྱེད་པ་ན་ཉམས་པར་བྱེད་པ་ཡིན་ནོ། །འདི་ཡང་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། ཀུན་དུ་འདྲེ་བར་གནས་པའོ། །དགེ་སློང་རྣམས་ཐམས་ཅད་ཀྱང་བསམ་གཏན་བསྒོམ་པ་ན་ཉམས་པར་བྱེད་པར་འགྱུར་བའོ། །ཀུན་དུ་འདྲེ་བར་གནས་བདེ་ཡང་རྣམ་པ་ལྔ་ཡིན་ནོ། །འདི་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ་མཆོག་ཏུ་དགེ་བའི་ཆོས་ཅན་དྲང་པོར་གྱུར་པ་དྲང་པོའི་རང་བཞིན་ཅན་རྣམས་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་རྣམས་དང་ལྷན་ཅིག་ཏུ་གནས་པར་འགྱུར་བ་སྟེ། གཞན་གྱི་དབང་དུ་གྱུར་པའི་སྐྱོན་འདི་ནི་ཀུན་དུ་འདྲེ་བར་གནས་པ་གཅིག་ཡིན་ནོ། །གཞན་ཡང་ འདྲེ་བར་གནས་པའི་སྐྱོན་གཉིས་པ་ཡོད་དོ། །འདི་ལྟ་སྟེ། གཞན་གྱི་དབང་དུ་གྱུར་པའི་སྐྱོན་གྱིས་སམ། རང་འདོད་པར་གྱུར་པས་ཀྱང་ལོག་པར་ལྟ་བ་ཅན་རྣམས་དང་ལྷན་ཅིག་ཏུ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཚོང་འདུས་རྣམས་སུ་གནས་པར་བྱེད་པ་འདི་ནི་ཀུན་ཏུ་འདྲེ་བར་གནས་ པ་གཉིས་པ་ཡིན་ནོ། །གཞན་ཡང་ཀུན་ཏུ་འདྲེ་བར་གནས་པ་གསུམ་པ་ཡོད་དོ། །འདི་ལྟ་སྟེ། གཉེན་བཤེས་དང ། གྲོགས་པོ་དང ། རང་གི་སྐྱེ་བོ་རྣམས་དང ། ཕྲད་པར་འདོད་པར་གྱུར་ཅིང་ལྟ་བ་ལ་སྲེད་པར་གྱུར་པས་ཉེ་བར་འགྲོའོ། །དེས་དེ་དང་ལྷན་ཅིག་ཏུ་སྔོན་གྱི་ཁྱིམ་ལ་གོམས་པས་སླར་ ཡང་དེ་ཁོ་ན་བཞིན་དུ་གནས་པར་བྱེད་དོ། །འདི་ནི་ཀུན་ཏུ་འདྲེ་བར་གནས་པ་གསུམ་པ་ཡིན་ནོ། །གཞན་ཡང་ཀུན་ཏུ་འདྲེ་བར་གནས་པ་བཞི་པ་ཡོད་པ་ནི་འདི་ལྟ་སྟེ། ཀུན་དུ་དགའ་བར་གྱུར་པས་ཕན་ཚུན་དུ་བསྟན་བཅོས་ཀྱིས་ཀུན་དུ་བརྗོད་པ་དག་གིས་དགའ་བར་གྱུར་པས་རྒྱལ་པོའི་ཁྱིམ་དུ་ཆུད་པར་དགེ་ སློང་གནས་པར་བྱེད་དེ། གཞན་ཟིལ་གྱིས་མནན་པར་བྱ་བའི་བསམ་པས་སོ། །འདི་ནི་ཀུན་དུ་འདྲེ་བར་གནས་པ་བཞི་པ་ཡིན་ནོ། །གཞན་ཡང་ཀུན་དུ་འདྲེ་བར་གནས་པ་ལྔ་པ་ཡོད་དེ། འདི་ལྟ་སྟེ། བློ་རྣམ་པར་གཡེང་བར་གྱུར་པའི་དགེ་སློང་སྤྱོད་པ་ཀུན་དུ་མ་བསྡམས་པ་སྔོན་གང་དག་ཟོས་པ་ 70-1-189a དང ། འཐུངས་པ་དང ། གྲོང་པའི་ཆོས་བསྟེན་པར་གྱུར་པའམ། སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲིས་བྱས་པར་གྱུར་པ་དེ་དག་རྣམས་ཀྱང་རྗེས་སུ་དྲན་པར་བྱེད་དོ། །དེ་དག་རྣམས་ལ་རྣམ་པར་རྟོག་པར་བྱེད་དོ། །དེ་རྣམ་པར་རྟོག་པས་ཉེ་བར་བཅོམ་ པར་གྱུར་པས་མཆོག་ཏུ་ཀུན་དུ་འདྲེས་པར་གྱུར་ནས་ཤིན་ཏུ་རྩུབ་པར་གྱུར་པ་རྣམས་ཀྱིས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་དང་ལྷན་ཅིག་པའི་ཡུལ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་རྣམས་དང་ལྷན་ཅིག་ཏུ་གནས་པར་བྱེད་དོ། །འདི་ནི་ཀུན་ཏུ་འདྲེ་བར་གནས་པ་ལྔ་པ་ཡིན་ཏེ། ཡུལ་གྱི་རྣམ་པར་རྟོག་པ་ རྣམས་ཀྱིས་ཉེ་བར་བཅོམ་པར་གྱུར་ནས་ཀུན་དུ་འདྲེ་བར་གནས་པ་ཡིན་ནོ། །ཀུན་དུ་འདྲེ་བར་གནས་པ་རྣམས་ཐམས་ཅད་ཡོངས་སུ་སྤང་བར་ནུས་ཀྱི་ཡིད་ཀྱི་རྣམ་པར་རྟོག་པ་རྣམས་ནི་ཡོངས་སུ་སྤང་བར་མི་ནུས་སོ། །ཡུལ་དང་ཀུན་ནས་འདྲེ་བར་གྱུར་པ་ནི་བསམ་གཏན་སྒོམ་པར་བྱེད་པ་རྣམས་ ཐམས་ཅད་ལ་ཤིན་ཏུ་བར་དུ་གཅོད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་ཀུན་དུ་འདྲེས་པར་གནས་པ་ཐམས་ཅད་ནི་ཡོངས་སུ་སྤང་བར་ནུས་ལ། ཡུལ་གྱི་ཉེ་བར་ལོངས་སྤྱོད་པ་ལ་རང་གི་སེམས་རྩབ་ཧྲལ་ཅན་གྱིས་བསླང་བའི་ཀུན་ཏུ་རྟོག་པ་རྣམས་ཀྱིས་ཀུན་ཏུ་འདྲེ་བར་གནས་པ་རྣམས་ནི་ སྤང་བར་མི་ནུས་ཏེ། བསམ་གཏན་དང ། སྙོམས་པར་འཇུག་པ་དང ། ཤིན་ཏུ་སྦྱངས་པ་དང ། ལེགས་པར་སྡོམ་པ་དང ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྣམས་ཀྱིས་རྗེས་སུ་དྲན་པར་བྱེད་པ་རྣམས་ཀྱིས་ནི་མ་གཏོགས་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འོད་སྲུང་དེས་ཚིགས་སུ་བཅད་ པ་གསུངས་པ། ཇི་ལྟར། ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །མེ་གང་ཀུན་དུ་སྤར་གྱུར་པ། །ཚུལ་བཞིན་མ་ཡིན་ཡིད་བྱེད་དེའི། །ཆར་གྱིས་རབ་ཏུ་འཇོམས་པར་བྱེད། །མུན་པ་ཡུན་རིང་གིས་བསླང་གང ། །མ་རིག་ལས་བྱུང་མི་རྣམས་ཀྱི། །དེ་ནི་ཅུང་ཟད་དུ་སྐྱེས་པའི། །ཤེས་ རབ་མར་མེས་འཇིག་པར་བྱེད། །བློ་གྲོས་རྨོངས་པ་དམྱལ་བར་ནི། །ཆགས་དང་རྨོངས་པས་སྲེག་པར་བྱེད། །ཤེས་རབ་ཅན་ནི་འཇོམས་མིན་ཏེ། །མྱ་ངན་འདས་པའི་ལམ་དུ་འགྲོ། །ཤེས་རབ་སྣང་བས་ལུས་ཅན་གྱི། །བཅུ་གསུམ་པོ་རྣམས་འཇོམས་པར་བྱེད། །དེ་ཕྱིར་སྐྱོན་གཞོམ་ 70-1-189b རྗེས་སུ་བཙལ། །ཤེས་དང་ཚུལ་ཁྲིམས་རྟག་བསྒོམས་པས། །ལུས་ཅན་རྣམས་ཀྱི་བཅུ་གསུམ་པོ། །རྩ་བ་མེད་པར་ཀུན་རབ་འཇོམས། །ཡེ་ཤེས་མེས་ནི་ཉོན་མོངས་པའི། །བུད་ཤིང་ཆེན་པོ་ཆེར་འབར་བྱེད། །དེ་ལྟར་ཀུན་དུ་འདྲེ་བར་གནས་པ་རྣམས་ནི་ཐམས་ཅད་ཀྱིས་གནས་སྐབས་ ཐམས་ཅད་དུ་མི་བྱའོ། །ཁྱིམ་གྱི་གནས་ལས་ངེས་པར་བྱུང་བ་གཅིག་ཏུ་རྒྱུ་བར་གྱུར་པའི་དགེ་སྦྱོང་རྣམས་ཀྱིས་ཀུན་ཏུ་རྟོག་པའི་རང་བཞིན་ཅན་དུ་མི་བྱའོ། །ལེ་ལོ་ཅན་དུ་མི་བྱའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་ཆུང་དང ། ཚོང་འདུས་རྣམས་ཉམས་སུ་མྱོང་བར་བྱེད་པའི་རྣམ་པར་ རྟོག་པའི་རང་བཞིན་ཅན་དུ་མི་བྱའོ། །སྤྲོ་བ་ཆེན་པོར་གྱུར་པས་ལྷན་ཅིག་ཏུ་གནས་པ་དང ། ལྟ་བ་ལ་ཆེད་ཆེར་མི་བྱ། སློབ་མ་སྡུད་པ་ལ་ཆེད་ཆེར་མི་བྱའོ། །སྡིག་པའི་གྲོགས་པོ་དང་འགྲོགས་པའི་རང་བཞིན་ཅན་དུ་མི་བྱའོ། །སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ལ་ ཆེད་ཆེ་བར་གྱུར་ནས་མངོན་པར་ཞེན་པས་ཀུན་ཏུ་ཆགས་པར་གྱུར་པའི་སེམས་སུ་མི་བྱའོ། །འགྲོ་བ་དང་སྤྱོད་པ་རྣམས་ཀུན་དུ་མ་བསྡམས་པར་མི་བྱའོ། །སེམས་ཤིན་ཏུ་མྱུར་བར་བརྐམ་པར་མི་བྱའོ། །བསོད་སྙོམས་དང ། མལ་ཆ་དང ། སྟན་དང ། ནད་ཀྱི་རྐྱེན་སྨན་དང ། ཡོ་བྱད་རྣམས་ལ་མངོན་པར་དགའ་བར་མི་བྱའོ། །ཆོས་གོས་བཀྲ་བ་དང ། འཇོ་སྒེག་དང ། ཁྲུས་དང ། མཉེ་བསུག་དང ། སྒེག་ཆོས་སུ་བརྗོད་པའི་རང་བཞིན་ཅན་དུ་མི་བྱའོ། །ཐོག་མ་མེད་པའི་དུས་ནས་མུན་པའི་ཚོགས་སུ་གྱུར་པའི་ཉོན་མོངས་པའི་ཚོགས་འདི་དག་རྣམས་ བསྲེག་པར་བྱ་ནུས་པ་མ་ཡིན་ན། ཀྱེ་མ་ཤིན་ཏུ་སྡུག་བསྔལ་བར་འགྱུར་བའི་འཁོར་བ་གང་ཡིན་པ་འདིར་འགྲོ་བ་ལྔའི་སྒོར་ཡུལ་དྲུག་གི་འོད་ཟེར་གྱི་རྣམ་པར་རྟོག་པས་སྡུག་བསྔལ་འབྱུང་བར་འགྱུར་བས་དེ་དག་རྣམས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་ཉི་མ་རེ་རེ་ཞིང་བྱིས་ པའི་སྐྱེ་བོ་འདི་དག་ཐམས་ཅད་ཐམས་ཅད་དུ་འཚེད་པར་བྱེད། སྲེག་པར་བྱེད། རྣམ་པར་རླག་པར་བྱེད་པས་སྡུག་བསྔལ་གྱི་རྒྱ་མཚོ་རྣམས་སུ་ལྷུང་བར་གྱུར་ཅིང་ཡང་དང་ཡང་དུ་དེ་ལྟར་འཇུག་པར་འགྱུར་ཡང་སྐྱོ་བ་སྐྱེ་བར་འགྱུར་བ་ཡང་མ་ཡིན་ནོ། །དེ་ལ་རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་ 70-1-190a རྣམས་ཡོངས་སུ་སྤངས་ནས་གང་ལྷར་སྐྱེས་པར་གྱུར་པ་རྣམས་ནི་མཆོག་ཏུ་བག་མེད་པར་རྒྱུ་བར་འགྱུར་རོ། །དེ་ཡང་ལྷའི་འཇིག་རྟེན་རྣམས་ལས་ཉམས་ནས་དེད་དཔོན་གྱི་མཆོག་ལས་དེ་བཞིན་དུ་དེད་དཔོན་དམྱལ་བ་དང ། ཡི་དགས་དང ། དུད་འགྲོའི་འགྲོ་བ་རྣམས་ སུ་སྐྱེ་བར་འགྱུར་བས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའི་འགྱོད་པའི་མེས་སྲེག་པར་བྱེད་དོ། །འདི་ལ་སྐྱོབ་པར་བྱེད་པ་རྣམས་ཀྱང་འགའ་ཞིག་ཀྱང་མེད་དོ། །བག་མེད་པར་གྱུར་པ་བརྒྱའི་བག་མེད་པ་རྣམས་ཀྱིས་ཉེ་བར་བཅོམ་པར་གྱུར་པས་འགྱོད་པའི་མེས་བསྲེགས་པར་གྱུར་ནས་དམྱལ་ བ་དང ། ཡི་དགས་ཀྱི་ས་གཞིར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཇི་སྲིད་དུ་འཆི་འཕོ་བའི་དུས་ཀྱི་སྣང་བ་འོངས་པར་མ་གྱུར་པ་དེ་སྲིད་དུ་དམ་པའི་ཆོས་ཡིད་ལ་བྱ་བའི་སྟེང་དུ་ཡང་སངས་རྒྱས་དགྲ་བཅོམ་པ་རྣམས་ཐམས་ཅད་ཀྱི་བསྟན་པ་གང་ཡིན་པ་འདི་ལ་དེ་དག་རྣམས་ཐམས་ཅད་ཉི་མ་ རེ་རེ་ཞིང་ལན་ཅིག་མ་ཡིན། ཕྱོགས་གཅིག་མ་ཡིན་པར་བྱ་བ་ཁོ་ནའོ། །བག་མེད་པས་མཆོག་ཏུ་བག་མེད་པར་གྱུར་པ་གང་ཡིན་པའི་ལྷ་དེ་དག་རྣམས་ལྷར་སྐྱེས་པར་གྱུར་པ་ནི་མིར་གྱུར་པ་ཐམས་ཅད་ཀྱིས་ཀྱང་ཚུལ་ཁྲིམས་ལེགས་པར་བསྒོམས་ཤིང་ལེགས་པར་ལས་སུ་བྱས་པ་དང ། སེམས་བཟང་པོར་བྱས་པར་གྱུར་པས་དེ་ཤི་ནས། སྐྱེས་བུ་ལུས་ཞིག་པར་གྱུར་ཏེ། ཤི་བའི་འོག་ཏུ་ལྷ་རྣམས་སུ་སྐྱེའོ། །ཅི་བདག་ཅག་རྣམས་ལས་ཆུང་ངུན་གྱིས་སྐྱེས་པ་ཞིག་ཡིན་ནམ་ཞེས་དེ་ལྷ་རྣམས་ཀྱིས་ཤེས་པ་མ་ཡིན་པ་དེ་དག་བསྟན་པར་བྱ་བའི་དོན་དུ་ཆོས་བཅུ་གསུམ་པོ་འདི་ གསུངས་པ་ཡིན་ནོ། །མིའི་འཇིག་རྟེན་པའི་སྐྱེས་བུ་རྣམས་དང་ལྷ་རྣམས་ཕན་ཚུན་དུ་རྒྱུར་གྱུར་པ་ཡིན་ཏེ། ལྷ་རྣམས་དང་སྐྱེས་བུ་རྣམས་ཀྱང་ཚུལ་ཁྲིམས་དང་ལྡན་པ་ནི་ཤི་ནས་ལྷར་སྐྱེའོ། །ལྷའི་བག་མེད་པ་རྣམས་ཤི་འཕོས་ནས་མི་རྣམས་སུ་སྐྱེའོ། །དེ་ལ་རྒྱུ་འདི་དག་རྣམས་ཀྱིས་ལྷ་ དང་མི་རྣམས་ལ་ཕན་པ་དང ། བདེ་བ་དང ། མཐར་མྱ་ངན་ལས་འདའ་བར་འགྱུར་བ་དང ། འཇིག་རྟེན་པའི་ཕན་པ་རྣམས་ཀྱང་མཛད་པའི་བཅོམ་ལྡན་འདས་འོད་སྲུང་དེས་མདོ་འདི་དག་གསུངས་པ་ཡིན་ནོ། །དེ་ནས་མུ་སུ་ལུན་དྷ་ལ་སོགས་པའི་ལྷ་དེ་དག་རྣམས་འདོད་པ་ལ་མཆོག་ 70-1-190b ཏུ་ཡིད་བྱུང་བར་གྱུར་པས་འདོད་པ་རྣམས་མ་ཡིན་ཞིང་འདོད་པའི་མཐའ་ལ་ཡང་མི་འཇུག་གོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་ཀྱི་མཆོད་རྟེན་དེ་ལ་ཡང་རབ་ཏུ་དང་བའི་ཡིད་དང་ལྡན་པའི་མགོ་བོས་ཕྱག་འཚལ་ནས་ཐམས་ཅད་ཇི་ལྟར་འོངས་པ་དེ་ལྟར་ཕྱིར་སོང་ངོ ། །བཅོམ་ལྡན་ འདས་འོད་སྲུང་གི་མདོ་རྫོགས་སོ།། ་།།མདོ་དྲུག་པ་དང་ཚོགས་པ་རྒྱུ་བ་ན་རྣམ་པར་རྒྱུ་བའི་ས་ཡང་རྫོགས་སོ།། ་་།།དེ་ནས་ལྷ་དེ་དག་རྣམས་བཅོམ་ལྡན་འདས་འོད་སྲུང་གི་མཆོད་རྟེན་དེ་ལས་ཕྱིར་འོངས་པར་གྱུར་པ་གང་གི་ཚེ་དེ་མུ་སུ་ལུན་དྷ་ལ་འདྲིའོ། །ལྷ་ཇི་ལྟར་རྣམ་ པ་གང་གིས་ཁྱོད་ཀྱིས་མཆོད་རྟེན་དེ་མཐོང ། དེ་ནས་ལྷ་དེ་རྣམས་ཀྱི་དྲུང་ནས་ཐོས་པར་གྱུར་ནས་མུ་སུ་ལུན་དྷ་དེས་འདི་སྐད་ཅེས་སྨྲས་ཏེ། ངས་རྣམ་པ་གང་དག་དང ། རྒྱུ་མཚན་དང་བཅས་པས་མཆོད་རྟེན་དེ་དག་མཐོང་བར་གྱུར་པ་ཇི་ལྟ་བ་བཞིན་དུ་མཉན་པར་གྱིས་ཤིག། དེ་ལ་སྔོན་ལྷའི་ འཇིག་རྟེན་དུ་ང་སྔོན་སྐྱེས་ནས་བག་མེད་པ་སྤྱོད་པ་ཡུལ་ལ་ཆེད་ཆེར་བྱེད་པ་འདོད་པ་ལྔའི་ཞགས་པས་ཀུན་ནས་བཅིངས་པར་གྱུར་པས་ངས་འཐབ་བྲལ་དེ་དག་རྣམས་ཐམས་ཅད་ཕྱིར་ཞིང་ལྟ་བར་བྱེད་དེ། རྩེ་བར་གྱུར་ཅིང་འདོད་པའི་ཡོན་ཏན་ལྔ་དང་བཅས་ཤིང་ཡང་དག་པར་ལྡན་པས་རྩེ་བ་དང་ཀུན་ ཏུ་སྤྱོད་པར་བྱེད་དེ། ནགས་ནས་ནགས་དང ། རི་བོའི་ངོས་ནས་རི་བོའི་ངོས་རྣམས་དང་པད་མའི་རྫིང་བུ་ནས་པད་མའི་རྫིང་བུ་དང ། བུང་བ་རྒྱ་ཆེ་བ་ནས་བུང་བ་རྒྱ་ཆེ་བར་ལྷ་མོ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དེ་བཞིན་དུ་རྒྱན་དང་ཆ་བྱད་དང་ལྡན་པའི་ལྷ་བརྒྱ་སྟོང་གིས་ཀུན་ དུ་གང་བར་གྱུར་པས་མདུན་ན་གར་བྱེད་པར་གྱུར། གླུ་ལེན་པར་གྱུར། རྒོད་པར་བྱེད་པར་གྱུར། འགྱིང་བར་བྱེད་པར་གྱུར་པས་ཡོངས་སུ་བསྐོར་བས་ལྷའི་འཇིག་རྟེན་འདི་ཐམས་ཅད་དུ་བདག་ཅག་འགྲོ་སྟེ། ཡུལ་རྣམས་ལ་དད་ཆེ་བར་གྱུར་པ། འདོད་པའི་ཡོན་ཏན་ལྔ་ལ་དགའ་བའི་སྲེད་པས་འཁྲིད་པར་ གྱུར་པ་སྟེ། དེ་ལ་དེ་དག་ངོམས་པ་མེད་པར་གྱུར་ནས་འགྲོ་བ་དང ། སྤྱོད་པར་བྱེད་པའི་འགྲོས་ཐོགས་པ་མེད་པར་གྱུར་པ་ལ་འདི་ལྟ་སྟེ། ཆུ་ལ་ངང་པའི་རྒྱབ་ནས་ངང་པའི་རྒྱབ་དང ། ཀཱ་རཎ་ཌ་བའི་རྒྱབ་ནས་ཀཱ་རཎ་ཌ་བའི་རྒྱབ་དང ། བལ་ལཱི་ནིའི་རྒྱབ་ནས་བལ་ལཱི་ནིའི་རྒྱབ་དང ། པད་མའི་ 70-1-191a ནང་ནས་པད་མའི་ནང་དང ། རླབས་ནས་རླབས་གཞན་རྣམས་ལ་ཡང་ང་རྩེ་བར་བྱེད་དེ། ཇི་ལྟར་འདོད་པར་འདོད་པ་རྣམས་ལ་སྤྱོད་པ་ཐམས་ཅད་དུ་འབྱིང་བ་མེད་པར་འགྲོ་བ་ཐམས་ཅད་དུ་འགྱིང་བ་དང ། རྒོད་པ་དང་བཅས་པ་མཆོག་ཏུ་དགའ་བའི་ཡིད་ཀྱིས་བདག་རྒྱུའོ། །དེ་བཞིན་ དུ་ཡང་བདག་གལ་ཏེ། དགའ་བ་བརྒྱས་རྩེ་བའི་དབང་དུ་བྱས་ནས་བདག་ཉིད་རང་ཐང་གི་གཤོང་ན་ལེགས་པར་གནས་པར་གྱུར་པ་ལ་ལྷ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ནས་བདག་རྩེ་སྟེ། རི་ནས་རི། རི་བོའི་རྩེ་ནས་རི་བོའི་རྩེ། ཕུག་ནས་ཕུག་ཏུ། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ། རི་ཁྲོད་ནས་རི་ཁྲོད་དུའོ། །དེ་ཁོ་ན་བཞིན་དུ་ང་ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བས་རྣམ་པར་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་ལ་ཡང་ཁང་པ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བར་གྱུར་ནས་ལྷ་བརྒྱ་སྟོང་གིས་གང་བས་རོལ་མོའི་སྒྲ་དང ། གར་དང ། གླུ་དང ། དགོད་པ་དང ། འགྱིང་བ་དང ། ལྷན་ཅིག་ཏུ་ལྷའི་འཇིག་རྟེན་འདི་མ་ལུས་པར་རྩེ་བར་གྱུར་པས་མཐོང་སྟེ། ཡུལ་གྱི་ཆ་དཔེ་མེད་པར་གྱུར་པ་རིན་པོ་ཆེ་བདུན་དང་ལྡན་པ་དེའི་འོད་ཀྱིས་ཉེ་བར་མཛེས་པར་གྱུར་པའི་ཡུལ་གྱི་ཆ་དང ། དེ་བཞིན་དུ་རིའི་རྩེ་མོ་རྣམས་ལས་གཞན་དུ་ཡང་མཐོང་བ་པད་མ་བརྒྱ་སྟོང་ དུ་མ་སྐྱེས་པའི་ཀླུང་རྣམས་ཀྱིས་ལེགས་པར་རྣམ་པར་ཕྱེ་བའི་ཕྱོགས་ཀྱི་ཆ་དང ། དེ་ཁོ་ན་བཞིན་དུ་ངས་ཡང་མཐོང་བ་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ནས་ནམ་མཁའི་དཀྱིལ་ན་ལེགས་པར་གནས་པ། འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། ལྷའི་འཇིག་རྟེན་འདི་རྒྱ་ ཆེན་པོར་ཁང་བུ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བར་གྱུར་ནས་ཐམས་ཅད་ལ་ཀུན་ཏུ་ཐོགས་པ་མེད་པར་ང་འགྲོ་བར་བྱེད་དེ། ཆུ་དང་ཐང་དང ། དེ་བཞིན་དུ་ནམ་མཁའ་དང་གསུམ་ལ་ཡང་དེ་ལྟར་རྩེ་བར་གྱུར་པ་ན་འགའ་ཞིག་ན་བདག་གིས་རིང་བ་ནས་མཐོང་བར་གྱུར་པ་ལ་འོད་ཟེར་དེ་དག་ རྣམས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་འོད་ཟེར་དྲུག་གི་རང་བཞིན་གྱི་རིར་གྱུར་པ། ནམ་མཁའི་དཀྱིལ་བརྟོལ་བར་གྱུར་ནས་རབ་ཏུ་འབར་བར་བྱེད་དེ། དེ་ལས་ངའི་ངོ་མཚར་བ་འཕངས་པའི་ཡིད་མཉམ་པར་མ་བཞག་པར་གྱུར་པས་འདི་སྙམ་དུ་སེམས་པར་གྱུར་ཏེ། རྨད་དུ་བྱུང་ 70-1-191b བ་གཞན་འདི་དག་རྣམས་ཅི་ཞིག་མཐོང་བར་གྱུར་ན་ང་རང་ཁང་བུའི་ཕྲེང་བ་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པས་རིངས་པ་ཉིད་དུ་ནམ་མཁའ་ལས་གང་ནས་འོད་ཟེར་དྲུག་པོ་དེ་དག་མཐོང་བར་གྱུར་པ་དང་དེར་ཕྱིན་པར་འགྱུར་རོ། །ཕྱིན་པར་གྱུར་ནས་ཀྱང་འོད་དེ་དག་རྣམས་ཀྱི་དྲུང་དུ་ བདག་ཅག་ཁང་པ་ཐམས་ཅད་དང་བཅས་པ་རྣམས་ལྷན་ཅིག་ཏུ་ནམ་མཁའི་དབྱིངས་ལས་ལྟུང་བར་གྱུར་ནས་ས་གཞི་ལ་རབ་ཏུ་ལྟུང་ངོ ། །འོད་ཀྱང་ཉམས་པར་གྱུར་ནས་དེ་ལ་ང་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ཅི་ཞིག་ཡིན་པར་གྱུར་ན། ཅི་རང་ཉིད་ཀྱི་གཟི་བརྗིད་ཡིན་པར་འགྱུར་ རམ། གང་གིས་བདག་ཅག་ལྷའི་ཚོགས་རྣམས་ཐམས་ཅད་དང་བཅས་པ་ནམ་མཁའི་དཀྱིལ་ནས་ལྟུང་བར་གྱུར་ཅིང་འོད་ཀྱང་ཀུན་ནས་ཉམས་པར་བྱས་པར་གྱུར་ཏོ། །དེ་ལ་བདག་གིས་དེ་ལྟར་བསམས་པ་དང ། འདུལ་བར་གྱུར་པ་ཡང་རྣམ་པར་ཡངས་པ་ཞེས་བྱ་བའི་མིང་ཅན་གྱི་ ལྷ་ཤིན་ཏུ་སྔ་བ་ན་སྐྱེས་པར་གྱུར་པ་དེ་ལ་ཡང་དོན་འདི་དག་རྣམས་དྲིས་སོ། །དེས་བརྗོད་པར་གྱུར་པ་འདི་དག་ནི་ལྷའི་ཞལ་སྔ་ནས་ཀྱང་མ་ཡིན་ལ་འདི་དག་ནི་ཡུལ་གྱི་སྐྱོན་ཡང་མ་ཡིན་ཞིང་བར་ཆད་རྣམས་འབྱུང་བར་འགྱུར་བ་ཡང་མ་ཡིན་གྱི། གང་གིས་ཁྱོད་ལྷའི་ཚོགས་རྣམས་ཐམས་ ཅད་ཀྱིས་ཡོངས་སུ་བསྐོར་བ་རྣམས་ནམ་མཁའི་དཀྱིལ་ནས་ལྷུང་བར་གྱུར་པ་གང་ཡིན་པ་དེ་དག་གི་རྒྱུ་མཚན་རྣམས་ཉོན་མཛོད་དང ། གཞན་ཡང་སྔོན་ལྷ་རྣམས་ཀྱི་བདག་པོར་གྱུར་པ་གང་ཡིན་པ་དེ་དག་རྣམས་ཀྱང་གནས་འདིར་ཆུད་ཟོས་པར་གྱུར་ཏེ། ཤིན་ཏུ་ཡང་ནམ་མཁའི་དཀྱིལ་ ནས་ལྷུང་བར་གྱུར་ཏོ། །ཁྱོད་ཀྱང་ཐོས་པ་དང་མི་ལྡན་པའི་རྒྱུས་ཁྱོད་ཀྱིས་མི་ཤེས་པས་ཡུལ་ཕྱོགས་འདི་དག་ཏུ་འོད་ཟེར་དེ་དག་རྣམས་ལས་རྒྱལ་བར་མི་ནུས་པས་ལྷུང་བར་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་རྒྱུ་མཚན་དེ་དག་རྣམས་བདག་གིས་མངོན་པར་བརྗོད་པར་བྱའོ། །དེ་དག་རྣམས་ཀྱི་ རྒྱུ་གང་ཡིན་པ་དང་གནས་དེ་དག་ནི་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་གང་དག་ལྷ་རྣམས་ཀྱི་ཡང་ལྷར་གྱུར་པ་འཇིག་རྟེན་ཐམས་ཅད་ཀྱི་དེ་ཁོ་ན་རིག་པར་གྱུར་པ་དེ་དག་རྣམས་ཀྱིས་ཚོགས་པ་རྒྱུ་བ་ན། རྣམ་པར་རྒྱུ་བའི་ལྷ་རྣམས་ཀྱིས་འདིར་ལྷ་དང་མི་ 70-1-192a རྣམས་ལ་ཕན་པར་འགྱུར་བའི་མཆོད་རྟེན་དྲུག་མཛད་པ་ཡིན་ལ། མཆོད་རྟེན་དགེ་སྦྱོང་རྣམས་ཀྱིས་བསྒྲུབ་པར་མི་ནུས་པ་དེ་དག་རྣམས་ཀྱི་རིམ་པ་བསྒྲུབ་པ་དེ་དག་ནི་རྒྱུ་གང་གི་ཕྱིར་དེ་དག་རྣམས་ཀྱི་དྲུང་ན་ཆེས་ཁྱད་པར་དུ་འཕགས་པར་གྱུར་པ་གཞན་ནི་འགའ་ཞིག་ཀྱང་མེད་པའི་ ཕྱིར་ན། དེ་དག་རྣམས་ཀྱི་མཆོད་རྟེན་འདི་དག་རྣམས་ནི་འགོང་བར་བྱར་མི་ནུས་སོ། །རྒྱུ་འདིས་ན་ཁྱོད་ཀྱང་ལྷུང་བར་འགྱུར་བ་ཡིན་ཞེས་ང་ལ་རབ་ཏུ་རྣམ་པར་ཡངས་པ་དེས་བརྗོད་དོ། །དེ་ན་ཅི་ཞིག་ཀུན་ཏུ་གནས་པར་གྱུར་པ་ཡིན། དེས་ང་ལ་ཡང་བརྗོད་པ་དེ་དག་རྣམས་དང་མཚུངས་པར་གྱུར་ པའི་དཀའ་ཐུབ་ནི་འཁོར་བ་ན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་དག་རྣམས་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པར་གྱུར་པ་དེ་དག་གིས་འདོད་པ་རྣམས་ཀྱི་ཉེས་དམིགས་མངོན་པར་མཁྱེན་ཅིང ། འཁོར་བའི་སྡུག་བསྔལ་རྣམས་ཀྱང་མཁྱེན་པར་གྱུར་ནས་བསྐལ་པ་གྲངས་ མེད་པ་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་དཀའ་ཐུབ་སྤྱད་པས། ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ནི་ཤིན་ཏུ་མདོར་བསྡུས་པ་ཡིན་ནོ། །གལ་ཏེ་ཁྱེད་རྣམས་ཉན་པར་འདོད་ན་ཚོགས་པ་རྒྱུ་བ་ན་རྒྱུ་བའི་ས་ན་གནས་པའི་མཆོད་རྟེན་ དེ་དག་ལ་བལྟ་བར་གྱིས། དེ་ནས་རྣམ་པར་ཡངས་པ་དེའི་དྲུང་ནས་ཚིག་འདི་དག་རྣམས་ཐོས་པར་གྱུར་ནས་ང་ངོ་མཚར་བས་ཆད་ཆེ་བར་གྱུར་པ་ལ་མ་མཐོང་བ་དང ། ཟིལ་གྱིས་མནན་པར་ཡང་གྱུར་ནས་རྣམ་པར་ཡངས་པ་དེ་དང་ལྷན་ཅིག་ཏུ་དང ། ལྷ་གཞན་རྣམས་དང་ཡང་མཆོད་རྟེན་ དེ་དག་རྣམས་སུ་རབ་ཏུ་བརྒྱུས་པར་གྱུར་ཅིང་གང་གིས་བདག་ཅག་འཁོར་བ་ལས་སྒྲོལ་བའི་ཆོས་ཀྱང་ཐོས་སོ། །ཐབས་འདི་དག་རྣམས་ཀྱིས་མཆོད་རྟེན་འདི་མཐོང་བར་གྱུར་པ་དང ། གང་བཅོམ་ལྡན་འདས་དེ་དག་གིས་བསྟན་པའི་ལྷ་དང་མི་རྣམས་ལ་ཕན་པར་གྱུར་པ་འདི་དག་རྣམས་ཀྱང་ ཐོས་སོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་འཐབ་བྲལ་བའི་མངའ་བདག་དེའི་ཚིག་རྣམས་ཐོས་པར་གྱུར་ནས་གང་ཡང་ས་གཞན་དག་པ་རྣམས་ནི་དེ་དག་རྣམས་སུ་ལེགས་པར་ཉེ་བར་སོང་ངོ ། །མུ་སུ་ལུན་དྷ་ཡང་རང་གི་ས་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །མཆོད་རྟེན་རྟོགས་པ་རྫོགས་སོ།། ་་།། 70-1-192b གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་འཐབ་བྲལ་བ་རྣམས་ཀྱི་ལས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེས་འཐབ་བྲལ་བ་རྣམས་ཀྱི་ས་རབ་ཏུ་རྣམ་པར་འདྲེས་པའི་ཁོར་ཡུག་ན་རྒྱུ་བ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཡོད་པ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བར་གྱུར་ཏེ་དེར་ལས་ གང་དག་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་བ་ཇི་ལྟར་གང་དག་གིས་ཤེས་རབ་ཀྱིས་དགེ་བ་རྣམས་ལ་སྤྱོད་པ་དགེ་ཞིང་བདེ་ལེགས་སུ་གྱུར་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡང་སྤངས་པར་གྱུར་པ་རྣམས་ནི་སྔར་བཞིན་ཏེ། འདོད་པ་ལས་ ལོག་པར་གཡེམ་པ་ཡང་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤངས་པར་གྱུར་པ་ལ་འདི་ལྟ་སྟེ། ནགས་སུ་སོང་བར་གྱུར་པ་ན་ཡང་གང་གི་ཚེ་བྱ་རྣམས་འདོད་པ་གསལ་བར་བྱེད་པ་སྙན་པར་སྒྲོགས་པ་པོ་སྒྲ་སྙན་པ་དང་ལྡན་པ་རྣམས་མཐོང་བར་གྱུར་ལ། དེ་ཡང་མཆོག་ཏུ་འདོད་པ་སྐྱེད་པར་བྱེད་ པའི་ཚིག་རྣམས་འདོན་པར་བྱེད་པ་དང་ཕྱི་བཞིན་འབྲང་བར་ཡང་ངང་མོ་དག་རྣམ་པར་རྒྱུའོ། །རྣམ་པ་སྣ་ཚོགས་པའི་ཁ་དོག་གི་སྒྲོ་དང་ལྡན་པ་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་གྱུར་པའི་འདོད་པ་སྐྱེད་པར་བྱེད་པ་དེ་དག་རྣམས་ཀུན་ཏུ་མཐོང་བར་གྱུར་ནས་ཀྱང་ཡིད་ལ་སྒོམ་པར་མི་བྱེད་དོ། ། རྣམ་པར་རྟོག་པར་མི་བྱེད་དོ། །དེ་རྣམ་པ་དེ་སྲིད་དུ་ཚུལ་ཁྲིམས་རྣམ་པར་དག་པར་གྱུར་པ་ཡིན་ན། འདོད་པ་ལ་ལོག་པར་གཡེམ་པ་ཉིད་ཅིའི་ཕྱིར་ན་བྱེད་པར་འགྱུར། འདོད་པ་ལ་ལོག་པར་གཡེམ་པ་རྣམས་རྣམ་པར་སྤོང་བར་བྱེད་པ་པོ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ ལུས་ཞིག་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་རྣམ་པར་འདྲེས་པའི་ཁོར་ཡུག་ན་རྒྱུ་བའི་ས་འདིར་སྐྱེའོ། །དེར་སྐྱེས་པ་ཡང་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་ཆེས་སྟོབ་པར་གྱུར་པ་བདེ་བའི་ཆུ་བོ་རྒྱ་ཆེན་པོ་རྣམས་འཇུག་པར་གྱུར་པ་གང་ཡང་དགའ་བར་འགྱུར་བའི་གསེར་དང་རིན་ པོ་ཆེ་བཻ་ཌཱུརྱ་དང་དུང་དང་ཨིན་དྲ་ནཱི་ལ་དང ། པད་མ་དམར་པོའི་ལྗོན་ཤིང་གིས་ཉེ་བར་མཛེས་པ། འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་སྣ་ཚོགས་པས་ཀུན་ཏུ་གང་བར་གྱུར་པ་གང་གིས་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་འདི་སྟེན་པར་བྱེད་པ། ནགས་དམར་པོ་ཞེས་བྱ་བའི་ 70-1-193a ནགས་ཡིན་ཏེ་ནགས་གང་ལ་ལྷ་རྣམས་རབ་ཏུ་དགའ་བར་འགྱུར་བའོ། །དེའི་ཚེ་ལྗོན་ཤིང་དེ་དག་རྣམས་ཀྱི་འོད་ཀྱིས་སྣ་ཚོགས་པའི་ཁ་དོག་ཏུ་གྱུར་ཅིང་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱི་འོད་ཀྱིས་བརྒྱན་པ་དང་ཆ་བྱད་སྣ་ཚོགས་འཛིན་པར་ཡང་གྱུར་ནས་གང་གི་ཚེ་ནགས་དེ་ན་རབ་ ཏུ་དགའ་བར་འགྱུར་རོ། །ཤིང་དེ་དག་རྣམས་ཀྱི་འོད་དེ་དག་གིས་ཀྱང་ཉེ་འཁོར་དུ་རིན་པོ་ཆེ་མཆོག་རྣམས་དང་ལྡན་པར་འགྱུར་རོ། །ནགས་དེ་ཡང་པད་མ་རཱ་གའི་ནགས་དང་ཀར་ཀེ་ཏའི་ནགས་སུ་གྱུར་པ་ཁ་དོག་དང་རེག་བྱ་ཡང་བདེ་བར་གྱུར་པ་དང་ཁ་དོག་དེ་དག་དང་ལྡན་པའི་ཤིང་དེ་དག་རྣམས་ ལ་དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་པ་དང་མུ་ཏིག་གི་དྲ་བས་གཡོགས་པར་གྱུར་པ་ཤིང་དེ་དག་རྣམས་ལ་ཇི་ལྟར་འདོད་པའི་འབྲས་བུ་དང་ལྡན་པ་ཇི་ལྟར་འདོད་པའི་བཏུང་བ་འབབ་པ་ཇི་ལྟར་འདོད་པས་འགྲོ་བར་འགྱུར་རོ། །གང་ལ་ལྷ་དེ་དག་རྣམས་དགའ་བར་འགྱུར་བ་དེ་ལ་སེམས་བསྐྱེད་པ་དང་ ལྷན་ཅིག་ཉིད་དུ་ཤིང་དེ་དག་རྣམས་ཉིད་ལས་འབྱུང་བར་འགྱུར་ཏེ་སྣ་ཚོགས་པའི་རྔ་དང་རོལ་མོའི་སྒྲ་ཀུན་ཏུ་སྒྲོགས་པའི་ཡལ་ག་རྣམས་ལ་འགྲོའོ། །ཉེ་འཁོར་ཀུན་ཏུ་སྣང་བར་བྱེད་པའི་འདབ་མ་དང་ཡལ་ག་དང་ལོ་མ་དང་ཚིའུ་པ་རྣམས་ལ་ལྷའི་བུ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ནས་ དེ་དག་རྣམས་ནམ་མཁའ་ལ་ཉེ་བར་འཕགས་པའི་ཤིང་དེ་དག་རྣམས་ཉི་མ་མང་པོ་རྣམས་བཞིན་དུ་ནམ་མཁའ་ཐམས་ཅད་དེ་དག་གིས་རྣམ་པར་སྣང་བར་བྱེད་དོ། །གཞན་ཡང་མདོག་དམར་པོར་གྱུར་པའི་ཤིང་དེ་དག་རྣམས་ཉིད་ལས་བཞོན་པ་འབབ་པའི་ཆར་རྣམས་ཀྱིས་དེ་དག་ཆར་བཞིན་དུ་ནམ་ མཁའི་ཡུལ་མ་ལུས་པ་རྣམ་པར་མཛེས་པར་བྱེད་དོ། །དྲིལ་བུ་གཡེར་ཁའི་སྒྲ་སྒྲོགས་པ་དང་མཐོ་རིས་ཀྱི་བྱ་ཡང་རྒྱུ་ཞིང་སྒྲ་འདོན་པར་གྱུར་པ་རྣམས་དང་འཇོ་སྒེག་པའི་རྨ་བྱའི་སྒྲས་ཉེ་བར་བསྒོས་པ་རྣམས་ཀྱིས་ལེགས་པར་རྟོགས་པ་བཞིན་དུ་ནམ་མཁའ་མ་ལུས་པ་རྣམས་རྣམ་པར་མཛེས་པར་བྱེད་དོ། ། དེ་ནས་ལྷ་དེ་དག་རྣམས་ཤིང་དེ་དག་རྣམས་མངོན་དུ་བྱས་པ་ལ་ལེགས་པར་བརྟེན་པར་གྱུར་ནས་མངོན་དུ་ལེགས་པར་མཐོང་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཕན་ཚུན་དུ་གྲོགས་ཀྱི་བྱ་བ་དང་ལྡན་པ་རྒྱགས་པ་ལ་དོན་གཅིག་པར་གྱུར་པ་ཇི་ལྟར་ཕན་པར་འགྱུར་བའི་ལས་རྣམས་ལ་ལོངས་སྤྱོད་པར་བྱེད་དོ། ། 70-1-193b རྒྱགས་པར་གྱུར་པའི་བུ་མོ་བརྒྱ་སྟོང་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་གླུ་དང་རྔ་སྒྲ་དང་རོལ་ཆ་དང་ལྷན་ཅིག་རང་དབང་དུ་ལྷ་དེ་ནམ་མཁའི་དཀྱིལ་དུ་འཕགས་པར་གྱུར་པ་ན། དེ་དག་གི་སྔོན་ན་ལྗོན་ཤིང་དེ་དག་རྣམས་ལམ་སྟོན་པར་བྱེད་པ་པོ་བཞིན་དུ་འགྲོའོ། །དེ་ནས་ལྷ་དེ་དག་འདི་སྙམ་དུ་ སེམས་ཏེ་ལྗོན་ཤིང་དེ་དག་རྣམས་གང་ལ་ཡང་བདག་གིས་ཞོན་པར་ནི་མ་གྱུར་ཏོ། །སེམས་སྐྱེས་པར་གྱུར་པ་ཙམ་ཉིད་ན་ལྗོན་ཤིང་དེ་དག་རྣམས་ལྷ་རྣམས་ཞོན་པའི་དབང་དུ་བྱས་ནས་ལྗོན་ཤིང་དེ་དག་རྣམས་སྡོད་པར་གྱུར་ཏོ། །དེ་ནས་ལྷ་དེ་དག་རྣམས་ལྗོན་ཤིང་དེ་དག་རྣམས་ལ་ཞོན་པར་བྱེད་ དེ་ཁ་ཅིག་ནི་ཡལ་ག་ལ་ལེགས་པར་གནས་ནས་དགའ་བར་བྱེད་ལ་དེ་དག་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ཇི་ལྟར་ཡང་ཡལ་ག་དག་ལ་པད་མའི་རྫིང་བུ་རབ་ཏུ་འབྱུང་བར་འགྱུར་ཏེ་དེ་དག་སེམས་བསྐྱེད་པ་ཙམ་ཉིད་ན་པད་མའི་རྫིང་བུ་དེ་དག་རྣམས་རབ་ཏུ་འབྱུང་བར་འགྱུར་བ་གང་ལ་ལྷ་དེ་དག་རྣམས་ འཁོར་དང་བཅས་པ་དགའ་བར་བྱེད་པ་དང ། ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །དེ་དག་འཁོར་དང་བཅས་པ་རྣམས་རྒྱགས་ཤིང་འདོད་པ་ཐམས་ཅད་ཀྱིས་བདེ་བར་གྱུར་པས་ལྷ་རྣམས་ཡལ་ག་ལ་སོང་བར་གྱུར་ནས་ནགས་དམར་པོ་ན་དགའ་བར་བྱེད་དོ། །གཞན་ཡང་ལྷ་གང་དག་གང་ལ་གསེབ་ ཏུ་སོང་བར་གྱུར་པ་དེ་དག་རྣམས་ཀྱང་གང་དེ་ཁོ་ན་བཞིན་དུ་འགྱུར་རོ། །དེ་བཞིན་དུ་ཁ་དོག་དེ་དག་རྣམས་ལ་ཁྱིམ་དང་ཁང་བུ་འདི་དག་རབ་ཏུ་འབྱུང་བར་གྱུར་ཏོ། །དེས་སེམས་བསྐྱེད་པ་ཙམ་ཉིད་ན་ཁྱིམ་དེ་དག་ཏུ་རབ་ཏུ་འབྱུང་བ་ཡིན་ཏེ། རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱིས་རྣམ་པར་བཀྲ་བར་གྱུར་ པའི་ཆ་ཤས་དགའ་བར་གྱུར་པའི་དྲིལ་བུ་གཡེར་ཁའི་དྲ་བ་རྣམས་ཀྱིས་ཁྱབ་པར་གྱུར་པ་ཐམས་ཅད་དུ་ཡང་པད་མའི་རྫིང་བུ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་མུ་ཏིག་གི་དྲ་བ་རྣམས་ཀྱིས་མཐོངས་གཡོགས་པ་དང་ནོར་བུའི་རྟ་བབས་ཀྱིས་མཛེས་པར་གྱུར་པ་དང་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱི་སྒོས་ མཛེས་པར་གྱུར་པ་རྣམ་པ་སྣ་ཚོགས་པའི་སྟན་རྣམས་དང་ནང་གི་ཉེ་བར་མཁོ་བ་རྣམས་ཀྱིས་ཉེ་བར་མཛེས་པ་ཁྱིམ་གྱི་ནང་རྣམས་སེམས་གང་ལ་མཛེས་པར་གྱུར་པ་དེ་དག་ལ་ལྷ་རྣམས་དགའ་བར་བྱེད་པ་དང་ཕན་ཚུན་གཡོག་ཏུ་གྱུར་པས་རྩེ་བར་ཡང་བྱེད་དོ། །ཕན་ཚུན་གནོན་པ་མེད་པར་གྱུར་ 70-1-194a པའི་ལྷ་རྣམས་ཉིད་ཀྱི་ཕུང་པོ་འདི་ལྟ་སྟེ་མཛའ་བོའི་ཕུང་པོ་ཉིད་དང་ཁ་ཅིག་ནི་འགའ་ཞིག་དང་མཛའ་བོ་མ་ཡིན་པར་འགྱུར་བའམ་བར་མར་གནས་པར་ཡང་འགྱུར་ཏེ་ལས་རྣམས་ཤིན་ཏུ་ངན་པའི་ཕྱིར་རོ། །ལས་ཆེན་པོ་དག་རྣམས་ཉིད་ནི་མེད་ལ་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ འདི་ལྟ་སྟེ་ཐམས་ཅད་དུ་མང་བ་ཞེས་བྱ་བའོ། །དེས་ན་ལྷ་དེ་དག་ཕན་ཚུན་དུ་ཕུང་པོ་གཅིག་ཏུ་གྱུར་ནས་དགའ་བར་བྱེད་དོ། །ནགས་དམར་པོར་རྩེ་བར་བྱེད་དོ། །ལས་རྣམས་མཆོག་ཏུ་རྒྱ་ཆེ་བར་གྱུར་པས་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པ་ལ་རང་ཇི་ལྟར་འདོད་པར་སྤྱོད་པར་ གྱུར་པས་ནམ་མཁའི་དཀྱིལ་ཀུན་ཏུ་རྒྱུ་བར་གྱུར་པ་ན་བདེ་བ་མང་པོ་དུ་མ་རྣམས་ཀྱིས་མངོན་པར་དགའ་བ་དེ་དེ་ལྟར་གནོད་པ་མེད་པར་གྱུར་པ་རྣམས་ནམ་མཁའི་དཀྱིལ་དུ་མངོན་པར་དགའོ། །གཞན་ཡང་གང་དག་ནམ་མཁའི་ཕྱོགས་གཅིག་ཏུ་འོངས་པར་གྱུར་ནས་དེ་ཉིད་གཞན་ཡང་གནས་ དེ་ཉིད་དུ་འགྲོ་བར་བྱེད་དོ། །འབབ་ཆུ་དང་རྫིང་བུ་སྣ་ཚོགས་པས་ཀུན་ཏུ་གང་བར་གྱུར་པ་དེ་བཞིན་དུ་ལྷའི་བུ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །གཞན་ཡང་དགའ་བར་གྱུར་པས་གང་ན་ལྗོན་ཤིང་ཀུན་ཏུ་འཁྲིལ་བའི་ནགས་ཞེས་བྱ་བ་གཞན་དེར་འགྲོ་བར་བྱེད་དོ། ། ནགས་དེའི་ཉེ་འཁོར་རྣམས་ན་ཡང་མཆོག་ཏུ་དགའ་བར་གྱུར་པའི་འབབ་ཆུ་དང་འོ་མའི་ཀླུང་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པའོ། །འོ་མ་དེའི་ཡང་གཟི་བརྗིད་འདི་དག་ཡིན་ཏེ་ལྷ་གང་དག་གལ་ཏེ་ཤེད་ན་འཐུང་བར་བྱེད་པ་རྣམས་དེས་སྐྱེ་བ་གཞན་དྲན་པར་འགྱུར་རོ། །ཇི་ལྟར་བདག་ ཅག་སྐྱེ་བ་གཞན་དག་ནས་ཤི་འཕོས་པར་གྱུར་ནས་དེ་དག་ལ་སྐྱེས་པ་དེ་གལ་ཏེ་བག་མེད་པར་གྱུར་ན་དེའི་སྡུག་བསྔལ་རྣམས་ཀྱང་རྣམ་པ་དུ་མར་འགྱུར་བར་ཐོས་ནས་མཆོག་ཏུ་ཉམ་ང་བར་འགྱུར་རོ། །དེ་ཉམ་ང་བར་གྱུར་པས་བག་མེད་པ་རྣམས་སྤངས་ནས་ཆོས་རྗེས་སུ་སྒྲུབ་པར་བྱེད་པར་ འགྱུར་ཏེ། འོ་མ་དེ་མྱངས་པར་གྱུར་པ་ལས་དེ་དག་རྣམས་ཀྱི་དོན་ཆེན་པོ་རྫོགས་པར་འགྱུར་རོ། །དེ་ལྟར་འོ་མ་དེ་འཐུངས་ནས་སླར་ཡང་ཤིང་འཁྲིལ་བའི་ནགས་དེ་ཉིད་དུ་འཇུག་པ་ན། འབབ་ཆུ་དང་རྫིང་བུ་རྣམས་དང་པད་མའི་ཚལ་སྣ་ཚོགས་པ་ཕུན་སུམ་ཚོགས་པ་བྱའི་ཚོགས་དུ་ 70-1-194b མས་ཡོངས་སུ་གང་བར་གྱུར་པ་མེ་ཏོག་གི་ཚོགས་རྣམས་དང་ཉེ་བར་དུད་པར་གྱུར་པའི་འཁྲིལ་ཤིང་རྣམས་ཀྱིས་ཉེ་བར་མཛེས་པ་དང་བུང་བ་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དང་ལྡན་པའི་མཆོག་ཏུ་གྱུར་པ་རྣམས་ཕན་ཚུན་གྱི་ཉེ་འཁོར་རྣམས་ཀྱི་པད་མའི་ཚལ་ནས་པད་མའི་ཚལ་ རྣམས་དང་ལྗོན་ཤིང་གི་གསེབ་ནས་ལྗོན་ཤིང་གི་གསེབ་ཏུའོ། །ཤིང་དེ་དག་རྣམས་ཀྱང་མཆོག་ཏུ་ལེགས་པར་གནས་པར་གྱུར་པ་བཻ་ཌཱུརྱའི་སྡོང་བུ་དང་པད་མ་རཱ་གའི་འདབ་མ་འབྲས་བུ་རྣམས་ནི་གསེར་བཙོ་མའི་མདོག་དང་མཚུངས་པར་གྱུར་པ་རོ་རྣམས་ཀྱང་རྣམ་པ་དེ་སྲིད་ཉིད་དེ། འབྲས་ བུ་དེ་དག་རྣམས་ཀྱི་རོ་གང་ཡིན་པ་ནི་གཞན་རྣམས་ཐམས་ཅད་ཀྱི་དྲུང་ན་བླ་ལྷག་པར་གྱུར་པ་ཡིན་ནོ། །རོ་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཡང་འབྲས་བུ་དེ་དག་རྣམས་ལས་འབྱུང་ངོ ། །རོ་གང་དང་གང་ལ་སྲེད་པར་གྱུར་པ་དེ་ཁོ་ན་བཞིན་དུ་རྣམ་པ་དེ་སྲིད་དུ་རོ་རྣམས་འབྱུང་བར་འགྱུར་ རོ། །དེ་དག་མིད་པར་གྱུར་ནས་སླར་ཡང་དེ་དག་གར་བྱེད་པར་འགྱུར་ཞིང་མཆོག་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་གང་ན་བཏུང་བའི་ནགས་ཞེས་བྱ་བའི་ནགས་ཡོད་པ་དེར་ཀུན་ཏུ་འགྲོའོ། །ཤིང་དེ་དག་རྣམས་ལས་ཀྱང་ལྷ་རྫས་ཀྱི་རོ་དང་དྲི་དང་ཁ་དོག་མཆོག་ཏུ་ཡིད་དུ་འོང་ཞིང་མཆོག་ཏུ་ ཕན་པར་གྱུར་པ་གང་བརྗོད་པ་དེ་དག་རྣམས་ཡོངས་སུ་འབབ་པར་འགྱུར་རོ། །ཇི་ལྟར་གང་དང་གང་དག་ལ་ཆར་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་བཞིན་དུ་བཏུང་བ་རྣམས་ཀྱང་ཤིང་དེ་དག་ལས་འབབ་པའོ། །བཏུང་བ་དེ་འཐུངས་ནས་སླར་ཡང་རབ་ཏུ་རངས་པ་ཆེས་ལྷག་པའི་ཡིད་དུ་འགྱུར་ རོ། །བཏུང་བས་རྒྱགས་པར་གྱུར་པའི་ལྷ་སྣ་ཚོགས་པའི་རྔ་དང་གླུ་སྒྲོགས་པར་བྱེད་དོ། །གཞན་དང་རང་ཉིད་ཀྱི་འོད་དང་ལྡན་པ་འོད་དང་ཆ་བྱད་དུ་མ་རྣམས་ཀྱིས་རྒྱན་དུ་བྱས་པའི་ལུས་ཅན་གྱི་ལྷའི་བུ་མོ་དག་གིས་ཕྱི་བཞིན་འབྲང་བར་གྱུར་པས་འགྱིང་བར་གྱུར་པ་རྒོད་པར་གྱུར་ན་གང་ན་པད་མ་རཱ་ གའི་ནགས་ཡོད་པ་དེར་ཉེ་བར་ལེགས་པར་འགྲོའོ། །ནགས་དེ་ཡང་དཔག་ཚད་ལྔ་བརྒྱར་རིན་པོ་ཆེ་ལྔ་རྣམ་པ་སྣ་ཚོགས་པའི་རང་བཞིན་གྱི་དྲི་ཤིན་ཏུ་ཞིམ་པའི་པད་མས་ཉེ་བར་མཛེས་པར་གྱུར་པ། པད་མ་གླང་པོའི་ནགས་དེ་ན་ཡང་གཞན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི་པད་མ་དེ་དག་ 70-1-195a རྣམས་ལས་མ་གཏོགས་པ་སྟེ། དེ་དག་རྣམས་ལས་སེམས་ཤིན་ཏུ་ཆགས་པར་གྱུར་པའི་གླང་པོ་རྣམས་པད་མ་ཟ་བར་གྱུར་པ་དེ་དག་རྣམས་ཕན་ཚུན་དུ་ལྷན་ཅིག་པར་གླང་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཤིན་ཏུ་གཙང་བར་གྱུར་པའི་ཆུ་ཡང་ཡོན་ཏན་བདུན་དང་ལྡན་པ་ཆུ་ བལ་གྱི་སྐྱོན་རྣམས་དང་བྲལ་བ་འདམ་གྱི་དྲི་མའི་སྐྱོན་རྣམས་དང་བྲལ་བ་རིང་བ་དང་ཐུང་བའི་སྐྱོན་དང་བྲལ་བ་དང་བར་གྱུར་པ་རེག་ན་བདེ་བར་གྱུར་པ་སྟེ། ཇི་ལྟ་ཇི་ལྟར་གླང་པོ་དེ་དག་འདོད་པར་འགྱུར་བའི་རྣམ་པ་དེ་ལྟ་བུའི་རེག་བྱར་འགྱུར་རོ། །གང་ལ་གླང་པོ་དེ་དག་རྣམས་དེ་ལྟར་གླང་མོ་རྣམས་དང་ བཅས་ནས་རྩེ་བར་གྱུར་པ་ན་ལྷ་དང་ལྷ་མོ་འདི་དག་རྣམས་ཀྱིས་ཀྱང་རྩེ་བར་གྱུར་པའི་གླང་པོ་དེ་དག་རྣམས་མངོན་པར་མཐོང་ནས། གཞན་ཡང་ལྷ་དེ་དག་རྣམས་རབ་ཏུ་རངས་པར་གྱུར་པའི་ཡིད་ཀྱིས་ནམ་མཁའི་དཀྱིལ་ནས་གླང་པོའི་ནགས་དང་པད་མའི་ནགས་སུ་ཡང་འཇུག་གོ། །པད་མའི་ ནགས་དེ་ན་ལྷ་མོ་རྣམས་ཀྱི་གླུ་དང་ལྷ་དེ་དག་རྣམས་ཀྱི་གླུའི་སྒྲ་རྣམས་ཀྱང་རྣམ་པར་སུན་འདོན་པར་བྱེད་པའི་སྒྲ་གླང་པོ་རྣམས་ཀྱི་ནང་ན་ངར་བ་སྐྱིམ་པ་ལྟ་བུར་གྱུར་པའི་སྒྲས་ཉེ་འཁོར་ཀུན་ན་ལེགས་པར་གླུ་ལེན་པ་བཞིན་དུ་མཐོ་རིས་ཉེ་བར་རྙེད་པར་གྱུར་ཏེ་རི་དང་ཚང་ཚིང་རྣམས་ལས་ཀྱང་སྒྲ་བརྙན་གྱི་སྒྲ་ རྣམས་ཐོས་པར་གྱུར་ནས་ལྷ་དེ་དག་རྣམས་ཡང་གང་ན་པད་མའི་ནགས་ཞེས་བྱ་བའི་ནགས་ཡོད་པ་དེར་རྣམ་པ་སྣ་ཚོགས་པའི་རྒྱན་གྱིས་རྣམ་པར་འབར་བར་གྱུར་པའི་ལུས་ཅན་རྣམས་ཉེ་བར་འགྲོའོ། །ལྷའི་བུ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དེ་ཁོ་ན་བཞིན་དུ་ལྷ་དེ་དག་རྣམས་པད་མའི་ ནགས་སུ་རྩེ་བར་བྱེད་དོ། །གང་ཡང་གཞན་དག་རིའི་ཕུག་དང་ཚང་ཚིང་རྣམས་ལས་འོངས་པ་དེ་དག་རྣམས་ཐམས་ཅད་ཕན་ཚུན་དུ་མངོན་པར་མཐོང་ནས་རབ་ཏུ་ཆེས་དགའ་བར་གྱུར་པའི་ཡིད་ཅན་རྣམས་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བར་གྱུར་པ་རྣམས་གླང་པོ་ཆེ་རྣམས་དང་ལྷན་ཅིག་ཏུ་ཆུའི་ རྩེད་མོ་ལ་དགའ་བར་བྱེད་དོ། །དེ་དག་དེ་ལྟར་དགའ་བར་གྱུར་པའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རྣམས་དུས་ཡུན་རིང་བར་དགའ་བར་བྱེད་ཅིང་གར་ཡང་བྱེད་དོ། །དེ་ལྟར་དེ་དག་རྣམས་བག་མེད་པར་གྱུར་པས་ལེགས་པར་བྱས་པའི་ལས་རྣམས་ཟད་པར་འགྱུར་རོ། །ཤིན་ཏུ་མྱུར་བར་ 70-1-195b ཚེ་ཟད་པར་འགྱུར་བའི་ཇི་ལྟར་གང་དག་ལྷའམ་ལྷ་མོ་ཡང་ལེགས་པར་བྱས་པའི་བསོད་ནམས་རྣམས་ཤིན་ཏུ་ཟད་པར་གྱུར་པ་ན་དེ་གང་གི་ཚེ་པད་མ་ལ་ཞོན་པར་བྱེད་པ་དེའི་ཚེ་པད་མའི་ནགས་དེ་ཆུར་འབྱིང་བར་འགྱུར་ཞིང་འཆགས་པར་ཡང་འགྱུར་བ་ནི་ལྷའམ་ལྷ་མོའི་ཡང་བསོད་ནམས་ཟད་པའི་མཚན་ ཉིད་གཅིག་ཡིན་ནོ། །ལྷའམ་ལྷ་མོ་ཡང་རུང་སྟེ་བསོད་ནམས་ཟད་པར་གྱུར་པའི་མཚན་ཉིད་གཞན་ཡང་ཡོད་དེ་གང་ཞེ་ན་དེ་འདི་ལྟ་སྟེ་ལྷའམ་ལྷ་མོ་ཡང་རུང་སྟེ་གར་བྱེད་པར་གྱུར་པའི་གླང་པོ་ཆེའི་རྒྱབ་དུ་ཞོན་པར་བྱེད་དོ། །དེའི་ཚེ་གླང་པོ་ཆེ་དེས་མི་བཟོད་པར་འགྱུར་བའམ་དེའི་རྒྱབ་ལས་ལྷུང་བར་ འགྱུར་རོ། །དེ་དག་ནི་ལྷ་དང་ལྷ་མོ་རྣམས་ཀྱང་རུང་སྟེ་བསོད་ནམས་ཟད་པའི་རྒྱུ་མཚན་གཞན་ཡིན་ནོ། །དེ་ལ་ལྷའམ་ལྷ་མོ་ཡང་རུང་སྟེ་བསོད་ནམས་ཟད་པའི་རྒྱུ་མཚན་བྱུང་བར་གྱུར་ཅིང་དེ་ལ་བག་མེད་པའི་རྒྱུ་མཚན་གྱི་སྐྱོན་གྱིས་གླང་པོ་ཆེ་རྣམས་འགྲོར་མི་ཉན་ནོ། །དེ་ནས་གང་དག་ཆེས་བག་་ མེད་པར་གྱུར་པ་དེ་དག་གི་ཡིད་ལྷ་རྣམས་ཀྱིས་རྟོགས་པར་གྱུར་ཏོ། །རྒྱུ་མཚན་དག་བྱུང་བར་གྱུར་ནས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རབ་ཏུ་ལྟུང་ངོ་དུས་ཆེན་པོ། །གསོན་པ་ཡང་ནི་རྣམ་པར་བཟློག་།ཚེ་ཡང་ཡོངས་སུ་ཟད་བྱེད་པ། །བྱིས་པས་ཀྱང་ནི་གོ་བ་མིན། ། ཡུལ་རྣམས་སྒྲུབ་པར་བྱེད་པ་ལ། །ཡིད་ནི་ངོམས་པ་མ་ཡིན་ནོ། །དབང་པོ་ཡང་མིན་ཡུལ་གྱིས་ནི། །འདོད་པའི་འཆིང་བས་གདུང་བར་བྱེད། །དབང་པོ་ལྔ་ནི་རྣམ་པར་ཆགས། །སེམས་ནི་འདོད་པས་ཉེ་བར་བཅོམ། །བསོད་ནམས་ཡོངས་སུ་ཟད་པ་ཡང ། །བྱིས་པས་གོ་བ་མ་ཡིན་ནོ། ། མི་རྣམས་གསོན་པའི་བར་ཆད་ནི། །རྗེས་ཚོལ་དུས་འཁོར་ཆེན་པོ་ཡིན། །དེ་འདིར་རིངས་པར་འགྲོ་བ་ཡང ། །བྱིས་པས་ཤེས་པ་མ་ཡིན་ནོ། །ལས་ཀྱི་རླུང་གིས་ཀུན་སྦྱར་བའི། །འཆི་བའི་མེ་འདི་སྡུག་བསྔལ་ཡིན། །གང་གི་ཚེ་ན་སྲོག་འཇོམས་འདིས། །བྱིས་པས་ཤིན་ཏུ་མ་གོ་འོ། །འཁོར་ བ་ན་ནི་སེམས་ལྡན་པའི། །འཆི་བདག་ཕྱིར་རྒོལ་འཇིགས་སོགས་ཀྱིས། །ཞགས་པ་གལ་ཏེ་རྣམ་གྲོལ་བར། །བྱེད་ནུས་སྐྱེས་བུ་འགའ་ཡོད་མིན། །ཇི་ལྟར་འཆི་བ་མ་བྱུང་ཞིང ། །ཇི་སྲིད་ཚེ་ནི་མ་བཅོམ་པ། །བག་མེད་པ་ནི་སྤང་བྱས་ཏེ། །དེ་སྲིད་བདེ་ལེགས་མཆོག་ཏུ་སོམས། །མི་རྣམས་ 70-1-196a གསོན་པའི་བར་གཅོད་པའི། །འཆི་བདག་དབྱུག་པ་འདི་རིང་མིན། །གསོན་པ་རྣམས་ནི་འཇོམས་བྱེད་པའི། །ཤུགས་ཀྱིས་ཉེ་བར་གནས་པར་འགྱུར། །དམུས་ལོང་ཡུལ་གྱིས་ཀུན་རྨོངས་པ། །ཆོས་ཀྱི་མར་མེ་རྣམ་པར་སྤངས། །འཆི་བདག་སྒྲོན་ཆེན་མི་ བཟད་པ། །འདི་མིན་པར་ནི་ཅི་ཞིག་ཤེས། །གང་འདི་འཇིགས་གང་འཆི་བདག་དུས། །ཤེས་པར་གྱིས་དང་བྱིས་པ་གང ། །ཡུལ་རྣམས་ཀྱིས་ནི་དྲངས་པའི་ཡིད། །མུན་པ་མ་ལུས་པ་ཡིས་རྨོངས། །འཆི་འཕོས་འཆི་འཕོས་སྐྱེ་བ་ཡིན། །འགྲོ་གཞན་འགྲོ་གཞན་ཡང་དང་ཡང ། ། རང་གི་ལས་འབྲས་སྤྱོད་པ་ལ། །སྲོག་ཆགས་རྣམས་ནི་རྨོངས་པས་བཅོམ། །རབ་གཏུམ་ཤིན་ཏུ་མྱུར་བ་ཡིས། །འཇིག་རྟེན་ཐམས་ཅད་འཕྲོག་པ་པོ། །འཆི་བདག་དུས་ནི་ཐམས་ཅད་ཀྱི། །ཅི་ཕྱིར་སྐྱེ་བོས་རྣམ་མི་ཕྱེད། །ཐ་ན་སྙིང་གིས་ཡང་མི་རིག་།སེམས་ཀྱིས་ཀྱང་ནི་ མི་དམིགས་སོ། །ཀུན་རྨོངས་གང་ཞིག་མི་རྟོགས་པ། །འཆི་བདག་དུས་ཀྱི་འཇིགས་པས་འཇིགས། །འཆི་འཕོའི་ཡང་ནི་རྒྱུ་མཚན་རྣམས། །ཇི་ལྟ་བར་ནི་རྟག་ཏུ་མཐོང ། །ངེས་པར་དུས་ནི་ཐུང་ངུ་ན། །ལྷ་ཡི་གནས་ནས་ལྟུང་བར་འགྱུར། །དེ་ལྟར་འཆི་འཕོའི་རྒྱུ་མཚན་མངོན་པར་ལེགས་ པར་མཐོང་བར་གྱུར་ནས་ལྷ་དེ། འཆི་འཕོ་བར་འགྱུར་བའི་རྒྱུ་མཚན་གྱི་དེ་ཉིད་རིག་པའི་ཡིད་ཡོངས་སུ་སྐྱོ་བ་སྐྱེ་བར་འགྱུར་རོ། །འདིས་ཅུང་ཟད་རྟོགས་པར་འགྱུར་བ་ཡང་མ་ཡིན་ཏེ་ཇི་ལྟར་བག་མེད་པར་རྒྱུ་བ་དེ་དག་ཡུལ་ལྔ་ལ་རྣམ་པར་ཆགས་པ་རྣམས་ཀྱིས་མི་རྟོགས་སོ། །ཇི་ལྟར་འཆི་འཕོ་བར་ འགྱུར་བ་ལ་དད་པ་དང་ལྡན་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བག་མེད་པར་གྱུར་པས་ཡུལ་ལ་ཀུན་ཏུ་རྨོངས་པའི་ཕྱིར་དང་བྱིས་པའི་བློ་ཡིན་པའི་ཡང་ཕྱིར་ཏེ། དེ་ལ་དེ་དག་རྣམས་ཀྱི་སོ་སོར་བསྟན་པར་བྱ་བ་ཡང་བརྗོད་པར་མི་བྱའོ། །དེ་ནས་ལྷ་དང་བཅས་པ་རྣམས་ཉིད་ཀྱི་ ཡིད་ཀྱིས་ཤེས་པར་གྱུར་ནས་ཅང་མི་སྨྲ་བར་གྱུར་ཏེ་པད་མའི་ནགས་དེ་ལས་ཕྱིར་སོང་ངོ ། །ལྷ་དེ་དག་རྣམས་ཀྱང་སླར་ཡང་ཡུལ་གྱི་བདེ་བ་རྣམས་ལ་དོན་དམ་དུ་བྱེད་པས་ཕན་ཚུན་དུ་རྩེ་བར་བྱེད་དེ་ཤིན་ཏུ་མི་བཟད་པ་མཆོག་ཏུ་འཇིགས་པར་གྱུར་པ་དེ་དག་རྣམས་འབྱུང་བར་འགྱུར་བ་ནི་དེ་རྨོངས་པའི་ཕྱིར་དེ་ 70-1-196b དག་གིས་རྟོགས་པ་ཡང་མ་ཡིན་ནོ། །ཇི་སྲིད་དུས་རྩིས་སུ་ཡང་འཇུག་པར་མི་བྱེད་པར་རྨོངས་པར་འགྱུར་བའི་ཕྱིར་ན་འཇིགས་པ་དང་བྲལ་བས་དགའ་བར་བྱ་སྟེ་གླང་པོའི་གསེབ་ཏུ་སོང་ཞིང ། པད་མའི་གསེབ་ཏུ་སོང་ནས་ལྷན་ཅིག་སྤྱོད་པ་དང་བཅས་པ་དེ་དག་རྣམས་ཡུལ་དེར་དུས་ཤིན་ཏུ་རིང་ བར་རྩེ་བར་གྱུར་ནས། གཞན་ཡང་དེ་ཁོ་ན་བཞིན་དུ་གཟུགས་བརྒྱ་སྟོང་དུ་མར་གྱུར་པའི་ལྷ་རྫས་ཀྱི་གསེར་དང་བཻ་ཌཱུརྱ་དང་དངུལ་དང་པད་མ་རཱ་ག་རྣམས་ཀྱིས་ལེགས་པར་རྣམ་པར་ཕྱེ་བར་གྱུར་པའི་ཆ་ཤས་དང་རྟ་བབས་དང་ཁང་བུ་བརྒྱ་སྟོང་དང་ལྡན་པ་པད་མ་བརྒྱ་སྟོང་གིས་ཉེ་བར་མཛེས་པར་གྱུར་པ་རྒྱ་ཆེན་ པོའི་བདེ་བ་ལ་དམིགས་པ་ཞེས་བྱ་བའི་རི་ལ་འཛེག་པར་བྱེད་དོ། །རི་ཐམས་ཅད་ལ་ཡང་མཆོག་ཏུ་བདེ་བར་གྱུར་པའི་འདོད་པ་རྣམས་ཀྱིས་ཡོངས་སུ་ཁྱབ་པ་རྔ་སྐད་བརྒྱ་སྟོང་སྒྲོགས་པར་གྱུར་པས་གང་བ་སྒྲ་འབྱིན་པའི་སྒྲ་རྣམ་པ་སྣ་ཚོགས་པ་རྣམས་དང་ཁ་དོག་སྣ་ཚོགས་པ་ནང་དུ་རེག་བྱར་སྣང་བའི་ གཟི་བརྗིད་ཅན་དེ་དག་གིས་སྟོད་གཡོགས་བགོས་པར་གྱུར་པ་ཕན་ཚུན་དུ་བཞིན་ཀུན་ཏུ་ལྟ་བ་ལ་ཆེད་ཆེར་བྱེད་པ། སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲིའི་ཡུལ་རྣམས་ཇི་ལྟར་འདོད་པ་བཞིན་དུ་རྗེས་སུ་མྱོང་བར་བྱེད་པ་རང་འདོད་པ་བཞིན་དུ་འགྲོ་ཞིང་རབ་ཏུ་རྣམ་པར་རྒྱུ་བར་བྱེད་་ པ་དཔེ་མེད་པའི་བདེ་བ་རྣམས་ལ་ཆགས་པར་གྱུར་པས། སྤྱོད་པ་རྣམ་པ་སྣ་ཚོགས་པའི་ཆུ་ཀླུང་དང་འབབ་ཆུ་དང་ནགས་དང་ཉེ་བའི་ནགས་རྣམས་ལེགས་པར་ལྟ་བར་བྱེད་ཅིང་བདེ་བར་རྒྱུ་བར་གྱུར་པས། ཁ་ཅིག་ནི་ཁྱོགས་ཀྱི་ཁང་བུའི་སྟེང་ནས་ཁ་ཅིག་ནི་ངང་པའི་རྒྱབ་ནས་ཁ་ཅིག་ནི་པད་མའི་ནང་ དུ་ཞུགས་ནས། ཁ་ཅིག་ལ་ནི་སྙིང་པོ་ལ་ལྷ་མོ་རྣམས་དང་བཅས་པར་ཉེ་བར་གནས་ནས་ཁ་ཅིག་ནི་མེ་ཏོག་ཀུ་བ་ལ་ཡའི་འདབ་མའི་ནང་དུ་སོང་ནས་དགའ་བར་བྱེད་ཅིང ། གླུ་ལེན་པར་གྱུར་པས་མཆོག་ཏུ་སྙན་པའི་རྔ་སྐད་ཡན་ལག་ལྔ་པ་རྣམས་ཀྱིས་བདེ་བར་ཉེ་བར་གནས་པར་གྱུར་ནས། ནམ་མཁའི་ དཀྱིལ་ནས་འགྲོ་བར་བྱེད་པ་ལ་སྤྲོ་བར་གྱུར་པས་བདེ་བའི་ཕྲེང་བ་རྒྱ་ཆེ་བའི་རི་ལ་འཁོད་པར་གྱུར་ནས་ལྷ་ཡུལ་གྱི་གནས་དཔེ་མེད་པར་གྱུར་པ་རྣམས་ལ་ལྟ་བར་བྱེད་དེ། མཆོག་ཏུ་དགའ་བར་གྱུར་པའི་མཐོ་རིས་ཀྱི་ཡུལ་ཕྱོགས་ཁ་ཅིག་ནི་རབ་ཏུ་འབར་བ་བཞིན་དུ་འབར་བར་གྱུར་པའི་གསེར་མདོག་ 70-1-197a བཟང་པོ་དང་པད་མ་རཱ་གའི་འོད་དང་ལྡན་པ་དང ། ཡུལ་ཕྱོགས་ཁ་ཅིག་ནི་ཨུད་པ་ལའི་འདབ་མ་སྔོན་པོའི་གྲིབ་མ་སྣུམ་པར་གྱུར་པས་མཆོག་ཏུ་ཡིད་འཕྲོག་པར་བྱེད་པའི་བཻ་ཌཱུརྱ་དང་ཨིན་དྲ་ནཱི་ལའི་འོད་དང་ལྡན་པའོ། །ཡུལ་ཕྱོགས་ཁ་ཅིག་ནི་དངུལ་དང་ཤེལ་དང་མུ་ཏིག་གི་འོད་ རྣམས་ཀྱི་མཆོག་ཏུ་ཡིད་དུ་འོང་བར་གྱུར་པ་དེ་དག་རྣམས་ཀྱི་འོད་ཀྱིས་ཤིན་ཏུ་དགའ་བར་སྣང་ངོ ། །རིའི་རྩེ་མོ་རྣམས་དང་འབབ་ཆུ་རྣམས་ཀྱང་མཆོག་ཏུ་གཙང་བ་དྲི་མ་མེད་པར་གྱུར་པ་ཡོན་ཏན་བདུན་དང་ལྡན་པའི་ཆུ་གྲང་མོ་རྣམས་རབ་ཏུ་འབབ་པར་བྱེད་པ་རྣམས་མཐོང་ངོ ། །རྩེ་མོ་མུ་ཏིག་གི་་ ཚོགས་དང་ལྡན་པར་གྱུར་པ་དེ་བཞིན་དུ་ཡུལ་ཕྱོགས་དེ་ན་མངོན་པར་མཐོང་ངོ ། །གཞན་ཡང་ལྷ་དེ་དག་རྣམས་ནམ་མཁའི་དཀྱིལ་ན་ལེགས་པར་གནས་པར་གྱུར་ནས་ལྟ་བར་བྱེད་པ་རིན་པོ་ཆེ་བདུན་གྱིས་ཉེ་བར་མཛེས་པར་གྱུར་པའི་པད་མའི་རྫིང་བུ་རྣམས་ལ་བུང་བའི་ཚོགས་རྣམས་ཀྱིས་ཉེ་བར་བསྒྲགས་ པར་གྱུར་པས་མཆོག་ཏུ་ཡིད་འཕྲོག་པར་གྱུར་པའི་སྒྲ་རབ་ཏུ་སྙན་པ་རྣམས་ཀྱི་གླུས་པད་མའི་ཚལ་དུ་ཉེ་བར་མཚོན་པར་བྱེད་དོ། །ཕལ་ཆེ་བར་གྱུར་པ་ཉིད་དུ་ཡང་ཉེ་བར་རྟོགས་པར་བྱེད་དོ། །ཤིན་ཏུ་རིང་བར་མ་ཡིན་པ་ནས་བུང་བའི་ཚོགས་དེ་དག་མངོན་པར་མཐོང་ནས། ཡུལ་ཕྱོགས་གཞན་ དང་གཞན་རྣམས་ཉེ་བར་མཚོན་པར་བྱེད་དེ་ནགས་དང་ཉེ་བའི་ནགས་དང་རྫིང་བུ་དག་དགའ་བར་གྱུར་པ་རྣམས་སོ། །དེ་ལ་དགའ་བར་གྱུར་པའི་ནགས་དེ་དག་རྣམས་ལ་རི་དགས་དང་བྱ་རྣམས་རབ་ཏུ་མཐོང་བར་གྱུར་པ། འདི་ལྟ་སྟེ་རྣམ་པ་སྣ་ཚོགས་པའི་རི་དགས་ཀྱི་ཚོགས་ཁ་དོག་མི་འདྲ་བར་གྱུར་པ་ རྣམས་ལ་འགའ་ཞིག་ནི་བལྟ་བར་སྡུག་པའི་དངུལ་གྱི་རང་བཞིན་གྱི་མདོག་ལ་རཝ་དང་མིག་དག་ནི་པད་མ་རཱ་གའོ། །ཁ་ཅིག་ནི་རྒྱབ་གསེར་གྱི་རང་བཞིན་དུ་གྱུར་པ་ལ་ལོགས་དག་དངུལ་ལོ། །རིན་པོ་ཆེ་ཀར་ཀེ་ཏ་ནའི་རཝ་ཤེལ་གྱི་རང་བཞིན་གྱི་མདོག་གི་རྨིག་པའོ། །ཁ་ཅིག་གི་གཞུང་ནི་ལེགས་པར་རྣམ་ པར་ཕྱེ་བར་གྱུར་པ་ལ་འཕོངས་དང་རྐང་པ་རྣམས་རིན་པོ་ཆེ་བདུན་གྱི་རང་བཞིན་མདོག་དང་ལྡན་པའི་ཚོགས་རྣམས་འཇིགས་པ་དང་ངལ་དུབ་དང་བྲལ་བར་གྱུར་པའི་ཚོགས་རྣམས་ལ་དགའ་བར་བྱེད་དོ། །ཁ་ཅིག་ནི་མཆོག་ཏུ་མཛེས་པར་གྱུར་པ་མཆོག་གི་ལས་བྱས་པའི་ཟས་རྣམས་ཉེ་བར་ཟ་བར་བྱེད་དོ། ། 70-1-197b གཞན་ཡང་ནགས་དང་ཉེ་བའི་ནགས་དེ་དག་རྣམས་མཐོང་བར་གྱུར་ནས་ཕྱོགས་ཀྱི་ཆ་གཞན་དག་རྣམས་སུ་ངེས་པར་སོང་ནས་རབ་ཏུ་མཐོང་བར་གྱུར་པ་ལས་རྨ་བྱ་དང་ཤང་ཤང་ཏེའུ་དང་ནི་ཏཱ་ན་ཏཱ་དང་པྲ་བན་ཛུ་ཌ་དང་མིག་དྲུག་དང་ལྡན་པ་དང ། རབ་ཏུ་གཡོ་བའི་སྒྲོས་ཅན་གྱི་བྱའི་ཚོགས་ཀྱིས་ཁྱབ་པ་ རྣམས་རིའི་རྩེ་མོ་དང་ནགས་དང་ཉེ་བའི་ནགས་དག་ལས་འབྱུང་བ་རྣམས་མཐོང་སྟེ། བདེ་བའི་ཕྲེང་བ་རྒྱ་ཆེན་པོའི་རི་ལ་ལྷ་རྣམས་འཁོད་པར་གྱུར་པ་ནི་རི་དེའི་ཡང་ངོས་གཅིག་ནི་ཨིན་དྲ་ནཱི་ལའི་རང་བཞིན་ཡིན་ནོ། །གཞན་ནི་པད་མ་རཱ་གའི་རང་བཞིན་ནོ། །གཞན་ནི་གསེར་བཙོ་མའི་རང་བཞིན་ནོ། ། གཞན་ནི་དངུལ་གྱི་རང་བཞིན་ནོ། །དེ་ལ་གཅིག་ཨིན་དྲ་ནཱི་ལའི་རང་བཞིན་གང་ཡིན་པའི་ལོགས་དེ་ལ་གྲིབ་མ་མེད་པ་ཞེས་བྱ་བའི་ནགས་ཡོད་དོ། །ནགས་དེ་ན་བཻ་ཌཱུརྱའི་རང་བཞིན་གྱི་ལྗོན་ཤིང་རྣམས་ལ་མེ་ཏོག་གི་ཚན་ཀ་རྣམས་ཀྱིས་རྒུ་བར་གྱུར་ནས་རྣམ་པར་བཀོད་པས་ཉེ་བར་མཛེས་པར་གྱུར་པ་ འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་རྣམས་བརྒྱ་སྟོང་དང་ལྡན་པ། པད་མའི་ནགས་བརྒྱ་ཕྲག་རྣམས་ན་ནགས་ན་རྒྱུ་བའི་བྱ་རྣམས་ཀྱི་གསུང་བསལ་གྱི་སྒྲ་རྣམས་རྣམ་པ་སྣ་ཚོགས་པ་དང་ཉེ་འཁོར་ཀུན་ནས་མངོན་པར་དགའ་བ་རྣམས་ན་ལྷ་དག་གིས་གང་བར་གྱུར་པས་ཉེ་བར་མཛེས་པ་ཡིན་ནོ། །ལོགས་ གཉིས་པ་ནི་པད་མ་རཱ་གའི་རང་བཞིན་ཏེ། ལོགས་དེ་ལ་ནི་རབ་ཏུ་དགོད་པར་གྱུར་པའི་ནགས་ཡོད་དོ། །ནགས་གང་དག་གི་དངུལ་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ལ་གསེར་བཙོ་མའི་རང་བཞིན་གྱི་འཁྲི་ཤིང་གིས་ཡོངས་སུ་འཁྲིལ་བ་བུང་བ་བརྒྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་བྱའི་ཚོགས་ ཀུན་ནས་སྒྲོགས་པར་བྱེད་པ། མེ་ཏོག་དྲི་ཞིམ་པ་རྣམས་རླུང་འཇམ་པོས་སྐྱོད་པར་བྱེད་པ་ཉེ་འཁོར་རྣམས་ན་ཡང་འབབ་ཆུ་བརྒྱ་སྟོང་དང་ལྡན་པར་གྱུར་པ་དེ་ནི་རབ་ཏུ་དགོད་པར་གྱུར་པའི་ནགས་ཡིན་ནོ། །གང་ཡང་དེའི་ངོས་གསུམ་པ་གསེར་བཙོ་མའི་རང་བཞིན་ཡིན་པ་ལ། ལོགས་དེ་ན་ ཡང་བདེ་བ་རིན་པོ་ཆེའི་རང་བཞིན་ཞེས་བྱ་བའི་ནགས་ཡོད་དེ། ཤེལ་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱིས་མཛེས་པར་གྱུར་པ་འཁྲི་ཤིང་གི་དྲ་བས་ཀུན་ནས་སྦྲེལ་བ་ཉེ་འཁོར་ཀུན་ནས་གསེར་འབར་བའི་འཁྲི་ཤིང་གིས་ཡོངས་སུ་གང་བ། བྱ་བརྒྱ་སྟོང་གིས་དེ་ན་རྩེ་བར་གྱུར་ཅིང་སྒྲ་ 70-1-198a སྒྲོགས་པར་གྱུར་པ་འབབ་ཆུ་དང་ཆུ་ཀླུང་དང་པད་མའི་ནགས་རྣམས་ཀྱིས་ཉེ་བར་མཛེས་པ། ཉེ་འཁོར་ན་ཡང་རབ་ཏུ་དགའ་བའི་ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་གང་བས་རབ་ཏུ་གླུ་ལེན་པར་གྱུར་པ་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པའོ། ། ལོགས་བཞི་པ་ནི་དངུལ་གྱི་རང་བཞིན་ཡིན་ཏེ། དེ་ལ་ནི་པད་མ་རཱ་གའི་མདོག་གི་ལྗོན་ཤིང་རྣམས་ལ་ཨིན་དྲ་ནཱི་ལའི་ཁ་དོག་གི་འཁྲི་ཤིང་གིས་ཉེ་བར་མཛེས་པར་གྱུར་པ། སྐད་དབྱངས་སྣ་ཚོགས་པ་གདང་ཞིང་སྙན་པའི་སྒྲ་ཡིས་ཀུན་ཏུ་སྒྲོགས་པའི་རིགས་རྣམས་ཀྱིས་ངེས་པར་སྒྲོགས་པར་གྱུར་པའི་ ནགས་རྣམས་ན། ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་པད་མའི་ནགས་བརྒྱ་སྟོང་གིས་མཛེས་པར་བྱས་པ་རྣམ་པར་རྟོག་པ་དུ་མ་རྣམས་དང་བལྟ་ན་དགའ་བ་དུ་མ་དེ་དག་རྣམས་དང་ལྗོན་ཤིང་དེ་དག་དང་ཆུ་ཀླུང་དེ་དག་དང་འཁྲི་ཤིང་དེ་དག་དང ། མཚོ་དང་རི་དགས་དང་བྱའི་ཚོགས་དེ་དག་རྣམས་དང་དྲི་དང་ དབྱིབས་སྣ་ཚོགས་པར་གྱུར་པའི་མེ་ཏོག་དེ་དག་རྣམས་ཀྱིས་བདེ་བའི་ཕྲེང་བ་རྒྱ་ཆེན་པོར་གྱུར་པའི་རིའི་ཉེ་འཁོར་རྣམས་ན་རབ་ཏུ་འབར་བར་གྱུར་པས་གསལ་བར་སྣང་ངོ ། །དེ་ལྟར་ལྷ་དེ་དག་རྣམས་ནམ་མཁའི་དཀྱིལ་ན་ཀུན་ཏུ་གནས་པར་གྱུར་ཅིང་བདེ་བའི་ཕྲེང་བ་རྒྱ་ཆེན་པོའི་རི་ལ་གནས་ པར་གྱུར་ནས་ལྟ་བར་བྱེད་དོ། །ཉེ་འཁོར་རྣམས་ཐམས་ཅད་ལས་ཀྱང་ཀུན་ཏུ་རྟོགས་པ་ཤིན་ཏུ་ལྷག་པར་གྱུར་པའི་རྣམ་པར་བཀྲ་བ་རྣམས་ཀུན་ཏུ་གསལ་བར་བྱེད་དོ། །མིག་རྒྱུ་བ་སྒྱུར་བ་དང་ལྡན་པས་ལྷ་དེ་དག་རྣམས་དེ་ལྟར་ངེས་པར་རྟོག་པར་བྱེད་དོ། །ཉེ་འཁོར་ཀུན་ཏུ་ཡང་དེ་ཁོ་ན་བཞིན་ དུ་མངོན་པར་འཁོར་བར་གྱུར་ཅིང་རིའི་མཆོག་དེ་ལ་གནས་པར་བྱེད་དེ་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་རྣམས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་ཉེ་བར་བསྒྲགས་པར་གྱུར་པས། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་ལྡན་པ་ནི་ལེགས་པར་བྱས་པ་རྣམས་བསྟེན་ཅིང་བསྒོམས་ལ་ ལན་མང་དུ་བྱས་པ། འདོད་པ་སྡུག་པ་ཡིད་དུ་འོང་བའི་ཚུལ་ཁྲིམས་འཕགས་པའི་སྐྱེ་བོ་རྣམས་ཀྱིས་བསྟེན་པའི་རྣམ་པར་སྨིན་པའི་འབྲས་བུ་རྣམས་ཉེ་བར་ལོངས་སྤྱོད་པར་གྱུར་པས་རི་བདེ་བའི་ཕྲེང་བ་དེ་ལ་འཁོད་པར་བྱེད་དོ། །དེ་དག་རྣམས་འཁོད་པར་གྱུར་པ་དང་དེ་ནི་བདེན་པ་ལ་འཇུག་པ་ 70-1-198b ཞེས་བྱ་བའི་བྱ་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ལེགས་པར་བྱས་འབྲས་ཚོར་བར་བཅས། །མྱུར་བར་འགྲོ་ཞིང་རབ་ཏུ་འགྲོ། །ཡུལ་རྣམས་ཀྱིས་ནི་རབ་བཅོམ་པའི། །ཀུན་ཏུ་རྨོངས་པས་གོ་བའང་ཡིན། །དུས་གང་ཉིད་ནི་ལྟུང་གྱུར་པ། །དེ་ཉིད་འཆི་བའི་ མཐའ་ཡིན་ནོ། །བདེ་ལ་རྨོངས་པའི་རྒྱགས་པ་ཡིས། །ལྷ་རྣམས་ཀྱིས་ནི་དེ་མི་གོ། །གསོན་པར་མྱུར་བར་འགྲོ་བ་ཡང ། །རྣམ་པར་རྨོངས་པས་མི་གོའོ། །ལེགས་བྱས་རྣམས་ནི་མཐོང་བའང་ཡིན། །སྲེད་པ་རྣམ་པར་འཇོམས་པའང་མིན། །སྲིད་ནས་སྲིད་པར་ལུས་ཅན་ གྱི། །སྲེད་པ་ཕྱི་བཞིན་འབྲང་བ་ཡིན། །སེམས་ཅན་རྣམ་པར་རྨོངས་པ་ཡིས། །དགེ་དང་མི་དགེ་དེ་མི་རིག་།དགེ་བའི་འབྲས་ཉིད་ཡིད་འོང་བ། །གང་གིས་སྔོན་དུ་ཉེར་ལོངས་སྤྱོད། །མི་དགེ་བ་ཡང་དེ་བཞིན་མཐོང ། །མི་དགེ་ལོག་པར་ལྟུང་བར་སྐྱེ། །དགེ་དང་མི་ དགེ་རབ་ཏུ་བྲལ། །གང་གིས་འདུ་འཛིའི་སྐྱོན་རྣམས་སྤངས། །རྒ་ཤི་སྤངས་པར་གྱུར་པ་དེ། །དེ་ནི་ནགས་ཀྱི་མཆོག་ཏུ་སོང ། །དེ་ནི་རྣམ་གྲོལ་བདེ་བར་འགྲོ། །འདོད་ལས་བདེ་བ་སྲིད་མ་ཡིན། །ལྷ་གང་དེ་བཞིན་གཞན་ཡང་རུང ། །ལས་ཟད་པས་ནི་གྲོལ་བར་འགྱུར། ། མི་རྟག་འགྱུར་བར་དེ་དག་ཀྱང ། །རྟག་པ་མཛེས་པར་འགྱུར་བ་ཡིན། །སྲེད་པ་མངོན་ཞེན་ལས་སྐྱེས་བདེ། །ལོག་པར་ལྟུང་མཐས་དམད་པ་ཡིན། །དེ་ལྟར་བདེན་པར་སྨྲ་བར་བྱེད་པའི་བྱ་དེ་དག་གིས་འཁོད་པར་གྱུར་པའི་ལྷ་དེ་དག་རྣམས་ལ་རྗོད་པར་བྱེད་དོ། །དེ་དག་གི་དྲུང་ནས་ ཐོས་པར་གྱུར་ནས་ཀྱང་ལྷ་གང་དག་ཤིན་ཏུ་བག་མེད་པས་རྒྱུ་བ་མ་ཡིན་པ་དེ་དག་རྣམས་ཀྱིས་ནི་ཐོས་པར་འགྱུར་རོ། །གང་ཡང་བག་མེད་པར་རྒྱུ་བ་དེ་དག་རྣམས་ནི་བག་མེད་པའི་སྐྱོན་གྱིས་ཐོས་པར་མི་འགྱུར་བ་ཉིད་དོ། །ལྷ་དེ་དག་རྣམས་ཀྱི་ཡིད་ཡུལ་གྱིས་ཉེ་བར་འཕྲོགས་ པར་གྱུར་པའི་ཕྱིར་ནི་ཕན་པར་གྱུར་པ་དང་དེ་ཁོ་ན་ཉིད་དུ་གྱུར་པའི་བྱ་རྣམས་ཀྱིས་བརྗོད་པ་དེ་དག་རྣམས་ཐམས་ཅད་ལ་བརྩི་བགྲང་དུ་མི་བྱེད་པར་སླར་ཡང་དེ་ཁོ་ན་བཞིན་དུ་ཆེས་རབ་ཏུ་དགའ་བར་གྱུར་པས། གང་ན་རིའི་མཆོག་དེའི་རྩེ་མོ་མཐོ་བ་ཡོད་པ་དེས་མཐོང་བ་ལ་ལེགས་པར་བརྟེན་ 70-1-199a ནས་ཁང་བུའི་ཕྲེང་བ་ལ་ཞོན་ཏེ་སྔ་མ་བཞིན་ནོ། །རི་དེའི་རྩེ་མོ་ལ་ཡང་ཀུན་ནས་མཐོང་ན་དགའ་བ་ཞེས་བྱ་བའི་རི་ཡོད་དེ། གང་གི་ཕྱིར་སྟོང་ཕྲག་དུ་མའི་རི་འདི་དག་ཐམས་ཅད་ཀྱི་ནང་ན་ཉེ་འཁོར་ཀུན་ལས་ཀྱང་ཆེས་མཐོ་བ་ནི་རིའི་རྩེ་མོ་དེ་ཡིན་པར་འདོད་དེ་ཀུན་ལས་ལེགས་ པར་མཐོང་ངོ ། །ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པའི་ལྷ་རྣམས་ཀྱིས་སྣ་ཚོགས་པའི་གླུ་དང་རོལ་མོའི་སྒྲ་དང་གར་དང་བཅས་པ་དེ་ལ་འཁོད་པར་གྱུར་ཏོ། །ལྷ་དང་ལྷ་མོའི་ཚོགས་རྣམས་རི་དེའི་རྩེ་མོ་ལ་འཁོད་པས་ཀྱང་མཐོང་བར་གྱུར་པ་རྣམས་ལ་ལེགས་པར་བྱས་པའི་ལས་ དུ་མ་རྣམས་ཀྱིས་སྤྲུལ་པར་གྱུར་པ་ཆེ་ཞིང་ཁ་དོག་དུ་མ་དང་ལྡན་པའི་མཚོ་གསལ་བར་སྣང་བ་ཞེས་བྱ་བའི་མཚོ་དེ་གསལ་བར་གྱུར་པས་མཆོག་ཏུ་དགའ་བར་གྱུར་པ། རབ་ཏུ་དང་བར་གྱུར་ཅིང་གཙང་བའི་ཆུ་ན་གསེར་གྱི་ཉ་རྣམས་ཀྱིས་གང་བར་གྱུར་པ་རླབས་ཀྱི་འགྲམ་ན་མཆོག་ཏུ་ ཡིད་འཕྲོག་པའི་ངང་པ་དང ། ཀཱ་རཎ་ཌ་བ་དང་ངང་ངུར་གྱི་ཚོགས་ཀྱིས་ཀུན་ཏུ་གང་བ་བྱའི་སྐད་རྣམ་པ་སྣ་ཚོགས་པ་རྣམས་ཐོས་པར་བྲེལ་བའི་སྒྲ་སྙན་པས་གང་བ་པད་མ་དང་ཨུད་པ་ལ་དང་ཀུ་མུ་ད་དང་ནི་ན་ད་དང་པད་མ་དམར་པོའི་མེ་ཏོག་གི་དབྱིབས་ལེགས་པ་རྣམས་ལ་རྣམ་པ་སྣ་ཚོགས་ པའི་བུང་བའི་ཚོགས་རྣམས་ཀྱིས་སྦེར་བར་བྱེད་པའི་སྒྲ་ཡིད་འཕྲོག་པར་གྱུར་པ་རྣམས་དང་མན་དཱ་ར་བའི་ཤིང་གིས་ཡོངས་སུ་ཁྱབ་པ་གསེར་དང་ནོར་བུའི་སྟེགས་བུ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་སྟེ། རྣམ་པ་དེ་ལྟར་གྱུར་པའི་རབ་ཏུ་དང་བའི་ཆུ་མཆོག་ཏུ་དགའ་བར་གྱུར་པ་དེ་ དག་ན་མཚོའི་དབུ་བ་ཞེས་བྱ་བའི་པད་མ་འདབ་མ་སྟོང་ཕྲག་བརྒྱ་དང་ལྡན་པ་འདབ་མ་དེ་དག་རྣམས་ཀྱང་ཁ་དོག་དུ་མ་སྟེ། ཁ་ཅིག་ནི་ཨིན་དྲ་ནཱི་ལ་དང་མཚུངས་པའི་ཁ་དོག་གོ། །ཁ་ཅིག་ནི་ཤེལ་དང་མཚུངས་པའི་ཁ་དོག་གོ། །ཁ་ཅིག་ནི་གསེར་གྱི་རང་བཞིན་ནོ། །ཁ་ཅིག་ནི་ དངུལ་གྱི་རང་བཞིན་ནོ། །ཁ་ཅིག་ནི་མུ་སཱ་རའི་རང་བཞིན་ནོ། །ཁ་ཅིག་ནི་ཀར་ཀེ་ཏ་ནའི་རང་བཞིན་ནོ། །ཁ་ཅིག་ནི་རྡོ་རྗེའི་རང་བཞིན་ནོ། །འདབ་མ་དེ་དག་རྣམས་ནི་མཆོག་གི་དྲི་དང་ཡང་ལྡན་ནོ། །མདོག་དུ་མར་གྱུར་པའི་འདབ་མ་དེ་དག་རྣམས་ཀྱི་དབུས་ཀྱི་སྙིང་པོ་ནི་ 70-1-199b ཉི་མ་དམར་པོ་དང་མཚུངས་པའི་ཁ་དོག་དུ་རྣམ་པར་སྣང་ངོ ། །དེ་ཡང་རྣམ་པ་སྣ་ཚོགས་པ་ཉིད་ཀྱིས་རྣམ་པ་སྣ་ཚོགས་པའི་ཁ་དོག་གིས་སྙིང་པོའི་གོང་བུ་ལ་ཁྱབ་པའོ། །འདི་ལྟ་སྟེ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་སྐྱ་བོ་དང་ནག་པོ་དང་སྐྱ་རེངས་ཀྱི་མདོག་རྣམས་ སོ། །ཟེའུ་འབྲུའི་དབུས་ཀྱི་སྙིང་པོ་ལ་ནི་ཡིད་དུ་འོང་བར་གྱུར་པའི་དྲི་རྣམས་ཀྱིས་ལེགས་པར་གང་བ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ནམ་མཁའི་དཀྱིལ་དུ་མངོན་པར་འཕགས་ནས་མཚོ་གསལ་བར་དེར་འཇུག་གོ། །ཞུགས་ནས་ཀྱང་དེ་དག་རྣམས་ལས་ཁ་ཅིག་ནི་གསེར་ གྱི་སྟེང་དུ་སྡོད་དོ། །ཁ་ཅིག་ནི་པད་མ་ལ་འདུག་པར་གྱུར་ནས་ལྷ་མོ་དང་བཅས་པས་ཡོངས་སུ་བསྐོར་ནས་རྩེ་བར་བྱེད་དོ། །ཁ་ཅིག་ནི་ཨུད་པལ་ལ་ལྷག་པར་གནས་ཏེ་ལྷ་མོའི་ཚོགས་རྣམས་དང་བཅས་པས་རྩེ་བར་བྱེད་དོ། །ཁ་ཅིག་ནི་ཨུད་པལ་ལ་གནས་པར་གྱུར་ནས་ ཆུ་དེ་ཉིད་ཀྱི་ནང་དུ་རྩེ་བར་བྱེད་དོ། །ཁ་ཅིག་ནི་ངང་པའི་རྒྱབ་ཏུ་ཞོན་ནས་ཆུའི་རླབས་རྣམས་ལ་རྩེ་བར་བྱེད་དོ། །ཁ་ཅིག་ནི་ཐང་ལ་གནས་པའི་ཕུག་མཆོག་རྣམས་སུ་སོང་ནས་རྗེས་སུ་སྤྱོད་པ་དང་བཅས་པ་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པ་རྣམས་ལ་གླུ་དང་རྒོད་པ་དང་འགྱིང་ བར་གྱུར་པས་ཁང་བུ་རྣམས་སུ་དགའ་བར་བྱེད་དོ། །ཁ་ཅིག་ནི་ཡུལ་ཕྱོགས་གཞན་དུ་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ར་རོ་བའི་སྐྱོན་དང་བྲལ་བའི་བཏུང་བ་ཕལ་པོ་ཆེ་རྣམས་འཐུང་བར་བྱེད་དེ། རྒྱགས་པའི་ཡོན་ཏན་རྣམས་རབ་ཏུ་ཉེ་བར་གནས་པའི་མདོག་དང་ རོ་དང་རེག་བྱ་ཕུན་སུམ་ཚོགས་པའོ། །ཁ་ཅིག་ནི་ནོར་བུའི་རང་བཞིན་གྱི་སྣོད་རྣམས་སུ་འཐུང་བར་བྱེད་པ་ལ་འདི་ལྟ་སྟེ། ཨིན་དྲ་ནཱི་ལ་དང ། དངུལ་དང ། གསེར་དང ། བཻ་ཌཱུརྱ་དང ། པད་མ་རཱ་ག་དང ། ཤེལ་གྱི་རང་བཞིན་རྣམས་སུའོ། །ཁ་ཅིག་ནི་ཡང་འཁོར་ གཞན་རྣམས་ཀྱིས་ཡོངས་སུ་བསྐོར་ནས་པད་མའི་འདབ་མར་གསེར་གྱི་རང་བཞིན་གྱི་རྩི་འཐུང་ངོ ། །ཁ་ཅིག་ནི་ཨུད་པ་ལ་ཁ་ཟུམ་པར་གྱུར་པ་རྣམས་ཕན་ཚུན་དུ་ལེགས་པར་བརྟེན་ནས་འདབ་མ་མ་རྡོལ་བ་རྣམས་སུ་རྩི་འཐུང་སྟེ། གླུ་ལེན་པར་གྱུར་ཅིང་རོལ་མོའི་སྒྲ་རྣམས་ 70-1-200a ཀྱིས་ཀྱང་རབ་ཏུ་དགའ་བའི་ཡིད་ཅན་ནོ། །ཁ་ཅིག་ནི་ཡང་གཞན་དག་དང་བདུད་རྩིའི་རང་བཞིན་གྱི་ཟས་རྣམས་མིད་པར་བྱེད་དེ། དེ་རང་གི་སྐྱེ་བོའི་ཚོགས་དང་བཅས་པས་མདོག་དང་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ལའོ། །ཁ་ཅིག་ནི་གཞན་ན་རྔ་སྐད་ཡན་ལག་ ལྔ་དང་ལྡན་པས་ལྷན་ཅིག་རྗེས་སུ་འགྲོགས་པར་གྱུར་པའི་ལྷ་མོའི་ཚོགས་དང་བཅས་པས་དགའ་བར་བྱེད་པ་དང ། རྩེ་བར་ཡང་བྱེད་གླུ་ཡང་ལེན་པར་བྱེད་ཅིང་གར་ཡང་བྱེད་དེ་གསལ་བར་བྱེད་པའི་མཚོ་དེ་ཡོངས་སུ་བསྐོར་ནས་སོ། །ཁ་ཅིག་ནི་མཚོ་དེ་ཉིད་ལ་ལྷན་ཅིག་སྤྱོད་པ་རྣམས་དང་ བཅས་ནས་ཆུའི་རྩེད་མོ་བྱེད་དོ། །ཆུ་དེ་ལ་ཡང་ཇི་ལྟར་འདོད་པ་རྣམས་འབྱུང་ངོ ། །གང་དག་ལྷ་རྣམས་འདོད་པར་གྱུར་ན། ཇི་ལྟ་བར་ཆུ་འདི་དེ་ལྟར་མདོག་དང་རོ་དང་དྲི་དང་རེག་བྱ་དང་ལྡན་པར་འགྱུར་རོ། །ཇི་ལྟར་འདོད་པ་བཞིན་དུ་བསིལ་བ་དང་དྲོ་བའི་རེག་བྱ་དེའི་སེམས་བསྐྱེད་པ་ དང་དུས་གཅིག་ཉིད་དུ་ཆུ་དེ་རྣམ་པ་དེ་ལྟ་བུ་ཉིད་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་ནི་ལས་ཀྱི་རང་བཞིན་གྱིས་ཡིན་ཏེ། ལེགས་པར་བྱས་པ་རྣམས་ཀྱང་རུང་སྟེ་ལས་རྣམས་ཀྱིས་མི་བྱེད་པ་ནི་མེད་པས་དེ་དག་རྣམས་ཀྱང་དེ་ལྟར་འགྱུར་རོ། །གཞན་ཡང་ཇི་ལྟར་ཆུ་འདི་མྱོས་བྱེད་ཉིད་དུ་ གྱུར་པར་བདག་ཅག་རྣམས་ཀྱིས་མཐོང་ན་རུང་ངོ ། །དེ་དག་གི་སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་མདོག་དང་རོ་དང་རེག་བྱ་དང་དྲི་དང་ལྡན་པར་འགྱུར་ཏེ་མྱོས་པར་བྱེད་པའི་སྐྱོན་དང་བྲལ་བ་དང་ཡིད་ཤིན་ཏུ་རབ་ཏུ་དགའ་བ་དང་བདེ་བ་ཡང་རྒྱ་ཆེན་པོ་བྱེད་པར་འགྱུར་རོ། །གཞན་ཡང་ ལེགས་པར་བྱས་པའི་ལས་རྣམས་ཀྱིས་ལྷ་རྣམས་རབ་ཏུ་དགའ་བར་བྱེད་པར་འགྱུར་རོ། །རང་ལེགས་པར་བྱས་པའི་ལས་ཀྱིས་རྣམ་པར་སྤྲུལ་པ་ལ་དེ་ལྟར་ལྷ་དགའ་བ་དང་རྩེ་བར་ཡང་བྱེད་དོ། །ལེགས་པར་བྱས་པ་དེ་དག་རྣམས་ཐམས་ཅད་ཀྱང་ལེགས་པར་བྱས་པའི་ལས་ལ་ ལོངས་སྤྱོད་པར་བྱེད་ཀྱི་མ་བྱས་པ་ནི་ཉེ་བར་ལོངས་སྤྱོད་པར་མི་བྱེད་དོ། །ལེགས་པར་བྱས་པའི་ལས་རྣམས་ལ་ནི་རྣམ་པར་ཆུད་ཟ་བ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར། ལས་ཀྱི་འཁྲུལ་འཁོར་ཕུང་པོ་ཁམས། །སྦྱིན་པ་མི་འགྲན་ཁམས་གསུམ་འདི། །མ་ལུས་ཐམས་ 70-1-200b ཅད་འཐུང་བར་བྱེད། །འོན་ཀྱང་འཇིག་རྟེན་གྱིས་མ་རིག་།ལྷ་དེ་དེ་བཞིན་འདོད་ཡོན་ལྔའི། །ཀུན་ཏུ་བདེ་བར་འབྱུང་བར་འགྱུར། །བདེ་བར་གནས་པ་རྣམས་མཐོང་བར་གྱུར་ནས་བྱ་དེ་ཁོ་ན་ཉིད་བརྗོད་པས་སླར་ཉིད་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། མར་ནག་འཇུག་པ་ རབ་འཇིག་པས། །ཇི་ལྟར་མར་མེ་རྟག་འཇིག་པ། །དེ་བཞིན་ལས་ཟད་དབང་གིས་ནི། །ལྷ་ཡི་གནས་ནས་ལོག་པར་ལྟུང ། །རྩིག་པ་ཞིག་པའི་དབང་གིས་ནི། །ཇི་ལྟར་རི་མོ་རྟག་གནས་འཇིག་།དེ་བཞིན་ལས་ཞིག་བདེ་བ་ཡང ། །ངེས་པར་ལོག་པར་ལྟུང་བ་ཡིན། །ལྷ་གནས་ ལྷ་ནི་ཐམས་ཅད་ཀྱང ། །བསོད་ནམས་ཟད་ནས་རྒུད་པའི་མཐའ། །སེམས་ཅན་དེ་དག་ལྟུང་བ་པོ། །དེ་དག་ཐམས་ཅད་མི་རྟག་གོ། །མི་རྟག་མི་བརྟན་ཐམས་ཅད་ཀྱང ། །གསོན་པ་ཡུད་ཀྱིས་འགྲོ་བ་ཡིན། །བདུད་ཀྱི་སྟོབས་ནི་ཆེན་པོ་འདི། །འཇིག་རྟེན་འདིས་ཀྱང་ གོ་བ་མིན། །དེ་ལྟར་གཞན་ཡང་བྱ་དེ་ཁོ་ན་ཉིད་སྨྲ་བ་དེས་ལྷ་དེ་དག་རྣམས་ཉིད་ལ་ཕན་པར་འདོད་པས་ལེགས་པར་བྱས་པའི་ལས་ཀྱང་བསྐུལ་ལ། དེ་དག་དེ་ལྟར་རྟག་ཏུ་བརྗོད་ཀྱང་ལྷ་གང་དག་ཤིན་ཏུ་བག་མེད་པ་མ་ཡིན་པ་དེ་དག་རྣམས་ཉན་པར་བྱེད་ཅིང་ཉེ་བར་འཛིན་པར་ཡང་བྱེད་ དོ། །ཡུད་ཙམ་ཞིག་ཀྱང་ཡིད་ཤིན་ཏུ་མཉམ་པར་བཞག་པར་ཡང་འགྱུར་རོ། །གང་ཡང་བག་མེད་པར་སྤྱོད་པ་དེ་དག་རྣམས་ཀྱིས་ནི་མི་ཐོས་པ་སྟེ་རྣམ་པར་གཡེང་བར་གྱུར་པའི་ཡིད་ཀྱིས་དེ་དུས་ཡུན་རིང་དུ་མཚོ་དེར་རྩེད་མོ་བྱེད་པར་འགྱུར་ལ། ཡུལ་གྱི་བདེ་བ་ལ་སྲེད་པ་ཆེས་ ངོམས་པ་མེད་པར་གྱུར་ནས་རྣམ་པར་རྒྱུ་བར་གྱུར་པས། སླར་ཡང་གང་ན་རི་དེ་ལ་སྔར་བཞིན་དུ་དེ་ཁོ་ན་ལྟར་བཞོན་པ་ལ་མངོན་པར་ཞོན་ཏེ་ནམ་མཁའ་ལ་སླར་ཡང་འཕགས་སོ། །ཐམས་ཅད་དང་བཅས་པའི་ལྷན་ཅིག་སྤྱོད་པའི་འཁོར་རྣམས་དང་བཅས་པར་གྱུར་པས་བར་སྣང་གི་ ནམ་མཁའ་ལ་འཕགས་ནས་ཀྱང་ལྷ་དེ་དག་རྣམས་ཀྱིས་རི་གཞན་མཐོང་བར་གྱུར་པ་ལ་རྣམ་པ་དུ་མའི་ནོར་བུའི་རང་བཞིན་དུ་མར་གྱུར་པའི་དབྱིངས་དུ་མར་ནམ་མཁའི་དབྱིངས་ནས་འཕྱར་བ་དེ་དག་ཐམས་ཅད་ཀྱི་སྟེང་ན་དེ་དག་ཐམས་ཅད་ལས་ལྷག་པར་གྱུར་པའི་བདེ་བའི་ཕྲེང་བ་རྒྱ་ཆེན་ 70-1-201a པོ་འདི་དག་ཀུན་ཏུ་བརྩེགས་པ་དང་ཉེ་འཁོར་མཐོང་ན་དགའ་བ་རྣམས་ལྟ་བར་བྱེད་དོ། །དེ་གསུམ་ནི་འཐབ་བྲལ་གྱི་རི་རྣམས་ཀྱི་ཚད་ལས་ཀྱང་ཆེས་ལྷག་པ་ཡིན་ནོ། །དེ་བཞིན་དུ་ལྷ་རྣམས་རི་དེ་དག་ཀུན་ཏུ་ལྟ་བར་བྱེད་དོ། །རི་གང་དག་གི་འོད་ཟེར་གྱིས་ ཡན་ལག་ཉེ་བར་རྒྱས་པ་བཞིན་དུ་ནམ་མཁའ་ཐམས་ཅད་རྣམ་པར་སྣང་བར་བྱེད་པས་ཆེས་ལྷག་པར་ཡང་དགའ་བར་གྱུར་པ་རྣམས་མཐོང་བར་གྱུར་ཅིང་གཞན་རྣམས་སུ་དེ་ལྟར་ཀུན་ཏུ་བལྟས་པར་གྱུར་ནས་བདེ་བའི་ཕྲེང་བ་རྒྱ་ཆེན་པོའི་རིའི་རྒྱབ་ཏུ་ངང་པ་ལས་འཁོད་པར་གྱུར་ཏོ། །རྣམ་ པར་འཁོད་པར་གྱུར་པ། དེའི་རྗེས་ལ་ལྷ་དེ་དག་རྣམས་ཀྱིས་མཐོང་བར་གྱུར་པ་རྣམས་ལ་རི་དེའི་སྟེང་ནི་རྣམ་པར་བཀྲ་བའི་ཆ་ཤས་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་འོད་རྣམས་ཀྱིས་ཀུན་ནས་བརྒྱན་པ་ལ་བཻ་ཌཱུརྱའི་རང་བཞིན་ལ་གསེར་གྱི་རང་བཞིན་གྱི་ལོ་མ་དང་ལྡན་པའི་ལྗོན་ཤིང་ རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། དེ་བཞིན་དུ་གསེར་གྱི་རང་བཞིན་དང་བཻ་ཌཱུརྱའི་རང་བཞིན་ལ་གསེར་གྱི་རང་བཞིན་གྱི་འདབ་མས་ཉེ་བར་མཛེས་པར་བྱས་པ་དེ་བཞིན་དུ་སྡོང་པོའི་ཤིང་གཞན་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། རི་དེའི་རྒྱབ་ན་སྡོང་བུའི་ཤིང་ཞེས་བྱ་བ་གང་ དག་གི་རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་དང་རྩེ་མོ་རྣམས་སྡོང་བུ་དང་སྡོང་བུར་གྱུར་པ་རྣམས་ཀྱང་རིན་པོ་ཆེ་ཆེན་པོ་བདུན་གྱིས་རབ་ཏུ་རྣམ་པར་ཕྱེ་བས་ཀུན་ཏུ་བརྒྱན་པར་གྱུར་པ་དང་རྩ་བ་ལ་སོགས་པ་རྣམས་ཀྱང་དེ་དག་གི་རང་བཞིན་དུ་གྱུར་པའི་སྡོང་བུ་ཡིན་ནོ། །ཤིང་དེ་དག་རྣམས་ཀྱི་སྡོང་ བུ་གཅིག་ནི་བཻ་ཌཱུརྱའིའོ། །གཞན་ནི་པད་མ་རཱ་གའིའོ། །གཞན་ནི་གསེར་གྱིའོ། །གཞན་ནི་ཤེལ་གྱིའོ། །གཞན་ནི་མུ་སཱ་རའིའོ། །གཞན་ནི་ཀར་ཀེ་ཏ་ནའི་སྟེ། དེ་ལྟར་ཤིང་དེ་དག་རྣམས་ནི་སྡོང་བུ་དང་སྡོང་བུར་ཆ་ཤས་རྣམ་པར་ཕྱེ་བས་མཛེས་པ་ཡིན་ནོ། །རྩ་བ་ནས་བཟུང་ ནས་ཇི་སྲིད་དུ་ཡལ་ག་དང་ལོ་མ་དང་རྩེ་མོ་དེ་དག་རྣམས་དང་འདབ་མ་ཡང་དེ་ཁོ་ན་བཞིན་དུ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་རྣམ་པར་གསལ་བར་གྱུར་པའོ། །སྡོང་བུའི་ཤིང་དེ་དག་རྣམས་མངོན་པར་ལེགས་པར་མཐོང་བར་གྱུར་པ་དང་ལྷ་དེ་དག་རྣམས་རྩེ་བར་གྱུར་པས་འཇུག་པར་བྱེད་དོ། ། 70-1-201b ཤིང་དེ་དག་ལས་ཧ་ཅང་མི་རིང་བ་ན་ཁང་བུའི་ཕྲེང་བ་ཡོད་པ་ནི་མིའི་འཇིག་རྟེན་ན་ཉི་མས་ཀུན་དུ་གསལ་བར་བྱེད་པ་དང་ཁ་དོག་མཚུངས་པའོ། །དེ་ནས་ལྷ་དེ་དག་རྣམས་གང་ན་ཁང་བུའི་ཕྲེང་བ་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དོ། །ཁང་བུ་དེ་དག་རྣམས་ཀྱི་གྲངས་ནི་འབུམ་ཕྲག་ ཏུ་བརྗོད་པ་ཡིན་ནོ། །ཇི་ལྟར་འདོད་པས་འགྲོ་བར་གྱུར་པ་རྣམས་ཀྱི་ཇི་ལྟར་འདོད་པའི་ཚད་དང་ཇི་ལྟར་འདོད་པར་འགྱུར་བ་ཡིན་ནོ། །ཁང་བུ་དེ་དག་རྣམས་ཀྱིས་ལྷ་དེ་དག་རྣམས་ལ་འདོད་པ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བྱེད་པར་འགྱུར་རོ། །པད་མའི་རྫིང་བུ་རྣམས་ཀྱང་དེ་ཁོ་ན་ བཞིན་དུ་སྡོང་བུ་ཅན་གྱི་པད་མ་རྣམས་རིན་པོ་ཆེས་ཉེ་བར་བརྒྱན་པའི་པད་མའི་རྫིང་བུ་རྣམས་རྣམ་པར་གསལ་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་སྡོང་བུ་ཅན་གྱི་རང་བཞིན་དང་དེ་ཁོ་ན་བཞིན་དུ་རིན་པོ་ཆེ་བདུན་གྱིས་ཉེ་བར་མཛེས་པར་གྱུར་པའི་ལུས་ཅན་གྱི་བུང་བ་རྣམས་དང་བྱ་རྣམས་ཀྱང་རྣམ་པ་ གསུམ་དུ་ཡོན་ཏན་དང་ལྡན་པར་རྣམ་པར་རྒྱུ་བ་ནི་འདི་ལྟ་སྟེ། ཆུ་ལ་རྒྱུ་བ་ངང་པ་དང་ཀཱ་རཎྜ་བ་དང་ངང་ངུར་དང་ནི་ལུན་ཏན་དང ། མ་ཀུ་ལ་དང་ཧ་ཤུན་ད་ལ་སོགས་པ་རྣམས་ནི་ཆུ་ལ་རྒྱུ་བའོ། །ཐང་ལ་རྒྱུ་བ་ལ་བྱ་དེ་དག་རྣམས་ཀྱང་རི་དེའི་རྒྱབ་ན་རྩེ་བར་བྱེད་པ་རྣམས་ལ་འདི་ལྟ་སྟེ། བི་ཤཱ་ཁ་དང ། ཀུན་དགའ་བར་བརྗོད་པ་དང ། བྱ་ཐམས་ཅད་དང་ལྷན་ཅིག་ཏུ་ཀུན་སྒྲོགས་པ་དང་དུས་ཐམས་ཅད་དུ་དགའ་བར་འཇུག་པ་དང ། རྣམ་པ་དེ་ལྟ་བུ་རྣམས་ནི་ཐང་ལ་རྒྱུ་བར་གྱུར་པའི་བྱ་མཐོ་རིས་སུ་སྐྱེས་པ་རྣམས་ཀུན་ཏུ་སྒྲ་འབྱིན་པར་བྱེད་དོ། །རྨ་བྱ་ཡང་སྒྲ་སྙན་ པར་འབྱིན་པར་བྱེད་དོ། །ནགས་ན་རྒྱུ་བའི་བྱ་མཐོ་རིས་ན་ཡོད་པ་རྣམས་ཀྱང་འདི་ལྟ་སྟེ། ཤང་ཤང་ཏེའུ་དང་རྨ་བྱ་དང་ཡཥྚི་དང་ཀུན་ཏུ་མིག་དང་མིག་མི་འཛུམས་པ་དང་ཉེ་འཁོར་ན་རྒྱུ་བ་དང ། དེ་ཁོ་ན་ཉིད་བརྗོད་པ་དང་དུས་ཀུན་ཏུ་བརྗོད་པ་ལ་སོགས་པ་རྣམས་མི་དང་མཐོ་རིས་འདྲེས་པར་གྱུར་ པའི་བྱ་དག་སྒྲ་ཀུན་ཏུ་འདོན་པར་བྱེད་དོ། །མཉན་པར་འོས་པའི་རྣམ་པ་དུ་མ་དང་ནགས་ན་རྒྱུ་བའི་བྱ་རྣམས་རྩེ་བར་ཡང་བྱེད་དོ། །དེ་བཞིན་དུ་རིའི་བྱ་རྣམས་ཀྱིས་ཀྱང་མཆོག་ཏུ་མཛེས་པར་རྗོད་པར་བྱེད་དོ། །གཞན་ཡང་བདེ་བའི་ཕྲེང་བའི་རྒྱ་ཆེན་པོའི་རིའི་རྩེ་མོའི་ནམ་མཁའ་ལ་རྣམ་པར་ 70-1-202a རྒྱུ་བའི་བྱ་རྣམས་ཀྱིས། རིན་པོ་ཆེ་བདུན་གྱི་རང་བཞིན་རྣམ་པ་སྣ་ཚོགས་པའི་ཚིག་གིས་རྣམ་པར་རྟོག་པ་རབ་ཏུ་བཅོམ་པའི་ལྷ་རྣམས་ལ་རྗོད་པར་བྱེད་དེ། ཇི་ལྟར། རྣམ་པར་རྟོག་པས་ཉེར་བཅོམ་དང ། །འདི་ནི་ཡུལ་གྱིས་བསླུས་པའང་ཡིན། །སྲིད་པ་ཡིས་ ནི་རྨོངས་འདི་དག་།འཆི་བདག་རྒྱལ་པོ་ཤིན་ཏུ་གནས། །འདོད་ལོངས་སྤྱོད་ལ་ཀུན་ཏུ་ཆགས། །ལམ་དང་ལམ་མིན་རིག་མིན་པའི། །འདོད་པའི་མིང་ཅན་ཡུལ་རྣམས་ཀྱིས། །སྐྱེ་བོ་རྣམ་པར་རྨོངས་ཐམས་ཅད། །སྣ་ཚོགས་འགྲོ་ཀུན་དུ་འགྱུར་བ། །སྣ་ཚོགས་ལས་ཀྱི་རྗེས་ སུ་འགྲོ། །སྣ་ཚོགས་སེམས་ཀྱི་དབང་གིས་ནི། །སེམས་ཅན་འགྲོ་བ་ལྔ་ན་འཁྱམ། །དེ་ལྟར་བྱ་དེས་མཆོག་ཏུ་བག་མེད་པའི་ལྷ་རྣམས་མཐོང་ནས་རྗེས་སུ་འདོམས་པར་བྱེད་དེ་སྔ་མ་བཞིན་ནོ། །དེ་ནས་ལྷ་དེ་དག་གིས་དེ་མ་བརྩིས་པར་སླར་ཡང་དེ་ཁོ་ན་བཞིན་དུ་ཡུལ་རྣམས་ལ་བག་མེད་ པར་གྱུར་ཅིང་འདོད་པ་ལྔས་ཡིད་འཕྲོག་པས་དེ་ཁོ་ན་བཞིན་དུ་དགའ་བར་བྱེད་པ་དང་རྩེ་བར་ཡང་བྱེད་དོ། །དུས་དེ་སྲིད་དུ་སྟེ། ཇི་སྲིད་དུ་དགེ་བའི་ལས་རྣམས་བྱས་ཤིང་བསགས་པ་ཟད་པར་མ་གྱུར་གྱི་བར་དུའོ། །དེའི་གཏིང་ལ་ནམ་ཞིག་ན་ལྷའི་འཇིག་རྟེན་ནས་འཆི་འཕོ་བར་འགྱུར་རོ། ། ཤི་འཕོས་ནས་ཀྱང་ཇི་ལྟར་ལས་རྣམས་ཀྱིས་ཉེ་བར་འགྲོ་བར་གྱུར་པའི་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བར་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་འཐུན་པར་མིར་སྐྱེ་བར་གྱུར་ན་ཡང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་རྣམས་ཀྱིས་དེ་མཆོག་ཏུ་སྐྱིད་ པ་དང་མཆོག་ཏུ་བློ་རྒྱ་ཆེ་བར་འགྱུར་རོ། །མཆོག་ཏུ་རབ་ཏུ་དགའ་བའི་ཡིད་ཀྱིས་རྩེ་བ་ལ་ཆེད་ཆེར་བྱེད་པའམ་རབ་ཏུ་དགའ་བར་གྱུར་པའི་ལྷ་རྣམས་སུའམ། དེ་ཡང་ན་གསེར་གླིང་དུའམ་དེ་ཡང་ན་སིང་ཧ་ལའི་གླིང་དུ་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །ཁྱིམ་བདག་ཏུ་ཡང་ ལས་དེའི་རྒྱུ་འཐུན་པར་འགྱུར་རོ། །རྣམ་པར་འདྲེས་པའི་ཁོར་ཡུག་ན་རྒྱུ་བའི་ལྷ་རྣམས་ཀྱི་ས་སྟེ་ལྔ་པ་རྗོགས་སོ།། ་་་།།གཞན་ཡང་དགེ་སློང་ལས་དང་འབྲས་བུའི་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བ་རྣམས་ཀྱི་ས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་ 70-1-202b བྱུང་བའི་ཤེས་རབ་ཀྱིས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ཡང་དག་པར་ལྡན་པ་ཞེས་བྱ་བ་མཐོང་ངོ ། །དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང ། དེས་མཐོང་བ་གང་ཚུལ་ཁྲིམས་དག་ཅིང་ཤིན་ཏུ་རྣམ་པར་དག་པ་དགེ་བའི་བསམ་པ་དང་ལྡན་པའི་སེམས་ཅན་དུ་གྱུར་ ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡོངས་སུ་སྤངས་པར་གྱུར་པ་རྣམས་ནི་སྔ་མ་བཞིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ཡང་ཡོངས་སུ་སྤངས་པར་གྱུར་པ་ཡང ། ཇི་ལྟར་སྔོན་གྱི་བུད་མེད་ཀྱི་སྐྱེ་བོ་རྣམས་ལྟ་བ་རྗེས་སུ་དྲན་པར་མི་བྱེད་དོ། །དེ་ནི་དགེ་བ་དང་ལྡན་པའི་སྐྱེས་ བུ་ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་དག་པའི་བློ་ཡོངས་སུ་བསྒོམས་པའི་སེམས་དང་ལྡན་པ་རྣམས་ལུས་ཞིག་པ་ན་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ནང་ནས་འགྲོ་བ་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་སར་སྐྱེ་བར་འགྱུར་རོ། །དེ་ལ་འདི་སྐྱེས་པར་གྱུར་ པ་ན་ཡང་རང་ཉིད་ཀྱིས་ལེགས་པར་བྱས་པའི་ལས་དང་འདྲ་བའི་འབྲས་བུར་འགྱུར་ཏེ། འདི་ལྟ་སྟེ་ནགས་དང་ཉེ་བའི་ནགས་དང་རྫིང་བུ་དང་པད་མའི་ནགས་རྣམས་ལ་བྱ་སྣ་ཚོགས་པ་རྣམས་རྩེ་བར་གྱུར་པའི་སྒྲ་གདངས་སྙན་པ་ཀུན་ནས་སྒྲོགས་པ་རྣམས་ནི། གཟུགས་དང་རྒྱན་དང་ཆ་ བྱད་མཆོག་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་རྫས་ཀྱི་བདེ་བ་དང་ལྡན་པས་རྔ་སྐད་ཡན་ལག་ལྔ་དང་ལྡན་པར་གྱུར་ནས། རྩེད་མོ་རྩེ་བར་འགྱུར་ཞིང་དགའ་བར་འགྱུར་བ་དཔེ་མེད་པའི་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲིས་རྒྱགས་པ་ལ། འདི་ལྟ་སྟེ།ལྔ་འབྱུང་ བར་འགྱུར་བའི་སྦུབས་མཚོའི་བུ་གར་མངོན་པར་ཞུགས་པ་ལས་བར་ཆད་མེད་པར་ཆུ་ལྔར་འཛག་ཅིང་ལྟུང་ངོ ། །དེ་བཞིན་དུ་དབང་པོ་ལྔ་ལས་སྲེད་པ་དང་ལྡན་པ་རྣམས་ཀྱི་སྲེད་པ་ལྔ་པོ་རྣམས་ཉི་མ་རེ་རེ་ཞིང་ལོག་པར་ལྟུང་བར་འགྱུར་རོ། །འོན་ཀྱང་དབང་པོ་ལྔ་པོ་འདི་ དག་རྣམས་ལ་ཚིམ་པ་སྐྱེ་བ་ཡང་མ་ཡིན་ནོ། །ཡང་འདི་ལྟ་སྟེ་མེ་ལྔ་འབར་བ་ལ་རླུང་གིས་བསྐྱོད་པར་གྱུར་པས་རི་རབ་ཏུ་འབར་བར་བྱེད་པས་མཆོག་ཏུ་སྲེག་པར་བྱེད་པའི་ཤུགས་དང་ལྡན་པ་ལ་ཤིང་སྐམ་པོ་ཅི་ལྟ་ཅི་ལྟར་རབ་ཏུ་བཅུག་པ་དེ་ལྟ་དེ་ལྟར་མེ་ཆེས་ཕལ་ཆེ་བར་འགྱུར་ 70-1-203a ཏེ་བུད་ཤིང་རྣམས་སྲེག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དབང་པོ་འདི་དག་རྣམས་ཀྱང་རྟག་ཏུ་སྲེད་པ་དང་ལྡན་པ་རྣམས་ནི་མེ་དང་མཚུངས་པ་ཡིན་ལ་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པར་གྱུར་ཅིང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རིའི་རྩེ་མོ་ རྣམས་སུ་ཡུལ་གྱི་བུད་ཤིང་རྣམས་རབ་ཏུ་འབར་བར་གྱུར་པས། དབང་པོ་ལྔའི་འདོད་པའི་མེ་རྣམས་རབ་ཏུ་འབར་བར་འགྱུར་རོ། །དེ་བཞིན་དུ་དབང་པོ་འདི་དག་རྣམས་ཀྱི་ཡུལ་གྱི་ཤིང་རྣམས་དང་ཕྲད་པར་གྱུར་ན། དེ་ལྟ་དེ་ལྟར་མེ་བཞིན་དུ་རབ་ཏུ་འབར་བར་འགྱུར་རོ། ། ཇི་ལྟ་ཇི་ལྟར་ཡང་མེ་དང་མར་མེར་ཕྱེ་མ་ལེབ་རབ་ཏུ་ལྷུང་བར་འགྱུར་ན་དེ་ལྟ་དེ་ལྟར་སྲེག་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་སྲེད་པ་དང་ལྡན་པ་རྣམས་ཡུལ་གྱི་མེས་རབ་ཏུ་ལྟུང་བར་གྱུར་པས་ཀྱང་འཆི་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་ཕྱེ་མ་ལེབ་ལྟ་བུར་གྱུར་པ་ནི་སྲེད་པ་དང་ལྡན་པ་ རྣམས་ཐམས་ཅད་ཡིན་ནོ། །དེའི་བདག་ཉིད་དུ་གྱུར་པ་དེ་གོ་བར་གྱུར་པ་ཡང་མ་ཡིན་ནོ། །ཕྱེ་མ་ལེབ་ལྟ་བུར་གྱུར་པའི་ལྷ་དེ་དག་རྣམས་རབ་ཏུ་སྲེག་པར་གྱུར་པས་ཡུལ་ལྔའི་མེར་རབ་ཏུ་ལྷུང་བར་གྱུར་ནས་ནགས་དང་ཉེ་བའི་ནགས་རྣམས་སུ་ཡང་འགྲོ་བར་བྱེད་དེ། ལྷའི་བུ་མོའི་ ཚོགས་དང་བཅས་པས་བསྐོར་བར་གྱུར་ནས་པད་མའི་ཚལ་ནས་པད་མའི་ཚལ་རྣམས་དང ། དེ་བཞིན་དུ་བདུད་རྩིའི་ཡུལ་ཕྱོགས་ནས་གཞན་བདུད་རྩིའི་ཡུལ་ཕྱོགས་རྣམས་སུ་དང ། དེ་བཞིན་དུ་བཏུང་བའི་བུམ་པ་ནས་ཡུལ་ཕྱོགས་གཞན་བཏུང་བའི་བུམ་པ་རྣམས་སུ་དང ། མར་གྱིས་ཀུན་ཏུ་བཏབ་པར་གྱུར་པའི་མེ་བཞིན་དུ་ཡུལ་གྱི་མེ་རྣམས་ཀྱིས། དེ་བཞིན་དུ་དེ་ཁོ་ན་ལྟར་རབ་ཏུ་འབར་བར་འགྱུར་རོ། །ལྷ་དེ་སྐྱེས་པ་ནས་ཡུལ་ཕྱོགས་དེ་རིན་པོ་ཆེ་བདུན་གྱིས་རྣམ་པར་བརྒྱན་པར་གྱུར་པ་གང་ཡིན་པ་རྣམས་རྣམ་པ་དུ་མར་ཤིན་ཏུ་ཡིད་འཕྲོག་པར་བྱེད་པའི་ ལྷ་དང་ལྷ་མོའི་ཚོགས་བརྒྱ་སྟོང་དུ་མས་གང་བ་མཐོང་ངོ ། །རབ་ཏུ་དགའ་བར་གྱུར་པའི་རྒྱན་དང་ཆ་བྱད་དུ་མའི་གཟུགས་འཛིན་པ་གང་ཡིན་པ་རྣམས་ཀྱིས་ཡོངས་སུ་གང་བར་མ་གྱུར་པ་ནི། ཡུལ་ཕྱོགས་འདི་ན་ཡོད་པ་ནི་མ་ཡིན་ནོ། །ཡུལ་ཕྱོགས་དེ་ཡང་གང་རྒྱུན་མི་འཆད་ 70-1-203b པར་ལྷའི་ཚོགས་དང་ལྡན་པར་མི་འགྱུར་བ་ཡང་ནི་མ་ཡིན་ཏེ། དེ་ལྟར་ཕན་ཚུན་ལྷན་ཅིག་ཏུ་དགའ་བར་བྱེད་པ་དང་རྩེ་བར་ཡང་བྱེད་དོ། །རབ་ཏུ་འདྲེས་པར་གྱུར་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་དང་ལྡན་པར་རྒྱན་དང་མངོན་པར་དགའ་བ་ཡང་ཡིན་ནོ། །ལྷ་རྣམས་ལྷའི་གནས་རྣམས་ ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཉེ་བར་བསྒྲགས་པར་གྱུར་པའི་ལྷ་གང་ཡིན་པ་འདི་དག་རྣམས་ལས། ཤིན་ཏུ་ཉུང་བའི་ལས་གང་ཡིན་པ་ལ་ནི་རྒྱན་དང་ཆ་བྱད་ཐམས་ཅད་འཛིན་པར་གྱུར་པས་ལྷའི་རྗེས་སུ་འབྲང་བར་བྱེད་པའི་འཁོར་སྟོང་ཕྲག་བཅུར་འགྱུར་རོ། །དེ་ལྟ་བུའི་རིམ་ པས་ཁ་ཅིག་ལ་ནི་སྟོང་ཕྲག་སུམ་ཅུ་གཉིས་སོ། །དེ་བཞིན་དུ་ཇི་སྲིད་དུ་སྟོང་ཕྲག་བཞི་བཅུ་དང ། དེ་བཞིན་དུ་ཇི་སྲིད་དུ་སྟོང་ཕྲག་ལྔ་བཅུ་དང ། དེ་བཞིན་དུ་རྗེས་སུ་འཇུག་པའི་རིམ་པས་ལྷ་རྣམས་ཀྱི་འཁོར་ཇི་སྲིད་དུ་སྟོང་ཕྲག་བརྒྱར་འགྱུར་རོ། །གལ་ཏེ་དེའི་འཁོར་དེ་དག་ རྣམས་ཀྱང་ཡོངས་སུ་སྐྱོ་བར་ཡང་མི་འགྱུར་ཏེ། ལྷ་དེ་དེ་དག་རྣམས་དང་ལྷན་ཅིག་ཀུན་ཏུ་སྦྱོར་བར་བྱེད་པ་ན་ལྷ་མོ་རྣམས་ཐམས་ཅད་ཀྱང་འདི་ལྟར་སེམས་པར་འགྱུར་ཏེ། ལྷ་དང་ང་གཅིག་པུ་ཁོ་ནར་ཀུན་དགའ་བར་བྱའོ་གཞན་རྣམས་དང་ནི་ལྷན་ཅིག་ཏུ་མ་ཡིན་ནོ། །དེ་ལྟར་ངོམས་ པ་མེད་པའི་ལྷ་རྣམས་འདོད་པའི་སྲེད་པ་དང་ལྡན་བཞིན་དུས་བྱེད་དོ། །དེ་དག་ལ་ངོམས་པ་སྐྱེ་བ་ཡང་མ་ཡིན་ནོ། །འདི་དག་ནི་གཅུགས་པར་གྱུར་བཞིན་དུ་འབར་བར་གྱུར་པ་ཡིན་ནོ། །དེ་ནས་དེ་ལྟར་བག་མེད་པར་གྱུར་པ་རྣམས་རྣམ་པར་འཕྱོ་བར་བྱེད་པས་ནགས་དང་ཉེ་བའི་ ནགས་དང་རྫིང་བུ་དང་ཤིང་དང་ཚང་ཚིང་དང་ཆུ་ཀླུང་དང་རྫིང་བུ་རྣམས་སུ་ལྷན་ཅིག་དགའ་བར་བྱེད་དེ། ལྷ་མོ་མེད་པར་ལྷའི་ཚོགས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་རྒྱུ་བར་གྱུར་པ་ལས་དེ་དག་རྣམས་གལ་ཏེ་ཤེད་ན་ངང་པའི་ནགས་ཞེས་བྱ་བའི་ནགས་རྗེས་སུ་སླེབ་པར་འགྱུར་རོ། །དེ་ན་ ཡང་དེ་སྲིད་ཁོ་ནར་ལྷ་མོ་དང་བཅས་ནས་ཏེ། ནགས་དེ་ནི་དགའ་བ་ཆེན་པོ་དང་ལྡན་པས་ལྷ་རྣམས་ཀྱང་ངོ་མཚར་བར་གྱུར་པའི་དགའ་བ་ཡིན་ནོ། །དེའི་དགའ་བ་རྣམས་ནི་འདི་ལྟ་བུར་གྱུར་པ་ཡིན་ཏེ། འདི་ལྟར་ནགས་དེའི་ཉེ་འཁོར་རྣམས་ན་ངང་པ་དེ་དག་གིས་རྣམ་པར་གསལ་བར་བྱེད་དོ། ། 70-1-204a ཀུན་ཏུ་གནས་པར་གྱུར་པ་རྣམས་ཀྱང་ཁ་ཅིག་ནི་དངུལ་གྱི་རང་བཞིན་གྱི་སྒྲོ་དང་གསེར་འབབ་པའི་རང་བཞིན་གྱི་སྒྲོ་དང་པད་མ་རཱ་གའི་མདོག་གི་རྐང་པ་དང་པད་མ་རཱ་ག་དང་མདོག་མཚུངས་པའི་ཁ་དོག་དང་གསུས་པ་ཤིན་ཏུ་བཀྲ་བར་འབར་བ་གང་ཡིན་པ་རྣམས་སོ། །ཁ་ ཅིག་གསེར་འབར་བའི་རང་བཞིན་གྱི་རྒྱབ་དངུལ་གྱི་མདོག་དང་ལྡན་པའི་ལོགས་ཀར་ཀེ་ཏ་ནའི་རྐང་པ་སྟེ་ཕུག་རྣམས་ཀྱང་དེ་བཞིན་ནོ། །ཁ་ཅིག་ནི་ཤེལ་གྱི་རང་བཞིན་གྱི་རྒྱབ་མུ་སཱ་རའི་རང་བཞིན་གྱི་ལོགས་གསེར་བཙོ་མའི་མིག་དེ་དང་འདྲ་བའི་མཆུ་ཨིན་དྲ་ནཱི་ལའི་རང་བཞིན་གྱི་རྐང་པའོ། ། ཁ་ཅིག་ནི་རྣམ་པར་འདྲེས་པའི་ཆ་ཤས་ཀྱི་སྒྲོ་རྣམ་པར་བཀྲ་བར་འགྱུར་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་རྣམ་པར་བཀྲ་བའོ། །ཁ་དོག་གཅིག་པ་རྣམས་ནི་འདི་ལྟ་སྟེ་དངུལ་གྱི་མདོག་དང་ཤེལ་གྱི་མདོག་དང་གསེར་འབར་བའི་ཁ་དོག་དང་མུ་སཱ་རའི་ཁ་དོག་དང་ཀར་ཀེ་ཏ་ནའི་ཁ་དོག་རྣམས་ ཏེ། ཇི་ལྟ་བུའི་ལས་སེམས་དང་སེམས་ཀྱིས་རྣམ་པར་བཀྲ་བར་གྱུར་པ་རྣམས་དགའ་བར་བྱེད་པ་དང ། རྣམ་པར་དཔྱོད་པར་ཡང་བྱེད་དོ། །དེ་དག་རྣམས་ཀྱང་ཇི་ལྟར་རྗེས་སུ་འཐུན་པར་མཆོག་ཏུ་རྣམ་པར་བཀྲ་བར་བྱས་པའི་སྒྲོའི་ཆ་ཤས་རྣམ་པར་བཀྲ་བར་གྱུར་པའི་ངང་མོ་རྣམས་ དང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །མཚོ་དག་དང་རྫིང་བུ་རྣམས་དང་ཇི་ལྟར་པད་མའི་ནགས་རྣམས་ལ་ཡང་ངོ་ལེགས་པར་འབབ་པའི་རི་ཆུ་ཀླུང་གི་རླབས་རྣམས་ལ་དང་དེ་བཞིན་དུ་པད་མའི་ཚལ་རྣམས་ལ་དང་དེ་བཞིན་དུ་ཡང་འཇམ་པ་མནན་ན་ནེམས་པའི་ས་གཞི་ཆ་ཀུན་ལ་དང་མེ་ཏོག་དང་ ལྡན་པ་རྣམས་ལ་ཡང་དགའ་བར་བྱེད་དོ། །ཡོངས་སུ་སྤྱོད་པར་བྱེད་དོ། །ངང་པ་རྣམས་ཀྱང་ལྷ་བཞིན་དུ་ལྷན་ཅིག་སྤྱོད་པ་རྣམ་པ་དུ་མ་དང་ལྡན་པ་ཡིན་ནོ། །དེ་ནས་སྣ་ཚོགས་པའི་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་སྐོར་བའི་ལྷ་དེ་དག་དང་ངང་པ་དེ་དག་ནི་ནགས་དེར་ཞུགས་པར་གྱུར་ པ་ཉིད་ན་ངང་པ་དེ་དག་རྣམས་མངོན་པར་མཐོང་བར་གྱུར་ནས་སླར་ཉིད་ཀྱང་ངོ་མཚར་བར་གྱུར་ཅིང་ཡིད་ཆེས་རབ་ཏུ་དགའ་བར་གྱུར་ཏེ་མིག་གི་རྒྱུ་བ་གཡོ་བ་དང་ལྡན་པས་ནགས་དེའི་ཡུལ་ཕྱོགས་ཀྱི་ཉེ་འཁོར་ཀུན་ལ་རྣམ་པར་ལྟ་བར་བྱེད་དེ། དེ་དག་རྣམས་ཀྱིས་ཀྱང་ལྷ་མོ་དེ་དག་ 70-1-204b རྣམས་ཀྱི་ཡིད་ཀྱི་རྗེས་སུ་འཐུན་པར་གྱུར་ནས་ཡིད་ཆེས་རབ་ཏུ་དགའ་བར་གྱུར་པས་འདི་ལྟར་རྟོག་པར་བྱེད་དེ་ཇི་ལྟར་ལྷ་རྣམས་འདི་ན་ངང་པའི་ནགས་ཞེས་བྱ་བའི་ངང་པ་རྣམས་ཀྱི་ནགས་མཆོག་ཏུ་དགའ་བར་གྱུར་པ་ཇི་ལྟ་བ་ཁོ་ན་བཞིན་དུ་རྣམ་པར་མཛེས་པར་གྱུར་པ་རྣམས་ལ།ཇི་ལྟར་འདི་ན་ ལྷའི་ངང་པའི་ནགས་ཞེས་བྱ་བ་ནགས་ཆེན་པོ་མཆོག་ཏུ་དགའ་བར་གྱུར་པ་ཇི་ལྟ་བ་བཞིན་དུ་དེ་དག་གིས་རབ་ཏུ་མཛེས་ཏེ། རྣམ་པ་སྣ་ཚོགས་པའི་ལྗོན་ཤིང་གི་ཚོགས་རྣམས་ཀྱིས་དེ་དག་ཡོངས་སུ་ཁྱབ་པར་གྱུར་པ་རིན་པོ་ཆེ་ཁམས་དུ་མ་རྣམས་ཀྱི་འབྱུང་ཁུངས་དང་ལྡན་པ་དེ་དག་ནི་ཤིན་ཏུ་བར་ ཡང་ཡོན་ཏན་རྣམས་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་པའི་པད་མའི་རྫིང་བུ་དང་ལྡན་པའི་རིའི་རྩེ་མོ་ཉེ་བར་དུད་པར་གྱུར་པ་རྣམ་པ་བརྒྱ་སྟོང་དུ་མར་མིང་བཏགས་པར་གྱུར་ཀྱང་གང་དག་རྣམས་ཀྱི་མིང་ཡང་ཤེས་པར་མི་འགྱུར་བའི་མེ་ཏོག་རྣམས་དང་ཉེ་བར་ལྡན་པ་པད་མའི་འབྱུང་གནས་ བརྒྱ་སྟོང་དུ་མ་རྣམས་དང་ལྡན་པ་ཡིན་ཏེ། ནགས་དེ་ན་ནི་ངང་པའི་རྒྱལ་པོ་དུས་བཟངས་ཞེས་བྱ་བ་གནས་སོ། །དེ་ནི་ཇི་ལྟར་བདག་ཅག་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་ཡིན། དེ་བཞིན་དུ་ངང་པ་རྣམས་ཐམས་ཅད་ཀྱི་ཡང་དུས་བཟངས་འདི་ཡིན་ཏེ། ཤིན་ཏུ་ཡངས་པ་ཞེས་བྱ་ བའི་པད་མའི་རྫིང་བུ་དེ་ན་འདི་རྩེ་བར་བྱེད་པ་དང་དགའ་བར་བྱེད་པ་དང་ཀུན་ཏུ་སྤྱོད་པར་ཡང་བྱེད་དོ། །དྲུང་དུ་ཡང་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་འོང་ངོ ། །དེ་དང་ལྷན་ཅིག་ཏུ་བྱ་ཆེན་པོ་དགའ་བར་བྱེད་ཀུན་ཏུ་སྤྱོད་པར་ཡང་བྱེད་པ་ནི་ཇི་ལྟར་ལྷའི་ཚོགས་གཞན་དག་རྣམས་ཀྱིས་དེ་ཡོངས་ སུ་ཤེས་པར་འགྱུར་བ་ཡང་མ་ཡིན་པ་དེ་ལྟར་དགའ་བར་བྱེད་དོ། །དུས་བཟངས་གང་ཡིན་པ་དེ་དང་འཐབ་བྲལ་བའི་བདག་པོ་ལྷན་ཅིག་ཏུ་དགའ་བར་བྱེད་པའི་རྒྱུ་དེ་ཅི་ཡིན་པའི་རྒྱུ་དེ་ཡང་ལྷའི་ཚོགས་རྣམས་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ། །དེ་ལ་རྒྱུ་མཚན་དེ་དག་རྣམས་ཡིད་ལ་གྱིས་ལ་ལྷ་ ཁྱོད་ཉིད་ཀྱང་བདག་ཅག་རྣམས་ཀྱིས་ཡོངས་སུ་བསྐོར་ནས་འགྲོ་བར་གྱིས་དང ། དེ་ལ་ཚིག་དེ་དག་རྣམས་ལྷག་མ་མ་ལུས་པར་མཐོང་བར་འགྱུར་གྱིས་ལྷ་དེ་དག་དང ། བྱའི་རྒྱལ་པོ་ཡང་ཇི་ལྟ་བ་བཞིན་དུ་ཐོས་པར་གྱུར་ནས་ལྷ་གསར་དུ་སྐྱེས་པ་དེས་ལྷ་དེ་དག་རྣམས་ཀྱི་ནང་ནས་ཞབས་འབྲིང་ 70-1-205a བྱེད་པ་ལ་འདི་སྐད་ཅེས་བརྗོད་དེ། གང་ན་ངང་པའི་རྒྱལ་པོ་དེ་དང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་ཡང་ཡོད་པ་དེར་བདག་ཅག་རྣམས་ཇི་ལྟ་བ་བཞིན་དུ་འགྲོ་བར་བྱའོ། །དེ་ནས་དེ་བཞིན་དུ་ལྷ་མོ་དེ་དག་རྣམས་དང་ལྷ་དེ་དག་གང་ན་ང་ནགས་དེའི་ནང་ན་ཡོད་པ་དེར་ཉེ་ བར་ལེགས་པར་ཕྱིན་ནོ། །ཞུགས་པར་གྱུར་པ་ན་མཐོང་བ་རྣམས་ལ་ལྗོན་ཤིང་གི་ཚལ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་དང་རྣམ་པ་སྣ་ཚོགས་པའི་རི་དགས་རྣམས་དང ། བྱ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་ཅིང་རི་དགས་ཀྱི་ཁྱུ་རྣམས་ཀུན་ཏུ་རྒྱུ་བ་རྣམས་ལ་ཁ་དོག་རྣམ་པ་དུ་མ་རྣམས་དང་ རིགས་སྣ་ཚོགས་པ་རྣམས་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ནས་དེ་དག་ལ་སྤྱོད་པར་བྱེད་དོ། །སྤྱད་པར་འོས་པའི་ཟས་རྣམས་ལྷན་ཅིག་ཏུ་ཟ་བར་བྱེད་ཅིང་ལྷ་རྫས་ཀྱི་ནགས་རྣམས་ཀྱི་རྩ་བའི་ཟས་ཀྱང་སྟེ། རིན་པོ་ཆེ་བདུན་གྱིས་སྤྲས་པའི་ལུས་ཅན་རྣམས་ནགས་རྣམས་ཀྱི་ནང་དུ་དང ། ནགས་ཀྱི་ཚང་ཚིང་རྣམས་སུ་དང་ཆུ་ཀླུང་གི་ངོགས་རྣམས་སུ་དང ། པད་མའི་ཚལ་གྱི་འགྲམ་རྣམས་ལ་དང ། མཚེའུ་གཞན་རྣམས་ལ་དང ། སྨན་ལྗོངས་རྣམས་སུ་དང ། རིའི་ཁོང་སེང་རྣམས་ལ་ཡང ། ཁྱུ་རྣམས་དགའ་བར་བྱེད་ཅིང་ཀུན་རྗོད་པར་ཡང་བྱེད་དོ། །དེ་དག་ རྣམས་མངོན་ཏུ་ལེགས་པར་མཐོང་བས་ཀྱང་ལྷ་རྣམས་ཀྱི་མིག་དང་ཡིད་མཆོག་ཏུ་འཕྲོག་པར་འགྱུར་ཞིང་རྣམ་པ་དུ་མར་ཡང་རབ་ཀྱི་མཆོག་ཏུ་དགའ་བར་གྱུར་ནས། གཞན་ཡང་ངོ་མཚར་བས་མིག་ཀུན་ཏུ་བསྐྱོད་པར་འགྱུར་ཞིང་དེ་དང་དེ་དག་རྣམས་མིག་གཏོད་པར་བྱེད་ཅིང་ལྷའི་བུ་མོའི་ཚོགས་ རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ནས་ཀྱང་ཉེ་བར་ལེན་པར་བྱེད་ཅིང་སླར་ཡང་ངང་པའི་ནགས་དེ་ཉིད་དུ་རབ་ཏུ་འཇུག་གོ། །རབ་ཏུ་ཞུགས་པར་གྱུར་པ་ཉིད་ན་ཀུན་ཏུ་ལྟ་བར་བྱེད་དོ། །བརྒྱ་ཕྲག་དུ་མར་གྱུར་པའི་རྨ་བྱའི་ཁྱུ་རྣམས་ཀྱང་ལྗོན་ཤིང་གི་ཚང་ཚིང་དང་ཉེ་བར་གྱུར་པ་རྣམས་ན་ཉེ་བར་ རྟོག་སྟེ། ཁ་ཅིག་ནི་མགྲིན་པ་ནས་དབྱངས་སྒྲོགས་པའོ། །ཁ་ཅིག་ནི་ཕན་ཚུན་དུ་མདོངས་ཕྱི་རོལ་ཏུ་བྱས་ནས་ཀྱང་རྩེ་བར་བྱེད་པས་ལྷན་ཅིག་སྤྱོད་པ་རྣམས་ཀྱི་སྔོན་དུ་གར་བྱེད་དོ། །ཁ་ཅིག་ནི་གཅིག་པུ་ཞིག་ཏུ་གྱུར་ནས་ཤིང་འཐུག་པོ་རྣམས་ཀྱི་ནང་དུ་ནོར་བུ་བདུན་གྱིས་སྤྲས་ 70-1-205b པའི་ཐིག་ལེས་རྣམ་པར་བཀྲ་བ་རྣམས་ལྗོན་ཤིང་གི་འདབ་མ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །ལྷན་ཅིག་སྤྱོད་པ་རྣམས་ཀྱིས་རྗེས་སུ་འབྲང་བར་གྱུར་པས་ནགས་དེའི་ཕྱི་རོལ་ན་ཡང་མཐོ་རིས་ཀྱི་རྗེས་སུ་འཐུན་པ་རྣམ་པ་དུ་མ་དང་ལྡན་པར་མཐོང་བ་ཉིད་དོ། །ངང་པའི་ནགས་དེར་ དགའ་བར་གྱུར་པའི་ལྷ་བརྒྱ་སྟོང་བྱེ་བ་རྣམས་དེ་ལྟར་ལེགས་པར་འཇུག་པར་བྱེད་དོ། །གཞན་ཡང་ལྷ་རྣམས་ཀྱི་ནགས་གཞན་དག་རྣམས་ལྷ་གསར་དུ་སྐྱེས་པ་དེས་མཐོང་བར་གྱུར་པའི་ནགས་དེ་དག་རྣམས་ཀྱི་དགའ་བར་གྱུར་པ་ནི་འདི་ལྟ་སྟེ། ཆུ་ཀླུང་མཆོག་ཏུ་དང་བར་གྱུར་པ་ཤིས་པའི་ཆུ་ བོའི་ངོས་གཉི་གའི་ཉེ་འཁོར་ན་ལྷ་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པས་རྣམ་པར་གསལ་བ་དང ། ཆུ་ཀླུང་དེ་དག་རྣམས་ཀྱང་ཡོན་ཏན་བདུན་དང་ལྡན་པའི་འོ་མས་ཡོངས་སུ་གང་བ་རྣམས་ཀྱི་མིང་དུ་གྱུར་པ་ལ་འདི་ལྟ་སྟེ། འདོད་པའི་ཆུ་དང་ཤིས་པའི་ཆུ་དང་ཀུན་དགའ་བར་འབབ་པ་དང་ མྱོས་པ་མེད་པ་ཞེས་བྱ་བའི་ཆུ་དང་མངར་གྱུར་པ་དང་འདོད་པ་ཐམས་ཅད་ཀྱི་ཆུ་དང་བྱ་དང་ལྡན་པས་མངོན་པར་དགའ་བའོ། །རྣམ་པ་དེ་ལྟ་བུར་གྱུར་པའི་ཆུ་ཀླུང་རྣམས་འབབ་པའོ། །དགའ་བར་གྱུར་པའི་ནགས་ཆེན་པོ་དེའི་ཆུ་ཀླུང་དེ་དག་རྣམས་ལ་ཡང་ཆུ་ལ་རྒྱུ་བར་གྱུར་པའི་བྱ་རྣམས་ གྲང་མོར་གྱུར་པའི་ཆུ་འཐུང་བར་བྱེད་དོ། །འཐུངས་ནས་ཀྱང་ཚིགས་སུ་བཅད་པ་རྗོད་པར་བྱེད་པ། ཇི་ལྟར། ལེགས་པར་སྔོན་གྱི་ཐར་བ་ཡི། །ལམ་རྟོགས་ནས་ནི་གསར་པ་ཡང ། །རྨ་བྱ་ཟད་ནས་སྐྱེ་བ་ནི། །ལྷ་ཡི་འཇིག་རྟེན་དུ་འབབ་འགྱུར། །གྱིས་དང་གང་ཡང་གསར་ པའི་ལས། །རྣམ་གསུམ་རྣམ་པ་གསུམ་འབྱུང་བ། །རྙིང་བཅས་གསར་པ་རྗེས་སུ་ཚོལ། །འཐབ་བྲལ་དག་ཏུ་སྐྱེ་བར་འགྱུར། །མ་འོངས་པ་ཡི་འཇིག་ཤེས་དང ། །ད་ལྟར་བ་ལ་འཆུམས་མེད་གང ། །འདས་པ་ལ་ཡང་ཆགས་པ་མེད། །རིང་མིན་པ་ན་དེ་ཆགས་ བྲལ། །བདེ་དང་སྡུག་བསྔལ་དག་གིས་ཀྱང ། །གང་གི་ཡིད་ནི་རྣམ་མི་འགྱུར། །བློ་གྲོས་བཟང་ལྡན་ལྷ་ཡི་ནི། །འཇིག་རྟེན་བདག་ཅག་འབབ་པ་བདེ། །གང་ཡང་རྙིང་བ་ཟོས་ནས་ནི། །གསར་པ་ཡང་ནི་མི་བྱེད་པ། །སྔོན་གྱི་ལེགས་བྱས་ཟད་པ་ནི། །འཆི་བའི་དུས་སུ་ 70-1-206a རྣམ་པར་རིག་།ཡུལ་རྣམས་ཀྱིས་ནི་འཁྲིད་བྱེད་པ། །ལྷ་གང་སེམས་ནི་རྨོངས་པ་ཡིན། །གང་གི་བློ་ནི་ཡོན་ཏན་ལྡན། །འདོད་པའི་དབང་རྗེས་དེ་མི་འགྲོ། །ད་ལྟར་བ་ཡི་འདོད་པ་ལ། །ཁྱད་པར་དུ་ནི་སྐྱོན་ཅན་ལ། །གང་ཞིག་བདེ་བས་མི་རྨོངས་ པ། །དེ་ནི་བརྟན་པ་ཞེས་བརྗོད་དོ། །སྐྱོན་གྱིས་འཇིགས་པས་བརྐམ་ཆགས་མེད། །འདོད་རྣམས་དབང་དུ་འདི་མི་འགྲོ། །དེས་ནི་སྡིག་ཀྱང་རྣམ་འཇིག་བྱེད། །དེ་ནི་བརྟན་པ་ཞེས་བརྗོད་དོ། །བདེ་བ་ཡིས་ནི་འཕངས་པའི་ཡིད། །སྡིག་པའི་འཇིགས་པ་མ་མཐོང་བ། །དགའ་ བ་ཤིན་ཏུ་དེས་སྟེན་པ། །རྨོངས་པ་གང་ནི་རབ་ཏུ་འཇོམས། །དགའ་བ་རྙེད་ནུས་ཐོབ་གྱུར་ནས། །ཅི་ཕྱིར་འདོད་པས་ཉམས་པར་བྱེད། །རྟེན་པ་དེ་དག་ཤིས་པ་མིན། །ངན་སོང་ཤིན་ཏུ་ཆེན་པོར་འགྱུར། །འཇིག་རྟེན་གློག་དང་སྨིག་རྒྱུ་བཞིན། །དྲི་ཟའི་གྲོང་ཁྱེར་དང་ མཚུངས་པར། །ཐམས་ཅད་སླུ་བའི་བདག་ཉིད་ཅན། །འདོད་པ་མི་བཟད་པར་རབ་བརྗོད། །དེ་ལྟར་ངོས་ན་སྤྱོད་པའི་བྱས་ཤིན་ཏུ་བག་མེད་པར་གྱུར་པའི་ལྷ་གསར་དུ་སྐྱེས་པ་དེ་དག་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་དེ་དག་བརྗོད་དོ། །གསར་པ་དེ་ཡང་ཡུལ་གྱིས་ཀུན་ནས་ ཕྲོགས་པར་གྱུར་པའི་ཕྱིར་ན་བྱ་དེ་དག་གིས་ཅི་བརྗོད་ཅེས་ཟེར་ནས་གོ་བར་མི་འགྱུར་རོ། །དེ་ནས་ཕན་པ་དེ་དག་རྣམས་མ་བགྲངས་པར་སླར་ཡང་དེ་ཁོ་ན་བཞིན་དུ་ངང་པའི་ནགས་ཀྱི་ཆེས་ནང་དུ་ཞུགས་པར་གྱུར་པ་ན། ཡུལ་གཞན་མང་པོ་རྣམས་ལས་འདོད་པའི་རྒྱགས་པས་ཟིན་པ་རྣམས་ ཀྱིས་ངང་པའི་ནགས་སུ་ཆེས་མཆོག་ཏུ་དགའ་བར་གྱུར་པའི་ཁྱད་པར་གྱི་དངོས་པོ་ཕལ་ཆེ་བ་ཉིད་ལས་དང་པོར་འཁྲི་ཤིང་གི་དྲ་བས་གཡོགས་པར་གྱུར་པ་རྣམས་རྟོགས་སོ། །དེ་ལྟ་དེ་ལྟར་མཆོག་ཏུ་བླ་ན་མེད་པ་རྣམས་དང་ལེགས་པར་ལྡན་པ་ལས་དེས་རྒྱང་རིང་བ་ཉིད་ནས་ནོར་བུའི་ནགས་ ཞེས་བྱ་བ་མཐོང་སྟེ། ངང་པའི་ནགས་དེ་ཉིད་ཀྱི་འོད་ཟེར་གྱི་ཕྲེང་བ་བརྒྱ་སྟོང་དང་ལྡན་པའི་ནོར་བུ་རྣམས་གང་ཡིན་པའི་ཁྱད་པར་གྱིས་ལྷ་རྣམས་ཉིད་ཀྱིས་ངེས་པར་བལྟ་བར་ནུས་པ་ཡང་མ་ཡིན་ཏེ། འོག་གི་ས་ན་གནས་པར་གྱུར་པའི་ལྷ་སུམ་ཅུ་རྩ་གསུམ་པའམ་རྒྱལ་ཆེན་རིས་བཞི་པ་རྣམས་ 70-1-206b ཀྱང་རུང་སྟེ་གཞན་འགའ་ཞིག་ན་ཡང་རྣམ་པ་དེ་སྲིད་ཀྱི་གཟི་བརྗིད་ཅན་ནི་ཡོད་པ་མ་ཡིན་ནོ། །ནོར་བུ་དེ་དག་རྣམས་ཇི་ལྟར་འདོད་པའི་དབང་གིས་འགྲོ་བར་གྱུར་པ་གང་ཡིན་པའི་ལྷ་རྣམས་འདོད་པར་གྱུར་ན་དེས་ནོར་བུ་དེ་དག་རྣམས་ཁང་བུར་གྱུར་ནས་ནམ་མཁའ་ལ་འཕགས་པར་བྱེད་ དེ། ཁོང་སེང་ཅན་དུ་གྱུར་ཅིང་དེ་དག་གི་ཡང་ནང་དུ་སོང་ནས་ཀྱང་ལྷ་རྣམས་རབ་ཏུ་རྩེ་བར་འདོད་པས་ནམ་མཁའ་ལ་འཕགས་པར་བྱེད་ལ། ནོར་བུ་དེ་དག་རྣམས་ཀྱང་སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་ཁང་བུར་གྱུར་ནས་ནམ་མཁའ་ལ་འཕགས་པར་གྱུར་ཏོ། །ལེགས་པར་བྱས་ པའི་ལས་རྣམས་ཀྱིས་ནོར་བུ་དེ་དག་རྣམས་ཀྱི་ནང་དུ་ཡང་ཆུ་ཀླུང་དང་འབབ་ཆུ་དང་རྫིང་བུ་དང་ནགས་དང་སྐྱེད་མོས་ཚལ་དང་པད་མའི་རྫིང་བུ་དང་ལྗོན་ཤིང་གི་ཚོགས་དང་ནགས་ཚང་ཚིང་དང་ས་གཞི་ཆ་ཤས་རྣམས་དང་ལྡན་པ་དང་རིའི་རྩེ་མོ་རྣམས་དང་བྱའི་སྒྲ་དགའ་བ་རྣམས་དང་ལྡན་པར་གྱུར་པ་ ཡིན་ནོ། །ཇི་ལྟར་ཡང་བདེ་བར་གྱུར་པས་ལྷ་དེ་དག་རྣམས་ནམ་མཁའ་ལ་བདེ་བར་རབ་ཏུ་རྒྱུ་བ་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་དང་འདོད་པའི་ཡོན་ཏན་དྲུག་དང་ལྡན་པས་དགའ་བར་བྱེད་དོ། །ཇི་ལྟར་གཞན་ཡང་ལྷ་དེ་དག་རྣམས་ཉིད་འདོད་པར་འགྱུར་ན། ཇི་ལྟར་ལྷའི་འཇིག་རྟེན་དེ་དག་ རྣམས་ཉིད་ཁོ་ནར་རྟག་ཏུ་བདག་ཅག་རྣམས་འཁོད་པར་བྱ་ན་ཞེས་དེ་དག་རྣམས་ཀྱི་སེམས་བསྐྱེད་པ་ཙམ་ཉིད་ན་ནོར་བུ་དེ་དག་རྣམས་ཉིད་འཐབ་བྲལ་བའི་ལྷའི་རིས་དེ་དག་རྣམས་ཉིད་དུ་འགྱུར་རོ། །སླར་ཉིད་ཀྱང་དེ་དག་རྣམས་ཉིད་ཡིད་བཞིན་དུ་གྱུར་ནས་འོད་ཟེར་གྱི་ཕུང་པོ་རྣམས་རབ་ཏུ་འབར་བར་བྱེད་དོ། །རང་གི་འོད་ཟེར་རྣམས་ཉིད་ལྷ་མོ་དེ་དག་གིས་ལྷ་གསར་དུ་སྐྱེས་པ་དེ་ལ་རྗོད་པར་བྱེད་དོ། །དེ་ནས་དེ་དག་རྣམས་མཆོག་ཏུ་དགའ་བར་གྱུར་པའི་ངང་པའི་ནགས་དེ་ལས་ཀྱང་འདོད་པའི་ཞགས་པ་གཞན་རྣམས་ཀྱིས་ཀུན་ནས་དྲངས་པར་གྱུར་ཏོ། །སླར་ཡང་ཡུལ་གྱིས་ དྲངས་པར་གྱུར་ནས་ནོར་བུའི་ནགས་དེར་གླུ་ཉེ་བར་ལེན་པར་གྱུར་ཅིང་རབ་ཏུ་བརྟེན་ནས་དེ་དག་རྣམས་ཀྱིས་ཧ་ཅང་མི་རིང་བ་ནས་ལྟ་བར་བྱེད་དོ། །སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དག་གི་འོད་ཟེར་བརྒྱ་སྟོང་གིས་བསྐོར་ནས་ནགས་དང་བཅས་པའི་ཡུལ་གྱི་ནོར་བུའི་ 70-1-207a ནགས་དེ་དང ། ཧ་ཅང་མི་རིང་བའི་ངང་པའི་ནགས་ཀྱི་ཉེ་འཁོར་ཀུན་ཏུ་སྣང་བར་བྱེད་དོ། །དེ་ནས་ལྷ་དེ་དག་ལྷ་དེ་དག་རྣམས་ཀྱི་དྲུང་ནས་ནགས་དེ་དག་ཉེ་བར་བསྐོར་བར་གྱུར་ནས།ནོར་བུའི་ཁང་བུར་གནས་ཏེ། གང་ན་ནོར་བུའི་ནགས་དེ་ཡོད་པར་གྱུར་པ་དེར་ཉེ་བར་ འགྲོའོ། །ལྷ་མོ་དེ་དག་ཉིད་དང་ལྷན་ཅིག་ཏུ་དེར་ཉེ་བར་ལེགས་པར་ཕྱིན་ནས། ནོར་བུ་དུ་མ་རྣམས་འབར་བའི་ཕྲེང་བ་དང་རྣམ་པར་སྣང་བར་གྱུར་པའི་ནོར་བུའི་འོད་རྣམས་ལ་ཡང་ལྟ་བར་བྱེད་དོ། །དེ་ནས་ལྷ་དེ་དག་རྣམས་འདི་སྙམ་དུ་སེམས་སོ། །ཅི་སྟེ་ཡང་བདག་ཅག་རྣམས་ལྷའི་ནོར་ བུ་གཞན་རྣམས་གང་ཡིན་པའི་ནང་དུ་ཇི་ལྟ་བར་སོང་ལ་ནམ་མཁའི་དཀྱིལ་དུ་འཁོད་ནས་རྣམ་པར་རྒྱུ་བར་བྱ་སྟེ་མཐོ་རིས་ལ་བལྟ་བའི་དོན་དུ་དེ་བཞིན་དུ་བདག་ཉེ་བར་འགྲོ་བར་བྱའོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེའི་སེམས་བསྐྱེད་པ་དང་ལྷན་ཅིག་ཏུ་གང་ཡིད་ལ་བསམས་པའི་ནོར་བུ་འདི་ལྷ་ དེ་ཁང་བུར་དེར་གྱུར་ཏོ། །གྱུར་ནས་ཀྱང་ནམ་མཁའི་ཁམས་སུ་འཕགས་སོ་དེ་འཕགས་པར་གྱུར་པ་ཡང་ལེགས་པར་མངོན་པར་མཐོང་ནས་ལྷ་དེ་ལྷན་ཅིག་སྤྱོད་པའི་འཁོར་དེ་དག་རྣམས་ཉིད་ཀུན་ནས་ནོར་བུའི་རང་བཞིན་གྱི་ཁང་བུ་དེར་མངོན་པར་ཞུགས་པ་དེ་དག་གིས་མཐོང་བར་གྱུར་ཏེ། ཇི་ལྟར་རང་གིས་བྱས་པའི་ལས་དང་འདྲ་བར་དགའ་བ་དེའི་ནང་དེ་ན་འདི་དག་ཡོད་དེ། ཆུ་ཀླུང་དང་འབབ་ཆུ་དང་རྫིང་བུ་དང་ནགས་སྐྱེད་མོས་ཚལ་དང་པད་མའི་ཚལ་དང་དགའ་ཚལ་དང་རི་དང་རིའི་རྩེ་མོ་དང་ཚང་ཚིང་དག་གིས་ལེགས་པར་གང་བར་གྱུར་པ་མཐོང་ན་དགའ་བ་དུ་མ་རྣམས་ཕྱོགས་གཞན་ དང་གཞན་ན་མཐོང་བར་གྱུར་པ་རྣམས་ལ། བྱ་རྣམས་དགའ་བར་འགྱུར་བའི་ཀྲ་ཀྲིའི་སྒྲ་རྗོད་པར་བྱེད་པ་དང ། ཁ་དོག་དང་དབྱིབས་སྣ་ཚོགས་པའི་སའི་ཆ་རྣམས་དང་དྲི་དང་ལྡན་པར་གྱུར་པའི་མེ་ཏོག་གིས་ཀུན་ཏུ་ཁེབས་པས་ཆགས་པར་བྱེད་དོ། །དེ་བཞིན་དུ་ཡུལ་གཞན་རྣམས་ན་ཡང་མཐོང་ བར་གྱུར་པ་ལ་རི་དགས་དང་བྱ་རྣམས་ཆུ་ཀླུང་མཉམ་པ་དང་མི་མཉམ་པའི་དགའ་བར་གྱུར་པའོ། །གཞན་ཡང་ལྷས་ཡུལ་ཕྱོགས་གཞན་རྣམས་སུ་མཐོང་བར་གྱུར་པ་ལ་གང་དག་ཇི་ལྟར་འདོད་པ་བཞིན་དུ་ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ལེགས་པར་གང་བས་རྒོད་པ་དང་འགྱིང་བ་དང་རྩེ་འཇོ་བས་ 70-1-207b རྣམ་པ་སྣ་ཚོགས་པའི་བདེ་བ་བལྟ་བར་དགའ་བ་རྣམས་སོ། །ཇི་སྐད་དུ་བཤད་པའི་ཡུལ་ཕྱོགས་དེ་དག་རྣམས་ཐམས་ཅད་ལ་གསར་དུ་སྐྱེས་པའི་ལྷ་དེས་དང་པོ་མཐོང་བ་ཡིན་པས་ལྷ་མོ་དེ་དག་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་ཅིང་བག་མེད་པས་རྒྱུ་བར་བྱེད་དོ། །གཞན་ཡང་ཡུལ་ཕྱོགས་གཞན་དག་རྣམས་སུ་ ཡང་མི་ངོམས་པའི་འདོད་པའི་སྲེད་པ་རྣམས་ཀྱིས་ཉེ་བར་འགྲོ་སྟེ། གང་ན་བདུད་རྩིའི་རང་བཞིན་གྱི་ས་ཕྱོགས་ཡོད་པ་དེར་ཟས་དོན་དུ་གཉེར་བར་བྱ་བའི་ཕྱིར་ཉེ་བར་འགྲོ་བར་བྱེད་དོ། །དེ་དེར་ཇི་ལྟར་ལེགས་པར་བྱས་པའི་ལས་དང་འདྲ་བར་ཟ་བར་བྱེད་དོ། །དེ་ཉེ་བར་ཟོས་ནས་ཀྱང་ཡུལ་གྱི་མེས་་ བསྲེགས་པར་གྱུར་པས་གང་ན་བཏུང་བའི་ཆུ་ཀླུང་ཡོད་པ་དེར་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་ནས་ཉེ་བར་འགྲོའོ། །དེའི་འཁོར་དེ་དག་རྣམས་ཉིད་དང་རྒྱ་ཆེན་པོའི་སྲེད་པའི་རླབས་རྣམས་ཀྱིས་ཁྱེར་བར་གྱུར་པ་ན་བདུད་རྩི་འདི་དག་རྣམས་དང་ཕྲད་པར་གྱུར་ཏེ། དེ་ནས་དེ་དག་བཏུང་བའི་ས་གཞིར་ སོང་ནས་རྣམ་པ་སྣ་ཚོགས་པའི་ནོར་བུའི་སྣོད་རྣམས་སུ་མྱོས་བྱེད་དེ་དག་འཐུང་བར་བྱེད་དོ། །དེ་ཕྱིར་ཞིང་ཉིད་ཀྱང་མྱོས་བྱེད་ཀྱིས་རངས་པར་གྱུར་པ་ནི་མར་ཀུན་ཏུ་བླུགས་པར་གྱུར་པ་ཉིད་ཀྱི་མེ་འགྲན་ཟླ་མེད་པར་གྱུར་པ་བཞིན་དུ་འདིའི་ཡུལ་གྱི་སྲེད་པ་རྣམས་ཀྱང་རབ་ཏུ་འབར་བར་འགྱུར་རོ། །དེ་ཡང་ ཡུལ་དེ་དག་རྣམས་ཀྱིས་ཀུན་ཏུ་རྨོངས་པར་གྱུར་ནས་ཕྱིར་ཞིང་ཉིད་ཀྱང་ལྷའི་བུ་མོ་དེ་དག་ཉིད་དང་ལྷན་ཅིག་ཏུ་གར་དང་རབ་ཏུ་དགའ་བར་ཡང་བྱེད་དོ། །དེ་དག་དེ་བཞིན་དུ་གནས་དེར་རྩེད་མོ་རྣམས་བྱས་ནས། སླར་ཡང་གང་ན་པད་མའི་རྫིང་བུ་ཡོད་པར་གྱུར་པ་དེར་ཉེ་བར་འགྲོ་བར་བྱེད་དོ། །ཆུ་ལ་རྩེ་བར་ བྱ་བར་འདོད་པའི་དབང་དུ་བྱས་ནས་ཐམས་ཅད་ལ་ཡང་རིག་པར་བྱས་ཏེ། གང་ན་པད་མའི་རྫིང་བུ་དེ་ཡོད་པ་དེར་ཀུན་ཏུ་ཉེ་བར་འགྲོའོ། །གཞན་ཡང་དེ་ཡུལ་རྣམས་ཀྱིས་རྒྱགས་པར་གྱུར་ནས་དེ་དག་རྣམས་དང་ལྷན་ཅིག་ཏུ་ཆུའི་རྩེད་མོ་བྱེད་པར་འགྱུར་རོ། །ལྷའི་བུ་མོ་དེ་དག་རྣམས་ཉིད་དང་ལྷའི་བདེ་བ་མཆོག་ཏུ་དཔེ་ མེད་པ་རྣམས་མངོན་སུམ་དུ་ཉེ་བར་ལོངས་སྤྱོད་པ་བྱེད་དོ། །དེ་གཞན་ཡང་དེ་ཁོ་ན་བཞིན་དུ་རྒྱགས་པས་རྒྱགས་པར་གྱུར་ནས་རྣ་བ་ཚིམ་པར་བྱ་འདོད་པས་འགྲན་གྱི་དོ་མེད་པའི་ཡུལ་གྱིས་ཀུན་ཏུ་ཁྲིད་པའི་ཕྱིར་རྔ་སྐད་ཡན་ལག་ལྔ་པ་ཉན་པར་འདོད་དོ། །དེ་ནས་གཞན་ཡང་དེ་དག་རྣམས་ཉིད་ཀྱི་དཀྱིལ་དུ་སོང་ནས་ལྷ་དེ་ 70-1-208a གཅིག་པུ་གླུ་ལེན་ནོ། །གླུ་ཉན་པར་ཡང་བྱེད་དོ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པ་ཐམས་ཅད་ཀྱི་རྣ་བ་དང་ཡིད་འཕྲོག་པར་བྱེད་པ་གང་ཡིན་པ་ནི་དངོས་པོ་གཞན་རྣམས་ཀྱི་དཔེ་བྱ་བར་ཡང་སླ་བ་མ་ཡིན་ནོ། །དེ་དེ་ལྟར་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་བས་ཀྱང་ངོམས་ པར་འགྱུར་བ་ཡང་མ་ཡིན་ནོ། །སྲིད་པས་རྣམ་པར་གདུངས་པར་གྱུར་པའི་བསམ་པ་ཅན་རྣམས་ནི་སྲིད་པས་རྣམ་པར་ངོམས་པར་འགྱུར་བ་ཡང་མ་ཡིན་ཏེ། ཇི་ལྟར་མེ་ནི་བུད་ཤིང་རྣམས་ཀྱིས་ངོམས་པར་མི་འགྱུར་ལ་དེ་བཞིན་དུ་འདོད་པ་དང་བཅས་པས་འདོད་པ་དང་ལྡན་པ་རྣམས་རྣམ་པར་ངོམས་པ་མི་སྐྱེའོ། ། དེ་དེ་ན་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མའི་བདེ་བ་རྣམས་ཉེ་བར་ལོངས་སྤྱོད་པར་གྱུར་པས་དུས་རིང་དུ་རྩེ་འཇོ་བྱས་ནས། གཞན་ཡང་ནོར་བུའི་རང་བཞིན་གྱི་ཁང་བུ་དེ་ཉིད་ཀྱིས་ངང་པའི་ནགས་དེ་ཉིད་དུ་སླར་ཡང་རབ་ཏུ་འཇུག་པར་བྱེད་དེ། ཕྱིར་བཞིན་འབྲང་བར་གྱུར་པའི་འཁོར་རྣམས་ཐམས་ཅད་དང་དེ་ སོང་ནས་ཕྱིར་ཞིང་ཉིད་ཀྱང་སྔ་ན་མ་མཐོང་བའི་ཡུལ་ཕྱོགས་གཞན་རྣམས་སུ་འཇུག་པར་བྱེད་དོ། །ནགས་དེའི་དགའ་བར་གྱུར་པ་ཡང་འདི་དག་ཡིན་ཏེ། ཇི་ལྟར་བལྟས་པར་གྱུར་པ་དེ་ལྟར་ནགས་དེ་ནི་ཆེས་དགའ་བར་གྱུར་པ་ཡིན་ནོ། །དབང་པོ་རྣམས་ཀྱང་ཡུལ་རྣམས་ཀྱིས་ངོམས་པ་ཡང་མེད་དོ། །དེ་ལྟར་བྱས་་ པས་ནགས་དེ་དག་ནི་བལྟ་བར་ནུས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་འབབ་ཆུ་དང་རྫིང་བུ་དང་ནགས་དང་ཉེ་བའི་ནགས་དང་ཤིང་གི་ཚོགས་རྣམས་དང་ལྷ་དང་ལྷ་མོའི་ཚོགས་རྣམ་པ་དུ་མ་རྣམས་ཀྱང་དེ་ན་མཐོང་ངོ ། །དེ་ཁོ་ན་བཞིན་དུ་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་རྩེ་བར་གྱུར་པས་གཞན་ཡང་མཁའ་ལྡིང་གི་་ རྒྱལ་པོ་དུས་བཟངས་དེ་རྣམ་པར་ཡངས་པའི་པད་མའི་རྫིང་བུ་གང་ན་གནས་པར་གྱུར་པ་དེར་ལྷའི་བུ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་ནས་དེ་དག་རྣམས་ལེགས་པར་ཉེ་བར་འགྲོ་བར་བྱེད་དོ། །དེ་ལྟར་དེས་མང་དུ་མཐོང་ངོ ། །དེ་ལྟར་དེས་ལྷའི་ཚོགས་བརྒྱ་སྟོང་དུ་མ་རྣམས་གླུ་ལེན་པར་གྱུར་པ་དང ། ལྷ་རྫས་ཀྱི་རིམ་པས་བདེ་བ་དང ། ཡང་དག་པར་ལྡན་པར་གྱུར་པ་རྣམས་མཐོང་བར་འགྱུར་རོ། །གང་དག་ལ་དཔེས་གཞལ་བར་བྱ་བ་རྣམས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། གང་གིས་དཔེར་བྱེད་པར་གྱུར་པའི་འཇིག་རྟེན་ཀུན་ཏུ་གསལ་བར་བྱེད་པའི་ཉི་མ་ཡང་གང་དག་གིས་ཁྱད་པར་གྱིས་སྲིན་ 70-1-208b བུ་མེ་ཁྱེར་ཙམ་དུ་ཡང་མ་ཡིན་ནོ། །འོད་ཟེར་གྱི་དབང་དུ་བྱས་ནས་དེ་ལས་གཞན་པ་རྣམས་གང་དག་གིས་དཔེར་བྱེད་པ་ཡིན། དེ་ལྟར་ལྷ་རྣམས་ནི་དཔེ་མེད་པའི་ཡུལ་རྣམས་ཀྱིས་ཉེ་བར་འཚོ་བ་ཡིན་ནོ། །རོ་རྣམས་ཀྱི་ཡང་དཔེ་བྱ་བར་ནུས་པ་མ་ཡིན་ཏེ།མི་རྣམས་ཀྱི་ཡང་གང་གི་ཕྱིར་རོའི་མཆོག་ཏུ་གྱུར་པ་ རྣམས་ལ་འདི་ལྟ་སྟེ། སྦྲང་རྩི་དང་བཅོས་པའི་ཆང་དང་བུ་རམ་ཤིང་དང་ཤའི་རིགས་སུ་གྱུར་པ་རྣམས་དང་སྟེ། ཤིན་ཏུ་ལེགས་པར་སྦྱར་བའི་རོ་དེ་རྣམས་ཐམས་ཅད་དང་ཡང་དག་པར་ལྡན་པས་ཀྱང ། བདུད་རྩི་དམར་པོ་དག་གི་ཁྱད་པར་གྱིས་བིམ་པའི་འབྲས་བུ་ཙམ་དང་ཡང་འདྲ་བ་མ་ཡིན་ནོ། །མི་རྣམས་ ཀྱི་རོ་ཐམས་ཅད་དང་ཡང་དག་པར་ལྡན་པ་དེ་གང་གིས་དཔེར་བྱེད་པར་འགྱུར། རོའི་དབང་དུ་བྱས་ནས་ལྷ་རྣམས་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །དྲི་རྣམས་ཀྱི་ཡང་དཔེར་བྱ་བ་ནུས་པ་མ་ཡིན་ཏེ། འདི་ན་མི་རྣམས་ཀྱི་དྲི་ཞིམ་པར་གྱུར་པ་རྣམས་ཐམས་ཅད་ལ་འདི་ལྟ་སྟེ། ཙན་དན་དང ། ་ག་རུ་དང ། ་ ཕྱེ་མ་དང ། བྱུག་པ་དང ། ནི་ཁུ་སྟི་དང ། ཙམ་པ་ཀ་དང ། ཀེ་ཏ་ཀ་དང ། ཡིད་བདེ་བའི་མེ་ཏོག་དང ། ཛཱ་ཏིའི་དྲི་དང ། དབྱར་གྱི་དུས་པ་དང ། ུད་པ་ལ་དང ། ཀུ་སུ་མཱ་དང ། ནི་ཙུ་ལ་ལ་སོགས་པའིའོ། །དེ་དག་རྣམས་བསྡོམས་ནས་གཅིག་ཏུ་བྱས་པས་ཀྱང་ལྷ་རྣམས་ཀྱི་མེ་ཏོག་ཐམས་ཅད་ཀྱི་ཐ་ མར་གྱུར་པ་ནིམ་པའི་ལོ་མའི་བཅུ་དྲུག་གི་ཆར་ཡང་མི་ཆོག་གོ། །དེ་ལྟར་བྱས་ནས་དྲི་རྣམས་ཀྱི་དཔེར་བྱ་བར་ཡང་མི་ནུས་སོ། །ལྷ་རྣམས་ཀྱི་རེག་བྱ་ནི་དཔེ་མེད་པ་དང་ཡང་དག་པར་ལྡན་པ་ཡིན་ཏེ་ལྷ་རྣམས་ཀྱི་གང་ཡིན་པ་ལ་ནི་མི་རྣམས་ཀྱིས་རྟོགས་པའི་ཡུལ་མ་ཡིན་ནོ། །མི་རྣམས་ཀྱི་རེག་བྱ་རྣམས་ཐམས་ ཅད་ཀྱི་མཆོག་ཏུ་གྱུར་པ་རྣམས་ཀྱང་འདི་ལྟ་སྟེ། སྲིན་བལ་དང ། མོན་དར་དང ། དུ་ཀུ་ལ་དང ། བལ་དང ། རས་བལ་ལ་སོགས་པ་དང་གཞན་ཡང་མི་རྣམས་ཀྱི་གང་དག་རྣམ་པ་དེ་ལྟ་བུར་གྱུར་པ་དེ་དག་ཐམས་ཅད་བསྡོམས་པར་གྱུར་པས་ཀྱང ། ལྷ་རྣམས་ཀྱི་རེག་བྱ་ཐམས་ཅད་ལས་ཐ་མར་གྱུར་པ་འདི་ ལྟ་སྟེ། ལྷ་རྫས་ཀྱི་རྡོ་རྗེར་གྱུར་པའི་སྲིད་པའི་སྡུག་བསྔལ་བྱེད་པ་རྣམས་ཀྱི་ཡང་བཅུ་དྲུག་ཆར་ཕྱེ་བ་ཙམ་དུ་ཡང་མི་ཆོག་པར་འདོད་དོ། །རྒྱུ་དེས་ན་ལྷ་རྣམས་ཀྱི་རེག་བྱ་ཡང་དཔེ་མེད་པ་ཡིན་ལ་དེ་དག་ལ་ཡང་དཔེ་བྱ་བར་ནུས་པ་མ་ཡིན་ནོ། །སྒྲ་རྣམས་ཀྱང་དཔེ་མེད་པ་དང་ཡང་དག་པར་ལྡན་པས་ལྷ་ 70-1-209a རྣམས་རྒྱུ་བ་ཡིན་ནོ། །འདི་ན་མི་རྣམས་ཀྱི་མཆོག་ཏུ་གྱུར་པའི་སྒྲ་ནི་འདི་ལྟ་སྟེ། པི་བང་དང ། ས་ཀཱ་ཤ་དང ། གླིང་བུ་དང ། རྫ་རྔ་དང ། གླུ་ལ་སོགས་པ་རྣམས་ཡིན་ནོ། །ཆགས་པར་གྱུར་པ་དེ་དག་རྣམས་ཐམས་ཅད་བསྡོམས་པས་ཀྱང་ལྷ་རྣམས་ཀྱི་རྒྱན་གྱི་མཆོག་གི་བཅུ་ དྲུག་ཆར་ཡང་མི་ཆོག་པར་འདོད་དེ། ལྷ་རྣམས་ཀྱི་སྒྲ་རྣམས་ཀྱང་དཔེ་མེད་པ་དང་ཡང་དག་པར་ལྡན་པ་ཡིན་ནོ། །དཔེར་བྱ་བ་ནི་འདི་དག་རྣམས་ཡིན་ཏེ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང་མིའོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ནི་འཐབ་བྲལ་བ་ལ་མ་ཡིན་ནོ། །དེའི་ཁྱད་པར་ཡང་མི་ རྣམས་ཀྱི་འདོད་པ་དང་རྒྱལ་ཆེན་རིས་བཞིའོ། །དེའི་ཁྱད་པར་གྱིས་སུམ་ཅུ་རྩ་གསུམ་པ་དང་རྒྱལ་ཆེན་རིས་བཞིའོ། །རྒྱལ་ཆེན་རིས་བཞིའི་ཡུལ་དང་སུམ་ཅུ་རྩ་གསུམ་པའི་ཁྱད་པར་གང་ཡིན་པའི་ཁྱད་པར་འདི་དག་གིས་ཀྱང ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་འདོད་པའི་རིམ་པ་རྣམས་དང་ལས་ཀྱི་ཁྱད་པར་ རྣམས་ཀྱིས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་རྣམས་ཀྱི་ཡང་ལྷ་རྫས་ཀྱི་ཡུལ་རྣམས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེའི་ཕྱིར་ཡང་ལྷ་རྣམས་ནི་བདེ་བ་དཔེ་མེད་པ་དུ་མ་རྣམས་དང་ཡང་དག་པར་ལྡན་པ་ཡིན་ནོ། །ལྷ་དེ་དག་ངང་པའི་ནགས་དེ་ན་རྩེད་མོ་རྩེ་བར་གྱུར་པ་ལས་བར་སྣང་ལ་འགྲོ་བའི་ རྒྱལ་པོ་དེ་དང་ཉེ་བར་ཕྱིན་པར་གྱུར་ཏེ། གང་ལ་འདི་རྩེ་བར་གྱུར་པ་རྣམ་པར་ཡངས་པའི་པད་མའི་རྫིང་བུར་ལྷན་ཅིག་རྗེས་སུ་སྤྱོད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་པད་མའི་ནགས་ལ་ལེགས་པར་གནས་ཏེ་ཉེ་འཁོར་ན་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏོ། །དེ་དག་རྣམས་གང་ཡིན་པ་དེའི་ པད་མ་གཅིག་པོ་གང་ལ་འདི་རྩེ་བར་བྱེད་པ་དེ་ནི་ཚད་དཔག་ཚད་ཙམ་མོ། །རིན་པོ་ཆེ་སྣ་བདུན་གྱི་དཔེར་བྱ་བར་གྱུར་པ། རྡོ་རྗེའི་ཟེའུ་འབྲུ་རྣམས་ཀྱིས་རེག་ན་བཟོད་པར་གྱུར་པ་བླ་ན་མེད་པའི་དྲི་དང་ཁ་དོག་རྣམས་དང་ལྡན་པ་དཔེ་མེད་པར་གྱུར་པ་འོད་ཟེར་དུ་མ་རྣམས་ཀྱིས་རྣམ་པར་སྣང་བར་བྱས་པ་ འདབ་མ་སྟོང་ཕྲག་བརྒྱ་པ་གང་ཡིན་པ་འདིའི་དབུས་སུ་གནས་པར་གྱུར་ནས་པད་མའི་རྫིང་བུར་མུ་སུ་ལུན་དྷ་ལ་སོགས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་ཡང་སྨོན་ལམ་གྱི་དབང་གིས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བོ་རྣམས་ལ་ཕན་པའི་དོན་དང་བདེ་ལེགས་སུ་འགྱུར་བའི་དོན་དུ་སྟེ་ཕན་ 70-1-209b པར་འདོད་པ་དག་གིས་དེར་སྐྱེས་སོ། །དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དེ། བག་མེད་པ་སྤང་བའི་དོན་དུའོ། །ལྷ་གསར་དུ་སྐྱེས་པ་དེ་མཐར་གྱིས་རྣམ་པར་ཡངས་པའི་པད་མའི་རྫིང་དེར་སླེབ་པར་གྱུར་ཏོ། །དེ་མངོན་པར་མཐོང་ནས་ཀྱང་དུས་བཟངས་དེས་ཚིགས་སུ་བཅད་པ་རྗོད་པར་བྱེད་པ། ཇི་ལྟར། འདོད་པས་ངོམས་ པ་མེད་པ་དང ། །སྲེད་པས་ཀྱང་ནི་གདུངས་པ་ཡི། །སེམས་དང་དབང་པོ་གཡོ་བ་ཡི། །དུས་འདི་ཡོངས་སུ་འདའ་བ་ཡིན། །འཆིང་བ་ལྔ་ཡིས་བཅིངས་འགྱུར་ཞིང ། །དྲུག་གིས་རྣམ་པར་རྨོངས་པ་ཡང ། །དུས་གསུམ་ལ་ཡང་རྣམ་རྨོངས་པའི། །དུས་འདི་ཡོངས་སུ་འདའ་བ་ཡིན། །འགྲོ་བའི་བཙོན་རར་བཅིངས་ན་ཡང ། །སྐྱོ་ བའི་དབང་དུ་འགྲོ་མིན་པ། །བག་མེད་ཡུལ་གྱིས་རྨོངས་པས་ཀྱང ། །དུས་འདི་ཡོངས་སུ་སྐྱེལ་བ་ཡིན། །རྒོད་དང་ཁྲེལ་མེད་ཆགས་པ་དང ། །ལུས་ཀྱི་མཛེས་པ་ལ་དགའ་ཞིང ། །འདོད་པས་ཡིད་ནི་ངོམས་མེད་པའི། །དུས་འདི་ཀུན་ནི་འགག་པ་ཡིན། །མི་རྟག་བསྒྲུབ་པར་མི་ནུས་པའི། །བདེ་ལ་ཆགས་པའི་ལུས་ཅན་ རྣམས། །བུད་མེད་མཐོང་བས་བརྒྱལ་བ་ཡི། །དུས་འདི་ཡོངས་སུ་འདའ་བ་ཡིན། །སྐྱེ་དང་འཆི་བའི་དབང་ཉིད་དང ། །སྲེད་པས་ཀྱང་ནི་རྨོངས་པ་ཡི། །བྱིས་པའི་སྐྱེ་བོ་རྣམས་ཀྱི་ཡང ། །དུས་འདི་ཡོངས་སུ་འདའ་བ་ཡིན། །གཏི་མུག་མུན་པར་བྱིང་བ་དང ། །ཀུན་ནས་འདོད་ཆགས་ཀྱིས་ཕྲོགས་པའི། །སྲེད་པས་ངོམས་ པ་མེད་འདི་ཡི། །ཞེ་སྡང་འཆིང་བས་བཅིངས་ནས་ནི། །དུས་འདི་ཡོངས་སུ་འདའ་བར་བྱེད། །ལོག་པར་ལྟུང་བ་མངོན་མི་ཤེས། །རྣམ་པར་རྟོག་པས་ཉེར་བཅོམ་པའི། །སྐྱེ་བོ་ཆགས་པའི་ཡིད་ཅན་རྣམས། །དུས་འདི་ཡོངས་སུ་འགག་པ་ཡིན། །དུས་དེ་ཙམ་དུ་དགའ་འགྱུར་ཡང ། །ཡོངས་སུ་སྨིན་ནས་ཕན་མིན་ པའི། །འདོད་པ་ལ་ནི་ཆགས་པའི་ཡིད། །དུས་འདི་ཡོངས་སུ་སྐྱེལ་བ་ཡིན། །སྔོན་གྱི་སྡུག་བསྔལ་མངོན་མི་ཤེས། །ལྷ་ཡི་བདེ་ལ་དགའ་བ་ཡང ། །རྣམ་བྲལ་དེ་ནི་མི་ཤེས་པར། །དུས་འདི་ཡོངས་སུ་འདའ་བ་ཡིན། །ལས་ཀྱི་དྲ་བས་ཀུན་ནས་བཅིངས། །བཀྲེན་པ་ཉིད་ཀྱི་བྱེད་པ་ཡིས། །དམ་པའི་ལམ་ལས་ཡོངས་ ཉམས་ནས། །དུས་འདི་ཡོངས་སུ་འདའ་བར་བྱེད། །རྣམ་རྨོངས་སེམས་དང་བྲལ་བས་ནི། །སྲིད་པའི་སྐྱོན་ནི་ཤེས་པ་མིན། །གཏི་མུག་མུན་པར་ནུབ་པ་ཡིས། །དུས་འདི་ཡོངས་སུ་འདའ་བར་བྱེད། །ལས་ཞགས་གཅིག་གིས་བཅིངས་ནས་ནི། །གྲོགས་མེད་གཅིག་པུའི་ལུས་ཅན་རྣམས། །ལྷ་མོའི་ཚོགས་ཀྱིས་ 70-1-210a རྣམ་རྨོངས་པས། །དུས་འདི་ཡོངས་སུ་འགག་པར་བྱེད། །དབང་པོ་རྣམས་ཀྱིས་ཁྲིད་པ་དང ། །དམ་པའི་ལམ་ལ་འཁྲུལ་བས་ཀྱང ། །བུད་མེད་དེ་ནི་ཤེས་མིན་པས། །དུས་འདི་ཡོངས་སུ་འདའ་བར་བྱེད། །སྡོམ་དང་སྡོམ་མིན་ཤེས་མིན་དང ། །གནོད་སེམས་མང་པོར་གྱུར་པ་དང ། །ལེགས་པར་བསྡམས་པའི་ ལམ་ཞིག་པ། །དུས་འདི་ཡོངས་སུ་སྐྱེལ་བར་བྱེད། །ཕན་དང་ཕན་མིན་ཕྱི་རོལ་དང ། །དོན་དང་དོན་མིན་ལ་རྨོངས་པའི། །རྩེད་མོས་བྱིས་པ་དང་མཚུངས་པའི། །དུས་འདི་ཡོངས་སུ་འདའ་བར་འགྱུར། །ཆུ་ཀླུང་འབབ་ཆུ་ལྟེང་ཀ་དང ། །ནགས་དང་སྐྱེད་ཚལ་ས་གཞི་ལ། །རྩེ་དགའ་ལ་ནི་ཆེད་ཆེ་འདིའི། །དུས་འདི་ཡོངས་ སུ་ཟད་པ་ཡིན། །ཁང་བུ་དང་ནི་རི་སྟེང་དང ། །པད་མའི་ཚལ་གྱི་རྫིང་བུར་ཡང ། །དགའ་བར་འདོད་པའི་ལོངས་སྤྱོད་ལ། །དུས་འདི་ཡོངས་སུ་འདའ་བར་བྱེད། །ལས་དང་ལས་ཀྱི་རྣམ་སྨིན་ལ། །སྣང་བ་མེད་པའི་ལུས་ཅན་རྣམས། །ཟས་ལ་ཆགས་པ་འབའ་ཞིག་གིས། །དུས་འདི་ཡོངས་སུ་ཟད་པར་བྱེད། །ཁམས་ གསུམ་འདི་ན་རྟག་ཏུ་ཡང ། །ལས་ཀྱི་རླུང་གིས་ཡོངས་སུ་བསྐོར། །འཁྲུལ་འཁོར་བཞིན་དུ་རྟག་ཏུ་འཁོར། །བྱིས་པ་རྣམས་ཀྱིས་གོ་བའང་མིན། །མཐོན་པོའི་རང་བཞིན་འཕྱང་མོ་ཞོན། །སྐྱེས་བུ་ལོག་པར་ལྟུང་བ་ཡིན། །རྣམ་པར་རྨོངས་པས་སྐྱོན་རྣམས་ནི། །བཟློག་ལ་རབ་ཏུ་འབད་མི་བྱེད། །དེ་དག་དང་ནི་དེ་ལས་ གཞན། །འདོད་པའི་བདེ་བ་ཡོངས་སྤོང་བ། །འདོད་དང་བྲལ་བ་བརྟན་པ་ཡི། །སྐྱོབ་པ་མྱ་ངན་འདས་པ་ཡི། །དེ་ནི་ཐོག་མ་བར་ཐ་མར། །དགེ་བའི་བདེ་ལེགས་བླ་ན་མེད། །གང་ཞིག་ཐོབ་ནས་ཐུབ་པ་རྣམས། །ཡམས་དང་བྲལ་བའི་ཞི་བར་རྒྱུ། །འདོད་སྐྱེས་སྲིད་བདེ་དམ་པ་ནི། །དེ་ནི་ལོག་ལྟུང་ནང་དུ་ཆུད། །སྡུག་ བསྔལ་རྣམ་སྨིན་སྐྱེས་མིན་པའི། །འདོད་པའི་ཁྱད་པར་འགའ་ཞིག་མེད། །དེ་ཕྱིར་འདོད་པ་ཞེས་བྱའི་བློ། །ནམ་ཡང་བསྐྱེད་པར་མི་བྱའོ། །དེ་ཡང་སྡུག་བསྔལ་རྣམ་འཁོར་བའི། །རྒྱུར་གྱུར་ཤིན་ཏུ་མི་བཟད་པའོ། །དེ་ལྟར་ངང་པ་དེས་ལྷ་གསར་དུ་སྐྱེས་པ་དེ་མངོན་པར་ལེགས་པར་མཐོང་ནས་ཚིགས་སུ་་ བཅད་པ་བརྗོད་ལ། ཡུལ་རྣམས་ལ་སྨད་ར་ཡང་བྱས་སོ། །དེས་དེ་ལྟ་བུ་རྣམས་ཁོ་ན་བཤད་པར་གྱུར་པ་ན་ལྷ་དེ་མཐའ་མ་ཉིད་ཐོབ་པར་འགྱུར་རོ། །ལྷ་དེས་ལེགས་པར་བཤད་པ་དེ་དག་རྣམས་ལ་བརྩི་བགྲང་མ་བྱས་པས་དེ་བཞིན་དུ་ཡུལ་གྱིས་ཀུན་ཏུ་རྨོངས་པར་གྱུར་ནས་སླར་ཡང་དེ་ཉིད་ཀྱི་མདུན་དུ་རྩེ་ 70-1-210b བ་དང་དགའ་བ་དང་ཡོངས་སུ་སྤྱོད་པར་ཡང་བྱེད་ཅིང ། ཆུ་ལ་རྩེ་བར་བྱེད་དོ། །པད་མའི་རྫིང་བུར་ཞུགས་པར་གྱུར་ནས་པད་མ་དག་བཅད་དེ་ལྷའི་བུ་མོ་དེ་དག་དང་ལྷན་ཅིག་ཏུ་རྩེད་མོ་ཡང་རྩེ་བར་བྱེད་དེ་ལྷ་རྫས་ཀྱི་བདེ་བ་དང་ལྡན་པའི་ཡུལ་གྱིས་རྣམ་པར་རྨོངས་པའི་ཕྱིར་རོ། །ཕན་པའི་ཚིག་དེ་དག་རྣམས་ ཉེ་བར་ཐོས་པར་གྱུར་ནས་ཀྱང་དགའ་བར་བྱེད་པ་ཉིད་ནི་འདོད་པའི་དབང་དུ་སོང་བའི་ཕྱིར་རོ། །དེ་ནས་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་མུན་པའི་སྣོད་ཀྱི་ལྷ་དེ་དག་རྣམས་ལ་གཞན་ཡང་རྗོད་པར་བྱེད་པ། ཇི་ལྟར་ཡུལ་འདི་དག་གིས་རྣམ་པར་རྨོངས་པར་གྱུར་པ་དེས་ན་ཕན་པའི་ཚིག་འདི་དག་རྣམས་མི་ཐོས་ སོ། །མ་ཐོས་པར་གྱུར་ཡང་སོང་དང་དེ་ཤེས་པར་བྱེད་པ་འབྱུང་བར་འགྱུར་གྱིས། དེ་ལྟར་ནམ་མཁའ་ལྡིང་གི་རྒྱལ་པོ་དེས་རྗོད་པ་དང ། ལྷ་རྫས་ཀྱི་ཆེས་གཙོ་བོར་གྱུར་པ་མཆོག་ཏུ་ཡང་རྣ་བ་དང་ཡིད་འཕྲོག་པར་བྱེད་པའི་སྒྲ་དག་རིང་བ་ནས་ཐོས་པར་གྱུར་ཏོ། །ལེགས་པར་བྱས་པའི་ལས་ཆེས་ལྷག་པར་་ གྱུར་པའི་སྒྲ་གང་ཡིན་པ་དེས་པ་ཊ་ཧ་དང ། གླིང་བུ་དང ། པི་བང་དང ། རྔ་མུ་ར་བའི་ཚོགས་དང་ཆགས་པར་འགྱུར་བའི་གླུ་དང་རོལ་མོའི་སྒྲ་ཐམས་ཅད་ཉམས་པར་བྱེད་དོ། །དེ་ནས་ལྷ་གང་དག་རྣམ་པར་ཡངས་པའི་པད་མའི་རྫིང་བུ་ན་རྩེད་མོ་རྩེ་བར་བྱེད་པ་དེ་དག་ལས་དེ་རྣམས་ཐམས་ཅད་ཀྱང་གང་ནས་སྒྲ་ ཐོས་པར་གྱུར་པ་དེར་ཁ་ཕྱོགས་ཏེ་གནས་སོ། །དེ་ནས་རིང་བ་ཉིད་ནས་འོངས་པར་གྱུར་པ་ནི་ཁང་བུ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་ལྷ་རྫས་ཀྱི་གླུ་མཁན་གྱི་སྒྲས་ཆགས་པ་སྐྱེད་པར་བྱེད་པའི་སྒྲ་རྣམས་ཉེ་བར་བསྒྲགས་པར་གྱུར་པ་སྟེ། ཇི་ལྟར་གཟའ་དང་སྐར་མ་དང་རྒྱུན་སྐར་རྣམས་ཀྱིས་ཡོངས་སུ་བསྐོར་ བའི་ཟླ་བ་རྣམ་པར་མཛེས་པ་བཞིན་དུ། དེ་ལྟར་རྣམ་པར་མཛེས་ཤིང་གསལ་བ་ཡིན་ནོ། །དེ་ལྟར་ཡང་ཁང་བུའི་ཕྲེང་བ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བར་གྱུར་པ་དང་དེའི་ལུས་ལས་ཀུན་ནས་འཕྲོ་བའི་འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་ལྷའི་ཚོགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་གྱུར་པས། མཆོག་ཏུ་ གསལ་བར་བྱེད་པ་དང་ལྷ་མོ་བརྒྱ་སྟོང་གིས་ཀྱང་ཉེ་བར་གླུ་ལེན་པར་གྱུར་པས་ཤིན་ཏུ་འཐབ་བྲལ་བ་རྣམས་ཀྱི་བདག་པོ་འོངས་པར་གྱུར་ཏེ། འདབ་མ་སྟོང་ཕྲག་བརྒྱ་པ་རིན་པོ་ཆེ་སྣ་བདུན་གྱིས་ཉེ་བར་སྣང་བར་བྱེད་པ་མཆོག་ཏུ་མཛེས་པར་གྱུར་ཅིང ། དགའ་བའི་པད་མའི་དབུས་ཀྱི་སྙིང་པོ་གང་ཡིན་པ་དེ་ 70-1-211a ལ་ཉེ་བར་གནས་ཤིང་ཆོས་ཉན་པར་འདོད་པས་ལྷན་ཅིག་སྤྱོད་པས་ཡོངས་སུ་བསྐོར་ནས་གང་ནས་བྱང་ཆུབ་སེམས་དཔའ་དུས་བཟངས་ནམ་མཁའ་ལྡིང་གི་རྒྱལ་པོ་ཡོད་པ་དེར་འོངས་པ་ཡིན་ནོ། །དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་དེ་དག་ཉེ་བར་མཐོང་བར་གྱུར་ ནས་རྩོམ་པ་ཆེན་པོས་དེ་རིངས་པར་འགྲོ་བར་བྱེད་དེ་དེ་ཡང་ངང་མོ་གཞན་དག་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང ། ངང་པ་ཡང་རིན་པོ་ཆེ་བདུན་གྱི་ནོར་བུའི་ཐིག་ལེ་རྣམས་ཀྱིས་རྣམ་པར་བཀྲ་བར་གྱུར་པ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ནས་ནམ་མཁའི་དཀྱིལ་དུ་འཕགས་པར་གྱུར་ནས། གང་ན་འཐབ་ བྲལ་གྱི་མངའ་བདག་ཡོད་པ་དེར་ཉེ་བར་ཕྱིན་ཏོ། །ངང་པ་དེ་དག་གིས་ཀྱང་དགའ་བའི་དབྱངས་དག་ཀྱང་ཉེ་བར་བསྒྲགས་སོ། །དེ་བཞིན་དུ་ལྷ་དང་བྱའི་རྒྱལ་པོ་དག་ཕན་ཚུན་དུ་གུས་པ་དང་བཅས་པ་དང་རབ་ཏུ་འདུད་པས་ཕྱག་བྱས་ནས། སྨོན་ལམ་གྱི་དབང་གིས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བག་མེད་པ་ གདུལ་བའི་དོན་དུ་སྐྱེས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དུས་བཟངས་དེས་ལྷ་རྣམས་ཀྱི་མངའ་བདག་དེ་ལ་བརྗོད་པ། རྣམ་པར་ཡངས་པའི་པད་མའི་རྫིང་བུ་གང་ཡིན་པ་འདིར་འཐབ་བྲལ་གྱི་བདག་པོ་དུས་ཤིན་ཏུ་རིང་བ་ནས་ཅི་ལ་འོངས་པ་ལགས། ངས་ཀྱང་ལྷ་གཞན་གྱི་དྲུང་ནས་ཐོས་པ་ཡང་ ཇི་ལྟར། མུ་སུ་ལུན་དྷ་ནི་བག་མེད་པས་བག་མེད་པར་མི་རྒྱུ་བ་དང་ཚོགས་པ་རྒྱུ་བ་རྣམ་པར་རྒྱུ་བའི་ས་དག་ཏུ་དེ་བཞིན་གཤེགས་པ་དྲུག་གི་མཆོད་རྟེན་དེ་དག་རྣམས་ལ་འདིས་ཕྱག་བྱས་ཤིང་ལྷའི་ཚོགས་དང་བཅས་པ་རྣམས་ཀྱིས་གང་རྫུ་འཕྲུལ་གྱི་སྟོབས་ཀྱིས་མངོན་པར་བྲིས་པར་གྱུར་པའི་མདོ་དེ་་ དག་ཀྱང་བཀླགས་ཤིང་ལྷ་རྣམས་ལ་ཡང་ཉེ་བར་བསྟན་ནོ། །ལྷ་རྣམས་ཀྱང་ངེས་པར་བདེན་པ་ཡིན་པའི་རྒྱུ་འདིས་ང་ཁྱེད་ཀྱི་དྲུང་དུ་མ་འོངས་སོ། །ངས་རྣམ་པར་ཡངས་པའི་པད་མའི་རྫིང་དུ་འོངས་ནས་རྩེད་མོ་རྩེ་བར་བྱེད་པའི་ལྷ་གཞན་དག་རྣམས་ལ་ཆོས་བསྟན་ཏེ། དོན་དམ་པར་གྱུར་པ་ཉེ་བར་ འཕེལ་བར་བྱེད་པ་དགེ་བར་གྱུར་པ་བག་མེད་པ་དང་བྲལ་བར་བྱེད་པ་པོ་ཐམས་ཅད་ལ་མཐར་ཐུག་པར་ཕན་པར་བྱེད་པར་གྱུར་པའོ། །དེ་ལ་རྒྱུ་འདི་དག་གིས་ཀྱང་ང་ལྷ་ཁྱོད་ཉིད་ཀྱི་རྩར་ང་མ་འོངས་པ་ཡིན་པར་ཤེས་པར་གྱིས་ལ་མི་དགའ་བར་མི་བྱ་བ་དང་རྗེས་སུ་མཐུན་པར་བྱ་བ་དང་ཆོས་ལ་ 70-1-211b གུས་པར་བྱ་བ་རྣམས་བྱའོ། །དེ་ནས་དེའི་ཚིག་འདི་དག་རྣམས་ཐོས་ནས་མུ་སུ་ལུན་དྷས་འདི་སྐད་ཅེས་སྨྲས་སོ། །དམ་པ་ཁྱོད་ཀྱི་ཡོན་ཏན་འདི་དག་ཀྱང་ཤེས་ལགས་ཀྱི་འཇིགས་པར་མ་མཛད་ཅིག་།ཁྱོད་ཉིད་ནི་འཐབ་བྲལ་ན་གནས་པའི་ལྷ་འདི་རྣམས་ཐམས་ཅད་ཀྱི་ཉེ་བར་གནས་པའི་དགེ་ བའི་བཤེས་གཉེན་བཅོམ་ལྡན་འདས་ལགས་ཀྱིས་མཁའ་ལྡིང་ལ་མངའ་མཛད་པའི་རྒྱལ་པོ་གཤེགས་མཛོད། གང་ན་རྣམ་པར་ཡངས་པའི་རྫིང་བུ་ཡོད་པ་དེར་བདག་ཅག་གཤེགས་སོ། །འདིར་དེ་སྐད་ཅེས་ཕན་ཚུན་དུ་བརྗོད་ནས་མཁའ་ལྡིང་གི་རྒྱལ་པོ་དེ་ཡང་འཐབ་བྲལ་གྱི་བདག་པོ་དང་ལྷ་ བརྒྱ་སྟོང་དུ་མས་ཁང་བུ་རྣམས་དང་ངང་པ་དུ་མ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བར་གྱུར་ནས་གང་ན་རྣམ་པར་ཡངས་པའི་པད་མའི་རྫིང་བུ་དེར་ཉེ་བར་ལེགས་པར་འགྲོ་སྟེ། ནམ་མཁའི་དཀྱིལ་ནས་རོལ་མོའི་སྒྲ་དང་རྔ་སྒྲ་དང་གླུ་དང་བཅས་པས་མཆོག་ཏུ་དགེ་བར་གྱུར་པའི་སེམས་ཀྱིས་ཀུན་ ནས་བདེ་བར་གཏོགས་པའི་ཡིད་དྲི་མ་མེད་པར་གྱུར་པས། བག་དང་ལྡན་པར་རྒྱུ་བ་དང ། དེ་བཞིན་དུ་རྣམ་པ་དེ་སྲིད་ཀྱི་བག་མེད་པའི་ས་རྣམས་ལ་འཇུག་པར་འགྱུར་བའི་འོད་ཟེར་གྱི་མཆོག་དང་ལྡན་པར་གྱུར་པ་རྣམས་རྔ་སྒྲ་དང་ལྡན་པར་སོང་ནས་རྣམ་པར་ཡངས་པའི་མིང་ཅན་གྱི་རྫིང་འདིར་ ཞུགས་པར་གྱུར་ཏོ། །དེ་ནས་ཕྱིན་པར་གྱུར་པ་དང་ལྷ་གཞན་ཆེས་རབ་ཏུ་དགའ་བའི་ཡིད་ཀྱིས་པད་མའི་རྫིང་བུ་དེར་རྩེད་མོ་རྩེ་བ་རྣམས་ཀུན་ནས་ལེགས་པར་མཐོང་བར་གྱུར་པས་རྩེད་མོ་རབ་ཏུ་རྩེ་བར་རྩོམ་མོ། །རྩེ་བར་གྱུར་པའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་སྒྲ་འཐུག་པོའི་སྒྲ་ཀུན་ ནས་སྒྲོགས་པར་བྱེད་པ་བཞིན་དུ་ནམ་མཁའི་དཀྱིལ་དེ་དག་རྣམས་ཐམས་ཅད་ནས་ཐོས་པར་གྱུར་ཏེ། ཐོས་ནས་ཡིད་འཕྲོག་པར་བྱེད་པ་དང་དེས་ཁྲོ་བ་མེད་པར་བྱེད་པ་དང་རྣ་བ་དང་ཡིད་འཕྲོག་པར་བྱེད་པ་རྣམས་སོ། །དེ་ནས་ཕྱིན་པར་གྱུར་པ་དེ་དག་རྣམས་ཐམས་ཅད་པད་མའི་རྫིང་བུའི་བདེ་བ་ འདོད་པ་དང་ཡང་ཡུད་ཙམ་ཅིག་ཉེ་བར་བྲལ་ཞིང་དེ་དག་རྣམས་ཐམས་ཅད་སྒྲ་ཡང་མེད་པར་གྱུར་པ་དང ། རྣམ་པ་དེ་སྲིད་ཀྱི་ལྷ་རྫས་ཀྱི་ཡུལ་རྣམས་ཀྱིས་ཀྱང་ཁྲིད་པར་མ་གྱུར་ཅིང་གཡོ་བར་གྱུར་པའི་སེམས་ཀྱང་ཆོས་ལ་གུས་པས་ཀུན་ཏུ་གནས་པས་གཡོ་བ་མེད་པའི་སེམས་སུ་གྱུར་ཅིང ། ཆུའི་ 70-1-212a རྩེད་མོ་ལ་རྣམ་པར་དགའ་བ་དང་པད་མའི་རྩེ་མོ་ལ་རྣམ་པར་དགའ་བ་རྣམས་དང་ཡང་བྲལ་བར་གྱུར་པ་དང་བྱས་པར་གྱུར་པའི་ལས་རྣམས་ཆུད་མི་འཛའ་བ་ལ་ཀུན་ཏུ་བལྟས་ནས་ནམ་མཁའ་ལ་འགྲོ་བའི་རྒྱལ་པོ་དེ་ལ་འཐབ་བྲལ་གྱི་བདག་པོ་དེས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་དུས་བཟངས་ལེགས་ པར་ཆོས་བསྟན་པར་བྱ་བའི་དུས་འདི་ཡང་བཟང་པོ་ཡིན་ཏེ། ལྷ་འདི་དག་རྣམས་རྒྱགས་པ་དང་བྲལ་བར་གྱུར་པས་འདིར་ལྷ་དང་བཅས་པ་འདི་དག་རྣམས་ལ་ཆོས་བསྟན་པར་བྱ་བའི་དུས་འདི་ནི་བཟང་པོ་ལགས་སོ། །དེ་ནས་མཁའ་ལྡིང་གི་རྒྱལ་པོ་སྐྱེ་བ་གཞན་དྲན་པར་གྱུར་པ་དེས་བཅོམ་ལྡན་འདས་འཁོར་ བ་འཇིག་གང་ཡིན་པ་དེའི་སྤྱན་སྔར་ཐོས་པར་གྱུར་པའི་མདོ་དེ་བསྟན་པའི་དོན་དུ་དམིགས་ཤིང ། ཡུད་ཙམ་ཅིག་སྒྲ་མེད་པར་བྱས་ཏེ། དེ་ནས་དེ་ལྟར་མདོ་སྟོན་པར་རྩོམ་མོ། །ལྷ་རྣམས་ཉོན་དང་ཆོས་ལྔ་པོ་འདི་དག་རྣམས་ནི་རྣམ་པར་སྨད་པར་བྱ་བ་ཡིན་ཏེ་བག་མེད་པར་སྟེན་པར་བྱེད་པ་གང་ཡིན་ པའི་ལྷ་རྣམས་སམ་མི་ཡང་རུང་སྟེ། མི་རིགས་པར་གྱུར་པའི་སྐྱོན་ཡིན་ནོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། བག་མེད་པར་གྱུར་པས་བག་མེད་པར་སྤྱོད་པ། རྣམ་པར་གཡེང་བའི་ཡིད་ཀྱིས་གཞན་ཉིད་བསམ་པ་ན་གཞན་ཉིད་རྗོད་པར་བྱེད་དོ། །དེ་ཡང་སྙིང་པོ་མེད་པ་དོན་མེད་པར་བྱེད་པ་པོ་སྔ་མ་དང་ཕྱི་མ་འགལ་ བ་ཡེ་ཡེའོ་གཞན་རྣམས་ལ་ཡང་སེམས་འཛིན་པར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བག་མེད་པས་རྣམ་པར་གཡེངས་པར་གྱུར་པའི་བློས་རིག་པ་མ་ཡིན་ནོ། །བདག་གིས་གཏམ་འདི་ཅི་སྨྲས་པ་དང་རྣམ་པ་ཇི་ལྟ་བུ་ཅིག་ཀྱང་བདག་གིས་སྨྲས་བྱ་བ་དང་བདག་གིས་གང་ལ་སྨྲ་བར་བྱ་བ་ཡང་སྟེ། དེའི་བློ་རྣམ་པར་གཡེངས་པར་འགྱུར་ཞིང་རྣམ་པར་མི་གནས་པས་གང་རུང་བ་ལ་དེ་སྨྲ་བར་བྱེད་དོ། །དེ་དེ་ལྟར་ཡང་མོར་འགྱུར་རོ། །ཡོངས་ལས་ཁ་ཉན་པར་འགྱུར་རོ། །ཡིད་དུ་མི་འོང་བར་འགྱུར་རོ། །གཞན་དག་རྣམས་ཀྱིས་ཀྱང་རྣམ་པར་གཤེ་བར་བྱེད་དོ། །དེ་ཐམས་ཅད་ལ་རྩཝ་བཞིན་དུ་བདག་ཉིད་ འདུད་པར་བྱེད་དོ། །འདི་དག་ནི་སྐྱོན་དང་པོ་ཡིན་ཏེ། བག་མེད་པས་ཀུན་ཏུ་བཅིངས་པའི་སྐྱོན་རྣམས་ཀྱིས་ཀྱང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་བ་ནི་འགྲོ་བ་གསུམ་པོ་རྣམས་ཕན་ཚུན་དུ་གང་ཡང་རུང་བ་རྣམས་སུའོ། །འདི་ནི་བག་མེད་པ་རྣམས་ཀྱི་སྐྱོན་གྱི་དང་པོ་ཡིན་ནོ། །གཞན་ཡང་བག་མེད་ 70-1-212b པ་རྣམས་ལ་སྐྱོན་གཉིས་པ་ཡོད་དེ། གང་ཞེ་ན་འདི་ལྟ་སྟེ། དགོས་པ་དང་དགོས་པ་མ་ཡིན་པ་རྣམས་ཀྱང་མི་ཤེས་པའོ། །བག་མེད་པས་ཉམས་པར་གྱུར་པའི་བློས་རྟོགས་པར་མི་འགྱུར་ཏེ། བདག་གི་ལེགས་པར་བྱས་པའི་དོན་རྣམས་ནི་ཅི་ཡིན། ཅི་ནི་བྱ་བ་མ་ཡིན་པ་ཡིན། དེའི་ལས་དེ་དག་རྣམས་ཀྱི་ འབྲས་བུ་ནི་རྣམ་པ་ཅི་འདྲ་བ་ཅིག་ཏུ་འགྱུར། དེ་ཇི་ལྟར་ལས་རྣམས་ཤེས་པ་མ་ཡིན་པ་དེ་དེ་ལྟར་རྣམ་པར་སྨིན་པ་རྣམས་ཡང་མི་ཤེས་སོ། །དེ་ལས་དང་འབྲས་བུ་རྣམས་ལ་རྣམ་པར་རྨོངས་པར་གྱུར་ཅིང་རྨོངས་པ་ནི་ལུས་ཞིག་པར་གྱུར་ནས་བག་མེད་པ་དེའི་སྐྱོན་གྱིས་ངན་སོང་ལོག་པར་ལྟུང་བར་གྱུར་་ པ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་སྐྱོན་གསུམ་པ་བག་མེད་པ་ལ་ཡོད་དེ། བག་མེད་པ་ལ་ཀུན་ཏུ་འཁྲིད་པར་གྱུར་པའི་ལྷའམ་མི་རྣམས་ཀྱང་རུང་སྟེ་གྲོགས་པོ་དམ་པ་མ་ཡིན་པ་སྟེན་པར་བྱེད་ལ། དཀོན་མཆོག་གསུམ་ལ་སྙེན་པར་མི་བྱེད་པ་དང ། ཤེས་རབ་དང་ ཚུལ་ཁྲིམས་ལ་ཡང་མ་ཡིན། བླ་མ་རྣམས་ལ་ཡང་སྟེན་པར་མི་བྱེད་དོ། །སྐྱོན་དང་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱང་ཀུན་ཏུ་མི་ཤེས་སོ། །འཁོར་བའི་སྡུག་བསྔལ་རྣམས་ཀྱང་ཤེས་པར་མི་འགྱུར་རོ། །ལས་རྣམ་པ་སྣ་ཚོགས་པ་རྣམས་ཀྱང་ཀུན་ཏུ་མི་རྟོགས་སོ། །སྲོད་དང་ཐོ་ རངས་མི་ཉལ་བར་བརྩོན་པར་གནས་པའི་རང་བཞིན་ཅན་མ་ཡིན་ནོ། །དེ་ཤི་བར་གྱུར་པའི་འོག་ཏུ་བག་མེད་པ་དེའི་སྐྱོན་གྱིས་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེའོ། །གཞན་ཡང་སྐྱོན་བཞི་པ་བག་མེད་པ་ལ་ཡོད་དེ། དེ་གང་ཞེ་ན། འདི་ལྟ་སྟེ། དེ་ཁོ་ནར་ སྐྱེས་པར་གྱུར་པའི་སྐྱེས་བུ་རྣམས་དང་ལྷ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ཚེའི་འདུ་བྱེད་རྣམས་ཟད་པར་འགྱུར་ཞིང་ལེགས་པར་བྱས་པའི་ལས་རྣམས་ཟད་པར་གྱུར་ནས་ནི་འཆི་བདག་གི་རྒྱལ་པོ་འོང་བར་འགྱུར་ལ། གང་དང་ལྷན་ཅིག་ཏུ་སྐྱེས་པར་གྱུར་པའི་བག་མེད་པ་སྟེན་པར་བྱེད་པ་ རྣམས་ལ་དེ་དང་ལྷན་ཅིག་ཏུ་རྣམ་པར་འབྲལ་བ་འབྱུང་བར་འགྱུར་རོ། །བཞི་པོ་འདི་དག་རྣམས་གང་ཡིན་པ་དང་ནི་ངེས་པ་ཁོ་ནར་ལྷན་ཅིག་ཏུ་འབྲལ་བར་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ལང་ཚོ་དང་ནད་མེད་པ་དང་སྲོག་དང་ཕུན་སུམ་ཚོགས་པ་རྣམས་སོ། །བཞི་པོ་འདི་དག་རྣམས་ 70-1-213a དང་ནི་ངེས་པ་ཁོ་ནར་ལྷན་ཅིག་ཏུ་འབྲལ་བར་བྱ་དགོས་སོ། །དེ་དག་རྣམས་ལ་ཡང་མཁས་པ་རྣམས་ཀྱིས་སྐབས་དབྱེ་བར་མི་བྱ་བ་དང་བག་མེད་པ་དེ་ཡང་འདིར་བསྟེན་པར་མི་བྱའོ། །ཇི་ལྟར་བག་མེད་པ་དེས་ཀྱང་འདིར་དགྲ་བཞིན་དུ་འབྱུང་བར་འགྱུར་བས། འདི་ནི་བསྟེན་པར་མི་བྱའོ། །བག་མེད་པས་ཟིལ་གྱིས་མནན་པར་གྱུར་པ་རྣམས་ནི་ལྷའམ་མི་རྣམས་ཀྱང་རུང་སྟེ་བརླག་པར་འགྱུར་རོ། །དེའི་ཕྱིར་ན་འདི་ཡོངས་སུ་སྤང་བར་བྱའོ། །གཞན་ཡང་བག་མེད་པར་གྱུར་པ་རྣམས་ཀྱི་སྐྱོན་ལྔ་པའོ། །འདི་གང་ཞེ་ན། འདི་ ལྟ་སྟེ། གང་ལ་འཇིགས་པའི་གནས་སུ་གྱུར་པ་དེ་དག་ཁོ་ན་ལ་ཡིད་ཆེས་པར་བྱེད་དེ། འཇིགས་པའི་གནས་སུ་གྱུར་ཅིང་ཡིད་མི་ཆེས་པ་ཇི་ལྟར་བུད་མེད་རྣམས་དང་མཚུངས་པ་གཞན་ཉིད་ནི་ཡོད་པ་མ་ཡིན་ནོ། །བག་མེད་པའི་དབང་དུ་གྱུར་པའི་སྐྱེས་བུ་ངན་པ་རྣམས་ ནི་དེ་དག་རྣམས་ཉིད་ལ་ཡིད་ཆེས་པ་སྐྱེད་པར་བྱེད་ཅིང་གང་འགའ་ཞིག་ལ་ཡིད་ཆེས་པར་མི་བྱེད་པ་རྣམས་ཀྱང་དེ་ཇི་སྲིད་ཤི་བར་མ་གྱུར་གྱི་བར་དུ་སྙིང་ལ་འགེབས་པར་བྱེད་དེ། ཅི་ལྟར་མེའི་ལྷན་ཅིག་སྐྱེས་པ་ཚ་བ་ཡིན་པ་དེ་བཞིན་དུ་བུད་མེད་རྣམས་ཀྱི་ཡང་གཡོ་དང་འདོད་པ་ཅན་ དང ། སྒྱུ་དང ། ཕྲག་དོག་དང ། མངོན་པར་འཁུ་བར་འགྱུར་བ་དང ། ང་རྒྱལ་དང་མི་སྙན་པར་བྱེད་པ་དང་ལོག་པར་བསྒྲུབ་པ་དང་ཀུན་དུ་འདྲེས་པའི་སེམས་དང་སྐྱོན་དེ་རྣམས་བུད་མེད་དང་ལྷན་ཅིག་སྐྱེས་པ་ཡིན་ཏེ། བག་མེད་པས་ཀུན་ནས་འཁྲིད་པར་གྱུར་པའི་སྐྱེས་ བུ་ངན་པ་དེ་ཚིག་ཙམ་འབའ་ཞིག་གིས་རབ་ཏུ་རྣམ་པར་བཅོམ་པར་གྱུར་ནས་དེ་དག་ཉིད་ལ་ཡིད་ཆེས་པར་བྱེད་དོ། །དེ་དག་ཉིད་ཀྱིས་ཀུན་ནས་འཆུམས་པར་གྱུར་ཅིང་བློ་རབ་ཏུ་སད་པར་བྱེད་དོ། །དེ་ལྟར་མདོར་བསྡུས་པར་གྱུར་ན་བག་མེད་པ་རྗེས་སུ་འབྲང་བ་དང་བཅས་པ་ རྣམས་ལ་སྐྱོན་ཆེན་པོ་ལྔ་ཡོད་དོ། །རབ་ཏུ་དབྱེ་བ་ལས་ནི་ཚད་མེད་པར་འགྱུར་རོ། །དེའི་ཕྱིར་ལྷའམ་མི་རྣམས་ཀྱིས་ཀྱང་རུང་སྟེ་རབ་ཏུ་བརྩོན་པ་མཆོག་གིས་བག་མེད་པ་ཡོངས་སུ་སྤང་བར་གྱིས་ཤིག་དེ་དག་ནི་མྱ་ངན་ལས་འདས་པའི་སྒོ་གཏན་ཡིན་ནོ། །འདི་ལྟ་སྟེ། 70-1-213b བག་མེད་པ་སྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ནི་དམྱལ་བར་འགྱུར་རོ། །བག་མེད་པ་སྟེན་པ་རྣམས་ནི་ཡི་དགས་སམ་དུད་འགྲོ་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །བག་ཡོད་པས་གནས་པ་རྣམས་ལ་ནི་ཡོན་ཏན་ལྔ་པོ་འདི་དག་རྣམས་ཡོད་དེ། བག་ཡོད་པ་རྣམས་ཀྱིས་བསྔགས་པའོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྤྱོད་པ་ཀུན་ནས་བསྡམས་པར་འགྱུར་བ་དང ། བློ་ཀུན་དུ་ལེགས་པར་གནས་པ་དང ། བྱ་བ་བྱེད་པ་དང་བློ་མཉམ་པར་བཞག་པ་དང་གཅིག་ཏུ་ཕན་པ་བྱེད་པ་དང ། དུག་རྣམས་བཞིན་དུ་བག་མེད་པ་ཡོངས་སུ་སྤོང་བར་བྱེད་དོ། །དེས་རྣམ་པ་གསུམ་ཀུན་དུ་རིག་གོ། །འདི་ ནི་བག་ཡོད་པ་ལ་མངོན་པར་དགའ་བར་གྱུར་པ་རྣམས་ཀྱི་ཡོན་ཏན་དང་པོའོ། །གཞན་ཡང་བག་ཡོད་པ་ལ་མངོན་པར་དགའ་བར་གྱུར་པའི་ཡོན་ཏན་གཉིས་པ་ཡོད་པ་ལ། འདི་གང་ཞེ་ན། འདི་ལྟ་སྟེ། ལས་རྣམས་ཀྱི་ལྕི་བ་ཉིད་ཀུན་དུ་ཤེས་པའོ། །དེ་སྐྱེས་བུ་དམ་པ་ལ་རྟེན་པར་གྱུར་པས་ལས་དང་ བཅས་པའི་འབྲས་བུ་རིག་ནས་བྱ་བ་དག་བྱེད་དོ། །སྐྱེས་བུ་དམ་པ་མ་ཡིན་པ་ལ་མི་རྟེན་ནོ། །དམན་པའི་ལས་རྣམས་མི་བྱེད་དོ། །གང་ལ་ཡང་རྟག་ཏུ་རྣམ་པར་སྨོད་པར་འགྱུར་བ་དང་གང་ལས་སྐྱོན་མཐོང་བ་དེ་དག་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །གང་ལ་ཡོན་ཏན་མཐོང་བར་གྱུར་པ་དེ་དག་ ལ་ཉེ་བར་བསྟེན་ནོ། །ཡོན་ཏན་དང་ལྡན་པ་དང་ཡོན་ཏན་ཤེས་པར་གྱུར་པའི་བློ་གྲོས་བཟང་པོ་རྣམས་ལ་སྡིག་པ་མི་འབྱུང་ངོ ། །གཞན་ཡང་བག་མེད་པ་སྤངས་པར་གྱུར་པ་དང་བག་ཡོད་པ་སྟེན་པར་བྱེད་པའི་ཡོན་ཏན་གསུམ་པ་ཡོད་དེ། གང་ཞེ་ན། དེ་བཞིན་དུ་སྲོག་གི་མཐར་ཐུག་པར་གྱུར་ ཀྱང་བུད་མེད་རྣམས་ཀྱི་དབང་དུ་འགྲོ་བ་མ་ཡིན་ནོ། །ཚིག་རྣམས་ལ་ཡང་དད་པར་མི་བྱེད་དོ། །རྟག་ཏུ་དེའི་རང་བཞིན་ལ་རྗེས་སུ་རྟོག་གོ། །འཇིག་རྟེན་གཉིས་སུ་འཆིང་བར་བྱེད་པ་ཡང་གང་གི་ཕྱིར་བུད་མེད་དག་ཡིན་པར་གྱུར་པ་དེ་བཞིན་དུ་ཡང་རིག་ལ་གཟུགས་ཀྱི་འཁྲུལ་བར་ཡང་མི་འགྱུར་ རོ། །ཚིག་ལ་ཡང་དད་པར་མི་བྱེད་དོ། །དེ་དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་ཁོ་ན་བཞིན་དུ་སོ་སོར་རྟོག་པར་བྱེད་དོ། །དེའི་གར་དང་གླུ་དང་རྒོད་པ་དང་འགྱིང་བག་དང་རྒྱན་ཆས་ཀྱང་ཀུན་ནས་འཁྲིད་པར་མི་བྱེད་དོ། །བག་ཡོད་པ་དང་བག་ཡོད་པར་གྱུར་པའི་སྐྱེས་བུ་དེ་རྣམས་ཀྱིས་ཀྱང་གཞན་རྣམ་ 70-1-214a པ་དེ་ལྟ་བུའི་བག་མེད་པའི་གནས་རྣམས་མི་བྱེད་དོ། །དེའི་འཁོར་ཡང་བསྲབས་པར་འགྱུར་ཏེ། གང་དག་བུད་མེད་ཀྱི་བག་མེད་པས་ཀུན་དུ་ཁྲིད་པར་མི་འགྱུར་བ་རྣམས་སོ། །དེ་ཡང་དེས་སྤོང་དུ་འཇུག་ལ་བག་ཡོད་པ་ཡང་རྗོད་པར་བྱེད་དོ། །གཞན་ཡང་བག་ཡོད་པའི་ཡོན་ ཏན་བཞི་པ་ཡོད་དེ། འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བག་ཡོད་པ་ནི་ལོངས་སྤྱོད་རྣམས་ལ་མ་ཡིན། འདོད་པ་རྣམས་ལ་མ་ཡིན་ནོ། །བརྒྱ་ལ་ན་དབུགས་འབྱིན་པར་བྱེད་ཀྱི་རྟག་ཏུ་བློ་ལ་མི་བྱེད་དོ། །སེམས་ཀྱིས་རབ་ཏུ་རྟོག་པར་མི་བྱེད་དོ། །ཅི་ལྟར་འདོད་པ་དེ་དག་རྣམས་ནི་རྟག་པ་དང་ བརྟན་པ་དང་ཡིད་ཆེས་པའི་ས་ཡང་མ་ཡིན་ལ་འདི་དག་རྣམས་ནི་རྒུད་པའི་མཐར་ཐུག་པར་འགྱུར་བ་དང་ཤིན་ཏུ་མྱུར་བར་རབ་ཏུ་འཇིག་པར་འགྱུར་བའི་ཆོས་ཅན་ནོ། །དེ་བཞིན་དུ་ནད་མེད་པ་ལ་ཡང་བག་ཡོད་པ་རྣམས་ཀྱིས་ནམ་ཡང་ཡིད་ཆེས་པ་བསྐྱེད་པར་ནི་མི་བྱེད་དེ། ནད་མེད་པ་རྣམས་ཐམས་ཅད་ ཀྱང་ནད་ཀྱིས་ཟིལ་གྱིས་གནོན་ནོ། །དེ་བཞིན་དུ་ལང་ཚོ་ལ་ནམ་ཡང་ཡིད་ཆེས་པ་བསྐྱེད་པར་མི་བྱེད་དེ། ལང་ཚོ་འདི་དག་རྣམས་ཐམས་ཅད་ཀྱང་རྒ་བས་ཉེ་བར་ཟིལ་གྱིས་གནོན་པར་འགྱུར་བས་དེ་ལང་ཚོས་སྒྲུབ་པར་མི་བྱེད་དོ། །ཁེངས་པར་མི་འགྱུར་རོ། །ཇི་ལྟར་གསོན་པས་ཀྱང་སྒྲུབ་པར་ མི་བྱེད་དོ། །རངས་པར་མི་བྱེད་དོ། །དཀའ་ལས་རྣམས་ཀྱང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམས་ཀྱང་འཆི་བདག་གི་རྒྱལ་པོས་འཕྲོག་པར་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བག་ཡོད་པར་སྤྱོད་པ་རྣམས་ཡིད་ཆེས་པར་མི་བྱེད་དོ། །འདུས་བྱས་ཀྱི་ཆོས་རྣམས་ལ་བག་མེད་པར་སྤྱོད་པར་གྱུར་ཏ་ རེ། བག་ཡོད་པར་འགྱུར་བས་བག་ཡོད་པ་སྤྱད་པ་ལ་ཡོན་ཏན་གཞན་ཡང་ལྔ་པ་ཡོད་པ་ནི། འདི་ལྟ་སྟེ། ཐོས་པ་དང་ལྡན་པར་འགྱུར་རོ། །འཕགས་པ་རྣམས་ལ་རྗེས་སུ་སྟེན་པར་བྱེད་དོ། །ཡེ་ཤེས་ལ་མངོན་པར་དགའ་བར་འགྱུར་རོ། །དཀོན་མཆོག་གསུམ་ཁྱད་པར་དུ་བྱེད་པའི་རང་བཞིན་ཅན་དུ་འགྱུར་ རོ། །མ་ཐོས་པ་དང་ལྡན་པའི་དོན་རྣམས་རྣམ་པར་དཔྱད་པ་ལ་མཁས་པར་འགྱུར་རོ། །དེས་འཆི་བདག་གི་དུས་ཀུན་དུ་ཤེས་སོ། །སྡུག་བསྔལ་དང་འཆི་བའི་རྒྱུ་མཚན་རྣམས་རྣམ་པར་ཤེས་སོ། །དེ་ལ་ལྷ་རྣམས་ཀྱི་འཆི་འཕོ་བའི་རྒྱུ་མཚན་རྣམས་ནི་ཐོས་པའི་དོན་གྱིས་ཤེས་སོ། །སྐྱེས་བུ་འཆི་བའི་རྒྱུ་ 70-1-214b མཚན་དང་དེ་ངན་སོང་དུ་འགྲོ་བའི་རྒྱུ་མཚན་རབ་ཏུ་འོང་བ་རྣམས་ཀྱང་ཤེས་ཏེ། ཇི་ལྟར་བདག་ངན་སོང་དུ་འགྲོ་བར་འགྱུར་རོ། །དེའི་རབ་ཏུ་བྱ་བ་རྣམས་ཀྱང་ཀུན་དུ་རིག་གོ། །དེ་ལ་ཡང་སེམས་རབ་ཏུ་དང་ངོ ། །དེའི་སེམས་བསྐྱེད་པར་གྱུར་པ་ཙམ་གྱིས་ངན་སོང་དུ་འགྲོ་བའི་རྒྱུ་མཚན་དེ་དག་ནུབ་པར་འགྱུར་རོ། ། བདེ་འགྲོའི་རྒྱུ་མཚན་ཡང་རབ་ཏུ་འབྱུང་བར་འགྱུར་རོ། །མཆོག་ཏུ་གྱུར་པའི་འབྲས་བུ་དེ་དག་རྣམས་ནི་བག་ཡོད་པ་ཡིན་ནོ། །མཆོག་ཏུ་སྡུག་བསྔལ་བར་གྱུར་པའི་འཆིང་བ་རྣམས་ཐམས་ཅད་ཀྱི་དྲུང་ན་ཡང་ལྷག་པར་གྱུར་པའི་འབྲས་བུ་ཡིན་ནོ། །དེ་དག་ནི་བག་མེད་པའི་སྐྱོན་ལྔ་དང་བག་ཡོད་ པའི་ཡོན་ཏན་ལྔ་ཡིན་ནོ། །དེ་ནས་དེའི་ཚེ་དུས་བཟངས་དེས།འཁོར་བ་འཇིག་གིས་གསུངས་པའི་ཚིགས་སུ་བཅད་པ་རྗོད་པར་བྱེད་པ། འདོད་པ་རྣམ་པར་སྤངས་པ་ཡི། །བག་ཡོད་སངས་རྒྱས་བསྔགས་པར་མཛད། །རྒ་དང་འཆི་བའི་ཁོག་ཙེ་ཡི། །བག་མེད་པ་ནི་བཙོག་པ་ཡིན། །བག་མེད་སྐྱེ་ བོ་གྲོལ་བ་མིན། །བག་མེད་སྡུག་བསྔལ་སྐལ་ལྡན་ཡིན། །བག་མེད་འཆི་བ་དེ་དག་གི། །བློ་དམན་རྣམས་ནི་གཅོད་པར་བྱེད། །བག་ཡོད་པས་ནི་དགེ་རྣམས་ཀྱི། །ལྷ་རྣམས་ཀྱི་ནི་གནས་སུ་འགྲོ། །དེ་ཕྱིར་གང་ཞིག་བག་མེད་པ། །རྗེས་སྟེན་སླར་ཡང་ལྟུང་བ་ཡིན། །བག་མེད་སྐྱེས་བུ་ ཐམས་ཅད་ནི། །དེ་ལྟར་འཁོར་བ་ལས་སྒྲོལ་མིན། །གང་གིས་ལུས་ཅན་རྣམ་བསྡམས་པའི། །བག་མེད་ཞགས་པས་ཉེར་འགྲོ་རྣམས། །དོན་མིན་དོན་དང་འདྲ་བ་དང ། །དོན་ཡང་རྟག་ཏུ་དོན་མིན་བཞིན། །བག་མེད་པ་ཡི་སྐྱེས་བུ་ནི། །ཐམས་ཅད་ཕྱིན་ཅི་ལོག་ཏུ་མཐོང ། །འཇིག་རྟེན་དོན་ཡང་མེད་པ་ལ། ། ངེས་པར་ལེགས་པ་ག་ལ་ཡོད། །མཁས་པ་བློ་ཡི་ཕ་རོལ་འགྲོས། །བག་མེད་ཀུན་དུ་རབ་མི་བསྔགས། །དེ་ཕྱིར་བག་མེད་པ་ནི་མི་ཡིས་སྟེན་མི་བྱ། །དེ་ནི་ངན་སོང་རྣམས་ཀྱི་དང་པོའི་རྩེ་མོ་ཡིན། །སྐྱེ་གནས་སྟོང་དུ་འགྲོ་བར་བྱེད་པའི་སྡུག་བསྔལ་དེ། །བརྟན་པ་སྲིད་པའི་ཕ་རོལ་མཆོག་ཏུ་འགྲོ་བས་སྤོངས། ། དེ་ལྟར་དུས་བཟངས་འདིས་ལྷ་བརྒྱ་སྟོང་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པའི་མུ་སུ་ལུན་དྷ་དེའི་མདུན་དུ་ཆོས་བཤད་པར་གྱུར་ཏེ། གཞན་ཡང་ཕན་པ་ལ་རབ་ཏུ་ཞུགས་པར་གྱུར་ཅིང་ལྷ་དང་མི་རྣམས་ལ་ཕན་པར་འདོད་པའི་ཕྱིར་རོ། །གཞན་ཡང་མཁའ་ལྡིང་གི་རྒྱལ་པོ་དེ་ཉིད་ཀྱིས་མུ་སུ་ལུན་དྷ་ལ་ཆོས་ཀྱི་ 70-1-215a མཆོག་རྣམས་སྟོན་པར་བྱེད་དོ། །ཇི་ལྟར་ལྔ་པོ་འདི་དག་རྣམས་ནི་བག་མེད་པ་སྐྱེས་པའི་གཉེན་པོར་གྱུར་པ་ལ་འདི་ལྟ་སྟེ། འདི་ན་བག་མེད་པའི་སྐྱེས་བུ་རྣམས་ནི་ཐམས་ཅད་ལས་ཁྱད་པར་དུ་སྡུག་བསྔལ་བར་འགྱུར་རོ། །དེ་བག་མེད་པའི་སྐྱོན་རྣམས་གང་དང་གང་གིས་སྡུག་བསྔལ་དང་ལྡན་པར་་ འགྱུར་རོ། །དེ་སྐྱོན་དང་བཅས་པ་ཡིན་པར་ཤེས་པར་གྱུར་ནས་ཡོངས་སུ་སྤང་བར་བྱ་སྟེ། ཡོན་ཏན་དང་སྐྱོན་དག་ཤེས་པར་གྱུར་ཅིང་ཡོན་ཏན་དང་སྐྱོན་དག་མཐོང་བར་གྱུར་པ་རྣམས་ཀྱིས་དེ་ཡོངས་སུ་སྤངས་པར་གྱུར་པ་ལས་ནི་འདི་དག་དོན་མ་ཡིན་པར་མི་འགྱུར་རོ། །སྡུག་བསྔལ་བར་ཡང་མི་འགྱུར་རོ། ། མི་དགེ་བ་མངོན་པར་འཕེལ་བར་ཡང་མི་འགྱུར་རོ། །ཤེས་བཞིན་དུ་ཡང་རྒྱུ་བར་འགྱུར་རོ། །འདི་ནི་བག་མེད་པའི་གཉེན་པོར་གྱུར་པ་གཅིག་ཡིན་ནོ། །གཞན་ཡང་བག་མེད་པའི་གཉེན་པོར་གྱུར་པ་གཉིས་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བའི་དོན་མཐོང་བའོ། །ཡང་དག་པ་མཐོང་བར་གྱུར་པས་ཀྱང་ སྐྱེས་བུ་རྣམས་ཀྱིས་ཐམས་ཅད་ངེས་པར་ལེགས་པར་རྟོགས་པར་འགྱུར་ཏེ་དེ་ཁོ་ན་ཉིད་བཞིན་ཁོ་ནར་མཐོང་བར་འགྱུར་རོ། །དེ་ཁོ་ན་ཉིད་རིག་པ་དེ་ནི་བག་མེད་པའི་སྐྱོན་རྣམས་ཤེས་པར་གྱུར་ནས་བག་མེད་པས་ཀུན་དུ་བཀྲི་བར་མི་ནུས་སོ། །གཞན་ཡང་བག་མེད་པའི་གཉེན་པོ་གསུམ་པར་གྱུར་པ་རྣམས་འདི་ལྟ་ སྟེ། བག་ཡོད་པ་སྟེན་པར་བྱེད་པ་གང་ཡིན་པ་དེ་དག་རྣམས་ལ་སྟེན་པར་བྱེད་དོ། །དེ་དག་རྣམས་ཀྱི་དྲུང་ནས་ཚུལ་ཁྲིམས་སྲུང་བར་བྱེད་དོ། །སྤྱོད་པ་རྣམས་རྣམ་པར་འགྲང་བར་བྱེད་དོ། །ལུས་ངག་གི་བྱ་བ་རྣམས་ཀྱང་སློབ་པར་བྱེད་དོ། །ཚུལ་ཁྲིམས་དེ་དང་མཉམ་པ་ཡོད་པ་རྣམས་དང་ལྷན་ཅིག་ཏུ་གནས་པར་ བྱེད་དོ། །བག་མེད་པ་དེ་དག་ཉིད་ཀྱི་སྐྱོན་རྣམས་ཤེས་པར་གྱུར་ནས་ཡོངས་སུ་སྤོང་བར་བྱེད་པ་རྣམས་ཀྱི་ནི་མཐར་འབྲལ་བར་འགྱུར་རོ། །གཞན་ཡང་བག་མེད་པའི་གཉེན་པོར་གྱུར་པ་བཞི་པ་འདི་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། ཡེ་ཤེས་དང་ཚུལ་ཁྲིམས་དང་ལྡན་པར་གྱུར་པའི་སྐྱེས་བུ་རྣམས་ནི་རྟག་ཏུ་ཡང་དེ་ ཉིད་ལ་མངོན་པར་དགའ་བར་གྱུར་པས་བག་མེད་པ་རབ་ཏུ་འཇོམས་སོ། །བག་ཡོད་པ་རབ་ཏུ་སྟེན་པར་བྱེད་དོ། །བག་མེད་པ་རབ་ཏུ་བཅོམ་པར་གྱུར་པ་དེའི་བདེ་བ་རྣམས་ཉེ་བར་འགྱུར་རོ། །སྡུག་བསྔལ་རིང་དུ་བྱས་པར་འགྱུར་རོ། །གཞན་ཡང་དེས་བག་མེད་པའི་སྐྱོན་རྣམས་མཐོང་བར་གྱུར་ཅིང་དེ་དེ་ཁོ་ན་ 70-1-215b བཞིན་དུ་བག་མེད་པ་རྣམས་སྤོང་བར་བྱེད་དོ། །འདི་ནི་བག་མེད་པའི་གཉེན་པོ་བཞི་པ་ཡིན་ནོ། །གཞན་ཡང་བག་མེད་པའི་གཉེན་པོ་ལྔ་པ་འདི་ལྟ་སྟེ། སྐྱེས་བུ་བག་མེད་པའི་ཉེས་དམིགས་ཅན་རྣམས་ལ་རྒྱལ་པོའམ་རྒྱལ་པོའི་བློན་པོ་རྣམས་ཀྱིས་ཀྱང་རུང་སྟེ་ཆད་པས་གཅོད་པར་བྱེད་པ་རྣམས་ཇི་ལྟ་ བ་བཞིན་དུ་མཐོང་བའོ། །དེའི་སྲོག་གི་ཆད་པའམ་དེའི་རང་གི་ཐམས་ཅད་འཕྲོག་པར་བྱེད་པའི་ཆད་པའམ་དེའི་ལུས་སྒྱུར་བར་བྱེད་པའམ་དེའི་ལག་པ་གཅོད་པར་བྱེད་པའམ་རྣམ་པ་དེ་ལྟ་བུའི་ཆད་པ་རྣམས་བག་མེད་པ་ལས་འབྱུང་བར་གྱུར་པ་གང་གི་ཚེ་མཐོང་བ་དེའི་ཚེ་དེ་ལས་གཞན་པའི་བག་མེད་ པ་རྣམས་ལ་ཡང་འཇིགས་པར་འགྱུར་རོ། །དེ་འཇིགས་པ་དང་བཅས་པར་གྱུར་པ་ཉིད་ཀྱིས་དྲི་མ་ཅན་བག་མེད་པ་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །དེ་བཞིན་དུ་བག་མེད་པ་རྣམས་རབ་ཏུ་འཇོམས་པར་ཡང་བྱེད་དོ། །བག་ཡོད་པ་ཡང་ཀུན་ནས་སྟེན་པར་བྱེད་དོ། །དེ་ལས་རྗེས་སུ་དཔགས་ནས་ དེ་སྡིག་པ་རྣམས་མི་བྱེད་དེ་བདག་དམྱལ་བར་སྐྱེ་བར་མ་གྱུར་ཅིག་སྙམ་དུ་བསམས་པའི་ཕྱིར་རོ། །བག་མེད་པ་སྟེན་པར་གྱུར་པའི་ལྷ་དེ་དག་རྣམས་ནི་སྡིག་པ་བྱེད་དོ། །འདི་ནི་བག་མེད་པའི་གཉེན་པོ་ལྔ་པའོ། །དེ་ལྟར་བག་མེད་པ་དེ་དག་རྣམས་ནི་ལྷ་རྣམས་ལ་མཛེས་པ་མ་ཡིན་ལ་མི་རྣམས་ལ་ཡང་མ་ཡིན་ ནོ། །མདོ་དེ་དག་ཐོས་ནས་ཀྱང་ལྷ་མང་པོ་རྣམས་མཆོག་ཏུ་ཡིད་བྱུང་བར་གྱུར་ནས་བག་མེད་པ་ཡོངས་སུ་སྤོང་བར་བྱེད་དོ། །མུ་སུ་ལུན་དྷས་ཀྱང་མཁའ་ལྡིང་གི་རྒྱལ་པོ་དེས་བཤད་པ་དེ་རྣམས་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་བར་ཡང་གྱུར་ནས་སླར་ཡང་ལྷའི་ཚོགས་དེ་དག་རྣམས་ཉིད་དང་ཇི་ལྟར་ འོངས་པར་གྱུར་པ་ལྟར་ནམ་མཁའ་ལ་འཕགས་ཏེ་དོང་ངོ ། །དེ་དག་རྣམས་ལས་ཀྱང་གཞན་དུ་གྱུར་པའི་ལྷ་ལྷག་མ་རྣམས་ཁ་ཅིག་ནི་རྣམ་པར་ཡངས་པ་དེ་ཉིད་ཀྱི་ནང་ན་རྩེད་མོ་རྩེ་བར་བྱེད་དོ། །ཁ་ཅིག་ནི་ཇི་ལྟར་འོངས་པར་གྱུར་པ་དེ་བཞིན་དུ་སླར་ཡང་ནགས་དང་ཉེ་བའི་ནགས་རྣམས་སུ་ཞུགས་པར་གྱུར་ ཅིང་ལྷ་དག་རབ་ཏུ་རྩེ་བར་ཡང་བྱེད་དེ། དེ་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པར་གྱུར་པའི་ལེགས་པར་བྱས་པའི་ལས་རྣམས་ཟད་པར་མ་གྱུར་པའི་དུས་དེ་སྲིད་དུ་ལྷའི་རིགས་དེར་རྩེ་བར་བྱེད་ཅིང་དགའ་བར་ཡང་བྱེད་དོ། །དེ་དེ་དག་རྣམས་ཟད་པར་གྱུར་ཅིང་ལྷའི་རིགས་དེ་ལས་ཤི་འཕོས་ 70-1-216a པར་གྱུར་ནས་ཀྱང་ཇི་ལྟར་ལས་ཀྱིས་ཉེ་བར་འགྲོ་བ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་ན་འགའ་ཞིག་མི་རྣམས་དང་སྐལ་བ་འཐུན་པར་གྱུར་པ་མིར་སྐྱེས་ན། དེ་མཆོག་ཏུ་སྐྱིད་པ་ཉིད་དུ་འགྱུར་ཏེ། ལས་དེའི་རྒྱུ་འཐུན་པས་ཡིད་གཞུངས་པ་དང་ཤེས་རབ་ ཀྱིས་འཚོ་བ་དང་རྒྱལ་པོ་མངོན་པར་འདོད་པ་དང་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་རོ། །འགྲོ་བ་དང་ཡང་དག་པར་ལྡན་པའི་ས་རྫོགས་སོ།། ་་།།གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ལ་ཀུན་དུ་ལྟ་བར་བྱེད་དོ། །ཇི་ལྟར་ཡོད་པའི་འཐབ་ བྲལ་བ་རྣམས་ཀྱིས་འོད་ཟེར་འཕྲོ་བ་ཞེས་བྱ་བ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་མཐོང་ངོ ། །དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་མཐོང་བར་གྱུར་པ་ནི་སྐྱེས་བུ་དམ་པ་གང་གིས་ཐོས་པའི་དོན་དང་ལྡན་ཞིང་ཚུལ་ཁྲིམས་དང་ལྡན་པར་འགྱུར་ཏེ། མཆོག་ཏུ་གྱུར་པའི་ཡང་དག་ པའི་ལྟ་བ་དང་ལྡན་པ་གང་གིས་ཕ་རོལ་ལ་ཡིད་གདུང་བར་མི་བྱེད་པ་དང་དྲང་པོ་དང་ཡིད་དྲང་པོར་གྱུར་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡང་སྤངས་པར་གྱུར་པ་རྣམས་ནི་སྔར་བཞིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ཡང་རྣམ་པར་སྤངས་པར་གྱུར་པའོ། །དེ་ལྟར་ཡང་ཅུང་ཟད་ཅིག་ཀྱང་བུད་མེད་དག་་ ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་གྱུར་པས་ལྟ་བར་མི་བྱེད་དེ། འདོད་པ་ལ་ལོག་པར་གཡེམ་པར་གྱུར་པའི་འཇིགས་པ་རྣམས་ཀྱིས་འཇིགས་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པའི་ལས་ཤིན་ཏུ་རྣམ་པར་དག་པའི་འཚོ་བ་ལས་ཀྱི་མཐའ་རྣམས་ཤིན་ཏུ་རྣམ་པར་དག་པར་གྱུར་པ། དེ་ལུས་ཞིག་ནས་ མཐོ་རིས་བདེ་འགྲོའི་འཇིག་རྟེན་འོད་ཟེར་འཕྲོ་བ་ཅན་གྱི་སར་སྐྱེ་བར་འགྱུར་རོ། །དེ་ལ་སྐྱེས་པར་གྱུར་པ་ནི་ལྷ་རྫས་ཀྱི་ཡུལ་རྣམས་ལ་ལོངས་སྤྱོད་པར་གྱུར་པའི་བུད་མེད་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་ལས་ཀྱི་མཐའ་རྣམས་ཡོངས་སུ་དག་པ། འདོད་པའི་ཡོན་ཏན་ལྔའི་རྒྱགས་པས་དབང་པོ་དྲུག་གི་དབང་དུ་ སོང་བར་གྱུར་ནས་དེ་ནགས་དང་ཉེ་བའི་ནགས་ཀུན་དུ་བལྟ་བ་ལ་བག་མེད་པ་རྣམས་ཇི་ལྟ་ཇི་ལྟར་ལྷ་དེས་ལྷ་རྫས་ཀྱི་སྲེད་པ་དུ་མ་རྣམས་རྣམ་པ་དུ་མར་མཐོང་བར་གྱུར་པ་དེ་ལྟར་བག་མེད་པར་རྒྱུ་བར་འགྱུར་རོ། །འདི་ལྟར་གྱུར་པ་ཡིན་ཏེ་ལྷ་དེ་ལྷ་རྫས་ཀྱི་ཡུལ་དེ་དག་རྣམས་ཉིད་སྒྲུབ་པ་ལ་ཆེད་ཆེ་བ་ཡོངས་སུ་སྒྲུབ་པ་ལྷག་ 70-1-216b པར་འགྱུར་རོ། །དེ་དགའ་བར་གྱུར་པའི་ས་གཞི་མཉམ་པ་མནན་ན་ནེམ་པ་བཏེག་ན་འཕར་བ་འཇམ་པོར་གྱུར་པ་རིན་པོ་ཆེ་བདུན་དང་ལྡན་པས་ཤིན་ཏུ་རྣམ་པར་ཕྱེ་བའི་ས་གཞི་ཆ་མཆོག་ཏུ་དགའ་བར་གྱུར་པ་ལ་རབ་ཏུ་འཇུག་པར་བྱེད་དོ། །ས་གཞི་དེ་ནི་རྣམ་པ་དེ་ལྟ་བུ་རྣམས་ཡིན་ཏེ། ཤིང་གང་དག་ལ་ཞོན་པར་གྱུར་པ་དེ་དག་ རྣམས་ཀྱང་དེ་ཁོ་ན་བཞིན་དུ་རེག་པར་བཟོད་པར་འགྱུར་རོ། །མཆོག་ཏུ་མཉེན་པར་གྱུར་པ་སྦྱངས་པ་འཇམ་པོའི་གསེར་གྱི་འདབ་མ་དང་འབྲས་བུ་རྣམས་ཇི་ལྟར་འདོད་པར་གྱུར་པའི་རོ་དང་དྲི་དང་ཁ་དོག་དང་ལྡན་པས་ཤིན་ཏུ་ཡང་ལྷ་རྣམས་ཀྱི་ཟས་ཀྱི་རྒྱུར་འགྱུར་རོ། །དེ་ལྟར་ལྷ་དེ་དག་རྣམས་ཉིད་འདི་ལྟར་འགྱུར་ཏེ། གང་ གི་ཚེ་བདག་ཅག་རྣམས་འབྲས་བུ་འདི་དག་རྣམས་ལས་མཆོག་ཏུ་རོ་དང་དྲི་དང་ཁ་དོག་དང་རེག་བྱ་རྣམས་ཕུན་སུམ་ཚོགས་པའི་བཏུང་བ་འབྲས་བུ་དེ་དག་ལས་འབབ་པར་གྱུར་མོད། དེ་ནས་སེམས་བསྐྱེད་པ་ཙམ་ཉིད་ན་ལྷ་དེ་རྣམས་ཉིད་ཀྱི་དྲུང་དུ་འབྲས་བུ་བཟང་པོ་དེ་དག་ལས་བཏུང་བ་སྔ་ན་མེད་པ་རོ་དང་ཁ་དོག་གི་ ཡོན་ཏན་དང་ལྡན་པ་རབ་ཏུ་འབབ་པའོ། །དེ་ཡང་ལྷས་ནོར་བུའི་རང་བཞིན་གྱི་སྣོད་ལེགས་པར་བཞག་ནས་ལྷ་མོ་དང་བཅས་པ་རྣམས་འཐུང་བར་བྱེད་དོ། །དེ་དག་རྣམས་ཀྱི་བཏུང་བ་དེ་ཡང་དམན་པ་དང་བར་མ་དང་མཆོག་ཏུ་གྱུར་པའི་ཁ་དོག་དང་རོ་དང་དྲིར་འགྱུར་ཏེ། ལས་དུ་མ་རྣམས་དང་འདྲ་བ་ཡིན་པས་ཇི་ ལྟར་ལེགས་པར་བྱས་པར་གྱུར་པའི་ལས་རྣམས་ནི་རོས་ཀྱང་སོ་སོར་སྟོན་པར་བྱེད་པ་ལྟ་བུར་འགྱུར་རོ། །དེ་ནས་ལྷ་དེ་དག་རྣམས་བཏུང་བ་དེ་འཐུངས་པར་གྱུར་ནས་གཞན་ཡང་རྒྱགས་པ་དུ་མས་རྒྱུ་བར་བྱེད་ཅིང་བག་མེད་པར་རྒྱུ་བས་བསྲེགས་ནས་ནགས་དང་ཉེ་བའི་ནགས་རྣམས་ལྟ་བའི་གཡོ་འགུལ་གྱིས་བསྲེགས་ པས་རབ་ཏུ་གར་བྱེད་པ་དང་གླུ་དང་གར་དང་དགོད་པ་དང་ཕན་ཚུན་དུ་ལྷན་ཅིག་ཏུ་སྐྱོད་པར་བྱེད་པས་གང་ན་ནགས་དང་ཉེ་བའི་ནགས་རྣམས་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དེ་བལྟ་བར་བྱ་བའི་དོན་དུའོ། །དེ་གང་ཁོ་ན་ནས་ཇི་ལྟར་འགྲོ་བར་བྱེད་པ་དེས་དེ་དེ་ཁོ་ན་ནས་རྣམ་པ་དུ་མར་དཔེ་མེད་པའི་ལྷ་རྫས་ཀྱི་གཟུགས་ རྣམས་མཐོང་བར་འགྱུར་རོ། །སོ་སོར་སྟོན་པར་བྱེད་པ་ལྟ་བུར་གྱུར་པའི་རོ་ཡང་མྱོང་བར་བྱེད་དོ། །དེ་ལ་དེས་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མར་གྱུར་པའི་རོ་རྣམས་མྱོང་བར་བྱེད་དོ། །དེ་བཞིན་དུ་ཡིད་འཕྲོག་པར་བྱེད་པ་གང་ཡིན་པ་ཁོ་ནའི་དྲི་རྣམས་སྣོམ་པར་བྱེད་དོ། །དེ་ལ་དེས་རྣམ་པ་དུ་མ་དང་རྣམ་པར་ 70-1-217a རྟོག་པ་དུ་མར་གྱུར་པ་རྣམས་སྣོམ་པར་བྱེད་དོ། །ཡིད་ཀྱི་རྗེས་སུ་འཐུན་པའི་རེག་བྱ་འདོད་པར་གྱུར་པ་རྣམས་གང་དག་ཁོ་ན་ཡིན་པ་ལྷ་རྣམས་ཀྱིས་རེག་བྱ་རེག་པར་འདོད་པ་དེ་ཉིད་རྣམ་པ་དུ་མ་དང་མཆོག་ཏུ་བདེ་བའི་རྗེས་སུ་འཐུན་པ་རྣམས་ལ་རིག་པར་བྱེད་དོ། །ལྷ་སྒྲ་གང་དང་གང་དག་ཉན་པར་འདོད་ པ་དེ་ཉིད་རྣམ་པར་རྟོག་པ་དུ་མ་དང་མཉམ་པར་དགའ་བའི་སྒྲ་དུ་མ་རྣམས་ཀྱིས་ཡིད་ཀྱི་རྗེས་སུ་འཐུན་པར་གྱུར་པའི་རྣམ་པར་རྟོག་པ་དུ་མས་ཉན་པར་བྱེད་དོ། །ལྷ་མཆོག་ཏུ་དགེ་བའི་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པས། ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་གྱུར་པའི་ཡུལ་ལྔ་པོ་ རྣམས་ལ་རྣམ་པར་སྤྱོད་དོ། །དེ་དག་དེ་ལྟར་རྣམ་པར་རྒྱུ་ཞིང་རྩེད་མོ་རྩེ་བ་ལ་བློས་ལྷུང་བར་གྱུར་པས་དུས་ཡུན་རིང་པོར་ཡུལ་གྱི་བདེ་བས་ངོམས་པ་མེད་པ་རྣམས་ཀྱིས། དེ་ནས་མངོན་པར་དགའ་བའི་ནགས་ཞེས་བྱ་བའི་ནགས་མཐོང་བར་གྱུར་པ་ལ་ཤིང་ལྗོན་པ་བརྒྱ་སྟོང་དུ་མ་དང་ལྡན་པ་ཉེ་འཁོར་ན་ཡང་ཉེ་ བའི་ནགས་ཀྱིས་ཀུན་དུ་བརྒྱན་པའོ། །མངོན་པར་དགའ་བའི་ནགས་དེ་ན་ཡང་དགའ་བ་འདི་དག་རྣམས་ཡོད་དེ། དེ་དག་རྣམས་ནི་ཇི་ལྟར་སོ་སོ་ཐ་དད་པར་རྩ་བ་དང་ཡལ་ག་དང་ཡལ་ག་ཕྲ་མོ་དག་དང་ལྡན་པར་གྱུར་པ་ཡིན་ལ་དེ་ལ་ངོས་གཅིག་གི་ཉེ་འཁོར་ཀུན་ནས་མཆོག་ཏུ་དཀར་བ་དང ། མཆོག་ ཏུ་དཀར་བར་སྣང་བར་འགྱུར་བས་གངས་ཀྱི་མདོག་དང་ཞད་འདྲ་བའི་ནགས་ནི་དངུལ་གྱི་ལྗོན་ཤིང་གི་ནགས་ཞེས་བྱ་བ་ཡིན་ཏེ། ཉེ་འཁོར་དེ་ནི་དེ་བཞིན་དུ་ཀུན་ཏུ་སྣང་བར་བྱེད་དོ། །ཇི་ལྟར་འཛམ་བུའི་གླིང་དུ་ཟླ་བ་རྒྱས་པར་གྱུར་པ་དེ་བཞིན་དུ་འོད་ཟེར་རྣམས་ཡིན་ནོ། །ནགས་དེར་གཏོགས་པའི་ཤིང་རེ་རེའི་འོད་ཀྱང་དེ་ བཞིན་དུ་འགྱུར་ཏེ། ཡུལ་ཐམས་ཅད་ལས་ཀྱང་མཆོག་ཏུ་དགའ་བར་གྱུར་པ་དེས་མིག་སྔར་དགའ་བར་གྱུར་པའི་འོད་ཀྱིས་སྡུག་པ་འཛིན་པ་སྐྱེད་པའོ། །གཞན་ཡང་ལོགས་གཞན་ནི་ཀར་ཀེ་ཏ་ན་བཞིན་དུ་ཉེ་བར་མཛེས་པར་གྱུར་པ་སྟེ། མཆོག་ཏུ་དམར་བའི་ཚོགས་སུ་གྱུར་པ་འོད་དམར་པོ་རྣམས་ཀྱིས་རྣམ་པར་ བརྒྱན་པ་འདབ་མ་དམར་པོ་རྣམས་ལ་བྱ་དམར་པོའི་ཚོགས་ཀྱིས་ཀུན་དུ་བརྗོད་པར་གྱུར་པས་མངོན་པར་དགའ་ཞིང་རྣམ་པར་སྣང་སྟེ་རྣམ་པར་རྟོག་པ་དུ་མར་གྱུར་པ་རྣམས་ཐམས་ཅད་ལས་མཆོག་ཏུ་དམར་བར་སྣང་བས་དམར་བར་གྱུར་པའི་ནགས་དེས་ནམ་མཁའ་རྣམ་པར་གསལ་བར་བྱེད་དོ། །རྟག་ཏུ་མངོན་པར་དགའ་ 70-1-217b བའི་ལོགས་གཞན་གསུམ་པ་དེའི་ལོགས་ཀྱི་ཉེ་འཁོར་ན་ཉེ་བའི་ནགས་དག་དང་ལྡན་པ་ཁ་དོག་གཅིག་ཏུ་གྱུར་པས་ཀྱང་ཤིན་ཏུ་ཁྱད་པར་དུ་འབར་བར་བྱེད་པར་གྱུར་པ་ནི་མཐིང་ག་རབ་ཏུ་དང་བའི་མདོག་དང་ལྡན་པས་ཉེ་འཁོར་ཀུན་དུ་འོད་ཟེར་གྱིས་སྣང་བར་བྱེད་དོ། །དེའི་འོད་རྣམས་ཀྱིས་ཀྱང་དེ་ལས་གཞན་པའི་ནམ་ མཁའི་དཀྱིལ་རྣམས་ཀྱང་དེ་བཞིན་དུ་སྔོན་པོས་ཤིན་ཏུ་བར་ཡང་མཛེས་སོ། །འཛམ་བུ་གླིང་པའི་ནམ་མཁར་ཇི་ལྟ་བ་བཞིན་དུ་བཻ་ཌཱུརྱ་དེའི་འོད་རྣམས་ཀྱིས་དེ་དག་རྣམས་མཛེས་པར་བྱེད་དོ། །རྟག་ཏུ་མངོན་པར་དགའ་བའི་ནགས་དེ་ན་ཕལ་ཆེ་བ་ཉིད་དུ་གཞན་ཡོད་པ་ནི་མ་ཡིན་གྱི་ཉེ་བའི་ནགས་ཤེལ་གྱི་རང་ བཞིན་དུ་གྱུར་པ་ཉེ་འཁོར་ན་མཆོག་ཏུ་དང་བར་གྱུར་པའི་འོད་རྣམས་ཀྱིས་རྣམ་པར་སྣང་བར་བྱེད་དོ། །རྩ་བ་དང་འདབ་མ་དང་ཡལ་ག་དང་ཡལ་ག་ཕྲ་མོ་དང་ལྡན་པས་ཆེན་པོར་གྱུར་པ་ཆུ་ཀླུང་དང་འབབ་ཆུ་དང་རྫིང་བུ་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པར་གྱུར་པའོ། །ནགས་ཆེན་པོ་དེ་ཉིད་ཀྱི་ལོགས་གཞན་ལ་ཡང་ ནགས་རྣམ་པར་སྣང་བར་བྱེད་པ་ནི་ཨིན་དྲ་ནཱི་ལའི་ལྗོན་ཤིང་གི་ནགས་ཡིན་ཏེ། རྩ་བ་དང་ཡལ་ག་དང་འདབ་མ་དང་ཟེ་བ་དང་ལྡན་པར་གྱུར་པ་ཉེ་འཁོར་རྣམས་ནི་མཆོག་ཏུ་སྔོ་བ་དང་ལྡན་པས་ཡིད་འཕྲོག་པར་གྱུར་པའི་འཁྲི་ཤིང་གི་ཤིང་རྣམས་དང་ལྡན་པ་ལ་རྣམ་པ་སྣ་ཚོགས་པར་ཡིད་འཕྲོག་པར་བྱེད་པའི་བདེ་བའི་སྒྲ་ དང་ལྡན་པར་གྱུར་པའི་བྱ་རྣམས་ཀྱིས་གང་བ། པད་མའི་རྫིང་བུ་རྣམ་པ་དུ་མ་དག་གིས་ཀྱང་ཉེ་བར་མཛེས་པར་གྱུར་པའི་ཉེ་བའི་ནགས་རྣམས་ཀྱི་རྣམ་པར་སྣང་བར་བྱེད་དོ། །དེ་ན་འོད་ཟེར་འཕྲོ་བའི་ལྷ་དེ་རང་གིས་ལས་རྣམ་པར་འཕྲོ་བའི་འོད་ཀྱིས་ཀུན་ནས་བརྒྱན་པའི་ལུས་ཅན་རྣམས་གང་ན་རྟག་ཏུ་མངོན་པར་ དགའ་བའི་ནགས་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་ལ། བལྟ་བར་འདོད་པས་དང་རྩེ་བར་འདོད་པའི་ཕྱིར་ཏེ། ནགས་དང་ཉེ་བའི་ནགས་དེ་དག་རྣམས་སུ་རྩེད་མོས་རྒྱུ་བར་འདོད་པ་རྣམས་སྲེད་པའི་རྒྱན་རྒྱུན་གྱིས་ཀུན་ནས་བཅིངས་ཤིང་འདོད་པའི་ཡོན་ཏན་ལྔས་ངོམས་པ་མེད་པས་ཀུན་ནས་ དྲངས་ནས་ལྷ་དེ་སླར་ཡང་ཀུན་དུ་དགའ་བར་གྱུར་པ་དང་རྩེ་བར་གྱུར་པས་གང་ན་རྟག་ཏུ་མངོན་པར་དགའ་བའི་ནགས་ཞེས་བྱ་བའི་མིང་ཅན་དེར་དེ་ཉེ་བར་འགྲོ་བར་བྱེད་དོ། །ནགས་དེའི་ནང་ན་ཡང་ཐམས་ཅད་རྣམ་པར་བཀྲ་བར་གྱུར་པ་སྟེ། རྣམ་པ་སྣ་ཚོགས་པའི་ཁ་དོག་གི་མེ་ཏོག་དུ་མ་རྣམས་ 70-1-218a དང་ལྡན་པ་དང་འབྲས་བུས་གང་བར་གྱུར་པའི་ནགས་དེ་ཡང་ལྗོན་ཤིང་མཆོག་ཏུ་དྲི་ཞིམ་པ་དང་ལྡན་པ་རྣམས་ཀྱིས་ཁྱབ་པར་གྱུར་པའོ། །བུང་བ་རྣམས་འབབ་པར་གྱུར་པས་ཀྱང་མེ་ཏོག་གི་འཁྲི་ཤིང་རྣམས་མངོན་པར་ཁྱབ་པ་དང་རྟག་ཏུ་ཡིད་འཕྲོག་པར་བྱེད་པའི་བྱའི་ཚོགས་དག་ གིས་ཀྱང་བསྟེན་པར་གྱུར་པའི་འཁྲི་ཤིང་ཀུན་ནས་དུད་པ་རྣམས་ཀྱིས་ཉེ་བར་མཛེས་པ་དང་འོད་ཟེར་གྱི་ཕྲེང་བ་ཀུན་དུ་འདྲེས་པར་གྱུར་པ་འབབ་ཆུ་དང་ཆུ་གཤོར་དང་རྫིང་བུ་དང་ཁང་བུ་དང་ཆུ་ཚག་ཚིག་དང་ཤིང་གི་ཚང་ཚིང་དང་འཁྲི་ཤིང་གི་ཁང་པ་དང་མེ་ཏོག་གི་འབྱུང་གནས་རྣམས་ཀྱིས་ཉེ་བར་མཛེས་ པར་གྱུར་པ་སྟེ། རྣམ་པར་རྟོག་པ་དུ་མས་ནགས་ཀྱི་རྒྱལ་པོ་རྣམ་པར་བཀྲ་བ་འཁྲི་ཤིང་ཀུན་ནས་འཁྲིས་པས་དགའ་བའི་ས་གཞི་ཤིན་ཏུ་དགའ་བར་གྱུར་པས་ཤིན་ཏུ་ཡང་རྣམ་པར་སྣང་ངོ ། །ལྷའི་ཚོགས་གཞན་དག་བརྒྱ་ཕྲག་རྣམས་ཀྱིས་ཀྱང་ལན་ཅིག་མ་ཡིན་པར་བསྟེན་པར་གྱུར་པ་འཁྲི་ཤིང་གི་ ཁང་པ་དང་པད་མའི་རྫིང་བུ་དང ། ཆུ་ཀླུང་གི་ངོས་དང ། འབབ་ཆུ་དང་སྨན་དང་ལྗོངས་དང ། ལྗོན་ཤིང་གི་ཚང་ཚིང་རྣམས་སྟེན་པར་གྱུར་པས་ཆེས་དགའ་བར་གྱུར་པ་གླུ་དང ། གར་དང་དགོད་པ་དང་འགྱིང་བ་དང ། རྒྱན་ཆའི་སྒྲས་ཡིད་འཕྲོག་པར་གྱུར་པས་རབ་ཏུ་གླུ་ལེན་པ་བཞིན་དུ་ནགས་དེ་ཉེ་ བར་རྣམ་པར་སྣང་ངོ ། །བདེ་བའི་དོན་དུ་ནགས་ཀྱི་མེ་ཏོག་རྣམས་རབ་ཏུ་གཡོ་བར་གྱུར་པ་ནི་རླུང་ལེགས་པར་རབ་ཏུ་གཡོ་བས་མེ་ཏོག་གི་རྒྱན་རྒྱུན་རྣམས་འཕྱང་ཞིང་རབ་ཏུ་སྐྱོད་པར་བྱེད་པར་གྱུར་པ་རྣམས་ནི་རབ་ཏུ་གར་བྱེད་པ་བཞིན་དུ་ནགས་དེ་དག་རྣམས་ཐམས་ཅད་ཆེས་ལྷག་པར་རྣམ་པར་སྣང་བར་ གྱུར་པས་ལྷམ་མེའོ། །དེ་ནས་ལྷ་དེ་དག་རྣམས་ནགས་དེར་ཞུགས་པར་གྱུར་པ་དང ། ཡིད་ཤིན་ཏུ་ངོ་མཚར་ཞིང་ཡིད་ཆེས་རབ་ཏུ་རངས་པར་ཡང་གྱུར་ནས་ཕྱིར་ཞིང་ཉིད་ཀྱང་ཀུན་དུ་རྩོམ་པ་ལྟ་བུར་གྱུར་པའི་ཡིད་ཀྱིས་ཕན་ཚུན་གྲོགས་བྱས་པར་གྱུར་ནས་རྒྱགས་པ་ལ་དོན་གཅིག་པ་རྣམས་གར་བྱེད་ དོ། །དགོད་པར་བྱེད་དོ། །གླུ་ལེན་པར་བྱེད་དོ། །རྟག་ཏུ་ཡང་ཡུལ་རྣམས་ལ་ཕྱོགས་པར་གྱུར་པའི་ཡིད་དང་བག་མེད་པ་ལ་འགྲོ་བར་བྱེད་པའི་ཡིད་ཀྱིས་ནགས་ཀྱི་གསེབ་རྣམས་སུ་རྟག་ཏུ་ལྷ་མོ་རྣམས་དང་རྩེ་བར་བྱེད་དོ། །དེ་དེ་ལྟར་རྩེ་བར་གྱུར་པས་ནགས་ནས་ནགས་རྣམས་སུ་དགའ་ 70-1-218b བར་གྱུར་པ་ལས་གལ་ཏེ་ཤེད་ན་མན་དཱ་ར་བའི་ཚལ་དུ་ཕྱིན་ཏེ། རིན་པོ་ཆེ་བདུན་གྱིས་ཉེ་བར་སྤྲས་པར་གྱུར་པའི་བཅུད་དུ་གྱུར་ཅིང་སྙིང་པོར་གྱུར་པ་ནགས་དེའི་རྒྱལ་པོ་ལྟ་བུར་གྱུར་པ། ཉི་མ་བརྒྱ་བས་ལྷག་པའི་འོད་ཟེར་རྣམས་ཀྱིས་རྣམ་པར་མཛེས་པར་གྱུར་པའི་པད་མའི་རྫིང་བུའི་དབུས་སུ་འགྲོ་བར་བྱེད་དེ། དེ་ནས་ ཡང་མན་དཱ་ར་བའི་ཤིང་ལྗོན་པ་ལ་རྣམ་པར་བཀྲ་བ་ཞེས་བྱ་བའི་རྨ་བྱའི་རྒྱལ་པོ་རབ་ཏུ་གནས་སོ། །ཐིག་ལེ་བདུན་གྱིས་རྣམ་པར་བཀྲ་བར་གྱུར་པའི་སྒྲོ་མགྲིན་པའི་དབྱངས་ཤིན་ཏུ་སྙན་པ་དང་ལྡན་པས་ནགས་མ་ལུས་པ་རྣམས་གང་བར་བྱེད་དེ། བག་མེད་པའི་ལྷ་རྣམས་ཀྱི་བག་མེད་པ་གདུལ་བར་བྱ་བའི་དོན་དུ་ སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་དེར་སྐྱེས་པ་ཡིན་ཏེ། ལྷ་དེ་དག་རྣམས་ནི་ཡུལ་ལྔའི་མེ་རྣམས་ཀྱི་དབུས་སུ་སོང་བའི་ཕྱིར་ན་འདོད་ཆགས་ཀྱི་མེས་འདི་ན་སྲེག་པར་གྱུར་པ་རྣམས་ཀུན་དུ་མངོན་པར་མཐོང་ནས། ལྗོན་ཤིང་གི་ཡལ་གའི་བར་དུ་སོང་ནས་རབ་ཏུ་བརྟན་པའི་འགྲོས་ཀྱིས་རྗེས་སུ་ ཐུགས་བརྩེ་བར་གྱུར་པས་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་འདི་དག་རྣམས་ནི་ངེས་པ་ཁོ་ནར་ཤིན་ཏུ་བག་མེད་པ་རྣམས་ཀྱི་ཡང་མཆོག་ཏུ་གྱུར་པས་ལྟུང་བར་འགྱུར་བ་ནི་ཤིན་ཏུ་མ་གོ་བ་ཡིན་ནོ། །དེ་དག་རྣམས་ཀྱིས་བདེ་བ་འདི་དག་རྣམས་ལས་ཤིན་ཏུ་འདའ་བར་འགྱུར་ཏེ། འདི་དག་ རྣམས་སྐད་ཅིག་པ་ཡིན་ཞིང་བརྟན་པ་མ་ཡིན་པའི་ལྷ་རྣམས་ཀྱི་བདེ་བ་ཐམས་ཅད་ནི་རབ་ཏུ་ལྟུང་བར་འགྱུར་ཏེ། རི་གཟར་པོའི་ཆུའི་བང་དང་འདྲ་བར་ཤིན་ཏུ་འཇུག་པར་འགྱུར་བ་ཡིན་ནོ། །དེ་དག་རྣམས་རྣམ་པ་ཐམས་ཅད་དུ་ཡང་མི་གོ་བར་བག་མེད་པའི་ཕྱིར་ན་ཆེས་ལྷག་པར་སྲེད་པ་རྣམས་དོན་དུ་གཉེར་བར་ བྱེད་དོ། །དེ་ནས་དེའི་ཚེ་རྣམ་པར་བཀྲ་བའི་རྨ་བྱའི་རྒྱལ་པོ་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྣམ་པ་སྣ་ཚོགས་རྨི་ལམ་དོན། །ཆུ་ཡི་ཆུ་བུར་དང་འདྲ་བ། །དྲི་ཟའི་གྲོང་ཁྱེར་དང་མཚུངས་པའི། །ལས་ལ་ལྷ་རྣམས་ལྟུང་བ་ཡིན། །སྲེད་པ་སྐྱེད་བྱེད་ལྟར་གྱུར་པ། །མཐར་ནི་རྣམ་པར་འཇོམས་བྱེད་དང ། ། འོད་བྱེད་རྣམ་པར་ཡངས་པ་ཡིན། །འདོད་པ་ལ་ནི་ལྷ་ལྟུང་ངོ ། །ཤིན་ཏུ་མྱུར་བར་བྲག་བར་ཆུ། །ཤུགས་ཀྱིས་འབབ་པར་གྱུར་ལྟ་བུའི། །ངན་སོང་རྣམ་པ་ལྔ་པོར་ཡང ། །ལྷ་ནི་འདོད་པས་སྒྱུར་བ་ཡིན། །ཤིན་ཏུ་གཡོ་བའི་རླུང་ཤུགས་ཀྱིས། །གཡོ་བའི་རླབས་ཀྱི་ཆུ་ཟླ་དང ། །ཟོ་ཆུན་ 70-1-219a འཁོར་མོའི་ལིམ་ལོག་ལྟའི། །འདོད་པ་ལ་ནི་ལྷ་རྣམས་ལྟུང ། །གློག་དང་ཟོ་ཆུན་འཁོར་མོ་མཚུངས། །སྨིག་རྒྱུ་དང་ཡང་མཚུངས་པ་དང ། །དབུ་བ་བཞིན་ཡང་སྙིང་པོ་མེད། །འདོད་པ་ལ་ནི་ལྷ་རྣམས་ལྟུང ། །གླང་ཆེན་རྣ་བ་གཡོ་བ་དང ། །ཆུ་ཤིང་ ལོ་མ་མཚུངས་པ་ཡི། །འཕགས་མིན་སྐྱེ་བོ་ཀུན་དགའ་བའི། །རྔ་སྒྲ་ལ་ནི་ལྷ་རྣམས་ལྟུང ། །ཀིམ་པ་ཀ་ཡི་འབྲས་བུ་མཚུངས། །ཉ་མཆིལ་ཟས་ཀྱི་རིགས་ཅན་དང ། །སྒྱུ་མ་བཞིན་དང་མི་རྟག་པའི། །འདོད་པ་ལ་ནི་ལྷ་རྣམས་ཞུགས། །དགའ་བར་གྱུར་པའི་བུད་མེད་ཀྱང ། ། འཇིགས་བཅས་ཉེ་བར་འཚེ་བ་དང ། །ལྔ་རྣམས་ཤིན་ཏུ་སྟོང་པ་དང ། །གཡོ་བར་བྱེད་པའི་ཁྱད་པར་ཅན། །བཏུང་བ་མངར་པོ་དེ་དག་གི། །འདོད་པ་ལ་ནི་ལྷ་རྣམས་ལྟུང ། །སྲིད་པའི་འཆིང་བའི་རྒྱུར་གྱུར་པའི། །བག་མེད་གཅིག་པུའི་རོ་ཤེས་པའི། །ངན་སོང་མྱུར་དང་མི་ བཟད་པའི། །འདོད་པ་ལ་ནི་ལྷ་རྣམས་ལྟུང ། །དགའ་བར་གྱུར་པའི་བུད་མེད་ནི། །འཇིགས་བཅས་ཉེ་བར་འཚེ་བ་དང ། །དུག་དང་མེ་དང་མཚོན་འདྲ་བའི། །འདོད་པ་ལ་ནི་ལྷ་རྣམས་ལྟུང ། །དེ་རྟག་ཏུ་མངོན་པར་དགའ་བའི་ནགས་སུ་ཞུགས་པར་གྱུར་པའི་ལྷ་དེ་དག་རྣམས་ ལ་དེས་རྗེས་སུ་སྟོན་པར་བྱེད་དོ། །རྣམ་པར་བཀྲ་བའི་རྨ་བྱའི་རྒྱལ་པོ་དེ་མཆོག་ཏུ་དགེ་བའི་ཀུན་ཏུ་རྟོག་པ་དང་ཡང་དག་པར་ལྡན་པར་གྱུར་པའི་སྨོན་ལམ་གྱི་དབང་གིས་ལྷའི་རིས་དེ་ཉིད་དུ་སྐྱེས་པར་གྱུར་ལ། དེས་དེ་དག་རྣམས་མིར་གྱུར་པ་གང་ཡིན་པ་ན་དེ་དག་གིས་མཐོང་བའི་དངོས་ པོ་འདྲ་བ་དེ་རྣམས་ཀྱི་དཔེས་འཇལ་བར་བྱེད་ཀྱི། ལྷ་རྫས་རྣམས་ཀྱིས་ནི་མ་ཡིན་ཏེ། རྒྱུ་གང་གིས་ལྷ་དེ་དག་རྣམས་ཀྱིས་ཅུང་ཟད་ཐོས་པར་གྱུར་པས་སྐྱེ་བ་གཞན་རྣམས་རྗེས་སུ་དྲན་པར་གྱུར་ཅིང ། དེ་ལས་ཀྱི་འབྲས་བུ་དེ་དག་རྣམས་རྗེས་སུ་དྲན་པར་གྱུར་ནས་རྟག་ཏུ་སྒོམ་པར་བྱེད་ པ་དང ། དེ་ཤིན་ཏུ་ལྷག་པར་ཡང་འདོད་པ་རྣམས་ལ་སྒྲུབ་པར་མི་བྱེད་པ་དང ། དེ་ལྟར་བྱས་པས་ཀྱང་མི་བཞིན་དུ་རྟག་ཏུ་སོ་སོར་འགྱོད་པ་དང་ལྡན་པ་དང ། འདོད་པའི་ཉེས་དམིགས་རྣམས་ཀྱང་སྟེ། ལེགས་པར་བཤད་པ་རྣམས་ལྷ་དེ་དག་ཁ་ཅིག་གིས་ཐོས་པར་གྱུར་ནས་སྐྱེ་བ་ 70-1-219b གཞན་དག་དྲན་པ་དང་ལྡན་པར་གྱུར་ཏོ། །དེ་ལས་དེས་ལས་རྣམས་ཀྱི་འབྲས་བུ་རྗེས་སུ་དྲན་པར་གྱུར་ནས་ཡུད་ཙམ་ཞིག་འདོད་པ་རྣམས་ལ་བག་མེད་པ་དང་ལྡན་པར་མི་བྱེད་དོ། །དགེ་བ་རྗེས་སུ་དྲན་པ་ཡང་ཀུན་ཏུ་སྐྱེས་པར་འགྱུར་རོ་དེ་དག་རྣམས་ཀྱིས་འདིར་ཡུད་ཙམ་ཅིག་ཕན་པར་ འགྱུར་བ་དང་བདེ་བར་འགྱུར་བ་དང་སྐྱེ་བ་གཞན་བརྒྱ་སྟོང་འཕེན་པར་བྱེད་པ་རྣམས་ཀྱང་ཀུན་ཏུ་བྱུང་བར་གྱུར་པ་ནི་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམ་པར་བཀྲ་བ་དེས་ཚིགས་སུ་བཅད་པ་དེ་དག་རྣམས་བཤད་པའི་རྒྱུས་བྱས་པ་ཡིན་ནོ། །དེ་ནས་སླར་ཡང་དབང་ པོ་དེ་ཉིད་ཀྱིས་ཀུན་ནས་ཁྲིད་པར་གྱུར་ནས་ནགས་དེ་ཉིད་ཀུན་ཏུ་ལྟ་བར་རྩོམ་པར་བྱེད་དེ། དེ་དག་རྣམས་ཀྱི་མགོ་བོ་ལ་པད་མའི་ཕྲེང་བ་ཅན་རང་གི་འོད་དང་ལྡན་པ་ལྷ་རྫས་ཀྱི་རྒྱན་གྱིས་ཀུན་ནས་བརྒྱན་པ་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཀུན་ནས་བསྒྲགས་པའི་སྒྲའི་རྒྱགས་པས་རྒྱགས་པ་རྣམས་་ སོ། །ནགས་དེ་ན་ནི་རབ་ཏུ་ཕལ་ཆེ་བར་གྱུར་པའི་ཤིང་ལྗོན་པ་དང ། འབྲས་བུ་དང་ཆུ་ཀླུང་དང་འབབ་ཆུ་དང་རྫིང་བུ་དང་ཆུ་མིག་རྣམས་ཕུན་སུམ་ཚོགས་པར་གྱུར་པ་རྣམས་ཤིན་ཏུ་ཁྱད་པར་དུ་འཕགས་པར་ཡིད་དགའ་བར་གྱུར་པ་རྣམས་མཐོང་ངོ ། །ལྷ་རྣམས་བག་མེད་པར་གྱུར་པ་ ལ་རོ་གཅིག་ཏུ་བྱས་ནས་སྐྱེ་བ་དང་རྒ་བ་དང་འཆི་བའི་འཇིགས་པ་དང་རྣམ་པར་བྲལ་བར་གྱུར་པས། དེ་དག་རྣམས་དེ་ལྟར་གར་བྱེད་པར་གྱུར་ཅིང ། མེ་ཏོག་གི་ཕྲེང་བའི་ནགས་ཞེས་བྱ་བའི་ནགས་གཞན་དུ་ལེགས་པར་རྗེས་སུ་ཕྱིན་པར་གྱུར་ཏོ། །ནགས་དེ་ན་ཡང་ཤིང་ཤཱ་ལིའི་འཁྲི་ ཤིང་བརྒྱ་སྟོང་དུ་མ་དང་ལྡན་པ་ཤིང་དང་མེ་ཏོག་དུ་མ་ཀུན་ཏུ་འབྱུང་བར་འགྱུར་བ་རྣམས་ཀྱི་མདོག་དང་དྲི་དང་དབྱིབས་དང་འདབ་མ་དང་མྱུ་གུ་དང་ཟེའུ་འབྲུར་གྱུར་པའི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། མེ་ཏོག་དེ་དག་རྣམས་ཐམས་ཅད་ནི། འཁྲི་ཤིང་ལ་ལེགས་པར་རབ་ཏུ་བརྒྱུས་པ་རྣམས་ ཡིན་ནོ། །དེ་དག་རྣམས་ཀྱི་ནགས་དག་ཅིག་ན་ཡོད་པ་རྣམས་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་དུ་གྱུར་པའི་རྣམ་པར་བཀྲ་བའི་གཟུགས་དང་སྒྲ་མཆོག་ཏུ་སྙན་པར་གྱུར་པའི་དབྱངས་རྣམ་པ་དུ་མ་དང་ལྡན་པའི་བུང་བ་རྣམས་ཀྱིས་ཉེ་བར་མཛེས་པ་དང ། མེ་ཏོག་གི་ཕྲེང་བའི་ནགས་དེ་ན་རྣམ་པར་ 70-1-220a འགྱུར་བ་དུ་མའི་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་ལྷ་དེ་དག་རྣམས་རྣམ་པ་སྣ་ཚོགས་པའི་རྩེད་མོ་རྩེ་བར་བྱེད་དོ། །དེ་དེ་ལྟར་མཛེས་པར་གྱུར་པ་ལས་ཀྱང་སླར་ཡང་བཅུ་འགྱུར་བས་ཀྱང་ཆེས་ལྷག་པར་མཚུངས་པའི་ལྷ་མོ་རྣམས་ཀྱིས་མཛེས་པར་གྱུར་ཏོ། །ལྷ་མོ་ རྣམས་ཀྱང་མེ་ཏོག་གི་ཕྲེང་བའི་ནགས་ན་ཆེད་ཆེར་གྱུར་པས་ཕན་ཚུན་དུ་གནོད་པ་དང་བྲལ་བར་གྱུར་ནས་དོན་གཅིག་ཏུ་གྱུར་པའི་ནགས་དང་ཉེ་བའི་ནགས་ཀྱི་འོད་ཀྱི་རང་བཞིན་སྒྲོན་མའི་ཤིང་གི་གསེབ་རྣམས་ཀྱི་མེ་ཏོག་འཐོག་པར་བྱེད་དོ། །རྣམ་པ་དུ་མར་གྱུར་པའི་མེ་ཏོག་རྣམས་ཀྱིས་གང་འགའ་ ཞིག་གི་དྲི་ནི་དཔག་ཚད་ལྔར་འགྲོའོ། །ཁ་ཅིག་གི་བཅུར་རོ། །ཁ་ཅིག་གི་ནི་ཉི་ཤུར་རོ། །ཁ་ཅིག་གི་ནི་དཔག་ཚད་སུམ་ཅུ་རྩ་གཉིས་སུ་དྲི་རབ་ཏུ་རྒྱུའོ། །དེ་ལྟར་ནགས་དེ་ན་མཆོག་ཏུ་དྲི་ཕུན་སུམ་ཚོགས་པར་གྱུར་པའི་རྣམ་པ་དུ་མའི་མེ་ཏོག་རྣམས་དང་ཡང་ཉེ་བར་ལྡན་པས་ལྷ་མོ་དང་ ལྷ་དག་རྒྱགས་པས་ཐམས་ཅད་རྩེ་བར་གྱུར་ཅིང་དགོད་པར་གྱུར་པས་གང་ན་བག་མེད་པའི་ཆུ་ཞེས་བྱ་བའི་ཆུ་ཀླུང་དེར་འགྲོའོ། །བཏུང་བ་དེ་ཡང་སྒྲ་དང་རེག་བྱ་དང་རོ་དང་གཟུགས་ཕུན་སུམ་ཚོགས་པར་འབབ་བོ། །དེ་མཐོང་བར་གྱུར་ནས་ལྷ་དེ་དག་རབ་ཏུ་དགའ་བའི་ཡིད་ཀྱིས་འཐུང་ བར་འདོད་པར་གྱུར་ནས་ཆུ་ཀླུང་གི་འགྲམ་དུ་འཁོད་དོ། །སྐོམ་པར་གྱུར་ནས་ཀྱང་དེ་དག་རྣམས་ཀྱིས་འཐུངས་པར་ཡང་གྱུར་ཏོ། །རྟག་པར་རྒྱགས་པ་ཞེས་བྱ་བའི་བྱ་བག་མེད་པའི་ཆུ་ཀླུང་དེ་ཉིད་ཀྱི་འགྲམ་ན་རབ་ཏུ་གནས་སོ། །དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། བག་ མེད་ཆུ་བོར་ཀུན་ཏུ་ནུབ། །ཡུལ་རྣམས་ཀྱིས་ནི་ཀུན་ཏུ་ཁྲིད། །ཡིད་ནི་རྣམ་པར་རྨོངས་བྱེད་པ། །མྱོས་བྱེད་བཏུང་བས་ཡང་ཅི་བྱ། །ཡུལ་གྱི་མེ་ཡིས་བསྲེགས་པ་ཡིས། །དོན་དང་དོན་མིན་མི་ཤེས་ཕྱིར། །ནགས་དང་ཉེ་ནགས་སུ་བརྐམ་པ། །མྱོས་བྱེད་བཏུང་བས་ཀྱང་ཅི་ བྱས། །དེ་ལྟར་རྟག་པར་རྒྱགས་པའི་བྱ་དེས་མཆོག་ཏུ་མྱོས་བྱེད་ཀྱི་བཏུང་བ་ལ་ཀུན་ཏུ་ཆགས་པར་གྱུར་པ་རྣམས་མངོན་པར་མཐོང་ནས་རྗེས་སུ་འདོམས་པར་བྱེད་པའི་ཚིགས་སུ་བཅད་པ་བརྗོད་དེ། དེ་དག་རྣམས་ཀྱིས་མ་ཐོས་ནས་སླར་ཡང་མྱོས་བྱེད་དེ་ཉིད་འཐུང་བར་བྱེད་དོ། །མཆོག་ 70-1-220b ཏུ་རངས་པའི་ཡིད་ཅན་འོད་ཀྱི་ཕྲེང་བ་མཆོག་དང་ལྡན་པ་རྣམས་དེ་མེ་ཏོག་གི་ཕྲེང་བའི་ནགས་དེར་ཡང་དུས་རིང་དུ་རྣམ་པ་དུ་མ་རྣམས་དང་གཞན་དང་མི་འདྲ་བ་རྣམས་ཀྱི་མྱོས་བྱེད་ཀྱི་བྱ་བ་དག་བྱས་ནས། སླར་ཉིད་ཀྱང་ཡུལ་གྱིས་ངོམས་པ་མེད་པས་འདོད་པའི་ཡོན་ཏན་ལྔ་པོ་དེས་ཀྱང་ བག་མེད་པར་གྱུར་ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ལྷན་ཅིག་ཏུ་གར་བྱེད་པར་གྱུར་ཅིང ། གང་ན་མེ་ཏོག་གི་ཁང་པ་ཞེས་བྱ་བ་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དེ། བྲོ་གར་དང་གླུ་དང་རོལ་མོའི་སྒྲ་དང་བཅས་ནས་རྒྱགས་པས་རྣམ་པར་རྒྱུ་བ་རྣམས་འགྱིང་བག་གིས་ འགྲོ་བར་བྱེད་དོ། །དེ་ནས་མེ་ཏོག་ཆེན་པོ་ཕུན་སུམ་ཚོགས་པའི་ནགས་དེ་ཀུན་ནས་ལྷག་པར་ལྟ་བ་བྱེད་དེ། ལྷ་རྣམས་སྔ་ན་མེད་པའི་ལྟ་བས་གདུངས་པའི་ཕྱིར་རོ། །ལྷ་དེ་དག་རྣམས་ཀྱང་དེ་ལྟར་དགའ་བའི་ནགས་དང་ཉེ་བའི་ནགས་དང་པད་མའི་ཚལ་དང་རིན་པོ་ཆེ་བདུན་གྱི་རིའི་རྩེ་མོ་དང་ ལྡན་པའི་ལྷའི་རིས་དེ་དག་རྣམས་མངོན་པར་མཐོང་ནས་མཆོག་ཏུ་ངོ་མཚར་བ་སྐྱེས་པར་གྱུར་ཏེ་ཅ་ཅོ་དང་མིག་ཀྱང་རིག་རིག་པོར་གྱུར་ཅིང་ཉེ་འཁོར་ཀུན་ཏུ་མིག་སྒྱུར་བར་བྱེད་པས་ཀྱང་ངོམས་པར་འགྱུར་བ་ནི་མ་ཡིན་ནོ། །ལྷ་དེ་དག་དང་ལྷ་མོ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་སྔ་ན་མེད་པ་ མཐོང་བས་གཡོ་ཞིང་ཞེན་པས་དེ་རིམ་གྱིས་རྣམ་པར་རྟོག་པ་བརྒྱ་སྟོང་དུ་མས་མེ་ཏོག་དང་ཉེ་བར་ལྡན་པའི་མེ་ཏོག་གི་ཁང་པ་ཀུན་ཏུ་མངོན་པར་མཐོང་བར་གྱུར་པ་དེས་སླར་ཉིད་ཀྱང་ཡིད་ཆེས་པ་རྩོམ་པ་དང་ལྡན་པ་བཞིན་དུ་གར་བྱེད་པ་དང་དགོད་པར་བྱེད་པ་དང་གླུ་ལེན་པར་ཡང་བྱེད་དེ། དེ་དག་ རྣམས་དེ་ཁོ་ན་བཞིན་དུ་བག་མེད་པས་མཆོག་ཏུ་སྡུག་པར་གྱུར་པས། འཁྲི་ཤིང་གི་ཁང་བུ་རྣམས་སུ་ཞུགས་སོ། །ཁྱིམ་དེ་དག་རྣམས་ཀྱང ། འཁྲི་ཤིང་གི་ཤིང་ལྗོན་པ་རྣམས་ཉེ་བར་དུད་པར་གྱུར་པ་འདབ་མ་རྣམ་པར་བཀྲ་བར་མཛེས་པར་གྱུར་པའི་རིན་པོ་ཆེའི་རང་བཞིན་རྣམ་པ་སྣ་ཚོགས་ པའི་འཁྲི་ཤིང་གིས་ཉེ་བར་སྒུ་བ་རྣམས་ལ་འདི་ལྟ་སྟེ། བཻ་ཌཱུརྱའི་འཁྲི་ཤིང་གི་ཁང་བུ་གང་ཡིན་པ་དེ་ལ་ནི་གསེར་འབར་བའི་མདོག་གི་འདབ་མས་ཀུན་ཏུ་ཁྱབ་པར་གྱུར་པའོ། །གང་ཡང་གསེར་གྱི་འཁྲི་ཤིང་ཉེ་བར་སྒུ་བའི་ཁང་བུ་གང་ཡིན་པ་དེ་དག་རྣམས་ལ་ནི་བཻ་ཌཱུརྱའི་འདབ་མ་ 70-1-221a རྣམས་ཀྱིས་གང་བར་གྱུར་ཅིང་ཀར་ཀེ་ཏ་ནའི་མདོག་གི་འབྲས་བུས་ཉེ་བར་མཛེས་པར་བྱས་པའོ། །ིན་དྲ་ནཱི་ལའི་རང་བཞིན་གྱི་འཁྲི་ཤིང་གིས་མཛེས་པར་བྱས་པའི་འཁྲི་ཤིང་གི་ཁྱིམ་གང་ཡིན་པ་དེ་ལ་ནི་དངུལ་གྱི་རང་བཞིན་གྱི་འདབ་མ་རྣམས་ཀྱིས་ཕུབས་ སུ་གྱུར་པར་བྱས་ཤིང ། ཤེལ་གྱི་རང་བཞིན་ཅན་རྣམས་ལ་ནི་གསེར་གྱི་འབྲས་བུ་དང་ལྡན་པའོ། །ཀར་ཀེ་ཏ་ནའི་ཤིང་འཁྲིལ་བ་རྣམས་གང་ཡིན་པ་དེ་ལ་ནི་ཨིན་དྲ་ནཱི་ལའི་རང་བཞིན་གྱི་འདབ་མ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་ཅིང་གསེར་གྱི་རང་བཞིན་གྱི་འབྲས་བུས་ མཛེས་པར་བྱས་པའོ། །ཤེལ་གྱི་འཁྲི་ཤིང་རྣམ་པར་བརྒྱངས་པ་ཉེ་བར་ཕུབ་པར་གྱུར་པའི་འཁྲི་ཤིང་གི་ཁང་པ་གང་ཡིན་པ་དེའི་ཚེ་ནི་དེ་ལ་གསེར་གྱི་འདབ་མ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་དང ། སྔོན་པོ་ཆེན་པོའི་ཁ་དོག་གི་འབྲས་བུས་མཛེས་པར་གྱུར་པའོ། །དེ་ན་ ཡང་རྣམ་པར་རྟག་པར་མཛེས་པའི་བུང་བའི་ཚོགས་རྣམས་ཀྱིས་ཡིད་འཕྲོག་པར་བྱེད་པའི་སྒྲའི་མཆོག་རྣམས་ཉེ་བར་སྒྲོགས་པར་བྱེད་པ་མེ་ཏོག་ཆེན་པོའི་ཁང་པ་ཞེས་བྱ་བའི་ནགས་དེ་ན་ནི་ནང་རྣམས་ཀྱང་དེ་ལྟར་མཆོག་ཏུ་དགའ་བར་གྱུར་པ་ཡིན་ཏེ། གང་ན་ལྷ་དག་མྱོས་པ་ལ་ དོན་གཅིག་པས་དགའ་བར་བྱེད་པའོ། །ནགས་དེའི་ཕྱི་རོལ་རྣམས་ན་ཡང་མཆོག་ཏུ་དགའ་བར་གྱུར་པ་རྣམས་ཡོད་པ་ལ་འདི་ལྟ་སྟེ། པད་མའི་རྫིང་བུ་དག་ན་གསེར་གྱི་འདབ་མ་རྣམས་དང་བཻ་ཌཱུརྱ་སྔོན་པོ་རྣམས་དང་ཨིན་དྲ་ནཱི་ལའི་ཟེའུ་འབྲུ་དང ། དངུལ་གྱི་རང་བཞིན་གྱི་སྙིང་པོ་ཅན་ གྱི་ཉེ་འཁོར་རྣམས་ཁྱབ་པར་གྱུར་པ་དང ། བུང་བའི་ཚོགས་རྣམས་ཀྱིས་ཀྱང་ནགས་དེ་ཉེ་བར་མཛེས་པར་བྱས་པ་ངང་པ་དང་ཀཱ་རཎྜ་བ་དང ། ངང་ངུར་དང ། ཀ་དམྤའི་སྒྲ་ཀུན་ཏུ་སྒྲོགས་པར་བྱེད་པས་སྒྲ་ཡིད་འཕྲོག་པར་གྱུར་པ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་ཅིང་ཡོངས་སུ་བསྐོར་ ནས་ནགས་དེ་ཆེས་ལྷག་པར་རྣམ་པར་མཛེས་སོ། །མེ་ཏོག་གི་ཕྲེང་བ་རྣམས་ཉིད་ཀྱི་པད་མའི་ནགས་དེའི་ཉེ་འཁོར་ཀུན་ནས་འཁོར་བར་གྱུར་པ་ལ་དེས་ཀྱང་མེ་ཏོག་གི་ཁང་པའི་ནགས་ཆེན་པོ་ཡོངས་སུ་བསྐོར་ནས་མཛེས་སོ། །པད་མའི་ཕྲེང་བ་དེ་དག་རྣམས་ཀྱི་ཕྱི་རོལ་གྱི་ཤིང་གི་ནགས་ 70-1-221b གང་དག་ལ་རི་དགས་དང་བྱའི་ཚོགས་རྣམས་མཆོག་གི་རབ་ཏུ་དགའ་བར་གྱུར་པས་ཁ་ཅིག་ནི་ཤིང་གི་རྩ་བ་ནས་བྱུང་ནས་སྡོད་དོ། །ཁ་ཅིག་ནི་པད་མ་དང་ཉེ་བ་ན་ཟ་བར་བྱེད་དེ། ལྷ་རྫས་ཀྱི་ནགས་ཀྱི་འབྲས་བུ་དང་མེ་ཏོག་དང་རྩ་བ་རྣམས་མཆོག་ཏུ་དྲི་ཞིམ་པའི་མདོག་དང་རོ་དང་ དྲི་དང་ཡང་དག་པར་ལྡན་པ་རྣམས་ལ་སྟེ། ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་རྣམས་སོང་ནས་ལྷའི་མཆོག་དེ་དག་དགའ་བར་བྱེད་དོ། །རི་དགས་དང་བྱ་དེ་དག་རྣམས་ཁ་ཅིག་ནི་མཆོག་ཏུ་དགའ་བར་གྱུར་པའི་ལྷ་རྫས་ཀྱི་སྒྲ་ཐོས་པས་ཡིད་འཕྲོག་པར་འགྱུར་ཞིང་ཆགས་པ་དང་ མཚུངས་པ་དང་དཔེ་མེད་པའི་ལྷ་རྫས་ཀྱི་གླུ་རྣམས་ཉན་པར་བྱེད་དོ། །རྣ་བ་དང་མིག་གདངས་པ་ངོ་མཚར་ཞིང་རྒྱགས་པའི་རི་དགས་རྣམས་དགའ་བར་བྱེད་དོ། །ཁ་ཅིག་ནི་གཞན་རི་དགས་མོ་དང་ཕན་ཚུན་ལྷན་ཅིག་མངོན་དུ་ཕྱོགས་པ་ཉིད་ཀྱིས་ཤིང་གི་རྩ་བར་བྱུང་ཞིང་གནས་ནས་ སྐྱུགས་ལྡད་བྱེད་པར་གྱུར་པས་མནན་ན་ནེམ་པ་བཏེག་ན་འཕར་བའི་ས་གཞི་དགའ་བར་གྱུར་པ་རྣམས་སུ་ཉེ་བར་གནས་ནས་ཕན་ཚུན་དུ་ལྟ་བར་བྱེད་དོ། །ཀུན་རྗོད་པར་ཡང་བྱེད་དོ། །རི་དགས་རི་དགས་མོ་དང་ལྷན་ཅིག་ཏུ་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བཀྲ་ཞིང་ཉེ་བར་འབར་ བར་གྱུར་པའི་ཐིག་ལེས་ཉེ་བར་བཀྲ་བར་བྱས་པའི་ལུས་ཅན་གྱི་ནགས་ཀྱི་ནང་རྣམས་སུ་དགའ་བར་བྱེད་དོ། །བྱ་རྣམས་དང་རི་དགས་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་དང་རིགས་རྣམས་སོ། །མཆོག་ཏུ་ཞི་བར་གྱུར་པ་རྣམ་པར་རྟོག་པ་སྣ་ཚོགས་པ་རྣམས་ཀྱིས་དགའ་བར་ བྱེད་པ་རྣམས་ལ་འདི་ལྟ་སྟེ། ཁ་ཅིག་ནི་པད་མ་ཁས་བླངས་ནས་གླུའི་སྒྲ་རྣམས་ཉན་ནོ། །ཡོངས་སུ་འཆམ་པར་བྱེད་དེ་འཁོར་ལོའི་འགྲོས་ཀྱིས་རྩེད་མོ་རྩེ་བར་བྱེད་པའི་འགྲོས་ཅན་རྣམས་ལྷན་ཅིག་སྤྱོད་པ་དང་བཅས་ནས་བཞད་གད་བྱེད་པ་ཡིན་ནོ། །ཁ་ཅིག་ནི་ཁྱུར་གྱུར་པར་ཉེ་བར་ གནས་ནས་སྒྲོ་དག་ཀུན་ཏུ་གྱོན་པས་ལུས་གོང་བུར་བྱས་ཤིང་ཀུན་བློ་འཐུན་པར་གྱུར་པས་དེ་དག་རྣམས་སོང་སྟེ། ནགས་ཀྱི་གསེབ་ལ་བརྟེན་ནས་སྒྲ་ཉན་པར་བྱེད་དོ། །ཁ་ཅིག་ནི་རིན་པོ་ཆེ་གཞན་དག་རྣམས་ཁ་ན་བཟུང་ནས་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའི་ཡུལ་ཕྱོགས་གཞན་དང་ 70-1-222a གཞན་རྣམས་སུ་ཉེ་བར་འདྲེ་བར་བྱེད་དོ། །ཁ་ཅིག་ནི་གཞན་རི་རྣམས་ཀྱི་རྩེ་མོ་རིན་པོ་ཆེ་བདུན་གྱི་འོད་ཀྱིས་སྣང་བར་བྱས་པ་ལ་བསྙེང་ཞིང་སྤྲུགས་ཏེ་སྒྲོའི་ཕྲེང་བ་སྟེང་དུ་རྣམ་པར་བརྐྱང་ནས་གླུ་ལེན་པར་གྱུར་པ་དེས་ཐོས་པས་ཀུན་ཏུ་ཁྲིད་དེ། གང་ན་གླུའི་སྒྲ་དེ་ ཡོད་པར་གྱུར་པའི་མེ་ཏོག་གི་ཁང་པ་དེར་འགྲོ་སྟེ། ནམ་མཁའ་ལ་མཛེས་པར་གྱུར་པའི་སྒྲོའི་སྒྲ་རྣམས་ཀྱིས་མཆོག་ཏུ་ཡིད་རབ་ཏུ་དགའ་བར་གྱུར་པར་རོ། །ལྗོན་པའི་ནགས་ཀྱི་ནགས་གཞན་རྣམས་ནས་ཀྱང་སྣ་ཚོགས་པའི་སྒྲོ་རྣམ་པར་བཀྲ་བའི་ལུས་ཅན་གྱི་བྱ་གང་དག་ གིས། མེ་ཏོག་རབ་ཏུ་རྒྱས་པའི་འཁྲི་ཤིང་དག་ཁ་ནས་ཁྱེར་ནས་གང་ན་དེ་མེ་ཏོག་གི་ཁང་པའི་ནགས་ཡོད་པ་དེར་བསྙེན་ཏེ་འོང་བར་བྱེད་དོ། །གཞན་ཡང་ཕྱོགས་ཀྱི་ཆ་གཞན་རྣམས་ནས་ཀྱང་གླུ་ལེན་པ་དེ་མངོན་པར་ཐོས་པར་གྱུར་ནས། ངང་པ་དང་ངང་མོ་རྣམས་ཕན་ཚུན་དུ་ ཕན་པར་གྱུར་པ་དང་ཕན་ཚུན་དུ་ཁ་ནས་རིན་པོ་ཆེའི་ཕྲེང་བ་རྣམས་ཡོངས་སུ་ཁྱེར་བ། ཁ་དོག་སྣ་ཚོགས་པའི་འོད་ཀྱིས་རྒྱན་དུ་བྱས་པ་རྣམས་གང་ན་མེ་ཏོག་གི་ཁང་པ་ཡོད་པར་ནམ་མཁའི་དཀྱིལ་ན་མཛེས་པར་གྱུར་པས་དེར་འབབས་པར་བྱེད་དོ། །དེ་ལྟར་ན་ནང་དང་ཕྱི་རོལ་ རྣམས་ན་རྣམ་པ་དུ་མར་གྱུར་པའི་རི་དགས་དང་བྱ་སྣ་ཚོགས་པའི་གཟུགས་དང་ཆ་བྱད་དང་དབྱིབས་མཆོག་ཏུ་མཛེས་པ་དང་ཡང་དག་པར་ལྡན་པའོ། །ནགས་དེ་ན་ཡང་རྣམ་པ་དེ་སྲིད་ཀྱི་ལྷའི་རིགས་དེ་དག་རྣམས་ཀྱིས་ཀྱང་མཛེས་པར་བྱེད་པར་འགྱུར་རོ། །དེ་ནས་ལྷ་དེ་དག་རྔ་སྐད་ ཡན་ལག་ལྔ་དང་ལྡན་པས་ནགས་དེར་ཞེན་པར་བྱས་ནས་སླར་ཡང་དེའི་སྲེད་པས་བསྲེགས་པར་གྱུར་པ་དང་རྣམ་པར་ངོམས་པ་མེད་པར་གྱུར་པས་ཀྱང་གང་ན་དེ་བྱའི་སྒྲ་མངོན་པར་དགའ་བ་ཞེས་བྱ་བའི་ནགས་དེར་ཉེ་བར་འགྲོ་བར་བྱེད་དེ། ལྷན་ཅིག་སྤྱོད་པ་དུ་མས་ཡོངས་སུ་བསྐོར་བར་ གྱུར་ནས་དེ་དེ་ཁོ་ན་བཞིན་དུ་གར་བྱེད་པར་གྱུར་ཅིང་ངོ ། །ཁ་ཅིག་ནི་ནམ་མཁའི་ཁམས་གཞན་དུ་གྲོགས་མེད་པར་འགྲོ་བར་བྱེད་དོ། །གཞན་དག་རྣམས་ནི་ངང་པ་རྣམས་ཀྱི་རྒྱབ་ཏུ་ཀུན་ནས་ཞོན་ནས་སོ། །གཞན་དག་རྣམས་ནི་རྨ་བྱ་དག་གི་རྒྱབ་ཏུ་ཞོན་ནས་སོ། །གཞན་དག་རྣམས་ནི་ 70-1-222b པད་མའི་ནང་ཉིད་ཀྱི་སྙིང་པོ་ལ་ཉེ་བར་གནས་པར་གྱུར་ཅིང་ནམ་མཁའི་དཀྱིལ་དུ་འཕགས་ནས་སོ། །གཞན་དག་རྣམས་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་བྱའི་རྒྱབ་ཏུ་ལེགས་པར་ཞོན་པར་གྱུར་ནས་ནམ་མཁའི་དབྱིངས་ན་མཛེས་པར་གྱུར་པས་གང་ན་བྱའི་ནགས་ཡོད་པ་དེར་ཉེ་བར་ ལེགས་པར་འགྲོའོ། །དེ་ལྟར་རྣམ་པར་འགྱུར་བ་དུ་མར་གྱུར་པའི་རྣམ་པར་རྟོག་པའི་དོན་དུ་མཛེས་པ་དང་ཡང་དག་པར་ལྡན་པས་ལེགས་པར་འོངས་པའི་ལྷ་དེ་དག་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་བརྗོད་པ་ཞེས་བྱ་བའི་བྱ་དེ་དག་གིས་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། ལས་ ཀྱི་རང་བཞིན་བཞོན་པ་ལས། །བཞོན་པས་ཁྱད་པར་བྱེད་གཞན་མེད། །ལས་ཀྱི་བཞོན་པས་སྐྱེས་བུ་རྣམས། །ཁམས་གསུམ་དུ་ནི་རྣམ་པར་རྒྱུ། །གང་གིས་གང་ལ་ཇི་ལྟ་བཞིན། །མཛེས་པ་བྱས་པར་གྱུར་པས་ནི། །དེ་ཡི་དེ་ལ་དེ་བཞིན་ལས། །ལུས་ཅན་རྣམས་ལ་སྨིན་པར་ འགྱུར། །ལས་ཀྱི་བློ་ཡི་རི་མོ་ནི། །སེམས་ཀྱི་རྒྱུ་ཡིས་རབ་ཏུ་བཅུག་།དུས་རིང་བར་ཡང་ཞུགས་རྣམས་ཀྱི། །བསྒྲུབ་བྱ་ཅུང་ཟད་དམིགས་པ་མིན། །ལས་ཀྱི་རྒྱུ་ཡིས་ཀུན་བསླང་བའི། །བདེ་བ་རྣམ་པ་སྣ་ཚོགས་རྣམས། །བདེ་བའང་རྣམ་པ་སྣ་ཚོགས་ཀྱང ། །ལས་ཟད་པ་ ཡིས་རབ་ཏུ་འཇིག་།དེ་ཕྱིར་ལས་ཀྱི་བདེ་བ་ནི། །ཇི་སྲིད་ཟད་པ་མ་མཐོང་བ། །དེ་སྲིད་བདེ་བའི་སྐལ་ལྡན་པའི། །ལས་གཞན་དག་ནི་ཁྱེད་ཀྱིས་གྱིས། །ལེ་ལོ་དང་ནི་ལྡན་པའི་ཡིད། །བག་མེད་པས་ནི་རྣམ་པར་བརྒྱལ། །སླུ་བ་མེད་པའི་ཞབས་ཀྱིས་ནི། །རབ་ཏུ་ལྟུང་བར་ རབ་ཉམས་འགྱུར། །འདས་པའི་བདེ་རྣམས་ཐམས་ཅད་དབྲལ། །སྡུག་བསྔལ་ཆེན་པོའི་འབྱུང་གནས་རྣམས། །ཁམས་དང་ཕུང་པོ་འགག་པ་ལ། །འཆི་བདག་ཞེས་ནི་དེ་ལ་བརྗོད། །དེ་འདིར་མྱུར་དུ་འོང་འགྱུར་ཏེ། །གསོན་པའི་བར་ཆད་ཆེར་བྱེད་དོ། །འདི་ཡང་ལེགས་པར་ མཐོང་མིན་ཏེ། །ཡུལ་གྱིས་ཤིན་ཏུ་རྨོངས་པས་སོ། །དེ་ལྟར་བྱ་དེ་ལེགས་པར་བྱས་པའི་ལས་དང་རབ་ཏུ་འབྲེལ་པ་ལྷ་དེ་དག་རྣམས་ལ་རྗེས་སུ་འདོམས་སོ། །དེ་ནས་དེ་དག་ལ་མ་དཔྱད་པ་དང་དེ་ཁོ་ནའི་ཚིག་ཀྱང་སྤངས་པར་གྱུར་ཏེ། སླར་ཡང་ཡུལ་གྱི་སྲེད་པས་གདུངས་པར་ 70-1-223a གྱུར་ནས་ནགས་དང་ཉེ་བའི་ནགས་རྣམས་སུ་རྣམ་པར་རྒྱུ་བ་རྣམས་རབ་ཀྱི་མཆོག་ཏུ་རངས་པར་གྱུར་པའི་ཡིད་ཅན། ཕྱིར་ཡང་བྱའི་སྒྲས་མངོན་པར་དགའ་བར་གྱུར་པའི་ནགས་དེ་ཉིད་དུ་རབ་ཏུ་ཞུགས་པར་འདོད་པར་གྱུར་ཅིང་ཐམས་ཅད་ཀྱང་ལྟ་བ་ལ་མཆོག་ཏུ་བྱེད་པས་ ནགས་དེ་རབ་ཏུ་ལྟའོ། །དེ་ནས་ཞུགས་པར་གྱུར་པ་ན་ནགས་དེའི་རང་བཞིན་ཉིད་ཀྱིས་བྱའི་ཀུན་ནས་བརྗོད་པ་རྣམས་ཀྱིས་མངོན་པར་དགའ་བ། ལྗོན་ཤིང་ཐམས་ཅད་གསེར་གྱི་རང་བཞིན་དང་བཻ་ཌཱུརྱའི་རང་བཞིན་དང་དངུལ་གྱི་རང་བཞིན་དང་ཤེལ་གྱི་རང་བཞིན་དང ། ིན་དྲ་ནཱི་ལའི་རང་ བཞིན་དང་པད་མའི་སྡོང་པོའི་རང་བཞིན་གྱི་ཤིང་རྣམས་ཀྱིས་མར་མེ་དང་འདྲ་བར་ཐམས་ཅད་རྣམ་པ་སྣ་ཚོགས་པར་མཛེས་པར་གྱུར་པ་དང་ལྡན་པའི་ཁ་དོག་དང་དབྱིབས་དུ་མ་ཅན་གྱི་བྱའི་སྒྲོ་རྣམ་པར་བཀྲ་བར་བྱས་པ་རྣམས་ལ་གང་དག་གི་མདོག་དང་དབྱིབས་བརྗོད་པར་སླ་བ་ཡང་མ་ཡིན་པ་ རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། ལས་དུ་མ་སྣ་ཚོགས་པ་རྣམས་ཀྱིས་རྣམ་པར་བཀྲ་བར་བྱས་པའི་རྣམ་པར་བཀྲ་བ་ཡང་རྣམ་པ་སྣ་ཚོགས་པའི་ལས་ཀྱིས་བྱས་པ་ཡིན་ལ། ལས་དེའི་འབྲས་བུ་རྣམས་རྣམ་པ་དུ་མར་རྣམ་པར་བཀྲ་བ་ཡིན་ནོ། །དེ་དག་རྣམས་ནི་བརྗོད་པར་སླ་བ་མ་ ཡིན་ནོ། །སེམས་ཡང་མོར་ཡོངས་སུ་འཇུག་པའི་རྒྱུར་འགྱུར་བའི་རྒྱུ་འདིས་དེ་འདིར་རྣམ་པར་བཀྲ་བ་ཉིད་བརྗོད་པར་བྱ་བར་ཡང་མི་ནུས་སོ། །མཐོ་རིས་ཀྱི་སྲིད་པ་རྣམས་ཐམས་ཅད་དུ་ཅུང་ཟད་ཅིག་རྗེས་སུ་དཔགས་པར་གྱུར་པས་ཀྱང་ལས་དང་འབྲས་བུ་རྣམས་ཀུན་ཏུ་བསྟན་ པའི་དོན་དུ་འདི་དག་བརྗོད་པར་ཟད་དོ། །ཇི་ལྟར་མཆོག་ཏུ་བག་མེད་པས་ནགས་དང་ཉེ་བའི་ནགས་དང་འབབ་ཆུ་དང་རྫིང་བུ་དང་རི་དང་རི་བོའི་རྩེ་མོ་དང ། པད་མའི་ཚལ་དང་བྱ་དང་རིན་པོ་ཆེ་སྣ་ཚོགས་དང་བུད་མེད་ཀྱི་ཚོགས་ཡིད་འཕྲོག་པའི་ཡུལ་རྣམས་ལ་ལེགས་པར་བྱས་པའི་ལས་རྣམས་ ཀྱིས་བྱས་པའི་འབྲས་བུ་ཉེ་བར་སྤྲུལ་པའི་ལྷའི་འཇིག་རྟེན་དེ་ཡིན་པའི་རྒྱུ་འདིས་ན་དགའ་བར་བརྗོད་དོ། །ཇི་ལྟར་ལེགས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རབ་ཏུ་མ་བསྟན་ན། བྱས་པའི་འབྲས་བུ་རྣམ་པར་སྨིན་པ་རྣམས་ཀྱང་ཐོབ་པ་མ་ཡིན་པར་འགྱུར་རོ། །འདི་ནི་ 70-1-223b འདིར་བདེ་བ་སྟེན་པར་བྱེད་པའི་རྒྱུ་གཞན་གཉིས་པ་ཡིན་ནོ། །སླར་ཡང་དེ་ཁོ་ན་བཞིན་དུ་ལྷ་དེ་དག་རྣམས་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང་བྱུག་པས་བྱུགས་པའི་ལུས་ཅན་རང་ལས་འོད་འབྱུང་བས་གཏད་པས་མཆོག་ཏུ་དགའ་བའི་ཡིད་ཀྱིས་ལྷ་དེ་བྱའི་སྒྲས་མངོན་ པར་དགའ་བའི་ནགས་ལྟ་བར་བྱེད་དོ། །ཇི་ལྟར་བལྟས་པར་གྱུར་པ་ན་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་རྣམ་པར་བརྒྱན་པར་གྱུར་པའི་ཤིང་ལྗོན་པའི་འོད་འབར་བ་དང་འདྲ་བའི་ནགས་དེའི་ཉེ་འཁོར་རྣམས་ན་རྣམ་པ་སྣ་ཚོགས་པའི་བྱ་དང་ལྡན་པ་ལ་བྱ་དེ་དག་རྣམས་ཀྱི་བྱས་ཀུན་ཏུ་བསྒྲགས་པ་ སྡུག་པ་དང་ལྡན་པའི་རྣམ་པ་རྣམས་ཐོས་སོ། །ལྷ་དེས་གལ་ཏེ་ཤེད་ན་ཐོས་པ་གང་ཡིན་པ་དེ་དག་ནི་དེ་སྲིད་ཀྱི་སྙན་པ་མཉམ་པའི་ཆ་ཤས་རྒྱ་ཆེ་བ་ཉམས་པ་མེད་པ་གྱུར་པ་ཐོས་ན་ཡིད་འཕྲོག་པར་བྱེད་པ་རྣམ་པར་རྟོག་པ་དུ་མ་དང་ལྡན་པ་སླུ་བར་མི་བྱེད་པ་ལྷའི་ཚོགས་ཐམས་ཅད་རབ་ཏུ་ཚིམ་པར་ བྱེད་པའི་བྱ་དེ་ཤིང་རྣམས་ཀྱི་གསེབ་ཏུ་འགྲོ་བ་དང ། པད་མའི་རྫིང་བུའི་གསེབ་ཏུ་འགྲོ་བ་དང ། མེ་ཏོག་གི་ནགས་རྣམས་ཀྱི་ནང་དུ་འགྲོ་བ་དང ། རྫིང་བུའི་གསེབ་རྣམས་སུ་ཡང་སོང་བར་གྱུར་ནས་ཀྱང་ལྷན་ཅིག་ཏུ་གླུ་ལེན་ནོ། །རྣམ་པ་སྣ་ཚོགས་པའི་སྒྲ་རྣམས་ཐོས་པས་ཡིད་ འཕྲོག་པར་བྱེད་པ་གང་ཡང་དེས་ལྷ་མོ་དེ་དག་གི་གླུ་ལེན་པར་བྱེད་པ་རྣམས་བོར་ནས་ལངས་ཏེ་བྱ་དེའི་རྣམ་པར་ལེགས་པ་རྣམས་ཉན་པར་བྱེད་དོ། །གླུ་ལེན་པར་བྱེད་པ་དེ་ནི་རྣམ་པ་དེ་སྲིད་དུ་ཡིད་འཕྲོག་པར་བྱེད་པ་ཡིན་ཏེ། གང་གིས་རིའི་རྩེ་མོ་རྣམས་ཐམས་ཅད་ཀུན་ཏུ་བསྒྲགས་པར་ གྱུར་པ་དེས་ཀུན་ཏུ་གང་བར་བྱེད་པ་བཞིན་དུའོ། །དེ་ཐོས་ནས་རི་གཞན་དག་རྣམས་ཀྱི་རྩེ་མོའི་རི་དགས་དེ་དག་རྣམས་ནི་རང་བཞིན་ཁོ་ནས་གླུ་ལ་དགའ་བས་དེས་གླུ་དེ་ཐོས་པར་གྱུར་ནས་བརྒྱ་ཕྲག་རྣམས་དང་གལ་ཏེ་ན་སྟོང་ཕྲག་རྣམས་སུ་ཡང་ངོ ། །འོངས་པར་གྱུར་ནས་ཀྱང་དེ་ལས་ཁ་ཅིག་ནི་ འོངས་པ་དང་རྣ་བ་དང་མིག་མི་གཡོ་བར་ཉན་ནོ། །ཁ་ཅིག་ནི་ཤིང་གཞན་གྱི་གསེབ་ཏུ་སོང་ནས་ཉན། རྣམ་པར་བསྒྲགས་པ་དེས་ཁ་ཅིག་ནི་ལེགས་པར་བྱེད་པའི་པད་མ་དུ་མ་རྣམས་ཡོངས་སུ་བཏང་ན་གླུ་དེ་ལ་ཉན་པར་བྱེད་དོ། །བྱ་རྣམས་ཀྱི་སྒྲ་དེ་ལྟར་དགའ་བ་དེ་ནི་བྱའི་སྒྲས་མངོན་པར་ 70-1-224a དགའ་བའི་ནགས་ན་ཡིན་ནོ། །སྣའི་བློ་འཕྲོག་པར་བྱེད་པ་ཡང་ནགས་དེ་ན་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་ཉེ་བར་མཁོ་བ་རྣམས་མཐོང་བས་རྣམ་པར་མཛེས་སོ། །ནགས་དེ་གཟུགས་རྣམ་པར་བཀྲ་བར་གྱུར་པ་རྣམས་དང ། དྲི་ཡང་རྣམ་པ་སྣ་ཚོགས་ པའི་རྣམ་པར་རྟོག་པ་དང་ལྷན་ཅིག་ཏུ་སྒྲའི་ཚོགས་ཀྱིས་རྣམ་པར་བརྗོད་པས་ཏེ། དེ་ལྟར་ཡང་ནགས་དེ་མཛེས་པར་གྱུར་པའི་དྲི་དང་གཟུགས་དང་སྒྲ་རྣམས་ཀྱང་སྟེ། གླིང་བུ་དང་རྫ་རྔ་དང་པི་བང་གི་སྒྲ་དང་གླུ་སྙན་པའི་སྒྲ་དང་བྱ་རྣམས་ཀྱི་ཡང་སྒྲ་དང་སྒྲ་རྒྱ་ཆེན་པོར་གྱུར་པ་ཡིད་ འཕྲོག་པ་རྣམས་སོ། །དབང་པོ་གཅིག་གི་ཡུལ་རྣམས་ཀྱིས་ཀྱང་ནགས་དེ་ནི་ཤིན་ཏུ་རྣམ་པར་མཛེས་པ་ཡིན་ནོ། །གཞན་ཡང་དབང་པོ་གཞན་རྣམས་ཀྱི་དོན་རྣམས་དང་ཡང་དག་པར་ལྡན་པས་ཀྱང་ནགས་དེ་ཤིན་ཏུ་རྣམ་པར་མཛེས་པར་བྱེད་པ་ལ་འདི་ལྟ་སྟེ། རྣམ་པ་སྣ་ཚོགས་པའི་ རོ་མངོན་པར་འདོད་པར་གྱུར་པ་རྣམས་ལ་ཡང་དཔེར་ན་འབྲས་བུའི་རོ་དང་བཏུང་བའི་རོ་དང་ལྷ་རྫས་ཀྱི་སྨན་གྱི་རོ་རྣམས་ཀྱིས་ཀྱང་ཇི་ལྟར་འདོད་པ་ཉིད་ཀྱི་ལྷ་རྫས་ཀྱི་རོ་རྣམས་དང་ཡང་དག་པར་ལྡན་ནོ། །དགའ་བ་དུ་མ་དང་ལྡན་པའི་ནགས་དེ་ནི་ཆེས་ལྷག་པར་གྱུར་པའི་གཟི་བརྗིད་དང་ལྡན་ པས་དགའོ། །གཞན་ཡང་དེ་ཉིད་ན་རྣམ་པ་གཞན་གྱི་ཆེས་ལྷག་པར་མངོན་པར་སྣང་བར་བྱེད་དོ། །འདི་ལྟ་སྟེ་རྩེད་མོའི་རི་དག་ལ་འཁྲི་ཤིང་གི་དྲ་བ་རྣམས་ཀྱིས་ཀུན་ནས་འདུད་པ་དང ། ཉེ་འཁོར་ཀུན་ན་ཡང་རིན་པོ་ཆེ་བདུན་གྱི་ཁང་བཟངས་རྣམ་པ་དུ་མ་རྣམས་ཀུན་ནས་འབར་བར་ གྱུར་པའི་རྩིག་ལོགས་ལ་ཡོན་ཏན་དུ་མ་བྲིས་པ་རྣམས་ཀྱིས་སྤྲས་པས་ལེགས་པར་གང་བར་གྱུར་པས་གཉི་གར་སྡུག་པར་གྱུར་པ་རྣམས་ཀྱིས་ཀུན་ནས་བརྒྱན་པ་ཐམས་ཅད་དུ་ཡང་རབ་ཏུ་དགོད་པར་གྱུར་པ་བཞིན་དུ་ཆེས་ལྷག་པའི་དཔལ་རྣམ་པ་སྣ་ཚོགས་པས་ནགས་དེ་ན་ལྷམ་མེ་བར་ གྱུར་ཏོ། །གཞན་ཡང་ནགས་དང་ཉེ་བའི་ནགས་རྣམས་དང་ལྡན་པར་གྱུར་པ་ཡིན་ལ། དེ་ལ་ཡོན་ཏན་རྣམས་ཀྱིས་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་པ་ནི་བརྗོད་ཟིན་ནོ། །རི་དེའི་དགའ་བར་གྱུར་པ་ནི་འདི་དག་རྣམས་ཡིན་ཏེ། བཻ་ཌཱུརྱའི་འབྱུང་གནས་རྣམས་དང་ལྡན་པར་གྱུར་པ་ལ། 70-1-224b འདི་ལྟ་སྟེ་ཡོན་ཏན་ཆེན་པོ་རྣམས་ཕུན་སུམ་ཚོགས་པར་གྱུར་པའི་ཡོན་ཏན་བདུན་དང་ལྡན་པའི་སྒྲ་དང་རེག་བྱ་དང་རོ་རྣམས་འདོད་པར་གྱུར་པ་ཀུན་ཏུ་རྟོག་པའི་ཡོན་ཏན་རྣམས་ཕུན་སུམ་ཚོགས་པ་རྣམས་དང་སྒྲའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་ཀྱང་ཀུན་ཏུ་མཐོང་ངོ ། ། ཤིན་ཏུ་ཡིད་དུ་འོང་བའི་རི་དེའི་ཡོན་ཏན་དེ་དག་རྣམས་སྐྱེ་བོ་དག་གཏི་མུག་གིས་ལྷན་ཅིག་ཏུ་ཟིན་པར་གྱུར་པས་ཀྱང་ལྷ་དེ་དག་གིས་མཐོང་བ་ཡིན་ནོ། །དེ་ལྟར་ལྷ་དེ་དག་རྣམས་ལ་མ་དང་ཕ་དང་མཚུངས་པར་གྱུར་པའི་བྱ་དེ་དག་རྣམས་ཀྱིས་དེ་ཁོ་ན་དང་ཕན་པར་འགྱུར་བ་ཡང་ མཐོང་ནས་བརྟགས་པར་གྱུར་པའི་ཚིག་རྣམས་སྟོན་པར་བྱེད་དོ། །ལྷ་དེ་དག་རྣམས་ཡུལ་གྱིས་ཁྲིད་པར་གྱུར་པས་ཀུན་ཏུ་རྟོག་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་ལྟར་དེ་ཡུལ་རྣམས་ཀྱིས་རྣམ་པར་རྨོངས་པར་གྱུར་ནས་དེས་དེ་དག་རྣམས་མ་བརྩིས་པར་སླར་ཡང་ཡུལ་གྱི་ དགའ་བ་རྣམས་སུ་བྱིང་བར་གྱུར་པས་སྲེད་པའི་དགོན་པ་རྒལ་བར་མི་ནུས་པ་གཞན་རྣམས་རྗེས་སུ་ཐོབ་པར་གྱུར་ནས་མཚོན་ཆ་རྣམས་ཀྱིས་བསྲེགས་པར་གྱུར་ཅིང ། དགའ་བའི་འདོད་ཆགས་ཀྱི་དགྲ་བོ་བརྒྱ་ཕྲག་ལྔས་རབ་ཏུ་རྣམ་པར་ཉམས་པར་འགྱུར་བ། དམ་པའི་ལམ་ རྣམས་ལས་ཉམས་པ་བདེ་བ་དང་རྗེས་སུ་མི་འཐུན་པར་གྱུར་པའི་བདེ་བ་གང་ཡིན་པ་རྣམས་འབའ་ཞིག་གིས་ཀྱང་ཀུན་ཏུ་འཁྲིད་པར་གྱུར་པ་རྣམས་ཀྱིས་ཀུན་ནས་རིག་པ་ཡང་མ་ཡིན་ནོ། །དེ་ལ་ཕན་པར་གྱུར་པ་རྣམ་པ་དུ་མ་རྣམས་བརྗོད་པར་གྱུར་ཀྱང ། དེ་སླར་ཡང་གནས་ གསུམ་དུ་གཏོགས་པའི་བྱ་གཞན་དག་རྣམས་ཀྱི་ཤིན་ཏུ་སྙན་པར་གྱུར་པའི་གླུ་དེ་དག་རྣམས་ཉན་པར་བྱེད་དོ། །འདི་ལྟ་སྟེ། ཆུ་ལ་ནི་ཆུ་ལ་རྒྱུ་བ་རྣམས་ལྷ་རྫས་ཀྱི་མདོག་དང་དབྱིབས་ལྡན་པ་རྣམས་རིན་པོ་ཆེ་བདུན་གྱིས་སྤྲས་པར་གྱུར་པའི་ལུས་ཐིག་ལེ་བཀྲ་བས་བྱས་པ་རྣམས་ལ་ ངང་པ་དང་ཀཱ་རཎྜ་བ་དང ། ངང་ངུར་ལ་སོགས་པ་རྣམས་ལྷན་ཅིག་ཏུ་ཆུ་ལ་སྒྲ་ཀུན་ནས་གཅོད་པར་གྱུར་པས་འདྲེས་པ་རྣམས་ཉན་པར་བྱེད་དོ། །མཆོག་ཏུ་སྙན་པའི་གླུའི་སྒྲས་རྟག་ཏུ་གར་བྱེད་པར་གྱུར་ཅིང་དུས་ཐམས་ཅད་དུ་རྒྱགས་པའི་བདེ་བ་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པས་ 70-1-225a ཐམས་ཅད་ཉིད་ལས་ཀྱང་དགའ་བར་གྱུར་པར་མཐོང་བ་རྣམས་ཀྱི་བྱ་འདི་དག་དང་དེ་དག་དང་གཞན་དག་རྣམས་ཀྱི་སྙན་པ་ཀུན་ནས་བརྗོད་པའི་རྣར་སྙན་པའི་གླུ་རྣམས་ཉན་པར་བྱེད་དོ། །དེ་བཞིན་དུ་ནགས་ཀྱི་ནང་ན་རྒྱུ་བ་རྣམས་ལ་རྨ་བྱ་དང་པཱ་རཱ་བ་ད་དང་ཤིང་གི་ རྒྱན་དང་རི་ཁྲོད་ཀྱི་གསེབ་དང་ཚང་ཚིང་ན་གནས་པ་རྣམས་ཀྱང་ཤིན་ཏུ་སྙན་པར་གྱུར་པའི་གྲེ་བར་བྱ་རྣམས་ཐམས་ཅད་ཀྱང་འདྲ་བར་གྱུར་པའི་སྒྲའི་སྤྲིན་ཚོགས་རྣམས་ཚང་ཚིང་དང་རིའི་རྒྱན་དང་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་བྱས་པའི་ལུས་མཐོང་ན་ཤིན་ཏུ་ཚད་མེད་པར་ ལྷ་རྣམས་ཀྱི་ཡིད་དུ་འོང་བ་ཐོས་ན་ཤིན་ཏུ་དགའ་བར་འགྱུར་བའི་སྒྲ་རྒྱན་གྱི་འོད་ཟེར་གྱི་རྒྱུན་རྣམས་སྐྱེད་པར་བྱེད་པ་སོ་སོར་མཛེས་པ་རྣམས་སྐྱེད་པར་བྱེད་པས་མཐོང་ན་དགའ་བར་གྱུར་པའི་རྟག་པར་རྒྱགས་པ་ལ་སོགས་པའི་མཐོང་བར་གྱུར་པ་དང་ཐོས་པར་གྱུར་པ་ལས་མཆོག་ ཏུ་དགའ་བར་འགྱུར་བ་རྒྱན་གསར་པ་རྣམས་ཀྱིས་བརྒྱན་པ་རྣམས་ལས། ཇི་ལྟར་གཙོ་བོར་གྱུར་པའི་བྱ་རྣམས་དག་གི་སྒྲ་འགའ་ཞིག་ཙམ་ཉན་པར་བྱེད་དོ། །ཁ་ཅིག་ནི་ཅ་ཅོ་འདོན་ནོ། །ཁ་ཅིག་ནི་གླུ་ལེན། ཁ་ཅིག་ནི་གནས་པར་བྱེད་དོ། །ཁ་ཅིག་ནི་སྒྲའི་སྤྲིན་རྣམས་ ཉིད་དེ། དེ་ལྟར་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མ་དང་ལྡན་པར་རྟག་ཏུ་རྒྱུན་མི་འཆད་པར་ཡང་བརྗོད་པ་དང་དབྱངས་དང་ལྡན་པས་ཀུན་ཏུ་རྗོད་པར་བྱེད་དོ། །བྱ་དེ་དག་རྣམས་ཀྱིས་མཆོག་ཏུ་དགའ་བར་གྱུར་པའི་བརྗོད་པ་རྣམས་འབྱིན་པར་བྱེད་དོ། །ལྷ་དེ་དག་ཆགས་པའི་ སེམས་ཀྱིས་ཐམས་ཅད་ཉན་པར་བྱེད་དོ། །ལྷ་དག་གིས་ཡོངས་སུ་བསྐོར་བར་གྱུར་ནས་ཆེས་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་ཏེ། དེ་རྣམས་ཀྱིས་དེ་ལྟར་ཐོས་ནས་དུས་ཤིན་ཏུ་རིང་བར་ཡང་ཆེས་ཕལ་ཆེ་བར་གྱུར་པའི་སྲེད་པ་རྣམས་ཀྱིས་ནོན་པར་གྱུར་པས་རྩི་དག་འཐུང་བ་རྩོམ་པར་ བྱེད་དོ། །རོ་དང་དྲི་མཆོག་ཏུ་ཕུན་སུམ་ཚོགས་པར་གྱུར་པ་ལྷའི་འཇིག་རྟེན་དང་འདྲ་བར་གྱུར་པ་རི་ཁྲོད་ཀྱི་ཕུག་གི་གསེབ་ནས་འབབ་པ་རྣམས་ལ་བུང་བའི་ཚོགས་ཀྱིས་ཉེ་བར་མཛེས་པར་གྱུར་པ་རྣམས་འཐུང་བར་རྩོམ་མོ། །ལྷ་དེ་དག་ཕན་ཚུན་དུ་རྒྱགས་པ་ལ་དོན་གཅིག་ཏུ་གྱུར་ 70-1-225b པས་པད་མའི་བདུད་རྩིའི་ནགས་གཞན་རྣམས་སུ་ཉེ་བར་འགྲོ་བར་བྱེད་དོ། །པད་མའི་ཁ་ཟུམ་པ་ཉིད་ལས་ཀུན་ཏུ་བྱུང་བར་གྱུར་པའི་བདུད་རྩི་གང་དག་ནི་མཆོག་ཏུ་ལྷ་རྫས་ཀྱི་རོ་དང་དྲི་དང་རེག་བྱ་ཕུན་སུམ་ཚོགས་པ་ཟད་པ་མེད་པ་ཇི་ཙམ་འདོད་པར་གྱུར་པའི་རོ་རྣམས་ཡོད་དེ། དེ་ལྟར་ ལྷ་དེ་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་པ་དང་གླུ་ཡང་ལེན་པར་བྱེད། དགོད་པར་ཡང་བྱེད་དོ། །འགྱིང་བར་ཡང་བྱེད་དོ། །ཚོགས་པ་ཕན་ཚུན་དུ་གྲོགས་བྱེད་པར་གྱུར་ནས་རྒྱགས་པ་ལ་དོན་གཅིག་པས་དེ་དེ་ལྟར་དེ་ཉིད་ཁོ་ནའི་གཞིས་ནགས་རྣམས་ན་རབ་ཏུ་རྒྱུ་ཞིང་རྣམ་ པ་སྣ་ཚོགས་པའི་རྩེད་མོ་རྣམས་བྱས་ནས། སླར་ཡང་ཡུལ་དེ་ཉིད་ཀྱིས་ངོམས་པ་མེད་པས་གང་ན་བཻ་ཌཱུརྱ་དང་ལྡན་པར་གྱུར་པའི་རི་དེར་ཉེ་བར་འགྲོ་བར་བྱེད་དོ། །རི་དེ་ཡང་རིན་པོ་ཆེ་རྣམས་དང་ལྡན་པར་གྱུར་པ་ཉེ་འཁོར་ཀུན་ན་སྔོན་པོ་རབ་ཏུ་དང་བའི་མདོག་ཏུ་གྱུར་པ་ནགས་དང་ཉེ་ བའི་ནགས་རྣམས་ཀྱང་ཉེ་འཁོར་དུ་དཔག་ཚད་སྟོང་ཕྲག་བཅུར་གྲིབ་མ་རྣམས་ཀྱི་ཁ་དོག་སྔོན་པོར་རབ་ཏུ་བྱེད་དོ། །ཉེ་འཁོར་དཔག་ཚད་སུམ་བརྒྱར་འཕང་དུ་མཐོ་བའོ། །ནགས་དང་ཉེ་བའི་ནགས་རྫིང་བུ་དང་འབབ་ཆུ་རབ་ཏུ་གང་བར་གྱུར་པ་རྣམས་ཐམས་ཅད་ཀྱང་མཐོང་ན་ཤིན་ཏུ་ཡིད་འཕྲོག་ པར་བྱེད་པའོ། །བྱ་རྣམས་ཀྱི་གནས་མཆོག་ཏུ་དགའ་བར་གྱུར་པ་རྣམས་ལ་རིའི་བང་རིམ་དང་རི་ཁྲོད་དང་ཕུག་དང་རི་རོང་དང་ཚང་ཚིང་དང་མཛེས་པའི་ནགས་དང་མཚོ་དང་པད་མའི་ཚལ་དང་མེ་ཏོག་གི་ཐང་ཕུན་སུམ་ཚོགས་པ་རྣམས་ལ་རྣམ་པ་གསུམ་གྱི་ངང་པ་ཀུན་ནས་སྒྲ་འབྱིན་ པར་བྱེད་པའི་ངོས་རྣམས་ལ། འདི་ལྟ་སྟེ། རིན་པོ་ཆེ་ཤེལ་དང ། མཚུངས་པའི་མདོག་རིན་པོ་ཆེ་བདུན་གྱི་ཐིག་ལེས་སྤྲས་པར་གྱུར་པ་རྣམས་རང་བཞིན་གྱིས་ཀྱང་དཀར་བར་གྱུར་པའི་ངང་པའི་རིགས་དེ་དག་གིས་བརྒྱན་པ་དང ། བཻ་ཌཱུརྱའི་མདོག་དང་ལྡན་པའི་རིའི་ཉེ་འཁོར་རྣམས་ན་རབ་ ཏུ་འབབ་པར་གྱུར་པས་རབ་ཏུ་འབབ་པའི་འབབ་ཆུ་རྣམས་ལ་ནོར་བུའི་འོད་འབྱུང་བར་གྱུར་པས་ཁྱབ་པར་གྱུར་ཅིང་ཡོངས་སུ་བསྐོར་བ་དང ། རབ་ཏུ་ཁ་བྱེ་བར་གྱུར་པའི་མེ་ཏོག་དྲི་མཆོག་དང་ལྡན་པ་རྣམས་ཀྱིས་ཀྱང་ཐམས་ཅད་ནས་ཡོངས་སུ་བསྐོར་ནས་གསལ་བར་སྣང་ངོ ། །བྱ་བརྒྱ་ 70-1-226a ཕྲག་སྟོང་རྣམས་ཀྱིས་རྩེ་བར་བྱེད་པ་སྒྲ་འཁྲོལ་བར་གྱུར་པ་གསེར་གྱི་མདོག་དང་ལྡན་པ་པད་མའི་ནགས་རྣམས་ཀྱིས་ཀྱང་ཉེ་བར་མཛེས་པར་གྱུར་པ་རྣམས་སུ་མཆོག་ཏུ་རྣམ་པར་རྒྱུ་བ་ན་ངོ་མཚར་བ་སྐྱེ་བར་བྱེད་པ་གོང་ནས་གོང་དུ་དགའ་བར་གྱུར་པ་མཆོག་གི་ གཟུགས་རྣམས་དང་ལྡན་པར་གྱུར་ཅིང་ལྡན་པ་ལས་ཀྱང་རྣམ་པར་སྣང་བར་བྱེད་དོ། །སྒྲ་དང་རོ་དང་གཟུགས་དང་དྲི་རྣམས་ཀྱང་དངོས་པོ་དུ་མ་རྣམས་དང་ལྡན་པར་གྱུར་པས་རྣམ་པར་གསལ་བར་སྣང་ངོ ། །དབང་པོ་དྲུག་གི་བདེ་བ་རྣམས་དང་ཉེ་འཁོར་ན་ལྡན་པས་རིའི་མཆོག་དེ་ རྣམ་པར་གསལ་བར་གྱུར་ཏོ། །ལྷ་དེ་དགའ་བའི་འདོད་སྲེད་ཀྱིས་གདུངས་པར་གྱུར་ནས་དེ་དག་ཏུ་ཉེ་བར་ལེགས་པར་འགྲོའོ། །ཉེ་འཁོར་ཀུན་ཏུ་ཡང་གླུ་དང་གར་དང་ལྡན་པར་གྱུར་པ་པད་མའི་ཕྲེང་བས་ཀུན་ཏུ་བཅིངས་པས་ཆེས་ལྷག་པར་དགའ་བར་གྱུར་པ་རྟག་ཏུ་རྒྱགས་པར་གྱུར་པ་ རྟག་པར་ཡང་རབ་ཏུ་རངས་པ་ཡུལ་ལྔ་ལ་རྣམ་པར་ཆགས་པས་འདོད་པ་རྣམས་ལ་དགའ་བར་གྱུར་པས། མེ་ལྔ་བཞིན་དུ་སྲེག་པར་གྱུར་པས་རྣམ་པར་རྒྱུ་བར་བྱེད་པ། སྲེད་པའི་རྡུལ་རྣམས་ཀྱིས་ཀུན་ནས་བཅིངས་པར་གྱུར་ནས་གང་ན་རི་དེའི་མཐོ་བ་པོ་ཡོད་པ་དེར་ཉེ་བར་ འགྲོའོ། །ཡུལ་ལ་འཆུམས་པར་གྱུར་པས་ལྟ་བ་ལ་ཆེད་ཆེར་བྱེད་པའི་ཡིད་ཀྱིས་ཀྱང་རི་དེ་མཐོང་བར་གྱུར་ཏོ། །ཀུན་ཏུ་རྟོག་པ་རྣམ་པ་སྣ་ཚོགས་རྣམ་པ་དུ་མར་དགའ་བར་གྱུར་པའི་རི་དེའི་ཅུང་ཟད་མཐོ་བ་ལ་ཀུན་ཏུ་འཛེགས་པར་གྱུར་ནས་ལྟ་བར་བྱེད་དོ། །ཐོ་འཁོར་ཀུན་ན་ཡང་བཻ་ཌཱུརྱའི་ རང་བཞིན་གྱི་ཕུག་མཆོག་ཏུ་དགའ་བར་གྱུར་པ་རྣམས་སོ། །དེ་དག་གི་གྲངས་ནི་འདི་ཡིན་ཏེ། འདི་ལྟར་སྟོང་ཕྲག་བཅུའོ། །འོད་སྔོན་པོ་རྣམས་ཀྱིས་བརྒྱན་པར་གྱུར་པ་ཉེ་འཁོར་རྣམས་ན་བདེ་བ་མཆོག་གི་སྒྲོན་མ་རྣམས་ནི་མཆོད་པ་ལྟ་བུར་གྱུར་པའི་འོད་རྣམས་མཆོག་ཏུ་དགའ་བར་ གྱུར་པ་ནི་ཕུག་དེ་དག་རྣམས་ནའོ། །གང་ན་རིའི་མཆོག་དེ་ལ་ཀུན་ཏུ་གནས་པའི་ལྷ་དེ་དག་ཕུག་དེ་དག་ཏུ་ཞུགས་ནས་དགའ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་ལྷ་དེ་དག་རབ་ཏུ་ཞུགས་པ་དེ་ལྟ་དེ་ལྟར་ཡང་ཕུག་དེ་དག་གཡོ་བར་འགྱུར་རོ། །ཇི་ལྟར་ཡང་ལྷ་དེ་དག་ཡིད་ཀྱིས་སྒོམ་པར་ 70-1-226b བྱེད་པར་གྱུར་པ་དེ་བཞིན་དུ་བསམ་པ་དེ་དག་ཐམས་ཅད་ཕུག་དེ་དག་རྣམས་ཉིད་ལས་ཐོབ་པར་འགྱུར་རོ། །ཕུག་དེ་དག་ཡང་གང་འདོད་པར་གྱུར་པ་རྣམས་བྱེད་པ་ཡིན་ནོ། །དེ་དག་རྣམས་ཀྱི་མིང་གིས་ཀྱང་ལྷ་དེ་དག་འདོད་པའི་ཡོན་ཏན་གྱིས་ངོམས་པ་མེད་པར་དགའ་བར་ བྱེད་པར་འགྱུར་ཏེ་ལྷན་ཅིག་སྤྱོད་པ་དང་བཅས་པ་རྣམས་དགའ་བའི་རྒྱན་དང་ཆ་བྱད་ཀྱི་མཆོག་འཛིན་པར་གྱུར་པ་ལ་གཅིག་ཏུ་དགེ་བའི་ལས་ཀྱིས་ཁ་ཅིག་ནི་ཤིན་ཏུ་བར་ཡང་ཡིད་འཕྲོག་པར་བྱེད་པའི་རྒྱན་དང་ཆ་བྱད་དང་ལང་ཚོ་དང་འགྱིང་བ་དང་དགོད་པ་དང་གླུ་དང་གར་རྣམས་ཀྱིས་རྣམ་ པར་ཆགས་པར་གྱུར་པས་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །ཇི་སྲིད་དུ་དགའ་བར་གྱུར་པའི་ཕུག་དེ་དག་རྣམས་ཐམས་ཅད་ཀྱི་སྒོ་ན་ཡང་ལྷ་རྣམས་ལ་ཕན་པར་འདོད་པས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷས་གཙུག་ལག་གི་ཚིགས་སུ་བཅད་པ་མངོན་པར་བྲིས་པ་ཇི་ལྟར། འཆི་བདག་གིས་ནི་སྐྱེ་བ་འཐུང ། །རྒ་བ་ཡིས་ནི་ལང་ཚོ་འཐུང ། །ནད་རྣམས་ཀྱིས་ནི་ནད་མེད་འཐུང ། །འཇིག་རྟེན་པས་ཀྱང་མི་གོའོ། །སྐྱེས་པ་ཡང་ནི་དུ་མ་རྣམས། །ལྟུང་བ་ཡང་ནི་དུ་མ་ཡིན། །འདི་ཉིད་སྐྱེ་འབྱུང་རྒན་འགྱུར་དང ། །འཆི་འཕོ་དང་ནི་སྐྱེ་བར་འགྱུར། །སྐྱེས་བུ་ ཐམས་ཅད་བསྟན་པ་ཡང ། །འཇིག་རྟེན་གྱིས་ནི་མི་གོའོ། །བརྗེ་བསོར་ཇི་ལྟ་བ་ཡི་ཡང ། །སྐད་ཅིག་ཡུད་ཙམ་སྐབས་ཡོད་མིན། །ངག་གིས་གྲོལ་བ་དེར་མནར་བ། །འཇིག་རྟེན་གྱིས་ནི་གོ་བའང་མིན། །སྐྱེ་བ་ཡང་ནི་རྣམ་མང་པོ། །ལྷ་ནི་ཡུལ་གྱིས་རྣམ་རྨོངས་པ། །འཇིག་རྟེན་ གྱིས་ནི་མི་གོའོ། །སྲིད་པའི་འཁོར་ལོའི་ཁོག་ཙེ་འདི། །སྲེད་པ་ཡིས་ནི་སྔོན་དུ་བཅུག་།དགའ་བའི་འདོད་ཆགས་ཀྱིས་ཡོངས་བསྐོར། །འོན་ཀྱང་འཇིག་རྟེན་པས་མི་གོ། །རྣམ་རྟོག་མཁའ་ལྡིང་གིས་གང་བའི། །སྐྱོན་རྣམས་ཆེས་འཇུག་ཤེས་པར་གྱིས། །སྲེད་པའི་ཆུ་ཀླུང་རྣམ་ཡངས་ འདི། །འཇིག་རྟེན་པས་ཀྱང་གོ་བ་མིན། །དེ་ལྟར་ཕུག་གི་སྒོ་དེ་དག་རྣམས་ལ་ལྷ་རྣམས་ལ་ཕན་པར་འདོད་པའི་ཕྱིར་ན་དེ་བཞིན་དུ་བྲིས་པར་གྱུར་ཏོ། །དེ་ལ་ལྷ་ཁ་ཅིག་གིས་མངོན་པར་བརྗོད་ནས་སྔོན་གྱི་སྐྱེ་བ་དྲན་པར་བྱས་པར་གྱུར་ནས་ཡིད་བྱུང་བས་ཡུད་ཙམ་ཅིག་ཏུ་བག་མེད་པས་རྣམ་པར་མི་རྒྱུ་ 70-1-227a བར་འགྱུར་རོ། །ལེགས་པར་བྱས་པའི་ལས་ཀྱིས་ལེགས་པར་བསྒོས་པར་གྱུར་པའི་སེམས་ཡུད་ཙམ་དེས་ཀྱང་སྐྱེ་བ་གཞན་བརྒྱ་སྟོང་དུ་བདེ་བར་གྱུར་པའི་སྐལ་བ་ཅན་དུ་འགྱུར་རོ། །གང་གི་ཕྱིར་སྟོབས་དང་ལྡན་པ་རྣམས་ནི་དཀར་པོའི་ཕྱོགས་ཡིན་ལ། སྟོབས་ ཆུང་བ་ནི་ནག་པོའི་ཕྱོགས་ཡིན་ནོ། །དེ་དག་གི་དེ་ལྟར་ཡུད་ཙམ་དེས་ཀྱང་སྐྱེ་བ་གཞན་བརྒྱ་སྟོང་རྣམས་ཆུད་གཟན་པར་མ་གྱུར་ཏོ། །ཕུག་གང་དག་གི་སྒོ་ལ་ཚིགས་སུ་བཅད་པ་མཐོང་ཞིང་ཡིད་བྱུང་བར་གྱུར་ནས་བག་མེད་པས་རྣམ་པར་མི་རྒྱུ་བར་གྱུར་པ་རྣམས་དང ། ལྷ་གང་དག་གིས་ན་ དེ་མ་མཐོང་བ་ཉིད་དུ་ཞུགས་པར་ཡང་གྱུར་ཏེ། དེ་ནས་གང་དག་གིས་ཚིགས་སུ་བཅད་པ་དེ་མཐོང་བ་རྣམས་དང་ཡང་གང་དག་གིས་མ་མཐོང་བ་དེ་དག་རྣམས་ཐམས་ཅད་ཀྱང་སྒོ་དེ་ནས་ཞུགས་ཏེ། ནང་དུ་གྱུར་པའི་དགའ་བའི་ཡན་ལག་རྣམས་ཕྱིར་ཞིང་ཉིད་ཀྱང་བག་མེད་པས་ཟིན་པར་གྱུར་ ནས་རབ་ཏུ་ལྟ་བར་བྱེད་དོ། །རྣམ་པ་ཇི་ལྟ་བུའི་ནོར་བུའི་ཕུང་པོ་རྣམས་ལ་འདི་ལྟ་སྟེ། རྡོ་རྗེའི་ཕུང་པོ་དང་ཨིན་དྲ་ནཱི་ལའི་ཕུང་པོ་དང་ནཱི་ལ་ཆེན་པོའི་ཕུང་པོ་དང་ནོར་བུའི་ཕུང་པོ་རྣམས་དང་རྣམ་པ་དུ་མར་ཉེ་འཁོར་ན་ཀུན་ཏུ་སྣང་བར་བྱེད་དོ། །རྣམ་པ་དེ་དག་རྣམས་ཀྱིས་རྣམ་པ་དུ་མར་ ཡང་ཕུག་དེ་དག་རང་བཞིན་ཉིད་ཀྱིས་གཟི་བརྗིད་དང་ལྡན་པར་གྱུར་པ་ལས་ཕྱིར་ཞིང་ཉིད་ཀྱང་དེ་དག་ཤིན་ཏུ་ཡང་འབར་བར་འགྱུར་བ་ཡིན་ནོ། །འོད་གསུམ་པར་གྱུར་པ་ན་ལྷ་རྣམས་རང་ཉིད་ཀྱི་ལུས་ལས་ཀུན་ཏུ་བྱུང་བའི་འོད་ཟེར་རྣམས་ཀྱིས་ཏེ། དེ་ལྟར་ཕུག་དེ་ཆེས་དགའ་ བར་གྱུར་པ་ཡིན་ནོ། །དེ་དག་ལ་ཡང་ལྷ་དེ་དག་རྣམས་རངས་པར་གྱུར་ནས་དགའ་བར་བྱེད་ཅིང་གར་བྱེད་དོ། །དགོད་པར་བྱེད་དོ། །ཕ་རོལ་རྒྱ་ཆེན་པོས་ཟིན་པར་གྱུར་པའི་འཇིགས་པ་དང་མྱ་ངན་དང་བྲལ་བ། ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་དང་བཅས་ཤིང་ཡང་དག་པར་ ལྡན་པར་གྱུར་ནས་དེ་དགའ་བར་བྱེད་དེ་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་རྣམས་གཟེར་ཟུག་དང་རྣམ་པར་བྲལ་རིམས་ནད་མེད་པ་མྱ་ངན་མེད་པ་རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་རྣམས་རྣམ་པ་དུ་མར་དགའ་བར་བྱེད་དེ། དེས་རིན་པོ་ཆེའི་ས་གཞི་དེ་ཉིད་མངོན་པར་མཐོང་ནས་རབ་ 70-1-227b ཏུ་རངས་པ་མཆོག་གི་ཡིད་ཀྱིས་རབ་ཏུ་གར་བྱེད་པ་དང་གླུ་དང་ཅ་ཅོའི་སྒྲ་དང་རྔ་སྒྲ་རྣམས་ཀྱིས་སྨྱོས་པར་གྱུར་པའི་ཡིད་ཀྱིས་སླར་ཡང་ཕུག་དེ་དག་ཉིད་ཀྱི་ནང་དུ་ཞུགས་པར་གྱུར་ཏོ། །ཞུགས་ནས་ཀྱང་མཐོང་བར་གྱུར་པ་རྣམས་ལ་ཆུ་ཀླུང་ཤིན་ཏུ་དྲི་ཞིམ་པ་རེག་བྱས་ཡོངས་སུ་གང་བ་ མྱོས་བྱེད་ཀྱིས་ཡོངས་སུ་གང་བར་གྱུར་པ་དེ་ལ་སྟེན་པར་བྱེད་པའི་བྱས་ཉེ་བར་མཛེས་པའོ། །དེ་ལ་བྱའི་རིགས་ནི་འདི་དག་རྣམས་ཡོད་དེ་རབ་ཏུ་དགའ་བ་པོ་དེ་རྟག་ཏུ་མྱོས་པ་དང ། ཀུན་ཏུ་དགའ་བ་དང ། གཞན་དུ་མ་ཡིན་པ་དང་རོ་ལ་དགའ་བར་བྱེད་པ་དང་རང་བཞིན་གྱིས་ ང་རྒྱལ་ཅན་དང་གཞན་ལ་མི་དགའ་བ་དང་དྲིའི་བཏུང་བས་མྱོས་པ་སྟེ།དེ་དག་དང་བྱ་གཞན་དག་རྣམས་ཀྱང་མཆོག་ཏུ་རབ་ཏུ་རངས་པར་གྱུར་ནས་མྱོས་བྱེད་ཀྱི་ཆུ་ཀླུང་དེར་དགའ་བར་བྱེད་ཅིང་དེ་ལེགས་པར་བྱས་པའི་ལས་ཀྱིས་ཀྱང་བསྐུལ་ནས་ཚིགས་སུ་བཅད་པ་རྣམས་རྗོད་པར་ བྱེད་པ། ཇི་ལྟར། རོ་ཡིས་མཛེས་པའི་མྱོས་བྱེད་ནི། །ཡོངས་སུ་སྨིན་ནས་ཤིན་ཏུ་གདུག་།ཡོངས་སུ་སྨིན་པའི་སྡིག་པ་ཡིས། །དམྱལ་བར་སྐྱེ་བར་འགྱུར་བ་ཡིན། །འཐུངས་པས་རྨོངས་པ་སྐྱེད་པར་བྱེད། །རྨོངས་པས་སྡིག་ལ་དགའ་བར་འགྱུར། །སྙིང་ལ་ཀུན་ ནས་ཆགས་ལྡན་པའི། །བྱིས་རྣམས་དམྱལ་བའི་རྗེས་སུ་རྒྱུག་།དང་པོར་རབ་ཏུ་དགའ་བ་སྐྱེད། །རྣམ་སྨིན་བཀྲེན་པ་བླ་ན་མེད། །སྲེད་པས་དང་པོར་འཁོལ་བར་བྱེད། །ཕྱི་ནས་མི་བཟོད་པར་ནི་སྲེག་།དང་པོར་ངག་དང་བློ་ཉམས་བྱེད། །ཕྱི་ནས་བདེ་བ་ཉམས་པར་བྱེད། ། དེ་ཕྱིར་སྐྱེས་བུ་བརྟན་ལྡན་པ། །གང་ཞིག་མྱོས་བྱེད་བསྟེན་མི་བྱ། །སྐྱེས་བུ་མྱོས་བྱེད་སྟེན་རྣམས་ནི། །མཁའ་ལྡིང་དང་ནི་མཚུངས་འཕྱོ་བའི། །མཚུངས་པར་རྣམ་པར་རྨོངས་སྐྱེད་པ། །ཆང་ནི་སྤོངས་དང་དུག་ཆེན་པོ། །གང་གིས་ཆང་ནི་དུག་མཚུངས་མཐོང ། །དེས་ ནི་བླ་མེད་གོ་འཕང་མཐོང ། །གང་ཡང་དེ་ནི་རྣམ་ཆགས་འཐུང ། །ཟངས་ཞུའི་ཁུ་བ་དམར་པོ་འཐུངས། །གཅིག་ལས་སྡིག་པ་ཐམས་ཅད་པ། །གཅིག་པོ་ཆང་འཐུང་བ་འདི་ཡིན། །དེ་ཡིས་སེམས་ནི་སུན་འབྱིན་བྱེད། །སྡོམ་པས་སེམས་ཀྱི་རྩ་བ་ཅན། །གང་ཕྱིར་ 70-1-228a སེམས་ནི་རྩེ་གཅིག་མིན། །ཆོས་རྣམས་དཔྱོད་བྱེད་པ་ཡང་མིན། །དགེ་སློང་ཆང་ནི་སྟེན་པ་ན། །དགོན་པར་དགའ་བར་འགྱུར་མ་ཡིན། །ཆང་གིས་ཡིད་ནི་གཡེང་བར་བྱེད། །སྙིང་ཡང་རྒོད་བག་དང་བཅས་འགྱུར། །ཆོས་ལའང་དགའ་བར་འགྱུར་ མ་ཡིན། །འཇིག་རྟེན་འདི་མེད་ཕ་རོལ་མེད། །སྤྱོད་ལམ་ཤེས་པ་མ་ཡིན་ལ། །སྟོན་པའི་དུས་ཀྱང་ཤེས་མ་ཡིན། །དམ་པའི་ཆོས་ཉིད་དང་འགལ་ཞིང ། །སྟོན་པས་ཀྱང་ནི་ཅི་ཞིག་བཤད། །རེ་ཞིག་རང་གིས་མི་ཤེས་ན། །བདག་གིས་འདིར་ནི་ཅི་ཞིག་སྨྲ། །མཛེས་ མིན་ངག་གི་སྤུ་གྲིའི་མཚོན། །གཞན་གྱིས་ཇི་ལྟར་ཡོངས་སུ་ཤེས། །འཇིག་རྟེན་དོན་ལ་ཡང་འགྱུར་ཞིང ། །ཆོས་ལས་ཀྱང་ནི་ཡོངས་སུ་ཉམས། །འབར་བའི་ཆང་ནི་བསྟེན་པ་ན། །སྐྱེས་བུ་ནོར་མེད་མཐོང་བ་ཡིན། །འདས་པའི་དོན་ཀུན་དྲན་མིན་དང ། །ད་ལྟར་བ་ལ་ རྨོངས་པར་འགྱུར། །མ་འོངས་བསམ་པ་ཅི་ལ་ཡོད། །ཆང་གིས་དུས་གསུམ་ཆུད་གཟོན་བྱེད། །སྣ་ཚོགས་གཟུགས་ཀྱང་རྣམ་པར་འཇོམས། །ལུས་ཅན་རྣམས་ཀྱིས་སེམས་ཀྱང་འཇོམས། །སྐྱེས་པའི་སྐྱོན་ནི་སྐྱེད་བྱེད་པའི། །ཆང་གིས་ཆོས་ནི་རབ་སུན་འདོན། །དེ་ལྟར་ ཕུག་གི་ནང་ན་གནས་པར་གྱུར་པའི་བྱ་དེ་དག་རྣམས་རྟག་པར་རབ་ཏུ་དགའ་བ་དང་ལྡན་ཞིང ། སྟོན་པར་བྱེད་པའི་རྩ་བར་གྱུར་པ་ལས་དམ་པ་རྣམས་ཀྱིས་ལེགས་པར་བསྐུལ་བས་ལྷ་རྣམས་ལ་འཆད་དོ། །དེ་ཐོས་ནས་ཀྱང་ལྷ་གང་དག་ལེགས་པར་བྱས་པའི་ལས་རྣམས་ ཆེས་ལྷག་པར་གྱུར་པ་དེ་དག་རྣམས་ཀྱིས་སྐྱེ་བ་གཞན་རྗེས་སུ་དྲན་པར་འགྱུར་བ་དང ། ཆང་གི་སྐྱོན་རྣམས་ཀྱང་ཤེས་སོ། །རྒྱུ་དེས་ཀྱང་ཆང་མི་འཐུང་ངོ ། །དེ་དག་རྣམས་འདིར་བག་མེད་པར་ཡང་མི་འགྱུར་རོ། །དེ་ལྟ་དེ་ལྟར་མྱོས་བྱེད་འཐུང་བར་བྱེད་པ་དེ་དག་རྣམས་སླར་ཡང་ལྷ་དེ་ དག་རབ་ཏུ་དགའ་བའི་ཡིད་ཀྱིས་རབ་ཏུ་རྩེ་བར་བྱེད་དེ་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་ཤིན་ཏུ་ཆགས་པ་དང་ཤིན་ཏུ་སྙན་པ་དང་རྒྱུན་དུ་དགའ་བར་གྱུར་པ་དག་གིས་དགའ་བར་བྱེད་དོ། །དེ་དག་རྣམས་དུས་ཡུན་རིང་པོ་ཕུག་དེ་དག་ཏུ་ལྷ་རྫས་ཀྱི་མཆོག་རྣམས་སྣ་ཚོགས་པ་ཡིད་ 70-1-228b འཕྲོག་པར་བྱེད་པ་རྣམས་ཀྱིས་རྩེད་མོ་རྩེས་པར་གྱུར་ནས་གང་ཁོ་ནས་ཇི་ལྟར་ཞུགས་པར་གྱུར་པ་དེ་ཁོ་ན་བཞིན་དུ་ཕྱིར་འགྲོའོ། །ཕྱིར་སོང་ནས་ཀྱང་གཞན་ཡང་ཡུལ་རྣམས་ལ་སྲེད་པར་གྱུར་པས་བག་མེད་པར་རྣམ་པར་རྒྱུ་བ་རྣམས་ནགས་དང་ཉེ་བའི་ནགས་དག་ལྟ་བ་ལ་ དགའ་བའི་ཡིད་ཀྱིས་ལྷན་ཅིག་སྤྱོད་པ་དང་བཅས་པས་པད་མའི་ཚལ་གྱི་ནང་དང་ཆུ་ཀླུང་དང་ཚང་ཚིང་དག་ཏུ་དགའ་བར་བྱེད་དོ། །ལྷ་དེ་དག་ལེགས་པར་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པས་དེ་དག་རྣམ་པ་དེ་སྲིད་ཀྱི་དཔེ་མེད་པའི་ལྷ་རྫས་ཀྱི་བདེ་བ་རྣམས་ཕུན་ སུམ་ཚོགས་པར་འགྱུར་བ་རྣམས་ལ་ཡུལ་གྱིས་ངོམས་པ་སྐྱེ་བ་མེད་དེ། རྣམ་པར་གཡེངས་པའི་སྐྱོན་གྱིས་རྣམ་པར་གཡེངས་པའི་མུན་པའི་རང་བཞིན་ཁོ་ནས་ཏེ། དེ་དག་གིས་རང་བཞིན་ནི་ནམ་ཡང་ཀུན་ནས་འཁུམ་པར་མི་འགྱུར་རོ། །ཡུལ་གྱི་བདེ་བ་རྣམས་ཀྱིས་ངོམས་ པར་འགྱུར་བའམ་རྣམ་པར་གཡེངས་པར་གྱུར་པའི་ངོ་བོས་ཀྱང་དབང་པོ་རྣམས་ནི་ནམ་ཡང་སྲེད་པ་དང་བྲལ་བར་མི་འགྱུར་རོ། །ལྷ་རྣམས་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་ཡིས་ཉི་མ་རེ་རེ་ཞིང་རབ་ཏུ་འཕེལ་བར་གྱུར་པའི་སྔ་ཕྱི་རིམ་པས་ངོ་མཚར་བ་རྣམས་སྐྱེད་པར་བྱེད་པ་དང་ ཡིད་ཀྱི་རྗེས་སུ་འཐུན་པར་བྱེད་པ་དང་དཔེ་མེད་པ་དང་ཡོན་ཏན་དང་ལྡན་པར་གྱུར་པས་ཀྱང་དེས་དེ་དག་ནམ་ཡང་ངོམས་པ་སྐྱེ་བ་མ་ཡིན་ནོ། །ཇི་ལྟར་ཆུ་རྣམས་ཀྱིས་ནི་རྒྱ་མཚོ་ངོམས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ལྷ་རྣམས་ཀྱང་སྟེ་དེ་དག་དུས་དེ་སྲིད་དུ་རིགས་དེ་ཉིད་ལ་དགའ་བར་ ཡང་བྱེད་ཅིང་རྣམ་པ་སྣ་ཚོགས་པའི་བདེ་བ་རྣམས་ཀྱིས་རྒྱུ་བ་རྒྱགས་པས་ནགས་དང་ཉེ་བའི་ནགས་རྣམས་ལ་རྣམ་པར་རྒྱུ་བར་བྱེད་པས་འདོད་པའི་ཆུ་བོས་ཀུན་ནས་ཁྱེར་བར་གྱུར་པ་རྣམས་ལྷན་ཅིག་སྤྱོད་པ་དང་བཅས་ནས་དགའ་བར་བྱེད་དེ། ཇི་སྲིད་དུ་འདོད་པ་སྡུག་པའི་ལས་བྱས་ ཤིང་བསགས་པར་གྱུར་པ་དེ་དག་རྣམས་ཟད་པར་མ་གྱུར་གྱི་བར་དུའོ། །དེ་ཟད་ནས་ལྷའི་རིགས་དེ་ལས་འཆི་འཕོ་བར་འགྱུར་རོ། །འཕོས་ནས་ཀྱང་ཇི་ལྟར་ལས་ཀྱིས་ཉེ་བར་འགྲོ་བར་བྱེད་པ་ཇི་ལྟར་ལས་ཀྱི་ཐག་པ་དག་གིས་ཀུན་ནས་ལྷ་དེ་བཅིངས་པར་གྱུར་ཅིང་རྣམ་པ་དེ་ལྟ་ 70-1-229a བུའི་བདེ་བ་ལས་ཀྱང་ཡོངས་སུ་ཉམས་ནས་སླར་ཡང་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེའོ། །དེ་དག་གི་གལ་ཏེ་ལེགས་པར་བྱས་པའི་ལས་སུ་གྱུར་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་སུ་སྐྱེས་ནས་དེ་འཛམ་བུའི་གླིང་དུ་མཆོག་ཏུ་སྐྱིད་དེ་བར་ འགྱུར་ཏེ་ཤིན་ཏུ་མཐོ་བའི་རིགས་སུ་གར་དང་གླུ་དང་དགོད་པ་དང་འགྱིང་བག་དང་བཅས་པར་སྐྱེའོ། །མཆོག་ཏུ་སྐྱིད་དེ་བར་འགྱུར་ཏེ། སྐྱེས་བུ་ཡང་མེ་ཏོག་ཕྲེང་དང་པི་བང་དང་རྒྱན་དང་ཆ་བྱད་བཟང་པོ་དང་མཆོག་ཏུ་འཕགས་པའི་གཟུགས་དང་ལྡན་པ་ཕུན་སུམ་ཚོགས་པ་མཆོག་དང་ལྡན་པ་ཡུལ་ ལྗོངས་ཀྱི་མཆོག་དག་ཏུ་ཉེ་བར་སྐྱེ་བར་འགྱུར་ཏེ་རྒྱལ་པོའམ་རྒྱལ་པོའི་བློན་པོ་ཡང་རུང་སྟེ་ཡུལ་ཀཱ་ཤིའམ་ཀཽ་ཤ་ལའམ་གླིང་ཕྲན་དག་ཏུ་ཡང་ལས་དེའི་རྒྱུ་འཐུན་པའི་འབྲས་བུ་དག་གིས་སོ། །འོད་ཟེར་འཕྲོ་བ་ཅན་གྱི་ལྷ་རྣམས་ཀྱི་ལྷའི་རིགས་ཇི་སྲིད་པ་རྣམས་ཡོངས་སུ་བསྡུས་པ་སྟེ་ས་བདུན་པ་ རྫོགས་སྷོ།། ་་་།།ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་གཞན་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ཇི་ལྟར་ཡོད་པ་བསྡམས་པར་རྒྱུ་བ་ ཞེས་བྱ་བ་མཐོང་ངོ ། །ས་དེ་ལ་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་དེས་མཐོང་བ་མཆོག་ཏུ་རྣམ་པར་དག་པར་གྱུར་པའི་རྣམ་པར་སྨིན་པ་དཀར་བ་བདེ་བ་སྐྱེད་པར་བྱེད་པའི་ལས་དེའི་འབྲས་བུ་ལ་སླུ་བ་མེད་པ། འཕགས་པ་དགྱེས་པའི་སྦྱིན་པ་དང་ཤེས་རབ་ལྷག་པ་དེས་ འདོད་པ་སྡུག་པ་ཡིད་དུ་འོང་བའི་འབྲས་བུར་འགྱུར་བ་ལ་འདི་ལྟ་སྟེ། ལྷར་སྐྱེ་བར་བྱེད་པའོ། །རྣམ་པ་ཇི་ལྟ་བུའི་འདོད་པ་སྡུག་པ་ཡིད་དུ་འོང་བས་ལྷར་སྐྱེ་བའི་འབྲས་བུ་ཡིན་ན་འདི་ལྟ་སྟེ། གང་གིས་མཆོག་ཏུ་དགེ་བའི་སེམས་སུ་གྱུར་ནས་ཤིན་ཏུ་རྣམ་པར་དག་པར་སྤྱོད་པར་གྱུར་ཏེ། གུས་པ་ལེགས་པར་སྐྱེས་པའི་ཡིད་ཞུ་བར་གྱུར་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་རྣམ་པར་སྤངས་པར་གྱུར་པ་ནི་སྔ་མ་བཞིན་ཏེ། འདོད་པ་ལ་ལོག་པར་གཡེམ་པ་ཡང་རྣམ་པར་སྤོང་བར་བྱེད་པ་ལ་འདི་ལྟ་སྟེ། གང་གིས་སྔོན་སྐྱེ་བ་གཞན་དུ་ཉམས་སུ་མྱོང་བར་གྱུར་ 70-1-229b པའི་འཁྲིག་པ་ཐོས་ནས་ཆགས་པར་བྱེད་པ་དང ། འདོད་ཆགས་ལ་སྤྱད་པའི་ཡིད་ཀྱིས་ཀྱང་རབ་ཏུ་ཉམས་པར་གྱུར་ནས་ཡུལ་གྱི་སྲེད་པས་འཁྲིད་པར་གྱུར་པའི་འདོད་པ་རྣམས་ཀྱང་མྱོང་བར་མི་བྱེད་དོ། །དེ་དག་རྣམས་ལ་སེམས་པར་ཡང་མི་བྱེད་དོ། །རབ་ཏུ་རྟོག་པར་མི་བྱེད་དོ། ། གཞན་རྣམས་ཀུན་དུ་རྟོག་པར་བྱེད་པ་ན་རབ་ཏུ་འགོག་པར་བྱེད་དོ། །དེ་ལྟར་ཡོངས་སུ་དག་པའི་ལས་བྱེད་པ་དེ་ལུས་ཞིག་པར་གྱུར་པ་ན་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱིས་བསྡམས་པར་རྒྱུ་བའི་སར་སྐྱེའོ། །དགེ་བའི་ལས་དེ་དག་གི་འབྲས་བུས་དེ་ལས་ སྐྱེས་པར་གྱུར་པ་ན་ཡང་འདིའི་རྣམ་པ་སྣ་ཚོགས་པའི་དྲི་དང་རོ་དང་རེག་བྱ་རྣམས་དང་དེ་ཡུལ་དུ་མ་རྣམས་ལ་དགའ་བར་གྱུར་པས་ནགས་ཀྱི་ནང་རྣམས་སུ་རྒྱུ་བར་བྱེད་ཅིང་ལྷ་རྫས་ཀྱི་ལྟི་ལྟོ་ཅན་རྣམས་འགྱིང་བར་གྱུར་པ་ལྷ་མོ་བརྒྱ་སྟོང་གིས་ཉེ་བར་སྒྱུར་ཟློག་བྱེད་པས་ནགས་དང་ཉེ་བའི་ནགས་དང་ རྫིང་བུ་དང་འབབ་ཆུ་དག་ལ་སྟེན་པར་བྱེད་པ་ཡུད་ཙམ་ཅིག་ཀྱང་གནས་གཅིག་ན་དགའ་བར་མི་བྱེད་པར་དེ་སྔ་ན་མ་མཐོང་བའི་བདེ་བ་དཔེ་མེད་པ་རྣམས་ལ་ལོངས་སྤྱོད་པར་གྱུར་པ། བདེ་བ་དུ་མ་པ་དུ་མ་རྣམས་ཀྱིས་དེའི་དབང་པོ་རྣམས་དང་ཡིད་ཀྱང་ངོམས་པ་མེད་པར་དེ་ཡང་ནགས་དང་ ཉེ་བའི་ནགས་སུ་ཡིད་ལ་སྨོན་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ནས་ལྷ་གཞན་དག་རྣམས་ནགས་རྣམས་ཀྱི་ནང་དུ་རྩེ་བར་གྱུར་པ་རྣམས་མངོན་པར་མཐོང་ལ་དེ་དག་རྣམས་ཀྱིས་ཀྱང་ལྷ་གསར་དུ་སྐྱེས་པ་དེ་མངོན་པར་མཐོང་བར་གྱུར་ཏེ་འདོད་ཆགས་ཀྱིས་གཟིར་བའི་ རྒྱགས་པས་རྩེ་བའི་འགྲོས་དང་ལྡན་པ་ལྷ་རྫས་ཀྱི་ཕྲེང་བའི་རྒྱན་ཅན་དེ་དག་རྣམས་ལ་གསར་དུ་སྐྱེས་པར་གྱུར་པ་ལ་ཉེ་བར་རྟེན་པར་བྱེད་དོ། །དེས་ཀྱང་དེ་དག་རྣམས་མངོན་པར་མཐོང་བར་གྱུར་ནས་ཡོན་ཏན་དང་ལྡན་པའི་འདོད་པ་ལྔས་རྣམ་པར་ཟིན་པར་གྱུར་པས་དེ་དག་ རྣམས་ཉིད་ཀྱང་ཐག་ཉེ་བར་གྱུར་པར་ལེགས་པར་ཉེ་བར་བསྙེན་ནས་འགྲོ་བར་བྱེད་དོ། །ལྷ་མོ་དེ་དག་རྣམས་དང་ལྷ་གསར་དུ་སྐྱེས་པར་གྱུར་པ་དེ་ཡང་ཕན་ཚུན་དུ་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་གཅིག་པར་གྱུར་པས་དེ་ཐམས་ཅད་གར་བྱེད་པར་གྱུར་པ་དང་དགོད་པར་གྱུར་པ་ལས་ 70-1-230a དེ་དག་རྣམས་འདི་བཞིན་དུ་སེམས་པར་གྱུར་ཏེ་འདི་དག་ནི་བདག་ཅག་རྒྱས་པར་བྱེད་པར་བྱེད་པ་པོའོ་ཞེས་དེ་བཞིན་དུ་བསམས་ནས་ཇི་ལྟར་དེ་དག་དང་བདག་ཏུ་འཛིན་པར་གྱུར་པས་དེ་དག་རྣམས་ཕན་ཚུན་དུ་མངོན་པར་ཆགས་ཤིང་ཞེན་པས་ངལ་སོས་པ་སྐྱེད་པར་ བྱེད་པ་ཕན་ཚུན་དུ་གནོན་པ་མེད་པར་གྱུར་ནས་རྒོད་པ་དང་བསྐྱོད་པ་དང་རྩེ་དགའ་བ་ལ་དོན་དམ་དུ་བྱེད་པར་གྱུར་པས་ནགས་ནས་ནགས་གཞན་རྣམས་སུ་དང་རིའི་རྩེ་མོ་ནས་རིའི་རྩེ་མོ་རྣམས་སུ་དང་རྫིང་བུ་ནས་རྫིང་བུ་རྣམས་དང་པད་མའི་རྫིང་བུ་ནས་པད་མའི་རྫིང་བུ་རྣམས་དང་འཁྲི་ཤིང་ གི་ཁང་པ་ནས་འཁྲི་ཤིང་གི་ཁང་པར་དང་ཤིང་ལྗོན་པའི་ཚལ་ནས་ཤིང་ལྗོན་པའི་ཚལ་དག་དང་མཚོ་གཞན་ནས་མཚོ་གཞན་རྣམས་སུ་སྟེ་དེ་དག་ན་རྣམ་པ་དུ་མར་གྱུར་པའི་བཻ་ཌཱུརྱ་སྔོན་པོ་དང་འདྲ་བར་གྱུར་པའི་ངང་པ་དང་ངང་ངུར་གཞལ་དུ་མེད་པའི་བྱ་དུ་མས་སྒྲ་ཀུན་ནས་ བསྒྲགས་པར་གྱུར་པས་རྣ་བར་སྙན་པར་བྱེད་པ་ཀུན་བསམས་པས་འདོད་པ་རྣམས་འབྱུང་བའི་ཆུ་ཡིན་ཏེ་ཇི་ལྟར་ལྷ་དེ་དག་རྣམས་ཀྱི་སེམས་མངོན་པར་རྒྱན་པར་བྱེད་པའི་རྣམ་པ་དེ་སྲིད་དུ་འགྱུར་རོ། །དེ་ལྟར་གྱུར་པའི་ཆུ་གང་ཡིན་པ་ནི་རྣམ་པ་དུ་མར་རོ་དང་དྲི་དང་ལྡན་པ་ཡིན་ནོ། ། དེ་མཚོ་དེ་དག་ཏུ་རྩེད་མོ་བྱས་ནས་སླར་ཉིད་ཀྱང་གང་ན་ལྷ་གཞན་དག་རྣམས་མཆོག་ཏུ་དགའ་བའི་ཡིད་ཀྱིས་འགྲོ་བར་བྱེད་པ་དེར་ལྷ་གསར་དུ་སྐྱེས་པ་དེ་ལྷ་མོའི་ཚོགས་དེ་དག་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གར་དང་གླུ་དང་རོལ་མོའི་སྒྲ་དང་བཅས་ནས་འགྲོ་བར་བྱེད་དོ། །ལྷ་དེ་ དག་གིས་ཀྱང་ལྷ་གསར་དུ་སྐྱེས་པ་དེ་ཀུན་ནས་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གསར་དུ་སྐྱེས་པའི་བྲག་རྣམས་དང ། །རྫིང་བུའི་པད་མའི་ཚལ་དང་ནི། །ཁང་བཟངས་རྩེ་མོ་དགའ་བ་ལས། །རང་འཁོར་ལྷ་དང་བཅས་ནས་དགའ། །གསེར་ ལས་གྱུར་པའི་བྲག་དང་ནི། །བཻ་ཌཱུརྱ་ཡི་རྩེ་མོ་ལ། །ནགས་ཀྱི་ཚལ་དང་གཞན་རྣམས་ཡང ། །རང་གི་ལྷ་འཁོར་བཅས་ཏེ་དགའ། །དགའ་བའི་དཔག་བསམ་ཤིང་དག་དང ། །ཆུ་ཀླུང་དང་ནི་འབབ་ཆུ་དང ། །མཚོ་བྲན་ཡང་ནི་རྣམ་སྤངས་པ། །ལྷ་རང་འཁོར་ 70-1-230b དང་བཅས་ཏེ་དགའ། །རིན་ཆེན་བདུན་གྱིས་རྣམ་བཀྲ་བའི། །རི་རྣམས་དག་དང་ཆུ་ཀླུང་དང ། །རི་ལོགས་དང་ནི་ཆེར་འོས་ལ། །དགའ་བོ་རང་བཅས་ལྷ་རྣམས་དང ། །མན་དཱ་ར་ཤིང་ཚང་ཚིང་དང ། །ུད་པལ་སྔོན་པོའི་ཚལ་རྣམས་ལ། །བྱ་ཡི་དབྱངས་སྙན་ དགའ་བ་ན། །རང་འཁོར་ལྷ་དང་བཅས་ནས་དགའ། །ས་གཞིའི་ཆ་ནི་གཞན་དག་དང ། །རིན་ཆེན་འབྱུང་གནས་ཚལ་རྣམས་དང ། །ཁྱོགས་ཀྱི་ཁང་བུ་དགའ་བར་ནི། །ལྷ་ནི་རང་འཁོར་བཅས་ཏེ་དགའ། །ཡིད་ནི་མཉེན་ཞིང་རླན་བྱེད་པའི། །རྔ་སྐད་ཡན་ ལག་ལྔ་པ་ཡིས། །གར་དང་ལྡན་པ་རྟག་བདེ་བས། །ལྷ་ནི་རང་འཁོར་བཅས་ཏེ་དགའ། །དེ་ལྟར་ལྷ་དེ་དག་གིས་གསར་དུ་སྐྱེས་པའི་ལྷ་དེ་ལ་འགྲོ་བར་བྱེད་དོ། །དེ་དག་གི་ཚིགས་སུ་བཅད་པ་རྣམས་ཀུན་དུ་ཞི་བར་གྱུར་ནས། དེ་ཁོ་ན་ཉིད་རྗོད་པར་བྱེད་པའི་བྱ་དེ་ དག་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་པའི་དབྱངས་དང་ཞད་འདྲ་བའི་ཀུན་བརྗོད་པ་དག་བསྙད་པ། ཇི་ལྟར།ནགས་དང་ཉེ་བའི་ནགས་རྣམས་དང ། །པད་མའི་འབྱུང་གནས་ནགས་རྣམས་ལ། །བྱིས་པ་སྲེད་པས་རྣམ་པར་འཁྲུལ། །རང་གི་ལྷ་འཁོར་བཅས་ཏེ་ལྟུང ། ། གསེར་ལས་གྱུར་པའི་བྲག་རྣམས་ཀྱི། །རྩེ་མོ་བཻ་ཌཱུརྱ་རྣམས་ལ། །དགེ་བའི་ལས་ཀྱིས་འཕངས་པ་དེ། །རང་གི་འཁོར་གྱི་ལྷར་བཅས་ལྟུང ། །དཔག་བསམ་ཤིང་ནི་དགར་འགྱུར་དང ། །ཆུ་ཀླུང་དང་ནི་འབབ་ཆུ་ལ། །སྤྱོད་པ་དེ་ཡིས་དགེ་ཟད་ནས། །རང་ འཁོར་ལྷ་དང་བཅས་ནས་ལྟུང ། །ས་གཞིའི་ཆ་ནི་གཞན་དག་དང ། །རིན་ཆེན་འབྱུང་གནས་ནགས་ལ་ཡང ། །རྟག་ཏུ་དགེ་མིན་ཞུགས་པ་ལ། །རང་འཁོར་ལྷ་དང་བཅས་པ་ལྟུང ། །ཡིད་ནི་ཀུན་ནས་ཚིམ་བྱེད་པའི། །རྔ་སྐད་ཡན་ལག་ལྔ་པ་ཡིས། །ཕྲོགས་ པས་དེ་ཡི་དུས་འདས་ནས། །རང་འཁོར་ལྷ་དང་བཅས་རྣམས་འབབ། །དེ་ལྟར་ཡང་བྱ་དེ་དག་གིས་ཕན་པར་འགྱུར་བ་དང ། ཀུན་དུ་སྐྱོ་བར་བྱེད་པ་དང་འདྲ་བའི་ཚིགས་སུ་བཅད་པ་ཇི་ལྟ་བར་བརྗོད་དོ། །རབ་ཏུ་བཤད་པའི་རྗེས་ལ་རྣ་བ་ལ་ལམ་བྱུང་བར་གྱུར་ནས་ 70-1-231a བག་མེད་པས་ཀུན་དུ་ཁྲིད་པའི་ཕྱིར་ལྷ་སྐྱེས་ནས་ཡུན་རིང་དུ་ལོན་པ་རྣམས་ཀྱིས་ཀྱང་ཚིགས་སུ་བཅད་པའི་མིང་ཙམ་ཡང་ཐོས་པར་མི་འགྱུར་ན། གང་དག་སྐྱེས་པར་གྱུར་ནས་དུས་ཐུང་དུ་ལོན་པ་ཤིན་ཏུ་བག་མེད་པས་རྣམ་པར་རྒྱུ་བར་བྱེད་པའི་ལྷ་དེ་དག་རྣམས་ཀྱིས་ དེ་བརྩི་བགྲང་མི་བྱེད་པ་ལ་ལྟ་ཅི་སྨོས། ཆེས་བག་མེད་པས་རྣམ་པར་རྒྱུ་བའི་ལྷ་དེ་དག་རྣམས་ཀྱིས་དེ་ལ་བརྩི་བགྲང་མ་བྱས་པར་བག་མེད་པའི་དུག་གི་ཤུགས་ཀྱིས་ཀུན་ཏུ་རྨོངས་པར་གྱུར་ནས་ཉེ་འཁོར་ཀུན་ན་རབ་ཏུ་གར་བྱེད་པར་གྱུར་པ་དང་ཆེས་རབ་ཏུ་དགའ་བར་གྱུར་པའི་ཡིད་ ཀྱིས་ནགས་གཞན་དག་གི་ས་གཞི་རྣམས་ལ་རབ་ཏུ་གར་དང་གླུ་དང་རྔ་སྒྲ་ལྷན་ཅིག་ཏུ་ཡུལ་རྣམས་ཀྱིས་རྒྱགས་པས་རྒྱགས་པར་གྱུར་པའི་ཡིད་ཅན་རྣམས་རང་གི་འོད་དང་ལྡན་པ་ཐམས་ཅད་ཀྱང་དགའ་བར་གྱུར་ནས་ལྷ་རྫས་ཀྱི་བདེ་བ་ལ་ལོངས་སྤྱོད་པ་གང་ན་རིའི་ཕྲེང་བ་ཞེས་བྱ་བའི་ རི་བོ་དེར་ཉེ་བར་ལེགས་པར་འགྲོའོ། །རིའི་ཕྲེང་བ་ཞེས་བྱ་བའི་རི་བོ་དེ་ཡང་ཁམས་དུ་མ་དང་ལྡན་པར་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་འབྱུང་ཁུངས་རྣམས་ཀྱིས་རྣམ་པར་བརྒྱན་པར་གྱུར་པས་ཉེ་འཁོར་ཀུན་ཏུ་ཤིན་ཏུ་མཛེས་པར་བྱེད་དོ། །ཉི་མ་དམར་སེར་དང་འདྲ་བའི་ པད་མ་བརྒྱ་སྟོང་གིས་ཉེ་བར་མཛེས་པར་གྱུར་པའོ། །འབབ་ཆུ་བརྒྱ་སྟོང་བྱེ་བ་རྣམས་ཀྱིས་ཀྱང་ཉེ་བར་མཛེས་པར་གྱུར་པ་སྟེ། དགའ་བར་གྱུར་པའི་རི་བོ་རིའི་ཕྲེང་བ་དེའི་ལོགས་བཞི་ལ་གནས་པ་བཞི་ཡོད་དོ། །འདི་ལྟ་སྟེ་མཚོ་བརྒྱ་རབ་ཏུ་འབབ་པ་དང ། རབ་ཏུ་དང་ བར་སྣང་བ་ཆེན་པོ་དང་རི་མཛེས་པ་དང ། རིའི་ཉེ་འཁོར་ཞེས་བྱ་བ་དང་ནགས་ཆེན་པོ་བཞི་པོ་དེ་དག་རྣམས་རིའི་ཕྲེང་བ་རི་བོའི་མཆོག་དེ་ལ་ཡོད་དོ། །མཚོ་བརྒྱ་འབབ་པ་ནི་དཔག་བསམ་གྱི་ཤིང་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པའི་མཚོ་བྲན་བརྒྱ་སྟོང་ཡོད་དེ། གསེར་དང་དངུལ་དང་ཨིན་དྲ་ནཱི་ལ་དང་ཀར་ཀེ་ཏ་ན་རྣམས་དང་མདོག་མཚུངས་པའི་ནོར་བུས་ཉེ་འཁོར་ཀུན་ཏུ་ཁྱབ་པར་གྱུར་པས་མཚོ་དེ་དག་རྣམས་རབ་ཏུ་གསལ་བར་གྱུར་པ་དང་རབ་ཏུ་དང་བར་གྱུར་པ་དངུ་ཆུ་གྲང་བར་གྱུར་པ་དང་ཇི་ལྟར་འདོད་པའི་ཆུ་ཡང་མཚོ་དེ་དག་འགྱུར་བ་ 70-1-231b ཡིན་ནོ། །མཆོག་ཏུ་མཛེས་པར་གྱུར་པའི་ནགས་དང་ཉེ་བའི་ནགས་རྣམས་ཀྱི་ཚོགས་པ་དང་ལེགས་པར་ལྡན་པ་སྔོ་ཞིང་རབ་ཏུ་དང་བའི་ཆུ་ལ་ངང་པ་དང་ངང་ངུར་དང་ཀཱ་རཎྜ་བ་དང་ཀ་དམྤ་རྣམས་ཀྱི་སྒྲ་ཐོས་ན་དགའ་བར་འགྱུར་བ་ཡིན་ཏེ། བྱིས་པ་ཐམས་ཅད་རབ་ཏུ་དགའ་བར་ བྱེད་པའི་བྱས་ཀྱང་ལྷ་དེ་དག་ཀུན་ཏུ་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གསོན་ཚེ་ཐམས་ཅད་རྟག་པ་མིན། །ལང་ཚོ་ཡང་ནི་འགོར་བ་མིན། །འཇིག་རྟེན་ཐམས་ཅད་མི་རྟག་པ། །འཇིག་རྟེན་འདི་ཡིས་གོ་བ་མིན། །ལས་ཀྱི་སྐུད་པས་སྦྲེལ་བྱས་ པའི། །དངོས་པོ་སྐད་ཅིག་ཙམ་འགོར་བ། །སྔ་མའི་རིམ་གྱིས་འཇིག་འགྱུར་བ། །འཇིག་རྟེན་པས་ཀྱང་གོ་བ་མིན། །ནགས་དང་ཉེ་ནགས་སྟེན་པ་ཡི། །ལྷ་རྣམས་བྱེ་བ་ཕྲག་སྟོང་ཡང ། །མིག་བཙུམས་ཙམ་གྱི་དུས་ཡིན་པ། །འཇིག་རྟེན་པས་ཀྱང་མི་རྟོགས་སོ། ། འདོད་ན་སྤྱོད་པའི་ལྷ་རིས་དྲུག་།བག་མེད་ལོངས་སྤྱོད་སྲེད་པ་ཡིས། །ཐམས་ཅད་བརླག་པར་འགྲོ་བ་ཡང ། །འཇིག་རྟེན་པས་ནི་མི་གོའོ། །དབུ་བ་རྡོས་པ་དང་འདྲ་བའི། །བདེ་བ་རྨི་ལམ་རྫས་དང་མཚུངས། །མྱུར་དུ་ཟད་པར་འགྱུར་བ་སྟེ། །འཇིག་རྟེན་པས་ཀྱང་མི་ རྟོགས་སོ། །དེ་ལྟར་རིའི་མཆོག་དེ་ལ་མཛེས་པར་གྱུར་པའི་ལྷ་དེ་དག་རྣམས་ལ་ཕན་པ་བྱེད་པར་གྱུར་པའི་བྱ་དེས་ལེགས་པར་བྱས་པའི་ལས་ཀྱིས་བསྐུལ་བར་གྱུར་ནས་རྗོད་པར་བྱེད་དོ། །གཞན་དུ་ན་ལྷ་ཡུལ་རྣམས་ལ་ཆེད་ཆེར་བྱེད་པར་གྱུར་པས་དེ་བློ་ལ་བྱེད་པར་མི་འགྱུར་རོ། །དམ་ པའི་ལམ་རྣམས་ལ་དམུས་ལོང་བཞིན་དུ་གྱུར་པ་དང་དེ་ཁོ་ན་ཉིད་ཀྱང་མི་མཐོང་ངོ ། །དེ་ནས་གཞན་ཡང་ནགས་ཆེན་པོ་གཉིས་པར་གྱུར་པ་རབ་ཏུ་དང་བར་སྣང་བ་ཆེན་པོ་ཞེས་བྱ་བའི་ནགས་སུ་ལྷ་དེ་དག་རྣམས་རྩེད་མོ་དང་བཅས་ནས་སོ། །རབ་ཏུ་དང་བར་སྣང་བ་ཆེན་པོའི་ནགས་ དེ་དག་ནི་རྣམ་པ་འདི་ལྟ་བུ་ཡིན་ཏེ། ཉི་མ་བརྒྱ་དང་ཡང་དག་པར་ལྡན་པ་རྣམས་པས་ཀྱང་ཆེས་ལྷག་པར་གྱུར་པ་དཔག་བསམ་གྱི་ཤིང་རྣམས་དང་རིན་པོ་ཆེ་རྣམས་དང་དེ་དག་རྣམས་ཀྱི་འོད་ཟེར་གྱི་འོད་རྣམས་ཀྱིས་ཀྱང་ནགས་དེར་ཤིན་ཏུ་ལྷག་པར་ཡང་ཡོན་ཏན་རྣམས་ཕུན་སུམ་ 70-1-232a ཚོགས་པར་གྱུར་ཅིང་རབ་ཏུ་འབར་བར་གྱུར་ནས་རྣམ་པར་སྣང་ངོ ། །རབ་ཏུ་དང་བ་ཆེན་པོ་སྣང་བའི་ནགས་ཀྱི་ཉེ་འཁོར་རྣམས་ནི་འོད་ཟེར་རྣམ་པ་གསུམ་གྱིས་ཤིན་ཏུ་གསལ་ཞིང་རྣམ་པར་མཛེས་སོ། །དེ་ན་རྣམ་པ་དེ་སྲིད་ཀྱི་ཐམས་ཅད་ལས་ཀྱང་མངོན་ པར་དགའ་བར་གྱུར་པའི་ཆུ་ཀླུང་དང་འབབ་ཆུ་དང་མཚོ་བྲན་རྣམས་ཀྱིས་རྣམ་པར་བརྒྱན་པར་གྱུར་པ་དང་དཔག་བསམ་གྱི་ཤིང་རྣམས་དང་ལྡན་པར་གྱུར་པའི་རྣམ་པ་དེ་སྲིད་རྣམས་ཀྱི་ནགས་ཀྱི་མཆོག་དེར་ལྷ་དེ་དག་རྣམས་འདུས་པ་རྣམས་དང་ཇི་སྟེ་ན་ཕུང་པོ་རྣམས་དང་ཚོགས་པ་ རྣམས་ཀྱིས་སྒྲ་དང་རོལ་མོའི་སྒྲ་དང་གར་དང་གླུ་དང་བཅས་པས་དགའ་བར་བྱེད་པ་དང་རྩེད་མོ་རྩེ་བར་ཡང་བྱེད་པར་གྱུར་པས་ནི་ལེགས་པར་བྱས་པའི་ལས་རྣམས་ཀྱང་ཟད་པར་འགྱུར་རོ། །རི་བོའི་མཆོག་དེ་ཉིད་ཀྱི་སའི་ཆ་རྣམས་ལ་ཡུལ་གྱི་རྒྱགས་པས་མྱོས་པར་གྱུར་པ་གླང་པོ་ ཆེན་པོ་བཞིན་དུ་དེ་དག་རྣམས་ནགས་དེ་ན་དུས་རིང་དུ་རྩེད་མོ་རྩེས་ནས། གཞན་ཡང་རང་བཞིན་གྱིས་ཡིད་རྩབ་ཧྲལ་ཅན་དུ་གྱུར་པས་རིའི་ཕྲེང་བའི་རི་བོ་དེ་ཉིད་ཀྱི་ནགས་གཞན་རི་མཛེས་པ་ཞེས་བྱ་བའི་ནགས་གང་ཡིན་པ་དེར་ཉེ་བར་འགྲོའོ། །ཡུལ་ལྔའི་རྒྱགས་པས་ རྒྱགས་པར་གྱུར་པ་རྣམས་བག་མེད་པའི་དགྲས་ཤིན་ཏུ་རྨོངས་པར་བྱས་པའི་ལྷ་རྣམས་ཀྱིས་ནི་བཟློག་པར་མི་ནུས་པའི་འཇིགས་པ་ཆེན་པོར་གྱུར་པའི་འཆི་འཕོ་བའི་འཇིགས་པ་ཀུན་ཏུ་གོ་བར་འགྱུར་བ་མ་ཡིན་གྱི། དགའ་བ་རྒྱ་ཆེན་པོའི་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་ དྲི་རྣམས་འབའ་ཞིག་གིས་བག་མེད་པར་གྱུར་ནས་གང་དང་དེས་ཀྱང་ཀུན་ཏུ་འཁྲིད་པར་བྱེད་དོ། །སྲེད་པར་ཡོངས་སུ་ཆུད་པར་གྱུར་པའི་ཡིད་ཅན་དེས་དེ་ན་ནགས་གཞན་དག་མཐོང་བར་གྱུར་པ་ལ་ཉེ་འཁོར་ན་པད་མའི་ཚལ་གྱིས་བསྐོར་བར་གྱུར་པ་དཔག་བསམ་གྱི་ཤིང་ རྣམས་ཀྱིས་རྣམ་པར་བརྒྱན་པ་མེ་ཏོག་བརྒྱ་སྟོང་གིས་ཉེ་བར་མཛེས་པར་གྱུར་པ། ལྗོན་ཤིང་དྲི་དང་ལྡན་པར་གྱུར་པའི་ཤིང་གཞན་རྣམས་ཀྱིས་ཀྱང་ཉེ་བར་མཛེས་པ། ཆུ་ཀླུང་དང་འབབ་ཆུས་རྣམ་པར་བརྒྱན་པ་ལྗོན་ཤིང་གི་ནགས་དུ་མས་ཉེ་བར་རྒྱས་པ་རྣམས་ལ་རི་དགས་ 70-1-232b དང་བྱའི་ཚོགས་རྣམ་པ་སྣ་ཚོགས་པ་རྣམ་པར་བཀྲ་བར་གྱུར་པས་སྤྲས་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ཤིང་འཁྱིལ་པ་བརྒྱངས་པའི་ཁང་པ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ། ཀུ་ཧ་ར་དང་སྐད་སྙན་པ་དང་བྱའི་ཚོགས་གཞན་རྣམས་ཀྱི་སྐད་རྣམས་ཀྱིས་ཀྱང་ཐོས་ན་དགའ་བར་ འགྱུར་བ་དང་རིན་པོ་ཆེའི་བཞོན་པས་ཀྱང་ཆུ་ཀླུང་བརྒྱན་པར་གྱུར་པ་སྟེ་དེས་རྣམ་པ་དེ་ལྟ་བུའི་ནགས་ལེགས་པར་རྗེས་སུ་ཐོབ་ནས། ལྷ་དེ་དག་རི་དེ་ལ་ལན་བརྒྱ་ཕྲག་རྣམས་དང་གལ་ཏེ་ན་ལན་སྟོང་ཕྲག་དུ་ཡང་གར་བྱེད་པར་གྱུར་པ་དང་གླུ་ལེན་པར་གྱུར་པ་ཕན་ཚུན་ལྷན་ཅིག་ཏུ་དེ་དག་གིས་ ནགས་དེར་མཐར་གྱིས་སླེབ་པར་གྱུར་ནས་དུས་ཡུན་རིང་པོར་དགའ་བར་བྱེད་དོ། །ལྷན་ཅིག་སྤྱོད་པ་དང་བཅས་པ་དང་ཕན་ཚུན་གཡོག་བྱེད་པར་གྱུར་པས་ཀྱང་ཡུལ་རྣམས་ཀྱི་འདོད་པ་ལས་ཕྱིར་ཞིང་ངོམས་པ་མེད་པར་གྱུར་ནས་ལྷ་དེ་དག་རྣམས་རིའི་ཕྲེང་བའི་རི་བོ་དེ་ཉིད་ལ་ལན་གྲངས་ དུ་མར་རྣམ་པར་སྤྱོད་པར་བྱེད་དོ། །བག་མེད་པར་གྱུར་པས་དེ་དག་གི་གཞན་ཡང་མཐོང་བར་གྱུར་པ། མཆོག་ཏུ་དགའ་བར་གྱུར་པའི་རི་བོ་དེ་ཉིད་ཀྱི་ནགས་རིའི་ཉེ་འཁོར་ཞེས་བྱ་བའོ། །ནགས་དེ་ན་དྲི་ཞིམ་པོ་འདི་དག་རྣམས་ཡོད་དེ། ཤིང་འཁྲིལ་པ་དུད་པ་རྣམས་ ཀྱི་མེ་ཏོག་དང་གསེར་གྱི་ཤིང་འཁྲིལ་པ་རྣམ་པར་བརྒྱངས་པ་ལས་ཀུན་ཏུ་བྱུང་བ་དང་པད་མའི་བཞོན་པ་རྣམས་དང་མཆོག་ཏུ་དྲི་ཞིམ་པ་རྣམས་དང་མན་དཱ་ར་བའི་ལྗོན་ཤིང་རྣམས་དང་ལྷ་རྫས་ཀྱི་མེ་ཏོག་གཞན་རྣམས་ཀྱང་སྟེ་དྲི་རྣམས་ནི་ཉེ་འཁོར་ཁོར་ཡུག་ཏུ་དཔག་ཚད་བརྒྱར་ རླུང་གིས་འདེབས་སོ། །ལྷ་རྣམས་ཀྱང་ངོ་མཚར་བར་བྱེད་པའི་དྲི་བླ་ན་མེད་པ་རྣམས་དང་མཆོག་ཏུ་དྲི་ཞིམ་པར་གྱུར་པ་ཡང་རྣམ་པ་དུ་མ་རྣམས་སོ། །དེ་དག་རྣམས་སྣོམ་པར་བྱེད་པས་ལྷ་དེ་དག་ནགས་དེར་རབ་ཏུ་འཇུག་པར་བྱེད་དེ། མཆོག་ཏུ་མཛེས་པར་གྱུར་པ་ རྣམས་ཕན་ཚུན་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་གཅིག་པ་ཡུལ་གྱི་བདེ་བས་ངོམས་པ་མེད་པར་གྱུར་པས་ཡོངས་སུ་སྐོར་བར་བྱེད་དོ། །རྣམ་གྲངས་དུ་མར་དེ་དག་རྣམས་དེ་ལྟར་རྣམ་པར་རྒྱུ་བར་གྱུར་པ་དང་རྩེ་བར་གྱུར་པས་གང་ན་རིའི་ཕྲེང་བའི་རི་བོ་དེ་ཉིད་ཀྱི་མགོ་བོ་ཡོད་པ་དེ་ 70-1-233a ལ་ཉེ་བར་འགྲོ་བར་བྱེད་དོ། །ལན་བརྒྱ་དང་ཡང་ན་ལན་སྟོང་ཕྲག་ཏུ་དེ་དག་དེའི་སྟེང་དུ་ལྟ་བར་བྱེད་པ་ན་ཤིན་ཏུ་ཆེན་པོར་གྱུར་པའི་གནས་པར་བྱ་བའི་གཞི་རྣམས་ཏེ། རྒྱར་ནི་དཔག་ཚད་ལྔ་བརྒྱ་པ་ཉེ་འཁོར་ཀུན་ན་ཁང་བཟངས་ཀྱིས་ཡོངས་སུ་གང་བར་ གྱུར་པ་ལ་གསེར་གྱི་རང་བཞིན་གྱི་ཁང་པ་དང ། དངུལ་གྱི་རང་བཞིན་གྱི་ཁང་པ་དང ། བཻ་ཌཱུརྱའི་རང་བཞིན་གྱི་ཁང་པ་དང ། གསེར་བཙོ་མའི་རང་བཞིན་གྱི་ཁང་པ་དང ། མུ་སཱ་རའི་རང་བཞིན་གྱི་ཁང་པ་དང ། དེ་ན་རྣམ་པ་དེ་ལྟ་བུའི་མཆོག་ཏུ་དགའ་བར་གྱུར་པའི་ཁང་ པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་དང་དེའི་ལམ་སྲང་དང་བཅས་པའི་བཞི་མདོའི་སྟེང་ཁང་གི་ཆ་ཤས་རྣམ་པར་མཛེས་པ་དང་རབ་ཏུ་རྣམ་པར་ཕྱེ་བའི་ཆ་ཤས་དང་ལྡན་པའི་ཁང་པའི་རྟ་བབས་དགའ་བར་གྱུར་པ་དང ། ཉེ་འཁོར་ན་ཡང་པད་མའི་ཚལ་གྱིས་ཡོངས་སུ་ བསྐོར་བ་སྟེ། རྣམ་པ་དེ་ལྟ་བུའི་གྲོང་ཁྱེར་དེ་ལ་ལྷ་རྣམས་རབ་ཏུ་ཞུགས་ནས་ཤིན་ཏུ་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་རྣམ་པ་སྣ་ཚོགས་པའི་འདོད་པའི་ཡོན་ཏན་རྣམས་ཕུན་སུམ་ཚོགས་པའི་ཕུག་དང་ཉེ་བའི་ནགས་དང་རྫིང་བུ་དང་ལྡན་པ་ཤིང་འཁྲིལ་པ་ཀུན་དུ་དུད་པའི་ ཁང་པ་དང་མེ་ཏོག་གི་ནགས་དང་པད་མའི་ནགས་དང་ས་གཞིའི་རྣམ་པར་མཛེས་པའི་ཆ་ཤས་དང་མེ་ཏོག་གི་ཚལ་གྱི་ས་གཞི་དང་ཕུག་དང་རིའི་ཁྲོད་དང་ཚང་ཚིང་དང་རིའི་ཁོང་སེང་རྣམས་ལ་དགའ་བར་བྱེད་དོ། །དེ་ལྟར་རི་དེའི་གྲོང་ཁྱེར་གང་ཡིན་པ་དེ་དག་ནི་ནགས་སུ་གྱུར་པ་ཡིན་ ནོ། །དེའི་རྒྱབ་ལ་རྣམ་པ་དུ་མར་ཡོངས་སུ་བསྐོར་ནས་ལྷ་རྣམས་དགའ་བར་བྱེད་དོ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཡོངས་སུ་བསྐོར་ཅིང་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་ཐོས་པར་གྱུར་ནས་སྒྲ་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དང་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །ཁྱིམ་ ལ་མངོན་པར་དགའ་བར་གྱུར་པ་དེ་དག་རྣམས་ལ་བྱས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གང་ཚེ་ལྷ་རྣམས་དགེ་བ་ནི། །ཡོངས་སུ་ཟད་པར་འགྱུར་བ་ན། །དེ་ཚེ་བག་མེད་པ་ཡི་འབྲས། །རྩུབ་མོ་སྟེན་པ་ཤེས་པར་འགྱུར། །འདོད་ལ་ཀུན་ཏུ་ཆགས་པའི་ཡིད། །དེ་ཙམ་གྱི་ནི་བདེ་སྟེན་པ། ། 70-1-233b བདེ་ལས་ཉམས་པ་འབྱུང་འགྱུར་ཏེ། །ལོག་པར་ལྟུང་བའི་འཇིགས་ཆེན་པོ། །ཡུལ་གྱི་བདེ་ལ་བདེ་དོན་གཉེར། །རྟག་ཏུ་བསམ་པ་སོང་བདག་རྣམས། །བུད་མེད་ལྟ་བས་མྱོས་པ་རྣམས། །ལོག་པར་ལྟུང་བར་འབྱུང་འགྱུར་གྱི། །ལོག་ པར་ལྟུང་བྱས་སྡུག་བསྔལ་ནི། །དེ་ཚེ་རིག་འགྱུར་མི་བཟད་པ། །གང་དང་ལྷན་ཅིག་བསྟེན་བྱས་པ། །བག་མེད་འདོད་ཆགས་བསྟེན་པ་རྣམས། །བུད་མེད་དེ་དག་ཐམས་ཅད་ཀྱིས། །འཆི་བའི་དུས་ན་ཡོངས་སུ་འདོར། །འཆི་འགྱུར་ལྷ་རྣམས་ཐམས་ཅད་ལ། ། འགའ་ཞིག་རྗེས་སུ་འགྲོ་བ་མིན། །ལས་རྣམས་ཉིད་ནི་རྒྱབ་ནས་ཀྱང ། །འགྲོ་ཞིང་རྗེས་སུ་འགྲོ་བར་འགྱུར། །ལེགས་བྱས་རྟག་ཏུ་སྟེན་པར་གྱིས། །སྤང་བར་གྱིས་དང་ཉེས་བྱས་རྣམས། །བག་མེད་རྟག་ཏུ་བསལ་བ་དང ། །བག་ཡོད་ལ་ཡང་དགའ་བར་གྱིས། ། སྲིད་པའི་རྩ་བ་བག་མེད་འདི། །བག་ཡོད་པས་ནི་ཞི་བར་འགྱུར། །བག་མེད་པ་དང་བག་ཡོད་པའི། །འདིས་ནི་རང་གི་མཚན་ཉིད་བརྗོད། །རྟག་ཏུ་བསྟེན་པས་དེ་རྣམས་སོ། །བདེ་བ་ལེགས་པར་སྤྱད་པ་སྤྱོད། །ཆོས་ལ་སྤྱོད་པའི་སྐྱེས་བུ་ནི། །སྡུག་བསྔལ་ནམ་ ཡང་འབྱུང་བ་མིན། །དེ་ལྟར་བྱ་དེས་ལྷ་དེ་དག་རྣམས་ལ་རྟག་པར་རྒྱུན་དུ་ཡང་ཕན་པར་གྱུར་པ་བཤད་དེ། ཇི་ལྟར་བག་མེད་པར་གྱུར་པས་རྣམ་པར་ཕྲོགས་ནས་ལྷ་རྣམས་ཀྱིས་མི་ཐོས་པར་གཞན་ཡང་ཡུལ་གྱི་དམུས་ལོང་དུ་གྱུར་པས་ན་གས་དང་ཉེ་བའི་ནགས་རྣམས་ཉིད་ ལ་སྙེན་པར་བྱེད་དོ། །གྲོང་ཁྱེར་གྱི་མཆོག་དེ་ལ་དགའ་བར་བྱེད་དོ། །རིའི་ཕྲེང་བ་དེ་ལ་དུས་ཡུན་རིང་དུ་རྩེད་མོ་བྱས་ནས། གཞན་ཡང་གང་ན་རིའི་རྩེ་མོ་སྟོང་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དོ། །ལྟ་བར་འདོད་པའི་ཕྱིར་དང་ལྷ་རྫས་ཀྱི་ཡུལ་རྣམས་ལ་དགའ་བར་གྱུར་ པ་དང་ལྷ་རྫས་ཀྱི་ལས་རྣམས་བྱས་པའི་རྒྱུས་ལྷ་རྫས་ཀྱི་བདེ་བ་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པས། འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པ་དུས་ཐམས་ཅད་དུ་མེ་ཏོག་དང་འབྲས་བུ་དང་འབབ་ཆུ་དང་ཆུ་ཀླུང་དང་རྫིང་བུ་དང་པད་མའི་ནགས་ཕུན་སུམ་ཚོགས་པར་གྱུར་པའི་རི་དེའི་ 70-1-234a དགའ་བའི་ཁྱད་པར་གོང་མ་གོང་མ་རྣམས་ལ་དེ་ལྟར་ལྟ་བར་བྱེད་དོ། །དགའ་བར་གྱུར་པ་དུ་མ་ལ་ལྟ་བར་བྱེད་པས་རྣམ་པར་རྒྱུ་བའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་ངོ་མཚར་བར་བྱེད་པའི་རི་བླ་ན་མེད་པ་མཐོང་བར་གྱུར་ཏོ། །རིའི་ཕྲེང་བར་གྱུར་པའི་རི་ཆེན་པོ་དེ་ནི་་ གང་གི་ཕྱིར་རང་བཞིན་ཁོ་ནས་རིའི་ཕྲེང་བ་པའི་ཉེ་འཁོར་ཀུན་ན། རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་རི་རྣམས་ལ་སྣ་ཚོགས་པའི་ནགས་དང་ཉེ་བའི་ནགས་དང་རྫིང་བུ་དང ། པད་མའི་ནགས་དང་ཆུ་ཀླུང་དང་བཏུང་བའི་ཀླུང་དང་བཏུང་བ་ལ་དགའ་བར་གྱུར་པ་རྣམས་ ཡོད་པ་ཡིན་ནོ། །རིན་པོ་ཆེའི་རང་བཞིན་གྱི་རྩེ་མོ་རྣམས་ལ་བྱའི་ཚོགས་རྣམས་ཀྱི་སྒྲས་ཀུན་ནས་བསྒྲགས་པར་གྱུར་པ་དང ། སྣ་ཚོགས་པའི་སྒྲ་དང་ཆ་བྱད་དང་དབྱིབས་འཛིན་པའི་མཆོག་ཏུ་ཡིད་འཕྲོག་པར་བྱེད་པའི་བྱས་ཉེ་བར་མཛེས་པར་བྱས་པའི་རི་དེ་དག་རྣམས་ཀྱི་ ཉེ་འཁོར་ཀུན་ན་རིན་པོ་ཆེའི་འོད་བརྒྱ་སྟོང་གི་འོད་ཟེར་རྣམས་ཀྱིས་ཀྱང་རྣམ་པར་སྣང་བར་བྱེད་ཅིང་མཆོག་ཏུ་གསལ་བར་འབར་བར་གྱུར་པས་ལྷམ་མེ་བར་གྱུར་ཏོ། །རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་རི་དེ་དག་རྣམས་ཀྱི་དཀྱིལ་ན་ཡང་རི་ཆེན་པོ་ཉིད་རྣམ་པར་གསལ་བ་ཡིན་ཏེ། ནམ་མཁའ་བརྟོལ་ཞིང་བྲིས་པ་བཞིན་དུ་དེ་ལྟར་རྣམ་པར་སྣང་ངོ ། །འོད་ཟེར་གྱིས་རྣམ་པར་གསལ་བར་གྱུར་པའི་དཔལ་དང་ལྡན་པའི་རི་དེའི་གཞི་ལ་ལྷ་རྣམས་གནས་པར་གྱུར་ནས་རྩེ་བས་རྒྱུའོ། །མཆོག་ཏུ་སྐྱིད་པར་གྱུར་པ་དལ་བུས་རྩེ་བར་བྱེད་པའི་འགྲོ་བ་དང་ལྡན་པ་རྣམས་ཕན་ ཚུན་ལྷན་ཅིག་ཏུ་རྒྱགས་པ་ལ་དོན་གཅིག་པར་གྱུར་ཅིང ། རྔ་སྐད་ཡན་ལག་ལྔ་དང་ལྡན་པའི་རྒྱགས་པས་སྨྱོས་པར་དགའ་བར་བྱེད་དེ། ལྷ་མོ་དག་ཀྱང་ལྷ་དང་ལྷན་ཅིག་ཏུ་རྒྱགས་པས་རབ་ཏུ་དགའ་བའི་ཡིད་ཀྱིས་དེ་ལ་འཁོད་པར་བྱེད་དོ། །ཇི་ལྟར་འདོད་པས་འགྲོ་བར་བྱེད་པ་ རྣམས་ཁ་ཅིག་ནི་ནམ་མཁའ་ལས་སོ། །ཁ་ཅིག་ནི་བུད་མེད་ཀྱི་འཁོར་ནང་གི་བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་ཅིང ། ཡིད་དེ་ལ་སོང་བར་གྱུར་པས་ཡུལ་ལྔ་ལ་རྣམ་པར་ཆགས་པའི་སེམས་ངན་པར་གྱུར་པ་རྣམས་སྲེད་པའི་ཆུ་ཀླུང་གིས་ཁྱེར་བར་གྱུར་པ་ན། 70-1-234b ཡུད་ཙམ་ཅིག་ཀྱང་བཟློག་པར་འགྱུར་བ་ནི་མ་ཡིན་ནོ། །སྙོམས་པར་བདེ་བ་དང་གཅིག་ཏུ་བདེ་བར་གྱུར་པ་གང་ཡིན་པ་དེ་ཡང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ན་བདེ་བར་འགྱུར་བ་དང་ཕན་པའི་དོན་དུ་འགྱུར་བ་ཡིན་ནོ། །དེ་ཡང་དེས་ཡོངས་སུ་སྤངས་ནས། བདེ་བ་གཞན་ཉིད་ལ་ ཀུན་ཏུ་ཆགས་པའི་ཡིད་ཅན་ནི་སྦྲང་རྩི་དང་འདྲེས་པའི་དུག་དང་འདྲ་བ་རྣམས་ལ་ཀུན་ཏུ་ཆགས་པ་ཡིན་ཏེ། ལྟུང་བར་བྱེད་པ་བཟང་པོའི་བདེ་བའི་གཟུགས་བརྙན་དུ་གྱུར་པའི་བདེ་བ་རྣམས་ལ། ཀུན་ནས་འདོད་ཆགས་པར་གྱུར་པས་དགའ་བར་བྱེད་པ་སྟེ། རྔ་སྐད་ཡན་ ལག་ལྔ་དང་ལྡན་པར་ལྷན་ཅིག་ཏུ་རྩེ་བར་གྱུར་པས་དེ་ལ་འཁོད་དོ། །ཇི་ལྟ་ཇི་ལྟར་འཁོད་པར་གྱུར་པ་དེ་ལྟ་དེ་ལྟར་དགའ་བ་ལྷག་པར་གྱུར་པར་རིའི་མཆོག་དེ་མཐོང་ངོ ། །ཉེ་འཁོར་ཀུན་ན་ཡང་མཆོག་ཏུ་རྒྱ་ཆེ་བ་མཆོག་ཏུ་དགའ་བར་གྱུར་པའི་ལྗོན་ཤིང་དང་ཆུ་ཀླུང་དང་ བྱ་དང་མཚོ་དང་ནགས་དང་ཉེ་བའི་ནགས་དང་རྫིང་བུ་རྣམས་ཀྱིས་ཡོངས་སུ་གང་བ་དང་ནགས་བརྒྱ་སྟོང་དུ་མ་རྣམས་དང་ལྡན་པ་རིན་པོ་ཆེ་བདུན་གྱིས་རབ་ཏུ་ཀུན་ནས་གསལ་བར་བྱས་པའི་ཕྲེང་བར་འོད་ཀྱི་ཕྲེང་བས་ཀྱང་ཁྱབ་པར་བྱས་པ། དེའི་ཉེ་འཁོར་ན་ལྷ་དེ་དག་ ལྷ་མོའི་ཚོགས་དང་ལྷན་ཅིག་ཏུ་དགའ་བར་གྱུར་ཅིང་རྩེ་བར་བྱེད་པས་འགྲོ་བར་བྱེད་དོ། །རྒྱན་དང་ཆ་བྱད་སྣ་ཚོགས་པ་དང་ཕྲེང་བ་འཛིན་པར་གྱུར་པས་བསམ་པ་གཞན་མེད་པར་བག་མེད་པས་བྲེལ་བར་གྱུར་པའི་ཡིད་ཅན་བག་མེད་པ་མ་སྤངས་པའི་སེམས་རང་གི་འོད་དང་ ལྡན་ཞིང་རང་གི་འོད་ཀྱིས་རྒྱན་དང་ཆ་བྱད་དུ་མ་དང་ལྡན་པའི་བུད་མེད་ཀྱི་མཆོག་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དལ་བུ་དལ་བུས་ཇི་ལྟ་ཇི་ལྟར་འདོད་པར་འདོད་པའི་ཡིད་ཀྱིས་རིའི་མཆོག་དེ་ལ་གནས་པར་བྱེད་དོ། །རང་གིས་བྱས་པར་གྱུར་པའི་ལེགས་པར་བྱས་པའི་ལས་ ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པར་གྱུར་པ་ངེས་པར་མྱོང་བར་འགྱུར་བས་ཁ་བསྒྱུར་བས་དགའ་བར་བྱེད་ཅིང་རྩེ་བར་ཡང་བྱེད་དེ། ནགས་དང་ཉེ་བའི་ནགས་དང་རྫིང་བུ་དང་ཆུ་ཀླུང་དང་འབབ་ཆུ་རྣམས་ཀྱང་རྣམ་པ་དུ་མར་སྟེན་པར་བྱེད་དོ། །དེ་ལྟར་རིའི་ 70-1-235a ཕྲེང་བའི་རི་བོའི་རྩེ་མོ་དེ་ལ་འཁོད་པར་གྱུར་ནས། རིའི་མཆོག་དེ་ལ་རྣམ་པར་རྒྱུ་བར་བྱེད་པ་ན་མཆོག་ཏུ་སྲེད་པས་གདུངས་པས་རྔ་སྐད་ཡན་ལག་ལྔ་པ་ཉན་པར་གྱུར་ཅིང་ནད་རྣམས་དང་བྲལ་བ་དང་འཇིགས་པ་རྣམས་དང་བྲལ་བ་མཆོག་ཏུ་རྒྱགས་པས་ཡིད་ཀུན་ ནས་བཅིངས་པར་གྱུར་པས་ལྷ་དག་རྩེ་བར་བྱེད་དོ། །དེ་དག་རྣམས་དེ་ལྟར་རྒྱུ་བར་གྱུར་པ་ན་དེ་དག་གིས་ལན་མང་དུ་རིའི་མཆོག་ལ་ཀུན་ཏུ་བལྟས་ནས། སོ་སོ་སོ་སོར་རང་གི་འདུན་པས་རྒྱུ་བར་གྱུར་པ་དང་རང་གི་འདུན་པས་འགྲོ་བར་བྱེད་པ་རྣམས་གང་དུ་འདོད་པར་ལུས་ ངག་གི་སྤྱོད་པ་ངལ་སོ་བར་གྱུར་པས་རྣམ་པར་རྒྱུ་ཞིང་གནས་པར་བྱེད་དོ། །དེ་ནས་རིན་པོ་ཆེའི་འོད་ཀྱི་དཔལ་ཐམས་ཅད་ལས་རབ་ཏུ་རྒོད་པར་གྱུར་པའི་རིའི་ཕྲེང་བའི་རི་བོའི་མཆོག་དེ་ན་ལྷ་རྣམས་བསམ་པར་བྱེད་ཅིང་དེ་ལྟར་བག་མེད་པར་གྱུར་པ་རྣམས། ཀུན་ནས་་ མངོན་པར་མཐོང་བར་གྱུར་པས་ལེགས་པར་བྱས་པའི་ལས་རྣམས་ཀྱི་ལྷག་མ་ནི་མྱུར་དུ་འགོད་པའི་གསོན་པའི་ཐ་མར་གྱུར་པའི་འཇིགས་པའི་དུས་རབ་ཏུ་རྒོད་པར་གྱུར་པ་ན་ལྷའི་ཚོགས་ཐམས་ཅད་ཕན་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དགེ་ལེགས་མཆོག་དང་ ལྡན་ཞིང་དགེ་བའི་ལས་ཀྱི་མཐའ་ལ་སྤྱོད་པ་དེ་རི་བོའི་རྩེ་མོ་ལ་གནས་ནས་བརྟན་ཞིང་རྒྱ་ཆེ་ལ་གསལ་བར་གྱུར་པ་དང ། ལྷའི་ཚོགས་ཐམས་ཅད་ཀྱི་ཡིད་འཕྲོག་པར་གྱུར་པའི་ཡིད་ཀྱི་མུན་པ་རྣམས་ཤིན་ཏུ་འཕྲོག་པར་བྱེད་པས་རིའི་རྩེ་མོའི་སྒྲ་དེ་དག་རྣམས་ཐམས་ཅད་ཉེ་བར་ བཅོམ་ནས། བག་མེད་པའི་སྙིང་ཅན་གྱི་ལྷ་རྣམས་ཀྱི་བག་མེད་པ་སྤང་བར་བྱ་བའི་དོན་དུ་ངང་པ་དུས་བཟངས་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། སྙིང་ནི་འདོད་ལ་ཀུན་ཏུ་ཆགས། །རྟག་ཏུ་ཡུལ་ལ་དོན་དམ་དུ། །གང་ཞིག་མཐར་ཐུག་ཕན་གྱུར་པའི། ། ཕན་པའི་ལྷ་ཡིས་མི་ཤེས་སོ། །བསོད་ནམས་ལྷག་མ་འདི་ཅུང་ཟད། །འཆི་འཕོ་ཀུན་ཏུ་ཉེ་བར་གནས། །རང་གི་ལས་འབྲས་སྤྱད་ནས་ནི། །ལྷ་ནི་གཞན་དུ་འགྲོ་བ་ཡིན། །སྐྱེ་བ་གཞན་དང་སྟོང་ཕྲག་ནི། །ཐིག་འདེབས་ལམ་གྱི་འཁྲུལ་འཁོར་ཡིན། །ལུས་ 70-1-235b ཅན་རྟག་ཏུ་ལས་བཅིངས་པ། །ཕན་པའི་ཟས་ཟ་ཤེས་པར་གྱིས། །གང་ཞིག་བདེ་ལ་རྟག་ཀུན་ཆགས། །དགེ་བའི་ལས་ཀྱང་རྟག་ཏུ་བྱེད། །མི་འཐུན་པ་ཡི་རྒྱུ་དེ་དག་།རྨོངས་པ་རྣམས་ཀྱི་སྙིང་ལ་འཇུག་།སྐྱེ་བོ་འདོད་པས་རྨོངས་དེ་དག་།ལོངས་སྤྱོད་ འཆི་བདག་རབ་ཏུ་ལྟ། །གང་དག་ཚུལ་ཁྲིམས་དཀའ་ཐུབ་ཤེས། །བདེན་དང་སྦྱིན་ལ་མི་ཕྱོགས་པ། །སྤྱད་ནས་འཆི་བདག་གིས་རྟོག་པའི། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །ལས་ཀྱི་རྣམ་སྨིན་མི་ཤེས་གང ། །སྐྱོན་ཡང་འགོག་ལ་མི་དགའ་བ། །ལོངས་ སྤྱོད་ནས་ནི་འཆི་བདག་དཔྱོད། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །འབྲལ་བས་བྱས་པའི་སྡུག་བསྔལ་ནི། །མི་བཟད་པ་གང་མ་མཐོང་བ། །ཟོས་ནས་འཆི་བདག་གིས་རྟོགས་ཏེ། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །སྙིང་ནི་བུད་མེད་འགྲོ་ལ་ཆགས། །ཡང་སྲིད་ པ་ནི་ཤེས་མིན་པའི། །ཟོས་ནས་འཆི་བདག་གིས་རྟོག་པའི། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །རྒུད་དང་མྱ་ངན་ནད་རྣམས་ལ། །ནམ་ཡང་སྐྱོ་བ་སྐྱེ་མིན་པའི། །ཟོས་ནས་འཆི་བདག་གིས་རྟོག་པ། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །གང་ཞིག་སྡིག་པའི་གྲོགས་ པོ་དང ། །སྟེན་པའི་འཇིགས་པ་ཆེ་བྱེད་པ། །སྤྱད་ནས་འཆི་བདག་གིས་རྟོག་པའི། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །གང་གི་སེམས་ནི་སྒོམ་མིན་དང ། །དེ་ཉིད་དོན་ལ་མི་སེམས་པ། །ལོངས་སྤྱད་ནས་ནི་འཆི་བདག་དཔྱོད། །སྐྱེ་བོ་དེ་ནི་འདོད་པས་རྨོངས། ། གང་ཞིག་གནས་སྐབས་ཐམས་ཅད་དུ། །འཁོར་བའི་འཇིགས་པས་འཇིགས་མིན་པ། །སྤྱད་ནས་འཆི་བདག་གིས་ལྟ་བའི། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །དོན་དང་དོན་མིན་ལ་རྟག་ཏུ། །སེམས་ཀྱིས་སེམས་པར་སེམས་མིན་པ། །ལོངས་སྤྱད་ནས་ནི་ འཆི་བདག་དཔྱོད། །སྐྱེ་བོ་དེ་ནི་འདོད་པས་རྨོངས། །གང་ཞིག་དེ་ཉིད་བློ་དང་རྟག་པར་ནི། །འབྱུང་པོ་ཀུན་ལ་ཕན་པར་དགའ་མིན་པ། །ལོངས་སྤྱད་ནས་ནི་འཆི་བདག་རབ་རྟོག་པའི། །སྐྱེ་བོ་དེ་ནི་འདོད་པས་རྨོངས་པ་ཡིན། །གང་ཞིག་ལུས་བདེའི་དོན་དུ་ནི། ། 70-1-236a རྨོངས་པ་ཡིས་ནི་ཆོས་ཉམས་བྱེད། །ཡིད་ནི་རྟག་ཏུ་རྩེ་གཅིག་པས། །རབ་ཏུ་བརྩོན་པས་དགེ་བ་གྱིས། །མི་དགེ་བ་ཡང་རྟག་ཏུ་སྤོངས། །དེ་དག་མཁས་པའི་མཚན་ཉིད་ཡིན། །སྦྱིན་དང་ཚུལ་ཁྲིམས་དཀའ་ཐུབ་བྲལ། །ལས་ལ་ཆེད་ཆེར་ བྱེད་པ་མེད། །བག་མེད་པས་ནི་ཡོངས་བསླུས་པ། །རིང་པོ་མིན་པར་ལོག་པར་ལྟུང ། །དེ་ནི་ཕྱི་ནས་དུས་རིང་ཡིད། །དུས་ཀྱི་དབང་གིས་ཀུན་འགྲོ་བའི། །ཕྱི་ནས་བཟློག་ཏུ་མེད་པ་ཡི། །གདུང་བའི་རང་བཞིན་མེ་ཡིས་སྲེག་།མི་བཟད་བཟློག་པར་བྱར་མེད་པ། ། ངེས་པར་མྱོང་བའི་ལུས་ཅན་རྣམས། །འཆི་བའི་དུས་ཀྱི་དབང་དུ་འགྲོ། །དེ་རིག་གྱིས་ལ་ལེགས་པར་སྤྱོད། །དེ་ལྟར་ངང་པ་དེས་རིང་བ་མི་དམན་ཞིང་རྒྱ་ཆེ་བའི་རང་བཞིན་གྱིས་མཆོག་ཏུ་སྙན་པར་གྱུར་པས་ལྷ་དེ་དག་རྣམས་ལ་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ དེ་ནི་དབྱངས་སྙན་པ་ཡིན་ལ་ལྷ་དེ་དག་རྣམས་ཐམས་ཅད་ལ་དེས་རྣམ་པ་མང་པོ་དང་ལྡན་པའི་དབྱངས་དུ་མ་རྣམས་བརྗོད་པ་དང་ལྡན་པའི་ལྷ་རྫས་ཀྱི་སྒྲ་རྣམས་ཉེ་བར་བཅོམ་ནས་རྣམ་པར་གསལ་ཞིང་མཛེས་པར་བྱེད་པ་ཡིན་ཏེ། སྙན་པར་གྱུར་པ་དང་ཕལ་ཆེ་བར་གྱུར་པ་དང ། བརྟན་ པར་གྱུར་པ་དང་རྒྱ་ཆེ་བར་གྱུར་པའི་ཕྱིར་ཡང་སྟེ། རི་བོ་དེ་ལ་ཐོས་པར་གྱུར་ནས་ལྷའི་ཚོགས་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དུས་ཐམས་ཅད་དུ་མེ་ཏོག་དང་འབྲས་བུ་རྣམས་ཕུན་སུམ་ཚོགས་པ་པད་མའི་ཚལ་དུ་མས་ཀུན་དུ་ཁྱབ་པར་གྱུར་པ་ལྷའི་བུ་མོའི་ཚོགས་ཕལ་པོ་ཆེས་ རབ་ཏུ་དགའ་བར་གྱུར་པའི་གླུ་ལེགས་པར་ལེན་པ་རིན་པོ་ཆེའི་ཕྲེང་བའི་འོད་ཀྱིས་ཉེ་བར་མཛེས་པར་གྱུར་པ་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བཀྲ་བར་བྱས་པའི་ཆ་ཤས་ཀྱིས་མཛེས་པ་རིན་པོ་ཆེ་སྣ་བདུན་གྱི་ནགས་དང་ཉེ་བའི་ནགས་དང་རྫིང་བུ་དགའ་བ་རྒྱལ་མཚན་གྱི་འདུག་པའི་ སྟེགས་བུ་རྣམས་ཀྱིས་རྣམ་པར་བརྒྱན་པ་ན་ལྷ་དང་ལྷ་མོ་བརྒྱ་སྟོང་གིས་ཉེ་བར་དབྱངས་སྒྲོགས་པར་གྱུར་པ་རྣམས་ནི་སྙན་པ་དང་མཉན་པར་འོས་པའི་རྔ་སྐད་ཡན་ལག་ལྔ་པ་ཀུན་དུ་སྒྲོགས་པར་གྱུར་པ་ཐོས་ན་དགའ་བ་བཻ་ཌཱུརྱ་དང་ཨིན་དྲ་ནཱི་ལ་དང་དངུལ་དང་གསེར་གྱི་ཀ་བ་བརྒྱ་སྟོང་ 70-1-236b གིས་ཉེ་བར་མཛེས་པར་གྱུར་པ་ཆེན་པོ་ལ་འོས་པའི་སེང་གེའི་ཁྲིས་ཉེ་བར་མཛེས་པ། ནམ་མཁའ་ལ་རྒྱུ་བར་བྱེད་པའི་གཞལ་ཡས་ཁང་དཔེ་མེད་པ་ལ་གནས་ནས་འཐབ་བྲལ་གྱི་མངའ་བདག་རྣམ་པར་མཛེས་པར་གྱུར་ཅིང་བླ་ན་མེད་པའི་དཔལ་དང་ལྡན་པར་ལྷ་བརྒྱ་སྟོང་གིས་ཀྱང་གླུ་ ཉེ་བར་བླངས་པར་གྱུར་ཅིང་ཐལ་མོ་སྦྱར་བ་སྟོང་ཕྲག་བརྒྱས་མཆོད་པར་གྱུར་པ་དང་བསྟོད་པར་ཡང་གྱུར་པས་རྣམ་པར་བརྟོལ་བ་བཞིན་དུ་ནམ་མཁའ་ལས་གང་ན་རིའི་ཕྲེང་བའི་རི་བོ་དེར་ཉེ་བར་ལེགས་པར་འོངས་ཏེ། མཆོག་ཏུ་རངས་པར་གྱུར་པས་ངང་པའི་རྒྱལ་པོ་དུས་བཟངས་ བལྟ་བར་འདོད་པའི་ཕྱིར་རོ། །སྨོན་ལམ་གྱི་དབང་གིས་དང་ལྷ་རྣམས་ལ་ཡང་ཕན་པར་འདོད་པས་ཀྱང་དེར་སྐྱེས་པ་ཡིན་ལ་སྐྱེ་བ་དྲན་པའི་དབང་དུ་བྱས་ནས་ཀྱང་གུས་པ་ལེགས་པར་སྐྱེས་པར་གྱུར་པས་དེ་ལྷ་འཐབ་བྲལ་གྱི་མངའ་བདག་ལེགས་པར་ཉེ་བར་འོང་ངོ ། །ཇི་ལྟར་འོས་པ་ བཞིན་དུ་འདིའི་དྲུང་ནས་ངས་དམ་པའི་ཆོས་མཉན་པར་བྱེད་དེ། ལྷ་རྣམས་དང་བདག་ཉིད་ལ་ཕན་པ་དང་བདེ་བའི་དོན་དུ་དང ། བག་མེད་པས་ལོག་པར་ལྟུང་བར་འགྱུར་བ་རྣམས་རྣམ་པར་ཞི་བར་བྱ་བའི་དོན་དུ་ཡང་ངོ ། །དེ་ནས་རིའི་ཕྲེང་བའི་རི་བོ་གང་ཡིན་པ་དེའི་རྣམ་པ་ སྣ་ཚོགས་པའི་གནས་དང་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་དང་ནགས་དང་ཉེ་བའི་ནགས་དང་རི་ལོགས་དང་སྨན་ལྗོངས་དང ། པད་མའི་ཚལ་དང་མཚོ་བྲན་དང་ཡང་ཐོག་གི་རྩེ་མོ་དང་ཁང་བུའི་རྒྱབ་དང་རིན་པོ་ཆེའི་ཁང་པ་དང ། རིའི་རྩེ་མོ་དང་ཆུ་ཀླུང་དང་ཚང་ཚིང་དང་རིའི་རྒྱབ་དང་ མེ་ཏོག་གི་ནགས་དང་འབྲས་བུའི་ནགས་དང་སྐྱེད་མོས་ཚལ་དང་དཔག་བསམ་གྱི་ཤིང་དང་དངུལ་དང་བཻ་ཌཱུརྱའི་རང་བཞིན་དང་གསེར་བཙོ་མའི་རང་བཞིན་གྱི་རྣམ་པ་དུ་མར་མཐོང་ན་དགའ་བར་གྱུར་པ་ལྗོན་ཤིང་རྣམས་ལ་ཡང་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པའི་ལྷ་དེ་རྣམས་དགའ་ བར་བྱེད་ཅིང་རྩེ་བར་ཡང་བྱེད་པ་ལས། ཡུལ་ལྗོངས་མང་པོས་ཀུན་དུ་གང་བར་གྱུར་པའི་ལྷའི་ཚོགས་དེ་དག་ཐམས་ཅད་རབ་ཏུ་རིངས་པ་དང་བཅས་པས་ཆེས་རབ་ཏུ་དགའ་བའི་ཡིད་ཀྱིས་གར་བྱེད་པར་འགྱུར། བསྐྱོད་པར་གྱུར་དགོད་པ་དང་ཆེས་རབ་ཏུ་དགོད་པའི་ཡིད་ཀྱིས་ 70-1-237a ཁང་བཟངས་ཀྱི་མཆོག་ན་བཞུགས་པར་གྱུར་པའི་ལྷའི་མངའ་བདག་དེ་ཀུན་དུ་ལེགས་པར་མཐོང་བར་གྱུར་ཏེ། ལྷ་རྫས་ཀྱི་དཔེ་མེད་པའི་བདེ་བ་རྣམས་དང་ཡང་དག་པར་ལྡན་པར་གྱུར་པ་མངོན་པར་མཐོང་ཞིང་ཐམས་ཅད་ཀྱིས་ཀྱང་བདག་ཉིད་ཐམས་ཅད་ཀྱིས་མུ་ སུ་ལུན་དྷ་དེ་ཉིད་མངོན་པར་མཐོང་བར་གྱུར་ནས་རབ་ཏུ་དགའ་བས་ལྟ་བ་ལ་ཆེད་ཆེར་གྱུར་པའི་ཡིད་ཀྱིས་དེ་ཉིད་མཐོང་བར་གྱུར་པ་ན། བརྗོད་པར་གྱུར་པ་ཇི་ལྟར་འཐབ་བྲལ་བའི་མངའ་བདག་མུ་སུ་ལུན་དྷ་ཡིན་ལ། དམ་པའི་ཆོས་ཉན་འདོད་པ་ཡིན་ཏེ་ངང་པའི་མངའ་བདག་དུས་ བཟངས་ཀྱི་དྲུང་དུ་དམ་པའི་ཆོས་ཉན་འདོད་པ་ཡིན་ན་ངང་པའི་རྒྱལ་པོ་དུས་བཟངས་མ་མཐོང་བས་དེའི་དྲུང་དུ་བདག་ཅག་རྣམས་ཀྱིས་མངོན་པར་བལྟ་བར་བྱ་བ་དང་མཆོད་པ་ཡང་དོན་དུ་གཉེར་བར་བྱའོ། །ལྷ་དེ་དག་རྣམས་ཀྱིས་དེ་ལྟར་རིག་པར་གྱུར་ནས་འདོད་པའི་ཡོན་ཏན་ལྔ་ དང་ལྡན་པའི་བདེ་བ་ཡང་དག་པར་ལྡན་པ་ལྷ་རྫས་ཀྱི་ཕྲེང་བའི་རྒྱན་དང་ལྡན་པ་རྣམས་ཐམས་ཅད་ཀྱིས་ལྷའི་མངའ་བདག་ལ་རབ་ཏུ་བསྙེན་པར་གྱུར་ཏོ། །དེ་ནས་གང་ཡང་མུ་སུ་ལུན་དྷ་དང་ལྷན་ཅིག་ཏུ་ནམ་མཁའི་དཀྱིལ་ནས་འོངས་པའི་ལྷ་དེ་དག་ཐམས་ཅད་དང་གང་ཡང་རིའི་ཕྲེང་ བའི་རྩེ་མོ་སྟོང་པ་ན་དགའ་ཞིང་རྩེ་བར་བྱེད་པའི་ལྷ་རྫས་ཀྱི་ཕྲེང་བའི་རྒྱན་དང་ཡང་དག་པར་ལྡན་པ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་འཐབ་བྲལ་གྱི་བདག་པོའི་དྲུང་དུ་མཆོད་པ་བྱས་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་མདུན་དུ་གར་བྱེད་པར་གྱུར་ཅིང་གླུ་ལེན་པར་ཡང་བྱེད་དོ། །ཐམས་ ཅད་དང་ཡང་དག་པར་ལྡན་པར་གྱུར་པ་དེ་དག་རྣམས་འཐབ་བྲལ་གྱི་བདག་པོ་དང་ལྷན་ཅིག་ཏུ་གྱུར་པས་གང་ན་བྱང་ཆུབ་སེམས་དཔའ་མཆོག་ཏུ་རྣོ་བའི་ཤེས་རབ་དང་ལྡན་པ་སྨོན་ལམ་གྱི་དབང་གིས་ལྷ་རྣམས་ཀྱི་བག་མེད་པ་བསལ་བར་བྱ་བའི་དོན་དུ་འཐབ་བྲལ་དུ་སྐྱེས་པར་གྱུར་པ་ དེར་ཐམས་ཅད་ཉིད་ཉེ་བར་ལེགས་པར་སོང་ངོ ། །དེ་ནས་རིང་བ་ཉིད་ནས་འཐབ་བྲལ་གྱི་བདག་པོ་མཐོང་བའི་ཆོས་ལ་གུས་པས་གུས་པ་ལེགས་པར་སྐྱེས་པ་དང་ཁང་བཟངས་དེ་ལས་བབས་ནས་དེ་ལྷའི་ཚོགས་དང་ལྷན་ཅིག་ཏུ་ཆོས་ཆེན་པོ་རབ་ཏུ་འཆད་པ་པོའི་ཆོས་ལ་སྒྲ་འབྱིན་པའི་ 70-1-237b མངོན་སུམ་དུ་དེར་བསྙེན་པའི་ངང་པའི་གཟི་བརྗིད་ཀྱིས་ལྷ་རྣམས་ཐམས་ཅད་ཀྱི་དྲུང་ན་ཆེས་ལྷག་པར་ཆོས་ཀྱི་དཔལ་རྣམ་པར་མཛེས་སོ། །དེ་ནས་དེ་རིང་བ་ཉིད་ནས་མཐོང་བར་གྱུར་པས་འཐབ་བྲལ་གྱི་མངའ་བདག་གུས་པ་ཤིན་ཏུ་ལེགས་པར་སྐྱེས་པར་གྱུར་ཅིང ། ཆོས་ལ་ ཡང་གུས་པར་གྱུར་པས། ཁང་བཟངས་དེ་ལས། ཀུན་ནས་བབས་པར་གྱུར་ཏེ། ལྷའི་ཚོགས་དེ་དག་རྣམས་དང་བཅས་པ་རྣམས་ཆོས་རབ་ཏུ་སྨྲ་བར་བྱེད་པ་ཆོས་ཀྱི་སྒྲ་སྒྲོགས་པར་བྱེད་པ་དེ་ལ་ཁ་མངོན་དུ་ཕྱོགས་པར་བྱེད་པ་ལ་ཉེ་བར་རྟེན་པར་གྱུར་ཏོ། །ངང་པ་ དེ་ཡང་ཆོས་ཀྱི་གཟི་བརྗིད་དེ་དག་གིས་ལྷ་རྣམས་ཐམས་ཅད་ཀྱི་དྲུང་ན་ཆོས་ཀྱི་དཔལ་གྱིས་ཤིན་ཏུ་བླ་ལྷག་པར་མཛེས་པར་གྱུར་ཏོ། །དེ་ནས་མུ་སུ་ལུན་དྷ་མངོན་པར་མཐོང་ནས་བྱང་ཆུབ་སེམས་དཔའ་ངང་པ་དེས་ལེགས་པར་འོངས་སམ་གྱི་ཚིག་གིས་མངོན་པར་མཆོད་དེ། འཐབ་ བྲལ་གྱི་བདག་པོ་གང་དང་དེ་དག་དེ་ལྟར་བདེ་བར་འོངས་སམ། དེ་ལྟར་བག་མེད་པས་ཁྱོད་བག་མེད་པར་མ་གྱུར་རམ། བདེ་བའི་ས་གཞི་རྣམས་ཀྱི་མཆོག་འདི་ཐོབ་པར་གྱུར་ནས་ཀྱང་གང་ཞིག་ཕྲོགས་པར་མི་འགྱུར་བ་དེ་ནི་ཤིན་ཏུ་ངོ་མཚར་ཏོ། །ཕྱིར་ཞིང་ཁོ་ན་ལྷ་རྣམས་ ཀྱི་མངའ་བདག་བྱེད་པར་གྱུར་པ་གང་གི་ཕྱིར་ལྷ་རྣམས་ལས་ཀྱང་བརྒྱ་འགྱུར་དུ་བདེ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་གྱུར་པའི་རྣམ་པ་དེ་ལྟ་བུའི་བདེ་བ་གང་ཡིན་པ་རྣམས་ཀྱིས་ཀྱང་འཁྲིད་པར་མི་བྱེད་པ་དེ་དག་ནི་ཤིན་ཏུ་ངོ་མཚར་བ་གཞན་ཡིན་ནོ། །གང་གི་ཕྱིར་ལེགས་པར་བྱེད་ པའི་རྐྱེན་རྣམས་དང་སྡུག་བསྔལ་གྱི་རྐྱེན་གྱི་ཤུགས་རྣམས་ཀྱིས་ཀྱང་འཛིན་པར་བྱེད་པ་ཡིན་ནོ། །དེ་དེ་ལྟར་སྐྱེ་བ་གཞན་རྗེས་སུ་དྲན་པར་བྱེད་དེ། སངས་རྒྱས་གཙུག་ཏོར་ཅན་གང་གི་སྤྱན་སྔ་ནས་དེས་ཆོས་འདུལ་བ་ཐོས་པར་གྱུར་པའི་མདོ་སྡེ་དྲན་པར་བྱས་ནས་མུ་སུ་ལུན་དྷ་ དེ་ལ་འཆད་དོ། །ངང་པ་རྣམས་ཀྱི་མངའ་བདག་དུས་བཟངས་འདིས་མུ་སུ་ལུན་དྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་མུ་སུ་ལུན་དྷ་ཁྱོད་ནི་རྙེད་པ་དང་ལྡན་ཏེ་གང་བག་མེད་པར་གྱུར་པས་ཁྱོད་ནི་རྒྱུ་བ་དང་ངའི་ཡང་ཆོས་ཀྱི་སྒྲ་ཐོས་པར་གྱུར་ནས་འདིར་འོངས་པ་དེ་དག་ནི་ 70-1-238a འདིར་ངོ་མཚར་ཆེ་བ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཕྱིར་འཐབ་བྲལ་གྱི་བདག་པོ་མཉན་པར་གྱིས་དང ། བཅོམ་ལྡན་འདས་གཙུག་ཏོར་ཅན་དེས་ང་མིར་གྱུར་པའི་རྒྱལ་པོར་གྱུར་པ་ན་བསྟན་པ་རྒྱལ་པོ་ཆོས་ལ་སྤྱོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་ གང་ཡིན་པ་དེ་ལེགས་པར་རབ་ཏུ་ཡིད་ལ་གྱིས་ལ་ཉོན་ཅིག་དང་བཤད་པར་བྱའོ། །རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བས་ཡང་དག་པར་སྐྱེ་དགུ་རྣམས་སྐྱོང་བར་བྱེད་པ་གང་གིས་ཕན་པ་དང་བདེ་བ་ལ་སྦྱར་བར་འགྱུར་རོ། །དེ་ཡང་དེས་རབ་ཏུ་བསྔགས་ པར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཆོས་གང་དག་དང་ཡང་དག་པར་ལྡན་པར་གྱུར་པའི་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བས་སྐྱེ་དགུ་རྣམས་སྐྱོང་བར་བྱེད་པ་ཡིན་ཞེ་ན། མཐོང་བའི་ཆོས་ཉིད་ལ་ཡང་དེ་དེས་རབ་ཏུ་བསྔགས་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། རྫུ་འཕྲུལ་ཆེ་བ་དང་སྟོབས་ཆེ་བ་དང་ནོར་ཆེ་བར་ཡང་འགྱུར་རོ། །འདི་ན་རྒྱལ་པོ་ཆོས་སུམ་ཅུ་ རྩ་ལྔ་དང་ཡང་དག་པར་ལྡན་པའི་རྒྱལ་པོས་སྐྱེ་དགུ་རྣམས་སྐྱོང་བར་བྱེད་ལ། སྐྱོང་བར་བྱེད་པར་གྱུར་པས་ཀྱང་ནོར་ཆེན་པོར་འགྱུར་རོ། །སྟོབས་ཆེ་བ་དང ། ཕས་ཀྱི་རྒོལ་བའི་དཔུང་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོ་འཐབ་ བྲལ་བ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །སུམ་ཅུ་རྩ་ལྔ་པོ་གང་དག་ཞེ་ན་འདི་ལྟ་སྟེ།འདིའི་རང་གི་སྐྱེ་བོ་གཙང་བར་གྱུར་པ་དང་དཔྱ་རྣམས་ངེས་པར་བྱས་ནས་ཟ་བར་བྱེད་པ་དང་བཟོད་པ་དང་ལྡན་པ་དང་ལུགས་ལས་ཕྱོགས་འཛིན་མེད་པ་དང་བླ་མ་མཆོད་པར་བྱེད་པ་དང་སྔར་ ཉིད་སྟེར་བར་བྱེད་པ་ཡིན་སྔར་བྱིན་པར་གྱུར་ནས་ཕྱིས་ཀྱང་སྟེར་བར་བྱེད་པ་ཡིན་ཆོས་མ་ཡིན་པ་འཛིན་པར་མི་བྱེད་པ་ཡིན། སྡིག་པའི་གྲོགས་པོ་དང་སྟེན་པར་བྱེད་པ་མ་ཡིན་བུད་མེད་ཀྱི་དབང་དུ་འགྲོ་བ་མ་ཡིན་ཐམས་ཅད་ཀྱི་ཚིག་ལ་དད་པར་བྱེད་པ་མ་ཡིན་སྙན་པར་གྲགས་པ་ལ་ 70-1-238b འདོད་པ་སྐྱེད་པ་ཡིན་གྱི་ནོར་ལ་འདོད་པ་ཅན་མ་ཡིན་ནོ། །ལོག་པར་ལྟ་བ་དང་ལྡན་པ་མ་ཡིན་གཏོང་བ་ཅན་ཡིན་འཐུན་པར་བྱེད་པ་དང་ངག་སྙན་པར་འགྱུར་བ་ཡིན་བདེན་པར་སྨྲ་བ་ཡིན་ནོར་གཞིས་རྣམས་འཕེལ་བ་དང་འགྲིབ་པར་གློ་བུར་དུ་མི་བྱེད་པ་ཡིན་མིའི་ཁྱད་པར་ཤེས་པ་ ཡིན་དུས་ངེས་པར་ལེགས་པར་སྟོན་པར་བྱེད་པ་པོ་ཡིན། གཉིད་ཆེ་བ་མ་ཡིན་ལེ་ལོ་མེད་པ་ཡིན་གྲོགས་པོ་བརྟན་པ་ཡིན་མི་ཕན་པ་རྗེས་སུ་སྟེན་པར་བྱེད་པ་མ་ཡིན། ཁྲོ་བའི་ཤུགས་དང་དགའ་བ་ཡ་ཡ་བོ་སྡོམ་པར་བྱེད་པ་ཡིན་ཟས་དང་སྐོམ་ལ་ཤིན་ཏུ་ཀུན་ནས་ཆགས་ པའི་རང་བཞིན་ཅན་མ་ཡིན། ལེགས་པར་བསམ་པར་བྱ་བ་རྣམས་སེམས་པ་པོ་ཡིན་དོན་དུས་རིང་དུ་སྐོར་བར་བྱེད་པ་མ་ཡིན་ཆོས་ལ་སྐྱེ་དགུ་རབ་ཏུ་འགོད་པར་བྱེད་པ་ཡིན་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དགེ་བ་རྣམས་བྱེད་པར་འགྱུར་བ་ཡིན། རྒྱུ་དང་རྐྱེན་ལེགས་པར་སྟོན་པར་ བྱེད་པ་ཡིན། ལྷ་དག་མཆོད་པར་བྱེད་པ་ཡིན། བུ་དང་བུ་མོ་ཡང་དག་པར་བདེ་བར་ཡོངས་སུ་སྐྱོང་བར་བྱེད་པ་ཡིན། རྟག་པར་ཡང་ཤེས་རབ་གོམས་པར་བྱེད་པའི་རང་བཞིན་ཅན་ཡིན་ཡུལ་གྱིས་བཀྲི་བར་འགྱུར་བ་མ་ཡིན་རིགས་པ་དང་ལྡན་པའི་རང་བཞིན་རྣམས་ ཀྱི་རིགས་ཀྱི་ས་གཞི་སྦྱིན་པར་གཏོང་ངོ ། །དེ་ལྟ་བུའི་ཆོས་སུམ་ཅུ་རྩ་ལྔ་དང་ཡང་དག་པར་ལྡན་པའི་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་དེ་དེས་རབ་ཏུ་བསྔགས་པར་འགྱུར་རོ། །ཤིན་ཏུ་ནོར་ཆེ་བ་དང་རབ་ཏུ་ཕལ་ཆེ་བའི་དཀོར་དང་ཉེ་བར་མཁོ་བ་དང་ལྡན་ པར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱི་ལྷའི་མངའ་བདག་ཏུ་འགྱུར་ཏེ་ལེགས་པར་བྱས་པར་གྱུར་པ་དེའི་རྒྱུ་ལས་སོ། །དེ་ལ་གཙང་བའི་རང་གི་སྐྱེ་བོ་དང་ཡང་དག་པར་ལྡན་པའི་རྒྱལ་པོ་ཉུང་ཟད་ཀྱི་རང་བཞིན་ཅན་མ་ ཡིན་པར་འགྱུར་བའི་རྣམ་པ་ཅི་ལྟ་བུས་སྐྱེ་བོ་དེ་གཙང་བ་ལ་སྦྱོར་བས་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པ་ཡིན་ཞེ་ན། ཆོས་ལུགས་རྣམ་པར་གཞག་པ་ལ་ཤིན་ཏུ་བར་ཡང་ས་མཚམས་སྲུང་བར་འགྱུར་རོ། །དམ་ཚིག་སྲུང་བར་འགྱུར་བ་དང་རྩབ་ཧྲལ་ཅན་དུ་མ་གྱུར་པ་དང་། 70-1-239a རྗེ་དཔོན་ལ་ཕན་པ་མ་ཡིན་པ་རབ་ཏུ་འགོགས་པར་བྱེད་པར་འགྱུར་རོ། །འདིས་ཕན་པར་གྱུར་པ་དག་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང ། རྒྱལ་སྲིད་ཀྱང་ཆོས་ཀྱིས་ལེགས་པར་སྲུང་ངོ ། །ཕན་པ་དང་གྲོགས་སུ་འགྱུར་བ་རྣམས་སྨྲ་བར་བྱེད་པ་དང ། དུས་སུ་ཉེ་བར་གནས་པ་དང་དྲང་པོའི་རང་བཞིན་ཅན་གཞན་ལ་བཞད་བགད་དུ་བྱེད་པ་མ་ཡིན་པ་དང ། ཞབས་འབྲིང་བྱེད་པའི་དབང་གིས་ཕན་པ་མ་ཡིན་པ་རྣམས་རྗེ་བོ་ལ་བྱེད་པར་མི་འགྱུར་བ་དང ། འདོད་པ་དང་ང་རྒྱལ་དག་གིས་ཀྱང་འཁྲིད་པར་འགྱུར་བ་མ་ཡིན་ པ་དང ། གནས་སྐབས་ཐམས་ཅད་དུ་ཆོས་རྣམས་ལས་ཉམས་པར་གྱུར་པ་ཡོད་པ་མ་ཡིན་པ་དང ། འཇིག་རྟེན་ཕ་རོལ་གྱི་དོན་ཀུན་ནས་གླེང་སློང་བར་བྱེད་པ་དང་ལྡན་པའོ། །འཁོར་བ་ལ་འཇིགས་པར་འགྱུར་བ་དང ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་སྐུར་ བ་མི་འདེབས་པ་དང ། ཉེས་པར་སྤྱོད་པ་རྣམ་པ་གསུམ་ཡང་ཡོངས་སུ་སྤོང་བར་བྱེད་དོ། །གོམས་པར་ཡང་མི་བྱེད་དོ། །ཆད་པ་ལ་དགའ་བ་མ་ཡིན་ནོ། །བློ་གཞན་དང་ལྡན་པ་མ་ཡིན་པ་དང་སྟེ། དེ་རྣམ་པ་དེ་ལྟ་བུ་དག་གིས་སྐྱེ་བོ་གཞན་དང་བདག་ཉིད་ཀྱང་ ལེགས་པར་འཇུག་པར་བྱེད་དེ་རྒྱས་པར་ཡང་བྱེད་དོ། །འཇིག་རྟེན་གཉིས་སུ་ཕན་པ་བྱེད་པར་གྱུར་པའི་སྐྱེ་བོ་རྣམ་པ་དེ་ལྟ་བུ་དེ་དག་གི་སྐྱེ་བོ་དང་ལྡན་པའི་རྒྱལ་པོས་རྒྱལ་ཁམས་ཀྱང་སྐྱོང་བར་བྱེད་ཅིང་རང་དང་གཞན་ཡང་འཛིན་པར་བྱེད་པ་རྣམས་ནི་ལུས་ཞིག་ནས་མཐོ་རིས་ བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཡང་ཆོས་གཞན་དང་ཡང་དག་པར་ལྡན་པར་གྱུར་པའི་རྒྱལ་པོས་རྒྱལ་ཁམས་ལེགས་པར་སྐྱོང་བར་བྱེད་པ་ནི། ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་ བདག་ཏུ་འགྱུར་རོ། །གང་དག་ཞེ་ན། འདི་ལྟ་སྟེ། ངེས་པ་དང་ལྡན་པས་འབྲས་བུ་རྣམས་ཟ་བར་འགྱུར་བའོ། །ངེས་པ་མེད་པ་ཞེས་བྱ་བ་ནི་དེའི་ཡུལ་ལམ་གྲོང་ཁྱེར་རམ་གྲོང་ངམ་ཚོང་འདུས་རྣམས་ཀྱང་རུང་སྟེ། དུས་ཐམས་ཅད་དང་གནས་སྐབས་ཐམས་ཅད་དུ་ངེས་ 70-1-239b པར་བྱས་པའི་དཔྱ་རྣམས་ཡོད་པར་གྱུར་པ་ལས་དེ་དག་རྣམས་དེ་ཁོ་ན་བཞིན་དུ་རྒྱལ་པོ་འདིས་ཉམས་པར་མ་གྱུར་པ་ཡང་དུས་ཀྱི་སྐྱོན་གྱིས་སམ། མནར་བར་གྱུར་ནས་རིམ་གྱིས་འཕེལ་བར་གྱུར་པའི་རང་གི་དངོས་པོ་རྣམས་རིགས་པ་མ་ཡིན་པས་འཕྲོག་པར་བྱེད་ན། འཇལ་བྱེད་ ལ་འཇལ་བར་མི་བྱེད་པ་དང ། གཡོས་བདེན་པར་འགྱུར་བ་ཡོད་དམ་ཅི། དེ་ལྟར་རྒྱལ་པོ་ངེས་པའི་འབྲས་བུ་ཟ་བར་བྱེད་པ་ཡིན་ནོ། །དེས་སྐྱེ་དགུ་རྣམས་འཚེ་བར་མི་བྱེད་དོ། །ཡུལ་འཁོར་ཡང་ཡོངས་སུ་སྲུང་བར་བྱེད་དོ། །སྐྱེ་བོ་ཐམས་ཅད་ལ་རྗེས་སུ་བརྩེ་བ་པོ་དེ་ལུས་ ཞིག་པར་གྱུར་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱི་བདག་པོར་འགྱུར་རོ། །ཡང་ཆོས་གཞན་དང་ཡང་དག་པར་ལྡན་པའི་རྒྱལ་པོས་ཡུལ་འཁོར་ཡོངས་སུ་སྐྱོང་བར་བྱེད་དོ། །སྐྱེ་དགུ་ཀུན་ཏུ་དགའ་བར་ཡང་བྱེད་དོ། །གང་དག་ཞེ་ན། འདི་ལྟ་སྟེ། བཟོད་པ་དང་ལྡན་པར་གྱུར་པའོ། །འདི་ལ་རྐྱེན་གྱི་དབང་གིས་ཁྲོ་བ་འབྱུང་བར་གྱུར་ན་ཡང་ཡོངས་སུ་སྤོང་བར་བྱེད་དོ། །རྗེད་དཔོན་ཡིན་པར་གྱུར་ནས་ཀྱང་གནང་ལ་སྒོ་བར་མི་བྱེད་དོ། །གཞན་གྱི་འབྱོར་པས་མི་བཟོད་པར་མི་བྱེད་དོ། །གྲོང་ཁྱེར་ཉེས་པ་ཅན་རྣམས་ལ་ཡང་ གཙེ་བ་སྐྱེད་པར་ཡང་མི་བྱེད་དོ། །གྲོགས་པོའི་དྲུང་དུ་ཚིག་རྩུབ་མོ་རྣམས་སྨྲ་བར་ཡང་མི་བྱེད་དོ། །ཁྲོ་བ་སྐྱེས་པར་གྱུར་ན་ཡང་བཟོད་པས་རབ་ཏུ་ཞི་བར་བྱེད་དོ། །འདིས་སྙན་པ་རྗོད་པར་བྱེད་དོ། །བརྗོད་པར་གྱུར་པ་ན་ཡང་ཇི་ལྟར་འདིས་གྲོང་ཁྱེར་པ་འདི་རྣམས་མི་བདེ་བར་གྱུར་ ཅིང་འཁྲུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་གནས་སྐབས་ཐམས་ཅད་དང་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པར་འགྱུར་ཏེ། རང་བཞིན་གྱིས་ཡིན་གྱི་དགོས་པ་རྣམས་ཀྱི་རྒྱུ་གང་ལས་ཀྱང་ནི་མ་ཡིན་ནོ། །རྒྱལ་པོ་དེ་བཟོད་པ་དང་ལྡན་པར་གྱུར་པའི་ རྒྱུ་དེ་དག་དང་རྐྱེན་དེ་དག་གིས་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བར་གྱུར་པ་འཇིག་རྟེན་འདི་དང་ཕ་རོལ་དུ་ཡང་ཕན་པར་འགྱུར་བའི་ཕྱོགས་འཛིན་ 70-1-240a མེད་པར་ལུགས་ལེགས་པར་སྐྱོང་བར་བྱེད་པ་འདི་ཡང་གང་ཞེ་ན། བླ་ན་མེད་པའི་དགེ་བའི་བསམ་པ་མཚུངས་པས་རྒྱལ་པོ་ཡུལ་ལྗོངས་པ་རྣམས་ཐམས་ཅད་ཀྱི་མ་དང་ཕ་དང་འདྲ་བར་འགྱུར་རོ། །གཅིག་ཏུ་ནོར་གྱི་རྒྱུས་དང་ཕན་འདོགས་པའི་རྒྱུས་དང་རང་གི་ སྐྱེ་བོ་ཡིན་པའི་རྒྱུས་དང་སྔོན་ཕན་བཏགས་པའི་རྒྱུས་དང ། འབྲེལ་བར་གྱུར་པའི་རྒྱུས་དང་སྐྱེ་དགུའི་བདག་པོར་གྱུར་པ་དང་དམག་གི་དཔོན་པོ་ཡིན་པའི་རྒྱུས་ཀྱང་མ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཡང་ཕྱོགས་འཛིན་པར་མི་བྱེད་དོ། །དེ་ལུགས་རྣམ་པར་གཞག་པ་ བྱེད་པའི་དུས་ན་གྲོགས་པོ་དང་གྲོགས་པོ་མ་ཡིན་པ་ལ་བློ་མཉམ་པར་འགྱུར་རོ། །དེ་དག་རྣམས་བྱེད་པར་གྱུར་པ་ན་རྒྱལ་པོ་དེའི་ཡུལ་ལྗོངས་ཡོངས་སུ་ཉམས་པར་མི་འགྱུར་རོ། །སྙན་གྲགས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །རྒྱལ་པོ་མེད་པའི་གྲོང་ཁྱེར་དུ་མི་འགྱུར་རོ། ། གཞན་གྱི་དཔུང་གིས་འཇིགས་པར་མི་འགྱུར་རོ། །རྒྱལ་པོ་གཞན་ཁ་དྲག་པར་མི་འགྱུར་རོ། །དེ་དུས་ཡུན་རིང་དུ་རྒྱལ་པོ་བྱེད་པར་འགྱུར་རོ། །ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །གཞན་ཡང་རྒྱལ་ རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་ལ་གཅེས་པར་འགྱུར་བའི་ཆོས་ཡོད་པ་ནི། འཇིག་རྟེན་གཉིས་ལ་ཕན་པ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པར་ཡང་བྱེད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བླ་མ་མཆོད་པར་བྱེད་པའོ། །བླ་མ་ཞེས་བྱ་བའང་ཇི་ལྟ་བ་བཞིན་ དུ་དེ་ཁོ་ན་སྟོན་པར་བྱེད་པའོ། །དེ་ཡང་ཚུལ་ཁྲིམས་དང་ཤེས་རབ་དང་དཀའ་ཐུབ་དང་ལྡན་ཞིང་སེམས་ཅན་རྣམས་ལ་ཕན་པ་ལ་ལེགས་པར་ཞུགས་པར་གྱུར་པ་གཅིག་ཏུ་ངེས་པར་དགེ་བ་བྱེད་པ་པོ་ལུས་དང་ངག་གིས་ལས་ཀྱི་མཐའ་རབ་ཏུ་ཞི་བ་དྲི་མ་རྣམས་དང་བྲལ་བར་གྱུར་པ་དེ་ གཞན་རྗེས་སུ་འཛིན་པ་ལ་ཞུགས་པ་དེ་ལ་རྗེས་སུ་རྟེན་པར་བྱེད་དོ། །དེ་དག་གི་དྲུང་ནས་ངག་འཛིན་པར་བྱེད་དོ། །དེ་ཇི་ལྟར་སྤྱོད་པར་བྱེད་པ་དེ་ལྟར་དེ་ཡང་སྤྱོད་པར་བྱེད་དོ། །རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་དག་དེ་མཆོད་པར་བྱེད་པས་འདི་ལ་རྟག་ཏུ་ཕན་ 70-1-240b པར་འགྱུར་བ་དང ། ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་མངའ་བདག་ཏུ་འགྱུར་ཏེ། དགེ་བའི་ལས་དེའི་རྐྱེན་རྣམས་དང་དགེ་བ་དེ་དག་གི་རྒྱུ་ལས་སོ། །གཞན་ཡང་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་ལ་གཅེས་པར་འགྱུར་ བའི་ཆོས་སུ་གྱུར་པ་དག་གིས་འཇིག་རྟེན་གཉིས་སུ་ཕན་པར་གྱུར་པ་ནི་འདི་ལྟ་སྟེ། སྔར་བྱིན་ནས་ཕྱིས་ཀྱང་སྟེར་བར་གྱུར་པའོ། །གང་ཡང་ཕས་སམ་མེས་པོས་སམ་ཡང་མེས་པོས་སམ་གཞན་གྱིས་སམ་དེ་དག་དང་དེ་ལས་གཞན་པ་རྣམས་ཀྱིས་ཀྱང་རུང་སྟེ་རྟག་ཏུ་གང་བྱིན་ པར་གྱུར་པ་ལས་གཞིའམ་དབྱིག་ལ་སོགས་པ་རྣམས་འདྲེན་མ་དང་རྙོག་མ་ཅན་དུ་གྱུར་པའི་སེམས་མ་ཡིན་པས་དང་ཕན་པ་དང་མཆོག་ཏུ་དང་བས་དེ་དག་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་དེ་དག་ཉིད་ལ་དགའ་བ་དང ། སླར་ཉིད་ཡང་སྦྱིན་པ་བསྔགས་པར་བྱེད་དོ། །གཞན་ཡང་སྦྱིན་ པ་རྗེས་སུ་གཏོང་བ་ལ་རབ་ཏུ་འཇུག་པར་བྱེད་དོ། །དེ་ཉིད་ཀྱང་དེ་བཞིན་དུ་རབ་ཏུ་གནས་པ་དང་རབ་ཏུ་འཇུག་པར་བྱེད་པ་གང་ཡིན་པའི་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་འདིའི་ལུས་ཞིག་ནས་ལས་དེ་དག་རྣམས་ཀྱི་རྒྱུ་དང ། རྐྱེན་དེ་དག་གིས་ཀྱང་མཐོ་རིས་བདེ་ འགྲོའི་འཇིག་རྟེན་འཐབ་བྲལ་བའི་མངའ་བདག་ཏུ་སྐྱེ་བར་འགྱུར་རོ། །ཆོས་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་འཇིག་རྟེན་གཉིས་སུ་དོན་དང ། ཕན་པ་དང ། བདེ་བར་འགྱུར་བ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའོ། །སྦྱིན་པ་ཞེས་བྱ་བ་ ཡང་གནས་སྐབས་ཐམས་ཅད་དང ། ཐམས་ཅད་ཉིད་ལ་དང ། རྣམ་པ་ཐམས་ཅད་དུ་དང ། དུས་ཐམས་ཅད་དུ་དང ། བློ་གྲོས་ཐམས་ཅད་ལ་ཡང་ཕན་པར་འགྱུར་བ་དང ། བདེ་བར་འགྱུར་བ་དང ། ཐམས་ཅད་ནས་འགྲོ་བ་ཐམས་ཅད་དུ་ཡང་དམྱལ་བ་དང ། ཡི་ དགས་དང ། དུད་འགྲོར་སྐྱེས་པ་རྣམས་ལ་ཡང་བཀྲེས་པ་རྣམ་པར་འཇོམས་པ་དང ། སྐོམ་པ་རྣམ་པར་འཇོམས་པར་བྱེད་པ་ཡིན་ན་ལྷ་དང་མི་རྣམས་ལ་འབྱུང་བར་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། གཏོང་བ་ཅན་གྱི་རྒྱལ་པོ་ནི་མཐོང་བའི་ཚེ་འབྲས་བུ་དང་ཡང་ལྡན་པ་ཡིན་ 70-1-241a ནོ། །གང་དག་ཞེ་ན། འདི་ལྟ་སྟེ། གྲགས་པས་རྗེས་སུ་དགའ་བར་གྱུར་ནས་གྲོང་ཁྱེར་དང་ཡུལ་ལྗོངས་ཕུན་སུམ་ཚོགས་པར་འགྱུར་བ་དང ། དེ་དག་རྣམས་ཀྱིས་ཡོངས་སུ་སྤོང་བར་ཡང་མི་འགྱུར་རོ། །དེས་ཡུལ་ལྗོངས་གཞན་གྱི་མཆོད་པ་ཡང་ བླ་ན་མེད་པ་དུ་མ་འཐོབ་བོ། །དེ་ཉིད་མངོན་པར་ཀུན་དུ་མཐོང་ནས་ཀྱང་ཕས་ཀྱི་དཔུང་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་ནོ། །འདི་ལ་དགྲ་རྣམས་ཀྱིས་བར་དུ་གཅོད་པ་ཕྲ་མོ་ཙམ་ཡང་བྱ་བར་གླགས་མི་ཐོད་དོ། །དེ་ཡུལ་དང་གྲོང་ཁྱེར་གྱི་མཆོག་རྣམས་དང་ལྡན་པར་འགྱུར་བ་ནི་ གོམས་པར་མ་གྱུར་པ་རྣམས་ལ་ཡང་མཐོང་བའི་ཆོས་ཀྱི་སྦྱིན་པའི་འབྲས་བུ་ཡིན་ནོ། །གང་ཡང་ཞིང་དང ། དངོས་པོ་དང ། བསམ་པ་ཕུན་སུམ་ཚོགས་པས་སྦྱིན་པ་བྱིན་པར་གྱུར་པ་རྣམས་ལ་ལྟ་ཅི་སྨོས། དེས་ནི་གཅིག་ཏུ་དགའ་བར་གྱུར་པ་དང ། གཅིག་ཏུ་ངན་སོང་གི་ སྒོ་རྣམ་པར་སྡོམ་པ་དང ། གཅིག་ཏུ་རྣམ་པར་སྨིན་པ་བདེ་བར་འགྱུར་རོ། །དེ་ལ་སྦྱིན་པ་སྦྱིན་པར་བྱ་བ་རྣམས་ནི་རྣམ་པ་དུ་མ་ཡོད་དོ། །རྣམ་པ་དུ་མ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པ་དང ། མི་འཇིགས་པའི་སྦྱིན་པ་དང ། ཆོས་ཀྱི་སྦྱིན་པའོ། ། རྣམ་པ་དེ་ལྟ་བུའི་སྦྱིན་པ་རྣམས་གང་གི་ཚེ་རྒྱལ་པོ་དེས་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གཏོང་བར་བྱེད་པ་དེ་ཡང་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་བདག་པོར་ལས་དེའི་རྒྱུ་དང་རྐྱེན་རྣམས་ཀྱིས་འགྱུར་རོ། །གཞན་ཡང་རྒྱལ་པོ་རྒྱལ་ རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་གཅེས་པར་འགྱུར་བའི་ཆོས་འཇིག་རྟེན་གཉིས་ལ་ཕན་པར་བྱེད་པ་ཡོད་དེ། འདི་ཡང་གང་ཞེ་ན། ཆོས་བྱེད་པ་མ་ཡིན་པ་རྣམས་མི་འཛིན་པའོ། །རྒྱལ་པོ་རྒྱལ་རིགས་རྣམས་ཀྱང་གང་གི་ཕྱིར་ཆོས་དང་ལྡན་པ་དང ། ཆོས་ཀྱི་རྗེས་ སུ་འཇུག་པ་ཡིན་ནོ། །ཆོས་བྱེད་པ་མ་ཡིན་པའི་སྐྱེ་བོ་རྣམས་ངེས་པར་འགེགས་པར་མི་བྱེད་པ་དང ། འཛིན་པར་བྱེད་པ་དང ། ཆོས་བྱེད་པ་མ་ཡིན་པ་རྣམས་ཀྱིས་མགྲིན་པ་མི་གཙང་བར་བྱེད་པ་པོ་ལོག་པར་ལྟ་བས་རི་དགས་ཀྱི་འཁོར་བ་འགྲོལ་བར་བྱེད་པ། མཆོད་ 70-1-241b སྦྱིན་དང་ཕྱུགས་གསོད་པར་བྱེད་པ། སྐྱེས་བུ་ཐ་ཆད་དུ་གྱུར་པ། སྐྱེས་བུ་ཕྱིན་ཅི་ལོག་འཛིན་པ། ཕ་མ་ལ་གུས་པ་མེད་པ་དང་རྣམ་པ་དེ་ལྟ་བུར་གྱུར་པ་རྣམས་ཡུལ་དུ་འཛིན་པར་མི་བྱེད་དོ། །དེ་དང་བསྟེན་འགྲོགས་བྱས་པར་གྱུར་པའི་སྐྱོན་གྱིས་སྐྱེས་བུ་གཞན་དག་དགེ་བའི་ སེམས་དང་ལྡན་པ་རྣམས་ཀྱང་རབ་ཏུ་ཆུད་གཟོན་པར་བྱེད་དོ། །དེ་དག་རྣམས་ལ་བསྟེན་པའི་སྐྱོན་གྱིས་དེ་དག་ཆུད་གཟན་པས་འདིའི་མངའ་བྱེད་པ་རྣམས་ཡོངས་སུ་ཉམས་པར་འགྱུར་རོ། །དུས་མ་ཡིན་པར་ཆར་འབབ་པར་འགྱུར་རོ། །དུས་མ་ཡིན་པར་ལྷས་ ཤིན་ཏུ་ཚ་བར་བྱེད་དོ། །དུས་མ་ཡིན་པར་ལོ་ཏོག་རྫོགས་པར་བྱེད་དོ། །ཡུལ་ལྗོངས་བརླག་པར་ཡང་འགྱུར་ཏེ། སྡིག་པ་བྱེད་པ་པོ་དེ་རྣམས་ཀྱི་ཉེས་དམིགས་ཆེན་པོས་སོ། །རྒྱུ་དེས་ན་ཆོས་བྱེད་པ་རྣམས་འཛིན་པ་ཡིན་ནོ། །སྐྱེས་བུ་ཆོས་བྱེད་པ་ཀུན་དུ་བཟུང་ བས་ཀྱང་ལྷས་དུས་སུ་ཆར་འབེབས་སོ། །དུས་སུ་རླུང་རྒྱུའོ། །དུས་སུ་ལོ་ཏོག་རྫོགས་པར་བྱེད་དོ། །ཡུལ་ལྗོངས་བརླག་པར་ཡང་མི་འགྱུར་རོ། །འཇིགས་པ་དང ། མྱ་ངན་དང ། ཡ་ང་བ་དང་སྐྱེ་དགུ་རྣམས་བྲལ་བར་འགྱུར་རོ། །སྐྱེས་བུ་ཆོས་བྱེད་དེ་དག་མངའ་བྱེད་ པར་གྱུར་པས་འདུ་བྱེད་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་རྣམ་པར་ཆད་པར་བྱེད་དོ། །སྐྱེས་བུ་ཆོས་བྱེད་ལེགས་པར་འཛིན་ཅིང་སྟེན་པར་བྱེད་པ་འདིའི་སྙིང་པོའི་མཆོག་ནི་ཚངས་པར་སྤྱོད་པའོ། །འདི་ལྟ་སྟེ། སྐྱེས་བུ་ཆོས་བྱེད་རྣམས་སྟེན་པའམ། ལེགས་པར་འཛིན་པར་ བྱེད་པའོ། །དེའི་ཕྱིར་ན་བློ་དང་ལྡན་པར་གྱུར་པའི་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བས་སྐྱེས་བུ་ཆོས་བྱེད་པ་ལ་ཀུན་དུ་བསྟེན་པར་བྱའོ། །དེ་ལས་ཀྱང་འཇིག་རྟེན་གཉིས་སུ་ཕན་པར་འགྱུར་རོ། །ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་ བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། ལས་དེའི་རྒྱུ་དང་རྐྱེན་གྱིས་སོ། །གང་གིས་སྡིག་པའི་གྲོགས་པོ་དང་སྟེན་པར་མི་འགྱུར་བ་ལ་སྡིག་པའི་གྲོགས་པོ་ཡང་རྣམ་པ་བརྒྱད་སྤང་བར་བྱ་སྟེ། འདི་ལྟ་སྟེ། མེད་པར་སྨྲ་བར་གྱུར་པ་གང་གིས་སྦྱིན་སྲེག་མེད་དོ། ། 70-1-242a སྦྱིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །ཕ་རོལ་མེད་དོ་ཞེས་ཟེར་བ་འདི་ནི་སྡིག་པའི་གྲོགས་པོ་གཅིག་ཡིན་ནོ། །སྡིག་པའི་གྲོགས་པོ་གཉིས་པ་ཡོད་དེ། འདི་ལྟར་བགྲོད་པར་བྱ་བ་མ་ཡིན་པ་ཡོད་པ་ནི་མ་ཡིན་ནོ། །ཚངས་པར་སྤྱོད་པ་མེད་དོ། ། ནམ་ཟླ་དང་དུས་ཀྱིས་བུད་མེད་དག་ལ་ཐམས་ཅད་ཀྱིས་བགྲོད་པར་བྱ་བའོ། །སྐྱེས་བུ་གསུམ་པ་སྡིག་པའི་གྲོགས་པོར་གྱུར་པ་ནི་འདི་ལྟ་སྟེ། ཇི་ལྟར་གང་དག་སེམས་ཅན་རྣམས་ལ་བྱིན་པ་དང་མེར་བཅུག་པ་དེ་དག་རྣམས་ཀྱི་བཅུག་པར་གྱུར་པ་ནི་མ་བཅུག་པ་ཡིན་ནོ། །སྡིག་ པའི་གྲོགས་པོ་བཞི་པ་ནི་འདི་ན་ཇི་སྲིད་འཚོ་བའི་བར་དེ་སྲིད་ཅིག་ཁོ་ནར་སྐྱེས་བུ་དག་འགྱུར་གྱི་དེ་ཤི་བར་གྱུར་ན། དེའི་ཕྱིར་དེའི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་དེ་དག་རྣམས་ཐམས་ཅད་ཀྱང་ཇི་ལྟར་སྤྲིན་དང་ཁུག་རྣ་རྣམས་རྣམ་པར་ཉམས་ནས་སླར་ཡང་མི་འཇུག་པ་དེ་བཞིན་ དུ། ལུས་ཅན་དེ་དག་རྣམས་ཀྱི་བསོད་ནམས་དང་སྡིག་པ་ཡང་ཡིན་ནོ། །སྡིག་པའི་གྲོགས་པོ་ལྔ་པར་གྱུར་པ་ནི་ཕ་དང་མའི་རྩ་ནས་འབྱེད་པར་བྱེད་དོ། །གུས་པ་དང་རྣམ་པར་འབྲེལ་བར་བྱེད་དོ། །སྡིག་པའི་གྲོགས་པོ་དྲུག་པ་ཡོད་དོ། །འདི་ལྟ་སྟེ། སྲོག་གཅོད་ པ་བྱ་བར་བྱས་ཏེ་རྒན་པོ་དང ། ལོང་བ་དང ། མགོན་མེད་པ་དང ། བཀྲེན་པ་རྣམས་སོ། །དེ་དག་ཀྱང་ཤི་ནས་འཇིག་རྟེན་གཞན་དུ་བདེ་བར་འགྱུར་རོ། །སྡིག་པའི་གྲོགས་པོ་བདུན་པ་ནི་འདི་ལྟ་སྟེ། གང་དག་རླུང་གིས་སམ་དེའི་ཚེ་མེས་སྲེག་པ་དང ། རླུང་ཟ་ བ་དང ། གདུང་བ་ལྔས་དུས་བྱེད་པ་ནི་དེ་དག་གི་འཇིག་རྟེན་ཟད་པར་འགྱུར་ཏེ། གཞན་དག་ཏུ་རྗེ་བར་འགྱུར་བས་སོ། །སྡིག་པའི་གྲོགས་པོ་བརྒྱད་པ་ནི་འདི་དག་ཐམས་ཅད་ནི་ལྷས་བྱས་ཀྱི་ལས་དང་འབྲས་བུའི་མཚན་ཉིད་ནི་མ་ཡིན་ནོ། །སྡིག་པའི་གྲོགས་པོ་བརྒྱད་པོ་དེ་ དག་རྣམས་ལེགས་པར་ཡོངས་སུ་སྤང་བར་བྱའོ། །ཀུན་ཏུ་སྤང་བར་བྱའོ། །ཡུལ་དུ་འཇོག་པར་མི་བྱེད་དོ། །ཕྲད་པར་ཡང་མི་བྱེད་དོ། །གང་དག་གིས་རྒྱུ་དང་འབྲས་བུ་ཡང་དག་པ་ཇི་ལྟ་བར་བརྗོད་པ་དེ་དག་རྗེས་སུ་འཛིན་པར་བྱེད་དོ། །དེ་དག་རྣམས་ཀྱི་དྲུང་ནས་ 70-1-242b དམ་པའི་ཆོས་རྗེས་སུ་འཛིན་པར་བྱེད་དོ། །འཇིག་རྟེན་གཉིས་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་རྒྱལ་པོ་འདི་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །གཞན་ཡང་རྒྱལ་པོས་ཆོས་རབ་ཏུ་གཞོལ་བར་བྱ་བ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བུད་མེད་ཀྱི་དབང་དུ་འགྲོ་བར་མི་འགྱུར་བའོ། །སྐྱེས་བུ་ཐ་མལ་པ་རྣམས་བུད་མེད་ཀྱི་དབང་དུ་འགྲོ་བ་ཐམས་ཅད་ལ་ཡང་འཇིག་རྟེན་པ་རྣམས་ཐམས་ཅད་ཀྱིས་གཤེ་བར་འགྱུར་རོ། །ཅི་ཡང་མཆོག་ཏུ་རྒྱ་ཆེ་བའི་རིགས་རྒྱུད་དུ་ལེགས་པར་སྐྱེས་པའི་རྒྱལ་ པོ་ལྟ་ཅི་སྨོས། བུད་མེད་ཐམས་ཅད་ནི་རྣམ་པར་འབྱེད་པའི་རང་བཞིན་ཅན་ཡིན་ནོ། །དེས་ཡུལ་འཁོར་དང ། ཡུལ་ལྗོངས་རྒྱ་ཆེན་པོ་རྣམས་ཐམས་ཅད་ལས་རྒྱལ་པོ་རྣམ་པར་འབྱེད་པར་བྱེད་དོ། །འདོད་པས་ཟིལ་གྱིས་མནན་པར་གྱུར་པས་ལྷན་ཅིག་ཏུ་འགྲོགས་པ་ རྣམས་སུན་འདོན་པར་བྱེད་པར་འགྱུར་རོ། །ནོར་གྱི་ཆོས་ཀྱི་རྗེས་སུ་འཇུག་པར་བྱེད་ལ་སྦྱིན་པ་འགོགས་པར་བྱེད་དོ། །འདོད་པས་ཟིལ་གྱིས་མནན་པར་གྱུར་པ་གང་གི་ཕྱིར་ལེ་ལོ་ཅན་རྣམས་ཐམས་ཅད་ཀྱང་བུད་མེད་འཛིན་པར་བྱེད་དོ། །འདོད་ཆགས་ཀྱི་བསམ་ པས་གློར་ཀུན་ནས་སྐོར་བར་བྱེད་དོ། །སྐྱེས་བུ་རང་གི་དོན་རྣམས་ལས་ཡོངས་སུ་ཉམས་པར་བྱེད་དོ། །སྐྱེས་པ་ཆོས་ཀྱི་བསམ་པ་ཡང་དག་པར་བྱུང་བ་ཡང་བུད་མེད་ཐམས་ཅད་ཀྱིས་རྣམ་པར་འབྱེད་པར་བྱེད་པ་དང ། ཕྲ་མའི་བསམ་པ་དང ། ང་རྒྱལ་དང ། ཕྲག་ དོག་གི་སྐྱེ་གནས་ཅན་དེ་དག་རྣམས་ཀྱིས་སྐྱེས་པ་རྣམས་རང་བཞིན་མཚུངས་པར་བྱེད་དོ། །བུད་མེད་ཀྱིས་འཚོ་བར་གྱུར་པ་དེ་དག་ནི་སྦྲུལ་ནག་པོ་མཐོང་བ་དུག་ཅན་དེ་དག་གིས་ཡོངས་སུ་ཉམས་པར་བྱེད་དོ། །དེའི་ཕྱིར་བུད་མེད་ཀྱིས་འཚོ་བར་གྱུར་པའི་རྒྱལ་པོ་ཞེ་ལྡོག་གོ།། དེ་དག་གི་གཞི་ཡང་འདི་ལྟ་སྟེ། བུད་མེད་ཅེས་བྱ་བའོ། །གཞི་དེས་འཚོ་བར་གྱུར་པས་དེ་ཆེས་བཙོག་པར་འགྱུར་རོ། །ཀུན་གྱི་ལམ་དུ་གྱུར་པ་ཆོས་ཀྱི་དུས་ལས་ལྷུང་ནས་ཡོངས་སུ་ཉམས་པར་འགྱུར་རོ། །སྐྱེས་བུ་བུད་མེད་ལ་གཙོར་བྱེད་པ་རྣམས་ནི་སྡུག་བསྔལ་དང་ 70-1-243a ལང་ཚོ་དག་ཀྱང་ཀུན་དུ་འཛིག་པར་འགྱུར་རོ། །འདོད་ཆགས་ལ་མཆོག་ཏུ་འཛིན་པའི་སྐྱོན་གྱིས་རྟག་ཏུ་ཡང་ཐམས་ཅད་ཀྱིས་དེ་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ཡང་བུད་མེད་དེ་ཉིད་རང་གི་སླུ་བར་བྱེད་དེ། དཀྲིག་མ་འདི་དག་རྣམས་ཐམས་ཅད་ནི་རང་ བཞིན་ཁོ་ནས་འདི་ལྟ་སྟེ། གསར་པ་ལ་ཞོན་པར་བྱེད་པ་དང ། བྱས་པ་ཆུད་གཟོན་པ་དང ། སྡུག་བསྔལ་བར་གྱུར་ན་ཡོངས་སུ་སྤོང་བ་ལ་མཁས་པ་དང ། འདོད་པ་དང་ཕྲག་དོག་ཕལ་ཆེ་བར་གནས་པས་ཀྱང་དེ་དག་རྣམས་ནི་སྐྱེས་པ་ལ་ངལ་སོས་པར་འགྱུར་བ་མེད་ དོ། །གང་ཡང་བུད་མེད་ཀྱི་དབང་གིས་འགྲོ་བར་གྱུར་པ་ནི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཚོང་འདུས་རྣམས་ཐམས་ཅད་དུ་ཡང་འདི་ལ་སྐྱེ་བོ་དག་གིས་ཤིན་ཏུ་བར་ཡང་གཤེ་བར་འགྱུར་རོ། །ཁྱད་པར་དུ་ཡང་རྒྱལ་པོ་ལའོ། །དེའི་ཕྱིར་ བུད་མེད་བསྒྲུབ་པར་མི་བྱའོ། །བུད་མེད་ཀྱིས་འཇིགས་ཤིང་སྐྱོན་དུ་ལྟ་བ་དེ་ནི་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཡང་ཆོས་གཞན་རྒྱལ་པོས་མི་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ཐམས་ཅད་ཀྱི་ ཚིག་ལ་དད་པར་མི་བྱའོ། །གསོན་པའི་འཇིག་རྟེན་པ་འདི་དག་ཐམས་ཅད་ནི་རྒྱུད་ཐ་དད་པར་གནས་པ་ཕལ་ཆེར་ཡང་ཕན་ཚུན་དུ་སེམས་ཀུན་ནས་ཐ་དད་པ་དང ། རང་བཞིན་རྣམ་པ་ཐ་དད་པ་དང ། དགོས་པ་རྣམས་རྣམ་པར་ཐ་དད་པ་དང ། རྒྱུ་རྣམ་པར་ཐ་དད་པ་དང ། རང་ བཞིན་གྱི་གཤིས་ཀྱིས་དྲི་མའི་དངོས་པོ་རྣམས་རྣམ་པར་ཐ་དད་པ། རྟག་ཏུ་འཐབ་པ་དང ། རྩོད་པ་དང ། རྒྱུ་འཐུན་པའི་སེམས་ཐ་དད་པ་དང ། བསྟེན་གྲོགས་རྣམ་པར་ཐ་དད་པ་དང ། རང་བཞིན་རྣམ་པར་ཐ་དད་པ་དང ། ཡུལ་ལྗོངས་ལ་སྐྱོན་བྱེད་པ་རྣམ་པར་ཐ་དད་ པ་རྐྱེན་དང་བཅས་པའི་སེམས་ཡང་མོར་གྱུར་པས་ཀྱང་ཕན་ཚུན་དུ་རྒྱབ་ཀྱི་ཤ་ཟ་བར་བྱེད་དོ། །ཕན་ཚུན་མངོན་སུམ་དུ་ཐུལ་འོག་ཏུ་འཇུག་གོ། །དེ་དག་རྣམས་ཐམས་ཅད་ཀྱི་ཚིག་ལ་རྒྱལ་པོས་ཐ་དད་པར་མི་བྱ་སྟེ། དེ་ལྟར་གང་དག་རིགས་པ་དང ། རྣམ་པར་ཐ་དད་ 70-1-243b པར་གྱུར་པ་དང ། སྔ་ཕྱི་རྣམ་པར་འགལ་བ་དང ། བསམ་པ་ཕན་ཚུན་མ་རུངས་པར་སོང་བར་གྱུར་པ་དང ། ཕྱོགས་ཆ་འཛིན་པར་གྱུར་པས་ཀྱང་སྨྲས་པར་གྱུར་པ་དང ། ཉེ་བར་བསྐྱེད་འདོད་པའི་དངོས་པོས་སྨྲས་པར་གྱུར་པ་དང ། སྔོན་ཕན་པར་བྱས་པ་དང ། གནོད་པར་བྱས་པར་གྱུར་པས་སྨྲ་བར་འགྱུར་བ་དང ། ཕན་ཚུན་དུ་ནོར་དང་དབྲལ་བར་འདོད་པས་རྒྱལ་པོ་ལ་རྗོད་པར་བྱེད་པ་དེ་དག་སྔར་བརྗོད་པར་གྱུར་པའི་རྒྱུས་ཕན་ཚུན་དུ་རབ་ཏུ་སྡང་བར་ཞུགས་པས་རྗོད་པར་བྱེད་དོ། །དེ་དག་ལ་རྒྱལ་པོས་དད་པར་མི་བྱའོ། ། དེ་ལྟར་ན་འདིའི་ཡུལ་ལྗོངས་རྣམས་འཇིག་པར་མི་འགྱུར་རོ། །རང་བཞིན་གྱིས་ཀྱང་མི་སྐྱེ་ལ་གནས་མ་ཡིན་པ་ལ་ཡང་ཁྲོ་བར་མི་བྱེད་དོ། །འབྱེད་པར་བྱེད་པ་རྣམས་ལ་དད་པར་བྱེད་པ་ཡང་མ་ཡིན་ནོ། །རྒྱལ་པོ་དེ་ནི་ཡོན་ཏན་དང་ལྡན་པར་གྱུར་པ་གཞན་གྱི་རྐྱེན་གྱིས་ མི་འགྲོ་བར་རང་གི་འདུན་པར་གྱུར་པ། འཇུག་པར་གྱུར་པ། ཁྲོ་བ་ཤས་ཆུང་བ་སྐྱེ་བོ་རྣམས་ཐམས་ཅད་དང་ལྷ་རྣམས་ཀྱང་བློ་འཐུན་པ་སྟེ། ལེགས་པར་དཔྱད་ནས་བྱེད་པ་པོ་ཆོས་བྱེད་དྲང་པོར་གྱུར་པ་གྲོང་ཁྱེར་ལ་གཅེས་ཤིང་འདོད་པ་ནི་ལུས་ཞིག་པ་ན་མཐོ་རིས་འཐབ་ བྲལ་བའི་ལྷ་རྣམས་ཀྱི་ན་ནང་དུ་སྐྱེའོ། །གཞན་ཡང་ཆོས་གཞན་དང་ཡང་དག་པར་ལྡན་པའི་རྒྱལ་རིགས་རྒྱལ་པོ་སྤྱི་བོ་ནས་དབང་བསྐུར་བ་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །འདི་ཡང་གང་ཞེ་ན། འདི་ལྟ་ སྟེ། སྙན་གྲགས་ལ་སྲེད་པ་སྐྱེད་པར་བྱེད་པའོ། །རྒྱལ་པོ་གང་རྫས་ཀྱིས་ནི་མ་ཡིན་ལ་བརྐམ་ཆགས་ཅན་དུ་གྱུར་པ་ཡང་མ་ཡིན་ཏེ། ལག་པ་རབ་ཏུ་འཁུམས་པ་ནི་མ་ཡིན་ལ་བཞིན་རྣམ་པར་བསྡུས་པར་འགྱུར་བ་ཡང་མ་ཡིན་ཞིང་མིག་ཆུང་བ་ཡང་མ་ཡིན་ནོ། །གདོང་ ཆུང་བ་མ་ཡིན་ནོ། །གློ་བུར་དུ་ཁྲོ་བ་མ་ཡིན་པ་དང ། གློ་བུར་དུ་དང་བར་འགྱུར་བ་ཡང་མ་ཡིན་པ་དང ། ཤིན་ཏུ་བརྟན་པའི་བློར་གྱུར་པ་དང ། དེ་ནི་སྙན་གྲགས་དང་ཡང་དག་པར་ལྡན་པར་འགྱུར་ལ། ནོར་རྫས་རྣམས་དང་ཡང་ལྡན་པར་འགྱུར་རོ། །འོན་ཀྱང་ 70-1-244a དེ་བཞིན་དུ་ནོར་ལ་འདོད་པ་མི་སྐྱེད་དེ་ཇི་ལྟར་སྐྱེ་དགུ་རྣམས་ལ་སྙན་གྲགས་སུ་འགྱུར་བར་རྒྱལ་པོ་དེས་སྒྱུར་བར་བྱེད་དོ། །དགྲ་རྣམས་ཀྱིས་ཀྱང་མི་ཐུབ་པ་དང་འཇུ་བར་ཡང་འགྱུར་རོ། །རྒྱུ་བཅུས་སྙན་གྲགས་ཅན་འཐོབ་པར་འགྱུར་ཏེ། བཅུ་པོ་གང་ཞེ་ན། འདི་ལྟ་སྟེ། ཚིག་སྙན་པར་གྱུར་པ་དང ། རྒྱལ་པོ་ཡང་ཀུན་འགྱེད་པའི་རང་བཞིན་ཅན་དང ། རྐོ་ཏྲོག་ཅན་མ་ཡིན་པ་དང ། ཤིན་ཏུ་རིང་དུ་རྟོགས་པར་གྱུར་པའི་བདེ་བར་སྟེན་པ་དང ། དུས་སུ་རབ་ཏུ་སྦྱིན་པ་གཏོང་བ་དང ། བྲན་དང་ནོར་བླ་མ་དང ། སྐྱེ་བོ་བཟང་ པོ་དང་མགོན་མེད་པ་རྣམས་ལ་ཆ་ཤས་འགོད་པར་བྱེད་པ་དང ། གཙང་མའི་རབ་ཏུ་སྤྱོད་པ་དང་ལྡན་པ་དང ། གནོད་པར་མི་བྱེད་པ་དང ། ལོག་ལྟ་ཅན་མ་ཡིན་པ་དང ། རྒྱུ་བཅུ་པོ་དེས་སྙན་པ་ཐོབ་པར་འགྱུར་རོ། །རྒྱུ་དེ་དག་ཐམས་ཅད་འདིས་རབ་ཏུ་བྱེད་པར་ འགྱུར་ཞིང་གཞན་ཡང་བྱེད་དུ་འཇུག་པ་དང ། དེས་རྒྱུ་དེ་དག་བྱེད་པར་གྱུར་པ་ན་སྙན་པ་ཡང་འཐོབ་བོ། །རྒྱལ་འབངས་ཀྱང་ཡང་དག་པར་སྐྱོང་བར་བྱེད་དོ། །ཆོས་བྱེད་དུ་ཡང་འགྱུར་རོ། །གཞན་གྱིས་ཀྱང་གདུལ་བར་མི་ནུས་སོ། །བདེ་བར་སྟེན་པར་ཡང་འགྱུར་ རོ། །མིའི་འཇིག་རྟེན་དུ་དུས་ཤིན་ཏུ་རིང་བར་རྒྱལ་པོ་བྱས་ནས་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་པར་གྱུར་པ་ན་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཆོས་གཞན་ཡང་རབ་ཏུ་སྤངས་པར་གྱུར་པ་ན། རྒྱལ་པོ་རྒྱལ་རིགས་སྤྱི་ བོ་ནས་དབང་བསྐུར་བ་ཡང་དག་པར་སྐྱེ་དགུ་སྐྱོང་བར་འགྱུར་ལ། དེ་བཞིན་དུ་མཐོང་བའི་ཆོས་ལ་རྟག་པར་རབ་ཏུ་བསྔགས་པར་ཡང་འགྱུར་རོ། །ལུས་ཞིག་ནས་ཀྱང་ཤི་བའི་འོག་ཏུ་མཐོ་རིས་ཀྱི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཆོས་ འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ལོག་པར་ལྟ་བའོ། །ལོག་པར་ལྟ་བ་ཞེས་བྱ་བ་ཉེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གི་ལྟ་བ་རྒྱུ་དང་རྐྱེན་ཐམས་ཅད་ལ་གཤེ་བར་བྱེད་པ། མི་དད་པར་བྱེད་པའོ། །དེ་གཞི་དེ་ལ་རབ་ཏུ་གནས་པར་ 70-1-244b མི་བྱེད་པ་དང ། དེ་ལ་རབ་ཏུ་ཞེ་སྡང་བར་བྱེད་པ་དང ། དེ་ལ་རྣམ་པར་གཤེ་བར་བྱེད་པ་དང ། དེ་ཡོངས་སུ་སྤོང་བར་འགྱུར་རོ། །ལོག་པར་ལྟ་བ་དང་ལྡན་པར་གྱུར་པའི་རྒྱལ་པོ་ནི་སྐྱེ་བོ་ཐམས་ཅད་ཀྱི་རྗེས་སུ་མི་འཐུན་པར་འགྱུར་རོ། །མི་འཐུན་པས་དུས་ཐམས་ ཅད་དུ་ཡུལ་ལྗོངས་པ་རྣམས་ཐམས་ཅད་ཀྱིས་ཡོངས་སུ་སྤོང་བར་བྱེད་དེ་འདི་མི་བཟོད་དོ། །ཆོས་དང་ལྡན་པའི་ལྷ་དག་གིས་ཀྱང་ཡོངས་སུ་སྤོང་བར་འགྱུར་རོ། །ཡོངས་སུ་སྤངས་པར་གྱུར་པ་དེ་མོས་པ་མང་པོ་དང་མི་ལྡན་པར་འགྱུར་རོ། །དེའི་ཕྱིར་རྒྱལ་པོ་ལོག་པར་ལྟ་ བ་ཅན་མ་ཡིན་པ་ཡང་དག་པར་ལྟ་བ་ཅན་གྱི་རྒྱལ་པོ་ནི་ཡང་དག་པར་སྐྱེ་དགུ་ལ་ཕན་པར་གནས་པར་འགྱུར་རོ། །ཡུལ་བ་རྣམས་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །ལྷ་ཆོས་པ་དག་གིས་ཀྱང་ཡོངས་སུ་མི་གཏོང་ངོ ། །ཡུལ་ལྗོངས་ཐམས་ཅད་ཀྱི་རྗེས་སུ་མི་འཐུན་ པ་མ་ཡིན་པར་འགྱུར་རོ། །འདིས་ཀུན་དུ་བརྟགས་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །འདིའི་ཡིད་ལ་བསམས་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །རང་བཞིན་གྱིས་ཀྱང་ཕྱིས་འགྱོད་པ་ཅན་དུ་མི་འགྱུར་རོ། །དེ་དུས་རིང་ བར་ཉེས་པ་མེད་པའི་རྒྱལ་སྲིད་བྱས་པར་གྱུར་ནས་ལུས་ཞིག་སྟེ། མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་རྒྱུ་དེ་དག་དང་རྐྱེན་དེས་འགྱུར་རོ། །ཡང་གཞན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་བྱ་བར་བྱ་སྟེ། འདི་ ཡང་གང་ཞེ་ན། འདི་ལྟ་སྟེ། གཏོང་བ་ཅན་དུ་གྱུར་པའོ། །རྒྱལ་པོ་འདིའི་མཆོག་ཏུ་ཁྲེལ་ཡོད་པའི་རྩ་བ་དེ་ནི་གང་སྦྱིན་པ་ཞེས་བྱ་བ་དེས་འཇིག་རྟེན་པའི་ཕན་པའི་ལམ་རབ་ཏུ་སྒྲུབ་བོ། །འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཡང་རེ་ཞིག་སྦྱིན་པ་ལས་ཡིན་ཏེ། གཏོང་བར་བྱེད་པ་ན་རྒྱལ་པོའམ་རྒྱལ་པོའི་བློན་པོ་ལ་ཡང་རུང་སྟེ། སྟེར་བའི་སྐྱེ་བོ་དེ་ལ་ཡུལ་ལྗོངས་པ་ཐམས་ཅད་རང་བཞིན་གྱིས་མཆོག་ཏུ་དགའ་བར་འགྱུར་རོ། །ཡོངས་སུ་སྤོང་བར་མི་བྱེད་དོ། །གཤེ་བ་དང ། སྨོད་པར་ཡང་མི་བྱེད་དེ། ཡུལ་འཁོར་གཞན་ 70-1-245a དུ་ཉེ་བར་འཕོས་ནས་མི་འགྲོའོ། །གང་ལུས་གཞན་ནས་སོང་བར་གྱུར་པ་དེ་དག་ཡང་གཏོང་བ་ཅན་གྱི་རྒྱལ་པོ་ཞེས་བྱས་ནས་འོང་བར་འགྱུར་རོ། །དེའི་ཡུལ་ལྗོངས་ཀྱི་ཚོགས་ཀུན་ཏུ་འཕེལ་བར་འགྱུར་རོ། །ཡུལ་ལྗོངས་ཀྱི་ཚོགས་དེས་ཀྱང་རྒྱལ་པོ་ བསྲུངས་པར་གྱུར་པས་གཞན་གྱིས་མི་ཐུབ་པར་འགྱུར་རོ། །གང་རང་བཞིན་གྱིས་ཀྱང་འདི་རྣམ་པར་འཕེལ་བ་དང་ལྡན་པར་འགྱུར་རོ། །དེ་རང་བཞིན་གྱིས་རྣམ་པར་འཕེལ་བར་གྱུར་པས་འཛིན་པ་དང ། སོ་སོར་སྐྱོབ་པ་ལ་ནུས་པ་མཆོག་དང་ལྡན་པར་འགྱུར་རོ། ། དེ་ལྟར་འཇིག་རྟེན་པའི་དོན་ལ་ཡང་སྦྱིན་པ་རབ་ཏུ་བསྔགས་སོ། །སྦྱིན་པ་ནི་འཇིག་རྟེན་ལས་འདས་པའི་དོན་ལ་ཡང་རབ་ཏུ་བསྔགས་ཏེ། དེ་ལྟར་སྦྱིན་པ་པོ་དང་སྦྱིན་བདག་གི་སྦྱིན་པ་གཏོང་བར་གྱུར་པ་ན་ལྷ་རྣམས་ཀྱིས་ཡོངས་སུ་འཛིན་ནོ། །གཟི་བརྗིད་ཆེ་བར་འགྱུར་ རོ། །བཙན་ཕྱུག་ཆེན་པོ་དང་ལྡན་པ་དང ། མཐུ་སྟོབས་ཆེ་བར་འགྱུར་རོ། །དགེ་སྦྱོང་དང ། བྲམ་ཟེ་དང ། ཉོན་མོངས་པར་གྱུར་པ་དང ། ལོང་བ་དག་རྣམས་ལ་སྦྱིན་པ་དག་གཏོང་བས་འཇིག་རྟེན་ཕ་རོལ་དུ་ཁྱད་པར་དུ་བྱེད་པར་འགྱུར་ལ་མཐོང་བའི་ཚེ་ལ་ཡང་ཁ་ དོག་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སེམས་རབ་ཏུ་དད་པ་དང་ལྡན་པར་གྱུར་པས་འགྲོ་བ་ཡང་རབ་ཏུ་དང་བར་འགྱུར་རོ། །རྗེས་སུ་རབ་ཏུ་དང་བས་ཀྱང་བཞིན་གྱི་ཁ་དོག་རབ་ཏུ་དང་བར་འགྱུར་རོ། །དེ་རབ་ཏུ་དང་བར་གྱུར་པས་དེའི་ གཟུགས་ཤིན་ཏུ་བཟང་བ་ཉིད་དང་ལྡན་པར་འགྱུར་རོ། །སྦྱིན་བདག་རྣམས་ཀྱིས་སྦྱིན་པ་གཏོང་བར་བྱེད་པ་ན་འདི་ནི་གཟི་བརྗིད་གཅིག་ཡིན་ནོ། །ཡང་མཐོང་བའི་ཆོས་ལ་སྦྱིན་པ་ལས་བྱུང་བའི་ཆོས་གཞན་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་གཏོང་ བ་ན་ང་རྒྱལ་རབ་ཏུ་འཇོམས་པར་བྱེད་དོ། །འདོད་སྲེད་རབ་ཏུ་འཇོམས་སོ། །ཕྲག་དོག་རབ་ཏུ་འཇོམས་སོ། །མ་རིག་པ་རབ་ཏུ་འཇོམས་པར་བྱེད་དོ། །རྒྱུ་དང་རྐྱེན་དག་ལ་དད་པ་དང་ལྡན་པར་འགྱུར་རོ། །རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཅན་དུ་འགྱུར་རོ། ། 70-1-245b འཇིག་རྟེན་ཕ་རོལ་ལ་སྐུར་པ་མི་འདེབས་སོ། །བླ་མ་རྣམས་མཆོད་པར་བྱེད་དོ། །སེམས་འཇམ་པོར་འགྱུར་རོ། །བློ་གྲོས་མཉམ་པར་བཞག་པར་འགྱུར་རོ། །སེམས་ཀྱིས་ཀུན་དུ་སྒོམ་པར་བྱེད་དོ། །དངོས་པོ་རྣམས་ཡོངས་སུ་གཏོང་བར་བྱེད་དོ། །ལོངས་ སྤྱོད་ཆེན་པོར་འགྱུར་བའི་རྒྱུ་རྣམས་ཀུན་དུ་འཕེན་པར་བྱེད་དོ། །སེར་སྣ་རྣམས་རབ་ཏུ་འཇོམས་པར་བྱེད་དོ། །ཞིང་རྣམ་པ་གསུམ་པོ་ཡོན་ཏན་དང ། ཚུལ་ཁྲིམས་དང ། གཉི་ག་སྲིད་པ་རྣམས་ལ་སྦྱིན་པའི་ས་བོན་ཆང་བས་འདེབས་པར་བྱེད་དོ། །དེ་དེ་ལྟར་ ལེགས་པར་བསྒོམས་པར་གྱུར་པའི་ཡིད་ཅན་མཆོག་ཏུ་རྣམ་པར་དག་པའི་ཡིད་དང་ལྡན་པ་ནི་དུས་རིང་དུ་མངའ་བདག་བྱེད་པར་འགྱུར་རོ། །དུས་རིང་དུ་འཚེ་བ་མེད་པ་དང་སྐྱོན་མེད་པར་གྱུར་པའི་ལོངས་སྤྱོད་རྣམས་དང་ལྡན་ཞིང་འཇིགས་པ་དང་མྱ་ངན་དང་རྣམ་པར་ བྲལ་བ་དང་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ཡང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། དེས་སྔོན་བྱས་པར་གྱུར་པའི་ལས་རྣམས་ཀྱི་རྒྱུ་དང་རྐྱེན་གྱིས་སོ། །ཆོས་གཞན་ཡང་རྒྱལ་པོས་རབ་ཏུ་བརྩོན་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། འཐུན་པར་བྱེད་པ་དང་སྙན་པའི་ངག་གོ། །རྒྱལ་པོ་འཐུན་པར་སྙན་པར་སྨྲ་བ་ནི། གང་གི་ཕྱིར་ཆོས་ལུགས་ལེགས་པ་དང་ལྡན་པར་འགྱུར་རོ། །རང་བཞིན་གྱིས་ཐམས་ཅད་ཀྱང་ཤིན་ཏུ་སྡུག་པར་འཛིན་པར་འགྱུར་རོ། ། གང་འཐུན་པར་འཛིན་པའི་སྙན་པའི་ངག་གིས་བྱེད་པ་ལྟར་ནི་ཡོ་བྱད་ཀྱིས་ཀྱང་བྱ་བར་ནུས་པ་མ་ཡིན་ནོ། །ཇི་ལྟར་སྙན་པའི་ཚིག་གིས་ཡུལ་ལྗོངས་པ་དེ་དག་རྣམས་ཐམས་ཅད་དགའ་བར་འགྱུར་བ་ལྟར་རྣམ་པ་དེ་ལྟ་བུར་རབ་ཏུ་དགའ་བར་བྱེད་པ་དང ། ཡུལ་ལྗོངས་ ཀྱི་སྐྱེ་བོ་རྣམས་ཐམས་ཅད་ཤིན་ཏུ་མྱུར་བར་ཡིད་རབ་ཏུ་ཚིམ་པར་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །རྒྱུ་མཚན་འདི་དག་གི་ཕྱིར་ན་སྙན་པའི་ཚིག་དེ་བྱའོ། །ཡང་ན་འཐུན་པར་སྨྲ་བ་སྔོན་དུ་བཏང་བས་ནི་སེམས་རབ་ཏུ་དང་བར་གྱུར་ནས་སྐྱེ་བོ་རྣམས་ཀྱིས་གཞན་རྣམས་ལ་ 70-1-246a གོ་བར་བྱེད་པར་འགྱུར་རོ། །སྙན་པར་སྨྲ་བའི་ཚིག་གི་རྒྱུ་དེས་དེ་ལ་དགའ་བར་འགྱུར་རོ། །སྙན་པར་སྨྲ་བའི་རྒྱུ་དེ་དང་ཡང་དག་པར་ལྡན་པའི་རྒྱལ་རིགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བ་གཞན་གྱི་མདུན་དུ་རྣམ་པར་རྒྱལ་བར་འགྱུར་རོ། །རང་ བཞིན་གྱིས་ཀྱང་དགའ་བར་འགྱུར་བ་ལ། བདེན་པ་དང་སྦྱིན་པ་དང་བསྲེས་པའི་སྙན་པའི་ཚིག་གིས་ཕྱིར་ཡང་དགའ་བར་བྱེད་དོ། །སྙན་པར་སྨྲ་བར་བྱེད་པའི་རང་བཞིན་ཅན་གྱི་རྒྱལ་པོ་ལ་ནི་དགྲ་རྣམས་ཀྱང་གྲོགས་པོར་འདུད་པར་བྱེད་ན་བར་མར་གནས་པ་དང ། གྲོགས་ པོ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སྙན་པར་སྨྲ་བར་གྱུར་པའི་རང་བཞིན་ཅན་དེ་ལ་ཚོམས་གཅིག་ཏུ་འགྱུར་རོ། །འདི་ལྟ་སྟེ་གྲོགས་པོ་ཉིད་ཀྱི་ཚོམས་སུ་འགྱུར་གྱི། བར་མར་གནས་པ་ནི་མ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བོ་ཐམས་ཅད་དགའ་བ་དང་མཆོག་ཏུ་མཆོད་པ་ དང ། དུས་རིང་དུ་ཡང་རྒྱལ་པོ་བྱེད་པར་འགྱུར་རོ། །སྙན་པར་སྨྲས་པའི་རྒྱུ་དང་རྐྱེན་གྱིས་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཆོས་གཞན་ཡང་རྒྱལ་པོས་རབ་ཏུ་བརྩོན་པ་མང་པོས་ཆོས་རྣམས་ཤིན་ཏུ་བསྟེན་པར་ བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བདེན་པར་སྨྲ་བ་ཞེས་བྱ་བ་འཁོར་བ་ན་ཀུན་ནས་བཅིངས་པའི་སྐྱེ་བོ་རྣམས་ཐམས་ཅད་ངེས་པར་འབྱིན་པའི་རྒྱུ་ངེས་པར་འབྱུང་བའི་རྒྱུར་གྱུར་པ་ཉོ་བའི་རིན་ཐང་བྱར་མེད་པའི་ཟད་པ་མེད་པའི་ནོར་གཏེར་དུ་བརྡུངས་ནས་བསྐྱེད་པ་ ཐུན་མོང་མ་ཡིན་པའི་ནོར་སྙིང་གི་རྒྱུར་གྱུར་པར་གནས་པ། མཆོག་ཏུ་ལྟ་བར་མཛེས་པའི་རིན་པོ་ཆེ་ཆེན་པོ་དམ་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྟེན་པའི་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིར་ཡང་སྐྱབས་སུ་གྱུར་པ་མྱ་ངན་ལས་འདས་པ་ལ་བརྩོན་པ་དང་ལྡན་པ་རྣམས་ ཀྱི་སྒོ་གཉེར་བར་གྱུར་པ་ཡོན་ཏན་དང་ཀུན་ཏུ་འབྲེལ་བ་རྣམས་ཟད་པར་མི་འགྲོ་བ་སྐྱོན་རྣམས་འཇིགས་པར་བྱེད་པ་པོ་ཡིད་ཆེས་པ་སྐྱེད་པར་བྱེད་པ་པོ་དབུལ་བ་འཇིག་པར་བྱེད་པ་པོ་བདེན་པར་སྨྲ་བ་ནི། གཟུགས་ཐམས་ཅད་དང་བྲལ་བ་ཡིན་ཡང་གཟུགས་དང་ལྡན་པ་ཐམས་ 70-1-246b ཅད་ལས་ལྷག་པ་ཡིན་ཏེ། བདེན་པའི་འོད་ཟེར་གྱིས་ཀུན་ནས་སྣང་བར་བྱས་པའི་ཕྱིར་རོ། །རིགས་ཐམས་ཅད་ལས་དམན་པ་ཡིན་ན་ཡང་རིགས་རྒྱུད་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་རྣམས་ཀྱི་དྲུང་ན་ལྷག་པར་འགྱུར་ཏེ། བདེན་པའི་དགེ་བ་དེས་ཀུན་ནས་གསལ་བར་ བྱས་པའི་རིགས་ཅན་རྣམས་ལ་ནི་ཡུལ་ལྗོངས་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་བ་ཡིན་ནོ། །སྐྱེ་བོ་ཐམས་ཅད་ཀྱིས་གཉེན་བཞིན་དུ་མཐོང་བར་འགྱུར་རོ། །གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་རྒྱལ་པོ་བཞིན་དང་མ་བཞིན་དུ་མཆོད་པ་བྱེད་དོ། །ངམ་གྲོག་ ཐམས་ཅད་དུ་རབ་ཏུ་ཞུགས་ན་མཆོག་ཏུ་སྐྱིད་པར་འགྱུར་རོ། །རྒྱལ་པོས་ཀྱང་ས་གཞིར་མཆོག་གིས་ཕན་པར་བྱེད་པ་བཞིན་དུ་མཆོད་པར་བྱེད་དོ། །གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ཚོང་འདུས་དག་ཏུ་སོང་ན་ཡང་གྲོང་པ་དང་གྲོང་ཁྱེར་པ་དག་གིས་མཆོད་པ་བྱེད་དོ། །གྲོང་ ཆུང་བ་དག་གིས་མཆོག་ཏུ་ཡང་མཆོད་པར་བྱེད་དོ། །མ་མཐོང་བ་དག་ཏུ་ཡང་ལྷ་དག་གིས་སྙན་གྲགས་རབ་ཏུ་སྒྲོགས་པར་བྱེད་དོ། །ཇི་ལྟར་ཡུལ་འདིར་རྒྱལ་པོ་དང་རྒྱལ་པོའི་བློན་པོ་ཡང་རུང་སྟེ་བདེན་པར་སྨྲ་བ་དགེ་བ་བྱེད་པར་གྱུར་པ་དེའི་སྙན་པའི་བ་དན་ཡུལ་རྣམས་ སུ་དམ་པར་བྱས་ནས་འཛིན་པར་བྱེད་དོ། །དགེ་བ་བྱེད་པ་པོ་ལ་ནི་ལྷ་དག་གིས་ཀྱང་རྟག་ཏུ་ཕྱི་བཞིན་རྗེས་སུ་འབྲང་ཞིང་མཆོད་པར་བྱེད་དོ། །རྨི་ལམ་ངན་པ་ཡང་འཇིག་པར་བྱེད་དོ། །ལྷ་རྣམས་ཀྱི་གཙོ་བོར་གྱུར་པ་རྣམས་ཀྱིས་ཀྱང་ལྷ་བཞིན་དུ་མཆོད་པར་བྱེད་དོ། ། བདེན་པར་སྨྲ་བ་དེ་ཉིད་ཀྱི་གནས་སྐབས་དེར་ཡང་མཆོག་ཏུ་རྗེས་སུ་འཇུག་པ་དང་སླར་ཡང་ལེགས་པར་ལངས་ནས་འགྲོའོ། །འདིའི་ཡིད་ལ་བསམས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །དལ་བུས་ཀྱང་རིམས་ནད་དེ་དག་རྣམས་ལེགས་པར་ཞི་བ་སྐྱེད་པར་འགྱུར་ཏེ། བདེན་པའི་བཅུད་ཀྱིས་ལེན་གྱིས་དབང་པོ་རྣམས་ཚིམ་པར་ཡང་བྱེད་པར་འགྱུར་རོ། །རྫུ་འཕྲུལ་ཆེ་བར་ཡང་འགྱུར་རོ། །མཐུ་སྟོབས་ཆེ་བ་དང་ཚེ་རིང་བ་ཀུན་ཏུ་འཕེལ་བར་བྱེད་པའི་ལས་རྣམས་ཀྱང་འཕེན་པར་བྱེད་དོ། །སྐྱེ་བོ་རྣམས་ཐམས་ཅད་ཀྱིས་ཀྱང་ཆོས་ལུགས་རྣམ་པར་ 70-1-247a གཞག་པ་ལ་གཅིག་ཏུ་ཚད་མར་བྱེད་དོ། །རྣམ་པར་མ་གཙེས་པའི་སྐྱེས་བུ་རྣམས་ཀྱིས་ཀྱང་ནོར་ཆེན་པོའི་སྦས་དང་སྦས་པ་ཡང་རྒྱལ་པོ་ལ་སྟོན་པར་བྱེད་དོ། །བདེན་པར་སྨྲ་བ་ཞེས་ཟེར་ནས་ཐམས་ཅད་ལས་མི་གཡོ་བ་བཞིན་དུའོ། །ཐམས་ཅད་ལས་ཀྱང་གཡོ་བ་ མེད་པར་འགྱུར་རོ། །གྲོགས་པོས་འཁྲིད་པར་མི་བྱེད་དོ། །གྲོགས་པོ་མ་ཡིན་པས་འཁྲིད་པར་མི་བྱེད་དོ། །རྣམ་པར་གཡོ་བར་མི་བྱེད་དོ། །གང་བདེན་པར་སྨྲ་བའི་མགྲིན་པ་རབ་ཏུ་རྩེ་དགའ་བར་གྱུར་ཏེ་བདེན་པའི་ཚིག་གིས་བློ་དེ་ཚིམ་པར་བྱས་པ་ལྟ་བུར་གྱུར་ནས་ དགའ་བར་འགྱུར་རོ། །བདེན་པའི་ནོར་དེ་ལ་དགའ་བར་གྱུར་པའི་རྒྱུས་ཡང་དང་ཡང་དུ་བསམ་པར་བྱེད་པ་ན་ཡིད་ཁྲོ་བ་དང་དགའ་བ་ཡ་ཡ་པོས་མི་ཁྲིད་དོ། །དྲང་སྲོང་གི་མཆོག་འཇིག་རྟེན་གཉིས་སུ་ཕན་པར་བྱེད་པ་རྣམས་ཀྱི་བཅུད་དུ་གྱུར་པའི་བདེན་པའི་མཚམས་དེ་ ལས་ནམ་ཡང་འདའ་བར་མི་འགྱུར་རོ། །ཆུ་མེད་པར་ཡང་བདེན་པའི་རང་བཞིན་གྱིས་མཆོག་ཏུ་གཙང་བའི་བདེན་པའི་འཇུག་ངོས་སུ་འཁྲུ་བ་རྣམས་ནི་མཆོག་ཏུ་གཙང་བར་འགྱུར་རོ། །གོས་མེད་པར་གྱུར་ཡང་མཆོག་ཏུ་དཀར་བ་མ་བཏགས་པ་བདེན་པའི་གོས་ མཆོག་ཏུ་རྒྱ་ཆེ་བ་སྐད་ཅིག་མ་ཡིན་པར་རྟག་ཏུ་ལེགས་པར་གྱོན་པར་འགྱུར་རོ། །དྲི་མེད་པར་གྱུར་ན་ཡང་འདིའི་སྙན་པའི་ཚུལ་ཁྲིམས་ཀྱི་དྲིས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རབ་ཏུ་འགྲོའོ། །འདི་མ་མཐོང་བར་གྱུར་པའི་སྐྱེ་བོ་ཐམས་ཅད་ཀྱང་གྲོགས་པོ་ཉིད་དུ་ འགྱུར་རོ། །མཐོང་བ་རྣམས་ནི་དང་པོར་ཡིན་ནོ། །རི་རབ་ལྷུན་པོའི་རྩེ་མོ་ཡང་འདིས་ངེས་པར་རྒལ་ནས་འགྲོ་བར་འགྱུར་ཏེ། ཇི་ལྟར་འོད་ཟེར་མཆོག་གིས་བརྟོལ་ཞིང་ཕུག་པར་འགྱུར་བ་བཞིན་དུ་རབ་ཏུ་འཕྲོ་བར་འགྱུར་རོ། །རྒན་པོ་རྣམས་ཀྱིས་ཕ་བཞིན་དུ་ མཆོད་པར་བྱེད་དེ་བདེན་པས་རྒན་པར་གྱུར་པ་ཞེས་བྱས་སོ། །ཚེ་རིང་བར་གྱུར་འཕེན་པར་བྱེད་པའི་ལས་རྣམས་ཀྱང་འཕེན་པར་བྱེད་དོ། །ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ལས་འཕེན་པར་བྱེད་ན་འཐབ་བྲལ་གྱི་མངའ་བདག་ལ་ 70-1-247b ལྟ་སྨོས་ཀྱང་ཅི་དགོས། བདེན་པར་སྨྲ་བ་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོ་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཡང་ཆོས་གཞན་དང་ལྡན་པ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་ འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །གང་དག་ཞེ་ན། འདི་ལྟ་སྟེ། ནོར་གཞིས་རྣམས་གློ་བུར་དུ་འཕེལ་འགྲིབ་མི་བྱེད་པའོ། །རྒྱལ་པོ་འདི་ནི་བློ་བརྟན་པར་གྱུར་པ་སྟེ། དེས་དེ་ཤེས་པར་གྱུར་ནས་ངང་ཚུལ་དང་ཆོས་ལུགས་རྣམ་པར་གཞག་པ་ཡང་བློ་ གྲོས་ངལ་སོས་པ་དང་ལྡན་པར་འགྱུར་རོ། །ཤིན་ཏུ་རྣམ་པར་དཔྱད་ནས་བྱེད་པ་རྣམས་ནི་རྒྱལ་པོར་འགྱུར་རོ། །མ་བརྟགས་པར་བྱེད་པ་ནི་མ་ཡིན་ནོ། །གང་ཡང་རྒྱལ་པོས་རྣམ་པར་དཔྱད་ནས་ནོར་གཞིས་རྣམས་འཕེལ་བ་དང་འགྲིབ་པར་བྱེད་པའི་རྒྱལ་པོ་དེ་ནི་རྒྱལ་པོར་མི་ འགྱུར་རོ། །གལ་ཏེ་གྱུར་ན་ཡང་དེ་ཡང་ཡུན་རིང་པོར་མི་འགྱུར་རོ། །རྒྱལ་པོའི་མིང་ཙམ་དུ་འགྱུར་རོ། །ལེགས་པར་རབ་ཏུ་བརྟགས་ནས་བྱེད་པ་མ་ཡིན་ནོ། །བློ་ཆུང་ཞིང་རྩབ་ཧྲལ་ཅན་དུ་གྱུར་པ་དང་བློ་རྣམ་པར་གནས་པ་མེད་པའི་ཡང་མོར་འགྱུར་རོ། །གང་ཡང་ སྔ་རབས་དག་གིས་བརྗོད་པ་ན་དེ་ལ་ཡང་དད་པར་མི་བྱེད་དོ། །ཅི་དགའ་བའི་རྒྱལ་པོ་བརྫུན་དུ་སྨྲ་བ་དེ་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་ཀྱང་རྒྱལ་པོ་གཞན་ཡང་ཉེ་བར་འཇོག་པར་བྱེད་དོ། །དེའི་ཕྱིར་སྐྱོན་དེ་དག་རྣམས་གོ་བར་བྱས་ལ་བརྫུན་དུ་སྨྲ་བར་མི་བྱའོ། །བརྫུན་ དུ་སྨྲ་བ་ནི་འཇིག་རྟེན་འདིར་ཕན་པ་མ་ཡིན་ལ་འཇིག་རྟེན་ཕ་རོལ་ཏུ་ཡང་མ་ཡིན་ནོ། །དེའི་ཕྱིར་ན་མཐོང་བའི་ཚེ་ལ་ཡང་སྐྱོན་གྱི་རྣམ་པ་མང་པོ་དེ་དག་རྣམས་གོ་བར་བྱས་ལ་བརྫུན་དུ་སྨྲ་བར་མི་བྱའོ། །ཐམས་ཅད་ལས་ཀྱང་དང་པོ་ཁོ་ནར་ཇི་ལྟ་ཇི་ལྟར་རྒྱལ་པོ་ཆོས་ལ་རབ་ཏུ་གཞོལ་ བར་གྱུར་པའི་རྒྱུ་གང་གིས་དེ་ལྟ་དེ་ལྟར་སྐྱེ་དགུ་འཕེལ་བར་འགྱུར་རོ། །སྐྱེ་དགུ་རྣམས་ལ་ནི་རྒྱལ་པོ་གཙོ་བོར་གྱུར་པའི་ཕྱིར་རོ། །གང་ཡང་རྒྱལ་པོ་གཅིག་ཏུ་རྟག་པ་ཁོ་ནར་བདེན་པ་སྨྲ་བར་གྱུར་པ་དེས་ནི་སྐྱེ་དགུ་བསྒོས་ནས་ངེས་པར་གྱུར་པའི་རྒྱལ་པོའི་བརྒྱུད་པ་དག་གིས་ཡང་ 70-1-248a དག་པའི་བདེ་བས་ཡོངས་སུ་སྐྱོང་བར་བྱེད་དོ། །བདེན་པའི་རྩ་བ་ལས་ཆོས་ཡིན་ནོ། །དེ་ཡང་གང་གི་ཚེ་བདེན་པར་སྨྲ་བར་མི་བྱེད་པ་དེའི་ཚེ་དེས་གློ་བུར་དུ་ནོར་གཞིས་རྣམས་ལ་འཕེལ་བ་དང་འགྲིབ་པ་བྱེད་པར་འགྱུར་རོ། །གང་ཡང་བདེན་པར་སྨྲ་བར་བྱེད་པ་རྟག་ཏུ་དུལ་ བར་གྱུར་པ་དེ་ནི་ནམ་ཡང་ནོར་གཞིས་རྣམས་ལ་གློ་བུར་དུ་འཕེལ་བ་དང་འགྲིབ་པར་མི་བྱེད་དོ། །གནས་རྣམས་གཡོ་བར་མི་བྱེད་པ་དེའི་དྲུང་ནས་ནམ་ཡང་གཞན་དག་ཏུ་འགྲོ་བར་མི་འགྱུར་རོ། །མི་དགའ་བར་མི་འགྱུར་རོ། །དེ་འདི་མ་དང་འདྲ་བ་དང་ཕ་དང་འདྲ་བར་ཡང་ རྗེས་སུ་ཆགས་པར་འགྱུར་རོ། །རྟག་ཏུ་ཡང་ཡིད་བདེ་བ་དང་ལྡན་པ་དང་རྟག་ཏུ་ཡང་བདེ་སྐྱིད་ཅན་དུ་འགྱུར་རོ། །རྒྱལ་པོ་དེ་ཡང་བློ་བརྟན་པར་འགྱུར་བ་དང་འགྱུར་བ་མེད་པའི་བློ་དང་བློ་གཅིག་ཏུ་ངེས་པ་དང་བདེ་བ་སྟེར་བར་བྱེད་པས་ལུས་ཞིག་ནས། མཐོ་རིས་བདེ་འགྲོའི་ འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་རྒྱུ་འདི་དང་རྐྱེན་འདིས་འགྱུར་རོ། །ཆོས་གཞན་ཡང་གང་ལན་ཅིག་དང་ལན་ཅིག་མ་ཡིན་པར་རྣམ་པ་དུ་མར་རྒྱལ་པོས་རབ་ཏུ་བརྩོན་པ་ཤེས་པར་བྱ་ཞིང་བྱ་བར་ཡང་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། མིའི་ཁྱད་པར་ ཤེས་པར་བྱ་བའོ། །མིའི་ཁྱད་པར་ཤེས་པར་བྱ་བར་གྱུར་པ་དེ་ཡང་ཤེས་པ་ཆེན་པོ་ཡིན་ཏེ། གང་ཡང་རྒྱལ་པོ་མིའི་ཁྱད་པར་རིག་པར་གྱུར་པ་དེ་ནི་ས་གཞི་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །གཞན་རྣམས་ཀྱིས་མི་ཐུབ་པར་ཡང་འགྱུར་རོ། །ལས་རྣམས་ཀྱང་ཇི་ལྟར་རིག་པ་ལ་འཇུག་པར་ བྱེད་དོ། །འདིའི་ལས་ཀྱི་མཐའ་དག་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ནོར་ལས་ཀྱང་ཡོངས་སུ་མི་ཉམས་སོ། །རྟག་པར་ཡང་ཆོས་གོང་ནས་གོང་དུ་བྱེད་པར་འགྱུར་རོ། །མིའི་ཁྱད་པར་ཤེས་པར་གྱུར་པའི་རྒྱལ་པོ་ཡང་སྐྱེས་བུ་ཆོས་བྱེད་མ་ཡིན་པ་རྣམས་ མི་འཛིན་ཏོ། །ལས་ལ་དགའ་བའི་རང་བཞིན་ཅན་མ་ཡིན། སྟན་ལ་དད་ཆེ་བ་མ་ཡིན། བྱས་པ་ཆུད་གཟོན་པ་མ་ཡིན། འཇིག་རྟེན་པ་ལ་ཞེ་སྡང་བ་མ་ཡིན། ལོག་པར་ལྟ་བ་ཅན་མ་ཡིན། གཡོ་སྒྱུ་ཅན་དང་མ་ཡིན། གཞན་གྱི་ཡོན་ཏན་དང་ཀུན་དུ་སོ་སོར་འབྲེལ་བས་དོན་བྱེད་པ་དང་ 70-1-248b མ་ཡིན་ཏེ། དེ་ནི་རྒྱལ་པོ་གཞན་གྱིས་ཉེ་བར་འཚོ་བར་འགྱུར་རོ། །འདྲ་བ་མ་ཡིན་པ་མ་ཡིན། ཡུལ་དུས་མི་ཤེས་པ་མ་ཡིན། བསྒྲུབ་པར་དཀའ་བ་མ་ཡིན། རྟག་ཏུ་སྡིག་པ་དྲག་པོ་བྱེད་པ་མ་ཡིན། ཡུལ་གྱིས་རབ་ཏུ་དཀྲུགས་པ་རྣམས་ཀྱང་མ་ཡིན། གཡོ་སྒྱུའི་རྒྱུ་སྨྲ་ བ་ཡང་མ་ཡིན། ངོ་བོ་ཉིད་ཀྱི་བཤེས་ཀྱིས་ཆོག་ཤེས་པ་མ་ཡིན། འཇིག་རྟེན་ལ་མི་ཕན་པ་མ་ཡིན། གཞན་དུ་སྡིག་པ་བྱས་པ་མ་ཡིན། མངོན་པའི་ང་རྒྱལ་ཅན་མ་ཡིན། དགྲ་བོ་མ་ཡིན། སྡུག་བསྔལ་ཅན་མ་ཡིན། ངག་རྩབ་ཧྲལ་ཅན་མ་ཡིན། ཡིད་རྩབ་ཧྲལ་ཅན་མ་ ཡིན་པ་སྟེ། རྣམ་པ་དེ་ལྟ་བུའི་སྐྱེས་བུ་ངན་པ་འཛིན་པར་མི་བྱེད་དོ། །རྒྱལ་པོས་རྣམ་པ་ཇི་ལྟ་བུ་རྣམས་འཛིན་པར་བྱེད་ན་འདི་ལྟ་སྟེ། ཆོས་པ་དང་ཚུལ་འཆོས་ཅན་མ་ཡིན་པ་དང ། ང་རྒྱལ་ཅན་མ་ཡིན་པ་དང ། བདེན་པར་སྨྲ་བ་དང ། ཤེས་རབ་ཅན་དང ། ཡིད་ གཞུངས་པ་དང ། བརྟན་པ་དང་གཞན་ལ་གདུང་བར་མི་བྱེད་པ་དང ། དྲང་པོ་དང་གཡོ་རྣམས་སྤངས་པ་དང ། ཆེས་མཆོག་ཏུ་དཀོན་མཆོག་གསུམ་མཆོད་པར་བྱེད་པ་དང ། སེམས་ཆོག་ཤེས་པ་ཐོབ་པ་དང ། དབང་དུ་གྱུར་པ་དང ། རྒྱུན་དུ་ལས་ཀྱི་རང་བཞིན་ཅན་ དང ། འཇིག་རྟེན་པ་རྣམས་བློ་འཐུན་པ་དང ། སྙིང་རྗེ་དང་ལྡན་པ་དང ། མི་རྣམས་ཀྱིས་བསྔགས་པ་ལ་རྗེས་སུ་ཆགས་པར་འགྱུར་བ་དང ། ཡང་དག་པའི་ལྟ་བ་ཅན་དང་ཤེས་ཉེན་ཅན་དང ། དུལ་བ་དང་སྐྱེས་པ་ནས་བཟུང་ནས། ལུས་དང ། ངག་དང ། ཡིད་དག་པར་ བྱེད་པ་པོ་མེད་པར་སྨྲ་བ་མ་ཡིན་པ་དང ། རྒྱུ་རྐྱེན་ལ་ཤིན་ཏུ་བར་ཡང་རྟེན་པ་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དང ། བག་མེད་པ་མ་ཡིན་པ་དང ། གཉིད་ཀྱི་དབང་དུ་སོང་བའི་རང་བཞིན་ཅན་མ་ཡིན་པ་དང ། དགེ་བའི་བཤེས་གཉེན་ལ་སྟེན་པར་བྱེད་པ་པོ་དང ། གཏོང་བ་ཅན་དང ། ཚུལ་ཁྲིམས་དང་ལྡན་པ་དང ། ཤེས་རབ་དང་ལྡན་པ་དང ། རྣམ་པ་དེ་ལྟ་བུའི་སྐྱེས་བུ་རྣམས་རྟག་པ་ཁོ་ནར་རྒྱལ་པོ་གང་དག་གིས་འཛིན་པར་བྱེད་པ་དེ་དག་ནི་ཁྱད་པར་ཤེས་པ་ཡིན་ནོ། །གང་ལས་གང་ལ་ངེས་པར་སྦྱོར་བར་བྱེད་པའི་རྒྱལ་པོ་དེ་ 70-1-249a ནི་གཞན་དག་གིས་རྒྱལ་སྲིད་ལས་ཉམས་པར་བྱ་བར་མི་ནུས་སོ། །གདུལ་བར་མི་ཐུབ་པར་ཡང་འགྱུར་རོ། །ནོར་དང་ལྡན་པར་ཡང་འགྱུར་རོ། །དེ་ནོར་དང་ལྡན་པར་འགྱུར་ཞིང་ཆོས་པ་ཆོས་ཀྱི་རྗེས་སུ་འཇུག་པར་གྱུར་ནས་སྦྱིན་པ་དག་གཏོང་བར་བྱེད་དོ། ། བསོད་ནམས་དག་བྱེད་དོ། །དཀོན་མཆོག་གསུམ་མཆོད་པར་བྱེད་དོ། །དེའི་ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། ལས་དེ་དག་གི་རྒྱུ་དང་རྐྱེན་གྱིས་སོ། །ཡང་ཆོས་གཞན་རྒྱལ་པོ་ཐམས་ ཅད་ཀྱིས་བྱ་བར་བྱ་བ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ། དུས་ངེས་པར་ལེགས་པར་སྟོན་པར་གྱུར་པའོ། །རྒྱལ་པོ་གང་དག་དུས་ངེས་པར་སྟོན་པར་བྱེད་པ་དེ་ནི་དུས་ཡུན་རིང་དུ་རྒྱལ་སྲིད་བྱེད་པར་འགྱུར་རོ། །འདིའི་རང་བཞིན་ལ་སྐྱོ་བ་སྐྱེ་བར་མི་འགྱུར་རོ། །དེས་མིའི་ ཁྱད་པར་རིག་པར་འགྱུར་རོ། །འདི་ཆོས་མ་ཡིན་པ་རྣམས་ལ་མི་འཇུག་གོ། །ཡུལ་ཇི་སྲིད་དུ་སྟོབས་དང་ལྡན་པར་གྱུར་ནས་རྒུད་པ་ཟིལ་གྱིས་གནོན་པར་བྱེད་དོ། །དེ་དེའི་རྒྱུར་ལྟ་བ་ལ་ཆེད་ཆེར་བྱེད་པའི་རྒྱལ་པོ་རྫས་དང་ལྡན་པར་འགྱུར་རོ། །ནོར་གྱི་ཐབས་ ཀྱིས་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཚུལ་དང་ནོར་དང་ལྡན་པར་གྱུར་ནས་གཞན་རྣམས་ཀྱི་དབང་དུ་འགྱུར་བ་མ་ཡིན་ནོ། །ཆོས་པར་ཡང་འགྱུར་རོ། །ཆོས་ཀྱི་རྗེས་སུ་འཇུག་པར་བྱེད་པ་དང་དགེ་སྦྱོང་དང་བྲམ་ཟེ་རྣམས་མཆོད་པར་བྱེད་དོ། །དེ་དག་རྣམས་ཀྱི་ དྲུང་ནས་ཆོས་ཉན་པར་བྱེད་པས་དེ་ལྟ་དེ་ལྟར་ཆེས་ལྷག་པར་ཆོས་བྱེད་དུ་འགྱུར་རོ། །ངེས་པར་ལེགས་པར་སྟོན་པར་བྱེད་པས་དེ་ཇི་ལྟ་ཇི་ལྟར་ཆོས་བྱེད་དུ་འགྱུར་བ་དེ་ལྟ་དེ་ལྟར་ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར་ནས་ ཕྱིར་ཞིང་ཉིད་དུ་སྦྱིན་པ་དག་གཏོང་བར་བྱེད་དོ། །བསོད་ནམས་དག་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །གང་གིས་ཀྱང་གདུལ་བར་མི་ནུས་པར་འགྱུར་རོ། །དེ་ལ་ཡོན་ཏན་དེ་དག་རྣམས་སྲིད་པར་འགྱུར་རོ། །དེའི་ཕྱིར་རྒྱལ་པོས་རྟག་ཏུ་ངེས་པར་ལེགས་པར་ 70-1-249b སྟོན་པར་འགྱུར་བར་བྱའོ། །ངེས་པར་ལེགས་པར་སྟོན་པར་བྱེད་པའི་རྒྱལ་པོ་ཆོས་པ་གང་གིས་ཕྱིར་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་ལས་དེའི་རྒྱུ་དང་རྐྱེན་གྱིས་འགྱུར་རོ། །ཡང་ཆོས་གཞན་རྒྱལ་པོས་ ཅིས་ཀྱང་བསྟེན་པར་བྱ་བ་ལ་འདི་ལྟ་སྟེ། གཉིད་ལ་དགའ་བར་མི་བྱ་བའོ། །གཉིད་ཀྱི་དབང་དུ་མི་འགྲོ་བའི་རྒྱལ་པོ་ནི་ལེགས་པར་བསམ་པར་བྱ་བ་རྣམས་སེམས་པར་འགྱུར་རོ། །བློ་ཤིན་ཏུ་རྣམ་པར་ཆགས་པ་དང་ལྡན་པར་མི་འགྱུར་རོ། །ཀུན་ཏུ་རྨོངས་པའི་བློར་ཡང་མི་ འགྱུར་རོ། །དགྲ་བོས་བརྒལ་བར་མི་ནུས་སོ། །བློ་རྩེ་གཅིག་པར་འགྱུར་རོ། །དོན་ངེས་པར་ལྡན་པ་དང་དོན་ངེས་པ་དང་ལྡན་པར་གྱུར་ནས་ལེགས་པར་རྣམ་པར་དཔྱད་པའི་དོན་དག་བྱེད་པར་འགྱུར་རོ། །དེ་ལ་ལེགས་པར་རྣམ་པར་དཔྱད་ནས་བྱེད་པ་པོ་འདིའི་ལེགས་པར་དོན་ རྣམས་སྨིན་པར་འགྱུར་རོ། །ལེགས་པར་འགྲུབ་པར་དུས་ཡུན་རིང་པོ་མ་ཡིན་པ་ན་འགྱུར་ཞིང་དུས་སྔ་བར་རྫོགས་པར་འགྱུར་བ་ཡིན་ནོ། །བག་དང་ལྡན་པར་འགྱུར་རོ། །བག་ཡོད་པས་རྒྱུ་བ་དང་དེའི་ཚེ་རིང་བར་འགྱུར་རོ། །ལེགས་པར་བསམ་པ་རྣམས་སེམས་ པར་གྱུར་པས་ལེགས་པར་སེམས་པ་པོ་དེའི་རང་བཞིན་གྱིས་ཡིད་བྱུང་བར་མི་འགྱུར་རོ། །དེ་སྐྱེ་བོ་རྣམས་དང་གྲོང་ཁྱེར་རྣམས་དང་བློན་པོ་དག་གིས་ཡོངས་སུ་བསྐོར་བར་འགྱུར་རོ། །ནོར་དང་ལྡན་པར་ཡང་འགྱུར་རོ། །སྐྱེ་བོ་མང་པོ་ལ་ཡང་རྒྱལ་པོའི་ནོར་གནས་པ་ཉིད་ཀྱིས་ནོར་ དང་ལྡན་པའི་དཔལ་ཀུན་ཏུ་གནས་པས་དཔལ་དང་ལྡན་པར་གྱུར་ནས་སྦྱིན་པ་གཏོང་བར་ཡང་བྱེད་དོ། །ཚུལ་ཁྲིམས་ཀྱང་སྲུང་བར་བྱེད་དོ། །དེ་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་དེའི་རྒྱུ་དང་རྐྱེན་གྱིས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་ བདག་ཏུ་འགྱུར་རོ། །ཆོས་གཞན་ཡང་རྒྱལ་པོས་རབ་ཏུ་བརྩོན་པས་བྱ་བར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ལེ་ལོ་མེད་པའོ། །ལེ་ལོ་མེད་པར་གྱུར་པའི་རྒྱལ་པོ་ནི་བརྩོན་འགྲུས་བརྟན་པར་གྱུར་པའི་རིགས་པས་བརྩམས་པའི་ཕྱིར་ན་ལས་ཐམས་ཅད་ཀྱང་རྒྱས་ 70-1-250a པར་བྱེད་དོ། །ངེས་པར་རྫོགས་པར་བྱེད་ཅིང་སྒྲུབ་པར་བྱེད་དོ། །དབང་དུ་འགྱུར་བར་བྱེད་དོ། །ཐུབ་པར་མི་ནུས་པར་འགྱུར་བ་དང་ཐམས་ཅད་དུ་རང་བཞིན་གྱིས་དགའ་ཞིང་རྗེས་སུ་ཆགས་པ་དང་གཅེས་པའི་བློར་འགྱུར་རོ། །འདིའི་ཡུལ་འཁོར་དང་གྲོང་ ཁྱེར་དང་གྲོང་དང་གྲོང་རྡལ་དང་ཚོང་འདུས་རྣམས་ཀྱང་ཤིན་ཏུ་ཕུན་སུམ་ཚོགས་པར་འགྱུར་རོ། །ལེ་ལོ་མེད་པར་གྱུར་པའི་རྒྱལ་པོ་ཡང་བརྩོན་འགྲུས་བརྟན་པ་དང་ལྡན་ཞིང་ཕ་རོལ་གནོན་པར་གྱུར་པ་ནི་ལས་རྣམས་གང་ཁོ་ན་རྩོམ་པར་བྱེད་པ་དེ་དག་ཉིད་ཐམས་ཅད་སྒྲུབ་པར་ བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་མེད་པར་གྱུར་པ་དག་ནི་རིགས་པས་ཡུལ་དང་དུས་རྣམས་ལ་ལེགས་པར་འདྲེ་བར་གནས་པའི་ཕྱིར་ན་ལེ་ལོ་མེད་པ་དག་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཇི་སྲིད་དུ་མྱ་ངན་ལས་འདས་པའི་མཐར་ཐུག་པར་དགོས་པ་རྣམས་ ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །གལ་ཏེ་ཡང་དེས་བརྩམས་པར་གྱུར་པའི་དོན་གཞན་ཡུལ་དང་དུས་གཉི་ག་ལ་ཆགས་པ་དང་བྲལ་བར་བྱེད་པར་གྱུར་པ་རྣམས་ལྟ་ཅི་སྨོས། དེས་ཐམས་ཅད་ཀྱང་གཞན་རྣམས་དང་ཐུན་མོང་མ་ཡིན་པར་འགྲུབ་པར་འགྱུར་རོ། ། དེ་ཇི་ལྟར་འཇིག་རྟེན་པའི་དོན་བྱེད་པར་འགྱུར་བའི་དོན་དེ་ཡང་ཕུན་སུམ་ཚོགས་པར་འགྱུར་བ་དང ། དེ་བཞིན་དུ་ཤེས་རབ་དང་ལྷན་ཅིག་ཏུ་གང་གིས་འཇིག་རྟེན་ལས་འདས་པ་ཡང་བྱེད་པ་ཡིན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་སོ། །འདི་དེ་དག་གི་དྲི་ ཙམ་གྱིས་ཀྱང་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། རྒྱུ་དེ་དང་རྐྱེན་དེས་སོ། །ཆོས་གཞན་ཡང་རྒྱལ་པོས་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ།གྲོགས་པོ་བརྟན་པའོ། །རྒྱལ་ པོ་གྲོགས་པོ་བརྟན་པོར་གྱུར་པ་ནི་ཤིན་ཏུ་ལེགས་པར་མཐོང་བར་བྱེད་པས་རྒྱལ་སྲིད་དུས་རིང་དུ་ལོངས་སྤྱོད་པར་བྱེད་དོ། །གོས་པ་མེད་པ་དང་གཞན་གྱིས་མི་རྫི་བ་ཡིན་ཏེ། ཤིང་བཞིན་དུ་གང་དག་ཆེས་མང་དུ་ལེགས་པར་རབ་ཏུ་གནས་པས་གཡོ་བར་མི་འགྱུར་ཞིང་ངན་པ་རྣམས་ཀྱིས་ཀྱང་མི་ 70-1-250b གཡོ་བ། རླུང་གིས་ཀྱང་ནགས་ཀྱི་ཚལ་འདི་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱལ་པོ་འདིའི་གྲོགས་པོ་ནི་ཤིན་ཏུ་བརྟན་པོ་ཡིན་ནོ། །རང་བཞིན་ཤིན་ཏུ་བཟང་བར་གྱུར་པས་སྐྱེ་བོ་ཐམས་ཅད་ཀྱིས་མངོན་པར་བགྲོད་པར་བྱ་བར་གྱུར་པ་མཆོག་ཏུ་དགའ་བར་གྱུར་པ་ཡིན་ནོ། །ཤིན་ཏུ་གྲོགས་པོ་བརྟན་པར་་ གྱུར་པའི་ཡོན་ཏན་དང་ལྡན་པ་ལ་ཡང་འཇིག་རྟེན་པའི་ཡོན་ཏན་བཅུ་གསུམ་དང་ལྡན་པར་འགྱུར་བ་རྣམས་འདི་ལྟ་སྟེ། གང་དུ་འདི་ལ་བུག་རྡོལ་བྱུང་བར་གྱུར་པ་ན་དེའི་ཚེ་འདིས་རབ་ཏུ་འགེབས་པར་བྱེད་པ་ཡིན་ཏེ། དཀའ་བར་སྤྱད་པ་ཐམས་ཅད་དང་མཆོག་ཏུ་རྒུད་པའི་དོན་དག་ལའོ། །དེ་ཅིའི་ ཕྱིར་བྱེད་པ་ཡིན་ཞེ་ན། གྲོགས་པོ་གང་ཡིན་པའི་གྲོགས་པོ་གཞན་ཡང་དེའི་གྲོགས་པོར་འགྱུར་ཏེ་དེས་ཀྱང་ངའི་གྲོགས་པོ་འདིའི་གྲོགས་པོ་ཡིན་ཞེས་བྱས་ནས་དེ་དང་ལྷན་ཅིག་ཏུ་མཛའ་བར་འགྱུར་རོ། །ཁྱིམ་ན་ནོར་གྱི་རིགས་གང་དག་ཡོད་པ་འདི་ལ་ཤེས་པར་བྱེད་དོ། །གང་དང་ གང་ཡང་ཕན་པའི་ལྷག་མ་གཞན་དུ་གྱུར་པ་ཡང ། དེ་དག་རྣམས་འདིས་བདག་ཉིད་ཐམས་ཅད་ཀྱིས་བྱེད་དེ། རྣམ་པ་ཐམས་ཅད་དང་བདག་ཉིད་ཐམས་ཅད་ཀྱིས་ཀྱང་སྟེན་པར་བྱེད་དོ། །གལ་ཏེ་ཡང་འདི་གང་དག་གིས་དཀའ་བར་གྱུར་པ་ཐམས་ཅད་དུ་གྱུར་པ་དང་སྲོག་འཆད་པར་གྱུར་ཀྱང་དེས་བརྒྱ་ ལ་ཡང་ཡོངས་སུ་མི་གཏོང་ངོ ། །འདི་ཡང་ཇི་ལྟ་ཇི་ལྟར་དོན་གྱི་རིགས་རྣམས་ལ་བཟོད་པར་འགྱུར་བ་དེ་ལྟར་བྱེད་དོ། །གང་ཡང་འདིའི་ཁྱིམ་ན་ཅུང་ཟད་ཡོད་པ་དེ་རྣམས་ཐམས་ཅད་སྔོ་བར་བྱེད་དོ། །གང་གི་ཚེ་འདི་ཕུན་སུམ་ཚོགས་པར་གྱུར་པ་དེའི་ཚེ་ཤིན་ཏུ་དགའ་བར་འགྱུར་རོ། ། གང་གི་ཚེ་འདི་ལ་སྡུག་བསྔལ་དག་བྱུང་བར་གྱུར་པ་དེའི་ཚེ་མཉམ་པོར་སྡུག་བསྔལ་བར་འགྱུར་རོ། །ཐམས་ཅད་ནས་ཁྲོས་པ་སྐྱེས་པར་གྱུར་ཀྱང་རྣམ་པར་འགྱུར་བར་མི་འགྱུར་རོ། །དེ་དང་ཡང་གང་ལྷན་ཅིག་ཏུ་གྱུར་པ་དེ་དག་བཟའ་ཟ་བས་ཀྱང་དེ་དང་ལྷན་ཅིག་ཏུ་དགའ་བར་འགྱུར་རོ། ། གང་འདིའི་ཁྱིམ་ན་ཡོད་པར་གྱུར་པ་དེ་དག་ཀྱང་དབང་པོ་ལ་གནོད་པ་མེད་པར་དོན་དུ་གཉེར་བར་བྱེད་པ་དང ། གང་ཡང་བདག་རང་གི་ཁྱིམ་ན་ཡོད་པར་དེ་ཐམས་ཅད་སྐྱོ་བ་མེད་པར་ཡང་འདི་ལ་སྟེར་བར་བྱེད་དོ། །གང་ཡང་ཅུང་ཟད་ཁྱིམ་ན་ཡོད་པ་དེ་ཐམས་ཅད་གྲོགས་པོ་ལ་རྗོད་ 70-1-251a པར་བྱེད་དོ། །རང་གི་གཏམ་རྣམས་དག་ཀྱང་རང་གིས་རྗོད་པར་བྱེད་དོ། །རྣམ་པ་བཅུ་གསུམ་པོ་དེ་དག་རྣམས་དང་ལྡན་པ་ནི་གྲོགས་པོ་ཡིན་ནོ། །འཇིག་རྟེན་པའི་གྲོགས་པོ་ཡོན་ཏན་རྣམ་པ་དེ་ལྟ་བུ་དང་ལྡན་པ་དང་རྒྱལ་པོ་ཡང་དག་པར་ལྡན་པས་ནི་གཅིག་གིས་ ཀྱང་སྟོབས་དང་ལྡན་པ་དང་ཡང་དག་པར་ལྡན་པའི་རྒྱལ་པོ་ནི་སྟོབས་ཆེན་པོ་དང་ལྡན་པར་འགྱུར་རོ། །ཅི་ཡང་མང་པོ་དང་ལྡན་པར་གྱུར་པ་མི་རྫི་བ་ལ་ལྟ་ཅི་སྨོས། དེའི་ཕྱིར་རབ་ཏུ་བརྩོན་པས་རྒྱལ་པོས་སྨྱུག་མའི་གྲོགས་པོ་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་དགའ་བར་ གྱུར་པས་དོན་སྒྲུབ་པར་བྱེད་པའོ། །དེ་གྲོགས་པོའི་ཡོན་ཏན་མདོར་བསྡུ་ན་བཅུ་ཡིན་ནོ། །འདི་ལྟ་སྟེ་གང་གིས་ཆོས་མ་ཡིན་པ་བྱེད་པར་འགྱུར་བ་ན། དེ་འགོག་པར་བྱེད་པ་དང ། སྦྱིན་པ་གཏོང་དུ་འཇུག་པ་དང ། ཚུལ་ཁྲིམས་ལ་གོམས་པར་བྱེད་དུ་འཇུག་གོ། །གྲོགས་པོ་ ངན་པ་ལས་རབ་ཏུ་ཟློག་པར་བྱེད་དོ། །ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལེགས་པར་སྟོན་པར་བྱེད་དོ། །ལམ་ངན་པར་ཞུགས་པར་གྱུར་པ་ལམ་ལ་རབ་ཏུ་འགོད་པར་བྱེད་དོ། །གང་ཡང་འདི་ལས་ཚུལ་ཁྲིམས་འཆལ་པ་ཆུང་ཟད་ཡོད་པ་དེ་དང་བྲལ་བར་བྱེད་དོ། །ཕ་དང་མ་དག་གི་ངག་ ཉན་པར་བྱེད་དུ་འཇུག་གོ། །དུས་ཐམས་ཅད་བར་རབ་ཏུ་བརྩོན་པས་ངེས་པར་ལེགས་པ་ལ་ཀུན་ནས་སྦྱོར་བར་བྱེད་དོ། །བྱེད་དུ་འཇུག་པ་དང་རྣམ་པ་དེ་ལྟ་བུའི་གྲོགས་པོ་ནི་འཇིག་རྟེན་ལས་འདས་པའི་ཡིན་ནོ། །ཐབས་མ་ཡིན་པ་ཐམས་ཅད་ལས་ཀྱང་སྐྱོབ་པར་འགྱུར་རོ། །ཕ་དང་མ་ དང་འདྲ་བར་འགྱུར་རོ། །བརྟན་པོ་ཁོ་ནར་གྲོགས་པོ་འདི་དག་རྣམས་ནི་ཐམས་ཅད་ཁོ་ནར་ཡང་སྡིག་པ་ཟད་པར་བྱེད་པར་འགྱུར་རོ། །དེ་དང་ཉེ་བ་ལས་ཉེས་པ་འབྱུང་བར་ཡང་མི་འགྱུར་རོ། །ཕ་རོལ་གྱི་གྲོགས་པོའི་མཆོག་ཡིན་གྱི་འདིའི་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱལ་པོས་གྲོགས་ པོ་བརྟན་པོ་བྱའོ། །གང་དག་དགེ་བའི་བཤེས་གཉེན་ལ་ཉེ་བར་སྟེན་པར་བྱེད་ཅིང་དགེ་བའི་རྣམས་ཀྱང་བྱེད་པ་དེ་ནི་ལུས་ཞིག་ནས་ཤི་བར་གྱུར་པའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །གཞན་ཡང་གྲོགས་པོ་མ་ཡིན་པ་བདེ་ 70-1-251b ལེགས་སུ་འགྱུར་བར་མི་བྱེད་པ་ཀུན་ཏུ་བསྟེན་པར་མི་བྱའོ། །དཔེར་ན་སྐྱེ་བོ་ཐམས་ཅད་སླུ་བར་བྱེད་པ་འབའ་ཞིག་པ་ཤིན་ཏུ་ལམ་ལོག་པ་སྟོན་པར་བྱེད་པ་དང་བསམ་པ་ངན་པ་སེམས་པར་བྱེད་པ་ཉེ་བར་སྟེན་པར་བྱེད་པ་ཡང་དེས་ནི་དོན་མ་ཡིན་པ་ཆེན་པོ་དང་ཀུན་ཏུ་སྦྱོར་རོ། །རླག་པར་ བྱེད་པའི་རྩ་བ་དེ་ཡང་རྣམ་པ་གཉིས་ཡིན་ཏེ། རབ་ཏུ་འགེབས་པར་བྱེད་པ་དང་ངེས་པར་སྦེད་པར་བྱེད་པའོ། །དེ་ལ་རབ་ཏུ་འགེབས་པར་བྱེད་པ་ཞེས་བྱ་བ་ནི་འཇིག་རྟེན་པ་སླུ་བར་བྱེད་པ་རབ་ཏུ་དང་བ་མ་ཡིན་པར་གྱུར་པ་ཚུལ་འཆོས་པའི་རྟགས་འཛིན་པར་བྱེད་པ་ལས་ཅི་ཡང་མེད་པ་ཟོང་ བཅོས་མ་དང་འདྲ་བའི་མུ་སྟེགས་ཀྱི་ཚེར་མས་རང་དང་གཞན་སླུ་བར་བྱེད་པ་འཇིག་རྟེན་ཕ་རོལ་སྤངས་པ་བཟང་པོའི་ཆ་བྱད་ཆེས་འཛིན་པར་བྱེད་པ་དོན་མ་ཡིན་པ་རྣམས་བྱེད་པར་འགྱུར་བ་པོ་རྐུན་མ་དེ་དག་རྣམས་ལ་ལེགས་པར་ཕྲད་པར་བྱ་བ་དང་ཀུན་བརྗོད་པར་ཡང་སླ་བར་སྦྱིན་པར་མི་བྱ་ན། ལྷན་ཅིག་ཏུ་འགྲོགས་པར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་དང་ལྷན་ཅིག་པར་གྱུར་པ་ནི་དེས་ཤིན་ཏུ་བར་ཡང་སྤང་བར་བྱའོ། །དེ་དག་ལ་ནི་བདག་ཉིད་ལ་ཡང་ཡོད་པ་མ་ཡིན་ན་གཞན་དག་ལ་ཅི་ལ་འབྱུང་བར་འགྱུར། གང་སྡིག་པའི་གྲོགས་པོ་སྤོང་བར་གྱུར་པ་རྣམས་ཀྱིས་ནི། སྒྱུ་ཅན་ལ་རྗེས་སུ་བསྟེན་པར་མི་བྱའོ། །ཚུལ་འཆོས་པར་བྱེད་པ་དང་ཡང་མ་ཡིན་ལ་དེ་དག་དང་གྲོགས་པོ་མི་བྱེད་པས་ཡང་དག་པའི་ལེགས་པར་གཞིགས་ནས་བྱེད་པར་འགྱུར་རོ། །དེས་གྲོགས་པོ་རྩབ་ཧྲལ་ཅན་ལ་བསྟེན་པར་མི་བྱའོ། །དེ་དེ་ཉིད་ཀྱིས་བག་ཆགས་ཀྱིས་བསྒོས་ པར་གྱུར་པ་ནི་ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་རྒྱུ་རྐྱེན་དེས་བྱེད་པར་འགྱུར་རོ། །གཞན་ཡང་ཆོས་གཉིས་རྒྱལ་པོས་ཅི་ནས་ཀྱང་སྤང་བར་བྱ་སྟེ། གཉིས་པོ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བ་དང་རྒོད་པ་ཆེས་སྡོམ་པར་བྱེད་ པའོ། །ཁྲོ་བ་དང་རྒོད་པའི་ཡང་གང་དག་ཤུགས་སྡོམ་པར་བྱེད་པའི་རྒྱལ་པོ་དེ་ནི་རྒྱལ་སྲིད་བརྟན་པར་འགྱུར་ཞིང་རང་བཞིན་བསྒོ་བར་བྱེད་པ་ཡིན་པས་ཕན་ཚུན་གྱིས་ཀྱང་མངོན་པར་གདུལ་བར་མི་ནུས་སོ། །འདི་ལ་འགའ་ཞིག་གིས་ཀྱང་གླགས་མི་རྙེད་དོ། །ཁྲོ་བ་སྡོམ་པར་བྱེད་པའི་རྒྱལ་པོ་དེ་དག་ནི་ 70-1-252a མ་བསམས་པར་བྱ་བ་རྣམས་བྱེད་པར་མི་འགྱུར་རོ། །གློ་བུར་དུ་གནས་ནས་འཕོ་བར་མི་བྱེད་དོ། །བྲན་ལ་གློ་བུར་དུ་རྡེག་པར་མི་བྱེད་དོ། །གསང་བར་བྱ་བ་རྣམས་ནི་ཕྱི་རོལ་དུ་མི་བྱེད་དོ། །གློ་བུར་དུ་འཕེལ་བ་དང་འགྲིབ་པ་དག་སྐྱེད་པར་མི་བྱེད་དོ། །དགའ་བའི་གནས་སུ་ འཕར་བར་མི་འགྱུར་རོ། །འདིའི་སེམས་དམའ་བར་གྱུར་པས་ཀྱང་དོན་དག་བྱེད་པར་འགྱུར་བ་ནི་མ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་དག་རྗེས་སུ་འཛིན་པར་མི་བྱེད་དོ། །དེ་ནི་བློ་བརྟན་པར་འགྱུར་རོ། །དེ་ལྟར་རྒྱལ་པོ་དེ་ཁྲོ་བ་དང་རྒོད་པའི་ཚན་ཀ་སྡོམ་པར་བྱེད་པ་ཉིད་ནི་འཇིག་རྟེན་ པའི་དོན་ལ་ཡང་རབ་ཏུ་བསྔགས་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་ལམ་ལ་རྒོད་པའི་ཤུགས་སྡོམ་པ་དང་གང་ཁྲོ་བ་སྡོམ་པར་བྱེད་པ་དག་འདིར་བསྔགས་པ་ཡིན་ཞེ་ན། ཁྲོ་བ་སྡོམ་པར་བྱེད་པ་དེས་ནི། འཁོར་བའི་དྲི་མ་གཅིག་བསྡམས་པ་ཡིན་ནོ། །གང་གིས་ཡང་ རྒོད་པའི་ཤུགས་མཛེས་པས་རྣམ་པར་སྡོམ་པར་བྱེད་པར་གྱུར་པ་དེས་ནི་འདོད་ཆགས་ཀྱི་ཤུགས་རྣམ་པར་བསྡམས་པ་ཡིན་ནོ། །གང་གིས་ཤུགས་དང་ལྡན་པའི་དྲི་མ་གཉིས་པོ་དག་སྡོམ་པར་བྱེད་པ་ཉིད་དུ་འགྱུར་བ་དེས་གཏི་མུག་གི་ཤུགས་བསྡམས་པར་འགྱུར་རོ། །དྲི་མ་གསུམ་གྱི་ཤུགས་ རྣམས་སྡོམ་པར་བྱེད་པ་པོ་དེ་ནི་ཤེས་པ་དང་ལྡན་པ་དང་བཟོད་པ་དང་ལྡན་པ་དང་བློ་གྲོས་བརྟན་པ་དང་གཅིག་ཏུ་ངེས་པར་གྱུར་པའི་བློ་གྲོས་ཅན་དག་ནི་སྔོན་གྱི་རྒྱུ་རྐྱེན་དེ་དག་གིས་རྣམ་པར་སྨིན་པས་ལུས་ཞིག་པར་གྱུར་པ་ན་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་ འགྱུར་རོ། །གཞན་ཡང་ཆོས་གཉིས་ཤིན་ཏུ་ཡང་དགག་པར་བྱའོ། །གཉིས་པོ་གང་དག་ཞེ་ན། འདི་ལྟ་སྟེ་རྒྱལ་པོ་ཤིན་ཏུ་ཡང་ཟས་དང་སྐོམ་རྣམས་ལ་སྲེད་པའི་རང་བཞིན་ཅན་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཤིན་ཏུ་ཟས་སྐོམ་གྱི་རང་བཞིན་ཅན་ནི་འཆུམས་ནས་གཡེང་བར་ འགྱུར་རོ། །གསུས་པ་འགེངས་པར་བྱེད་པ་ལ་ཤིན་ཏུ་ཕྱོགས་པར་འགྱུར་རོ། །དེ་རང་བཞིན་གྱིས་ཉེ་བར་ཆགས་པར་གྱུར་ནས་ཕྱུགས་བཞིན་དུ་བློ་གཅིག་ཏུ་འགྱུར་རོ། །ཟས་དང་སྐོམ་གཉིས་ལས་མ་གཏོགས་པ་དོན་གཞན་རྣམས་ལ་དེའི་བློ་འཇུག་པར་མི་འགྱུར་རོ། །དེ་ལྟར་ཀུན་དུ་ 70-1-252b ཆགས་པར་གྱུར་པའི་བློ་དང་སྤྱོད་པ་དང་ལྡན་པ་བློ་དེ་ལ་སོང་བར་གྱུར་པས་ཆོས་དང་ཆོས་མ་ཡིན་པ་དཔྱོད་པར་མི་བྱེད་དོ། །ཡུལ་འཁོར་རྗེས་སུ་སྒྲུབ་པར་མི་བྱེད་དོ། །ཡུལ་ལྗོངས་ཀྱི་དོན་དག་དཔྱོད་པར་མི་བྱེད་དོ། །རང་བཞིན་ལེགས་པར་བསྒོ་བར་མི་བྱེད་དོ། །བཀའ་བློན་པ་ རྣམས་ཁུར་ལ་སྦྱོར་བར་མི་བྱེད་དོ། །དོན་དག་ལྕི་མོ་དང་ཡང་མོ་རྣམས་རྟོགས་པ་མ་ཡིན་ནོ། །དེ་རྟག་པར་ཡང་དོན་རྣམས་ལས་ཉམས་པར་འགྱུར་རོ། །དེ་ཡོངས་སུ་ཉམས་པ་ལས་ཀྱང་འབྱོར་བ་དམན་པར་འགྱུར་ལ་དེས་ཀྱང་ཟས་དང་སྐོམ་མིང་མེད་པར་འགྱུར་རོ། །དེ་དེ་ལས་ ཡོངས་སུ་ཉམས་པར་གྱུར་པས་ཀྱང་འཇིག་རྟེན་པ་རྣམས་ཐམས་ཅད་ཀྱི་སྐྱུག་བྲོ་བའི་གནས་སུ་གྱུར་པ་མཆོག་ཏུ་དབུལ་བར་འགྱུར་རོ། །སྲེད་པའི་རྣམ་པར་གཡེང་བ་དེས་འཇིག་རྟེན་པའི་དོན་རྣམས་ཀྱི་ཡང་བར་དུ་གཅོད་པར་བྱེད་པར་འགྱུར་བ་ཡིན་པ་དང ། ཟས་དང་སྐོམ་ཉེ་བར་ སྟེན་པར་གྱུར་པས་ཇི་ལྟར་འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་རྣམ་པར་གཤེ་བར་གྱུར་པ་ཡིན་ནོ། །འདི་ལྟ་སྟེ་ཤིན་ཏུ་ཁོ་ན་ཡང་ཟས་སྐོམ་ལ་སྲེད་པར་གྱུར་པའི་རང་བཞིན་དང་ལྡན་པ་དེ་ལ་ཡིད་སོང་བར་གྱུར་པ་དེའི་ངང་ཚུལ་ཅན་དག་ནི་རྟག་པར་ཡང་རོའི་སྲེད་པས་ཀུན་ཏུ་ཁྲིད་ པར་བྱེད་པས་ཡིད་མཉམ་པར་བཞག་པ་མ་ཡིན་པར་འགྱུར་རོ། །ལུས་སུ་གཏོགས་པའི་དྲན་པ་དག་མེད་པར་འགྱུར་རོ། །ཚོར་བར་གཏོགས་པ་ཡང་མེད་དོ། །སེམས་སུ་གཏོགས་པ་དག་ཀྱང་མེད་དོ། །ཆོས་སུ་གཏོགས་པ་དག་ཀྱང་མེད་དོ། །སྡུག་བསྔལ་དང་ཀུན་ འབྱུང་དང་འགོག་པ་དང་ལམ་གྱིས་བསྡུས་པ་རྣམས་ཀྱང་མེད་དོ། །ཟས་དང་སྐོམ་ལ་གུས་པར་འགྱུར་བ་ལས་མ་གཏོགས་པ་འདི་དག་དོན་གཞན་རྣམས་འགའ་ཞིག་ལ་ཡང་བློ་ལས་སུ་རུང་བར་མི་འགྱུར་རོ། །དེ་ནི་དུད་འགྲོ་དང་རང་བཞིན་མཚུངས་པར་འགྱུར་བ་ཡིན་ནོ། །དེ་ཟས་ དང་སྐོམ་གྱི་སྤྱོད་ཡུལ་རྣམས་ལས་ཟས་ལ་རྣམ་པར་སྤྱོད་པའི་བརྩོན་པ་དེ་དག་ལས་གྲོལ་བ་ནི་ལུས་ངག་གི་སྤྱོད་པས་བསྡུས་པ་དང་དབང་པོ་རྣམས་ཀྱང་ཡང་དག་པར་ཡོངས་སུ་སྨིན་པར་འགྱུར་རོ། །ཡང་དག་པའི་ལམ་རྣམས་སྤྱོད་པར་བྱེད་དོ། །དེའི་སེམས་ལས་སུ་རུང་བར་འགྱུར་ 70-1-253a རོ། །ལུས་དང་སེམས་དང་ཚོར་བ་དང་ཆོས་རྣམས་དང་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་མ་ལུས་པ་ཤེས་པ་དང་ལྡན་པར་འགྱུར་རོ། །དེའི་ཡིད་ཤིན་ཏུ་མཉམ་པར་བཞག་པར་འགྱུར་བ་དང་སེམས་དང་དབང་པོ་རྣམས་ཀྱང་རབ་ཏུ་དང་བར་ འགྱུར་རོ། །ཟས་དང་སྐོམ་དང་ལྡན་པའི་ལུས་ནི་ཡང་དག་པར་འགྱུར་ཏེ།ལུས་རང་བཞིན་དུ་གནས་པ་དང་སེམས་རང་བཞིན་དུ་གནས་པ་དང ། སེམས་རང་བཞིན་དུ་གནས་པར་གྱུར་པ་ཡིན་པ་གང་གི་ཕྱིར་ཡང་དགེ་བའི་ཆོས་རྣམས་བསམ་པར་ནུས་པ་ཡིན་ནོ། །དེའི་ཕྱིར་ན་ རོ་ལ་སྲེད་པ་ལ་ཆེད་ཆེར་འགྱུར་བར་མི་བྱའོ། །གལ་ཏེ་ཟས་སམ་སྐོམ་མམ་ལུས་ལ་འཇུག་པར་བྱེད་པ་དེའི་ཚེ་འགྲངས་པ་ཙམ་དང་ཕན་པ་ཙམ་ཞིག་གོམས་པར་བྱས་པས་དེ་ལྟར་འདིའི་ཡིད་ལས་སུ་རུང་བ་དང་སེམས་མཉམ་པར་གཞག་པར་ཡང་འགྱུར་རོ། །སེམས་ཤིན་ཏུ་མཉམ་ པར་བཞག་པར་གྱུར་པ་རྣམས་ནི་དགེ་བའི་ལས་ལ་དཔྱོད་པར་བྱེད་དོ། །དགེ་བའི་ལས་རྣམས་ཀྱི་མཐའ་ལ་སྤྱོད་པ་ནི་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ལས་དེ་དང་དེ་དག་གི་དྲི་ཙམ་གྱིས་ཀྱང་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ་ལས་དེའི་རྒྱུ་དང་རྐྱེན་གྱིས་སོ། ། ཆོས་གཞན་ཡང་རྒྱལ་པོས་བྱས་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་ལེགས་པར་སྤྱོད་པར་བྱ་བ་རྣམས་སེམས་པར་བྱེད་པའོ། །ལེགས་པར་བསམ་པར་བྱ་བ་རྣམས་སེམས་པར་བྱེད་པ་ཡང་གང་གི་ཕྱིར་འཇིག་རྟེན་འདི་དང་ཕྱི་མ་མ་ཡིན་ཡང་སེམས་ཅན་རྣམས་ཀྱི་དོན་ སྒྲུབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། གང་དག་གི་ས་འདི་དང་ཕ་རོལ་དུ་ཡང་ལེགས་པར་བསམ་པར་བྱ་བ་རྣམས་སེམས་པ་པོ་ནི་མཆོག་ཏུ་བདེ་བར་འགྱུར་རོ། །འོན་ཀྱང་སྐྱོན་རྣམས་རབ་ཏུ་གཞོམ་པར་བྱ་ཞིང་དེས་ལེགས་པར་བསམ་ པར་བྱ་བ་རྣམས་བསམ་པར་བྱའོ། །ཡིད་ལ་ཡང་གཞག་པར་བྱའོ། །འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་ཀྱང་རྟག་པར་ངན་སོང་དུ་རྣམ་པར་འཇུག་པར་བྱེད་པ་ཡིན་པར་བརྗོད་པར་བྱའོ། །འདོད་ཆགས་ལ་ནི་མི་སྡུག་པས་སོ། །ཞེ་སྡང་ལ་ནི་བྱམས་པས་སོ། །གཏི་ 70-1-253b མུག་ལ་ནི་ཤེས་རབ་ཀྱིས་སོ། །དེ་ལ་དྲི་མ་རྣམ་པ་གསུམ་པོ་དེ་དག་རྣམས་ནི་ལེགས་པར་བསམ་པ་སེམས་པས་ཟད་པར་བྱ་བར་ནུས་སོ། །ངན་པར་བསམ་པ་སེམས་པར་བྱེད་པ་དེ་དག་རྣམས་ཀྱིས་ནི་མ་ཡིན་ནོ། །འཇིག་རྟེན་གྱི་ཆོས་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ལེགས་པར་ བསམ་པར་སེམས་པར་བྱེད་པ་རྣམས་ཀྱིས་འགྲུབ་པར་འགྱུར་རོ། །ངན་པར་བསམ་པ་སེམས་པར་བྱེད་པས་ནི་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱིས་གནས་སྐབས་ཐམས་ཅད་དུ་དོན་ཐམས་ཅད་ལེགས་པར་བསམས་ལ་བྱའོ། །དེ་ལས་འདིའི་དོན་ཀུན་འགྲུབ་པར་འགྱུར་བ་ དང ། ཆོས་པའི་ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བདག་པོར་འགྱུར་ཏེ། ལས་བཟང་པོ་བྱས་པ་དེའི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །ཆོས་གཞན་ཡང་རྒྱལ་པོས་མི་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། དོན་ཐག་རིང་བར་གྱུར་པ་ཞེས་བྱ་བ་འཇིག་རྟེན་པའི་དོན་རྣམས་བསྒྲུབ་པ་དང ། འཇིག་རྟེན་ལས་འདས་པའི་ཡང་སྟེ་ཕན་པའི་དོན་གང་བྱེད་པར་གྱུར་པ་དང ། གཞན་དག་རྣམས་ཀྱང་བྱེད་པར་གྱུར་པ་ན་དུས་རིང་པོས་ཀྱང་བྱ་བར་མི་ནུས་པའོ། །དེ་དག་ལ་མི་བཟོད་པར་འགྱུར་རོ། ། འདི་ལྟ་སྟེ་ནད་ཀྱིས་ཀྱང་མྱུར་བར་ཀུན་ཏུ་བཅོམ་པར་གྱུར་པ་ན། དོན་ཐག་རིང་བར་གྱུར་པའི་སྐྱོན་གྱིས་བསྒྲུབ་བྱར་གྱུར་པ་རྣམས་ཡང་བསྒྲུབ་བྱ་མ་ཡིན་པར་བྱས་ནས་ཆུད་གཟོན་པར་བྱེད་དོ། །དེ་བཞིན་དུ་དོན་གཞན་དག་དུ་མ་རྣམས་ཀྱང་མྱུར་བར་མ་བྱས་པས་དུས་གཞན་དུ་ཤིན་ཏུ་ ཡང་བཟོད་པར་མི་ནུས་པར་འགྱུར་རོ། །དེ་ལྟར་ངེས་པར་ལེགས་པའི་ལམ་ཅུང་ཟད་ཙམ་ཡང་མེད་དེ། ནད་ལྟ་བུར་གྱུར་པའི་ཉོན་མོངས་པས་རྗེས་སུ་བཅོམ་པར་གྱུར་པས་ངན་སོང་དུ་འགྲོ་བར་འགྱུར་ཏེ། དོན་ཐག་རིང་བར་འགྱུར་བའི་སྐྱོན་གྱིས་ཡིན་ཏེ། དེའི་ཚེ་འཇིག་རྟེན་ལས་ འདས་པའི་ལམ་ཅུང་ཟད་ཙམ་ཡང་མེད་དོ། །ལམ་རྣམས་རྗེས་སུ་ཉེ་བར་འཇོམས་པར་འགྱུར་བས་དུག་གི་མྱུག་གུ་དང་ཆ་འདྲ་བར་གྱུར་པ་རྣམ་པར་འཕེལ་བར་གྱུར་ནས་དུས་གཞན་དུ་རབ་ཏུ་འཕེལ་བར་ཞུགས་ནས་རྒྱུད་མ་རུངས་པར་སྲེག་པར་བྱེད་དེ། གང་གིས་སྲོག་ཆགས་ 70-1-254a རྣམས་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་སྐྱེ་བར་འགྱུར་བར་བྱེད་དོ། །དེའི་ཕྱིར་དོན་ཐག་རིང་བ་ནི་རྒྱལ་པོའམ་དེ་མ་ཡིན་པ་དགེ་སློང་རྣམས་སམ། ནོར་ཅན་རྣམས་སམ་འགའ་ཞིག་ལ་ཡང་སྙན་པ་མ་ཡིན་ནོ། །ཐམས་ཅད་ལ་ཤིན་ཏུ་བར་ཡང་ བསྔགས་པ་མ་ཡིན་ནོ། །གང་ཡང་དོན་ཐག་རིང་བར་གྱུར་པ་མ་ཡིན་པ་དེ་དག་ནི་སྐྱོན་སྐྱེས་པར་གྱུར་པ་དག་སྐད་ཅིག་གི་དུས་དེར་སྒྱུར་བར་བྱེད་དོ། །གཏོང་བར་བྱེད་དོ། །ཀུན་ནས་འཇོམས་པར་བྱེད་དོ། །རབ་ཏུ་འཇོམས་པར་བྱེད་དོ། །རྩ་བ་ནས་རླག་པར་བྱེད་དོ། ། དེས་སྐྱོན་དེ་དག་རྣམས་ཀུན་ནས་བཅོམ་པར་གྱུར་པས་མཐར་ཐུག་པར་བདེ་བར་འགྱུར་རོ། །སྐྱེས་བུ་འཇིག་རྟེན་པའིའམ་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་གནས་ནས་ཀུན་ཏུ་སྐྱེས་པའི་སྐྱོན་རྣམས་འཇོམས་པར་བྱེད་དོ། །དུག་གི་མྱུག་གུ་དང་འདྲ་བའི་སྐྱོན་ཡང་ དུས་གཞན་དུ་འཕེལ་ནས་སྐྱོན་མང་པོར་འགྱུར་རོ། །དེའི་ཕྱིར་གང་དག་གིས་སྐད་ཅིག་དེ་ལ་སྐྱོན་རྣམས་གཞོམ་པར་བྱས་ལ་རིངས་པར་བྱས་ཏེ་ཡང་བདེ་ལེགས་ཀྱི་གནས་ལ་ལེགས་པར་སྦྱར་བར་བྱའོ། །མངོན་སུམ་དུ་འགྱུར་བའི་ལུས་ཞིག་ནས་ཤི་བའི་འོག་ཏུ་མཐོ་རིས་ བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བ་རྣམས་ལ་དབང་བར་འགྱུར་བ་ཡིན་ཏེ། དེས་སྔོན་བྱས་པའི་ལེགས་པར་བྱས་པའི་ལས་དེ་ཉིད་ཀྱི་རྒྱུ་དང་རྐྱེན་རྣམས་ལས་ཡིན་ནོ། །ཆོས་གཞན་ཡང་རྒྱལ་པོས་བྱ་བར་བྱའོ། །འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ་ཆོས་ཀྱིས་ སྐྱེ་དགུ་རྣམས་བསྐྱང་བར་བྱའོ། །གང་གི་ཕྱིར་རྒྱལ་པོ་གང་དག་ཆོས་ཀྱིས་སྐྱེ་དགུ་རྣམས་བསྐྱང་བར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །ཆོས་ཀྱིས་ལྷག་པའི་རྒྱལ་པོའི་ཡང་བདག་དང་གཞན་ལ་ཕན་པར་བྱེད་པར་འགྱུར་རོ། །བདག་ལ་ཕན་པ་མ་ཡིན་པ་མི་བྱེད་དོ། ། ཇི་སྲིད་དུ་ཚུལ་ཁྲིམས་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པར་གྱུར་པ་རྣམས་ནི་ཆོས་མ་ཡིན་པས་ནམ་ཡང་སྐྱེ་དགུ་སྐྱོང་བར་མི་བྱེད་དོ། །དེ་ལྟར་བདག་ལ་ཕན་པ་བྱེད་དོ། །ཇི་ལྟར་ཡང་གཞན་ལ་ཕན་པ་བྱེད་པ་ཡིན་ན། སྲོག་ཆགས་སུ་གྱུར་པ་གང་ 70-1-254b དག་ཡང་ཆོས་པ་མ་ཡིན་ཞིང་ཆོས་ཀྱི་རྗེས་སུ་ཡོངས་སུ་འཇུག་པ་ཡང་མ་ཡིན་པ། དེ་དག་རྣམས་འདིས་བདེ་ལེགས་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ་ལྟར་ཡང་དག་པར་སྐྱེ་དགུ་སྐྱོང་བར་བྱེད་པ་ཉིད་དུ་འགྱུར་རོ། །བསྐྱངས་པར་གྱུར་པ་ལས་ཀྱང་ཆོས་དང་དོན་དང་སྙན་པ་རྣམས་ དང་ཡང་དག་པར་ལྡན་པར་འགྱུར་རོ། །རེ་ཞིག་དང་པོར་ཆོས་ཀྱིས་ནི་མཆོག་ཏུ་ངེས་པར་ལེགས་པ་ལ་ཡང་དག་པར་སྦྱོར་བར་གྱུར་པ་ཡིན་ན་ཇི་ལྟར་ན་ཆོས་མ་ཡིན་པ་དང་ཀུན་ནས་ལྡན་པར་གྱུར། རྒྱལ་པོ་དོན་དང་ཡང་དག་པར་ལྡན་པར་འགྱུར་ཏེ། ཇི་ལྟ་བུའི་དོན་གྱིས་ཞེ་ན། འདི་ལྟ་སྟེ། གང་གི་ཚེ་འབྲས་བུ་ངེས་པར་བྱས་ནས་ཟ་བའི་རྒྱལ་པོར་གྱུར་པ་ན་དྲུག་ཆ་ལེན་པར་བྱེད་པ་ཡིན་ལ་དེའི་ཚེ་སྐྱེ་དགུ་རྣམས་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་རོ། །ལེགས་པར་ཡོངས་སུ་བསྐྱངས་པས་ཏེ་སྐྱེ་དགུ་ཕུན་སུམ་ཚོགས་པ་དེ་ཡང་རྒྱལ་པོའི་སེམས་དགའ་བའི་ དབང་གིས་རྗེས་སུ་ཆགས་པར་གྱུར་ནས་སྒྲོལ་བར་བྱེད་པ་ཡིན་ནོ། །དེ་ལས་ཡོན་ཏན་གཉིས་པ་དང་ཡང་དག་པར་ལྡན་པ་ཕུན་སུམ་ཚོགས་པར་འགྱུར་བ་ནི་རྒྱལ་པོ་སྙན་གྲགས་དང་ཡང་དག་པར་ལྡན་པར་འགྱུར་རོ། །རྒྱལ་པོས་ཡང་དག་པར་སྐྱེ་དགུ་བསྐྱངས་པར་གྱུར་པ་ ན་གྲོང་ཁྱེར་པ་གང་དག་རྗེས་སུ་ཆགས་པར་གྱུར་པ་དེས་ཕྱོགས་ཐམས་ཅད་དུ་སྙན་པ་སྒྲོགས་པར་བྱེད་པར་འགྱུར་རོ། །དེ་ལྟར་ཆོས་དང་དོན་དང་སྙན་པ་རྣམས་དང་ཡང་ལེགས་པར་ལྡན་པར་འགྱུར་རོ། །རྒྱལ་པོ་ལེགས་པར་སྐྱེ་དགུ་རྣམས་བསྐྱངས་པར་གྱུར་པ་ལས་ ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་བདག་པོར་འགྱུར་རོ། །དེས་སྔོན་བྱས་པའི་རྒྱུ་ལས་ཀྱི་རྣམ་པར་སྨིན་པ་ལས་ཡིན་ནོ། །ཡང་ཆོས་གཞན་རྒྱལ་པོའམ་གཞན་གྱིས་ཀྱང་རབ་ཏུ་བརྩོན་པ་མང་པོ་རྣམས་ཀྱིས་བྱ་བར་བྱ་ སྟེ། འདི་ཡང་གང་ཞེ་ན། འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱ་བའོ། །དེ་མ་ལུས་པ་རྣམས་ཀྱིས་ཀྱང་མཆོག་ཏུ་བདེ་བའི་རྣམ་པར་སྨིན་པ་དང་ལྡན་པར་འགྱུར་རོ། །དེ་ལ་དགེ་བའི་ལས་ཀྱི་ལམ་དེ་ཉིད་ཀྱང་རྣམ་པ་གསུམ་སྟེ། ལུས་ཀྱི་དང་ངག་གི་དང་ཡིད་ཀྱིའོ། །ལུས་ 70-1-255a ཀྱི་རྣམས་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་གཡེམ་པ་སྤོང་བའོ། །ངག་གི་རྣམས་ནི་རྫུན་དང་ཕྲ་མ་དང་ཚིག་རྩུབ་པོ་དང་འབྲེལ་བ་མེད་པར་བརྗོད་པ་སྤོང་བའོ། །ཡིད་ཀྱི་རྣམས་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་རྣམས་ སོ། །དེ་ལ་དེ་དག་ནི་ཇི་ལྟར་ལས་ཀྱི་ལམ་སྣ་ཚོགས་པ་རྣམས་སུ་གྱུར་པའི་མི་དགེ་བ་བཅུ་པོ་དེ་དག་རྣམས་ནི་མི་དགེ་བའི་ལས་ཀྱི་ལམ་ཞེས་བྱའོ། །ཤེས་རབ་ཇི་ལྟར་ཕྱིན་ཅི་མ་ལོག་པར་གྱུར་པའི་ཡང་དག་པའི་དགེ་བའི་ལམ་ཞེས་བྱ་བའི་མིང་ནི་ཤེས་རབ་དེ་ལ་བརྗོད་པ་ཡིན་ནོ། །ཤེས་ རབ་དེ་དག་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་བ་ཡིན་ནོ། །མི་དང་ལྷ་རྣམས་འབྱུང་བར་འགྱུར་བ་གང་དག་ཇི་ལྟར་འདོད་པ་བཞིན་འགྱུར་ཏེ། དེ་དག་རྒྱལ་པོ་འདི་རང་ཉིད་ཀྱིས་འཛིན་པར་ནུས་པ་དང ། གྲོང་ཁྱེར་བ་ རྣམས་ལ་ཡང་རྒྱལ་པོ་དེས་ཕ་དང་མ་དང་འདྲ་བར་འགྱུར་ཞིང་མྱ་ངན་ལས་འདས་པ་རབ་ཏུ་འཐོབ་པར་བྱེད་པ་དང་མཐོ་རིས་རབ་ཏུ་འཐོབ་པར་བྱེད་པ་ཡིན་ནོ། །དེའི་བསམ་པ་རྣམས་ཐམས་ཅད་མངོན་པར་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་འདི་དག་ལ་སྲུང་བར་ འགྱུར་རོ། །འདི་ལ་མཚོན་ཆ་དང་མུ་གེས་བྱས་པའི་འཇིགས་པ་རྣམས་དང་ཡུལ་འཇིག་པར་འགྱུར་བ་ནམ་ཡང་འབྱུང་བར་མི་འགྱུར་རོ། །འདིའི་ཡུལ་དུ་དུས་སུ་ལོ་ཏོག་རྣམས་ཕུན་སུམ་ཚོགས་པར་འགྱུར་རོ། །འདིའི་ཡུལ་དུ་ཡང་དུས་སུ་ཟླ་བ་དང་ཉི་མ་དག་རབ་ཏུ་འོད་འབྱིན་ པར་བྱེད་པ་དང ། དགོས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དང་ཡུལ་ལྗོངས་རྣམས་ཕུན་སུམ་ཚོགས་པར་ཡང་འགྱུར་རོ། །རྒྱལ་པོ་དེ་ལེགས་པར་སྐྱེ་དགུ་རྣམས་བསྐྱངས་པར་གྱུར་ནས་དུས་རྣམས་ཡོངས་སུ་སྨིན་པར་གྱུར་ཏེ། མི་རྟག་པའི་རང་བཞིན་ཡིན་ པས་གལ་ཏེ་རྣམ་པར་བྲལ་བར་གྱུར་ན་གང་གི་ཚེ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་ཚེ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་གང་གིས་བདེ་བ་གང་དག་ལ་ཉེ་བར་ལོངས་སྤྱོད་པར་འགྱུར་བ་ཡིན་ན། དེ་ལ་མདོར་བསྡུ་ན་འཐབ་བྲལ་གྱི་ལྷར་སྐྱེ་བར་འགྱུར་བ་རྣམས་ལས། སྲོག་ 70-1-255b གཅོད་པ་རྣམ་པར་སྤངས་པས་ནི་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་ལྷ་རྣམས་ཚེ་རིང་བར་འགྱུར་རོ། །གཞན་ཡང་དེ་ཁོ་ན་བཞིན་དུ་ལྷའི་རིས་དྲུག་ཏུ་མ་བྱིན་པར་ལེན་པ་རྣམ་པར་སྤངས་པས་ནི་ནོར་བརྟན་པར་འགྱུར་ཏེ། རིན་པོ་ཆེ་བདུན་གྱི་རང་བཞིན་ཕུན་སུམ་ ཚོགས་པར་འགྱུར་བའི་ནགས་དང་ཉེ་བའི་ནགས་དང་རིའི་རྩེ་མོ་སྣ་ཚོགས་པར་དགའ་བར་གྱུར་པ་རྣམས་ལའོ། །འདོད་པས་ལོག་པར་གཡེམ་པ་རྣམ་པར་སྤངས་པས་ནི་ཇི་སྲིད་དུ་འདི་ཤི་འཕོས་པར་མ་གྱུར་གྱི་བར་གྱི་དུས་དེ་སྲིད་དུ་ལྷ་མོ་རྣམས་ལྷའི་བུ་གཞན་དག་རྣམས་ལ་འཕོ་བར་ མི་འགྱུར་རོ། །གསོན་བཞིན་དུ་ཡང་ལྷའི་བུ་གཞན་དག་རྣམས་ལ་ནམ་ཡང་ཀུན་ཏུ་འཕོ་བར་མི་འགྱུར་ཞིང་ཁྱུད་འཕྱང་ཡང་མི་བྱེད་ཀྱི་དེ་ཉིད་ཁོ་ན་ལ་གཟུགས་བཟང་བ་ཐམས་ཅད་ཀྱིས་གཟི་བརྗིད་ཐམས་ཅད་ཀྱིས་ཀྱང་ལྟ་བར་བྱེད་དོ། །གང་ཡང་འདོད་པ་ལོག་པར་གཡེམ་ པ་ལེགས་པར་བསྲུངས་པ་མ་ཡིན་པ་དེ་དག་རྣམས་ཀྱི་ལྷ་མོ་རྣམས་ནི་གཞན་དག་ལ་འཕོ་བར་འགྱུར་ཏེ། སོ་སོ་དང་སོ་སོར་ལས་ཀྱི་རྣམ་པར་སྨིན་པ་རྣམས་རབ་ཏུ་སྟེར་བར་བྱེད་པ་ཡིན་ནོ། །དེ་ལྟར་ལུས་ཀྱིས་ལེགས་པར་སྤྱོད་པ་རྣམས་བསྲུངས་ཤིང་བསྟེན་ལ་ བསྒོམས་ལ་ལན་མང་དུ་བྱས་པས་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ཡིན་ནོ། །རྣམ་པར་སྨིན་པ་བདེ་བ་དང་ལྡན་པ་གཉིས་པར་གྱུར་པ་ངག་གི་རྣམ་པ་བཞིས་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །ལས་གང་གི་རྣམ་པར་སྨིན་ པས་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བདེ་བ་གང་ལ་ལོངས་སྤྱོད་པ་ཡིན་ན། ངག་ལེགས་པར་བསྡམས་པ་རྣམས་ཀྱང་བཞིའོ། །དེ་ལ་རྫུན་རྣམ་པར་སྤངས་པས་ནི་གསལ་ཞིང་སྙན་ལ་ཟུར་ཐོན་པའི་ངག་ཏུ་འགྱུར་རོ། །རྟག་ཏུ་ཡང་ལེགས་པར་སྦྱར་བའི་མཆོག་གི་སྨྲ་བ་པོར་ འགྱུར་ཏེ། གང་དང་གང་ཉིད་སྨྲ་བར་བྱེད་པ་ན་བདེ་བས་དེ་དང་དེ་ཁོ་ན་འདིས་ལྷན་ཅིག་ཏུ་རྗོད་པར་བྱེད་པ་ནི་ལྷ་འདི་དག་ལ་ཉེ་བར་གནས་པ་ཡིན་ཏེ། དེ་དག་གིས་རྫུན་ལེགས་པར་སྤངས་པ་ཡིན་པའི་ཕྱིར་རོ། །ཕྲ་མ་རྣམ་པར་སྤངས་པས་ནི་ཡུལ་ལྗོངས་རྣམས་འཇིག་པར་མི་འགྱུར་ 70-1-256a རོ། །རྟག་ཏུ་ཡང་ཚིག་རྩུབ་པོ་དེ་དང་དེ་ཉིད་རྣམ་པར་སྤངས་པས་ནི་རྟག་ཏུ་སྙན་པའི་གླུ་དང་གར་དང་དགོད་པ་དང་འགྱིང་བག་དག་གི་སྒྲ་མཆོག་ཏུ་རྣ་བ་དང་ཡིད་འཕྲོག་པར་བྱེད་པ་རྣམས་ཐོས་སོ། །འབྲེལ་བ་མེད་པར་བརྗོད་པ་རྣམ་པར་སྤངས་པས་ནི་རྟག་ཏུ་ལྕེ་གཞལ་ཞིང་ ལྗགས་ཕྱིན་པར་འགྱུར་རོ། །ལྷ་རྣམས་ཐམས་ཅད་ཀྱི་ཡིད་དུ་འོང་བར་འགྱུར་རོ། །དེ་ལྟར་ངག་གི་ལེགས་པར་སྤྱད་པའི་འབྲས་བུ་རྣམས་ལ་ལོངས་སྤྱོད་པར་བྱེད་དོ། །ལྷ་རྣམས་སུ་ལྷ་རྣམས་ཀྱི་ཡིད་ཀྱི་རྣམས་ཀྱང་གང་དག་གིས་འབྲས་བུ་རྣམས་གང་དག་ལ་ལོངས་སྤྱོད་པར་བྱེད་ན། བརྣབ་སེམས་རྣམ་པར་སྤངས་པས་ནི་འདིའི་འདོད་པ་རྣམས་ཐམས་ཅད་སེམས་བསྐྱེད་པ་ཙམ་ཉིད་ན་ཉེ་བར་འདུ་བར་འགྱུར་རོ། །དེས་ཐོབ་པ་རྣམས་ཀྱང་ངེས་པར་ཉམས་པར་མི་འགྱུར་རོ། །ལྷ་གཞན་འགའ་ཞིག་གིས་ཀྱང་དང་དུ་ལེན་པར་བྱེད་པར་འདོད་པ་ཡང་མ་ཡིན་ཏེ། དེས་ ན་བརྣབ་སེམས་རྣམ་པར་སྤངས་པ་དེ་དག་རྣམས་ཀྱི་དེ་ལྟར་འགྱུར་བ་ཡིན་གྱི་རྣམ་པར་སྨིན་པ་འདི་གཞན་རྣམས་ཀྱི་ནི་མ་ཡིན་ནོ། །གནོད་སེམས་རྣམ་པར་སྤངས་པ་རྣམས་ཀྱི་ཡང་གནོད་སེམས་སྤངས་པས་ནི་ལྷའི་སྐྱེ་བོ་རྣམས་ཐམས་ཅད་དང་འཐུན་པར་འགྱུར་རོ། །གཟུགས་མཆོག་ དང་ཡང་ལྡན་པར་འགྱུར་རོ། །ལོག་པར་ལྟ་བ་རྣམ་པར་སྤངས་པས་ནི་འདི་ལ་ཅུང་ཟད་ཅིག་ཀྱང་གཞན་མུ་སྟེགས་པ་རྣམས་ཀྱིས་རྩོད་པ་དོན་དུ་གཉེར་བར་མི་བྱེད་དོ། །ཇི་ལྟ་བ་ཉིད་དུ་རབ་ཏུ་སེམས་པ་དེ་ཁོ་ན་བཞིན་དུ་ཕུན་སུམ་ཚོགས་པར་འགྱུར་རོ། །གཞན་དུ་འགྱུར་བ་ནི་མེད་ དོ། །འདོད་བཞིན་དུ་ཡང་འདོད་པ་རྣམས་ཀྱིས་སྟོང་པར་ནི་ནམ་ཡང་ཅུང་ཟད་ཅིག་ཀྱང་མི་འགྱུར་རོ། །དེ་ལ་མདོར་བསྡུས་ནས་དེ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱིས་རྣམ་པར་སྨིན་པ་རྣམས་སོ་སོར་བཤད་པ་ཡིན་ནོ། །སྦྱིན་པའི་ཁྱད་པར་གྱིས་ནི་ལོངས་སྤྱོད་ཀྱི་ཁྱད་ པར་རྣམས་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཁྱད་པར་གྱིས་ནི་ཐམས་ཅད་ཀྱང་ཆེས་ཁྱད་པར་དུ་འཕགས་པར་འགྱུར་ཏེ། གང་གི་ཕྱིར་བདེ་བ་རྣམས་ཐམས་ཅད་ནི་ཤེས་རབ་ཀྱི་རྩ་བ་ལས་ཡིན་ནོ། །བདེ་བ་མ་ཡིན་པ་རྣམས་ནི་སྲིད་པའི་རྨོངས་པ་སྔོན་དུ་འགྲོ་བ་ཅན་ཡིན་ 70-1-256b ནོ། །སེམས་ཀྱི་དབང་གིས་དང་དུས་ཀྱི་དབང་གིས་དང་དངོས་པོའི་དབང་གིས་དང་ལྷག་པར་མོས་པའི་དབང་གིས་ཀྱང་རུང་སྟེ། དགེ་བའི་ལས་ཀྱི་ལམ་རྣམས་ལས་གལ་ཏེ་ཤེད་ན་གཅིག་གིས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །མྱ་ངན་ལས་འདས་པ་ཡང་འཕེན་པར་བྱེད་ན་སེམས་ཅན་ རྣམས་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ལ་ལྟ་ཅི་སྨོས། དེ་ལ་དེ་ལྟར་ལས་ཀྱི་རྣམ་པར་སྨིན་པ་འདི་ནི་མཆོག་ཏུ་ཕྲ་བར་གྱུར་པ་ཡིན་ཏེ། དེ་གང་གིས་མི་ཤེས་པ་དེ་དག་རྣམས་ནི་ལས་རྣམ་པར་སྨིན་པ་རྣམས་ལ་ཡང་ཀུན་ཏུ་རྨོངས་པར་འགྱུར་ལ། དེ་ཀུན་ཏུ་རྨོངས་པས་ཀྱང་དམྱལ་བར་ ཉེ་བར་རྒྱུག་པར་འགྱུར་རོ། །དེ་ལ་ཇི་སྐད་དུ་བཤད་པའི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་རྣམས་ལ། རྒྱལ་པོ་གང་ཞིག་གིས་ཇི་སྐད་བཤད་པ་བཞིན་དུ་སྤྱོད་པར་བྱེད་པ་ནི། འདིའི་ཡུལ་འཁོར་རྣམས་དང་གྲོང་ཁྱེར་རྣམས་དེས་དབང་དུ་བྱེད་པར་འགྱུར་བ་ཡིན་ནོ། །རྒྱལ་པོ་དེ་ ལུས་ཞིག་ནས་ཤི་བའི་འོག་ཏུ་ཡང་ལས་དེ་དག་རྣམས་ཀྱི་རྣམ་པར་སྨིན་པས་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །ཆོས་གཞན་ཡང་རྒྱལ་པོས་རྗེས་སུ་བསྒྲུབ་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲས་ བུ་ལ་ལེགས་པར་བལྟའོ། །རྒྱུ་དང་འབྲས་བུ་རྣམས་ལ་ལེགས་པར་ལྟ་བར་བྱེད་པའི་རྒྱལ་པོའམ་བློན་པོ་རྣམས་ཀྱང་རུང་སྟེ། ཀུན་ཏུ་རྨོངས་པར་མི་འགྱུར་རོ། །ལས་རྣམས་དང་ལས་ཀྱི་རྣམ་པར་སྨིན་པ་རྣམས་ལ་ཡང་རྟག་ཏུ་མཉམ་པར་བཞག་པའི་བློར་འགྱུར་ཞིང ། ཡུལ་རྣམས་ལ་བག་མེད་པས་འཇུག་པར་ཡང་མི་འགྱུར་རོ། །དེ་ལ་རྒྱུ་བྱ་བའི་མིང་ནི་འབྲས་བུའི་ས་བོན་ནོ། །རྐྱེན་ནི་ནམ་ཟླའི་དུས་ཚོད་དང་ས་གཞི་ཚོགས་པའོ། །དེ་གལ་ཏེ་དེ་རྒྱུ་རྣམས་ལ་སྐུར་པ་མི་འདེབས་པ་དང་རྐྱེན་རྣམས་ལ་སྐུར་པ་མི་འདེབས་པ་དེ་ནི་རྒྱུ་དང་འབྲས་ བུ་དག་གི་དེ་ཁོ་ན་ཉིད་མཐོང་བ། སྡིག་པའི་ལས་རྣམས་ལ་སྤྱོད་པར་མི་བྱེད་དོ། །ཇི་ལྟ་བ་དེ་ཁོ་ནས་ས་བོན་དང ། མྱུག་གུ་དག་རྒྱུ་རྐྱེན་དུ་གཏོགས་པ་གང་ཡིན་པ་དེ་ཁོ་ན་བཞིན་དུ་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་ལ་ཡང་ཀུན་དུ་རྨོངས་པར་མི་འགྱུར་རོ། །དེ་ལ་ 70-1-257a སྐྱེ་བའི་ལམ་དུ་གྱུར་པའི་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་ནི་རྣམ་པ་སྣ་ཚོགས་པའི་བདེ་བ་དང་སྡུག་བསྔལ་རྣམས་འཁོར་བ་ནས་འཁོར་བར་རབ་ཏུ་འབབ་པར་འགྱུར་བ་ཡིན་ཏེ། སྲོག་ཆགས་རྣམས་ཀྱི་རྒྱུད་དེས་བསྡུས་པ་ནས་བཟུང་ནས་དམྱལ་བ་དང་ཡི་དགས་དང་དུད་ འགྲོའི་འགྲོ་བ་རྣམས་དང་ལྷ་དང་མི་རྣམས་སུ་ཁམས་གསུམ་དུ་གཏོགས་པ་རྣམས་ཀྱི་འདུ་བྱེད་དུ་འགྱུར་བ་རྣམ་པ་གསུམ་པོ་དགེ་བ་རྣམས་དང་མི་དགེ་བ་རྣམས་དང་མི་གཡོ་བ་རྣམས་ཀྱིས་སོ། །དེ་ཡང་དགེ་བའི་ལས་ཀྱི་འདུ་བྱེད་ཀྱི་རྒྱུ་རྣམས་ཀྱིས་ནི་ལྷ་རྣམས་དང་མི་རྣམས་སུའོ། ། མི་དགེ་བ་ལས་ནི་དམྱལ་བ་རྣམས་སུའོ། །མི་གཡོ་བ་རྣམས་ཀྱིས་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུའོ། །ཁམས་རྣམ་པ་གསུམ་དུ་གཏོགས་པ་དེ་དག་རྣམས་ལ་ཡང་རྒྱལ་པོ་གང་ཞིག་རྒྱུ་ཙམ་དེ་ཁོ་ན་ཉིད་དུ་མཐོང་བ་དེ་ནི་འཁོར་བའི་འབྲོག་དགོན་པ་རྣམས་སུ་ རྨོངས་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་འདུས་བྱས་འདི་དག་རྣམས་ཐམས་ཅད་མདོར་བསྡུས་པ་ནི་འདི་ལྟ་སྟེ་རྒྱུ་དང་འབྲས་བུའོ། །རྒྱུ་དང་འབྲས་བུ་ཀུན་ནས་མཐོང་བའི་རྒྱལ་པོ་ནི་སྐྱོན་རྣམས་ཀྱིས་མི་འཇོམས་སོ། །ཉེས་པའི་འཇིགས་པ་རྣམས་ཀྱིས་འཇིགས་པས་མི་ དགེ་བའི་ལས་དག་མི་བྱེད་དོ། །དགེ་བ་ཡང་རྟག་ཏུ་བྱེད་པར་འགྱུར་རོ། །དེ་ནི་ལུས་ཞིག་པར་གྱུར་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་རྣམས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དེ་ལ་ཡིད་ལ་འཇུག་པར་བྱེད་པ་རྣམས་ཐམས་ཅད་ཀྱི་མཆོག་ནི་འདི་ལྟ་སྟེ། རྐྱེན་ལེགས་ པར་མཐོང་བ་ཞེས་བྱ་བའོ། །དེའི་ཕྱིར་ན་ཆོས་འདི་དག་རབ་ཏུ་བརྩོན་པས་རྒྱལ་པོས་གཟུང་བར་བྱ་བ་ཡིན་ནོ། །འདི་ལྟ་སྟེ་རྒྱུ་དང་རྐྱེན་རྣམས་ལ་ལེགས་པར་བལྟ་བའོ། །ཆོས་གཞན་ཡང་རབ་ཏུ་བརྩོན་པ་དུ་མས་རྒྱལ་པོས་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་ལྷ་ དག་མཆོད་པར་བྱའོ། །འདིར་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པའི་ལྷ་རྣམས་ནི་ལེགས་པར་བྱ་བའི་ལས་རྣམས་ལ་གྲོགས་སུ་རང་དབང་དུ་འགྲོ་བར་འགྱུར་རོ། །དགེ་བའི་ཆོས་རྣམས་ལ་ཡང་བར་ཆད་བྱེད་པར་མི་འགྱུར་རོ། །ཉིན་མོ་དང་མཚན་མོར་ཡང་འདི་ 70-1-257b དག་མཆོད་པས་མཆོད་པར་བྱེད་པ་རྣམས་ལ་ནི། ལས་རྣམས་ཐམས་ཅད་ལ་ཡང་ལྷན་ཅིག་རང་དབང་དུ་འགྱུར་རོ། །རྨི་ལམ་ཡང་བཟང་པོ་དང་ངན་པ་མྱོང་བར་འགྱུར་བ་རྣམས་ངེས་པར་ལེགས་པར་སྟོན་པར་འགྱུར་རོ། །ཡུལ་ལྗོངས་འཇིག་པར་འགྱུར་བ་ཡང་འདི་དག་ གིས་སྲུང་བར་བྱེད་དོ། །དགེ་བའི་ལས་རྣམས་རྟག་ཏུ་སྐུལ་བར་བྱེད་དོ། །འདི་ལྟ་སྟེ། དགེ་བ་དག་ལ་སོ་སོར་ངེས་པར་འཇུག་པར་བྱེད་པ་ན་འདི་དག་གིས་ཉིན་མོ་དང་མཚན་མོར་ཡང་སྲུང་བར་བྱེད་དོ། །ཕ་དང་མ་བཞིན་དུ་ཐབས་དུ་མས་དགེ་བར་བྱེད་པའི་ལྷ་མཆོད་པར་བྱ་ བར་འོས་པ་ཡང་ཡིན་ནོ། །དེའི་ཕྱིར་ན་རྒྱལ་པོས་རྟག་ཏུ་ལྷ་དག་མཆོད་པར་བྱ་བ་ཡིན་ཏེ། ཆོས་དང་ལྡན་པའི་ཆོ་ག་དག་གིས་དང་མངོན་པར་འདོད་པ་རྣམས་དང་དམ་ཚིག་གིས་དང་སྡིག་པའི་ལས་རྣམས་དང་རྣམ་པར་བྲལ་བས་དེང་འཚེ་བ་མེད་པ་དང་ལོག་པར་ལྟ་བ་ཅན་གྱི་ཡི་ དམ་གྱིས་མ་ཡིན་པ་དང ། འགྲོ་བ་ཐམས་ཅད་ཀྱི་ལས་དང་སྡུག་བསྔལ་བྱེད་པ་པོར་གྱུར་པའི་རྒྱུ་དེ་དང་བློ་དེ་དག་དང་ཇི་ལྟ་བར་བྲལ་བར་གྱུར་པ་དེ་ལྟར་ལྷ་དག་མཆོད་པར་བྱའོ། །གྲོགས་བྱེད་པའི་ཡོན་ཏན་རྣམས་ཀྱིས་དེ་ལྟར་མཆོད་པར་བྱེད་པའི་རྒྱལ་པོ་ནི་དོན་དག་ལས་ཡོངས་སུ་ ཉམས་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་ལ་སྐུར་པ་མི་འདེབས་སོ། །ལོག་པར་ལྟ་བ་དང་ལྡན་པར་མི་འགྱུར་རོ། །རྟག་ཏུ་ཡང་མཆོད་པར་བྱ་བར་འགྱུར་རོ། །ལུས་ཞིག་ནས་ཀྱང་ལས་དེའི་རྒྱུ་དང་རྐྱེན་དག་གིས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ལས་ འཐབ་བྲལ་གྱི་ནང་དུ་སྐྱེས་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །ཆོས་གཞན་ཡང་རྒྱལ་པོས་བྱ་བར་བྱའོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། ལེགས་པར་སྐྱེ་དགུ་རྣམས་བསྐྱང་བར་བྱའོ། །རྒྱལ་པོས་ཡང་དག་པར་སྐྱེ་དགུ་སྐྱོང་བར་བྱེད་པ་ནི་ཆོས་བྱེད་ ཆོས་ཀྱི་རྗེས་སུ་འཇུག་པར་གྱུར་པ་མ་དང་ཕ་དང་མཚུངས་པར་མི་འཇིགས་པ་སྦྱིན་པར་བྱེད་པ་ཡིན་ནོ། །འཇིགས་པ་རྣམས་ཐམས་ཅད་ལས་དེས་མི་འཇིགས་པ་སྦྱིན་པར་བྱེད་པས་ཉིན་དང་མཚན་དུ་ཡང་དགེ་བའི་ཆོས་རྣམས་ཀྱི་ཆུ་ཀླུང་རབ་ཏུ་འཇུག་པར་འགྱུར་བའི་ཕྱིར་ 70-1-258a རབ་ཏུ་རྒྱས་པར་འགྱུར་རོ། །འདི་ལ་གྲོང་ཁྱེར་པ་རྣམས་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་བ་དང་རྗེས་སུ་ཆགས་པའི་ཡིད་ཅན་དེ་དག་རྣམས་ལས་དེར་ནོར་རྣམས་རྙེད་པར་འགྱུར་བ་དང་སྙན་པ་ལ་ཡང་སྦྱོར་བར་བྱེད་དོ། །ཉིན་དང་མཚན་དུ་ཡང་འདིའི་བདེ་བ་སེམས་ པར་བྱེད་དོ། །དེ་དེ་ལྟར་ཞུགས་པར་གྱུར་པའི་རྒྱལ་པོ་ནི་སེམས་ཅན་རྣམས་ཐམས་ཅད་ལ་ཕན་པར་རབ་ཏུ་ཞུགས་པས་ན་དབང་སྒྱུར་བ་ཡང་རབ་ཏུ་འཕེལ་བར་འགྱུར་ཏེ། མངའ་ཐང་འཕེལ་བར་གྱུར་པ་གང་ཡིན་པ་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལོ་ཏོག་རྣམས་སྐྱེ་བར་འགྱུར་ རོ། །ལེགས་པ་ཉིད་དུ་སྐྱེ་དགུ་རྣམས་ཀྱང་འཕེལ་བར་འགྱུར་རོ། །གྲོང་ཁྱེར་དེ་འཕེལ་བར་གྱུར་པས་ཀྱང་ཕྱིར་ཞིང་ཡང་རྒྱལ་པོ་དེ་ཉིད་མངོན་པར་འཕེལ་བར་བྱེད་དོ། །དེ་ལྟར་རྒྱལ་པོ་དེས་སྐྱེ་དགུ་རྣམས་བསྐྱངས་པར་གྱུར་པ་ན་ཆོས་དང་ནོར་དང་སྙན་གྲགས་དང་ཡང་རྟག་ཏུ་ཡང་ དག་པར་ལྡན་པར་འགྱུར་རོ། །ལེགས་པར་ལྡན་པས་ཕྱིར་ཞིང་ཡང་རྒྱལ་འབངས་རྣམས་སྐྱོང་བར་བྱེད་དོ། །དེ་རྟག་ཏུ་སྐྱེ་དགུ་རྣམས་ལ་ཕན་པར་འདོད་པ་དང ། གནོད་སེམས་མེད་པ་དང ། བརྣབ་སེམས་མེད་པར་འགྱུར་བས་ཀྱང་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་ རྣམས་ལས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་བ་ཡིན་ཏེ། དེས་སྔོན་བྱས་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །རྒྱལ་པོ་ཆོས་བྱེད་ཆོས་ཀྱི་རྗེས་སུ་ཀུན་ནས་འཇུག་པས་ཆོས་གཞན་ཡང་བྱ་བར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། བུ་དང་བུ་མོ་ཡང་དག་པ་ཇི་ ལྟ་བའི་བདེ་བས་འཛིན་པའོ། །བུ་དང་བུ་མོ་ཡང་ཡང་དག་པའི་བདེ་བས་འཛིན་པར་བྱེད་པར་འགྱུར་བའི་རྒྱལ་པོའམ་རྒྱལ་པོའི་བློན་པོ་ལ་ཡང་རུང་སྟེ། རྣམ་པ་དུ་མའི་བསོད་ནམས་ཆེན་པོ་རྒྱུན་མི་འཆད་པར་རབ་ཏུ་འཕེལ་བར་འགྱུར་རོ། །གང་འདི་ལ་གྱུར་པ་རྣམས་དེ་དག་ལ་འགྱུར་ བར་བྱེད་པ་དང ། རྣམ་པ་གང་དག་གིས་ཡིན་པ་དང ། ཡོད་པ་རྣམས་ཀྱང་ཇི་སྲིད་ཀྱི་བར་དུ་དང ། དུས་གང་གི་ཚེ་ན་ཡོད་པ་དེ་དག་རྣམས་ཀྱང་དེ་བཞིན་དུ་དེས་དེ་ལ་ཐམས་ཅད་ནས་སྟེར་བར་བྱེད་པ་སྟེ། རྫས་དང་ཟས་དང་སྐོམ་དང་གོས་དང་ཡོངས་སུ་འཁྱུད་པ་དང་སྙན་པར་སྨྲ་བ་ 70-1-258b དང་ཡིད་ཆེས་པར་བྱ་བ་དང་དགའ་བར་བྱ་བ་དང་མི་འཇིགས་པ་སྦྱིན་པ་རྣམས་ཀྱང་ཤུགས་བཏོན་ནས་རབ་ཏུ་སྦྱིན་པར་བྱེད་དོ། །བུ་རྣམས་དང་བུ་མོ་རྣམས་ལས་གང་དག་བསོད་ནམས་ཆེན་པོ་འབྱུང་བར་འགྱུར་ཏེ། རྣམ་པ་དུ་མར་བསོད་ནམས་ཆེན་པོར་ཁྱིམ་ནས་ཀུན་ཏུ་འབྱུང་བར་ འགྱུར་བ་འདི་ནི་བུ་དང་བུ་མོ་ལེགས་པར་འཛིན་པ་ཞེས་བྱ་བ་གང་ཡིན་པ། བཀྲེན་པས་ཟིལ་གྱིས་མནན་པར་མ་གྱུར་པ་དང ། འདོད་པས་གཟིར་བར་མ་ཡིན་པས་ཀྱང་བུ་དང་བུ་མོ་རྣམས་ལ་སྙིང་རྗེ་དང་ལྡན་པར་གྱུར་པའོ། །དེའི་རྫས་བྱིན་པར་གྱུར་ནས་གསོད་པ་ལས་བསྲུངས་ པ་རྣམས་ཀྱི་དྲུང་ན་ཡང་ཆེས་ལྷག་པར་འགྱུར་རོ། །དེའི་ཕྱིར་ན་གང་དག་དད་པས་རབ་ཏུ་འབྱུང་བར་མི་ནུས་པ་དེ་དག་རྣམས་ཀྱིས་བུ་དང་བུ་མོ་རྣམས་ཡང་དག་པར་བདེན་པས་གཟུང་བར་བྱའོ། །གང་ཡང་ནུས་པ་དང་ལྡན་པར་གྱུར་ཀྱང་བཀྲེན་པར་གྱུར་པས་ནུས་པ་ཇི་ལྟ་བ་ བཞིན་དུ་བུ་དང་བུ་མོ་རྣམས་འཛིན་པར་མི་བྱེད་པ་དེ་ནི་ཁྱིམ་པ་ཡང་མ་ཡིན་ལ་དགེ་སློང་ཡང་མ་ཡིན་ནོ། །དེའི་ཕྱིར་ན་ཟང་ཟིང་གི་སྦྱིན་པས་སྦྱིན་པ་ལ་ལེགས་པར་སྦྱར་བར་བྱ་བ་དང ། ཚུལ་ཁྲིམས་ལ་ཀུན་ནས་གོམས་པར་བྱ་བས་ཀྱང་རྒྱལ་པོའམ་རྒྱལ་པོའི་བློན་པོ་རྣམས་ཀྱིས་ཀྱང་ རུང་སྟེ། བུ་དང་བུ་མོ་ཚུལ་ཁྲིམས་ལ་རབ་ཏུ་དགོད་པར་བྱའོ། །སྦྱིན་པ་དག་གཏོང་དུ་གཞུག་པར་བྱའོ། །ཤེས་རབ་ལ་གོམས་པར་བྱེད་དུ་གཞུག་གོ། །ཡང་དག་པའི་བདེ་བས་ཡོངས་སུ་བསྐྱང་བར་བྱ་བ་དང ། རྗེས་སུ་བསྐྱངས་པའི་དབང་དུ་བྱས་ནས་ལྷག་མ་རྣམས་ཀྱིས་ རིམ་གྱིས་ནུས་པ་ཇི་ལྟ་བ་བཞིན་དུ་སྟེ། དེ་ལྟར་བྱེད་པར་གྱུར་པའི་རྒྱལ་པོའམ་རྒྱལ་པོའི་བློན་པོ་དེ་དག་རྣམས་ཀྱང་རུང་སྟེ། ཤིན་ཏུ་རིང་དུ་བདེ་བར་འཚོའོ། །ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་རྣམས་ལས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་ བདག་ཏུ་འགྱུར་ཏེ། དགེ་བའི་ལས་དེ་དག་གི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །ཆོས་གཞན་ཡང་རྒྱལ་པོས་རབ་ཏུ་བརྩོན་པ་དུ་མར་བྱ་བ་རྣམས་ལ་འདི་ལྟ་སྟེ། ཤེས་རབ་ལ་ཅི་ནས་ཀྱང་གོམས་པར་བྱ་བའི་རང་བཞིན་ཅན་ཉིད་དོ། །ཤེས་རབ་ལ་གོམས་པར་བྱ་བ་ཞེས་བྱ་བ་ནི་སྡུག་བསྔལ་ 70-1-259a ཐམས་ཅད་ཀུན་ནས་འཇོམས་པར་བྱེད་པ་འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་ན། དེ་ལ་ཅི་ནས་ཀྱང་རྒྱལ་པོས་གོམས་པར་བྱ་བ་ཡིན། ཤེས་རབ་ཞེས་བྱ་བ་ཡང ། གང་གི་ཕྱིར་མུན་པ་ཆེན་པོར་ཀུན་ནས་ལྟུང་བའི་སྡུག་བསྔལ་དུ་མའི་ མུན་པར་འཐོམས་པར་གྱུར་པ་རྣམས་ལ་རབ་ཏུ་གསལ་བར་བྱེད་པའི་མར་མེ། འཁོར་བའི་དབུལ་པོ་རྣམས་ཀྱི་ནོར། མིག་མེད་པར་གྱུར་པ་རྣམས་ཀྱི་མིག་།སྟོབས་མེད་པ་རྣམས་ཀྱི་སྟོབས་དང ། གྲོགས་མེད་པ་རྣམས་ཀྱི་གྲོགས་དང ། སྐྱོབ་པ་དང་མི་ལྡན་པ་རྣམས་ཀྱི་ སྐྱོབ་པར་བྱེད་པ་དང ། ནད་ཀྱིས་ཤིན་ཏུ་གཟིར་བའི་སྲོག་ཆགས་འདི་དག་རྣམས་ཀྱི་ནི་སྨན་ནོ། །ལམ་མེད་པ་ལ་རབ་ཏུ་གནས་པ་རྣམས་ཀྱི་ནི་ལམ་སྟོན་པར་བྱེད་པའོ། །འཁོར་བའི་དགོན་པར་རབ་ཏུ་ཞུགས་པར་གྱུར་པས་སྲེད་པས་ཀུན་ནས་གདུངས་པ་རྣམས་ཀྱི་ནི་ཤིན་ཏུ་ བར་ཡང་བསིལ་བར་གྱུར་པའི་ཆུ་རྣམ་པ་དུ་མ་རྣམས་སོ། །འཁོར་བའི་བཙོན་རར་ཀུན་ནས་བསྡམས་པ་རྣམས་ཀྱི་ངེས་པར་འབྱིན་པའི་རྒྱུར་གྱུར་པའོ། །གཉེན་བཤེས་མེད་པ་རྣམས་ཀྱི་ཕན་པར་བྱེད་པའི་གཉེན་ནོ། །མིག་ལྡོངས་པ་རྣམས་ཀྱི་རབ་རིབ་དང་རྣམ་པར་བྲལ་བར་བྱེད་པའི་མིག་ གོ། །གསོད་པར་བྱེད་པའི་ཡུལ་དང་དུས་རྣམས་སུ་སྟོབས་དང་ལྡན་པའི་གྲོགས་པོའོ། །གཤིན་རྗེའི་ཕོ་ཉ་རྣམས་ཉེ་བར་གནས་པའི་འཆི་བའི་དུས་ན་སྟོབས་དང་ལྡན་པའི་གྲོགས་པོ་རྣམས་གང་གིས་ངན་འགྲོའི་འཇིགས་པ་རྣམས་ཐམས་ཅད་ལས་ཀུན་ཏུ་འདྲེན་པར་བྱེད་པའོ། །བགྲོད་དཀའ་ བ་རྣམས་དང་ངམ་གྲོག་རྣམས་དང་གཡང་ས་རྣམས་ལས་ལག་པས་འདོན་པར་བྱེད་པའི་སྟོབས་དང་ལྡན་པའི་གྲོགས་པོ་རྣམས་གང་གིས་བདེ་བ་རྣམས་ཐམས་ཅད་འཐོབ་པར་བྱེད་པའོ། །ཀུན་ནས་ཚིག་པར་གྱུར་པའི་སྐྱེས་བུ་རྣམས་ཀྱི་རིན་ཐང་མེད་པའི་གོས་རྣམས་སོ། །ཚུལ་ཁྲིམས་འཆལ་ པའི་མེའི་འཇིགས་པའི་ཚ་བས་གདུངས་པ་རྣམས་ཀྱི་ཤིན་ཏུ་ཆེ་བའི་ཡལ་ག་དུ་མ་རྣམས་ཀྱིས་ཀུན་ནས་ཁྱབ་པར་གྱུར་པའི་བསིལ་བའི་གྲིབ་མ་འཇིགས་པ་མེད་པ་དང་ལྡན་པ་ལ་ཡལ་ག་དུ་མ་སྟུག་པོར་གྱུར་པ་ཡལ་ག་ཕྲེའུ་དང ། ཆིའུ་གཞོན་ནུ་དང་འདབ་མ་དང་ཟེ་བ་དང་ལྡན་པའི་ལྗོན་ཤིང་སྐྱེ་ 70-1-259b བོ་རྣམས་ཐམས་ཅད་ཀྱི་མིག་དང་རེག་པ་ན་ཤིན་ཏུ་དགའ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་ཡང་ཤེས་རབ་ནི་ཆེས་ཤིན་ཏུ་ལྷག་པར་གྱུར་པ་ཡིན་ནོ། །ཀྱེ་ཧོ་འཇིག་རྟེན་ཕ་རོལ་དང་འདི་དང་གཞན་ལ་ཡང་རུང་སྟེ། སྐྱེ་དགུ་རྣམས་ལ་ཐོག་མ་མེད་པའི་དུས་ནས་རབ་ཏུ་འཇུག་པར་གྱུར་པའི་ རྒྱུར་གྱུར་པ་རྣམ་པ་དེ་ལྟ་བུ་གཞན་ནི་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱིས་ནི་ཇི་ལྟ་བ་བཞིན་དུ་གཅིག་ཏུ་ཡོན་ཏན་དང་ལྡན་པ་དང་དེ་ཡོངས་སུ་ཤེས་པར་བྱ་བའི་ཚུལ་ཇི་ལྟ་བར་གོམས་པར་བྱ་བ་ལས་ལམ་དམ་པ་རྟོགས་པར་འགྱུར་ཞིང ། ལེགས་པར་རྣམ་པར་སྤྱད་ནས་སེམས་ལ་རབ་ཏུ་བཞག་སྟེ། མཐའ་མར་ལྷན་ཅིག་ཀུན་དུ་བསྐྱོད་པ་དང ། གཅིག་ཏུ་ངེས་པ་དང་དེ་རྣམ་པ་དུ་མར་རྣམ་པར་ཤེས་པར་བྱ་བ་ཡིན་པ་དང ། དང་པོ་དང་བར་དང་ཐ་མར་ཆེས་མཛེས་པར་གྱུར་པ་བྲིས་པ། ངོ་བོ་ཉིད་ཀྱི་ལམ་ལེགས་པར་སྟོན་པར་བྱེད་པའོ། །དེ་དག་ཉིད་ནི་མངོན་པར་འདོད་པའི་དོན་ ཐམས་ཅད་ལ་གཅིག་ཏུ་ཆགས་པ་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལེགས་པར་སྟོན་པ་པོ་དེ་ནི་རྟག་ཏུ་གོམས་པར་བྱའོ། །དེ་ནི་ཡུན་རིང་དུ་རྒྱལ་སྲིད་ལ་ལོངས་སྤྱོད་པར་གྱུར་པ་དང་གྲོང་ཁྱེར་པ་རྣམས་ཀྱང་འདི་ལ་རྗེས་སུ་དགའ་བར་འགྱུར་རོ། །ཡུལ་གཞན་རྣམས་ཀྱི་ རྒྱལ་པོས་ཀྱང་གཞོམ་པར་མི་ནུས་སོ། །དུས་ཡུན་རིང་དུ་འཚོ་བར་འགྱུར་བ་དང་སྡུག་བསྔལ་ཡང་འབྱུང་བར་མི་འགྱུར་རོ། །བདེ་བ་རྣམས་ལ་ཡང་དུས་རིང་དུ་ཉེ་བར་ལོངས་སྤྱོད་པར་བྱེད་པ་དེས་བདེ་བ་ནས་བདེ་བ་འཐོབ་པར་འགྱུར་རོ། །ལུས་ཀྱང་ཞིག་པར་གྱུར་ནས་ཤི་བའི་འོག་ ཏུ་ཡང་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་ཏེ། དེས་སྔོན་བྱས་པའི་ལས་རྣམས་ཀྱི་རྒྱུའི་རྣམ་པར་སྨིན་པའི་རྐྱེན་གྱིས་སོ། །ཡང་ཆོས་གཞན་དག་རྒྱལ་པོས་རབ་ཏུ་བརྩོན་པ་ཐམས་ཅད་ཀྱིས་བྱ་བར་བྱའོ། །འདི་ཡང་གང་ ཞེ་ན། འདི་ལྟ་སྟེ། ཡུལ་གྱིས་འཁྲིད་པར་འགྱུར་བ་དེ་ལྟར་མི་བྱའོ། །རྒྱལ་པོ་གང་ཞིག་ཡུལ་རྣམས་མཆོག་ཏུ་བྱེད་པར་གྱུར་པ་རྣམ་པ་ཐམས་ཅད་དུ་དགེ་ལེགས་སུ་འོས་པའི་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་ཀྱིས་ཀུན་ཏུ་ཕྲོགས་པའི་རྒྱལ་པོ་ནི་ཐབས་རྣམས་ 70-1-260a ཐམས་ཅད་ཀྱིས་ཀྱང་དགེ་བར་བྱ་མི་ནུས་སོ། །རྣམ་པ་དེ་ལྟ་བུ་དག་གིས་ཡུལ་རྣམས་ཀྱང་དག་པའི་བདེ་བས་ཡོངས་སུ་སྐྱོང་བར་མི་འགྱུར་རོ། །བདག་ཉིད་ཀྱང་ཡུལ་དེ་དག་རྣམས་ལ་མཆོག་ཏུ་བྱེད་པར་ཡང་མི་འགྱུར་ཞིང་བློ་དེ་ལ་སོང་བར་གྱུར་པས་ཀྱང་ཆོས་དང་ ནོར་དང་སྙན་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །ཡོངས་སུ་ཉམས་པ་ལས་ནི་མི་འཐུན་པའི་རྒྱལ་པོ་གཞན་གྱིས་མངོན་པར་འཚེ་བར་བྱེད་དོ། །དེ་དེས་མངོན་པར་གཙེས་པ་ལས་ནི་དེའི་གྲོང་ཁྱེར་བ་རྣམས་དགའ་བ་དང་རྣམ་པར་བྲལ་བར་གྱུར་ནས་རྒྱལ་སྲིད་ འཆོར་བར་འགྱུར་རོ། །སྡུག་བསྔལ་ཆེན་པོ་རྣམས་སུ་ཡང་ལྷུང་ནས་སྲོག་ཀྱང་ངམ་བརྒྱ་ལ་ན་སྟེ་མེད་པར་འགྱུར་རོ། །དེའི་ཕྱིར་ན་ཡུལ་རྣམས་ལ་ཆེད་ཆེར་འགྱུར་བར་མི་བྱའོ། །གང་ཡང་རྒྱལ་པོ་ཡུལ་རྣམས་ལ་ཆེད་ཆེར་བྱེད་པ་མ་ཡིན་པ་དང་རང་གི་ཆོས་ཡོངས་སུ་སྐྱོང་བར་ བྱེད་པ་དང ། སེམས་ཀྱང་ཤིན་ཏུ་མཉམ་པར་བཞག་པ་དག་ནི་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་ཀྱིས་ཀུན་ནས་འཁྲིད་པར་མི་འགྱུར་རོ། །དེ་ལྟར་རྒྱལ་པོ་དེས་སྐྱེ་དགུ་རྣམས་བསྐྱངས་པར་གྱུར་པ་ན་ཆོས་དང་ནོར་དང་སྙན་གྲགས་དང་ཡང་རྟག་ཏུ་ཡང་དག་པར་ལྡན་པར་ འགྱུར་རོ། །ལེགས་པར་ལྡན་པས་ཕྱིར་ཞིང་ཡང་རྒྱལ་འབངས་རྣམས་སྐྱོང་བར་བྱེད་དོ། །དེ་རྟག་ཏུ་སྐྱེ་དགུ་རྣམས་ལ་ཕན་པར་འདོད་པ་དང ། གནོད་སེམས་མེད་པ་དང་བརྣབ་སེམས་མེད་པར་གྱུར་པས་ཀྱང་ལུས་ཞིག་ནས་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་རྣམས་ལས་འཐབ་ བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་བ་ཡིན་ཏེ་དེས་སྔོན་བྱས་པའི་རྒྱུ་དང་རྐྱེན་རྣམས་ཀྱིས་སོ། །ཡང་ཆོས་གཞན་ཡང་རྒྱལ་པོས་མི་བྱ་བར་གྱུར་པ་འདི་ཡང་གང་ཞེ་ན། འདི་ལྟ་སྟེ་གདུལ་དཀའ་བ་རྣམས་ཡུལ་དུ་འཛིན་པར་མི་བྱེད་དོ། །གང་ཡང་རྒྱལ་པོར་གྱུར་ནས་གདུལ་ དཀའ་བའི་སྡིག་པའི་ལས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ཡུལ་དུ་འཛིན་པར་བྱེད་པ་ན་དེ་ནི་དུས་མི་རིང་བ་ཉིད་ན་དེས་བྱས་པར་གྱུར་པའི་སྐྱོན་ཆེན་པོ་ཀུན་ཏུ་ལྟུང་བར་འགྱུར་རོ། །སྐྱོན་ཆེན་པོ་དེ་དག་རྣམས་ཀྱིས་ཀྱང་ཡུལ་ལྗོངས་འཇིགས་པར་འགྱུར་བ་དང ། མངའ་བྱེད་རྣམས་ལས་ཡང་ 70-1-260b ཡོངས་སུ་ཉམས་པར་འགྱུར་རོ། །ལོ་ཏོག་རྣམས་ཀྱང་སྨིན་པར་མི་འགྱུར་རོ། །ལས་ཀྱི་མཐའ་དག་མེད་པར་འགྱུར་རོ། །ལེགས་པར་སྐྱེ་དགུ་རྣམས་སྐྱོང་བར་ཡང་མི་བྱེད་དོ། །དེ་ལ་སྐྱེ་དགུ་འདོད་ཆགས་དང་བྲལ་བར་འགྱུར་རོ། །གདུལ་དཀའ་བ་རྣམས་ཡུལ་དུ་འཛིན་པར་ བྱེད་པ་ཡིན་པའི་ཕྱིར་ན་ཡུལ་ན་གནས་པའི་ལྷ་དག་ཀྱང་རྗེས་སུ་བརྩེ་བར་མི་འགྱུར་རོ། །གདུལ་དཀའ་བ་རྣམས་ཀྱིས་ནི་གང་གི་ཕྱིར་སྐྱེ་བོ་མཆོག་ཏུ་དུལ་བ་རྣམས་ཀྱང་གདུལ་དཀའ་བར་བྱེད་པ་ཡིན་ཏེ། ཐམས་ཅད་ཀྱང་བསྟེན་གྲོགས་ཀྱི་དབང་གིས་ཡིན་པའི་ཕྱིར་ན་ཡོན་ཏན་དང་ལྡན་པར་ གྱུར་པ་རྣམས་ཐམས་ཅད་དང་གཞན་དང་སྟེན་གྲོགས་བྱས་པར་གྱུར་པ་ལས་ཆུད་འཛའ་བར་འགྱུར་རོ། །དེའི་ཕྱིར་ན་རྒྱལ་པོས་གདུལ་དཀའ་བ་རྣམས་ཀུན་ཏུ་གཟུང་བར་མི་བྱའོ། །གང་ཡང་སྐྱེས་བུ་ངན་པ་གདུལ་བར་དཀའ་བ་སྡིག་པ་ཀུན་ཏུ་སྤྱོད་པ་འཛིན་པར་མི་བྱེད་པ་ དེ་དག་ལ་ནི་སྐྱོན་ཇི་ལྟར་བཤད་པ་དེ་དག་རྣམས་མི་འབྱུང་ངོ ། །ཡང་དག་པར་སྐྱེ་དགུ་རྣམས་སྐྱོང་བར་བྱེད་དོ། །སྐྱེས་བུ་ཆོས་བྱེད་མ་ཡིན་པ་རྣམས་ནི་འདིའི་ཡུལ་ན་གནས་པར་ཡང་མི་བྱེད་དོ། །དེ་སྐྱེས་བུ་ཆོས་པ་རྣམས་དང་ལྡན་པས་ཆོས་མ་ཡིན་པ་རྣམས་ལ་དགའ་བར་ ཡང་མི་བྱེད་དོ། །ཆོས་པ་ཆོས་ཀྱི་རྗེས་སུ་འཇུག་པར་དེའི་ཡིད་ལ་བསམས་པ་འདི་དག་རྣམས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །འདིའི་ཡུལ་ཡང་འཇིག་པར་མི་འགྱུར་རོ། །དོན་མ་ཡིན་པ་གཞན་ཡང་འབྱུང་བར་མི་འགྱུར་རོ། །རྒྱལ་པོ་དེ་ཆོས་ཁོ་ནའི་ སྐྱབས་དང་ཆོས་ཁོ་ནའི་གྲོགས་དང་གཞི་དེ་ཉིད་ཀྱིས་ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་འཐབ་བྲལ་གྱི་ལྷ་རྣམས་ཀྱི་མངའ་བདག་ཏུ་ལས་དེའི་རྒྱུ་དང་རྐྱེན་རྣམས་ཀྱིས་འགྱུར་རོ། །ཆོས་གཞན་ཡང་རྒྱལ་པོས་རབ་ཏུ་བརྩོན་པར་གྱུར་པས་བྱེད་པ་ན་ཆོས་ དང་ལེགས་པར་ལྡན་པས་ཡིན་གྱི་འདི་ལ་ཡང་རང་བཞིན་ཆགས་པ་དང་ལྡན་པས་ནི་མ་ཡིན་ནོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། བྲན་རྣམས་ལ་རང་གི་ཁྱིམ་དུ་ལོངས་སྤྱོད་པར་བྱེད་པ་ད་ལྟར་གྱུར་པའི་ས་གཞི་དང་ནོར་སྦྱིན་པར་སྦྱིན་པ་རྣམས་རྒྱལ་པོ་གང་གིས་བྲན་གང་ལ་ 70-1-261a འདིའི་ཁྱིམ་དུ་རིགས་པ་ཡིན་པ་རྣམས་དེས་དེ་རང་ལ་སྟེར་བར་བྱེད་དོ། །དེ་ལ་རང་བཞིན་གྱིས་མི་དགའ་བར་མི་བྱེད་དོ། །བྲན་རྣམས་དང་ཕན་ཚུན་དུ་དགའ་རངས་པར་བྱེད་པ་ཡང་མ་ཡིན་ནོ། །འདི་དག་རྣམས་ལ་ཡིད་འབྱུང་བར་མི་བྱེད་དོ། །བགོ་བཤའ་བྱེད་ པའི་དབང་དུ་བྱས་ནས་གནས་ནས་གཡོ་བར་ཡང་མི་འགྱུར་རོ། །རྟོག་པར་ཡང་མི་བྱེད་པའི་རྒྱལ་པོ་ནི་ཤིན་ཏུ་ལེགས་པར་གནས་པ་རྣམས་ཀྱིས་ཀྱང་གནས་པ་ཡིན་ནོ། །འདི་ནི་ཉོ་ཚོང་གི་བྱ་བའི་ཡུལ་རྣམས་ལ་ཡང་འཇུག་པར་མི་བྱེད་དོ། །སྟོབས་དང་ལྡན་པར་གྱུར་ན་ཡང་ སྟོབས་ཆུང་བ་རྣམས་ཅི་ནས་ཀྱང་འཚེ་བར་མི་བྱེད་དོ། །ཆོས་རྣམས་ལ་འདོད་པ་ཅན་ཡང་མ་ཡིན་ནོ། །ཆོག་ཤེས་ཅན་ཡིན་པ་ཡང་ཇི་ལྟར་རང་གི་ལས་ཀྱིས་བྱས་པ་རྣམས་ཀྱིས་ཆོག་ཤེས་སོ། །ཡུལ་ལྗོངས་རྣམས་སུ་ཡང་དུས་མ་ཡིན་པར་ལྷས་ཆར་མི་འབེབས་སོ། །དུས་ མ་ཡིན་པར་ཉི་མ་རབ་ཏུ་ཚ་བར་མི་འགྱུར་རོ། །མུ་གེ་འབྱུང་བར་མི་འགྱུར་རོ། །མཚོན་ཆ་འཁྲུག་པར་མི་འགྱུར་རོ། །ཀླུ་རྣམས་ཀུན་ནས་འཁྲུག་པར་མི་འགྱུར་རོ། །ལྷ་དག་གིས་ཡུལ་དེ་ཡོངས་སུ་སྤངས་པར་གྱུར་ནས་ཡུལ་གཞན་རྣམས་སུ་ཉེ་བར་འགྲོ་བར་མི་འགྱུར་ རོ། །ཡུལ་དེ་ཡང་ལྷ་གཞན་དག་གིས་སྟོངས་པར་བྱས་ནས་རླག་པར་མི་བྱེད་དོ། །མི་རྣམས་དང་ལྷ་རྣམས་ཀྱང་མི་རྣམས་ཀྱི་སྟོབས་ཀྱིས་འཕེལ་བར་བྱེད་པ་ཡིན་ནོ། །དེ་ལ་དེ་ལྟར་སྐྱོན་དག་རྗེས་སུ་རྟོགས་པར་བྱས་ལ་རྒྱལ་པོས་མི་སྡིག་ཅན་རྣམས་གཟུང་བར་མི་བྱའོ། །གང་ ཡང་དགེ་བ་སྤྱོད་པར་བྱེད་པ་སྤྱོད་པ་རྣམས་ཀྱི་མཆོག་ཆོས་བྱེད་ཀྱི་མཆོག་ཏུ་གྱུར་པ་རྣམས་ཡུལ་དུ་འཛིན་པར་བྱེད་པའི་ཡུལ་དེ་དག་རྣམས་ཐམས་ཅད་ནི་ལྷས་ཡོངས་སུ་སྐྱོང་བར་བྱེད་དོ། །འཛིན་པར་བྱེད་དོ། །འཛིན་པར་བྱེད་པའི་རྒྱུ་མཚན་གྱིས་ཀྱང་ལྷའི་ཚོགས་དང་ཉེ་བའི་ ཡུལ་ལ་ལྷ་གཞན་རྣམས་ཀྱིས་དེར་བར་ཆད་བྱ་བར་མི་ནུས་སོ། །ཡུལ་དེ་ལ་ཡང་སྲུང་བར་འགྱུར་རོ། །རྒྱལ་པོ་དེ་ཡང་རྒྱས་པར་འགྱུར་བ་དེའི་ཕྱིར་ཡུལ་དུ་སྦྱིན་པ་དག་ནི་གཏོང་བར་བྱེད་ལ། བསོད་ནམས་དག་ཀྱང་བྱེད་དོ། །ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཤེས་པ་དང་ 70-1-261b ལྡན་པར་འགྱུར་རོ། །དེ་དེ་ལྟར་ཤིན་ཏུ་ལེགས་པ་དང་ཡང་དག་པར་ལྡན་པར་གྱུར་པའི་རྒྱལ་པོ་ཆོས་བྱེད་ཀྱི་མཆོག་ནི་འཇིག་རྟེན་འདིར་ཡང་མཆོག་ཏུ་མཛེས་པར་འགྱུར་ལ་ལུས་ཞིག་ནས་ཤི་བའི་འོག་ཏུ་ཡང་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལས་འཐབ་བྲལ་བའི་ལྷ་རྣམས་ཀྱི་མངའ་ བདག་ཏུ་འགྱུར་རོ། །རྒྱལ་པོ་གང་དག་ཆོས་སུམ་ཅུ་རྩ་ལྔ་པོ་དེ་དག་རྣམས་འཛིན་པར་བྱེད་པ་ནི། དེ་དག་གིས་ཀྱང་ལེགས་པར་གཟུང་བར་འགྱུར་རོ། །དེ་ནི་ཡོན་ཏན་རྣམས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལ་འདི་ནི་བདེ་བ་ནས་ཀྱང་ཆེས་བདེ་བའི་གནས་སུ་འགྱུར་ རོ། །དེ་ནས་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་དུས་བཟངས་དེ་གཙུག་ཏོར་ཅན་གྱིས་གསུངས་པའི་ཚིགས་སུ་བཅད་པ་རྣམས་བརྗོད་པ་ཇི་ལྟར། གང་གི་སྐྱེ་བོ་གཙང་མའི་འཁོར། །ཆོས་ལ་སྤྱོད་པ་དབང་པོ་ཐུལ། །རྒྱལ་པོ་ཆོས་བྱེད་བློ་ལྡན་དེ། །མཐོ་རིས་འཇིག་རྟེན་སྐྱེ་བ་ ཡིན། །དུས་ནི་ངེས་པར་བྱེད་པ་གང ། །ཆོས་ཀྱིས་ཡོངས་སུ་ལོངས་སྤྱོད་ཅིང ། །འདོད་པ་ལས་གྲོལ་རྒྱལ་པོ་དེ། །འཐབ་བྲལ་རྣམས་ལས་ལྷག་པར་འགྱུར། །བཟོད་ལྡན་སྙན་པའི་ངག་ཅན་གང ། །ཁྲོ་དང་རྒོད་པའང་རྣམ་སྡོམ་པ། །དེས་ནི་ས་ཆེན་བསྐྱང་བྱས་ནས། ། ལྷ་འདི་རྣམས་ཀྱི་གཙོ་བོར་འགྱུར། །དག་པ་ཕྱོགས་སུ་ལྷུང་མིན་པ། །གྲོགས་དང་གྲོགས་མིན་གྱིས་མི་འཇོམས། །རྒྱལ་པོ་ཤིན་ཏུ་མཉམ་རྒྱལ་ཕྱིར། །ལྷ་ཡི་འཇིག་རྟེན་དག་ཏུ་རུང ། །རྒན་པོ་ལྷ་ལ་སྤྲོ་བ་ཆེ། །བླ་མ་མཆོད་པ་པོ་ཉིད་དང ། །བརྐམ་ཆགས་མེད་དང་ བརྟན་པོའི་བློ། །ལྷ་རྣམས་ནང་ན་ལྷང་ངེའོ། །ཕ་ཡིས་སྔོན་ནི་བྱིན་པ་དང ། །དེ་ཉིད་སླར་ཡང་སྟེར་བ་གང ། །འབྱུང་པོ་རྣམས་ཀྱང་མི་འཚེ་བ། །དེ་ནི་ལྷར་ནི་སྐྱེ་བར་འགྱུར། །སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་བསྒྲིན། །ཆོས་སྨྲ་བ་དང་དབང་པོ་ཐུལ། །རྒྱལ་དེས་ས་འདི་ ལེགས་བཟུང་ནས། །ལྷ་ཡི་འཇིག་རྟེན་ས་བདག་འགྱུར། །ཆོས་པ་མིན་པ་འཛིན་མི་བྱེད། །ཆོས་པ་ལ་ཡང་དགའ་བར་བྱེད། །དེ་ནི་ཆོས་ཚུལ་ཀུན་དག་པས། །ལྷ་རྣམས་ཀྱི་ནི་མངའ་བདག་འགྱུར། །རྒྱལ་པོ་བུད་མེད་དབང་མི་འགྲོ། །རྟག་ཏུའང་བཟང་པོ་ 70-1-262a རྣམས་ཀྱི་དབང ། །དྲི་མེད་བློ་གྲོས་སྦྱངས་པ་སྟེ། །ལྷ་ཡི་འཇིག་རྟེན་དག་ཏུ་སྐྱེ། །ཐམས་ཅད་ཚིག་ནི་འཛིན་མི་བྱེད། །འཛིན་བྱེད་བཟང་པོ་རྣམས་ཀྱི་ཚིག་།བདུད་རྩི་དེ་ཉིད་ལེགས་འཐུང་བ། །ལྷ་ཡི་རྒྱབ་ཏུ་གནས་པ་པོ། །སྙན་གྲགས་ལ་ནི་འདོད་བྱེད་ཅིང ། །རྫས་ཉིད་ལ་ནི་འདོད་ལྡན་མིན། །འདོད་པའི་དྲི་མ་ལས་གྲོལ་ཏེ། །འཐབ་བྲལ་རྣམས་ཀྱི་མངའ་བདག་འགྱུར། །ལོག་པར་ལྟ་བའི་བློ་མིན་ཞིང ། །དེ་ཉིད་ཀུན་དུ་ལྟ་ལ་དགའ། །ཤིན་ཏུ་ལྟ་དག་མི་གཡོ་བ། །འཐབ་བྲལ་རྣམས་ལས་ལྷག་པར་འགྱུར། །སྦྱིན་ དང་ཚུལ་ཁྲིམས་རྟག་ཏུ་ལྡན། །ཤེས་རབ་ཀྱིས་ཀྱང་རྟག་དེ་འགྲོ། །མ་ལུས་ས་ཆེན་རྣམ་རྒྱལ་དེ། །ཕྱི་མར་ལྷ་ཡི་མངའ་བདག་འགྱུར། །རྣ་བ་སྤྲོ་བ་བྱེད་པའི་མཆོག་།ངག་ནི་སྙན་པར་གྱུར་པ་ཡིས། །རབ་ཏུ་ཚིམ་བྱེད་ས་བདག་ནི། །ཐ་མར་ལྷ་རྣམས་དག་ ཏུ་སྐྱེ། །ངག་གི་སླུ་བ་མེད་པ་གང ། །ལྷུན་པོ་བཞིན་དུ་མི་གཡོ་བ། །བདེན་པའི་ཐེམ་སྐས་ལ་འཛེགས་ནས། །ཐ་མར་དེ་ནི་ལྷ་རྣམས་ནང ། །གཞིས་རྣམས་ལ་ནི་འཕེལ་འགྲིབ་ཏུ། །གློ་བུར་དུ་ནི་མི་བྱེད་གང ། །མཆོག་ཏུ་སྒོ་བྱེད་རྒྱལ་པོ་དེ། །ངེས་ པར་ལྷ་ཡི་འཇིག་རྟེན་གནས། །མི་ཡི་ཁྱད་པར་དེ་ཉིད་ཤེས། །སྟོབས་དང་སྟོབས་མིན་ཤེས་པ་གང ། །དེ་ནི་བློ་སྟོབས་ལེགས་ལྡན་པས། །འཐབ་བྲལ་རྣམས་ཀྱི་བདག་པོར་འགྱུར། །གང་ཡང་ཁམས་གསུམ་ཕ་རོལ་གྱུར། །འདིར་ནི་དཀོན་མཆོག་ གསུམ་ཞེས་བརྗོད། །མི་བདག་གང་གིས་དེ་མཆོད་པ། །དེ་ནི་ལྷ་ཡི་ནང་དུ་སྐྱེ། །དུས་ངེས་པ་ནི་ལེགས་པར་སྟོན། །སྐྱེ་དགུ་རྣམས་ལ་ཕན་པར་དགའ། །རྒྱགས་དང་ཉམ་ང་བྲལ་བ་ཡི། །དེ་ནི་ལྷ་རྣམས་བདག་པོར་དྲན། །གཉིད་ཀྱི་དྲི་མ་ལས་རྣམས་གྲོལ། ། འདུ་འཛིའི་སྐྱོན་ནི་ཡོངས་སུ་སྤངས། །ཤེས་རབ་སྤྱོད་ཡུལ་ཡང་དག་ལྡན། །ངེས་པ་ཁོ་ནར་ལྷ་ཉིད་ཡིན། །ལེ་ལོའི་སྐྱོན་དང་བྲལ་བ་དང ། །རྟག་ཏུ་བརྟན་པ་ཕ་རོལ་གནོན། །དེས་ནི་ཉེས་པའི་ཚོགས་བཅོམ་ནས། །ཕ་རོལ་ཏུ་དེ་མཐོ་རིས་འགྲོ། །གང་ཞིག་གྲོགས་ 70-1-262b པོ་བརྟན་པ་དང ། །རྟག་ཏུ་ལས་ནི་བྱེད་རྣམས་ཀྱི། །དམ་པའི་གྲོགས་ཀྱིས་ལེགས་ཡོངས་བསྐོར། །རྒྱལ་པོ་ལྷ་ཡི་བདག་པོར་འགྱུར། །གང་གིས་གཡོ་སྒྱུ་ཅན་མི་སྟེན། །གཡོ་སྒྱུ་ཅན་ནི་སྤངས་པས་ཀྱང ། །དེ་ནི་བསྒྲུབ་བྱའི་ཡུལ་ལས་གྲོལ། །ལྷ་རྣམས་ལས་ནི་ ལྷག་པར་འགྱུར། །ཁྲོ་དང་རྒོད་བག་རྣམ་པར་སྤངས། །གང་ཡང་སྡིག་ལ་དགའ་མི་འགྱུར། །དེས་ནི་སྡིག་རྫབ་ལེགས་བཀྲུས་ནས། །རྟག་ཏུ་ལྷ་ཡི་བདག་པོར་འགྱུར། །ཟས་དང་སྐོམ་ལ་ཆགས་པ་མིན། །དགེ་བ་རྣམས་ལ་རྟག་ཏུ་ཆགས། །དམ་པ་ཆོས་ལེགས་ མཐོང་བ་དེ། །བློ་རབ་རྒྱལ་ནས་ལྷག་པར་མཛེས། །ལེགས་པར་བསམས་པ་སེམས་པར་བྱེད། །དམ་པའི་ཆོས་ལ་འཇུག་པར་བྱེད། །དམ་པའི་ཆོས་ཀྱི་གདམས་ངག་གིས། །ཇི་བཞིན་ལྷ་ཡི་ནང་དུ་འགྲོ། །དོན་སྐོར་མིན་དང་མྱུར་བར་ཡང ། །གང་ཞིག་ཆོས་ཀྱི་རྗེས་སུ་འཇུག་། སྡུག་བསྔལ་དེ་ནི་མྱུར་གྲོལ་ནས། །ལྷ་ཡི་འཇིག་རྟེན་དུ་ཉེར་འགྲོ། །མི་བདག་གང་ཡང་ཆོས་ཀྱིས་ནི། །རྟག་ཏུ་སྐྱེ་དགུ་ཡོངས་སྐྱོང་བ། །རབ་ཏུ་བསྔགས་པའི་ཆོས་བྱེད་བདག་།ལྷ་ཡི་འཇིག་རྟེན་ས་བདག་འགྱུར། །དགེ་བའི་ཆོས་བཅུ་བདག་གིས་ནི། །གང་བཤད་ དེ་ཉིད་མཐོང་བ་ཡིས། །གང་དེ་བྱེད་པའི་བློ་ལྡན་ནི། །ལྷ་ལས་ལྷག་པར་མཛེས་པ་ཡིན། །རྒྱུ་དང་རྐྱེན་ནི་ལེགས་པར་མཐོང ། །ལམ་དང་ལམ་མིན་དེ་བཞིན་ཏེ། །དེ་ནི་ལྟ་བའི་དྲི་བྲལ་ནས། །དེ་བློ་ལྷག་པར་ཁྱད་པར་འགྲོ། །ཇི་ལྟར་འོས་པར་ས་བདག་གི། །ལྷ་གང་ དག་ནི་མཆོད་བྱེད་པ། །ལྷ་རྣམས་མཆོད་པས་དེ་ལྟར་ཡང ། །ལྷ་རྣམས་ལས་ནི་ལྷག་པར་འགྱུར། །རྙོག་པ་མེད་པའི་ཡིད་ཀྱིས་ནི། །བུ་དང་བུ་མོ་འཛིན་བྱེད་པ། །རང་གི་ཆུང་མས་ཆོག་ཤེས་དེ། །ལྷ་རྣམས་ཀྱི་ནི་བདག་པོར་འགྱུར། །བྱིས་པ་ཐམས་ཅད་འཕྲོག་བྱེད་པའི། །ཡུལ་རྣམས་ གྱིས་ནི་འཕྲོག་མི་འགྱུར། །རྟག་ཏུ་ཚུལ་ཁྲིམས་ཀྱིས་བསྲུངས་པའི། །ཚུལ་ཁྲིམས་ལྡན་དེ་ལྷ་ཡུལ་འགྲོ། །གདུལ་བར་མི་ནུས་རྟག་ཏུ་སྤངས། །སྟེན་པ་གང་ཡང་ཆོས་བྱེད་ལ། །དམ་པའི་ཆོས་སེམས་གཙང་མ་ནི། །ལྷར་འོས་པ་ཡི་ཕུན་ཚོགས་ལྡན། །རིགས་པས་བརྩམས་ 70-1-263a པའི་ཆོས་ཀྱིས་འདི། །ས་སྐྱོང་བ་ཡི་བདག་པོ་འདི། །ས་གཞི་མ་ལུས་ཀུན་བསྔགས་ནས། །འཐབ་བྲལ་གྱི་ཡང་བདག་པོར་འགྱུར། །དེ་ལྟར་འཐབ་བྲལ་གྱི་མངའ་བདག་དེ་མངོན་པར་མཐོང་ནས་ངང་པའི་རྒྱལ་པོས་དུས་བཟངས་ཀྱིས་སྐྱེ་བ་གཞན་དྲན་པར་གྱུར་པས་དང་སྨོན་ལམ་ གྱིས་ཀྱང་དེར་སྐྱེས་པས་ན། གཙུག་ཏོར་ཅན་གྱིས་གསུངས་པ་རྣམས་མུ་སུ་ལུན་དྷ་དེ་ཀུན་ཏུ་དགའ་བར་བྱ་བའི་དོན་དུ་བསྟན་པ་ཡིན་ནོ། །གནས་འདི་ནི་དེ་ལྟར་རྙེད་པ་མ་ཡིན་གྱི་ཆོས་ཆེན་པོའི་ཁྱད་པར་གྱིས་གནས་འདི་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ཐོབ་ནས་ཀྱང་གང་དག་བག་མེད་ པས་མི་ཕྲོགས་པ་དེ་ནི་ཕྱིས་འགྱོད་པས་གདུང་བར་མི་འགྱུར་རོ། །འཆི་བའི་དུས་ན་ཡང་དམྱལ་བའི་ཕོ་ཉ་བཞིན་རྣམ་པར་སྒྱུར་བར་བྱེད་པ་རྣམས་འདིའི་སྔུན་ན་ངེས་པར་གནས་པར་མི་འགྱུར་རོ། །དེ་འཐབ་བྲལ་གྱི་བདག་པོ་ཁྱོད་ནི་བག་མེད་པ་མ་ཡིན་ཞིང་བག་མེད་པས་རྒྱུ་བ་མ་ཡིན་ པས་ཁྱོད་ངའི་སྒྲ་གང་ཐོས་པར་གྱུར་ནས་ཡུལ་རྣམས་ཐམས་ཅད་ཡོངས་སུ་སྤངས་ཏེ། ཆོས་ཉན་འདོད་པས་གདུངས་ནས་འདིར་འོངས་སོ། །གང་དག་སྡུག་བསྔལ་བས་ཆོས་ལ་སྤྱོད་པ་དེ་དག་ནི་བདེ་བར་སྒྲུབ་པ་ཡིན་ལ། གང་དག་བག་མེད་པས་ཡོངས་སུ་ཕྲོགས་པས་ན། ལྷའི་ཡུལ་རྣམས་ལ་ལོངས་སྤྱོད་པར་བྱེད་པ་དེ་དག་ནི་སྡུག་བསྔལ་བ་ཡིན་ནོ། །དེ་ལ་མུ་སུ་ལུན་དྷ་ཁྱོད་འདོད་པའི་དབང་གིས་མི་འགྲོ་བ་གང་ཡིན་པ་དེ་ནི་འདིར་བདེ་བ་ཡིན་ལ། ལྷ་གཞན་ཡང་གང་དག་ཁྱོད་ལ་འཐུན་པས་རྗེས་སུ་འབྲེལ་བ་རྣམས་ནི་མུ་སུ་ལུན་དྷ་དེ་དག་རྣམས་ཀྱང་སྐྱེ་བ་འདི་ལ་ དགེ་བའི་བཤེས་གཉེན་བསྟེན་པ་ལས་ན་རྟག་ཏུ་བདེ་བར་འགྱུར་བ་ཡིན་ནོ། །སྡིག་པའི་གྲོགས་པོ་རྣམས་སྟེན་པར་མི་བྱེད་པ་ཡང་སྟེ། དེ་ལ་མུ་སུ་ལུན་དྷ་ཁྱོད་ནི་དེ་དག་ཉིད་བྱེད་པ་ཡིན་པས་ལྷ་འདི་དག་རྣམས་ལ་གཅེས་པར་བྱ་བ་ཡིན་ནོ། །དེས་དེ་དག་རྣམས་གཉི་ག་ཡང་ཇི་ལྟ་བ་བཞིན་དུ་མྱ་ངན་ ལས་འདས་པའི་མཐར་ཐུག་པའི་བདེ་བ་རྣམས་འབྱུང་བར་འགྱུར་རོ། །གང་གི་ཕྱིར་ཁྱེད་རྣམས་ཐམས་ཅད་ཀྱང་རང་གི་ས་ལ་འགྲོ་བར་གྱིས་ཤིག་།ཁོ་བོ་ཡང་ལྷ་གཞན་གང་དག་བག་མེད་པར་འགྱུར་བ་དེ་དག་རྣམས་ཀྱི་བག་མེད་པ་གདུལ་བའི་དོན་དུ་བདག་གིས་བརྩོན་པ་གང་དག་བྱའོ། །དེ་སྐད་ 70-1-263b ཅེས་བརྗོད་ནས་རིའི་ཕྲེང་བ་དེའི་ནམ་མཁའ་ལ་འཕགས་པར་གྱུར་ཏོ། །མུ་སུ་ལུན་དྷ་ཡང་དེས་བཤད་པ་ལ་མངོན་པར་དགའ་བར་གྱུར་ནས། ལྷ་རྫས་ཀྱི་ཁང་བཟངས་དེ་ཉིད་ལ་མངོན་པར་ཞོན་ཞིང ། ལྷ་དེ་དག་རྣམས་ཀྱིས་དེ་ཡོངས་སུ་བསྐོར་ནས་ནམ་མཁའི་དཀྱིལ་དུ་འཕགས་སོ། ། ལྷ་གཞན་དེ་དག་རྣམས་ཀྱང་ལྷན་ཅིག་རྗེས་སུ་སྤྱོད་པའི་ལྷ་དེ་དག་རྣམས་ཉིད་ཀྱིས་ཡོངས་སུ་བསྐོར་ནས་རྩེ་མོ་སྟོང་པའི་རིའི་ཕྲེང་བའི་རི་གང་ཡིན་པའི་རི་ལ་རྩེ་བར་བྱེད་དེ། དེ་དག་ཁོ་ན་བཞིན་དུ་བག་མེད་པའི་དུག་གིས་ཀུན་དུ་རྨོངས་པར་གྱུར་ཅིང ། ཡུལ་སྲེད་པས་ཉེ་བར་བཅོམ་པས་ནགས་དང་ ཉེ་བའི་ནགས་དང་རྫིང་བུ་དང་པད་མའི་ནགས་དང ། མཚོ་ཆེན་པོ་རྣམས་དང་དེ་ཡང་དཔག་བསམ་གྱི་ཤིང་གི་ནགས་རྣམས་ལ་ཡང་དེ་ཁོ་ན་བཞིན་དུ་ཕན་ཚུན་དུ་གྲོགས་ཀྱི་བྱ་བ་དང་ལྡན་པས་དགའ་བར་བྱེད་དོ། །རྩེ་བར་ཡང་བྱེད་པ་ནི་ལྷ་རྫས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་དཔེ་མེད་པས་ ཟས་སྐོམ་གྱི་ཆུ་ཀླུང་རྣམས་ལ་དགའ་བར་བྱེད་དོ། །ལྷ་རྣམས་རྩེ་བ་ཡང་དུས་ཐམས་ཅད་ཀྱི་མེ་ཏོག་དང ། འབྲས་བུ་དང་བྱ་དག་སྒྲ་ཀུན་ནས་སྒྲོགས་པ་ཕུན་སུམ་ཚོགས་པ་རྣམས་ལ་རང་གི་ལས་ཀྱིས་སྤྲུལ་པའི་བདེ་བ་མཆོག་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དེ། ཡིད་དུ་འོང་བར་འགྱུར་བ་ བྱས་ཤིང་བསགས་པའི་ལས་རྣམས་ཇི་སྲིད་དུ་ཟད་པར་མ་གྱུར་གྱི་བར་གྱི་དུས་དེ་སྲིད་དུའོ། །གང་གི་ཚེ་ཟད་པར་གྱུར་པ་དེའི་ཚེ་ཇི་ལྟར་བྱས་པའི་རང་གི་ལས་རྣམས་ཀྱིས་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བར་འགྱུར་རོ། །གང་ཡང་མི་རྣམས་དང་སྐལ་བ་འཐུན་པར་གྱུར་པ་མི་ རྣམས་ཀྱི་ནང་དུ་སྐྱེས་ན། དེ་མཆོག་ཏུ་སྐྱིད་དེ་བར་འགྱུར་རོ། །རྒྱ་མཚོའི་ངོས་རྣམས་སུའམ་འབབ་ཆུ་རྣམས་ཀྱིའམ་ཚོང་པའམ་སེམས་སྟོབས་དང་ལྡན་པ་དང་རྒྱལ་པོ་རྣམས་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོའི་ངོས་དེ་ཉིད་ལ་རབ་ཏུ་རྒྱུ་བར་མི་བྱེད་པ་དང་ལོངས་སྤྱོད་ཆེ་བའི་མཆོག་དང་ལྡན་པ་དང་སྐྱེ་བོ་ཐམས་ ཅད་ཕུན་སུམ་ཚོགས་པར་འགྱུར་ཞིང་འཐུན་པ་དང་ཡིད་དུ་འོང་བ་དང་ལྡན་པར་ལས་དེའི་རྒྱུ་འཐུན་པས་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ལ་ཀུན་དུ་ལྟ་བར་བྱེད་པ་ན། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་རྟག་ཏུ་ 70-1-264a བདེ་བ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་ཡོད་པ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཤེས་སོ། །དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་མཐོང་བ་ནི། གང་གིས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་བྱེད་པར་མ་གྱུར་པ་ནི་སྔ་མ་བཞིན་ཏེ། འདོད་པ་ལ་ལོག་པར་ གཡེམ་པ་ཡང་ཐམས་ཅད་དུ་སྤངས་པར་གྱུར་པས་ཅུང་ཟད་ཅིག་ཀྱང་བུད་མེད་ཀྱི་གཟུགས་ལ་མངོན་དུ་ལྟ་བ་དང་སེམས་པར་མི་བྱེད་དོ། །ཡིད་ཀྱིས་ཀུན་དུ་རྟོག་པར་མི་བྱེད་དོ། །ཀྱེ་གཟུགས་འདི་ནི་ཇི་ལྟར་འདོད་ཆགས་དང་བཅས་པ་རྣམས་ལ་མཆོག་ཏུ་སྡུག་པ་ཡིན་ཞིང ། བུད་མེད་ཆེ་གེ་ མོ་ནི་མཆོག་ཏུ་བསྟེན་པར་མཛེས་པར་གྱུར་པ་སྟེ། གཟུགས་འདི་ནི་མཆོག་ཏུ་དགའ་བ་ཡིན་ཞེས་པ་འདི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་རབ་ཏུ་རྣམ་པར་རྟོག་པར་བྱེད་པ་ཡིན་པ་དང་ཡིད་འདོད་ཆགས་དང་ལྷན་ཅིག་ཏུ་འགྲོགས་པར་གྱུར་པས་དང ། སེམས་ཀུན་དུ་བཅོམ་པས་དང་ལམ་དེར་ ཞུགས་པ་ཡིན་པའི་ཡིད་ལ་བྱེད་པ་དེ་ལྟ་བུ་རྣམས་ཀྱི་འདོད་ཆགས་དང་ལྷན་ཅིག་འགྲོགས་པའི་སྡུག་བསྔལ་ཡོང་ཡོངས་སུ་སྤོང་བར་བྱེད་དོ། །བདག་ཉིད་ཀྱི་རྣམས་ཀྱང་ཡོངས་སུ་སྤོང་བར་བྱེད་དེ་སྐྱུག་བྲོ་བ་ཡིན་པར་ལྟ་བར་བྱེད་དོ། །དགའ་བ་སྐྱེད་པར་མི་བྱེད་དོ། །ས་རྣམས་སྐྱེད་པར་མི་བྱེད་ པའི་བློ་སྲེད་པར་བྱེད་དོ། །གཞན་དག་རྣམས་ལ་ཡང་དེ་ལྟར་འདོད་པ་ལོག་པར་གཡེམ་པ་ཉེ་བར་སྟོན་པར་བྱེད་དོ། །ལམ་ལ་རབ་ཏུ་འགོད་པར་བྱེད་དོ། །འདོད་པ་རྣམས་ཀྱི་ཉེས་དམིགས་རབ་ཏུ་སྟོན་པར་བྱེད་དོ། །སྲེད་པ་རྣམས་ལ་ཡང་ཀུན་དུ་འདོད་ཆགས་པར་མི་བྱེད་དོ། །དེ་ལྟར་ འདོད་པ་ལ་ལོག་པར་གཡེམ་པ་རྣམ་པར་སྤོང་བར་བྱེད་པ་དེ་ནི་ལུས་ཀྱི་ལས་ཀྱི་མཐའ་རྣམས་མཆོག་ཏུ་དག་པ་ཡང་དག་པའི་ལྟ་བ་ཅན་བརྐམ་ཆགས་མེད་པར་འགྱུར་བ་དེའི་ལུས་ཞིག་ནས་ཤི་བའི་འོག་ཏུ་ཡང་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་རྟག་ཏུ་བདེ་ བར་སྐྱེའོ། །དེ་ལ་སྐྱེས་པར་གྱུར་པ་དེ་ཡང་སྲིད་པ་བར་མ་དོ་ནས་བཟུང་ནས་དབང་པོ་ལྔ་པོ་རྣམས་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་ཕུན་སུམ་ཚོགས་པས་ཚིམ་པར་བྱེད་དེ། དགེ་བའི་ལས་རྒྱ་ཆེན་པོ་དང་ལས་རྒྱུན་མི་འཆད་པར་བྱས་པས་ལེགས་པར་སྐྱེ་བ་ཡིན་ཏེ། དེའི་རྗེས་ 70-1-264b ཐོགས་ལ་འདི་སྐྱེ་བའི་གནས་རྣམས་ཀྱང་གསུམ་དུ་སྐྱེ་བར་འགྱུར་བ་ཡིན་ཏེ་རྫུས་ཏེ་སྐྱེ་བ་ལ་འདི་ལྟ་སྟེ། པད་མའི་སྙིང་པོ་ལ་ཡང་སྐྱེ་བར་འགྱུར་བ་དང་ཨུད་པ་ལའི་ཟེ་བའི་དབུས་སུ་དང་མན་དཱ་རའི་མེ་ཏོག་དག་གི་ཡང་དབུས་སུའོ། །དེ་ལ་གང་ཡང་ཨུད་པ་ལའི་ཟེ་བའི་དབུས་སུའམ། མན་ དཱ་ར་བའི་མེ་ཏོག་གི་དབུས་སུ་ཡང་སྐྱེས་པར་གྱུར་པ་རྣམས་ནི་དེ་དག་གི་གཟི་བརྗིད་ཀྱིས་དེ་དག་གི་ཁ་དོག་རྣམས་དེ་དག་དང་ཞད་འདྲ་བར་འགྱུར་བ་ཡིན་པ་ལ་གལ་ཏེ་ན་ལེ་བརྒན་ནོ། །གལ་ཏེ་ན་སྔོན་པོའི་འོད་དང་ལྡན་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁ་དོག་སྣ་ཚོགས་པ་རྣམས་སུ་ འགྱུར་རོ། །ུད་པ་ལ་དེ་ཇི་ལྟ་བ་ཁོ་ན་བཞིན་དུ་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་གྱུར་པའི་ལུས་སུའོ། །དེ་ལ་ཇི་ལྟར་ན་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་གྱུར་པ་ཡིན་ན། གང་དག་ནི་བཻ་ཌཱུརྱའི་མདོག་གི་སྤུ་དང་དེ་བཞིན་དུ་མིག་འབྲས་དག་ཀྱང་ངོ ། །དངུལ་གྱི་མདོག་གི་སེན་་ མོ་དང་དམར་པོ་དང་ལྡན་པའི་མདོག་ཅན་མུ་ཏིག་གི་སོ་དང་འཛམ་བུ་ཆུ་བོ་དག་པའི་གསེར་གྱི་མདོག་གི་ལུས་དང ། ིན་དྲ་ནཱི་ལའི་མདོག་དང་མཚུངས་པར་གྱུར་པའི་སྤུའི་ཕྲེང་བ་དང་ས་ར་ཀ་འདྲ་བའི་བྱུག་པ་དང་ལྡན་པར་རྣམ་པ་དུ་མར་འདི་ལུས་རྣམ་པར་བཀྲ་བར་བྱས་པ་ནི་ལས་གང་ཡིན་པ་དེས་ པད་མའི་སྙིང་པོ་ལས་སྐྱེའོ། །དེ་ལ་དེ་དག་རྣམས་ཕལ་ཆེར་ནི་དེ་དག་དང་མཚུངས་པའི་ཁ་དོག་འཛམ་བུའི་ཆུ་བོའི་གསེར་སྦྱངས་པ་ཡིན་ནོ། །སྐྲ་རྣམས་ནི་ཨིན་དྲ་ནཱི་ལ་དང་མཚུངས་པའི་མདོག་དང་པད་མ་རཱ་ག་དང་ཆ་འདྲ་བའི་མཆུ་དང་མུ་ས་ར་དང་འདྲ་བའི་མིག་འབྲས་དང ། པད་མ་རཱ་ག་དང་ ཞད་འདྲ་བའི་སེན་མོ་དང་མཆོག་ཏུ་གནག་པའི་སྤུའི་ཕྲེང་བར་གྱུར་པ་མུ་ས་ར་དང་འདྲ་བ་རྣམས་སོ། །དེ་ལ་ཅུང་ཟད་ཀྱང་མ་མཐོང་བ་རྣམས་དཔེས་གཞལ་བ་ཡིན་ནོ། །གཞན་གང་དག་མན་དཱ་ར་བའི་མེ་ཏོག་གི་ནང་དུ་སྐྱེ་བར་འགྱུར་བ་དེ་དག་རྣམས་ནི་སྣ་ཚོགས་པའི་གཟུགས་དང་ཆ་བྱད་དག་གིས་ རྣམ་པར་བཀྲ་བར་བྱས་པར་གྱུར་པ་ཡང་དེ་དག་ལ་བསྟེན་པའི་དབང་གིས་སོ། །དཔེར་ན་ཅུང་ཟད་ཙམ་ཞིག་འདྲ་བར་གྱུར་པ་ནི་གང་ཞིག་མངོན་དུ་ཇི་ལྟ་བ་བཞིན་གྱི་རྣམ་པས་སྲིན་བུ་དག་ཇི་ལྟར་སྙིང་པོར་བརྗོད་པ་ལས་སྐྱེ་བར་འགྱུར་བ་ན་དེ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་ཁ་དོག་ཏུ་འགྱུར་རོ། །འདིའི་ 70-1-265a ཡོན་ཏན་ཡང་བསྟེན་གྲོགས་ཀྱིས་བྱས་པ་ཁོ་ན་ཡིན་ལ། བསྟེན་གྲོགས་ཀྱང་དགེ་བ་དང་མི་དགེ་བར་ཡིན་ནོ། །དེའི་ཕྱིར་ཐམས་ཅད་དུ་བསྟེན་གྲོགས་བྱས་པ་ལས་ཐམས་ཅད་འགྱུར་རོ། །དེ་ལས་སྐྱེས་པའི་ལྷ་དེ་དག་རྣམས་ནི་བདེ་བ་རྒྱ་ཆེན་པོ་རྣམས་ཀྱིས་ཡོངས་སུ་གང་ བའི་མཐོ་རིས་ཀྱི་བདེ་བས་འཕེལ་བར་འགྱུར་བ་ན། རབ་ཏུ་རྒྱ་ཆེ་བར་གྱུར་པའི་ལྷ་རྫས་ཕལ་ཆེ་བ་རྣམས་ཀྱིས་ཡུད་ཙམ་ཡུད་ཙམ་ལ་ཡང་དུ་མར་ཤིན་ཏུ་མང་བའི་ལྷ་རྫས་ཀྱི་བྱེ་བྲག་རྣམས་ཀྱི་དེ་དག་རྣམས་ཀྱི་བདེ་བ་རྣམས་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཕྱོགས་གཅིག་ཀྱང་རྟོགས་པར་ བྱེད་པའི་དཔེས་གཞལ་བར་བྱ་བ་དང་བྲལ་བ་ཡིན་ནོ། །དེ་དག་རྣམས་ལས་ཅུང་ཟད་ཅིག་མངོན་པར་བརྗོད་པ་ཡིན་ནོ། །དེ་ཡང་དཔེར་ན་རྒྱ་མཚོའི་ཆུ་རྣམས་ལས་ཐིགས་པ་གཅིག་ཉིད་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ། །གང་དག་གིས་ལེགས་པར་བྱས་པའི་ལས་རྣམས་བྱས་ པར་གྱུར་པ་རྣམས་དགེ་བའི་ལས་རྣམས་ལ་དེ་རྟག་པ་ཁོ་ནར་རབ་ཏུ་སྤྲོ་བར་འགྱུར་བའི་རྒྱུ་གང་གིས་ལེགས་པར་བྱས་པའི་ལས་དང་འབྲས་བུ་དག་རྟོགས་པར་འགྱུར་བ་ཡིན་ནོ། །ཉེ་བར་ལོངས་སྤྱད་པར་བྱ་བ་རྣམས་ལ་མངོན་པར་ཞེན་པས་ཀྱང་ལེགས་པར་བྱས་པའི་ལས་རྣམས་བྱེད་པ་ ཡིན་ནོ། །དེ་བཞིན་དུ་ཐར་པ་ལ་ཡང་བརྩོན་པའི་བློ་ཡང་ཡིན་ཏེ། སྲིད་པ་རྣམས་ན་སྡུག་བསྔལ་དུ་མས་མངོན་པར་བཅོམ་པ་རྣམས་དང་སྲེད་པའི་ཡུལ་དག་གིས་ཉེ་བར་བཅོམ་པ་རྣམས་ལ་སྲིད་པ་ན་བདེ་བ་ཅུང་ཟད་ཅིག་ཙམ་ཡང་ཡོད་པ་ཡིན་ནམ། དེ་ལ་རྒྱུ་འདི་དག་གིས་ལེགས་པར་ བྱས་པའི་ལས་རྣམས་ཀྱི་འབྲས་བུ་བསྟན་པ་ཡིན་གྱི། འདིར་སྲིད་པ་ལ་མངོན་པར་ཞེན་པར་གྱུར་པ་འདི་ལས་ནི་ལྷ་རྣམས་ཀྱི་བདེ་བ་མངོན་པར་བསྔགས་པ་མ་ཡིན་ནོ། །དེ་ནས་ལྷའི་ས་དེ་དག་ཏུ་སྐྱེས་པའི་ལྷ་རྣམས་ནི་རྟག་པ་ཉིད་དུ་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔས་རྩེ་བར་གྱུར་པ་དང ། ལྷ་མོའི་འགྲོ་བ་པ་བརྒྱ་སྟོང་རྣམས་ཀྱིས་གླུ་ཉེ་བར་བླངས་པར་གྱུར་པ་རྣམས་ནི་ལྷ་རྫས་ཀྱི་ནགས་དང་ཉེ་བའི་ནགས་དང་མཚོ་དང་མཚོ་བྲན་དག་ཏུ་ཡང་ཉེ་བར་ལེན་པར་བྱེད་དོ། །ཕན་ཚུན་དུ་གྲོགས་སུ་གྱུར་པ་རྣམས་རང་གི་ལས་ལ་ལོངས་སྤྱོད་པ་དང་ལྡན་པས་རི་ངོས་རྣམས་དང་རི་བོ་དང ། མཚོ་ 70-1-265b བྲན་དང་པད་མའི་རྫིང་བུ་དང་ནགས་དེ་དག་རྣམས་ཀྱི་བདེ་བ་རྒྱ་ཆེན་པོ་རྣམས་ལ་ལོངས་སྤྱོད་པར་བྱེད་པས་ལྷ་དང་ལྷ་མོའི་ཚོགས་ཀྱི་བདེ་བ་དང་ཉེ་བར་ལྡན་པ། རང་གི་འོད་དང་ལྡན་པའི་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དེ་དག་རྣམས་དང་དགའ་བར་བྱེད་དོ། །ཡུལ་ ནས་ཡུལ་དང་ཉེ་བའི་ནགས་ནས་ཉེ་བའི་ནགས་དང་ཆེས་དགའ་བར་གྱུར་པ་ནས་ཆེས་དགའ་བར་གྱུར་པ་དག་དང་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རྩེ་མོ་རྣམས་ནས་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རྩེ་མོ་རྣམས་སུ་འདོད་པའི་སྲེད་པ་རྣམ་པར་ངོམས་པ་མེད་པ་རྣམས་ཀྱིས་རྣམ་པར་རྒྱུ་ བར་བྱེད་དོ། །དེ་དག་གིས་སྔ་ན་མེད་པའི་པད་མའི་རྫིང་བུ་མཛེས་པ་རྣམས་རྟག་ཏུ་ལེགས་པར་མཐོང་བ་དང་གླུའི་སྒྲ་རྣམས་ལ་ཡང་ཤིན་ཏུ་ཆགས་པ་དང ། ལྷ་རྫས་ཀྱི་རོ་ལ་མྱོང་བར་བྱེད་པ་དང་ལྷ་རྫས་ཀྱི་གོས་དང་སྨད་གཡོགས་དག་གིས་ཁྱབ་པར་བྱས་པ་དང ། ལྷ་རྫས་ཀྱི་དྲི་ཡིད་ཀྱི་རྗེས་ སུ་འཐུན་པ་རྣམས་སྣོམ་པར་བྱེད་པས་ཀྱང་དུས་ཡུན་རིང་བ་ལས་ཀྱང་རིང་བར་འགྲོ་བར་བྱེད་དོ། །འདོད་པ་ཀུན་ནས་སད་པ་དེ་དག་རྣམས་ནི་ཕན་ཚུན་དུ་སྙིང་ཀུན་ནས་ཆགས་པ་རྣམས་ཡིན་ནོ། །ཕན་ཚུན་དུ་སྙིང་ཀུན་ནས་ཆགས་པ་དེ་དག་རྣམས་ལ་འདོད་པ་ལས་ལེགས་པར་སད་པར་ བྱེད་པ་ཞེས་བྱ་བའི་བྱ་དག་གིས་ཚིགས་སུ་བཅད་པ་བརྗོད་པ་ཇི་ལྟར། ཐམས་ཅད་ཐམས་ཅད་འབྱུང་ཐམས་ཅད། །ཕུང་པོ་གསུམ་དུ་ངེས་པར་འགྱུར། །བྱིས་པ་རྣམས་ཀྱང་འཁོར་བ་ལ། །ཀུན་ནས་སྐྱོ་བ་སྐྱེ་བའང་མིན། །ཐམས་ཅད་ཐམས་ཅད་དུ་ཐམས་ཅད། །དུ་མའི་ཐབས་ ཀྱིས་རབ་བརྩོན་པས། །འཆི་བདག་དུས་ནི་མི་བཟད་པ། །བྱུང་བ་ལ་ནི་སྐྱབས་ཡོད་མིན། །རྒྱུན་ཆད་བདེ་བ་ཐམས་ཅད་རྣམས། །སྡུག་བསྔལ་འབྱུང་གནས་ཆེན་པོ་རྣམས། །འབྲེལ་བ་ཐམས་ཅད་འབྲལ་བྱེད་པ། །འཆི་བདག་ཞེས་ནི་མངོན་པར་བརྗོད། །འབྱུང་གནས་ འཇིགས་པར་ཉེར་ཁྲིད་པའི། །སྡུག་བསྔལ་རྣམས་ནི་རྒྱ་མཚོ་མཚུངས། །བློ་རྣམས་རྣམ་པར་རྨོངས་བྱེད་པ། །འཆི་བདག་ཅེས་ནི་འདི་ལ་བརྗོད། །སྲོག་དང་རེ་ཐག་ཀུན་ནས་གཅོད། །དབང་པོ་རྣམས་ཀྱང་འཇིགས་བྱེད་པ། །སེམས་ཅན་ཀུན་གྱིས་བཟློག་མི་ནུས། ། 70-1-266a འཆི་བདག་ཅེས་ནི་མངོན་པར་བརྗོད། །འབྱུང་པོ་ཀུན་གྱིས་ཐུབ་མིན་དང ། །ལས་རྣམས་ཀུན་གྱིས་རྒྱལ་མིན་པས། །སེམས་ཅན་ཐམས་ཅད་རྣམ་འཇོམས་པ། །འཆི་བདག་ཅེས་ནི་འདི་ལ་བརྗོད། །ངེས་པ་ཁོ་ནར་མྱོང་འགྱུར་དང ། །ལུས་ཅན་ཐམས་ཅད་ ལྟུང་བའི་མཐའ། །རིགས་འཐུན་འཇིག་པར་བྱེད་པ་འདི། །འཆི་བདག་ཅེས་ནི་མངོན་པར་བརྗོད། །ལྷར་བཅས་གནོད་སྦྱིན་དྲི་ཟ་དང ། །ཤ་ཟ་ཀླུ་དང་སྲིན་པོ་ཡང ། །དུས་ཀྱི་འཁོར་ལོས་རྣམ་འཇོམས་པ། །འཆི་བདག་ཅེས་ནི་བརྗོད་པ་ཡིན། །མ་བསྡམས་པ་དང་བག་ མེད་པ། །ལུས་ཅན་ཀུན་ལ་མེ་དང་འདྲ། །ཁྲོ་བ་ཡང་ནི་ཕྱིར་མི་ཟློག་།འཆི་བདག་ཅེས་ནི་འདི་ལ་བརྗོད། །ཕུང་པོ་སྐྱེ་མཆེད་འཇིག་པ་དང ། །ཚེ་དང་དྲོད་དང་ཅི་སྟེ་སེམས། །དུས་ཀྱི་ཆོས་ནི་ཤུགས་པོ་ཆེ། །འཆི་བདག་ཅེས་ནི་བརྗོད་པ་ཡིན། །དེ་ལ་འདི་དག་མྱུར་ རྒྱུག་པས། །ལུས་ཅན་རྣམས་ནི་ལོག་པར་འཁྲིད། །དགེ་ལེགས་དག་ནི་འབད་པར་གྱིས། །ཡིད་ནི་བག་མེད་པར་མ་བྱེད། །དེ་ལྟར་དུས་སུ་ལེགས་པར་འབོད་པ་ཞེས་བྱ་བའི་བྱས་བག་མེད་པ་བག་མེད་པར་སྤྱོད་པར་བྱེད་པའི་ལྷ་དེ་དག་རྣམས་ལ་འཆི་བདག་གི་འཇིགས་ པ་བདེན་པ་གྱུར་པ་ངེས་པར་མྱོང་བར་བྱ་བ་རྣམས་སྟོན་པར་བྱེད་དོ། །དེ་དག་རྣམས་དེ་ལྟར་ཐོས་པར་གྱུར་ཡང་ལྷ་བག་མེད་པར་སྤྱོད་པ་དེ་དག་རྣམས་ཇི་ལྟར་མ་ཐོས་པ་ཁོ་ན་བཞིན་དུ་སྐྱོ་བར་ཡང་མི་འགྱུར་ཏེ་རང་བཞིན་གྱིས་ཀྱང་དབང་པོ་རྣམས་ནི་གཡོ་བ་ཡིན་ལ། ཁྱད་པར་ དུ་ཡང་གང་དག་བདེ་སྐྱིད་ཅན་དེ་དག་རྣམས་ནི་ཆེས་ཀྱང་གཡོ་འགྱུར་ཅན་ཡིན་པའི་ཕྱིར་དང ། ཁྱད་པར་དུ་ཡང་ལྷ་རྣམས་ནི་རྟག་ཏུ་བདེ་བས་རྒྱུ་བ་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུ་འདི་དག་གིས་ན་ལྷ་དེ་རྣམས་ལ་ཡང་དག་པ་དང ། དེ་ཁོ་ན་དང་ཕན་པ་དང་སྙིང་པོ་དང་ཇི་ལྟ་བའི་དོན་རྣམས་བརྗོད་ པར་གྱུར་པ་ན་ཡང་ཀུན་དུ་རྟོགས་པ་མ་ཡིན་ནོ། །དེ་དག་རྣམས་ལས་ངེས་པར་རྟོགས་པ་དེ་དག་རྣམས་ཀྱང་མི་འཛིན་ཏེ། ཡུལ་གྱི་སྲེད་པའི་དུག་གིས་རྣམ་པར་འཁྲུལ་བར་བྱས་པའི་ཕྱིར་རོ། །དེ་ལ་རྒྱུ་འདིས་ཀྱང་ལྷ་དག་ཡང་དག་པར་གྱུར་པ་རྣམས་མི་འཛིན་ཏོ། །དེ་ལྟར་རྩིས་བཏབ་ 70-1-266b མ་བྱས་པར་སླར་ཡང་དེ་ཁོ་ན་བཞིན་དུ་རྒྱ་ཆེན་པོ་མངར་མོའི་ཡུལ་གྱི་བདེ་བ་རྣམས་ལ་དགའ་བར་བྱེད་དེ། རྣམ་པ་སྣ་ཚོགས་པའི་བདེ་བའི་ཆུ་བོ་རྣམས་ལ་རྒྱུ་བས་དེ་དེ་བཞིན་དུ་སླར་ཡང་རྔ་སྐད་ཡན་ལག་ལྔ་དང་ལྡན་པའི་འགྱིང་བས་དགོད་ལ་གླུ་དང་རོལ་མོའི་སྒྲ་རྣམས་ཀྱིས་རབ་ཏུ་དགའ་བས་ ནགས་དང་ཉེ་བའི་ནགས་ཀྱི་ས་གཞི་རྣམས་ལ་དང་རྫིང་བུ་དང་ཚང་ཚིང་གི་ནགས་རྣམས་ལ་ལྷ་དང་བཅས་ནས་དགའ་བར་བྱེད་དོ། །ལེགས་པར་བྱས་པའི་ལས་རྣམས་ཀྱིས་ཀྱང་འདིར་དགའ་བར་བྱེད་དོ། །དེ་དག་རྣམས་རིན་པོ་ཆེ་རྣམས་ཀྱི་ཡུལ་དུ་མ་རྣམས་ལ་དང ། རིའི་རྒྱབ་རིན་ པོ་ཆེ་བདུན་གྱིས་རྣམ་པར་བརྒྱན་པ་རྣམས་ལ་དང ། རྟག་ཏུ་ཁྱད་པར་དུ་དགའ་བའི་བདེ་བས་རྣམ་པར་རྒྱུ་བ་རྣམས་ལ་དང ། འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པས་བསྐྱེད་པ་རྣམས་ལ་དང ། མཆོག་ཏུ་སྐྱིད་པ་རྣམས་ལ་ཡང་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བར་བྱས་པའི་ས་ གཞིའི་ཆ་དགའ་བར་གྱུར་པ་རྣམས་ལ་དང ། ས་གཞིའི་ཆ་རྣམས་ལ་ཡང་རྟག་ཏུ་སྐྱེད་མོས་ཚལ་དུ་རབ་ཏུ་དགའ་བའི་ཡིད་དང་ལྡན་པ་ཡིན་ནོ། །ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལྷ་དེ་དག་རྣམས་ཀྱང་ཟས་དང་སྐོམ་གྱིས་རྣམས་སུ་དགའ་བར་བྱེད་པར་འགྱུར་རོ། །འདོད་པ་ ཐམས་ཅད་ཕུན་སུམ་ཚོགས་པ་དེ་དེ་ཁོ་ན་བཞིན་དུ་རྣམ་པར་རོལ་བར་གྱུར་པ་ན། སྐྱེད་མོས་ཚལ་གྱི་ལྟད་མོའི་དབང་དུ་བྱས་ནས་ཕན་ཚུན་ལྷན་ཅིག་ཏུ་གྱུར་ནས། གནོད་པ་མེད་པར་དོན་གཅིག་པ་རྣམས་རྟག་ཏུ་ཡང་ཕན་ཚུན་གྱི་རྗེས་སུ་འཐུན་པར་བྱེད་པ་དེ་ལ་སོང་བའི་ཡིད་ཅན་རྣམས་རྔ་སྐད་ ཡན་ལག་ལྔ་དང་ལེགས་པར་ལྡན་པར་གྱུར་ནས། ཀུན་དགའ་བར་བྱེད་དོ། །དེ་དག་དགའ་བར་གྱུར་པ་ལས་ནམ་ཞིག་ན་རྣམ་པར་རྒྱས་པ་ཞེས་བྱ་བའི་འཇུག་ངོས་སུ་ཉེ་བར་འགྲོ་བར་བྱེད་དེ། འཇུག་ངོས་དེའི་ཡང་ཉེ་འཁོར་ནི་དཔག་ཚད་བརྒྱ་པའོ། །དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ བདུན་གྱི་རང་བཞིན་གྱི་རྣམ་པར་བཀྲ་བའི་ཆ་ཤས་ཀྱིས་རྣམ་པར་བཀྲ་བས་རེག་པར་བཟོད་པའི་བཻ་ཌཱུརྱའི་ཡུ་བ་ཞེས་རྡོ་རྗེ་ཤིན་ཏུ་ཕྲ་བ་རྣམས་ཀྱི་ཟེ་འབྲུ་ཅན་གྱི་རབ་ཏུ་ཁ་བྱེ་བའི་པད་མ་ཆེན་པོ་རྣམས་ཀྱིས་ཀུན་ཏུ་ཁྱབ་པར་གྱུར་པ་སྟེ། དེ་ཡང་སྔ་ན་མ་མཐོང་བ་དེས་མངོན་པར་མཐོང་ནས་ལྷས་ 70-1-267a མཆོག་ཏུ་ངོ་མཚར་བར་གྱུར་པའི་ཆེས་དགའ་བའི་མཐོ་རིས་དེ་དག་ལ་ལྷ་དེ་དག་གིས་སྔ་ན་མ་མཐོང་བར་མངོན་པར་མཐོང་ཞིང་དེ་ལས་གཞན་པའི་ངོ་མཚར་བ་རྣམས་དང་མཐོང་ན་མཆོག་ཏུ་དགའ་བ་རྣམས་ཀྱང་མངོན་པར་མཐོང་ནས་ལྷ་དེ་ཕྱིར་ཞིང་ཉིད་དུ་བརྒྱ་འགྱུར་གྱིས་ ཀྱང་ཆེས་རབ་ཏུ་དགའ་བའི་ཡིད་ཀྱིས་ཕན་ཚུན་དུ་མངོན་པར་ལྟ་བར་བྱེད་ཅིང་གཡོག་ཡང་བྱེད་པ་ན། ཡུལ་ཅིག་ན་དགའ་བར་གྱུར་པ་དང ། རྣམ་པར་དགའ་བར་གྱུར་པ་ཤིན་ཏུ་ཁ་བྱེ་བར་གྱུར་པའི་པད་མ་ཆེན་པོ་དེ་དག་རྣམས་ཀྱིས་མཐོང་བར་གྱུར་ནས་ཕན་ཚུན་དུ་བརྗོད་པར་ ཡང་བྱེད་དེ། ལྷ་དག་ཇི་ལྟ་བ་བཞིན་དུ་འདི་ལ་ལྟ་བར་གྱིས་དང་མཐོ་རིས་མ་ལུས་པ་རྣམས་ལ་འདི་ངོ་མཚར་བར་གྱུར་པ་དང་མཆོག་ཏུ་དགའ་བར་གྱུར་པ་ཡང་ཡིན་ལ། གང་དག་སྔར་ནམ་ཡང་མཐོང་མ་མྱོང་བ་རྣམས་ཀྱི་རྣམ་པ་དེ་སྲིད་དུ་མཐོང་ན་ངོ་མཚར་བར་གྱུར་པ་འོད་ཀྱི་མཆོག་ དང་ལྡན་པ་དེ་ན། བུང་བ་རྣམ་པ་དུ་མའི་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བའི་ལུས་ཅན་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །ཁ་བྱེ་བར་གྱུར་པའི་པད་མ་ཆེན་པོ་དེ་ལ་ཡང་ཕན་ཚུན་དུ་བལྟ་བར་སྡུག་པས་ན་པད་མ་ཆེན་པོ་ལ་རྩེད་མོ་རྩེ་བར་བྱེད་དོ། །མཚོ་དེའི་ཉེ་འཁོར་ རྣམས་ན་རབ་ཏུ་ཁྱབ་པ་ནི་ཇི་ལྟར་ཅུང་ཟད་ཙམ་པ་རྣམས་ཀྱང་དགེ་ལེགས་སུ་གྱུར་པ་རྣམས་ཡིན་ཏེ། རྣམ་པར་རྒྱས་པའི་མཚོ་ཆེན་པོ་དེའི་ཆུར་ནི་ཅུང་ཟད་ཅིག་མཐོང་ངོ ། །འགྲམ་གྱི་ཉེ་འཁོར་རྣམས་ན་ཡང་མུ་ཏིག་གི་རང་བཞིན་གྱིས་ཁའི་མཚམས་རྣམས་བསྒྲོན་ པ་དང ། ིན་དྲ་ནཱི་ལ་དང་པད་མ་རཱ་ག་དང་དངུལ་གྱི་རང་བཞིན་གྱི་ཁ་ཁྱེར་དང་ཁ་ཁྱེར་རྣམས་ཀྱི་ཆ་ཤས་རབ་ཏུ་རྣམ་པར་ཕྱེ་བ་ཤིན་ཏུ་བལྟ་བར་སྡུག་པ་དང་ལྡན་པ་ཡིན་ནོ། །འདི་དག་གི་དབུས་ན་ཡང་པད་མ་ཆེན་པོ་གང་ཡིན་པའི་སྙིང་པོ་དང་བཅས་པའི་འཕང་དུ་ནི་དཔག་ཚད་ ལྔའོ། །རྒྱར་ནི་དཔག་ཚད་བཅུ་ཡིན་ལ་ལེགས་པར་བྱས་པའི་ལས་བྱས་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་འདོད་པ་བཞིན་དུ་རྒྱ་ཆེ་བར་འགྱུར་བ་ནི་མ་གཏོགས་ཏེ། རྒྱ་ཆེ་བའི་དབང་དུ་བྱས་ནས་ནི་ཇི་ལྟར་འདོད་པར་ལྷ་དེ་དག་རྩེ་བར་འགྱུར་བ་དེ་བཞིན་དུ་ཡང་པད་མ་ཆེན་པོ་དེ་ཁ་དབྱེ་ 70-1-267b བ་དང་འཁུམ་པར་ཡང་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་ཇི་ལྟར་ཀུན་ཏུ་རྟོག་པར་བྱེད་པ་དང ། གང་ཡང་ཀུན་ཏུ་རྟོག་པར་བྱེད་པ་དང་རྣམ་པ་གང་དག་གིས་ཀྱང་ཀུན་ཏུ་རྟོག་པར་བྱེད་པ་ན་དེ་དག་རྣམས་ཐམས་ཅད་ཀྱང་མཚོ་ཆེན་པོ་དེ་དང་པད་མ་ཆེན་པོ་དག་ལས་རྙེད་པར་འགྱུར་རོ། ། དེ་ལྟར་ན་ཡང་མཚོ་ཆེན་པོ་དེ་ནི་ཀུན་བརྟགས་པར་དགའ་བ་ཞེས་བྱ་བ་ཡིན་པ་དང་པད་མ་དེ་ཡང་ཀུན་བརྟགས་པའི་པད་མ་ཞེས་བྱ་བ་ཡིན་ཏེ། དེ་དག་གཉིས་ཀྱི་མིང་ཡིན་ནོ། །དེས་ན་ལྷ་དེ་དག་རྣམས་གང་དང་པོ་ཉིད་ཁོ་ནར་མཚོ་དེ་དང་པད་མ་འདི་ཞེས་དེ་དག་གཉིས་ཀའི་མིང་དུ་བྱེད་ པ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཐོག་མ་ཉིད་ཁོ་ནར་མཚོ་དེ་གང་ཡིན་པ་དེ་མཐོང་བར་གྱུར་ནས། དེ་བརྒྱ་འགྱུར་གྱིས་ལྷག་པར་ཆེས་རབ་ཏུ་དགའ་བར་འགྱུར་བའི་ཡིད་ཀྱིས་མཚོ་དེའི་འགྲམ་དུ་གར་བྱེད་པ་དང་འགྱིང་བག་ཀྱང་བྱེད་དོ། །གླུ་ཡང་ལེན་པར་བྱེད་དོ། །ཕན་ཚུན་ གཡོག་བྱེད་པར་གྱུར་ཅིང་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་དེ་ལྟར་ལྷ་རྫས་ཀྱི་འདོད་པ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །རང་གི་ལེགས་པར་བྱས་པའི་ལས་བྱས་པ་དེ་དག་རྣམས་མཚོ་ལ་དུས་དེ་སྙེད་དུ་རྩེད་མོ་བྱས་ནས་ཕྱིས་ཉིད་ཀྱང་མྱོས་པའི་སྐྱོན་རྣམས་དང་བྲལ་བ་དང་ མྱོས་པའི་ཡོན་ཏན་རྣམས་དང་ལྡན་པའི་བཏུང་བ་དག་འཐུང་བར་བྱེད་པ་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་བསིལ་བ་དང་ཇི་ལྟར་འདོད་པའི་དྲི་རྣམས་དང ། ཇི་ལྟར་འདོད་པའི་ཁ་དོག་རྣམས་དང་ཇི་ལྟར་འདོད་པ་བཞིན་གྱི་སྣོད་ཀྱི་དབྱིབས་དང་རིན་པོ་ཆེའི་རང་བཞིན་གྱི་ཡོན་ཏན་རབ་ ཀྱི་མཆོག་གིས་ཀུན་ནས་གང་བའི་བཏུང་བའི་མཚོ་ཆེན་པོ་དེ་ཉིད་ཀྱི་དྲུང་ནས་བྱུང་ནས། མ་ལུས་པ་རྣམས་ལ་འགྲོ་བར་བྱེད་པ་དང་གང་དག་ཡིན་པའི་ལྷ་དེ་དག་རྣམས་འཐུང་བར་བྱེད་དོ། །གཞན་ཡང་ཐག་ཉེ་བ་ན་གནས་པའི་ལྷ་གཞན་དག་རྣམས་ཀྱང་མཚོ་ཆེན་པོ་དེ་ཉིད་དུ་སོང་ ནས་གར་བྱེད་པར་གྱུར་པ་ན། བདུད་རྩིའི་ཁུ་བ་དག་ལྷ་རྫས་ཀྱི་དྲི་དང་རོ་དང་རེག་བྱ་དང་ཁ་དོག་མཆོག་དང་ལྡན་པ་རྣམས་དེ་དག་གིས་མཐོང་བར་གྱུར་ནས། དེ་དེ་དག་རྣམས་ལ་དགའ་བའི་ཡིད་ཀྱིས་རྩེ་བར་བྱེད་དེ། ཟས་བཟའ་བར་འདོད་པས་དེ་དེ་དག་རྣམས་ཀྱི་དྲུང་དུ་ཉེ་ 70-1-268a བར་ཕྱིན་ནས་བདུད་རྩི་དེ་དག་མིད་པར་བྱེད་དོ། །དེ་ཡང་ལག་ཏུ་བླངས་ནས་སམ་སྣོད་དུ་བཅུག་ནས་ཀྱང་རུང་སྟེ། ཇི་ལྟར་ལས་ཀྱི་རྗེས་སུ་འཐུན་པའི་ཆ་འདྲ་བ་རྣམས་ཡིན་ནོ། །དེ་དག་མིད་པར་གྱུར་ནས་སླར་ཡང་གང་ཁོ་ན་མཚོ་དེ་ཉིད་ཡིན་པ་དེར་ཉེ་བར་ལེགས་ པར་ཕྱིན་པ་ན། དེས་མཐོང་བ་ནི་པད་མ་ཆེན་པོ་དེའི་འོད་ཟེར་རྣམས་དང་ལྡན་པ་ཡང་ཉི་མ་བརྒྱ་སྟོང་རྣམས་པས་ཆེས་ལྷག་པར་འབར་བར་གྱུར་པ་གང་ལ་མཐོ་རིས་ཀྱི་རིན་པོ་ཆེའི་འོད་རྣམས་ཐམས་ཅད་ཀྱིས་བཅུ་དྲུག་ཆར་ཡང་མི་ཕོད་པ་ཡིན་ནོ། །དེ་ནས་ལྷ་དེ་དག་གིས་པད་ མ་ཆེན་པོ་དེ་ཀུན་ནས་མངོན་པར་མཐོང་བས། མཆོག་གི་རབ་ཏུ་དགའ་བའི་ཡིད་ཀྱིས་ལྷའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་གར་བྱེད་པར་གྱུར་ཅིང་མཚོ་ཆེན་པོ་རྣམ་པར་རྒྱས་པ་དེའི་ཉེ་འཁོར་རྣམས་ཀུན་དུ་ཡོངས་སུ་འཆག་གོ། ། དེ་དག་རྣམས་ཇི་ལྟ་ཇི་ལྟར་ཡོངས་སུ་འཆག་པར་བྱེད་པ་དེ་ལྟ་དེ་ལྟར་ཕྱིར་ཞིང་ཉིད་ཀྱང་མཆོག་ཏུ་བལྟ་ན་སྡུག་པ་རྨད་དུ་བྱུང་བའི་ཁྱད་པར་གཞན་རྣམ་པ་སྣ་ཚོགས་པ་རྣམས་མཚོ་དེ་དག་ཏུ་ལེགས་པར་མཐོང་ངོ ། །པད་མ་ཆེན་པོ་དེའི་རྣམ་པ་དེ་ལྟ་བུ་རྣམས་གང་ཞེ་ན། འདི་ ལྟ་སྟེ་དགའ་བར་གྱུར་པ་དང ། ངོ་མཚར་བར་གྱུར་པ་རྣམས་ལ། ཁ་ཅིག་ནི་པད་མ་ཆེན་པོ་འདིའི་སྟེང་ན་མདོག་དང་དབྱིབས་སྣ་ཚོགས་པའི་བུང་བ་རྣམས་ཏེ། རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་གཤོག་པ་ཅན་གྱི་བུང་བ་དང་བུང་བ་མོ་དག་ལྷན་ཅིག་ཏུ་དགའ་བར་སྤྱོད་དོ། ། དེ་ཁོ་ན་བཞིན་དུ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་བུང་བ་མོ་དེ་དག་དང་བུང་བ་དེ་དག་རྣམས་ལྷན་ཅིག་ཏུ་མེ་ཏོག་གི་རྩི་དཔེ་མེད་པའི་རང་བཞིན་གྱི་པད་མའི་རྩི་རྣམས་འཐུངས་པར་གྱུར་པ་ན་དེ་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྣམ་པ་སྣ་ཚོགས་ལས་བསྐྱེད་པའི། །སྣ་ཚོགས་ འབྲས་དང་ཡང་དག་ལྡན། །གང་འདི་བཀྲ་བར་འགྲོ་བ་ཡི། །སེམས་ཀྱིས་ཇི་ལྟར་ལེགས་འདོད་བཞིན། །ཐམས་ཅད་སེམས་ཀྱིས་བཀྲ་བར་བྱས། །རྣམ་པར་བཀྲ་བར་རྟེན་པར་བྱེད། །ལས་ཞིག་ནས་ནི་རྣམ་འཇིགས་པ། །རིང་པོ་མིན་པར་འབྱུང་བར་འགྱུར། ། 70-1-268b དཔེ་མེད་པ་ཡི་བདེ་བ་འདི། །གལ་ཏེ་ལྷ་རྣམས་ཀྱིས་མཐོང་བ། །མི་རྟག་ཐབས་འོག་ཉིད་དུ་ནི། །རིང་པོ་མིན་པར་ཚུད་པར་འགྱུར། །དབུ་བ་དང་ནི་ཆུའི་ཆུ་བུར། །འདི་ནི་སྨིག་རྒྱུའི་མདོག་མཚུངས་པའོ། །རབ་ཏུ་རྣམ་འཇིག་བདེ་བ་ཀུན། །ལོག་ལྟུང་ མཐར་ནི་འགྲོ་བར་འདོད། །བཟློག་ཐབས་མེད་དང་མི་བཟད་པའི། །འབྱུང་པོ་ཐམས་ཅད་འཇིག་བྱེད་པ། །བཟློག་པར་མི་ནུས་ཤུགས་ཅན་འདིར། །འཆི་བདག་རྒྱལ་པོ་རྒྱུག་པར་བྱེད། །བདེ་བ་ཐམས་ཅད་འཇོམས་པ་དང ། །གསོན་པ་ཡང་ནི་ བཅོམ་ནས་ནི། །ཀུན་རྟོག་ལས་ཀྱིས་བཅིངས་པ་ཡི། །འཇིག་རྟེན་གཞན་དུ་འཁྲིད་པར་འགྱུར། །མི་རྣམས་ཀྱི་ནི་འདས་དེ་གང ། །དེ་ནི་བདེ་བར་རྟོག་པ་མེད། །གང་ཡང་བདེ་བ་འདོད་གྱུར་པ། །དེ་ཡང་ཅུང་ཟད་བགྲང་མི་བྱེད། །སྲེད་པའི་དུག་དང་འདྲེས་པ་ ཡི། །དེ་ལྟ་བ་ཡི་བདེ་བ་གང ། །དེ་ཀུན་ལོག་པར་ལྟུང་བའི་མཐས། །འདུས་བྱས་མི་རྟག་གཡོ་བ་ཡིན། །འཇིག་རྟེན་གསུམ་གྱི་བདེ་བ་གང ། །དེ་ཉིད་གཟིགས་པས་བསྔགས་མི་མཛད། །དེ་ཡིས་ཇི་ལྟར་ལྷ་རྒྱགས་འགྱུར། །དོན་མེད་པ་དང་བྲལ་བར་གྱིས། །ལུས་ འདི་རིང་མིན་ན་ཉམས་པར། །འདི་ནི་མྱུར་བར་རྒྱུག་པར་འགྱུར། །ཤིང་སྐོམ་ལ་ནི་མེ་བཞིན་དུ། །ལྷ་གང་གིས་ནི་ཆོས་སྲེག་པ། །བདེ་བ་ཐམས་ཅད་ཤིན་ཏུ་ལྟུང ། །དགེ་ལེགས་ཡིད་ནི་བྱ་བར་གྱིས། །འཆི་བདག་དུས་ནི་བྱུང་གྱུར་ན། །ཕྱི་ནས་འགྱོད་པར་མ་བྱེད་ ཅིག་།སྐྱེ་བ་གཞན་ཡང་སྟོང་ཕྲག་ལ། །ལས་ཀྱིས་བདེ་བ་གང་བྱུང་བ། །དེ་དག་གར་སོང་རྨི་ལམ་བཞིན། །བདག་ཅག་འཇིག་པའི་མཐའ་མིན་ནམ། །ཤིང་སྐོམ་མེ་ནི་ཇི་ལྟ་བར། །བྱིས་རྣམས་བདེ་བས་ཚིམ་པ་མིན། །དེ་ཕྱིར་བདེ་ལ་ཆགས་པ་ཡིས། །བདེ་ བ་མཐར་ཐུག་འགྱུར་མ་ཡིན། །སྐོམ་པའི་སྐྱོན་ལ་ཆགས་པ་ནི། །འདོད་པའི་སྐྱོན་རྣམས་རྗེས་སུ་འདྲེན། །བསམ་གཏན་པ་ཡང་བག་ཡོད་པའི། །དེ་ཡི་བདེ་གང་རྙོག་པ་མེད། །དེ་ཐོབ་ཤིན་ཏུ་བདེར་འགྱུར་གྱི། །སྲིད་པ་ལས་སྐྱེས་བདེར་མི་འདོད། །སྦྲང་རྩི་དང་བསྲེས་ 70-1-269a སྲེད་ཇི་ལྟར། །དེ་ལྟར་བདེ་བ་སྲིད་བདེ་ཡིན། །དེ་ཕྱིར་བདེ་ལ་ཆགས་པ་དང ། །རྟག་ཏུ་འདོད་པ་བཙལ་མི་བྱ། །བདེ་བ་ཤིན་ཏུ་མཐར་ཐུག་ཡིན། །དེ་ཕྱིར་འདོད་པ་ཞི་བ་མིན་ཞེས་བྱའོ། །དེ་ལྟར་བུང་བ་དེ་དག་རྣམས་ཀྱིས་མངོན་དུ་ཕྱོགས་ནས་ལེགས་ པར་གནས་པའི་ལྷ་དེ་དག་རྣམས་ལ་ལེགས་པར་བྱས་པའི་ལས་ཀྱིས་ཀུན་ནས་བསྐུལ་བ་བརྗོད་པ་ཡིན་ནོ། །ལྷ་དེ་དག་རྣམས་ཀྱིས་དེ་དག་གིས་བཤད་པ་དེ་ལ་རྩིས་བགྲང་མ་བྱས་པར་སླར་ཡང་མཚོ་དེ་ལྟ་བར་བྱེད་པ་ལ་ཤིན་ཏུ་སྤྲོ་བ་དང ། དེ་ལ་སོང་བའི་ཡིད་ཀྱིས་ལྷན་ཅིག་སྤྱོད་ པའི་འཁོར་རྣམས་དང་བཅས་ནས་དགའ་བར་གྱུར་པ་དང་རྩེ་དགའ་བར་གྱུར་པ་དང་དགོད་པར་གྱུར་པ་དང་གླུ་ལེན་པར་གྱུར་པས་ཀྱང་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དག་རྣམས་ཀྱིས་དེའི་ཚེ་དུས་རིང་དུ་རྩེད་མོ་རྩེས་ནས། གཞན་ཡང་མཚོ་དེ་ལྟ་བར་བྱེད་པ་ལ་ཀུན་ནས་མངོན་དུ་ ཕྱོགས་པས་ཕན་ཚུན་གྲོགས་སུ་གྱུར་པས། མཚོ་དེ་རྒལ་བར་བྱེད་དོ། །པད་མ་ཆེན་པོ་དེ་གཙང་མར་གྱུར་པ་དང ། འབྱུང་བ་ཆེན་པོ་ཡང་བའི་དབང་གིས་དང་ལས་རྣམས་ཀྱི་མཐུས་ཀྱང་ཡོངས་སུ་རྣམ་པར་རྒྱུ་བ་ཡིན་ནོ། །རང་གི་ལས་ཀྱིས་འགྲོ་བར་བྱེད་པ་དེ་དག་ རྣམས་པད་མའི་འདབ་མ་གཞན་ལ་འཆེལ་ཞིང་ཆགས་པར་གྱུར་པའི་ཁ་དོག་དུ་མ་རྣམ་པར་བཀྲ་བའི་ཆ་ཤས་དུ་མས་རྣམ་པར་བཀྲ་བར་བྱས་པ་རྣམས་ལ་ཞེན་པར་གྱུར་ཅིང་ལྷ་རྣམས་དགའ་བར་བྱེད་དེ། ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པས་པད་མའི་འདབ་མ་གཞན་ དག་གི་ནགས་རྣམས་སུ་ཡང་ལྷན་ཅིག་རྩེ་བར་བྱེད་དོ། །ཀུན་དུ་འཆེལ་བའི་ལྷ་དེ་དག་རྣམས་ཉིད་དང་འདབ་མ་རྣམས་ལ་ཀུན་ཏུ་འཛེག་པར་བྱེད་པའི་ལྷ་དེ་དག་རྣམས་དང་ལྷ་དེ་དག་རྣམས་ཇི་ལྟ་བ་བཞིན་དུ་དེ་ལྟར་ཡང་པད་མའི་འདབ་མ་དེ་དག་ཁ་འབྱེ་བར་འགྱུར་རོ། །དགེ་ བའི་ལས་རྣམས་ཀྱི་རྐྱེན་གྱིས་པད་མ་ཆེན་པོ་དེ་ཡང་དེ་ཁོ་ན་བཞིན་དུ་ཁ་འབྱེའོ། །སྙིང་པོ་ཡང་དེ་བཞིན་དུ་ཇི་སྲིད་དཔག་ཚད་ཉིས་བརྒྱར་འགྱུར་བ་དང ། དེ་བཞིན་དུ་གསུམ་དང་དེ་བཞིན་དུ་བཞི་དང་དེ་བཞིན་དུ་ལྔ་དང་དེ་བཞིན་དུ་དྲུག་ཏུ་ཡང་འགྱུར་ཏེ། དེ་བཞིན་དུ་དགུ་དང་དེ་ 70-1-269b ལྟར་ཇི་སྲིད་དུ་དཔག་ཚད་སྟོང་གི་བར་དུ་ཡང་ལྷ་དེ་དག་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱིས་འགྱུར་རོ། །སྙིང་པོ་དེ་ཡང་དེ་ཁོ་ན་བཞིན་དུ་ཁ་འབྱེ་སྟེ། ཇི་སྲིད་དུ་དཔག་ཚད་བརྒྱའི་བར་དུ་ཁ་འབྱེའོ། །མཐུ་སྟོབས་འདི་དག་ནི་པད་མ་ཆེན་པོ་དེའི་ཡིན་ནོ། །འདི་ལ་ལྷན་ ཅིག་སྤྱོད་པ་དང་བཅས་པའི་ལྷ་དེ་དག་རྣམས་ཐམས་ཅད་སོ་སོ་སོ་སོར་འདབ་མ་གཞན་ལ་སོང་ནས་དགའ་བར་བྱེད་པ་དང་རྩེ་བར་ཡང་བྱེད་པ་ན་དེ་དག་རྣམས་ཀྱང་ཁ་འབྱེའོ། །དེ་ནས་རྩེ་བར་བྱེད་པའི་ལྷ་དེ་དག་རྣམས་ཉིད་འདི་སྙམ་དུ་སེམས་ཏེ། བདག་ཅག་རྣམས་རྩེ་བར་བྱེད་ པས་འདི་ལྟར་རྣམ་པར་རྒྱུ་བ་ཉིད་ལ་གཞན་ཡང་གནས་འདི་ཉིད་ན་བཟའ་བའི་ཀླུང་དང་བཏུང་བའི་ཀླུང་རོ་བཟང་པོ་དང་ལྡན་པ་རྣམས་འབྱུང་བར་འགྱུར་མོད།དེ་ནས་སེམས་བསྐྱེད་པ་ཙམ་ཉིད་ན་དེ་དག་རྣམས་ཉིད་གནས་པའི་སར་བཟའ་བའི་ཀླུང་དང་བཏུང་བའི་ཀླུང་དེ་དག་ཀྱང་པད་མའི་ནང་གི་འདབ་མ་ དེ་ཉིད་ལ་རབ་ཏུ་འབྱུང་བར་འགྱུར་རོ། །དེ་དག་ཉིད་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ཅག་གི་བཏུང་བ་དང་ཁ་ཟས་འདི་དག་ལ་ལྟོས་དང་ཟེར་ནས་དེ་དག་ལྷ་དག་དང་ལྷན་ཅིག་ཏུ་བདུད་རྩི་ཟ་བར་བྱེད་དོ། །དེ་ནས་ལྷ་དེ་དག་རྣམས་དུས་རིང་དུ་འདའ་བར་བྱེད་དོ། ། འདས་ནས་ནི་འདི་ཉིད་དུ་རྣམ་པར་གནས་པའི་བདག་ཅག་རྣམས་ལ་ཡང་འདབ་མའི་བར་རྣམས་ཉིད་ལས་རྩེད་མོའི་ནགས་འདི་དག་རྣམས་ཀྱང་ལེགས་པར་འབྱུང་བར་གྱུར་ཅིག་།དེ་ནས་སེམས་བསྐྱེད་པ་ཙམ་ཉིད་ན་ལེགས་པར་བྱས་པའི་ལས་རྣམས་ཀྱི་ནགས་དེ་དག་རབ་ཏུ་ འབྱུང་བར་གྱུར་པ་ནི། རིན་པོ་ཆེ་བདུན་གྱིས་རྣམ་པར་སྤྲས་པའི་ལྗོན་ཤིང་རྣམས་ལ་སྣ་ཚོགས་པའི་བྱ་རྣམས་ཀྱིས་སྒྲའི་ཁྱད་པར་བརྗོད་པས་དགའ་བར་གྱུར་པ་འཁྲི་ཤིང་ཀུན་ནས་དུད་པའི་ཁང་པ་རྣམ་པར་རྒྱས་པ་དང ། མེ་ཏོག་དང་འབྲས་བུ་དང་ལོ་ཏོག་རྣམས་ཕུན་ སུམ་ཚོགས་པས་དུས་དང་ནམ་ཟླ་ཐམས་ཅད་དུ་དགའ་བར་གྱུར་པ་དང ། ཁྱད་པར་དུ་རྣམ་པ་སྣ་ཚོགས་པ་དགའ་བར་གྱུར་པའི་ཆུ་ཀླུང་དང་འབབ་ཆུ་དང ། ཤིན་ཏུ་བལྟ་བར་མཛེས་པའི་ཆུ་ཚག་ཚིག་དང་རྣམ་པ་སྣ་ཚོགས་པའི་འབབ་ཆུ་དང་ཆུ་བཤལ་དག་གི་སྒྲ་འུར་འུར་ 70-1-270a ཟེར་བ་རྣམས་ཆེས་དགའ་བར་གྱུར་པ་རྣམས་དང ། ཤིན་ཏུ་རྣམ་པར་ཕྱེ་བའི་ས་གཞིའི་ཆ་ཤས་རྣམས་ལ་རྣམ་པ་དུ་མ་སྣ་ཚོགས་པའི་དྲི་དང་ཚད་དང་དབྱིབས་དང་ལྡན་པའི་མེ་ཏོག་རྣམས་ཉེ་བར་སྐྱེས་པར་གྱུར་པ་ལ། འདི་ལྟ་སྟེ་ཆུ་ལས་གྱུར་པའི་མེ་ཏོག་དེར་སྐྱེས་པ་ ན། འདི་ལྟ་སྟེ། ཨུད་པ་ལ་སྔོན་པོ་དང་ཀུ་མུ་ད་དང ། ་མ་ལཱ་ནཱ་དང་ནཱི་ཏཱ་ན་དང་ལེགས་པར་སྤྲས་པ་དང་འདབ་མ་བརྒྱ་པ་དང་གཡོ་བ་མེད་པ་དང་ཕུན་སུམ་ཚོགས་པ་དང ། ལ་བ་ལ་དང་ཁོར་ཡུག་དང་འདྲ་བ་དང་འོད་སྣང་བ་དང་བུང་བའི་མིག་དང་མཚུངས་པ་རྟག་པར་རྣམ་པར་ བཀྲ་བ་དང ། ིན་དྲ་ནཱི་ལའི་མདོག་དང་མེ་ཏོག་རྣམས་ཐམས་ཅད་ཐམས་ཅད་དུ་སྐྱེས་པ་དེ་ལྟ་བུ་རྣམས་ལ་སོགས་པའི་ཆུ་ལས་སྐྱེས་པར་གྱུར་པའི་ལྷ་རྫས་ཀྱི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་ནགས་རྣམས་རབ་ཏུ་འབྱུང་ངོ ། །དེ་བཞིན་དུ་ཐང་ལས་སྐྱེས་པར་གྱུར་ པའི་མེ་ཏོག་རྣམས་མདོག་དང་དབྱིབས་སྣ་ཚོགས་པར་དགའ་བར་གྱུར་པའི་མེ་ཏོག་གིས་ཉེ་བར་མཛེས་པར་བྱས་པ་རྣམས་པད་མ་ཆེན་པོའི་འདབ་མའི་གསེབ་ཏུ་ཞུགས་པའི་ལྷ་རྣམས་ལ། པད་མ་ཆེན་པོ་ཉིད་ཀྱི་ནགས་ལས་ལེགས་པར་སྐྱེས་པའི་མེ་ཏོག་རྣམས་ཁ་ཅིག་ནི་འདི་ལྟ་སྟེ། བདེ་བའི་འོད་ཟེར་འཐབ་བྲལ་བ་རྣམས་ཀྱིས། བོས་པར་གྱུར་པ་ན་འོང་བ་གང་གི་ཚེ་བོས་པ་ཉིད་ན་ལྷ་མོ་རྣམས་ཀྱི་དྲུང་དུའམ། ལྷ་རྣམས་ལ་ཡང་རྟག་པར་རབ་ཏུ་དྲངས་པས་ཁ་བྱེ་བར་གྱུར་པའི་མདོག་གིས་འོང་བར་གྱུར་ཏེ། དཔག་ཚད་བརྒྱར་དྲི་འབྱུང་བར་བལྟ་ན་སྡུག་ཅིང་དགའ་བར་གྱུར་ པ། ཁ་དོག་སྣ་ཚོགས་པ་རྣམས་ལེགས་པར་ཁ་བྱེ་བ་དུས་ཐམས་ཅད་དུ་རབ་ཏུ་རངས་ཤིང་གང་བར་རྒྱས་པ། འདབ་མ་དང་ཟེ་བ་རྣམས་འཇོམ་པས་རེག་ན་ཤིན་ཏུ་བདེ་བ་འོད་ཟེར་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ས་གཞི་ལ་བལྟ་བས་ངོམས་པ་མེད་པ་འདོད་པ་བཞིན་དུ་ དགའ་བ་རྣམ་པ་དེ་ལྟ་བུའི་ཐང་ལས་སྐྱེས་པའི་མེ་ཏོག་རྣམས་རབ་ཏུ་འབྱུང་ངོ ། །ཡང་ནགས་རྣམས་ལ་ལྗོན་ཤིང་ལས་གྱུར་པའི་མེ་ཏོག་རྣམས་ནི། འདི་ལྟ་སྟེ་མན་དཱ་ར་བའི་མེ་ཏོག་ཀྱང་བཏོག་པར་སླ་བ་དང་རེག་བྱ་དང་རོ་དང་དྲི་དང་ཁ་དོག་ཀྱང་དགའ་བར་གྱུར་པ་དང་ཀེ་ཏ་ཀ་དང་ 70-1-270b ཙམ་པ་ཀའི་མེ་ཏོག་དང་ཀླུ་གཞོན་ནུའི་ལྕེ་དང་རྙིང་པ་དང་གསར་པའི་མ་ལི་ཀ་དང་ཡིད་བདེ་བ་དང་འོད་བྱེད་པ་དང ། དྲིས་ཚིམ་པར་བྱེད་པ་དང་ཐམས་ཅད་ལས་དགའ་བར་གྱུར་པའི་རིའི་ཕྲེང་བ་དང་རྩེ་མོ་དགའ་བར་གྱུར་པ་རྣམས་ལས། རྣམ་པ་དེ་ལྟ་བུའི་མེ་ཏོག་དང་ཤིང་ལྗོན་པ་དང་འཁྲི་ཤིང་དང་ ཤིང་གེལ་པ་རྣམས་ལས་རབ་ཏུ་སྐྱེས་ཤིང་ལེགས་པར་བྱུང་བར་གྱུར་པ་ནི། པད་མའི་ནང་གི་འདབ་མ་རྣམས་ལ་ཞུགས་ནས་རྩེ་བར་གྱུར་པའི་ལྷ་དེ་དག་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱི་མཐུ་ལས་ཡིན་ནོ། །དེ་ནས་ལྷ་དེ་དག་ལྷན་ཅིག་སྤྱོད་པའི་འཁོར་དང་བཅས་པ་རྣམས་ ནགས་དེ་དག་རྣམས་དང་པད་མའི་ཚལ་གྱི་འདབ་མའི་ནང་དུ་སོང་ནས་དེ་ལྟར་དགའ་བར་བྱེད་པ་དང་རྩེ་བར་ཡང་བྱེད་པའི་མཐུ་སྟོབས་འདི་ནི། པད་མ་ཆེན་པོའི་ནགས་དེ་དང་པད་མའི་ནགས་དེ་དང་རྣམ་པར་རྒྱས་པའི་མཚོ་དེའི་ཡང་ཡིན་ཏེ། ཀུན་བརྟག་པར་རྣམ་པར་ཁ་བྱེ་བ་དེའི་ཡིན་ ནོ། །དེ་ལྟར་ལྷ་དེ་དག་རྣམས་པད་མ་ཆེན་པོའི་འདབ་མའི་ནང་དུ་སོང་ནས་དུས་རིང་དུ་དགའ་བར་བྱེད་པ་དང་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་དང་ཉེ་བར་ལྡན་པས་རྩེ་བར་ཡང་བྱེད་དོ། །དེ་ནས་དེ་ལྟར་རྩེ་བར་བྱེད་པ་དེ་དག་རྣམས་དེ་ལྟར་པད་མ་ཆེན་པོའི་འདབ་མའི་ནང་དུ་སོང་བ་ རྣམས་འདི་སྙམ་དུ་སེམས་ཏེ། གང་མ་ཐང་ཡང་བདག་ཅག་འདི་ན་གནས་ནས་རྩེད་མོས་རྒྱུ་བ་རྣམས་ལ་རི་དག་འབྱུང་བར་འགྱུར་ན་རུང་སྟེ། རིན་པོ་ཆེ་སྣ་ཚོགས་པའི་རྩེ་མོ་ཅན་འོད་ཟེར་གྱིས་སྣང་བར་བྱས་པ་དང་བྱའི་ཚོགས་ཀྱི་སྒྲ་རྣམ་པར་བརྗོད་པས་མངོན་པར་དགའ་བ་ དང་རི་ཕུག་དང་ཁྲོད་དང་ཆུ་ཀླུང་དང་ངོས་དང་ལྗོངས་དག་གིས་དགའ་བར་གྱུར་པའི་ས་གཞི་ཆ་ཤས་རྣམས་ལེགས་པར་རྣམ་པར་ཕྱེ་བ་ཐམས་ཅད་ནས་རྩེད་མོ་རྩེ་བར་འོང་བ་ལྷ་བདག་ཅག་རྣམས་ལ་བདག་ཅག་ལྷ་རྣམས་ཀྱི་ཡང་ལྷ་བདག་ཅག་པད་མ་ཆེན་པོའི་འདབ་མའི་གསེབ་ཏུ་ཞུགས་ པ་རྣམས་ལ་དེ་ལྟ་བུའི་རི་དག་ལེགས་པར་འབྱུང་བར་གྱུར་ན་རུང་ངོ ། །དེ་ནས་སེམས་བསྐྱེད་པ་དང་ལྷན་ཅིག་ཁོ་ནར་ལྷ་དེ་དག་རྣམས་ལ་འབྱུང་བར་འགྱུར་ཏེ། ལྷ་དེ་དག་གི་ལེགས་པར་བྱས་པའི་ལས་ཀྱི་རྐྱེན་གྱི་དབང་དང་རྐྱེན་གྱི་དབང་གིས་རབ་ཏུ་ཕལ་ཆེ་བར་གྱུར་པའི་ནགས་དང་ 70-1-271a ཉེ་བའི་ནགས་དང་རྫིང་བུ་དང་རིའི་རྩེ་མོ་དང་ཁོང་གསེང་གི་གསེབ་དང་དགའ་བར་གྱུར་པའི་རི་ངོས་རྣམས་དང་ཚང་ཚིང་དང་ཕུག་དགའ་བར་གྱུར་པ་རིན་པོ་ཆེ་བདུན་གྱིས་རྣམ་པར་སྤྲས་པས་ཀུན་ཏུ་འབར་བ་འོད་ཟེར་དང་ལྡན་པས་དགའ་བར་བྱེད་པ་དེ་འཁྲི་ཤིང་ཀུན་ནས་འཕྱང་བ་དང་ སྨན་ལྗོངས་དང་རི་ཁྲོད་རྣམས་ཡིད་ཀྱི་རྗེས་སུ་འཐུན་པ་རྟག་ཏུ་མཐོང་བ་ན་དགའ་བར་འགྱུར་བའི་རི་བརྒྱ་ཕྲག་རབ་ཏུ་བྱུང་བར་གྱུར་པ་རྣམས་ལ་ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུ་དང་འཁྲི་ཤིང་ཀུན་ཏུ་འཕྱང་བས་ལེགས་པར་འཁྲིལ་བ་རྣམས་ཀྱིས་དགའ་བར་གྱུར་པའི་ཕུག་དང་ ངོས་དང་ལྗོངས་བརྒྱ་སྟོང་དང་ལྡན་པ་རྣམས་འབྱུང་བར་གྱུར་ཏོ། །དེ་ནས་ལྷ་དེ་དག་རྣམས་འདབ་མའི་གོང་བུ་དེ་ཡོངས་སུ་སྤངས་ནས། དེ་ཁོ་ན་བཞིན་དུ་ལྷ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བས་ལྷ་རྫས་ཀྱི་མདོག་དང་དྲི་དང་རེག་བྱ་དང་ལྡན་པ་རྣམས་ཀྱི་རྙིང་པ་མེད་པའི་མེ་ཏོག་གི་ཕྲེང་བ་ རྣམས་ཀྱིས་ཉེ་བར་ཁྱབ་པ། ལྷའི་གླུ་མཁན་གྱི་སྐད་སྙན་པ་རྣམས་དང་བཅས་པའི་དལ་ཞིང་བརྒྱུད་པས་ཡིད་འཕྲོག་པའི་སྒྲ་མཛེས་པ་རྣམས་ཀྱིས་རིང་དུ་ཡང་རྣ་བའི་བུ་ག་ཚིམ་པ་མེད་པར་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་རི་དེ་ལ་དལ་བུས་དལ་བུས་འགྲིམ་པར་བྱེད་དོ། །ཐོ་ ཕྱི་ཀུན་ཏུ་རྒྱ་བསྐྱེད་ནས་མིག་ལེགས་པར་བསྒྱུར་ཞིང་ལྟ་བར་བྱེད་པའི་མིག་སྔ་ན་མངོན་པར་དགའ་བ་རྣམས་ལྷ་དེ་དག་རྣམས་དགའ་བར་བྱེད་ཅིང་གཡོག་གི་བྱ་བ་རྣམས་ཀྱང་བྱེད་དོ། །ཟས་དང་སྐོམ་གྱི་ཀླུང་རྣམས་ལ་ཡང་བཏུང་བ་དང་བཟའ་བ་དགའ་བར་གྱུར་པ་དག་ལ་ཟ་བ་དང་འཐུང་ བར་བྱེད་དོ། །དེ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་དང་ལྡན་པའི་བཏུང་བ་དང་བཟའ་བའི་བྱ་བ་རྣམས་བྱས་ནས་རི་ཁྲོད་ཀྱི་གསེབ་རྣམས་སུ་མན་དཱ་ར་བ་དང་པད་མ་ཀུ་ཤེ་ཥ་ཡཱ་མཆོག་གིས་རང་གི་ལུས་ལ་ཡང་བཅིངས་པ་དང ། དེ་བཞིན་དུ་ལྷ་མོ་རྣམས་ཀྱིས་ཀྱང་ལྷ་རྫས་ཀྱི་ཕྲེང་བ་མཆོག་གིས་ བྱས་ནས་གར་བྱེད་པ་དང ། གླུ་ལེན་པས་ཀྱང་དུས་རིང་དུ། ལྷ་རྫས་ཉིད་ཀྱི་འདོད་པའི་ཡོན་ཏན་ལྔ་དང་བཅས་ཤིང་ཡང་དག་པར་ལྡན་པར་གྱུར་པས། སླར་ཡང་དེ་ཁོ་ན་བཞིན་དུ་ཡུལ་རྣམས་ལ་ཆགས་པའི་ཡིད་ཀྱིས་ཐམས་ཅད་ཉིད་དུ་ངོམས་པར་མ་གྱུར་ནས། སྲེད་པའི་གཙང་ 70-1-271b པོས་ངེས་པར་ཁྱེར་བར་གྱུར་པས། གཟུགས་དང་རྒྱན་དང་ཆ་ལུགས་སྣ་ཚོགས་པ་ཅན་གྱི་ལྷ་དེ་དག་རྣམས་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ལན་བརྒྱ་ཕྲག་རྣམས་སུ་དང ། ཡང་ན་ལན་སྟོང་ཕྲག་རྣམས་སུ་སླར་ཉིད་ཀྱང་གང་ན་རྣམ་པར་རྒྱས་པའི་མཚོ་ཆེན་པོ་ལ་པད་ མ་ཆེན་པོས་ལེགས་པར་རྒྱས་པ་དེར་ཉེ་བར་འགྲོའོ། །ཕྱིར་ཞིང་ཡང་མཚོ་ཆེན་པོ་དེ་ཉིད་དུ་ཀུན་ནས་ཉེ་བར་འཇུག་པར་བྱེད་པ་དང་ཀུན་ཏུ་ཉེ་བར་བགྲོད་པར་ཡང་བྱེད་ལ། སླར་ཡང་དེ་ཁོ་ན་བཞིན་དུ་དེ་ཁོ་ན་ཉིད་ཀྱི་པད་མའི་འདབ་མ་རྣམས་ལ་དེ་བཞིན་ཉིད་དུ་སོ་སོ་སོ་སོར་ཆེས་ དགའ་བར་གྱུར་པའི་རྩེད་མོ་རྣམས་ཉམས་སུ་མྱོང་བར་བྱེད་དེ། རང་གི་ལས་རྣམས་དང་ཆ་འདྲ་བ་རྒྱས་བཏབ་པའི་རྗེས་དོད་པ་བཞིན་ནོ། །དེ་ནས་གཞན་ཡང་ལྷ་དེ་དག་རྣམས་ཉིད་འདི་སྙམ་དུ་སེམས་ཏེ། ཐ་མར་ན་ཡང་བདག་ཅག་རྣམས་ཀྱི་རི་སུལ་སྣ་ཚོགས་པ་རྣམས་ ནས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་པའི་བྱ་གཟུགས་དང ། ཆ་བྱད་དང་རྩེད་འཇོ་དང་དབྱིབས་དང་ཟས་དང་གནས་དང་སྤྱོད་ལམ་རྣམས་མཐོང་ན་དགའ་བ་སྙན་པར་གྱུར་པའི་སྒྲ་དུ་མ་རྣམས་ཀྱིས་རྩེ་སྒྲོགས་པས་ལྷག་པར་དགའ་བར་གྱུར་པ། རིན་པོ་ཆེ་བདུན་གྱི་ཐིག་ལེས་རྣམ་པར་ སྤྲས་པའི་རིན་པོ་ཆེ་བདུན་རྣམ་པར་བཀྲ་བའི་ཐིག་ལེ་རྣམས་སྐྱེས་པའི་ལུས་རྒྱ་ཆེན་པོ་ཐམས་ཅད་དུ་ཐོགས་པ་མེད་པའི་འགྲོས་ཀྱིས་ལེགས་པར་སྤྱོད་པ། ཆུ་དང་ཐང་དང་བར་སྣང་རྣམས་ལ་ཡང་བདེ་བའི་འགྲོས་ཀྱིས་འགྲོ་བར་བྱེད་པ་གང་དག་གིས་བདག་ཅག་རྣམས་ནུས་པར་ འགྱུར་བ་བལྟ་ན་སྡུག་པའི་བྱ་དེ་དག་རྣམས་བྱུང་ན་རུང་ན། ངེད་རང་རྣམས་ཀྱིས་ཀྱང་ནམ་མཁའི་དཀྱིལ་དུ་འགྲོ་བར་ནི་ནུས་ན། འོན་ཀྱང་བདག་ཅག་རྣམས་འདོད་པ་ནི་ཐ་མར་ན་ཡང་བདག་ཅག་བྱ་དེ་དག་རྣམས་ཀྱི་རྒྱབ་ཏུ་ཞོན་ལ་ལྷ་མོའི་ཚོགས་རྣམས་ཐམས་ཅད་ཀྱིས་ཡོངས་སུ་ བསྐོར་ནས་ཤིན་ཏུ་བདེ་བས་ནམ་མཁའི་དཀྱིལ་དུ་རབ་ཏུ་བགྲོད་པས་བདེ་བ་རྒྱ་ཆེན་པོའི་ས་མ་ལུས་པ་འདི་དག་རྣམས་ཀུན་ནས་གནོད་པ་མེད་པའི་འགྲོས་ཀྱིས་ཀུན་དུ་བལྟ་བར་བྱའོ། །ཉེ་འཁོར་ཀུན་ལ་རྣམ་པར་བལྟས་ཤིང་རྣམ་པར་བལྟས་ནས་སླར་ཉིད་ཀྱང་ཆེས་ལྷག་པར་ལྷན་ 70-1-272a ཅིག་སྤྱོད་པའི་འཁོར་དང་བཅས་ནས་རྩེད་མོ་བྱེད་པར་གྱུར་པ་ན། དེ་ལྟར་ལྷ་དེ་དག་རྣམས་ཀྱི་སེམས་བསྐྱེད་པ་དང་ལྷན་ཅིག་ཁོ་ནར་སྣ་ཚོགས་པའི་རིའི་ཁྲོད་དང་ཕུག་དང་འཁྲི་ཤིང་འཕྱང་བ་རྣམས་དང་རིའི་རྩེ་མོ་རྣམས་དང་རྣམ་པ་སྣ་ཚོགས་པའི་ཚང་ཚིང་དང་རི་སུལ་ དང་ལྗོན་ཤིང་རྣམས་ལ་གནས་པའི་བྱ་རྣམས་ལེགས་པའི་ལས་ཀྱིས་བོས་པར་གྱུར་པ་ན་འོང་བར་འགྱུར་བ་ནི། སྣ་ཚོགས་པའི་གཟུགས་དང་ཆ་བྱད་དང་སྣ་ཚོགས་པའི་མདོག་དང་སྐད་ཀྱི་དབྱངས་རྣམས་དང་ལྡན་པ་དང ། རིན་པོ་ཆེ་བདུན་གྱི་ཐིག་ལེ་རྣམས་ཀྱིས་སྤྲས་པས་ རྣམ་པར་བཀྲ་བ། ལྷ་མོ་རྣམས་ཐམས་ཅད་ཀྱང་ངོ་མཚར་བསྐྱེད་པ་དང ། ཡིད་མངོན་པར་དགའ་བ་དང་ནམ་མཁའི་དཀྱིལ་མ་ལུས་པ་དེ་དག་རྣམས་ཀུན་ནས་ཁྱབ་པར་གྱུར་པ་དང ། རྩེ་སྒྲོགས་པས་ཀྱང་གང་བར་བྱས་ནས་པད་མ་ཆེན་པོའི་འདབ་མའི་གོང་བུ་རྣམས་གང་ན་ ལྷ་དེ་དག་རྣམས་རྩེ་བ་དེར་ཀུན་ཀྱང་འོང་བར་འགྱུར་རོ། །དེ་དག་རྣམས་ནི་ནམ་མཁའ་ལ་འགྲོ་བ་ཡིན་པས་ནམ་མཁའ་མ་ལུས་པ་རྣམས་ཐམས་ཅད་དུ་ཁྱབ་པར་བྱེད་དོ། །དེ་ནས་ལྷ་དེ་དག་གིས་བྱ་དེ་དག་མངོན་པར་མཐོང་ནས་ལྷ་མོ་དང་བཅས་པ་རྣམས་སླར་ཉིད་ཀྱང་ཆེས་རབ་ཏུ་ རངས་པར་གྱུར་པའི་ཡིད་ཀྱིས་ལྷན་ཅིག་སྤྱོད་པ་དང་བཅས་པ་རྣམས་ནམ་མཁའི་དཀྱིལ་དུ་འཕགས་པར་འདོད་པར་གྱུར་ཏོ། །དེ་ནས་བྱ་དེ་དག་རྣམས་གང་གི་ཚེ་ཉེ་བར་འོངས་པ་དེའི་ཚེ་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པ་དེ་དག་ཉིད་ཀྱི་རྒྱབ་ཏུ་ངེས་པར་ཞོན་ཏེ། ནམ་མཁའི་དབྱིངས་ཀུན་ཏུ་འཕགས་པར་གྱུར་ནས་ཉེ་འཁོར་དུ་ཡང་དེ་དག་གིས་ཁྱབ་པར་བྱས་སོ། །དེ་ནས་གླུ་ལེན་པར་གྱུར་པས་ལག་ན་པི་བང་དང་གསེར་གྱི་དགུ་པོ་རྒྱུད་མངས་དང ། གླིང་བུ་དང་རྔ་མུ་ར་བ་དང་ལྷ་རྫས་ཀྱི་རོལ་མོ་མཁན་དགའ་བར་གྱུར་པ་རྣམས་ཀྱིས་རྣ་བའི་ བུ་གར་གཏད་པར་གྱུར་པ་ཕན་ཚུན་ལྷན་ཅིག་ཏུ་བདེ་བའི་ས་དེ་དག་རྣམས་ལ་ཀུན་དུ་ལྟ་བར་བྱེད་དོ། །དགའ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །ལྷ་དེ་དག་རྣམས་བདེ་བའི་འདོད་ཆགས་ཀྱིས་ཆགས་པར་གྱུར་པ་དགའ་བའི་འདོད་ཆགས་ཀྱིས་རབ་ཏུ་རྣམ་པར་ཉམས་ 70-1-272b པའི་ཡིད་ཅན་རྣམས་ཀྱིས་ཕ་རོལ་ཏུ་ཡང་ལོག་པར་ལྟུང་བར་འགྱུར་བ་ནི་མཐོང་བ་མ་ཡིན་ནོ། །དེ་ནས་དེའི་དུས་ན་ལེགས་པར་བྱས་པའི་ལས་རྣམས་ཀྱིས་ལེགས་པར་བསྐུལ་བས། དེ་ཁོ་ན་ཉིད་བརྗོད་པ་ཞེས་བྱ་བའི་བྱས་ལྷ་བག་མེད་པ་དེ་དག་རྣམས་ལ་རྗེས་སུ་འདོམས་པར་ བྱེད་པའི་ཚིགས་སུ་བཅད་པ་བཤད་པ། ཇི་ལྟར། ཇི་ལྟར་ལུས་ཅན་རྣམས་ཀྱི་ནི། །སྲོག་ནི་ཤིན་ཏུ་མྱུར་འགྲོ་བ། །བྱ་རྣམས་འགྲོས་དང་རླུང་པོ་ཡང ། །དེ་བཞིན་མྱུར་དུ་འགྲོ་བ་མིན། །རླུང་དེ་ལས་ནི་ཕྱིར་ཟློགས་ཤིང ། །བྱ་དེ་རྣམས་ཀྱང་ཕྱིར་ལ་ཟློགས། ། འགག་པར་འགྱུར་བའི་སྲོག་ཀྱང་ནི། །དེ་ནི་སླར་ཡང་འོངས་པ་མེད། །ལས་ནི་མྱུར་བར་ཟད་པ་དང ། ཐ་མ་ཡང་ནི་མྱུར་བར་འབྱུང ། །ཅིས་ཀྱང་འབྱུང་བའི་འདུ་འབྲལ་བ། །ལྷ་རྣམས་ཀྱིས་ཀྱང་གོ་བ་མིན། །བཟློག་པར་མི་ནུས་ཤུགས་ཆེན་པོ། །གཏུམ་པོ་ ཐམས་ཅད་བརླག་པར་ནུས། །ངེས་པར་མྱོང་བའི་སྟོབས་ལྡན་པ། །འཆི་བདག་འདི་ཡང་མ་རིག་གོ། །ཤིན་ཏུ་བག་མེད་པ་ཡི་ལྷ། །བདེ་བས་ཡོངས་སུ་བསླུས་པ་ཡིན། །གང་ཞིག་ངེས་པར་འབྱུང་བ་ཡི། །སྡུག་བསྔལ་ཆེན་པོ་མ་རིག་གོ། །འདུས་བྱས་ཀྱང་ནི་ ཐམས་ཅད་ཀྱང ། །འཇིགས་དང་བཅས་པའི་ཁྱད་པར་གྱིས། །འདི་ནི་རྣམ་པར་འཇིག་པར་འགྱུར། །སྲིད་ནས་སྲིད་པར་ཆོས་ཉིད་ཀྱང ། །འདི་ནི་རྒ་བས་ལང་ཚོ་འཇོམས། །སྲོག་ནི་འཆི་བའི་ཐ་མ་སྟེ། །རྒུད་པར་གྱུར་པའི་འཇིགས་བྱེད་ཀྱིས། །གནས་པ་ རྣམས་ནི་འཇིག་པའི་རྒྱུ། །འཇིགས་ཆེན་རྣམ་པ་དེ་ལྟ་བུ། །སྡུག་བསྔལ་གྱིས་ཀྱང་འཇིགས་པ་ཆེ། །བག་མེད་པ་ཡི་ལྷ་གང་ཡང ། །བསམ་པ་དེ་དག་ཅུང་ཟད་མེད། །གང་ཡང་བློ་ཡི་མིག་གིས་ནི། །མ་འོངས་པ་ཡི་འཇིགས་པ་མཐོང ། །དེ་ནི་མཁས་པ་ ཡིན་ཞེས་བྱ། །བྱིས་པ་རྣམས་ནི་བཟློག་པ་ཡིན། །རྣམ་རྨོངས་ཡིད་ཅན་ཐམས་ཅད་ནི། །རང་གི་སེམས་ནི་བསླུས་པ་ཡིན། །མར་མེའི་སྣུམ་ནི་ཟད་ལྟ་བུའི། །ལས་ཟད་པ་ནི་མ་མཐོང་ངོ ། །དགའ་བའི་ཡུལ་ནི་དུ་མ་རྣམས། །བདེ་བ་བླ་ན་མེད་པ་འདི། ། 70-1-273a ལོངས་སྤྱོད་ནས་ནི་ལས་ཟད་པས། །སླར་ཡང་ལོག་པར་ལྟུང་བར་འགྱུར། །དེ་ལྟར་བྱ་དེས་ལེགས་པར་བྱས་པའི་ལས་ཀྱི་ཚིག་གིས་ལྷ་དེ་དག་རྣམས་ལ་རྗེས་སུ་སྟོན་པར་བྱེད་དོ། །བག་མེད་པའི་ཡུལ་གྱིས་ཀུན་ནས་རྨོངས་པའི་ལྷ་དེ་དག་རྣམས་ཀྱིས་ གོ་བར་མི་འགྱུར་ཞིང ། བརྗོད་པ་དེ་དག་རྣམས་ལ་ཡང་རྩིས་བཏབ་མ་བྱས་པར་ཕྱིར་ཉིད་ཀྱང ། བདེ་བ་རྒྱ་ཆེན་པོའི་ས་གཞི་མ་ལུས་པ་དེ་དག་རྣམས་ཀུན་ཏུ་ལྟ་བར་བྱེད་དེ། ཐམས་ཅད་ལས་མངོན་པར་དགའ་བར་གྱུར་པའི་རི་རྣམས་དང་ཆུ་ཀླུང་དང ། སྨན་ལྗོངས་ དང་འབབ་ཆུ་དང་རྫིང་བུ་དང་ལྗོན་ཤིང་དང་ནགས་དང་ཉེ་བའི་ནགས་དང་ལེགས་པར་འབྲེལ་པ་རྣམས་དང ། དེ་ལྟ་དེ་ལྟར་པད་མའི་ཚལ་རྣམས་དང་རི་བོའི་མཆོག་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ན་ལྷའི་ཚོགས་རྩེ་དགའ་བ་རྣམས་ཀྱིས་ལེགས་པར་འབྲེལ་བ་རྣམས་དང་ཡང་ གཞན་རྣམས་ལ་བྱ་རྣམས་ཀྱིས་བརྗོད་པའི་ཁྱད་པར་དགའ་བར་འགྱུར་བའི་བར་དུ་གླུ་བླངས་པ་ལྟ་བུར་ཐམས་ཅད་ནས་རྣ་བས་དང་དུ་ལེན་པར་བྱེད་པའི་སྒྲ་རྣམས་དང ། གཞན་ཡང་དེ་མ་ཡིན་པ་རྣམས་མཐོང་བར་གྱུར་པ་ལ། ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་ བསྐོར་ནས། པད་མའི་བར་མཚམས་རྣམས་ནས་རིན་པོ་ཆེའི་རྩི་དག་འཐུང་བར་བྱེད་དོ། །དཔག་བསམ་གྱི་ཤིང་གི་ནགས་རྣམས་ལ་ཡང་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །གཞན་ཡང་གཞན་དག་རྣམས་སུ་རྒྱུ་བར་གྱུར་པ་ན། ཁང་ བུ་ནམ་མཁའི་དཀྱིལ་དང་འདྲ་བ་རྣམས་ལ་ཞོན་པའི་ལྷ་དང་ལྷ་མོ་རྣམས་ལྷན་ཅིག་ཏུ་ལྷ་རྫས་ཀྱི་མེ་ཏོག་གི་ཕྲེང་བའི་རྒྱན་དང་ལྷ་རྫས་ཀྱི་ཡུལ་ལྔ་པོ་རྣམས་ཉིད་ལྷ་རྫས་ཀྱི་རྔ་རྣམས་ཉིད་ཀྱིས་རྩེ་བར་གྱུར་པ་རྣམས་མཐོང་ངོ ། །ལྷ་དང་ལྷ་མོ་དེ་དག་རྣམས་ཉིད་ཀྱིས་ཀྱང་མཐོང་ ནས་ཕན་ཚུན་ལྷན་ཅིག་ཏུ་ཚོགས་པར་གྱུར་ཏེ་རྩེ་བར་བྱེད་དོ། །རིན་པོ་ཆེ་བདུན་དང་རིན་པོ་ཆེ་མ་ར་ཀ་ཏ་ཡིས་རྣམ་པར་བཀྲ་ཞིང་འཚེར་བག་དང་ལྡན་པར་ནམ་མཁའི་དཀྱིལ་ནས་འོངས་པའི་བྱ་དེ་དག་རྣམས་ཀྱི་རྒྱབ་ཏུ་ལེགས་པར་ཞོན་པ་རྣམས་དང་ལྷ་གཞན་གང་ 70-1-273b དག་དགའ་བའི་ཚལ་ན་ཀུན་དུ་གནས་པའི་དེ་དག་རྣམས་ཁང་བུའི་སྟེང་དུ་ལེགས་པར་ཞོན་པ་རྣམས་དང་དེ་དག་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ནས་ནམ་མཁའ་ཉིད་ལ་རྩེ་དགའ་བར་བྱེད་པ་དང ། ཕན་ཚུན་དུ་གྲོགས་ཀྱི་བྱ་བ་དང་ལྡན་པས་དགའ་བར་ཡང་བྱེད་དོ། ། དུས་ཤིན་ཏུ་རིང་བར་འདོད་པའི་མཆོག་རྣམས་ལ་དེ་དག་རྣམས་ཀྱིས་ལྷན་ཅིག་ཏུ་རྩེ་དགའ་བར་བྱས་ནས་སླར་ཡང་རིའི་རྩེ་མོ་དག་ལ་འཁོད་པར་བྱེད་དོ། །ནགས་དང་ཉེ་བའི་ནགས་རྣམས་ལ་དེ་དག་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་རྩེད་འཇོ་རྣམས་བྱས་ནས་སླར་ཡང་རྣམ་པར་ རྒྱས་པའི་མཚོ་ཆེན་པོ་དེར་འགྲོའོ། །བྱ་དེ་དག་རྣམས་ཉིད་ཀྱི་རྒྱབ་ཏུ་ལེགས་པར་ཞོན་ནས་ནམ་མཁའ་བཞིན་དུ་ཁྱབ་པར་བྱས་པས། ལྷ་རྫས་ཀྱི་རོལ་མོ་རྣམས་ལ་ཆགས་པར་གྱུར་པའི་ཡིད་ཀྱིས་ནགས་དང་ཉེ་བའི་ནགས་རྣམས་ལས་སླར་ཡང་རྣམ་པར་རྒྱས་པའི་མཚོ་ཆེན་ པོ་དེ་ཉིད་དུ་ལེགས་པར་འགྲོ་བར་བྱེད་དོ། །གཞན་ཡང་རྣམ་པར་རྒྱས་པའི་མཚོ་དེ་ཉིད་ཐམས་ཅད་ལས་དགའ་བར་གྱུར་པར་གོ་ནས། གཞན་ཡང་དེ་དག་རྣམས་བྱ་དེ་དག་གི་རྒྱབ་དག་ལས་མུ་ཏིག་གི་སྟན་རྣམས་ལ་ལེགས་པར་བབས་སོ། །དེ་ནས་ཡང་ཐམས་ཅད་དང་ ལྡན་པར་གྱུར་པ་རྣམས་ཕྱིར་ཞིང་ཉིད་དུ་དེ་དག་རྣམས་པད་མའི་འདབ་མ་ལ་རབ་ཏུ་འདུག་ནས་དགའ་བར་བྱེད་པ་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས་པད་མའི་འདབ་མ་དེ་ལ་དུས་རིང་དུ་དགའ་བར་གྱུར་ནས། དུས་གཞན་ན་འདི་ལྟ་བུའི་བློ་སྐྱེས་པར་གྱུར་ཏེ། གང་བདག་ ཅག་རྣམས་འདི་ཁོ་ན་ལྟར་གནས་བཞིན་དུ་མ་ཐང་ཡང་འཁྲི་ཤིང་གི་ཁང་བུ་རྣམས་ལ་རྒྱགས་པའི་ཁུ་བྱུག་གི་སྒྲ་དགའ་བར་གྱུར་པ་རྣམས་དང ། མེ་ཏོག་གི་ཚར་ཀ་ཀུན་དུ་འཕྱང་བ་རྣམས་དང་རིན་པོ་ཆེ་སྣ་ཚོགས་པ་རྣམ་པར་བཀྲ་བ་ཆེས་རབ་ཏུ་ཕལ་ཆེ་བ་སྣ་ཚོགས་ པའི་ལོ་མ་དང་འདབ་མ་ཆགས་པར་འགྱུར་བ་རྣམས་དང་ཡང་དག་པར་ལྡན་པས་ཉེ་བར་བཀོད་པའི་འཁྲི་ཤིང་གི་ཁང་བུ་དག་བདག་ཅག་རྣམས་ཀྱི་རྩེད་མོའི་དོན་དུ་རབ་ཏུ་འབྱུང་བར་གྱུར་མོད། དེ་ནས་སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་ལྷ་དེ་དག་རྣམས་ཀྱི་ 70-1-274a ལེགས་པར་བྱས་པའི་ལས་ཀྱིས་དེ་དག་གི་འཁྲི་ཤིང་གི་ཁང་བུ་རྣམས་རིན་པོ་ཆེ་སྣ་ཚོགས་པའི་འོད་དང་ལྡན་པ། མེ་ཏོག་གི་མཆོག་གིས་ཀུན་ཏུ་སྤུད་པ་གསེར་བཟང་པོའི་རང་བཞིན་དང་དངུལ་གྱི་རང་བཞིན་དང་བཻ་ཌཱུརྱའི་རང་བཞིན་དང་སྔོན་པོ་ཆེན་ པོའི་རང་བཞིན་དང ། པད་མ་རཱ་གའི་རང་བཞིན་དང་དེ་བཞིན་དུ་ཤེལ་གྱི་རང་བཞིན་དང་དེ་བཞིན་དུ་གསེར་བཙོ་མའི་རང་བཞིན་གྱི་མཆོག་ཏུ་མཐོང་ནས་དགའ་བར་འགྱུར་བ་རྣམས་དང ། དེ་བཞིན་དུ་རྣམ་པར་འདྲེས་པ་པོའི་རྣམ་པར་བཀྲ་བའི་འཁྲི་ཤིང་གི་ཁང་པ་དེ་རང་འབྱུང་ བར་འགྱུར་ཏེ། ལེགས་པར་བྱས་པའི་ལས་རྣམས་ཀྱིས་དུས་མི་རིང་བ་ཉིད་ན་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་འཁྲི་ཤིང་གི་ཁང་པ་དེ་དག་མངོན་པར་ཀུན་ནས་ལེགས་པར་མཐོང་བས་མཆོག་ཏུ་རབ་ཏུ་དགའ་བའི་ཡིད་ཀྱིས་སླར་ཡང་དེ་ཁོ་ན་བཞིན་ དུ་རྩེ་བར་བྱེད་ཅིང་དགའ་བར་ཡང་བྱེད་དོ། །ལྷ་མོའི་ཚོགས་རྣམས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་ནས། ལྷ་རྫས་ཀྱི་ཕྲེང་བས་བརྒྱན་པ་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པ་གནོད་པ་མེད་པ་དང་ལྡན་པའི་ཡིད་ཀྱིས་ཕྲག་དོག་དང་སེར་སྣ་དང་བྲལ་བ། འཐབ་མོ་དང་ཡིད་མི་བདེ་བའི་སྐྱོན་རྣམས་དང་བྲལ་བ། བདེ་ལེགས་སུ་རྣམ་པར་རྒྱུ་བ་ལེགས་པར་བྱས་པའི་ལས་རྣམས་ཀྱིས་དེ་དག་རྣམས་ལ་དགའ་བར་བྱེད་པའི་རྔ་སྐད་ཡན་ལག་ལྔ་དང་ལྡན་པའི་རྣམས་ལ་མ་ཉམས་པ་དང་སྙན་པ་དང ། དལ་ཞིང་རྒྱུན་ཆགས་པའི་དབྱངས་ཀྱིས་ བརྒྱན་དུ་བྱས་པ་འཁྲི་ཤིང་གི་ཁང་བུ་དེ་དག་རྣམས་སུ་ལྷན་ཅིག་སྤྱོད་པ་དེ་དག་ཉིད་དང་ངོམས་པ་མེད་པའི་ཡིད་ཀྱིས་ལྷན་ཅིག་ཏུ་དགའ་བར་བྱེད་པ་རྣམས་ཐམས་ཅད་ཀྱང་སྲེད་པའི་དུག་གིས་བསྲེགས་པར་གྱུར་པས་འདོད་པའི་ཡོན་ཏན་ལྔ་མཚུངས་པ་མེད་པ་རྣམས་ཀྱིས་རྣམ་པར་ ངོམས་པ་མེད་པར་གྱུར་པ། མི་རྟག་པ་དང་ཆ་འདྲ་བའི་དཔེ་མེད་པའི་འཁྲི་ཤིང་གི་ཁང་པར་དགའ་བར་གྱུར་པས་ཆེས་ལྷག་པར་ཆགས་པས་བསྒོས་པར་གྱུར་པའི་དགའ་བ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །འཁྲི་ཤིང་གི་ཁང་པ་དེ་དག་ཀུན་ཡང་རྣམ་པ་སྣ་ཚོགས་པའི་འཁྲི་ 70-1-274b ཤིང་འཕྱང་བས་དགའ་བར་གྱུར་པ་རྣམས་ལ། འདི་ལྟ་སྟེ་བཻ་ཌཱུརྱའི་རང་བཞིན་གྱི་འཁྲི་ཤིང་རྣམས་ལ་ནི་གསེར་གྱི་འདབ་མ་རྣམས་དང་པད་མ་རཱ་ག་དང་མཚུངས་པའི་མདོག་གི་འབྲས་བུ་རྣམས་སོ། །ིན་དྲ་ནཱི་ལའི་འཁྲི་ཤིང་རྣམས་ལ་ནི་དངུལ་གྱི་རང་བཞིན་གྱི་ཁ་དོག་གི་འདབ་ མ་རྣམས་དང་ཤེལ་དང་ཁ་དོག་མཚུངས་པའི་འབྲས་བུ་རྣམས་སོ། །གསེར་གྱི་འཁྲི་ཤིང་རྣམས་ལ་ནི་ཨིན་དྲ་ནཱི་ལ་དང་མདོག་མཚུངས་པའི་ལོ་མ་རྣམས་དང ། པད་མ་རཱ་ག་དང་མདོག་མཉམ་པའི་འབྲས་བུ་རྣམས་སོ། །རིན་པོ་ཆེ་བདུན་རྣམ་པར་འདྲེས་པའི་འཁྲི་ཤིང་རྣམས་ལ་ནི་ འདབ་མ་དང་འབྲས་བུ་རྣམས་ཀྱང་རྣམ་པར་འདྲེས་པའོ། །གསེར་གྱི་འཁྲི་ཤིང་རྣམས་ལ་ནི་དངུལ་གྱི་རང་བཞིན་གྱི་འདབ་མ་དང ། དངུལ་གྱི་ཁ་དོག་གི་འབྲས་བུ་རྣམས་སོ། །རྣམ་པ་དེ་སྲིད་ཀྱི་འདབ་མ་རྣམས་ཉིད་ཡིན་ཏེ། གསེར་དེ་དག་དང་མཚུངས་པའི་ཁ་དོག་རྣམས་ལ་དེ་དང་ མཚུངས་པའི་འདབ་མ་དང་དེ་དང་མཚུངས་པའི་འབྲས་བུའོ། །དེ་ལྟར་ལྷ་དེ་དག་རྣམས་ཀྱི་འཁྲི་ཤིང་གི་ཁང་པ་རྣམས་དེ་དག་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱིས་སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་འབྱུང་བར་འགྱུར་རོ། །དེ་ནས་ལྷ་དེ་དག་རབ་ཏུ་དགའ་བའི་བདེ་བས་འཁྲི་ ཤིང་གི་ཁང་བུ་དེ་དག་ཏུ་ལེགས་པར་ཞུགས་ནས་ལྷ་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་པ་དང ། དགའ་བར་ཡང་བྱེད་ཅིང་གཡོག་གི་བྱ་བ་རྣམས་ཀྱང་བྱེད་དེ། རྣམ་པ་སྣ་ཚོགས་པའི་ལྷ་ཡུལ་གྱི་བདེ་བ་རྣམས་ཀྱིས་མྱོས་ཤིང་ངོམས་པ་ཡང་མེད་ལ་བདེ་བས་ཆུ་ལ་ཉ་བཞིན་ དུའོ། །དེ་དེ་ལྟར་ལྷ་དེ་དག་རྣམས་ཉིད་ཀྱང་ཤིན་ཏུ་ངོ་མཚར་བར་སྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་འཁྲི་ཤིང་གི་རྣམ་པར་འཕྱང་བས་ཀུན་ནས་གཡོགས་པ་རྣམས་སུ་ལེགས་པར་ཞུགས་ནས་དགའ་བར་བྱེད་ཅིང་གླུ་ཡང་ལེན་པར་བྱེད་ལ་རྔ་སྐད་ཡན་ལག་ལྔ་པས་དེ་ལྟར་ཡང་ དགའ་བར་གྱུར་པ་ན། འདི་ལྟར་སེམས་པར་བྱེད་དེ། ཇི་ལྟར་ཆུང་ངུ་ན་འཁྲི་ཤིང་གི་ཁང་བུ་འདི་ཉིད་དུ་རབ་ཏུ་བདེ་བར་ཞུགས་པའི་བདག་ཅག་འདི་དག་རྣམས་ཉིད་ལ་རབ་ཀྱི་མཆོག་གི་མདོག་དང་དྲི་དང ། རོ་དང་བདེ་བའི་རེག་བྱ་ཕུན་སུམ་ཚོགས་པའི་ཆུ་ཀླུང་གང་ཞིག་འདབ་ 70-1-275a མའི་གསེབ་དག་ནས་བབ་པར་གྱུར་ན་ཅི་མ་རུང ། ཞུ་གསོལ་བྱེད་པའི་ལྷན་ཅིག་རྗེས་སུ་སྤྱོད་པ་དང་བཅས་པ་རྣམས་ཕྱིར་ཞིང་ཆེས་ལྷག་པ་ཉིད་དུ་ཞུ་བར་བྱ་བའི་དོན་དུ་དེ་བཞིན་དུ་སེམས་པར་བྱེད་དོ། །དེ་དག་རྣམས་སེམས་བསྐྱེད་པ་ཙམ་ཉིད་ན། ཆུ་ཀླུང་དེ་ དག་རོ་དང་དྲི་དང་རེག་བྱ་རབ་ཀྱི་མཆོག་དང་ལྡན་པར་ཡང་ལེགས་པར་བྱས་པའི་ལས་རྣམས་ཀྱིས་བྱུང་བར་གྱུར་པ་རྣམས་ནི་འདབ་མའི་གསེབ་དག་ནས་རྒྱུན་འབབ་པར་གྱུར་པས། རབ་ཏུ་རྡོལ་བར་གྱུར་པ་ན། དེ་དེ་ལྟར་ལྷན་ཅིག་རྗེས་སུ་སྤྱོད་པ་རྣམས་དང་བཅས་པ་རྨད་དུ་ གྱུར་པས་རྒྱགས་ཤིང་མྱོས་ནས་འདོད་པའི་སྲེད་པ་རྣམས་ཀྱིས་རྣམ་པར་ངོམས་པ་མེད་པས་དུས་ཡུན་རིང་དུ་གླུ་ལེན་པའི་རྒྱགས་པས་རྒྱགས་པའི་སེམས་ཀྱིས་དགའ་བར་བྱེད་པ་དང་རྩེ་འཇོ་བར་ཡང་བྱེད་དེ། བག་མེད་པའི་ས་རྣམས་སུ་སྐྱེས་པར་གྱུར་པ་དེ་དག་རྣམས་ནི་ རང་བཞིན་གྱིས་ལེགས་པར་བྱས་པའི་ལས་རྣམས་ཟད་པར་བྱེད་པ་ཡིན་ལ་འཆི་འཕོ་བའི་དུས་ན་ནི་ལེགས་པར་མཐོང་བར་འགྱུར་རོ། །ཡུལ་གྱི་སྲེད་པ་རྣམས་ཀྱིས་ངོམས་པ་མེད་པར་དེ་ལྟར་རྩེ་རབ་ཏུ་འཇོ་བར་བྱེད་པ་རྣམས་ནི་འདི་ལྟར་འགྱུར་བ་ཡིན་ཏེ། གང་ཆུང་ངུ་ན་བདག་ ཅག་རྣམས་ལ་དྲི་དང་རོ་དང་མདོག་དང་རེག་བྱ་རབ་ཀྱི་མཆོག་དང་ལྡན་པའི་བདུད་རྩི་དག་འདབ་མའི་གསེབ་རྣམས་ནས་བར་དུ་གཟགས་པར་གྱུར་མོད། དེ་ནས་ལྷ་དེ་དག་རྣམས་ཀྱི་ལེགས་པར་བྱས་པའི་ལས་དག་གིས་སེམས་བསྐྱེད་པ་ཙམ་ཉིད་ཀྱིས་རོ་དང་མདོག་དང་ དྲི་དང་རེག་བྱ་མཆོག་གི་རབ་ཏུ་གྱུར་པའི་བདུད་རྩི་དེ་དག་ཇི་ལྟར་ལས་དང་མཁོས་འདྲ་ཞིང ། རྗེས་སུ་འཐུན་པ་རྣམས་རབ་ཏུ་བབ་པར་གྱུར་པ་ན། དེ་ལྟར་དེ་དག་རྣམས་ཉིད་དུས་ཡུན་རིང་པོར་མིད་པར་བྱེད་དོ། །དེ་ནས་ལྷ་དེ་དག་རྣམས་འདི་ལྟར་ཡང་སེམས་པར་བྱེད་དེ། གང་ མ་ཐང་ཡང་བདག་ཅག་རྣམས་ལ་དོ་ཤལ་དང་ཅོད་པན་ནོར་བུས་སྤྲས་པ་རྣམས་དང ། དཔུང་རྒྱན་དང་མེ་ཏོག་གི་ཕྲེང་བ་དང་ལྷ་རྫས་རྣམས་ཇི་ལྟར་མཐོ་རིས་ཀྱི་རྗེས་སུ་འཐུན་པ་ཆེས་ལྷག་པར་དགའ་བར་གྱུར་པ་རྣམས་འཁྲི་ཤིང་གི་གསེབ་དག་ནས་རྙེད་ན་ཅི་མ་རུང་སྙམ་ན། དེ་ལྟར་ 70-1-275b ལྷ་དེ་དག་རྣམས་ཀྱི་སེམས་བསྐྱེད་པ་དང་དུས་གཅིག་ཉིད་དུ་ལེགས་པར་བྱས་པའི་ལས་རྣམས་ཀྱིས་མཐོ་རིས་ཀྱི་རྗེས་སུ་འཐུན་པར་དགའ་བར་གྱུར་པའི་རྒྱན་དེ་དག་རྣམས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་ལྷ་དེ་དག་རྒྱན་དེ་དག་རྣམས་ཀྱིས་རྒྱན་དུ་བྱས་ནས། འདོད་པའི་བདེ་བ་རྣམས་ ཀྱིས་དུས་རིང་དུ་ཡང་ངོམས་པ་མེད་པར་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པས་དུས་རིང་པོར་དགའ་བར་བྱས་ཀྱང ། ཡུལ་གྱི་སྲེད་པ་རྣམས་ཀྱིས་རྣམ་པར་ངོམས་པ་ནི་མེད་པ་ཡིན་ནོ། །དེ་དག་དེ་ལྟར་རྣམ་པར་གནས་པ་རྣམས་འདི་ལྟར་སེམས་པར་འགྱུར་ཏེ། གང་ཆུང་ངུ་ན་རོལ་མོ་མཁན་རྣམས་ལས་ཀྱང་ལྷག་པའི་དབྱངས་གཞན་དུ་གྱུར་པ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་དྲི་རྣམས་དང་ཡང་དག་པར་ལྡན་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་འདབ་མ་རླུང་གིས་བསྐྱོད་པར་བྱེད་ན་རུང་ངོ་སྙམ་ན། དེ་ནས་ལྷ་དེ་དག་རྣམས་ཀྱི་ལེགས་པར་བྱས་ པའི་ལས་དག་གིས། སེམས་བསྐྱེད་པ་ཙམ་ཉིད་ན་རྣམ་པ་དེ་ཙམ་ཉིད་ཀྱི་རླུང་རྣམས་ཀྱི་ཁམས་ལེགས་པ་དལ་བུས་འབྱུང་བ་རྩོམ་སྟེ། གང་གིས་དེ་དག་རྣམས་ལ་རབ་ཏུ་བསྐྱོད་ཅིང་ཕན་ཚུན་དུ་དཀྲོལ་བས་བྱས་པའི་རྣམ་པ་དེ་ལྟ་བུའི་དབྱངས་འདི་དག་རབ་ཏུ་འབྱུང་བའི་ཁྱད་པར་གང་གིས། གླུ་མཁན་གྱི་གླུ་དེ་དག་ནི་བཅུ་དྲུག་ཆར་ཡང་ཆོག་པ་མ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ལྷ་མོ་དེ་དག་དང་སྟབས་ཅིག་ཏུ་དུས་ཡུན་རིང་པོར་དགའ་བར་བྱེད་པ་དང་།འགྱིང་བར་ཡང་བྱེད་ལ་གླུ་ལེན་པ་དང་དགོད་པར་ཡང་བྱེད་དེ། འོན་ཀྱང་འདོད་པ་རྣམས་ཀྱིས་ནི་ངོམས་པར་འགྱུར་ བ་ལྟ་ག་ལ་ཡོད། དེ་དག་རྣམས་ནི་གཞན་ཡང་འདི་སྙམ་དུ་སེམས་པར་བྱེད་དོ། །གང་ཆུང་ངུ་ན་ཡང་བདག་ཅག་རྣམ་པར་གནས་པ་རྣམས་ཉིད་ལ་རྣམ་པ་སྣ་ཚོགས་པའི་ཁ་དོག་ཅན་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་སྤྲས་པ་འདོད་པ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་པའི་ ཁང་བུ་དག་རབ་ཏུ་བྱུང་བར་གྱུར་ན་རུང་སྟེ། གང་གིས་སླར་ཡང་བདག་ཅག་རྣམས་མཚོ་ཆེན་པོ་འདིའི་ཉེ་འཁོར་རྣམས་སུ་ཡོངས་སུ་བསྐོར་ནས་ནམ་མཁའ་ལ་གནས་པས་དེ་ལྟར་རྩེད་འཇོ་དག་བྱེད་པར་འགྱུར་བ་དང ། བདག་ཅག་རྣམས་ཡོངས་སུ་སྤྱོད་པར་ཡང་བྱ་བ་དང་དགོད་ 70-1-276a པར་འགྱུར་བ་དང་འགྱིང་བར་འགྱུར་བ་དང་གླུ་ལེན་པར་གྱུར་པར་ཡང་ངོ་སྙམ་ན། དེ་ལྟར་དེ་དག་གིས་སེམས་བསྐྱེད་པ་ཙམ་ཉིད་ན་ལྷ་རྣམས་ཀྱི་དྲུང་དུ་ཁང་བུ་དག་རབ་ཏུ་འབྱུང་བར་འགྱུར་བ་རྣམས་ལ། རིན་པོ་ཆེ་བདུན་གྱི་རང་བཞིན་ལས་རྣམ་པ་སྣ་ཚོགས་པའི་ རིན་པོ་ཆེའི་ཆ་ཤས་རྣམས་ཀྱིས་རྣམ་པར་བཀྲ་བར་གྱུར་པ། མུ་ཏིག་གི་ཕྲེང་བ་དང་བཅས་པ་ལན་ཀན་དགའ་བར་གྱུར་པ་རྣམས་ཆེས་མཆོག་ཏུ་མཐོང་ན་དགའ་བར་གྱུར་པ་ཡིན་ཏེ། ཁ་ཅིག་ནི་ངང་པས་འདྲེན་པ། ཁ་ཅིག་ནི་རྨ་བྱས་འདྲེན་པ། ཁ་ཅིག་ནི་ཤང་ཤང་ ཏེའུ་ཡིས་འདྲེན་པ་དང ། ལ་ལ་ནི་རྣམ་པར་བཀྲ་བའི་བྱ་རྣམས་ཐམས་ཅད་ཀྱིས་འདྲེན་པ་ཡིན་ཞིང ། ལྷ་དེ་དག་རྣམས་ཀྱི་མདུན་ཉིད་ན་ཇི་ལྟར་འདོད་པའི་བཞོན་པ་དེ་དག་རྣམས་ཡིན་པར་དེ་ལྟར་ལེགས་པར་ཤེས་སོ། །དེ་དག་རྣམས་མཐོང་བར་གྱུར་ནས་གཞན་ཡང་ ལྷ་དེ་དག་ཁོ་ན་བཞིན་དུ་མཉམ་པོར་ཞོན་པར་གྱུར་ནས་དེ་ཁོ་ན་བཞིན་དུ་འགྱིང་བར་ཡང་གྱུར་པ་དང ། རྩེ་བར་གྱུར་པས་ཀྱང་དེ་དག་ཐམས་ཅད་གང་ན་རྣམ་པར་རྒྱས་པའི་མཚོ་ཡོད་པ་དེར་ལེགས་པར་འགྲོ་བར་བྱེད་དོ། །དེ་དག་རྣམས་ཀྱིས་མཚོ་དེ་མཐའ་དག་དང ། པད་མ་ ཆེན་པོ་དེ་ཡང་མཐོང་བར་གྱུར་ནས་དེ་དག་རྣམས་རྒྱུ་བར་བྱེད་པ་ན། པད་མ་ཆེན་པོ་དེ་མ་ལུས་པ་མཐོང་ན་ཤིན་ཏུ་ངོ་མཚར་བར་གྱུར་པ་ཡིན་ཏེ། དེ་ཡང་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་གྱི་འདབ་མ་རྣམས་རྣམ་པར་བཀྲ་བའི་འོད་ཟེར་འཕྲོ་བར་གྱུར་པས་རྣམ་ པར་གསལ་བར་བྱས་པ་དེའི་ཁ་དོག་སྣ་ཚོགས་པ་རྣམས་ལ་འདི་ལྟ་སྟེ། རྡོ་རྗེ་དང ། ིན་དྲ་ནཱི་ལ་དང ། མ་ར་ཀ་ཏ་དང ། པད་མ་རཱ་ག་དང ། བཻ་ཌཱུརྱ་དང ། སྔོན་པོ་ཆེན་པོ་དང ། དངུལ་དང ། གསེར་དང་མཚུངས་པའི་ཁ་དོག་རྣམས་དང་དེ་དག་རྣམས་ཀྱི་འོད་ཀྱིས་ཀུན་ ནས་གསལ་བར་བྱེད་པ་དང་འདབ་མ་རྣམས་མཚུངས་པ་དང ། མཆོག་ཏུ་བལྟ་ན་སྡུག་པར་གྱུར་པ་དག་མཐོང་ངོ ། །ནམ་མཁའི་དཀྱིལ་ན་ཁང་བུ་རྣམས་ལ་ལེགས་པར་གནས་པའི་ལྷ་དེ་དག་རྣམས་དང ། པད་མའི་འདབ་མ་དེ་དག་ལ་ལྷ་གཞན་དག་ལྷན་ཅིག་སྤྱོད་པའི་འཁོར་ 70-1-276b དང་བཅས་པ་གནས་པ་རྣམས་རྩེ་བར་བྱེད་པ་དང ། ཕན་ཚུན་གྲོགས་སུ་གྱུར་པས་མྱོས་པ་ལ་དོན་གཅིག་པ་རྣམས་མཚོ་དེའི་པད་མའི་འདབ་མ་རྣམས་ཀྱི་གསེབ་ཏུ་སོང་ནས། གླུ་ལེན་པ་དང་གར་ཡང་བྱེད་དོ། །དེ་ནས་ནམ་མཁའི་དཀྱིལ་ན་རྒྱུ་བར་བྱེད་པའི་ལྷ་དེ་དག་རྣམས་དང་གང་ ཡང་པད་མ་ཆེན་པོའི་འདབ་མའི་ནང་ན་གནས་པ་དེ་དག་དང་དེ་དག་རྣམས་ཐམས་ཅད་ཀྱང་རྣམ་པ་དུ་མར་རྩེ་དགའ་བ་ཆེན་པོ་ཉིད་ཀྱིས་རྣམ་པར་རྒྱུ་ཞིང་རྩེད་འཇོས་རྣམ་པར་རྒྱུ་བར་བྱེད་པ་གང་ཡིན་པ་ལ་ནི་དཔེ་རྣམས་ཀྱིས་ཉེ་བར་འཇལ་བར་བྱ་བར་སླ་བ་ཡང་མ་ཡིན་ནོ། །དེ་དག་རྣམས་ དེ་ལྟར་རྩེ་བར་གྱུར་པའི་གླུ་དང་རོལ་མོའི་སྒྲ་དབྱངས་རྣམས་ནི་དཔག་ཚད་ལྔ་བརྒྱར་རྣམ་པར་གནས་པར་གྱུར་པ་དང ། དེ་དག་ནི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པར་གྱུར་པའི་རྔ་སྐད་ཡན་ལག་ལྔ་དང་ལྡན་པའི་ཆེན་པོ་རྣམས་རྣམ་པ་དུ་མར་ཉེ་བར་ལོངས་སྤྱོད་པར་བྱེད་དོ། ། དེ་དག་རྣམས་ནི་རང་གི་ལས་ཀྱི་ཁྱད་པར་གང་ཡིན་པ་རྣམས་སྤྱད་ཅིང་བྱས་ལ་ཡོངས་སུ་བསགས་པ་དེ་སྐྱེལ་བར་བྱེད་ལ། འོན་ཀྱང་དྲན་པར་འགྱུར་བ་ཡང་མ་ཡིན་ནོ། །ཇི་ལྟར་ན་ལས་རྣམས་ཟད་པར་འགྱུར་བ་ཡིན་པ་དང་ལེགས་པར་བྱས་པ་རྣམས་ནི་གཏུགས་པར་འགྱུར་ བ་ཡིན་པ་དང ། འཆི་འཕོ་བའི་དུས་ན་གང་དུ་འགྲོ་བར་བྱ་དགོས་པ་ཡིན་པ་དང ། འགྲོ་བ་གང་རྗེས་སུ་བསྒྲུབ་པ་འབྱུང་བ་ཡིན་པ་དང་རྣམ་པ་ཇི་ལྟ་བུའི་བདེ་བ་དང་སྡུག་བསྔལ་རྣམས་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་འབྱུང་བ་དང་འབྱུང་བར་མི་འགྱུར་བ་ནི་གང་ཡིན་པ་དང ། ལེགས་ པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་ལམ་ལེགས་པར་སྟོན་པ་པོ། དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མིའི་གནས་རྣམས་སུ་འཇིགས་པ་དང་བཅས་པ་དང ། འཇིགས་པ་མེད་པར་སྒྲུབ་པའི་འཇིགས་པ་མེད་པའི་དབང་དུ་བྱས་ནས་སྐྱེ་བ་གཞན་གྱི་གནས་ རྣམས་ལ་དེ་ལྟར་ཀུན་ཏུ་གོ་བར་མ་ཡིན་ཏེ། མུན་པར་བྱེད་པའི་བག་མེད་པར་ནུབ་པར་གྱུར་པ་དེའི་ཚེ་གོ་བ་མ་ཡིན་ནོ། །གང་གི་ཚེ་ལེགས་པར་བྱས་པའི་ལས་རྣམས་ཡོངས་སུ་ཟད་པར་གྱུར་ནས། མི་རྟག་པ་ཉིད་ཀྱི་རླུང་གིས་ངེས་པར་ལྟུང་བར་བྱེད་པ་དེའི་ཚེ། བག་མེད་པ་དེ་ 70-1-277a བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པ་རྣམས་གྲོགས་པོ་མ་ཡིན་པ་གྲོགས་པོའི་གཟུགས་ཅན་དང ། ཕན་པ་མ་ཡིན་པར་ཕན་པའི་གཟུགས་འཛིན་པ་རྣམས་ཀྱིས། རིམ་པ་ཕྱིན་ཅི་ལོག་ཏུ་བྱེད་པའི་འབྲས་བུ་ཉེ་བར་རིག་པར་འགྱུར་རོ། །གང་ བདག་ཅག་གིས་བག་མེད་པ་རྣམས་ཀུན་ནས་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་གང་ཡིན་པ་རྣམས་ནི། ལེགས་པར་བསྒྲུབས་པ་ཡང་མ་ཡིན་པར་དེ་ལྟར་འབྲས་བུ་རྣམས་ཤེས་པར་འགྱུར་ན། བག་མེད་པའི་དགྲ་བོས་ཇི་ལྟར་བྱས་པ་དེ་དག་རྣམས་ལ་བརྩི་བགྲང་མེད་པར་ལྷ་དེ་ དག་རྣམས་ཕྱིར་ཞིང་ཉིད་ཀྱང་དགའ་བར་བྱེད་ཅིང ། གླུ་ལེན་པར་བྱེད་ལ་མཚོ་དེ་ཡང་ལེགས་པར་བྱས་པའི་ལས་རྣམས་ཐམས་ཅད་ཀྱི་སྙིང་པོ་དང་འདྲ་བས་ཆེས་དགའ་བར་གྱུར་པར་པད་མའི་རྒྱལ་པོའི་འདབ་མ་རྣམས་ལ་རྩེ་དགའ་བར་བྱེད་པ་དེ་དག་རྣམས་དང་གང་ཡང་ནམ་ མཁའི་དཀྱིལ་ན་ཁང་བུ་རྣམས་ཀྱིས་འགྲོ་བ་དག་གི་མཚོ་དེ་མཚུངས་པར་མཐོང་ངོ ། །དེ་ནས་དེ་ལྟར་བག་མེད་པ་རྣམས་ལ་ཆུའི་རླབས་ལ་རྩེ་བ་ཞེས་བྱ་བའི་བྱས་ལྷ་དེ་དག་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱིས་ཚིགས་སུ་བཅད་པ་རྗོད་པར་བྱེད་པ་རྣམས་ལ། ཇི་ལྟར། ལུས་ཅན་རྣམས་ཀྱི་གསོན་པ་ནི། །ཆུ་ཡི་རླབས་ལྟར་གཡོ་བ་ཡིན། །སྙིང་པོ་མེད་པའི་ཆུའི་ཆུ་བུར། །ལྷ་རྣམས་ཀྱིས་ནི་གོ་བའང་མིན། །དབུ་བའི་ཕུང་པོ་རིང་གནས་ཀྱི། །ཚེ་འདི་ཡང་ནི་མདོར་སྡུད་པའི། །ལྷ་ཡི་ཡུན་རིང་གནས་མིན་ཏེ། །མི་རྟག་པ་ཡིས་ སྐལ་བ་སྤངས། །ཇི་ལྟར་མར་མེ་རྣམས་ཞིག་པས། །འོད་རྣམས་ཞིག་པར་འདོད་པ་ཡིན། །དེ་བཞིན་ལས་ནི་རྣམ་ཟད་པས། །ལྷ་རྣམས་ཀྱི་ནི་བདེ་བ་འཇིག་།བྱས་པའི་ལས་གང་མི་འཇིག་པ། །ཅུང་ཟད་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་རྨོངས་པའི་རྣམས། ། སྐྱེ་འདི་རྣམས་ནི་རྟག་ཉིད་མིན། །དངོས་གང་འགའ་ཞིག་སྐྱེ་བ་ནི། །དེ་ཡི་འཇིག་པ་རྟག་པར་གནས། །འདུས་བྱས་ཀྱང་ནི་ཐམས་ཅད་ཀྱི། །ཆོས་ཉིད་འདིར་ནི་རྣམ་པར་གནས། །གལ་ཏེ་འཁོར་བའི་སྲོག་ཆགས་རྣམས། །རང་གི་ལས་ཀྱིས་འཁོར་བྱེད་ན། ། 70-1-277b འཇིག་རྟེན་འདི་ཅིའི་དོན་དུ་རྨོངས། །བག་མེད་པས་ནི་རྣམ་པར་བཅོམ། །བག་མེད་པས་ནི་བདེ་ལེགས་འཇོམས། །བག་མེད་པས་ནི་འཆིང་བའི་མཆོག་།བག་མེད་ལོག་པར་ལྟུང་བ་དང ། །བག་མེད་པས་ནི་དམྱལ་བར་འཚེད། །སྡུག་བསྔལ་འདི་ཡི་རྒྱུ་ གཅིག་པུ། །བག་མེད་ཡིན་པར་ཡོངས་སུ་བསྒྲགས། །དེ་ཕྱིར་བདེ་དོན་གཉེར་སྐྱེས་བུས། །བག་མེད་ཡོངས་སུ་སྤང་བར་གྱིས། །གང་གིས་བག་མེད་ཡོངས་སྤངས་པ། །དེ་ཡིས་གོ་འཕང་འཕོ་མེད་འཐོབ། །གང་ཡང་བག་ཡོད་ལ་དགའ་བ། །དེ་ནི་མྱ་ངན་ འདས་མཐའ་ཉིད། །བག་ཡོད་གོ་འཕང་དེ་དག་ཀྱང ། །མྱ་ངན་འདས་མཆོག་འགྲོ་བ་ཡིན། །བག་མེད་ལོག་པར་ལྟུང་བ་ཡི། །རྒྱུ་དེ་དག་ཏུ་རབ་ཏུ་བསྒྲགས། །སྐྱེས་བུ་བག་མེད་ཐམས་ཅད་ནི། །དེ་ནི་སྨྱོན་པ་བཞིན་དུ་སྣང ། །འཇིག་རྟེན་འདིར་ནི་སླད་སླ་ཞིང ། ། ཕྱི་མ་ལ་ནི་སྡིག་པས་འཚེད། །བག་མེད་པ་ཡི་སྐྱེས་བུ་ཀུན། །ཕྱིན་ཅི་ལོག་ལ་འཇུག་པར་བྱེད། །རྒྱུ་རྣམས་ལས་ཀྱི་རྣམ་སྨིན་དང ། །འཆི་འཕོ་སྐྱེ་བ་དེ་བཞིན་ཏེ། །བག་མེད་མེ་ནི་གདུག་པ་འདིས། །དམྱལ་བར་རྗེས་སུ་འཁྲིད་པར་བྱེད། །དེ་ཕྱིར་དམྱལ་ ལས་གྲོལ་དོན་དུ། །བག་མེད་རྣམ་པར་སྤང་བར་གྱིས། །གང་གིས་བག་མེད་ངེས་རྣམ་རྒྱལ། །རྟག་ཏུ་ཤེས་རབ་ལ་དགའི་མི། །དེ་ནི་ཉོན་མོངས་འཆིང་བཅད་ནས། །བདེ་བའི་གོ་འཕང་འཆར་བར་འགྲོ། །སྒོ་ལྔ་ནས་ནི་དྲི་མ་གསུམ། །སྐྱེ་བས་ཁམས་གསུམ་ རྟག་འཇུག་པ། །བག་མེད་ལས་ནི་རྣམ་རྒྱལ་བའི། །སངས་རྒྱས་རྣམས་ཀྱིས་བག་མེད་གསུངས། །བག་མེད་མུན་པའི་སྐྱེ་གནས་ཡིན། །བག་ཡོད་པ་ནི་བདེ་བ་ཡིན། །དེ་ཕྱིར་བདེ་དོན་གཉེར་སྐྱེས་བུས། །བག་མེད་རྣམ་པར་སྤང་བར་གྱིས། །དེ་ལྟར་ཆུའི་ རླབས་ལ་རྩེད་མོ་རྩེ་བ་ཞེས་བྱ་བའི་བྱས་ལྷ་བག་མེད་པར་གྱུར་པ་དེ་དག་རྣམས་ཀྱི་བག་མེད་པ་ཀུན་དུ་ཞི་བར་བྱ་བའི་དོན་དུ་རྗེས་སུ་སྟོན་པའི་ཚིགས་སུ་བཅད་པ་རྣམས་བཤད་དོ། །ལྷ་དེ་དག་རྣམས་ཀྱང་ཀུན་དུ་རྨོངས་པར་གྱུར་པའི་ཕྱིར་ན་ཇི་ལྟར་དེ་ཁོ་ན་ཉིད་དེ་དག་རྣམས་བརྗོད་ 70-1-278a པར་གྱུར་པ་ན། དེ་ལྟར་ཀུན་དུ་མི་རྟོགས་སོ། །སླར་ཡང་དེ་ཁོ་ན་བཞིན་དུ་གང་དག་ནམ་མཁའི་དཀྱིལ་དུ་སོང་བ་རྣམས་དང ། མཚོ་ཆེན་པོ་རྣམ་པར་རྒྱས་པའི་པད་མའི་འདབ་མ་རྣམས་ལ་ལྟ་བ་གང་ཡིན་པ་དེ་དག་རྣམས་ཕན་ཚུན་ཀུན་དུ་ལྟ་བ་ལ་ཆེད་ཆེར་ བྱེད་པས། རྩེ་འཇོ་བར་བྱེད་ཅིང་དགའ་བར་ཡང་བྱེད་དེ། མཆོག་ཏུ་སྙན་པར་གྱུར་པའི་ལྷ་རྫས་ཀྱི་རྔ་སྐད་ཡན་ལག་ལྔ་པ་རྣམས་ཀྱིས་སོ། །ཡུལ་གཞན་རྣམས་ཀྱི་གཟུགས་དང་དྲིས་ཀྱང་ཕན་ཚུན་དུ་ཡིད་འཕྲོག་པར་གྱུར་པའི་བདེ་བ་རྣམས་ཀྱིས་ཀྱང་རྣམ་པར་ངོམས་པ་མེད་ པའི་ཡུལ་རྣམས་ནི་ལན་ཚཝའི་ཆུ་བཞིན་དུ་ལན་ཅིག་མ་ཡིན་པ་དང་ལན་ཅིག་མ་ཡིན་པར་ཡང་ནགས་རྣམས་ཉིད་དུ་རྣམ་པར་ངོམས་པ་མེད་པར་འགྱུར་ཏེ། ལྷ་དེ་དག་རྣམས་དེ་ཁོ་ན་བཞིན་དུ་རྣམ་པ་དུ་མར་དགའ་བར་བྱེད་ཅིང་བདེ་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་ དུས་ཤིན་ཏུ་རིང་བར་ལྷ་དེ་དག་གིས་ནམ་མཁའི་དཀྱིལ་དུ་རྩེད་སྒྲོགས་དག་བྱས་ནས། སླར་ཡང་གང་ན་རྣམ་པར་རྒྱས་པའི་མཚོ་དེ་དང་པད་མ་ཆེན་པོའི་ནགས་ཡོད་པ་དེར་ལེགས་པར་འབབས་པར་བྱེད་དོ། །ལྷ་གང་ཡང་པད་མ་ཆེན་པོ་དེའི་འདབ་མ་རྣམས་ལ་ལྷན་ཅིག་ རྗེས་སུ་སྤྱོད་པ་དང་བཅས་ནས། རྔ་སྐད་ཡན་ལག་ལྔ་དང་ལྡན་པས་གླུ་ལེན་པར་བྱེད་པ་དང་དགའ་བར་བྱེད་པ་དང ། ཀུན་དུ་གཡོག་བྱེད་པ་དེ་དག་རྣམས་ནི་ཕན་ཚུན་དུ་གཡོག་གི་བྱ་བས་བགྲོད་ཅིང་འཐུན་པར་འཇུག་པས་རྒྱགས་པ་ལ་དོན་གཅིག་པ་འདོད་པ་དྲུག་ལ་ རྣམ་པར་ཆགས་པའི་ཡིད་ཀྱིས། དུས་རིང་དུ་གླུ་ལེན་པར་བྱེད་པ་དང་མཆོག་ཏུ་རྩེད་མོ་རྩེ་བར་ཡང་བྱེད་དེ། དེ་དག་རྣམས་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མས་བདེ་བ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དེ་དག་གི་བདེ་བ་དེ་དག་རྣམས་ཀྱང་སེམས་བསྐྱེད་པ་དང ། ལྷན་ཅིག་ཏུ་སྐྱེ་བ་དང ། ཀུན་དུ་རྟོག་པ་ཙམ་གྱིས་རབ་ཏུ་འགྲུབ་པར་འགྱུར་བ་ནི། དགེ་བའི་ལས་རྣམས་ཀྱིས་དེ་ལྟར་ཡང་ཕུན་སུམ་ཚོགས་པར་འགྱུར་རོ། །ལྷ་དེ་དག་དེ་ལྟར་ཀུན་དུ་རྟོག་པའི་ཆུའི་ཤུགས་ལ་རྣམ་པར་རྟོག་པའི་རླབས་ཀྱི་ཕྲེང་བ་དང་ལྡན་པའི་ཆུ་ 70-1-278b ཀླུང་ཆེན་པོས་ཀུན་དུ་ཁྱེར་བར་གྱུར་པ་དེ་དག་རྣམས་ནི། མཆོག་ཏུ་བག་མེད་པའི་ཡིད་ཀྱིས་དུས་རིང་དུ་འདའ་བར་བྱེད་དོ། །མཚོ་ཆེན་པོ་དེའི་པད་མའི་འདབ་མ་རྣམས་ལ་སོང་བའི་ལྷུ་རྣམས་ལ་ནི། ལྷ་རྫས་ཀྱི་བདེ་བ་རྣམ་པ་དུ་མ་རྣམས་དང་རྣམ་པར་འདྲེས་པ་དུ་མ་རྣམས་ཉམས་སུ་ མྱོང་བར་བྱེད་དོ། །དེ་དག་དེ་ལྟར་རྣམ་པར་འཕྱན་པས་བག་མེད་པར་སྤྱོད་པ་དེ་དག་རྣམས་ལ་རྗེས་སུ་བརྩེ་བའི་དོན་དང ། བག་མེད་པ་ཀུན་དུ་སྤང་བར་བྱ་བའི་དོན་དུ་ཡང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་དེས། སྤྲུལ་པ་འདི་དག་རྣམས་བྱེད་པ་ཡིན་ཏེ། གཟུགས་དང་ལང་ཚོའི་ རྒྱགས་པ་རྣམས་ཀུན་དུ་ཞི་བར་བྱ་བའི་དོན་དུ་ཡང་ཡིན་ནོ། །དེ་བཞིན་དུ་ཡང་མཚོ་ཆེན་པོ་རྣམ་པར་རྒྱས་པ་དེའི་དྲུང་དེ་ན་གྲིབ་མ་སྔོན་པོ་ཞེས་བྱ་བའི་རི་ཐམས་ཅད་ནས་ཀྱང་ཤིན་ཏུ་རབ་ཏུ་དང་བའི་བཻ་ཌཱུརྱའི་རང་བཞིན་ལ་གསེར་དང་དངུལ་གྱི་ཁམས་ཀྱི་འབྱུང་ཁུངས་རྣམས་དང་ལྡན་པ་ ཐམས་ཅད་དུ་བཀྲ་ཞིང་བཀྲ་བར་གྱུར་པའི་ནགས་འབར་བའི་ཕྲེང་བ་རྣམས་དང་ལྡན་པ། འབབ་ཆུ་སྟོང་ཕྲག་བརྒྱ་གསེར་ཤིན་ཏུ་བསིལ་བ་དང་རིན་པོ་ཆེའི་འོད་ཀྱིས་ཀུན་ཏུ་སྣང་བར་གྱུར་པའི་རྩེ་མོ་ཐམས་ཅད་ལ་ཡང་ལྗོན་ཤིང་གི་ཚལ་དང་ལྡན་པ་དང་པད་མའི་རྫིང་བུ་རྣམས་ཀྱིས་ ཉེ་བར་མཛེས་པ་དང ། མེ་ཏོག་གི་འབྱུང་གནས་རྣམ་པ་དུ་མ་སྣ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པ། འཁྲི་ཤིང་གི་ཁང་པ་སྟོང་གིས་རྣམ་པར་བརྒྱན་པ། ཉེ་འཁོར་རྣམ་པ་དེ་ལྟ་བུར་རྣམ་པར་མཛེས་པའི་རིའི་མཆོག་དེ་ལ། འཐབ་བྲལ་བའི་མངའ་བདག་དེས་ བདེ་བ་རྒྱ་ཆེན་པོའི་ས་ན་གནས་པའི་ལྷ་རྣམས་དང ། ལྷ་གཞན་རྣམས་ལ་ཡང་ཕན་པར་བྱ་བའི་དོན་དུ་རྫུ་འཕྲུལ་བྱས་པ་རྣམས་ནི་ལྷ་རྫས་ཀྱི་བསམ་གྱིས་མི་ཁྱབ་པའི་ངོ་བོའི་སྤྲུལ་པ་རྣམས་ཡིན་ཏེ། བདེ་བ་རྒྱ་ཆེན་པོའི་ས་ལ་གནས་པའི་ལྷ་དེ་དག་རྣམས་ལས། ཐབས་ ཐམས་ཅད་ནས་བཅུ་འགྱུར་གྱིས་གཟུགས་དང་ལང་ཚོ་དང་མདངས་དང་མགྱོགས་པ་དང་སྤྲོ་བ་དང་གར་དང་གླུ་དང་རྒོད་པ་དང་འགྱིང་བག་དང་རྩེད་འཇོ་ལ་སྤྲོ་བ་ལ་སོགས་པ་རྣམས་ཀྱིས་ཆེས་ལྷག་པའི་ལྷ་རྫས་ཀྱི་ཡུལ་གྱི་རྣམ་པ་དེ་སྲིད་པ་རྣམས་སྤྲུལ་པ་གང་ཡིན་པ་འདི་དག་གི་ 70-1-279a ཁྱད་པར་གྱིས་ལྷ་གཞན་དེ་དག་རྣམས་ནི་བཅུར་བྱས་པའི་ཆ་ཙམ་དུ་ཡང་འགྱུར་བ་མ་ཡིན་ནོ། །རིམ་པ་ཐམས་ཅད་ཀྱིས་གཟུགས་དང་ལང་ཚོ་དང་ཚད་དང་མདོག་དང་དབྱིབས་དང་དགོད་པ་དང་འགྱིང་བག་དང་གླུ་དང་གར་དང་རྩེད་མོའི་ཡང་རིམ་པ་རྣམས་ཀྱི་རིམ་པ་ རྣམས་ཐམས་ཅད་ཀྱིས་ཀྱང་ཅུང་ཟད་མཛེས་པ་མ་ཡིན་ནོ། །རྣམ་པ་དེ་སྲིད་དུ་སྤྲུལ་པ་དེ་དག་རྣམས་ཕལ་ཆེར་ནི་གྲིབ་མ་སྔོན་པོའི་རི་དེ་ལ་སྟེ། ཉེ་འཁོར་ཀུན་ནས་བཻ་ཌཱུརྱའི་རང་བཞིན་ཡིན་པ་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས་རིའི་མཆོག་གང་ཡིན་པ་དེའི་རྩེ་མོ་དང ། ཐམས་ཅད་ མཆོག་ཏུ་གྱུར་པ་དེ་དག་རྣམས་ལས་སྤྲུལ་པའི་ལྷ་དེ་དག་རྣམས་དང ། ལྷ་མོ་དག་ཀྱང་གླུ་ལེན་པར་གྱུར་པས་ཡན་ལག་ལྔ་དང་ལྡན་པར་གྱུར་པའི་རོལ་མོ་རྣམས་ཀྱང་མཉམ་པ་དང་ཆགས་པར་བྱེད་པ་དང ། སྙན་པར་གྱུར་པ་རྣམས་བྱེད་ཅིང ། གང་ན་རང་བཞིན་གྱི་ལྷ་དེ་དག་ རྣམས་གར་བྱེད་པ་དང ། འགྱིང་བར་བྱེད་པས་སྐྱེད་མོས་ཚལ་གྱི་ལྟད་མོ་བྱེད་པ་དེར་ལྷ་མོ་དེ་དག་རྣམས་དང་ལྷ་དེ་དག་རྣམས་རིམ་གྱིས་འཇུག་གོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་སྤྲུལ་པ་དེ་དག་གི་གླུའི་སྒྲ་རྣམས་ཐོས་པར་གྱུར་པ་དང ། བཅུ་འགྱུར་གྱིས་ཤིན་ཏུ་སྙན་པར་ གྱུར་པ་ནི། སྔ་མ་བཞིན་ཏེ་རང་བཞིན་གྱི་ལྷ་དེ་དག་རྣམས་རྩེ་དགའ་བ་ལ་མཆོག་ཏུ་ཡང་ཞུགས་པ་དང ། ལྷ་མོ་དེ་དག་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་རྩེས་པར་གྱུར་ཏོ། །དེ་ནས་སྤྲུལ་པའི་ལྷ་དེ་དག་རྣམས་ཀྱིས་དལ་བུ་དལ་བུས་ལེགས་པར་བབས་ཏེ། དེ་ནས་ཕན་ཚུན་དུ་གང་ གི་ཚེ་ཁྱད་པར་ཞུགས་པར་མཐོང་བར་གྱུར་པ་དེའི་ཚེ་རང་བཞིན་གྱི་ལྷ་དེ་དག་རྣམས་ནི་སྤྲུལ་པ་དེ་དག་རྣམས་ཀྱི་ཁྱད་པར་གྱིས་ཚུལ་ཐམས་ཅད་ཀྱིས་མི་མཛེས་སོ། །གཟུགས་ལྷག་པས་ནི་གཟུགས་ཀྱི་རྒྱགས་པ་ཉེ་བར་བཅོམ་མོ། །དེ་དག་རྣམས་ཀྱིས་བྱས་པའི་ཆ་བྱད་དུ་བྱས་པ་རྣམས་ བཅོམ་མོ། །འོད་རྣམས་ཀྱིས་ནི་རང་གི་ལུས་ལས་ཀུན་དུ་འབྱུང་བའི་འོད་རྣམས་བཅོམ་མོ། །སྤྲུལ་པའི་གླུའི་དབྱངས་རྣམས་ཀྱིས་ནི་ངོ་བོ་ཉིད་ཀྱི་གླུའི་གདངས་རྣམས་ཉེ་བར་བཅོམ་མོ། །དྲི་རྣམས་ཀྱིས་ནི་དྲི་རྣམས་བཅོམ་མོ། །སྤྲུལ་པའི་ཚད་དང་ཁ་དོག་དང་དབྱིབས་རྣམས་ཀྱིས་ 70-1-279b ནི་ལྷ་དེ་དག་རྣམས་ལྷ་མོ་དང་ལྷན་ཅིག་ཏུ་བཅས་པ་རྣམས་ཀྱི་ཚད་དང་ཁ་དོག་དང་དབྱིབས་རྣམས་ཉེ་བར་བཅོམ་མོ། །དེ་བཞིན་དུ་ཡན་ལག་ལྔ་དང་ལྡན་པའི་ཡུལ་གྱི་བདེ་བ་རྣམས་ཀྱིས་ནི་ཡན་ལག་ལྔ་དང་ལྡན་པའི་ཡུལ་གྱི་བདེ་བ་རྣམས་ཉེ་བར་བཅོམ་མོ། །ཇི་ལྟ་ཇི་ལྟར་ངོ་བོ་ཉིད་ཀྱི་ལྷ་རྣམས་ ཀྱི་རྒྱགས་པ་ཆེན་པོ་ཐམས་ཅད་ཆུང་ངུན་དུ་བྱས་པར་འགྱུར་ཏེ། ཐབས་རྣམས་ཐམས་ཅད་ཀྱིས་གང་གི་ཚེ་ལྷ་དེ་དག་དང་ངོ་བོ་ཉིད་ཀྱི་ལྷ་དེ་དག་རྣམས་རྣམ་པར་འདྲེ་བར་འགྱུར་བ་དེའི་ཚེ་ནའོ། །དེ་ལྟར་དེ་དག་རྣམས་ཀྱིས་ངོ་བོ་ཉིད་ཀྱི་ལྷ་རྣམས་ཀྱི་གཟི་བརྗིད་དེ་དག་དེ་བཞིན་དུ་ཟིལ་གྱིས་ གནོན་ཏེ། ཇི་ལྟར་འཛམ་བུའི་གླིང་དུ་ཉི་མ་ཤར་བར་གྱུར་ན། གཟའ་དང་སྐར་མ་དང་རྒྱུ་སྐར་རྣམས་ཀྱི་གཟི་བརྗིད་ཉམས་པར་བྱེད་དོ། །དེ་བཞིན་དུ་སྤྲུལ་པའི་ལྷ་དེ་དག་རྣམས་ཀྱིས་ལྷ་རྣམས་ཐམས་ཅད་ཀྱི་འོད་ཟེར་ཟིལ་གྱིས་གནོན་ནོ། །ཇི་ལྟར་ལྷ་རྫས་ཀྱི་རོལ་མོ་རྣམས་ ཀྱིས་མི་རྣམས་ཟིལ་གྱིས་གནོན་པར་བྱེད་པ་དེ་བཞིན་དུ་རོལ་མོ་རྣམས་ཀྱང་མངོན་པར་ཟིལ་གྱིས་གནོན་ནོ། །གླུ་རྣམས་ཀྱང་དེ་བཞིན་དུ་ཟིལ་གྱིས་གནོན་ནོ། །ཚད་དང་མདོག་དང་དབྱིབས་རྣམས་ཀྱང་དེ་བཞིན་དུ་ཟིལ་གྱིས་གནོན་ཏེ། ཇི་ལྟར་འཐབ་བྲལ་བས་མི་རྣམས་ཟིལ་ གྱིས་གནོན་པ་བཞིན་ནོ། །དེ་ནས་ངོ་བོ་ཉིད་ཀྱི་ལྷ་དེ་དག་རྣམས་ངོ་ཚ་བ་དང་བཅས་པས་གང་ན་དེ་མཚོ་ཆེན་པོ་དེ་ཡོད་པའི་འགྲམ་དེར་ཉེ་བར་འགྲོ་བར་བྱེད་དེ། ངོ་ཚ་བ་དང་ངོ་མཚར་བར་གྱུར་པ་དང་བཅས་པའི་ཡིད་ཀྱིས་སོ། །དེ་ནས་སྤྲུལ་པའི་ལྷ་དེ་དག་རྣམས་མཚོ་དེའི་གང་ན་ པད་མ་ཆེན་པོ་ཡོད་པ་ཡིན་པ་དེ་དང་ཉེ་བར་མངོན་པར་གནས་ནས་གླུ་ལེན་པར་བྱེད་པར་གྱུར། གར་བྱེད་པར་གྱུར། དགོད་པར་གྱུར་པས་ཀྱང་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་ཕུན་སུམ་ཚོགས་པར་གྱུར་པའི་བདེ་བ་རྣམས་དང་ཡང་དག་པར་ལྡན་པས་མཚོ་དེའི་སྟེང་གི་པད་མ་ཆེན་ པོའི་འདབ་མ་རྣམས་ཀྱི་བར་དུ་སོང་ནས་གར་བྱེད་པ་དང ། དགོད་པར་བྱེད་པ་དང ། འགྱིང་བར་བྱེད་པ་དང ། ཕན་ཚུན་གྲོགས་བྱེད་པས་ཀྱང་རྒྱགས་པ་ལ་དོན་གཅིག་པ་རྣམས་ཡིན་ཏེ། འཐབ་བྲལ་བ་རྣམས་ལས་ཆེས་ལྷག་པའི་ལུས་ཅན་དེ་དག་རྣམས་ཀྱིས་རང་བཞིན་གྱི་ 70-1-280a ལྷ་རྣམས་ལ་ཕན་པར་བྱ་བའི་དོན་དུ་དེའི་ཚེ། ཚིགས་སུ་བཅད་པ་མངོན་པར་བསྙད་པ་གླུ་དང་ལེགས་པར་འདྲེས་པ་རྣམས་བཤད་པ། ཇི་ལྟར། ལྷ་ཡི་བདེ་བ་ཐམས་ཅད་ནི། །ལས་དང་ཆ་འདྲ་མཐོང་བ་ཡིན། །གསོན་པ་དང་ནི་བདེ་བ་ཡང ། །ལས་ཟད་ པས་ནི་འཇིག་པ་ཡིན། །དེ་ཕྱིར་རྣམ་པ་དུ་མའི་བདེ། །ཇི་སྲིད་ཟད་པར་མ་གྱུར་པ། །དེ་སྲིད་དུ་ནི་བསོད་ནམས་ཀྱིས། །བསོད་ནམས་མ་བྱས་ལས་སྡུག་བསྔལ། །གསོན་ཚེ་མྱུར་བ་ཉིད་དུ་འགྲོ། །ལང་ཚོ་མྱུར་བར་འགྲོ་བ་ཡིན། །འཆི་བདག་མྱུར་བ་ཉིད་འོང་གིས། ། བག་མེད་པ་ལ་དགའ་མ་བྱེད། །ལུས་ཅན་ཀུན་གྱི་བདེ་བ་ཀུན། །འཇིག་པའི་རྒུད་པར་འགྱུར་བ་ཡིན། །གསོན་པ་ཡང་ནི་མཐར་འཇོམས་ན། །བག་མེད་ལ་ནི་དགའ་མ་བྱེད། །དབང་པོ་རྣམས་ཀྱི་སྤྱོད་ཡུལ་ལ། །མི་སྐྱེ་བར་ནི་བྱ་མི་ནུས། །དབང་རྣམས་རང་གི་སྤྱོད་ ཡུལ་ལས། །གང་ཕྱིར་ཤེས་པས་ཟློག་པར་བྱེད། །དེ་ཕྱིར་རྟག་ཏུ་ཤེས་པ་བསྟེན། །ཤེས་པ་ཡོངས་སུ་སྤོང་བ་དང ། །སྐྱོན་རྣམས་རྟག་ཏུ་སྤོང་མི་འགྱུར། །དེ་ནི་དོན་མིན་མྱུ་གུ་ཡིན། །བག་མེད་པ་ལས་འདོད་ཆགས་སྐྱེ། །འདོད་ཆགས་ལས་ནི་སྡུག་བསྔལ་འབྱུང ། ། སྡུག་བསྔལ་གྱིས་བསྒྲུབས་སྐྱེ་བ་འདི། །དེ་དག་འཁོར་བའི་ལམ་ཡིན་ནོ། །བག་མེད་ཡོངས་སུ་སྤངས་པ་གང ། །ཡུལ་འདི་སྟེན་པར་མི་བྱེད་པ། །དེ་ལ་སྐྱོན་ནི་མི་དམིགས་ལ། །སྐྱོན་གྱི་དངོས་པོ་གྲོལ་བ་ཡིན། །སྡུག་བསྔལ་ལྗོན་ཤིང་རྩ་བར་ནི། །བག་མེད་ འདི་གཅིག་རྣམ་པར་གནས། །བག་མེད་པ་ལ་མཆོག་གྱུར་པས། །སྐྱེ་འདི་ལམ་ནི་ཐམས་ཅད་འཇོམས། །གཟུགས་ནི་རྟག་པ་མཐོང་བ་མེད། །མཉམ་དུ་འགྲོ་བའི་བདེ་བ་མེད། །སྲིད་ནས་སྲིད་པར་དངོས་པོ་འདིའི། །ཀུན་ཐོབ་པ་ཡང་རྣམ་འཇིག་འགྱུར། །ཡུལ་ ནི་འཆིང་བ་རྣམས་ཀྱི་རྒྱུ། །ཇི་ལྟ་ཇི་ལྟར་བསྟེན་བྱས་པ། །དེ་ལྟ་དེ་ལྟར་རྣམ་འཕེལ་ཏེ། །བུད་ཤིང་ལས་ནི་མེ་ཇི་བཞིན། །ངོམས་པ་མེད་པའི་སྡུག་བསྔལ་འདི། །འདི་ནི་བདེ་བར་འདིར་མི་བརྗོད། །འཁོར་བ་ལས་ནི་ཁ་ལོག་པའི། །གང་ཞིག་སྲེད་བྲལ་དེ་བདེ་ཡིན། ། 70-1-280b དེ་ཕྱིར་གང་ཞིག་མཐར་ཐུག་བདེ། །བདེ་བ་དེ་ནི་བདེ་བར་བརྗོད། །འདོད་པ་འབྱུང་མིན་བདེ་བ་ནི། །མཐར་ཐུག་པ་ཡི་བདེ་བ་ཡིན། །དེ་ལྟར་བག་མེད་པ་རྣམས་ཀྱིས་ཤིན་ཏུ་བཅོམ་པར་མ་གྱུར་པའི་མུ་སུ་ལུན་དྷ་ཡིས་སྤྲུལ་པའི་ལྷ་དེ་དག་རྣམས་ཀྱིས་ལྷ་དེ་དག་རྣམས་ལ་གླུ་ བསྙད་ནས་མཆོག་ཏུ་སྙན་པ། སྔ་ན་མ་ཐོས་པའི་གླུ་རྣམས་ལེན་པར་བྱེད་ལ། ཇི་ལྟར་བསྟན་པ་དང་ཀུན་ཏུ་བསྲེས་པའི་སྤྲུལ་པའི་དེ་ཁོ་ན་ཉིད་རྣམས་ངོ་བོ་ཉིད་ཀྱི་ལྷ་དག་གིས་ཐོས་ནས་ཉན་པར་བྱེད་དོ། །དེ་ནས་ལྷ་དེ་དག་གིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་ཐོས་ནས། སྲེད་པ་སྔ་མ་ལ་གོམས་པར་བྱས་པར་གྱུར་པ་ཡོངས་སུ་དག་པའི་རྒྱུད་གང་ཡིན་པ་ཇི་ལྟར་ལྷ་དེ་དག་གིས་ཆེས་གཙོ་བོར་གྱུར་པ་རྣམས་ཀྱིས་གླུ་དབྱངས་ཀྱི་དོན་ཀུན་དུ་རྟོགས་ནས་སྐྱོ་བ་སྐྱེ་བར་འགྱུར་རོ། །དེ་ནས་ཡང་བདག་ཅག་རྣམས་ཀྱི་དྲུང་ན་རིམ་པ་རྣམས་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་ པར་གྱུར་པ་དེ་དག་གང་གིས་ཚིགས་སུ་བཅད་པའི་དབྱངས་འདི་དག་རྣམས་ལེགས་པར་བཤད་པ་ཡིན་ཡང་དེ་དག་རྣམས་གང་ཡིན་པའི་དྲུང་ན། བདག་ཅག་རྣམས་ཅིའི་ཕྱིར་ཐམས་ཅད་དུ་ཤིན་ཏུ་དམན་པར་གྱུར་ཞེས། དེ་ལྟར་ཐབས་དེ་དག་རྣམས་ཀྱིས་འཐབ་བྲལ་གྱི་བདག་པོས་སྙིང་ལ་ ལེགས་པར་གོ་བར་བྱས་ཏེ། བག་མེད་པ་རྣམས་དང་བྲལ་བར་ཡང་བྱས་སོ། །ཐབས་གཞན་རྣམས་ཀྱིས་ཀྱང་ཕན་པར་བྱས་པ་ཡིན་ལ། དེ་ལྟར་ལྷ་དེ་དག་རྣམས་གཟུགས་ལ་སོགས་པའི་བདེ་བའི་རྒྱགས་པ་དག་གིས་རྒྱགས་པར་གྱུར་ནས། ལོག་པར་ལྟུང་བར་འགྱུར་བ་རབ་ཏུ་མ་མཐོང་ བ་དེ། ཕྱིས་འཆི་འཕོ་བའི་དུས་ན་འགྱོད་པའི་མེས་བསྲེགས་ནས་ཕྱི་ནས་ཡང་དམྱལ་བའི་མེས་སྲེག་པར་འགྱུར་བ་ཡིན་ནོ། །དེ་ལ་ཐབས་འདི་དག་གིས་རང་བཞིན་པའི་ལྷ་དེ་དག་རྣམས་ལ་ཕན་པར་འདོད་པས་མུ་སུ་ལུན་དྷ་དེས་ཀུན་སྐྱོ་བ་སྐྱེད་དོ། །དེ་ནས་ལྷ་དེ་དག་རྣམས་ཡིད་བྱུང་བར་ གྱུར་པ་རྟོགས་ནས། ཡང་སྤྲུལ་པ་གཞན་ཡང་ཤིན་ཏུ་ཡིད་འབྱུང་བའི་རྒྱུར་གྱུར་པའི་སྤྲུལ་པ་རྣམས་བྱེད་དེ། ཇི་ལྟར་པད་མའི་འདབ་མ་རྣམས་ཉིད་ལ་རྣམ་གྲངས་དུ་མ་རྣམས་ཀྱིས་དགའ་བར་བྱེད་པ་དང ། ཡོངས་སུ་གླུ་ལེན་པར་བྱེད་པ་དང ། རྣམ་གྲངས་དུ་མར་འགྱིང་བར་ 70-1-281a ཡང་བྱེད་པ་དེ་ལྟར་བྱེད་དོ། །ཇི་ལྟར་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་ནམ་ཡང་འགའ་ཞིག་ཏུ་ཡང་མཐོང་མ་མྱོང་བའི་རྩེད་མོ་དེ་དག་རྣམས་དེ་ལྟར་རྣམ་པ་དུ་མ་རྣམས་སུ་དང་རྣམ་པར་རྟོག་པ་དུ་མ་རྣམས་སུ་དང་ཆེས་དགའ་བ་དུ་མ་རྣམས་སུ་ངོ་བོ་ཉིད་ཀྱི་ལྷ་དེ་དག་ རྣམས་ཀྱི་བག་མེད་པ་དང་ངེས་པར་བྲལ་བར་བྱ་བའི་དོན་དུ་དང་།ཇི་ལྟར་དེ་དག་རྣམས་ཀྱི་རྒྱགས་པ་ཀུན་ནས་སྤངས་པར་འགྱུར་བར་རོ། །ངོ་བོ་ཉིད་ཀྱི་ལྷ་དེ་དག་རྣམས་ཀྱིས་སྤྲུལ་པའི་ལྷ་དེ་དག་རྣམས་ཀྱི་གླུ་ཤིན་ཏུ་སྙན་པར་གྱུར་པ་རྣམས་ཇི་ལྟ་བ་བཞིན་དུ་ཐོས་པས་ངོ་ཚ་བར་ གྱུར་ནས། གླུ་ལེན་པར་མི་བྱེད་པ་དང་གར་ཡང་མི་བྱེད་འགྱིང་བར་ཡང་མི་བྱེད་དགའ་བར་ཡང་མི་བྱེད་ཀུན་ཏུ་སྤྱོད་པར་ཡང་ནི་མི་བྱེད་ཀྱི་སྤྲུལ་པ་དེ་དག་རྣམས་ཀྱི་ལ་ལྟ་བར་འདོད་པའི་ཡིད་རྩེ་གཅིག་པས་ཐམས་ཅད་ཉིད་གནས་པར་གྱུར་ཏོ། །དེ་དག་རྣམས་ཀྱིས་ཀྱང་རྣམ་པ་དུ་ མར་གར་དང་གླུ་དང་དགོད་པ་དང་འགྱིང་བག་དང་རྣམ་པར་རྟོག་པ་དུ་མར་དང ། དགའ་བར་འགྱུར་བ་དུ་མར་གཞན་རྣམས་དང་འདྲ་བ་མ་ཡིན་པའི་རྣམ་པ་དུ་མ་རྣམས་ཀྱང་པད་མའི་འདབ་མ་རྣམས་ལ་སོང་ནས་ལྷ་དེ་དག་རྣམས་གླུ་ལེན་པར་བྱེད་པ་དང་གར་ཡང་བྱེད་དོ། །དེ་ནས་ གང་གི་ཚེ་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་ཡིད་ལས་སུ་རུང་བར་བྱས་པར་གོ་ནས། མུ་སུ་ལུན་དྷ་དེས་སྤྲུལ་པ་གཉིས་པ་བྱེད་པ་རྣམས་ནི་ཇི་ལྟར་པད་མའི་འདབ་མ་རྣམས་ལ་གནས་ནས་གླུ་ལེན་པར་བྱེད་པའི་ལྷ་དེ་དག་རྣམས་ཉིད་ཀྱི་པད་མའི་འདབ་མ་གཅིག་སྤྲུལ་པའི་ ལྷ་རྣམས་ཀྱིས་ལེགས་པར་གང་བ་རབ་ཏུ་ལྟུང་ངོ ། །དེ་ནས་མཚོ་དེ་ལ་ལྷ་དེ་དག་རྣམས་ལས་ཁ་ཅིག་ནི་ནུབ་པར་གྱུར་ཏོ། །ཁ་ཅིག་ནི་བྱུང་ནས་ཡང་ནུབ་བོ། །ལ་ལ་དག་ནི་ལུས་རྣམས་ཆུ་ལ་བརྟེན་ནས་རྐྱལ་བར་བྱེད་དོ། །ཁ་ཅིག་ནི་ཕན་ཚུན་ཀུན་དུ་འཁྱུད་པར་བྱེད་པ་དང་ནུབ་པར་ ཡང་གྱུར་ནས། ཇི་ལྟ་བ་བཞིན་དུ་སྐྱོབས་དང་བསྐྱབ་པར་གྱིས་དང་ཞེས་དེ་ལྟར་ཕན་ཚུན་དུ་འབོད་པར་བྱེད་ཅིང ། འབོད་པར་བྱེད་པས་ཀྱང་ཕན་ཚུན་དུ་རྟེན་པར་བྱེད་པ་དང ། ངུ་བར་ཡང་བྱེད་པ་དང་ལྟུང་བ་དང་བྱིང་བར་ཡང་གྱུར་པའི་ཉམ་ང་བ་ཆེན་པོ་དང་འཇིགས་པ་ཆེན་པོ་དང་སྡུག་ 70-1-281b བསྔལ་ཆེན་པོ་རྣམ་པ་དུ་མ་དེ་དག་རྣམས་མཚོ་ཆེན་པོ་དེའི་འགྲམ་དུ་སོང་བར་གྱུར་པའི་ལྷ་དེ་དག་རྣམས་ཀྱིས་ཁྱད་པར་དུ་མཐོང་ངོ ། །དེ་ནས་འདབ་མ་གཅིག་དེ་དག་ཏུ་ཟགས་པ་དང་མཉམ་པ་ཐབས་ཀྱི་རྗེས་ཐོགས་སུ་འདབ་མ་གཞན་སྤྲུལ་པའི་ལྷ་རྣམས་ཀྱིས་ཀུན་དུ་གང་བར་གྱུར་པའི་ འདབ་མ་དེ་དང་དེ་དག་རྣམས་ཟགས་ཤིང་ཟགས་ཤིང་རྣམ་པར་རྒྱས་པའི་མཚོ་ཆེན་པོར་ལྷུང་ལ། སྤྲུལ་པའི་ལྷ་དེ་དག་གང་ཡིན་པ་དེ་དག་རྣམས་ཐམས་ཅད་ཀྱང་འཇིགས་པ་ཆེན་པོ་རྣམས་སུ་ལྷུང་བར་གྱུར་ཏེ་ཁ་ཅིག་ནི་ཆུར་ནུབ་བོ། །ཁ་ཅིག་འགྱུར་ལྡོག་བྱས་པས་ཤེད་སྨད་པར་གྱུར་ནས་ རྣམ་པར་ཁྲོ་བར་བྱེད་དོ། །ཁ་ཅིག་ནི་དེ་ན་གར་སོང་བ་མཐོང་བར་གྱུར་པ་ཉིད་ཀྱང་མ་ཡིན་ནོ། །ཁ་ཅིག་ནི་ཆུར་འགྱུར་ལྡོག་བྱས་པས་ཤི་བར་གྱུར་ཏོ། །ཁ་ཅིག་ནི་རྣམ་པར་ཁྲོ་འཚིག་གོ། །དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱང་ཤིན་ཏུ་རྣམ་པར་ཉམས་པར་གྱུར་ཅིང་རྣམ་པར་ཁྲོས། འཁྲུགས་ པ་དང་བྱིང་བར་གྱུར་པས་ལྷ་དེ་དག་རྣམས་ལ་འཇུས་འཕྱངས་ནས་ནུབ་པར་འགྱུར་རོ། །ཇི་ལྟར་གང་གི་ཚེ་གྲུ་ཞིག་པར་གྱུར་ན་དེའི་ཚེ་གང་དག་དེར་ཞུགས་པ་དེ་དག་རྣམས་མེད་པ་དང་བྱིང་བར་འགྱུར་རོ། །དེ་བཞིན་དུ་མི་དགེ་བའི་ཆུ་རྣམས་ཀུན་དུ་རྒལ་བར་བྱེད་པ་ན། སྤྲུལ་པའི་ལྷ་དེ་ དག་རྣམས་ཀྱང་འདབ་མ་རྣམས་ལས་ལྷུང་བས་ངེས་པར་ནུབ་པར་འགྱུར་རོ། །དེའི་རྗེས་ལ་རྣམ་པར་རྒྱས་པའི་མཚོ་ཆེན་པོར་པད་མའི་འདབ་མ་གསུམ་པ་ལྷུང་བར་གྱུར་པས་དེ་ན་ཡང་ལྷ་གང་དག་གནས་པ་དེ་དག་རྣམས་ཐམས་ཅད་ཀྱང ། རྡོ་བ་བཞིན་དུ་འོག་ཏུ་བྱིང་ཞིང་ནུབ་ནས་ཐམས་ ཅད་ཀྱང་མ་མཐོང་བར་སོང་ངོ ། །དེའི་རྗེས་ཐོགས་ལ་སྤྲུལ་པའི་ལྷས་ཀུན་ནས་གང་བའི་འདབ་མ་གཞན་དག་ཀྱང་རབ་ཏུ་ལྷུང་བར་གྱུར་ཏེ། དེ་དག་ན་ཡང་དེའི་ལྷ་གང་དག་དེ་ལ་ཀུན་ཏུ་འདུས་ཤིང་ལེགས་པར་ཚོགས་པ་དེ་དག་རྣམས་ཀྱང་མཚོ་རྣམ་པར་རྒྱས་པ་དེ་དག་ཏུ་ངེས་པར་ལྷུང་ བར་གྱུར་ཏོ། །ལྷུང་བར་གྱུར་ནས་ཀྱང་ཕན་ཚུན་ཀུན་དུ་ཆགས་པར་གྱུར་ཅིང་རྣམ་པར་ཁྲོས་པས་ཀྱང་ཕན་ཚུན་དུ་འབོད་པར་བྱེད་ཅིང་ཀུན་དུ་འབྱིང་བར་གྱུར་པས་ཀྱང ། དུས་རིང་དུ་རྣམ་པར་རྗོད་པར་བྱེད་ཅིང་རྣམ་པར་བརྗོད་པས་ཀྱང་མཚོ་དེའི་ནང་དུ་ལྷུང་བར་འགྱུར་བ་ནི། དེ་ 70-1-282a ལྟར་ལན་བརྒྱ་ཕྲག་རྣམས་སུ་དང་ཇི་སྟེ་ན་ལན་སྟོང་ཕྲག་རྣམས་སུ་ཡང་བྱེ་བྲག་མང་དུ་རྣམ་པར་བརྗོད་ཅིང ། མཚོ་དེའི་ནང་དུ་ངེས་པར་ལྷུང་ཞིང་ངེས་པར་བྱིང་བ་ནི་རྡོ་བ་བཞིན་ཏེ། ལན་དུ་མར་ཡང་འོག་གི་ཡང་སྲིད་པ་རྣམས་སུ་འགྲོ་བར་འགྱུར་རོ། །དེའི་ རྗེས་ཐོགས་ལ་ལྷ་རྣམས་ཉིད་ཀྱིས་ཀུན་ནས་གང་བའི་པད་མའི་འདབ་མ་གཞན་རྣམས་ཀུན་ཏུ་ལྷུང་བར་གྱུར་ཏོ། །དེ་དག་རྣམས་ལྷུང་བར་གྱུར་པ་དེའི་རྩ་བ་ལས་ཀྱང་སྒྲ་ཆེན་པོ་རྣམ་པ་དུ་མར་ཀུན་ཏུ་བྱུང་བར་གྱུར་པ་རྣམས་ནི། དཔེར་ན་རིའི་རྩེ་མོ་ཀུན་ཏུ་ཉིལ་བའམ་ས་གཞི་ གཡོས་པའམ་རྒྱ་མཚོ་འཁྱོམས་པར་གྱུར་པ་རྣམས་ཀྱང་ཀུན་ཏུ་འབྱུང་བར་གྱུར་ཏེ། དེ་ལྟར་འདིར་ཏུག་ཅོམ་གྱི་སྒྲ་དེ་དག་རྣམས་རབ་ཏུ་བྱུང་བར་གྱུར་ཏོ། །སྒྲ་དེ་དག་རྣམས་ཐོས་ནས་ཀྱང་གང་དག་རང་བཞིན་དུ་གནས་པའི་ལྷ་དེ་དག་རྩ་བ་ནས་འགྱེལ་ཞིང་གནས་པར་གྱུར་ཏེ། རྣམ་ པ་དུ་མར་ཁྱད་པར་དུ་མི་རིགས་པ་དེ་དག་རྣམས་དེ་དག་གིས་མཐོང་བར་གྱུར་ནས། ཤིན་ཏུ་ཡི་མུག་ཅིང་འཇིགས་པ་དང་མཆོག་ཏུ་སྐྱོ་བའི་ཡིད་དུ་གྱུར་ཏོ། །གཞན་ཡང་གང་ན་མཚོར་སོང་བའི་སྤྲུལ་པའི་ལྷ་དེ་དག་རྣམས་རབ་ཏུ་ལྷུང་བར་གྱུར་པའི་དེ་དག་འཁོར་རྣམས་ཀྱིས་ ཡོངས་སུ་བསྐོར་ནས་ཤིན་ཏུ་སྡུག་བསྔལ་བའི་ཡིད་ཀྱི་གནས་པས་གནས་ཏེ། སྔ་ན་མ་མཐོང་བ་འདི་རྣམས་ཅི་ཡིན་ལྷ་རྣམས་ཐམས་ཅད་ཀྱིས་ཀྱང་སྔར་ནམ་ཡང་དེ་ལྟར་ཉམས་སུ་མྱོང་བར་མ་གྱུར་པ། ཤིན་ཏུ་མི་བཟད་པའི་སྡུག་བསྔལ་བའི་གོ་འཕང་ལྷ་རྣམས་ཀྱིས་ཉམས་ སུ་མྱོང་བ་ཡིན་ནོ་ཞེས་རྣམ་པ་དེ་ལྟ་བུའི་མཆོག་ཏུ་འཇིགས་པར་གྱུར་པའི་ཤིན་ཏུ་མི་རིགས་པ་རྣམས་དེ་སྐད་དུ་རྗོད་པར་ཡང་བྱེད་དོ། །དེ་ལྟར་དེ་དག་རྣམས་སེམས་པར་བྱེད་པ་ཉིད་དང་ཕན་ཚུན་དུ་གླེང་བར་ཡང་བྱེད་པ་དང་མཆོག་ཏུ་སྐྱོ་བའི་ཡིད་དུ་ཡང་འགྱུར་རོ། །འདབ་མ་གཞན་ ཉིད་ཀྱང་རབ་ཏུ་ལྷུང་བར་གྱུར་པས་ལྷ་མོ་རྣམས་ཐམས་ཅད་ཀྱང་ཤིན་ཏུ་ཉམས་སྨས་པར་གྱུར་ནས་ཕན་ཚུན་དུ་རྣམ་པར་ཁྲོ་བར་བྱེད་པ་དང ། ཧཱ་ཡོངས་སུ་སྐྱོབས་དང་ཞེས་བྱ་བ་དེ་ལྟར་ཕན་ཚུན་དུ་རྗོད་པར་ཡང་བྱེད་དོ། །ཇི་ལྟར་གང་དག་བག་མེད་པར་གྱུར་པས་བག་མེད་པར་རྒྱུ་ 70-1-282b བར་བྱེད་པ་དེ་དག་རྣམས་ཀྱི་ནི་གནས་སྐབས་འདི་ཡིན་ལ། རྣམ་པར་ལྷུང་བའི་རྣམ་པ་རྣམས་ཀྱང་འདི་འདྲ་བ་ཡིན་ནོ། །དེ་ལྟར་ཕན་ཚུན་རྣམ་པར་ཁྲོ་བ་རྣམས་ལས་རང་བཞིན་པའི་ལྷ་དེ་དག་རྣམས་ཀྱི་ཡིད་ལས་སུ་རུང་བར་བྱས་ཏེ། བག་མེད་པ་ཉམས་དམའ་བར་གྱུར་པ་རྣམས་ ནི་མྱ་ངན་ལས་འདས་པའི་ཆོས་རྣམས་བསྒྲུབ་པ་ལ་ལས་སུ་རུང་བ་ཡིན་པར་མཐོང་ནས། མཆོག་ཏུ་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་མུ་སུ་ལུན་དྷ་དེས་དེ་དག་རྣམས་ལ་ཡང་ཕན་པའི་དོན་དུ་ཡང་ལྷ་དེ་དག་དང་བཅས་པའི་པད་མའི་སྙིང་པོ་དེ་ཉིད་མི་མཐོང་བར་བསྒྱུར་རོ། ། དེ་ཡིས་འགྲོ་བའི་ཚོགས་ཆེན་པོ་བག་མེད་པས་ན་བག་མེད་པར་རྣམ་པར་སྤྱོད་པར་བྱེད་པ་གང་ཡིན་པ་དེ་དག་རྣམས་ཀྱི་ཡིད་དགེ་ལེགས་དང་ལྡན་པར་གྱུར་ཏོ། །དེ་ལྟར་ལེགས་པར་སྐྱེས་པར་གྱུར་ནས་དུས་འདི་ཉིད་དུ་ནི་འདི་དག་རྣམས་དམ་པའི་ཆོས་བསྒྲགས་པ་རབ་ཏུ་འཛིན་ པར་འགྱུར་ཏེ་དམ་པའི་ཆོས་བསྒྲག་པར་བྱའོ། །དེ་ནས་དེར་དེ་ལྟར་རིག་ནས་མཚོ་དེར་འཇིགས་པ་ཆེན་པོའི་རིམ་པ་དུ་མ་གཞན་ཉིད་ཀྱང་སྤྲུལ་པར་བྱེད་པ་ཡིན་ཏེ། འདབ་མ་བརྒྱ་ཡང་འཇིག་པ་དང་སྤྲུལ་པའི་ལྷ་རྣམས་ཀྱང་འཇིགས་པ་ཆེན་པོ་རྣམ་པ་དུ་མ་དང ། ཕུང་ཉེས་ རྣམས་དང་མཚོ་ལ་ཡང་འབྱིང་བར་འགྱུར་བ་དང ། དེ་བཞིན་དུ་རྣམ་པ་དུ་མར་ཀུན་དུ་རྗོད་པར་བྱེད་པ་དང་ཡིད་ཉམས་སྨས་པ་ཀུན་དུ་འབྱུང་བ་དང ། འཆི་བར་འགྱུར་བ་དུ་མ་ཡང་སྤྲུལ་པར་གྱུར་ཏོ། །དེ་དུས་རིང་དུ་རྟོགས་པར་བྱེད་དེ། དེ་དག་གིས་ཀྱང་རང་བཞིན་ གྱིས་ལྷ་དེ་དག་གི་འགྲོས་བཅོམ་ཞིང ། ཇི་ལྟ་བ་བཞིན་དུ་ཡིད་ཉམས་སྨད་ནས་གཞན་དུ་འགྲོ་བར་བྱེད་པ་ན་ཡང་དེ་ལྟར་བྱུང་བའི་འགྲོས་བཅོམ་ནས་ཇི་ལྟར་དེ་དག་གིས་མཐོང་བར་འགྱུར་བར་བྱེད་དོ། །མཐོང་བའི་རྗེས་ཐོགས་ཉིད་ལ་ཡིད་ཤིན་ཏུ་ཉམས་དམས་ཤིང་སྐྱོ་བ་སྐྱེ་བ་ འབྱུང་བར་འགྱུར་རོ། །དེ་ལྟར་ཐམས་ཅད་བྱས་ནས་པད་མའི་ནང་གི་སྙིང་པོ་ལ་རྗེས་སུ་ཞུགས་ཏེ། བག་མེད་པའི་ལྷ་དེ་དག་རྣམས་ཉིད་དང་ལྷན་ཅིག་ཏུ་ལྟ་བར་བྱེད་པ་དང་ལྷན་ཅིག་ཏུ་སྤྱོད་པར་ཡང་གྱུར་པ་ན་ཡང ། ཤར་བར་གྱུར་པ་ལེགས་པར་མངོན་པར་མཐོང་བ་དང་གཞན་ 70-1-283a ལ་ཕན་པ་དང་རྗེས་སུ་འཛིན་པ་ལ་རབ་ཏུ་ཞུགས་པ་དང ། མཆོག་ཏུ་སྙིང་རྗེ་ཆེ་བ་དང་གཞན་རྣམས་ལ་ཕན་པ་དང་རབ་ཏུ་ལྡན་པས་ལེགས་པར་ཞུགས་པས་ཀྱང་ལྷ་དེ་དག་རྣམས་ཀྱིས་རྗེས་སུ་འབྲང་བ་དང་བཅས་པས་པད་མའི་སྙིང་པོ་དེ་ཀུན་དུ་བཏང་བར་གྱུར་ཏོ། ། སྤྲུལ་པ་དེ་དག་རྣམས་ཀྱང་མི་སྣང་བར་བྱས་ནས་དབུགས་འབྱིན་པར་བྱེད་དོ། །ཇི་ལྟར་ཤིན་ཏུ་བར་ཡང་འཇིགས་པའི་གནས་རྣམས་སུ་ལྷ་དག་འགྲོ་བར་བྱེད་པ། ཤིན་ཏུ་འཇིགས་པར་གྱུར་པའི་གནས་རྣམས་སུ་རབ་ཏུ་འགྲོ་བ་ན་བག་མེད་པས་འཇིགས་པའི་གནས་རྣམས་སུ་ འགྲོ་བར་མ་བྱེད་ཅིག་།བག་མེད་པས་རྣམ་པར་རྒྱུ་བ་རྣམས་ཀྱི་གནས་སྐབས་ནི་འདི་དག་ཡིན་ནོ། །བག་མེད་པས་རྒྱུ་བར་བྱེད་པ་རྣམས་ནི་བག་མེད་པའི་རྩ་བ་ལས་ཤིན་ཏུ་འཇིགས་པར་འགྱུར་བ་ཡིན་ཏེ། བག་མེད་པ་ལ་སྡུག་བསྔལ་རྣམས་མི་འབྱུང་བ་ནི་འགའ་ཡང་མེད་དོ། ། དེ་ནས་དུས་དེ་དག་ཏུ་མུ་སུ་ལུན་དྷས་ཚིགས་སུ་བཅད་པའི་དབྱངས་རྣམས་བརྗོད་པ། ཇི་ལྟར། བག་མེད་ལ་ནི་མངོན་དགའི་བྱིས། །རྟག་ཏུ་སྡུག་བསྔལ་སྐལ་ལྡན་ཡིན། །གང་ཡང་བག་མེད་རྣམ་པར་སྤངས། །རྟག་ཏུ་བདེ་བའི་སྐལ་ལྡན་དེ། །སྡུག་བསྔལ་ལྗོན་ཤིང་ ཐམས་ཅད་ཀྱི། །རྩ་བ་བག་མེད་པར་བརྗོད་དོ། །དེ་ཕྱིར་སྡུག་བསྔལ་ཡོངས་སྤོང་བས། །བག་མེད་པ་ནི་རྣམ་པར་སྤོངས། །དེ་ནས་ལྷ་རང་བཞིན་པ་དེ་དག་གིས་ཀྱང་མུ་སུ་ལུན་དྷ་དེ་མངོན་པར་མཐོང་ནས། དེ་དག་རྣམས་ཡིད་རྣལ་དུ་ཕེབས་པ་དང་ཆེས་རབ་ཏུ་དགའ་བར་གྱུར་ ནས། གང་ན་འཐབ་བྲལ་གྱི་མངའ་བདག་དེ་ཡོད་པ་དེར་ཐམས་ཅད་ཉིད་ཉེ་བར་བརྒྱུགས་སོ། །ཇི་ལྟར་ལྷ་བདག་ཅག་རྣམས་ཀྱི་མགོན་པོ་དེ་བདག་ཅག་རྣམས་ཀྱི་མགོན་པོ་བདག་ཅག་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེ་ནི་པད་མའི་སྙིང་པོ་ལ་ལྷའི་ཚོགས་རྣམས་ཐམས་ཅད་ཀྱིས་ཡོངས་ སུ་བསྐོར་ནས་ལེགས་པར་གནས་ཏེ། བདག་ཅག་རྣམས་རྗེས་སུ་འཛིན་པར་བྱེད་པའི་རྒྱུ་མཚན་དུ་འདིར་བྱོན་ནོ། །དེ་ལྟར་ཕན་ཚུན་དུ་རིག་པར་གྱུར་ནས་གང་ན་པད་མའི་སྙིང་པོ་ཡོད་པ་དེར་ཐམས་ཅད་ཉིད་ཉེ་བར་འགྲོ་བར་བྱེད། དེ་ནས་ཉེ་བར་སོང་བ་དང་པད་མའི་སྙིང་པོ་ལ་རང་ཉིད་ལེགས་པར་ 70-1-283b གནས་པ་གང་ཡིན་པ་འདི་ནི་མུ་སུ་ལུན་དྷ་ཀུན་དུ་གནས་པ་ཡིན་ནོ། །པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་ཁ་དོག་མཚུངས་པའི་གཟུགས་དང་ལྡན་པ་རྣམས་ཀྱི་ལྷ་གཞན་གྱིས་ཞབས་འབྲིང་བྱས་ནས་ཉེ་བར་འགྲོ་བ་ན་ལྷ་དེ་དག་གིས་མུ་སུ་ལུན་དྷ་དེ་ལ་འདི་སྐད་ཅེས་བརྗོད་དེ། ལྷ་ལགས་ལྷ་འདི་ དག་རྣམས་གང་ཡིན་པ་ལ་དེ་ལྟར་མཐོ་འཚམ་པར་བྱེད་པ་འདི་དག་ཅི་ལགས། འཆིང་བར་བྱེད་པ་དང་ཀུན་དུ་སྐོར་བར་བྱེད་པ་དང ། ཆུ་རྣམས་ལ་ཡང་ཀུན་དུ་ནུབ་པར་བྱེད་པར་གྱུར་པ་དང་རྣམ་པར་ཁྲོ་བར་ཡང་བྱེད་པ་དང་རྣམ་པ་མང་པོའི་གནས་སྐབས་རྣམས་ཀྱང་བྱེད་དུ་འཇུག་ལགས་ན། དེ་ནས་མུ་སུ་ལུན་དྷ་དེས་ ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་བརྗོད་དེ། ཇི་ལྟར་སྲོག་ཆགས་སུ་གྱུར་པ་རྣམས་ཐམས་ཅད་ཀྱིས་ནི་ཅི་ནས་ཀྱང་མྱོང་བར་བྱ་བ་གང་ཡིན་པ་ནི་བག་མེད་པའི་སྐྱོན་འདི་དག་རྣམས་ཡིན་པར་ཁྱེད་རྣམས་ཀྱིས་ལེགས་པར་མ་གོའོ། །དེ་ནས་དེའི་དུས་ན་མུ་སུ་ལུན་དྷས། ཚིགས་སུ་བཅད་ པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། འབྱུང་པོ་ཐམས་ཅད་ཀྱིས་མི་མཐོང ། །ལས་རྣམས་ཀུན་གྱིས་རྒྱལ་བ་མིན། །འཇིག་རྟེན་ཐམས་ཅད་རྣམ་འཇིག་པ། །འཆི་བདག་ཅེས་ནི་མངོན་པར་བརྗོད། །དེ་ཡིས་སྐྱེ་བོ་འདི་དག་འཇོམས། །ཕུང་པོ་སྐྱེ་མཆེད་འཇོམས་བྱེད་ པོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ། །འཆི་བདག་རྒྱལ་པོས་ཀུན་ཏུ་འཁྲིད། །འདི་ཡིས་འཁྲིད་པར་གྱུར་པ་ན། །དེ་འགའ་ཞིག་ལའང་སྟོབས་མི་དམིགས། །ཆོས་མ་གཏོགས་པ་དེ་ཡི་ཕྱིར། །ཆོས་ནི་སྐྱོབ་པའི་མཆོག་ཏུ་བརྗོད། །གསོན་པ་ཡང་ནི་མྱུར་བར་ འགྲོ། །མྱུར་བར་ལང་ཚོ་འགྲོ་བ་ཡིན། །འཆི་བདག་མྱུར་བར་འོང་བ་ཡིན། །བག་མེད་པ་ཡིས་དགའ་མ་བྱེད། །ལུས་ཅན་རྣམས་ཀྱི་བདེར་གྱུར་པ། །ཐམས་ཅད་འཇིག་པའི་རྒུད་པ་ཡིན། །གསོན་པ་ཡང་ནི་མཐར་འཇོམས་ཀྱི། །བག་མེད་པ་ལ་དགའ་མ་བྱེད། ། དམྱལ་བ་ཡི་དགས་དུད་འགྲོར་ནི། །ལས་ཀུན་ཟད་ནས་འགྲོ་དགོས་ཀྱི། །ཤེས་ཀྱིས་སྡུག་བསྔལ་མི་བཟད་འདི། །དགའ་བར་མ་བྱེད་བག་མེད་ལ། །སྲིད་གསུམ་ངམ་གྲོག་སྲིད་འདི་གང ། །མི་རྟག་པ་ཡི་ཐབས་འོག་ཡིན། །སྐྱེ་ཞིང་འཆི་བ་དེ་ལྟ་ལ། །བག་ 70-1-284a མེད་པ་ལ་དགའ་མ་བྱེད། །འཆི་བདག་གིས་ནི་ལུས་འཇོམས་ལ། །རྒས་པ་ཡིས་ནི་གཞོན་པ་འཇོམས། །སོ་གསོད་པ་ནི་ནད་ཀྱིས་འཇོམས། །བག་མེད་པས་ནི་དགའ་མ་བྱེད། །ལས་ཀྱི་ཐག་པས་རྣམ་བཅིངས་ནས། །སེམས་ཀྱི་འཕྱང་མོ་ལ་ ལེགས་རྟེན། །སེམས་ཅན་སྲིད་པ་གསུམ་ན་འཁྱམ། །དགའ་བར་མ་བྱེད་བག་མེད་ལ། །སྐྱིད་དེ་བ་ཡང་སྡུག་བསྔལ་འགྱུར། །སྡུག་བསྔལ་ཅན་ཡང་རྣལ་ཕེབས་གནས། །རྗེ་དཔོན་ཡང་ནི་བྲན་འགྱུར་གྱི། །བག་མེད་པ་ལ་དགའ་མ་བྱེད། །མ་ཡང་ཆུང་ མར་འགྱུར་བ་དང ། །ཆུང་མ་ཡང་ནི་དགྲ་འདི་ཉིད། །འགྱུར་ལྡོག་ཆེན་པོ་འདི་འདྲ་ལ། །བག་མེད་པ་ལ་དགའ་མ་བྱེད། །ནགས་དང་ཉེ་ནགས་བྲག་རྣམས་ལ། །ལྷ་ཡི་ཚོགས་ཀྱིས་བརྒྱན་པ་ཡི། །འཇིག་རྟེན་འདི་ནི་མེད་འགྱུར་གྱི། །བག་མེད་པ་ལ་ དགའ་མ་བྱེད། །ལུས་ཅན་རྣམས་ཀྱི་བདེ་བ་ནི། །གཡོ་ཞིང་འཚེ་དང་བཅས་པ་ཡིན། །ཡིད་ཆེས་མེད་དང་སྟོང་པ་ལ། །བག་མེད་པ་ལ་དགའ་མ་བྱེད། །སྡུག་བསྔལ་གྱིས་གཟིར་སྐྱེ་འདི་ཡང ། །རྒ་དང་ནད་ཀྱི་སྣོད་ཡིན་ནོ། །སྐྱེ་བ་ངེས་པར་འཆི་བ་ཡང ། ། གང་གིས་ཐམས་ཅད་དུ་ནུས་མིན། །སྐྱེ་བ་ཐམས་ཅད་འཆི་བའི་མཐའ། །དེ་བཞིན་ལང་ཚོ་རྒས་པའི་མཐའ། །རྨི་ལམ་ལྟ་བུའི་འདོད་པ་ལ། །བག་མེད་པས་ནི་དགའ་མི་བྱ། །ཆུ་ཤིང་ལོ་མ་དང་མཚུངས་དང ། །གློག་རྣམས་དང་ཡང་རབ་ཏུ་ མཚུངས། །སླུ་བར་བྱེད་པ་ཐམས་ཅད་ལ། །བག་མེད་པས་ནི་དགའ་མ་བྱེད། །ཡུལ་གྱི་སྤྱོད་ཡུལ་ཅན་དབང་པོ། །རྒྱལ་བར་བྱ་བར་ནུས་མ་ཡིན། །དབང་པོ་རྣམས་ཀྱི་རང་ཡུལ་ལས། །གང་ཕྱིར་ཤེས་པས་ཟློག་པར་བྱེད། །དེ་ལྟར་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ ཀྱི་ཡིད་སྐྱོ་བར་གྱུར་པ་ལ་གཞན་ལ་ཕན་པའི་དོན་དུ་ཚིགས་སུ་བཅད་པ་རྣམས་ཇི་ལྟ་བར་རྗོད་དོ། །གཞན་ཡང་འཐབ་བྲལ་བའི་བདག་པོ་དེ་ཉིད་ཀྱིས་ལྷ་རྣམས་ཀྱི་བག་མེད་པ་ལ་རྣམ་པར་གཤེའོ། །ཇི་ལྟར་བག་མེད་པའི་མུན་པར་འོག་ཏུ་ནུབ་པ་དེ་དག་མ་མཐོང་བ་རྣམས་ནི་སྡུག་ 70-1-284b བསྔལ་ཆེན་པོར་གྱུར་པ་དང་རྒས་པ་དང་འཆི་བ་རྣམས་འབྱུང་བར་གྱུར་ཏོ། །ཇི་ལྟར་ལྷ་དེ་དག་ནི་ཁྱེད་རྣམས་ཉིད་དང་མཚུངས་པ་ཡིན་ཏེ། ཕྱིན་ཅི་ལོག་རྣམས་ལ་ཇི་ལྟ་བར་ཞུགས་ནས་བག་མེད་པ་ལ་མངོན་པར་དགའ་བ་རྣམས་ཡིན་ཏེ། ཕྱིན་ཅི་ལོག་ཉིད་ལ་ཞུགས་པ་རྣམས་ ཐམས་ཅད་ལ་ཡོངས་སུ་སྐྱོབ་པར་བྱེད་པ་ནི་འགའ་ཡང་མེད་དོ། །གང་ཁྱེད་རྣམས་ཀྱི་ཁྱད་པར་ལས་ཚུལ་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་པ་རྣམས་བག་མེད་པས་བརླག་པར་གྱུར་ནས། ཚད་དང ། མདོག་དང ། དབྱིབས་དང ། ཉེ་བར་ལོངས་སྤྱོད་པ་དང ། ཁང་བུ་དང ། འོད་ཟེར་དང ། ལྷ་མོ་དང ། སྐྱེ་བོ་རྣམས་ཀྱིས་ཡོངས་སུ་སྤངས་པ་དེ་དག་རྣམས་ཁྱེད་རྣམས་ཀྱིས་མངོན་སུམ་དུ་འགྱུར་བ་ཡིན་ན། ཇི་ལྟར་ན་ཡོངས་སུ་སྤྱད་པར་འགྱུར་བ་ཡིན། ཇི་ལྟར་ནི་འཁོར་རྣམས་དང་བཅས་པ་ཡིན། ཕྱིན་ཅི་ལོག་ལ་ཞུགས་པ་དེའི་ཚེ། དེ་དག་ནི་བག་ མེད་པའི་སྐྱོན་གྱིས་ཡིན་པར་མངོན་པར་མཐོང་བའི་ཕྱིར་ན། ཐམས་ཅད་ལ་དུས་ཐམས་ཅད་དུ་ཐབས་རྣམས་ཐམས་ཅད་ཀྱིས་བག་མེད་པ་ཡོངས་སུ་སྤང་བར་བྱའོ། །གང་ཅུང་ཟད་ཅིག་འཚོ་བ་འདི་འཛིན་པ་དང་བཅས་པའི་བག་མེད་པའི་འཚོ་བ་དེ་དག་རྣམས་ནི་དུག་གིས་ཟིན་པ་རྣམས་ ལས་ཀྱང་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་འགའ་ཞིག་མེ་རླུང་དང་བཅས་པར་གྱུར་པ་དེ་དག་རྣམས་ཀྱི་དྲུང་ན་བག་མེད་པའི་མེ་ཀུན་དུ་རྟོག་པའི་རླུང་དང་བཅས་པ་ནི་ཤིན་ཏུ་བར་ཡང་ལྷག་པ་ཡིན་ནོ། །གང་ཅུང་ཟད་ཅིག་མུན་པ་དུས་རིང་དུ་འཐིབས་པ་རྣམས་ལས་ བག་མེད་པའི་རང་བཞིན་གྱི་མུན་པ་ནི་དེ་དག་རྣམས་ལས་ཟླ་མེད་པར་ཁྱད་པར་དུ་གྱུར་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཀུན་ལ་རིང་དུ་འབྱུང་བ་ཡིན་པའི་ཕྱིར་རོ། །གང་འགའ་ཞིག་དགྲ་བོ་གླགས་གཅོད་པར་བྱེད་པ་རྣམས་ཀྱི་ནང་ནས། བག་མེད་པའི་དགྲ་ནི་དེ་དག་རྣམས་ ཀྱི་དྲུང་ན་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཡུལ་གྱི་གྲོགས་རྣམས་ཀྱིས་ཀུན་ནས་གླགས་གཅོད་པ་ཡིན་པའི་ཕྱིར་རོ། །གང་ཅུང་ཟད་མཚོན་ཆར་བརྗོད་པར་བྱ་བ་སོ་རྣོན་པོ་དེ་དག་རྣམས་ཀྱི་ནང་ནས་བག་མེད་པའི་མཚོན་གྱི་སོ་རྣམས་ནི་ལྷག་པར་རྣོ་བ་ཡིན་ཏེ་ངན་སོང་དུ་ལོག་པར་ལྟུང་ 70-1-285a བའི་རྩེ་མོ་རྣོན་པོ་རྣམས་ཡོད་པའི་ཕྱིར་རོ། །གང་འགའ་ཞིག་སྦྲུལ་དུག་ཅན་དུ་གྱུར་པ་དེ་དག་རྣམས་ཀྱི་དྲུང་ནས་བག་མེད་པའི་སྦྲུལ་གྱི་དུག་གིས་སེམས་ཅན་ཐམས་ཅད་ཀྱི་སྲོག་ངེས་པར་འཕྲོག་པར་བྱེད་པའི་དུག་ཆེན་པོ་དེ་ནི་ཁྱད་པར་དུ་འཕགས་པ་ཡིན་ཏེ་བྱིས་པའི་ སྐྱེ་བོ་རྣམས་ཐམས་ཅད་ཀྱི་སེམས་སྟོབས་ངེས་པར་འཇོམས་པའི་ཕྱིར་རོ། །གང་ཅུང་ཟད་གྲོགས་པོའི་གཟུགས་ཅན་གྲོགས་པོ་མ་ཡིན་པ་རྣམས་ལས་བག་མེད་པ་ནི་དེ་དག་རྣམས་ཀྱི་ནང་ན་བླ་ལྷག་པ་ཡིན་ཏེ་དགའ་བའི་འདོད་ཆགས་དང་ཀུན་དུ་འདྲེས་པའི་ཕྱིར་རོ། །གང་ཅུང་ཟད་ འཆིང་བར་གྱུར་པ་ལྕགས་སྒྲོག་གམ་ཤིང་གདོས་སམ། ཐག་པ་ལས་བྱས་པ་དེ་དག་རྣམས་ཀྱི་ནང་ནས་བག་མེད་པ་ནི་བླ་ལྷག་པ་ཡིན་ཏེ་ཞེ་སྡང་འཐུག་པོ་དང་ཀུན་དུ་འདྲེས་པའི་ཕྱིར་རོ། །གང་འགའ་ཞིག་པས་བླ་ལྷག་པར་གྱུར་པ་ནི་དགོན་པར་རྣམ་པར་འཁྱམས་པར་གྱུར་པ་རྣམས་ལ་ཆུ་ དག་དང ། ཤིང་ལྗོན་པ་དང ། འབྲས་བུ་དང ། གྲིབ་མ་དང་བཞོན་པ་ཡང་མེད་པས་སེམས་ཅན་རྣམས་ཐམས་ཅད་སྡུག་བསྔལ་བར་བྱེད་པ་པོ་དེ་དག་རྣམས་ཀྱི་ནང་ནས་བག་མེད་པའི་དགོན་པ་ནི་ཤིན་ཏུ་བླ་ལྷག་པ་ཡིན་ཏེ། བདེ་བའི་ཆུ་དག་དང ། སྐྱེས་བུ་དམ་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ ལྗོན་ཤིང་གི་གྲིབ་མ་རྣམས་ལས་ཐ་མར་སེམས་ཅན་རྣམས་ཐམས་ཅད་སྡུག་བསྔལ་བར་བྱེད་པའི་ཕྱིར་རོ། །གང་འགའ་ཞིག་རྣམ་པར་སླུ་བར་བྱེད་པ་པོའི་ངོ་བོ་དོན་མེད་པར་གྱུར་པ་མཐོང་བ་རྣམས་ལས། འདི་དག་གི་ཇི་ལྟ་བའི་དོན་ནི་འདི་ལྟ་སྟེ། ཟོ་ཆུན་འཁོར་མོ་དང ། དྲི་ཟའི་གྲོང་ ཁྱེར་དང ། སྨིག་རྒྱུ་རྣམས་སོ། །དེ་དག་རྣམས་ཀྱི་དྲུང་ན་ཡང་བག་མེད་པ་ནི་ཤིན་ཏུ་ལྷག་པ་ཡིན་ཏེ། ཡུལ་གྱི་ཉེ་བར་ལོངས་སྤྱོད་པ་རྣམས་ནི་གཡོ་བར་གྱུར་པ་ཇི་ལྟ་བའི་དོན་དང་བྲལ་བས་ན་ཟོ་ཆུན་འཁོར་མོ་དང ། དྲི་ཟའི་གྲོང་ཁྱེར་དང ། སྨིག་རྒྱུ་རྣམས་ལས་ཀྱང་བླ་ལྷག་པར་ སྟོང་པ་ཡིན་ནོ། །གཞན་ཡང་ཅུང་ཟད་རབ་ཏུ་ལྟུང་བར་བྱེད་པ་གང་ཡིན་པའི་ཡུལ་དུ་གྱུར་པ་རྣམས་ཅུང་ཟད་ཡོད་པའི་ངམ་གྲོག་དང་གཡང་ས་དང་འདྲ་བ་དེ་དག་རྣམས་ཀྱི་དྲུང་ན་ཡང་བག་མེད་པ་ཤིན་ཏུ་ལྷག་པ་ཡིན་ཏེ། ངན་སོང་དུ་ལོག་པར་ལྟུང་བ་རྣམས་ངེས་པར་ཡང་ཉམས་སུ་ 70-1-285b མྱོང་བར་བྱེད་པའི་ཕྱིར་རོ། །དེ་ལྟར་བག་མེད་པ་འདིས་ནི་ལྷ་རྣམས་དང ། སྲོག་ཆགས་སུ་གྱུར་པའི་རྣམས་ཐམས་ཅད་དང ། འགྲོ་བ་ལྔར་སྐྱེས་པར་གྱུར་པ་རྣམས་དང ། ཁམས་གསུམ་དུ་གཏོགས་པ་རྣམས་ཀྱང་ལོག་པར་ལྟུང་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱིས་ ཐམས་ཅད་ཀྱང་རབ་ཏུ་བརྩོན་པ་ཐམས་ཅད་ཀྱིས། གནས་སྐབས་ཐམས་ཅད་དུ་སྡུག་བསྔལ་གྱི་འཇིགས་པ་རྣམས་དང ། བདེ་བ་འདོད་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་རྣམས་ཀྱི་རྩ་བ་འདི་ཡོངས་སུ་སྤང་བར་གྱིས་དང ། འདི་ལྟ་སྟེ་བག་མེད་པའོ། །དེ་ནས་ཡང་དེའི་ཚེ་ན་མུ་སུ་ལུན་དྷ་ དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། བག་ཡོད་པ་ནི་དགའ་བར་བརྗོད། །བག་མེད་སྡུག་བསྔལ་སྐལ་ལྡན་ཡིན། །བག་ཡོད་བག་མེད་པ་དག་གི། །འདི་ནི་རང་གི་མཚན་ཉིད་བརྗོད། །དེ་ལྟར་ལྷ་རྣམས་ཀྱི་མངའ་བདག་དམ་པའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པ་པོ་ དེས་ལྷ་དེ་དག་རྣམས་ལ་རྗེས་སུ་འདོམས་པར་བྱེད་དོ། །དེ་ལ་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་ཡིད་ལས་སུ་རུང་བར་བྱས་པ་དང ། དབང་པོ་རྣམས་རྒྱས་པ་དང ། དབང་པོ་རྣམས་རབ་ཏུ་དང་བ་དང ། ཡིད་རྩེ་གཅིག་ཏུ་གྱུར་པས་ཉན་པར་བྱེད་ཅིང ། མུ་སུ་ལུན་དྷ་པད་མའི་སྙིང་པོ་ལ་སེང་གེའི་ ཁྲི་ལ་གནས་པ་དེ་ལ་འདི་ལྟར་ཡང་རྗོད་པར་བྱེད་དེ། བདག་ཅག་རྣམས་ལ་ཤིན་ཏུ་ཕན་པར་གྱུར་པ་དང་མཐར་ཐུག་པར་བདེ་བ་གང་ཡིན་པ་དེ་དག་ཀྱང་འདིར་བརྗོད་ལགས་ན། བདག་ཅག་རྣམས་ལ་ཕན་པ་དང་བདེ་བ་རྣམས་ཀྱང་ཁྱེད་ཉིད་ཀྱིས་བཀའ་སྩལ་དུ་གསོལ། བདག་ཅག་རྣམས་ ཀྱིས་ཅི་བགྱི་བ་ཡང་ལྷ་ཉིད་ཀྱི་ཞལ་སྔ་ནས་བཀའ་སྩལ་དུ་གསོལ། ཇི་ལྟར་ཚིག་འདི་དག་རྣམས་བརྗོད་པ་དང་འཐབ་བྲལ་གྱི་བདག་པོ་དེས་འདི་སྐད་ཅེས་བརྗོད་དོ། །ཇི་ལྟར་བཅོམ་ལྡན་འདས་གང་ཡིན་པ་འདི་ནི་ཐར་པའི་སྤྱོད་པ་རྣམས་རིག་ཅིང་རྟོགས་ལ་མཁྱེན་པ། སྐྱོན་རྣམས་ཐམས་ ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་རྣམས་ཐམས་ཅད་དང་ལྡན་པ་སེམས་ཅན་རྣམས་ཐམས་ཅད་ཀྱི་ཡང་གཙོ་བོར་གྱུར་པའི་སངས་རྒྱས་དེ་ལ་སྐྱབས་སུ་སོང་དང ། སྡུག་བསྔལ་རྣམས་ཐམས་ཅད་དང་བྲལ་བར་འགྱུར་གྱིས། དེ་ནི་བག་མེད་པ་རྣམས་དང་བྲལ་བ་ཡིན་པས་དེ་ལ་སྐྱབས་ 70-1-286a སུ་སོང་ན་གོང་ན་མེད་པའི་འཁོར་བའི་འཇིགས་པ་རྣམས་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་འགྱུར་རོ། །དེ་ནས་ཡང་ངེས་པར་མུ་སུ་ལུན་དྷའི་དྲུང་ནས་ལྷ་དེ་དག་རྣམས་ཀྱིས་ཚིག་འདི་དག་ཐོས་པ་དང ། ཐམས་ཅད་ཉིད་ཀྱིས་པུས་མོ་རྣམས་ས་གཞི་ལ་བཙུགས་ཏེ། འཁོར་ དང་བཅས་པ་རྣམས་གུས་པ་ལེགས་པར་སྐྱེས་པ་དང་དོན་ལ་དབང་པོ་རྣམས་རྒྱས་ཤིང ། སངས་རྒྱས་བཅོམ་ལྡན་འདས་ལ་ལེགས་པར་གུས་པ་སྐྱེས་པས་མགོ་བོ་ཀུན་ཏུ་བཏུད་པར་གྱུར་པས་རབ་ཏུ་ཕྱག་འཚལ་ཏེ། གསུམ་ལ་སྐྱབས་སུ་འགྲོ་བར་བྱེད་པས་ཀྱང་སྐྱབས་སུ་སོང་ངོ ། །ཐམས་ཅད་ ཀྱང་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཡང་ལེགས་པར་སྐྱབས་སུ་འགྲོ་བར་བྱེད་དོ། །ཡིད་ཤིན་ཏུ་རབ་ཏུ་དང་བ་དང ། བག་མེད་པ་རྣམས་ལ་ཡང་རྣམ་པར་སྨོད་པར་བྱེད་ཅིང་བཤགས་པར་བྱེད་དེ། གང་དག་བག་མེད་པའི་ལྷ་དེ་དག་རྣམས་ཀྱིས་བཟོད་པར་མི་ནུས་པ་རྣམ་པ་མང་ པོར་མི་བཟད་པ་རྣམ་པ་དུ་མ་རྣམས་ཐམས་ཅད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་རྣམས་མཐོང་བའི་ཕྱིར་རོ། །དེ་ནས་མུ་སུ་ལུན་དྷ་ཡང་ལྷ་དེ་དག་རྣམས་ཀྱི་ཡིད་ཀུན་དུ་སྐྱོ་བར་གྱུར་པ་དེ་དག་རྣམས་ལེགས་པར་མཐོང་ནས། སླར་ཉིད་ཀྱང་ཆོ་འཕྲུལ་རྣམ་པ་དུ་མ་རྣམས་བྱེད་དེ། ཡུད་ཙམ་ ཅིག་ལ་ཡང་རྣམ་པ་དུ་མར་གཅིག་ཏུ་གྱུར་ནས་བརྒྱར་འགྱུར་རོ། །སྟོང་དུ་འགྱུར་རོ། །སྟོང་ཕྲག་བརྒྱར་ཡང་འགྱུར་རོ། །ཡུད་ཙམ་ལ་ཡང་ཆ་བྱད་དུ་མ་དག་ཏུ་བྱས་པའི་དབྱིབས་རྣམས་སུ་འགྱུར་རོ། །ཡུད་ཙམ་ཅིག་ལ་རྣམ་པ་དུ་མའི་ཆ་བྱད་དག་གིས་མཚུངས་པར་བྱས་པའི་ དབྱིབས་རྣམས་སུ་འགྱུར་རོ། །ཡུད་ཙམ་ཉིད་ལ་ནམ་མཁའི་དཀྱིལ་དུ་འཕགས་ནས་རིན་པོ་ཆེའི་ཁང་བུ་སྣ་ཚོགས་པ་རྣམས་ཀྱིས་ཀུན་ཏུ་གང་བ་རྣམས་ན་གཟུགས་དང་ཆ་བྱད་སྣ་ཚོགས་པ་རྣམས་འཛིན་པར་བྱེད་པར་འགྱུར་རོ། །ཡུད་ཙམ་ལ་ཡང་ཆུར་འབྱིང་བར་འགྱུར་རོ། །མགོ་ བོ་སྟོང་དུ་གྱུར་ནས་ཀྱང་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་དང་དཔུང་རྒྱན་འབར་བ་རྣམས་ཀྱིས་བརྒྱན་པ་དང ། ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་ཅན་ལྷའི་ཚོགས་རྣམས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས། ཉེ་བའི་ནགས་རྣམས་ཐམས་ཅད་དུ་ལེགས་པར་མཐོང་ངོ ། །སྟོང་ 70-1-286b ཕྲག་བརྒྱར་གསལ་བར་བྱེད་པའི་གཟི་བརྗིད་དང་ལྡན་པའི་ལྷ་རྣམས་ཀྱི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས། པད་མ་ཆེན་པོ་དེ་ཉིད་ཀྱི་སྟེང་དུ་འབྱུང་བར་བྱེད་པ་དང ། རང་གི་གཟི་བརྗིད་རྣམས་ཀྱིས་ལམ་མེར་གྱུར་པར་ལྷ་དེ་དག་རྣམས་ཀྱིས་ལུས་ཤིན་ཏུ་བལྟ་བར་དཀའ་བ་ཡིན་ནོ། ། གཞན་ཡང་མུ་སུ་ལུན་དྷ་དེ་ཉིད་ཀྱིས་རྫུ་འཕྲུལ་གཞན་ཡང་བྱེད་པར་གྱུར་པ་ནི། ལྷ་དེ་དག་རྣམས་ཉིད་ཀྱི་བག་མེད་པ་ཀུན་ནས་བསྙུངས་པར་བྱ་བའི་དོན་དུ་འདི་ལྟ་སྟེ། ཁ་ནས་ལྷ་བརྒྱ་སྟོང་ཀུན་དུ་འབྱུང་བར་བྱེད་དོ། །ཁ་ཅིག་ནི་ཁང་བུའི་སྟེང་དུ་ཞོན་ནས་རིན་པོ་ཆེ་སྣ་ཚོགས་པའི་འོད་རྣམས་ ཀྱིས་ལུས་ཤིན་ཏུ་གསལ་བར་གྱུར་པ་རྣམས་སོ། །ཁ་ཅིག་ནི་རྣམ་པ་སྣ་ཚོགས་པའི་ཆ་བྱད་འཛིན་པར་གྱུར་པས་གླུའི་རོལ་མོ་རྣམས་ཉེ་བར་ལེན་པར་བྱེད་པ་རྣམས་ལྷ་རྫས་ཀྱི་རྒྱན་དང ། ཆ་བྱད་དང ། མཆོག་ཏུ་ལང་ཚོ་ལ་བབ་པའི་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གླུ་ཉེ་བར་ལེན་པས་མུ་ སུ་ལུན་དྷའི་ཁ་ནས་བྱུང་ནས་འགྲོའོ། །ཁ་ཅིག་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་པད་མ་གཞན་དག་རྣམས་ལ་ནང་དུ་ཞེན་ནས་སྙན་པའི་གླུ་རྣམས་ལེན་པར་བྱེད་པ་དང ། རྩི་ཡང་ལྷ་རྫས་ཀྱི་རོ་དང་དྲི་དང་ཡང་དག་པར་ལྡན་པ་དག་འཐུང་བར་བྱེད་དེ། ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ ཡོངས་སུ་བསྐོར་ནས་ལན་བརྒྱ་ཕྲག་རྣམས་སུ་དང ། གལ་ཏེ་ན་ལན་སྟོང་ཕྲག་ཏུ་ཡང་མཛེས་པར་གྱུར་པ་དང་ལྡན་པའི་ལྷ་རྫས་ཀྱི་ཕྲེང་བའི་མཆོག་རྣམས་ཀྱིས་བརྒྱན་པ། རང་གི་འོད་ཀྱི་དཔལ་འབར་བ་དང་ལྡན་པ་རྣམས་ཡིན་ནོ། །གཞན་ཡང་ལྷ་གཞན་དག་རྣམས་རྣམ་པ་གཞན་ གྱིས་མུ་སུ་ལུན་དྷ་དེའི་ཁ་ནས་ཀུན་ཏུ་བྱུང་ནས་འགྲོ་ན། རྫུ་འཕྲུལ་གྱིས་སྤྲུལ་པ་རྣམས་ལ་འདི་ལྟ་སྟེ། བྱའི་རྒྱབ་ཏུ་ཞོན་པ་རྣམས་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་བྱ་རྣམས་ལ་མངོན་པར་ཞོན་ནས་དགའ་བར་བྱེད་པ་དང ། གླུ་ཡང་ལེན་པར་བྱེད་པ་དང་ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ ཡོངས་སུ་བསྐོར་ནས། རབ་ཀྱི་མཆོག་ཏུ་རངས་པའི་ཡིད་ཀྱིས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་ཉན་པར་བྱེད་ཅིང ། བག་མེད་པས་ཉེ་བར་འཚོ་བ་རྣམས་མུ་སུ་ལུན་དྷའི་ཁ་ནས་ཀུན་ཏུ་འགྲོའོ། །ལྷ་ངོ་མཚར་བར་གྱུར་པ་མཚུངས་པ་མེད་པའི་གཟུགས་གསལ་ཞིང་སྡུག་པའི་ཡོན་ཏན་དང་ལྡན་པ་ 70-1-287a གཞན་ཡང་རྣམ་པ་གཞན་གྱིས་ལྷ་རྣམས་སྤྲུལ་པར་བྱེད་པ་ན། ཇི་ལྟར་མུ་སུ་ལུན་དྷའི་ཁ་ནས་དེ་དག་ཉིད་འགྲོ་བ་ནི་ཨུད་པ་ལའི་ཟེ་བའི་ནང་དུ་ཞོན་ཞིང་རྒྱན་རྒྱུན་བར་འབྲེལ་པའི་དབུས་སུ་སོང་ནས། ལྷ་རྫས་ཀྱི་རྔ་སྐད་ཡན་ལག་ལྔ་པ་ཉན་པར་བྱེད་ཅིང་ལྷ་མོའི་ཚོགས་རྣམས་ ཀྱིས་ཡོངས་སུ་བསྐོར་ནས་ལྷ་རྫས་ཀྱི་བཏུང་བ་དག་འཐུང་བར་བྱེད་དོ། །གླུ་ཡང་ལེན་པར་བྱེད་ལ་ལྷན་ཅིག་སྤྱོད་པའི་འཁོར་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལན་བརྒྱ་ཕྲག་དང ། ཅི་སྟེ་ལན་སྟོང་ཕྲག་དང་ལན་བྱེ་བ་ཕྲག་རྣམས་སུ་ཡང་གཟུགས་དང ། ཁ་དོག་དང ། དབྱིབས་དཔེ་ མེད་པའི་ལྷའི་བུ་མོ་མཆོག་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་པ་ལྷ་རྫས་ཀྱི་ནགས་དང་ཉེ་བའི་ནགས་སུ་ཐབས་དུ་མས་རབ་ཏུ་སྒྲུབ་པར་བྱེད་དོ། །ནམ་མཁའི་དཀྱིལ་དུ་མངོན་པར་འཕགས་ནས་ས་གཞི་དག་བཞིན་དུ་འགྲོ་བར་བྱེད་ལ། རང་བཞིན་པའི་ལྷ་དེ་དག་ ཀྱང་གླུ་དེ་དག་རྣམས་ཉན་པར་བྱེད་དོ། །དེ་དག་གི་དྲུང་ན་ཡོན་ཏན་བརྒྱས་ལྷག་པར་སྙན་པར་གྱུར་པ། དེ་དག་གི་གླུ་དང ། དེ་དག་གི་གཟུགས་དང ། དེ་དག་གི་བདེ་བ་ཡང་རྣམ་པ་སྣ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ནས་རང་བཞིན་དུ་གནས་པའི་ལྷ་དེ་དག་སྔ་ན་མ་ མཐོང་བའི་ངོ་མཚར་ཆེ་བ་དེ་དག་རྣམས་ཀུན་ཏུ་མངོན་པར་མཐོང་ནས། ཁ་ཅིག་ནི་ངོ་མཚར་བའི་མཆོག་དང་ལྡན་པར་གྱུར་ཏོ། །ཁ་ཅིག་ནི་རབ་ཏུ་དགའ་བར་གྱུར་ལ། ཁ་ཅིག་ནི་རྨད་དུ་བྱུང་བར་གྱུར་ནས་ཅིའི་ཕྱིར་ལྷ་དེ་དག་རྣམས་ཇི་ལྟར་ན་འཐབ་བྲལ་གྱི་བདག་པོ་མུ་སུ་ ལུན་ངྷའི་ཁ་ནས་འགྲོ་བར་འགྱུར། འདི་དག་ནི་ཤིན་ཏུ་ཡང་ཡ་མཚན་ཆེའོ། །དེ་ལྟར་རང་བཞིན་གྱི་ལྷ་དེ་དག་རྣམས་སེམས་པར་བྱེད་པ་དང་ཕན་ཚུན་རྗོད་པར་ཡང་བྱེད་དེ། དེ་ལྟར་ཡང་རང་བཞིན་གྱི་ལྷ་དེ་དག་རྣམས་བྱེད་དོ། །གཞན་ཡང་མུ་སུ་ལུན་དྷས་མཆོག་ཏུ་ གྱུར་པའི་རྫུ་འཕྲུལ་གཞན་དག་བྱེད་པ་ནི་འདི་ལྟ་སྟེ། ཁ་ནས་བྱུང་བའི་ལྷ་དེ་དག་ལས་སྣ་ཚོགས་པའི་ཆ་བྱད་འཛིན་པ་རལ་པ་རིང་པོ་དང་ཅོད་པན་དང་ལྡན་པ་ཤིང་ཤུན་གྱི་གོས་ཅན་ལག་ན་རིལ་བ་སྤྱི་བླུགས་ཐོགས་པ། ལྷ་རྫས་ཀྱི་ཕྲེང་བའི་རྒྱན་ཅན། གཟི་བརྗིད་ཀྱི་དཔལ་ 70-1-287b འབར་བའི་རི་དགས་ཀྱི་པགས་པ་འཛིན་པའི་རྣམ་པ་སྣ་ཚོགས་པའི་དྲང་སྲོང་དག་ཀུན་ཏུ་འབྱུང་སྟེ། བརྒྱ་ཕྲག་རྣམས་དང་དེ་ནས་ལན་སྟོང་ཕྲག་ཀྱང་ཀུན་ཏུ་བྱུང་ནས། ནམ་མཁའི་དཀྱིལ་དུ་འཁོད་ནས་ཚིགས་སུ་བཅད་པ་རྣམས་ཀྱང་བག་མེད་པ་རྣམས་དང་ཀུན་ནས་བྲལ་ བར་བྱ་བའི་དོན་དུ་རྗོད་པར་བྱེད་པ། ཇི་ལྟར། སྒྱུ་མ་ལྟ་བུའི་སྲིད་པ་ལས། །གཡོ་བའི་སེམས་ཅན་འདི་དག་ཀྱང ། །ཐམས་ཅད་འཆི་བའི་མཐའ་ཅན་གྱི། །དངོས་པོས་བག་མེད་པར་མ་བྱེད། །སྲེད་པ་ཀུན་ནས་འཕེལ་བ་ཡི། །དགའ་བར་འགྱུར་བ་ཐམས་ཅད་ལ། །ཐ་ མར་སྨད་པའི་གནས་ཀྱི་ནི། །དངོས་པོས་བག་མེད་པར་མ་བྱེད། །གང་ཞིག་སྐྱེས་པ་མི་འཇིག་པའི། །གནས་ནི་ཡོད་པ་མ་ཡིན་ནོ། །གང་ཕྱིར་བདེ་ཀུན་འཇིག་བཅས་ཀྱིས། །བག་མེད་མ་བྱེད་དངོས་རྣམས་ལ། །གལ་ཏེ་ཡོན་ཏན་ལྡན་པ་ཡི། །དགའ་བར་ མཐོང་བ་འདི་ཐམས་ཅད། །ཐམས་ཅད་རྨི་ལམ་འདྲ་བ་ཡི། །སྲིད་པས་བག་མེད་པར་མ་བྱེད། །བག་མེད་དགྲ་བོ་སྡིག་ཅན་འདི། །དགའ་བའི་འདོད་ཆགས་གདུལ་དཀའ་བ། །དམྱལ་བར་མྱུར་དུ་འབབ་འགྱུར་བའི། །དངོས་པོར་བག་མེད་པར་མ་བྱེད། །བདེ་ བ་འདི་ནི་ཡང་དང་ཡང ། །ཡོངས་སུ་ཉམས་པ་ཀུན་དུ་འབྱུང ། །ཡང་ནི་ཐམས་ཅད་འཇིག་འགྱུར་བའི། །སྲིད་པས་བག་མེད་པར་མ་བྱེད། །འོག་ཏུ་བར་གྱི་བསྐལ་པར་ནི། །སྐྱེ་དགུ་སྐྱོན་གྱིས་ཉེ་བར་བཅོམ། །ལས་ཀྱི་ལྕགས་སྒྲོག་གིས་བཅིངས་ནས། །ཇི་ལྟར་ མཆིལ་པས་ཉ་བཞིན་དུ། །ཐབས་ཀྱི་རྣམ་པ་ཐ་དད་ཀྱིས། །ལྕགས་སྒྲོག་གཅོད་པར་ནུས་མོད་ཀྱི། །ལྷ་དང་ལྷ་མིན་ཐམས་ཅད་ཀྱིས། །ལས་ཀྱི་སྒྲོག་ནི་གཅོད་མི་ནུས། །མཐོང་བ་མེད་དང་ཤིན་ཏུ་རིང ། །སྐྱེས་པ་རྒྱ་ཆེ་བ་ཡི་སྒྲོག་།སྲེད་པའི་རྒྱུད་ནི་དམ་པོ་འདིས། །གང་ ཡང་འཆིང་བ་བྱིས་པ་རྣམས། །བདག་ཅག་ལྷ་རྣམས་ཐམས་ཅད་དང ། །མི་དང་དེ་བཞིན་ལྷ་མིན་མེད། །མི་རྟག་ཉིད་ལས་རྣམ་གྲོལ་མིན། །མིག་མེད་པས་ཀྱང་མཐོང་བ་མིན། །ལས་རྒྱ་ཆེན་པོའི་རྒྱུན་རྣམས་ནི། །ཤིན་ཏུ་རིང་བར་རབ་ཏུ་འཇུག་།ཇི་སྲིད་ཤེས་ 70-1-288a པས་རྣམ་མ་བཅོམ། །དེ་སྲིད་དུ་ནི་སྲེད་པ་ཡིན། །ལྔ་ཡི་གཙུབ་ཤིང་ལས་གྱུར་པའི། །སྲེད་པའི་བུད་ཤིང་ལས་བྱུང་བ། །རྣམ་རྟོག་རླུང་ནི་སྟོབས་པོ་ཆེས། །དུས་ཀྱི་མེས་ནི་ཤིན་ཏུ་སྲེག་།བྱིས་པ་བློ་གྲོས་ཆུང་རྟག་ཏུ། །སྡུག་བསྔལ་དེས་ཀྱང་ཀུན་དུ་ལྡན། ། ཕྱིན་ཅི་ལོག་གིས་ཡོངས་འཁྲུལ་པས། །དེ་ནི་འགྲོ་བ་ལྔར་འཁོར་རོ། །ལོངས་སྤྱོད་རྣམ་པ་སྣ་ཚོགས་དང ། །ཆུང་མ་བུ་ལ་ཀུན་ཏུ་ཆགས། །མི་ལུས་ནད་ཀྱིས་རྣམ་བཅོམ་ནས། །འཆི་བདག་རྒྱལ་པོས་ཀུན་དུ་འདྲེན། །སྤྱང་ཁུས་ཇི་ལྟར་རི་དགས་ཀུན། །རབ་དང་མིན་ པས་མངོན་པར་འཇོམས། །དེ་བཞིན་འཆི་བདག་དཔུང་ཚོགས་ཀྱིས། །དང་བ་མིན་པས་མི་རྣམས་འཇོམས། །མཉམ་པ་མེད་དང་ཁྱད་འཕགས་པའི། །སྡུག་བསྔལ་སྲིད་དང་སྲིད་པར་མཐོང ། །གཏི་མུག་གིས་ནི་ཡོངས་བསླུས་པས། །འཇིག་རྟེན་འདི་ནི་སྐྱོ་བའང་ མེད། །ཤིན་ཏུ་བདག་ལ་བྱམས་པ་གང ། །དེ་ཀུན་སྡིག་ལ་རྟེན་པའི་མི། །གང་དག་བདག་ལ་བྱམས་མིན་པ། །དེ་ལ་འཇིག་རྟེན་སུ་མི་བྱམས། །དེ་ལྟར་ལྷ་དེ་དག་རྣམས་ཀྱི་བག་མེད་པ་ཀུན་ནས་ཞི་བར་བྱ་བའི་དོན་དུ་མུ་སུ་ལུན་དྷའི་ཁ་ནས་འབྱུང་བཞིན་པའི་དྲང་སྲོང་ རྣམས་རྫུ་འཕྲུལ་གྱིས་སྤྲུལ་ནས་རང་བཞིན་གྱི་ལྷ་རྣམས་ལ་སྟོན་པར་བྱེད་དེ། དེ་དག་ནི་མཐར་ཐུག་པར་ཕན་པ་རྣམས་ཡིན་ནོ། །གཞན་ཡང་འཐབ་བྲལ་བའི་མངའ་བདག་དེས་ཕན་པ་གཞན་གྱི་སྤྲུལ་པ་གཞན་རྣམས་བྱེད་པ་ནི་འདི་ལྟ་སྟེ། བྲང་དུ་ཆེས་མཆོག་ཏུ་དགའ་བར་ གྱུར་པའི་ངང་པ་དང ། ཀཱ་རཎྜ་བ་དང ། ངང་ངུར་དག་གིས་ཉེ་བར་མཛེས་པར་གྱུར་པ་ཡན་ལག་བརྒྱད་དང་ལྡན་པ་རབ་ཏུ་དང་བ་མཆོག་གི་ཆུ་དང་ཡང་དག་པར་ལྡན་པའི་པད་མའི་རྫིང་བུ་སྤྲུལ་པར་བྱེད་དོ། །དེའི་པད་མའི་རྫིང་བུ་དེ་ན་བརྒྱ་སྟོང་བྱེ་བའི་པད་མ་རྣམས་ལེགས་པར་སྐྱེས་ པ་འདི་དག་རྣམས་ནི་མཚོ་ཆེན་པོར་གྱུར་པ་རྣམས་ཡིན་ཏེ། རིན་པོ་ཆེ་བདུན་གྱི་རང་བཞིན་དུ་གྱུར་པ་དང་དཔག་ཚད་བརྒྱར་དྲི་ཞིམ་པོ་རྣམས་འབྱུང་བ་ཡིན་ནོ། །པད་མ་དེ་དག་རྣམས་ཀྱི་ནང་དུ་སོན་པའི་སྙིང་པོ་རྣམས་ལ། ཅོད་པན་དང་ལྡན་པའི་མགོ་བོ་རྣམས་རྣམ་པ་སྣ་ཚོགས་ 70-1-288b པའི་འདབ་མ་རྣམས་ཀྱི་འོད་ཀྱིས་རབ་ཏུ་སྣང་བར་བྱས་པ། རིན་པོ་ཆེ་རབ་ཀྱི་མཆོག་གིས་རྒྱན་དུ་བྱས་པའི་དཔུང་རྒྱན་ཅན་རྣམས་འདུག་པ་ལ། རྣམ་པ་དུ་མར་སྣ་ཚོགས་པར་རབ་ཀྱི་མཆོག་ཏུ་ལང་ཚོ་ལ་བབ་པར་མང་པོ་རྣམས་ཀྱིས་ཉེ་བར་གླུ་ལེན་པར་བྱེད་ཅིང ། སེང་གེའི་ ཁྲི་ལ་ཉེ་བར་གནས་པ་ལ་རྔ་ཡབ་དཀར་པོ་ཉེ་བར་གཡོབ་པར་བྱེད་པ་དང ། མགོ་བོ་ལ་མེ་ཏོག་གི་མཆོག་རྣམས་དང་ལྡན་པའི་རྗེས་སུ་སྤྱོད་པ་གཞན་རྣམས་ཀྱིས་མངོན་པར་སྟོད་པར་བྱེད་པར་གྱུར་པས་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་ཀུན་ནས་དགའ་བ་འཕེལ་བར་བྱེད་པ་ རྣམས་ཀྱིས་མངོན་པར་བསྟོད་པར་གྱུར་པ་ན། བརྒྱ་བྱིན་ལ་རབ་ཏུ་འགྲན་པར་བྱེད་པའི་རྒྱལ་པོ་བརྒྱ་སྟོང་སྤྲུལ་པར་བྱེད་དོ། །གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པར་གྱུར་པའི་འཐབ་བྲལ་གྱི་མངའ་བདག་དེས་རང་བཞིན་པའི་ལྷ་རྣམས་ལ་གོ་བར་བྱ་བའི་དོན་དུ་འཁོར་ལོས་སྒྱུར་བ་བརྒྱ་ཕྲག་ལ་ འགྲན་པར་བྱེད་པའི་རྒྱལ་པོ་བརྒྱ་ཕྲག་སྟོང་ཡང་ཡོངས་སུ་སྤྲུལ་པར་བྱེད་དོ། །གཞན་ཡང་གཞན་ལ་ཕན་པ་རྣམས་ལ་ཞུགས་པས་རྫུ་འཕྲུལ་གཞན་བྱེད་པ་ནི། མུ་སུ་ལུན་དྷ་དེས་རང་གི་ལུས་རྣམས་ལ་སྤྲུལ་པར་བྱེད་པ་རྣམས་ལ་དཔག་ཚད་བརྒྱ་པའི་པད་མ་དེ་དག་ རྣམས་ནི་བརྒྱ་སྟོང་བྱེ་བའི་འདབ་མ་དང་ལྡན་པ། རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་རྣམ་པར་བཀྲ་བའི་འདབ་མ་རྣམས་ལ་ལྷའི་བུང་བ་རྣམས་གླུ་ཉེ་བར་ལེན་པར་གྱུར་པའི་སྒྲ་རྣམས་ཀུན་དུ་བརྗོད་པ། དགའ་བར་གྱུར་ཅིང་མཉན་པར་འོས་པ་མཐོང་ན་ཆེས་དགའ་བར་གྱུར་ པ་ལྷ་རྣམས་ཀྱི་པད་མ་ཆེན་པོ་དེའི་སྒྲ་དག་ནི་དཔག་ཚད་ལྔ་བརྒྱར་འགྲོ་བ་ཡིན་ནོ། །ཡུ་བ་རྣམས་སྤྲུལ་པར་བྱེད་པ་ནི་བཻ་ཌཱུརྱའི་རང་བཞིན་རྡོ་རྗེས་ལེགས་པར་གནས་པ། ཨིན་དྲ་ནཱི་ལའི་རིན་པོ་ཆེ་དང་ལྡན་པ་མཛེས་པས་འཇའ་ཚོན་རྣམས་པས་ཀྱང་ཆེས་ལྷག་པར་དགའ་ བ་ཡིན་ནོ། །པད་མ་ཆེན་པོ་དེའི་ནང་དུ་ཞུགས་པ་ན་མིའི་རྒྱན་དང་ཆ་བྱད་སྣ་ཚོགས་པས། རྣམ་པ་དུ་མར་བརྒྱན་པའི་ལུས་མཆོག་ཏུ་སྐྱིད་པ་རྣམས་ཐོང་གཤོལ་གྱིས་ཞིང་ལས་ཀྱང་བྱེད་ཅིང ། ཞིང་གི་རྣང་ལ་ཚིགས་སུ་བཅད་པའི་དབྱངས་བརྗོད་པ། ཇི་ལྟར། འབྲས་འདོད་ 70-1-289a མི་རྣམས་ཐམས་ཅད་ཀྱིས། །ས་གཞི་འདི་ལ་ཞིང་ལས་བྱེད། །འདོད་ལ་ཆགས་པའི་མཁས་མིན་རྣམས། །འཆི་བ་ལེགས་པར་མཐོང་བ་མིན། །སྐད་ཅིག་སྐད་ཅིག་ལ་འགྲིབ་པ། །སྐྱེ་བོ་འདོད་པའི་བསམ་པས་རྨོངས། །སྐད་ཅིག་སྐད་ཅིག་ལ་ ཟད་པའི། །འདུ་བྱེད་གོ་བ་ཡང་མ་ཡིན། །མི་རྣམས་ལང་ཚོ་མཐར་བྱེད་པའི། །རྒས་པའི་དབྱུག་པ་འདི་འབྱུང་ངོ ། །ནད་མེད་ལོ་ཐོག་འཇོམས་པ་ཡི། །ནད་ཀྱི་དབྱུག་པ་འདི་འབྱུང་ངོ ། །འཇིགས་པའི་དབྱུག་པ་འདི་གསུམ་གྱིས། །ལྷར་བཅས་ལྷ་མིན་འཇོམས་བྱེད་པ། ། བྱིས་པའི་འཇིག་རྟེན་བླུན་པོ་འདིས། །འོང་བ་མཐོང་བ་ཡང་མ་ཡིན། །ལྷ་དང་ལྷ་མིན་དྲི་ཟ་དང ། །ཤ་ཟ་ཀླུ་དང་སྲིན་པོ་ལའང ། །གསོན་པ་མཐར་ནི་བྱེད་པའི་མཆོག་།དུས་ཀྱི་དབྱུག་པ་འདི་འབྱུང་འགྱུར། །སྐྱེ་བོ་གཞན་ཡང་རབ་བཅོམ་ནས། །རང་གི་སྐྱེ་ལ་ཆགས་ཤིང་ འཆུམས། །སྲིད་གཞན་འགྲོ་བས་སྐྱེ་གཏོང་ཡང ། །རྨོངས་པས་བཅིངས་པའི་སྐྱེ་བོ་རྣམས། །བུ་དང་ཚ་བོ་ཡང་ཚ་དང ། །མི་གང་དེ་ཡི་རིགས་གནས་པ། །དེ་དག་ཐམས་ཅད་མེད་གྱུར་ཀྱང ། །ཁྱོད་ནི་ཆགས་པས་འཆིང་བར་བྱེད། །དེ་ལྟར་སྤྲུལ་པ་དེ་དག་གིས་གཞན་ ལ་ཕན་པ་བསྒྲུབ་པའི་ཕྱིར་དོན་དུ་ཚིགས་སུ་བཅད་པ་བརྗོད་པ་ཡིན་ནོ། །རང་བཞིན་གྱི་ལྷ་རྣམས་ཀྱིས་ཀྱང་ཐོས་ཤིང་ཐོས་པར་གྱུར་ནས་ཀྱང་ཡིད་ཀྱིས་འཐུན་པར་བྱེད་དོ། །ཡུལ་རྣམས་ལ་ཡང་ཤིན་ཏུ་བག་མེད་པར་ཡང་མི་འགྱུར་རོ། །དེ་ནས་གཞན་ཡང་རྫུ་འཕྲུལ་གཞན་ ཤིན་ཏུ་དཀའ་བ་རྣམས་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་འཐབ་བྲལ་གྱི་མངའ་བདག་དེས་སྤྲུལ་པར་བྱེད་པ་རྣམས་ནི་འདི་ལྟ་སྟེ། ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལས་རྒྱན་དང་ཆ་བྱད་སྣ་ཚོགས་པ་དང ། རྣམ་པ་སྣ་ཚོགས་པའི་དབུ་རྒྱན་གྱིས་བརྒྱན་པ་རྣམས་ནི་ཁ་ ཅིག་ཡིན་ནོ། །ཁ་ཅིག་ནི་ཁ་དོག་དུ་མ་རྣམས་དང་དབྱིབས་དུ་མ་རྣམས་དང་འགྲོ་བ་དུ་མ་རྣམས་དང་ལྡན་པའི་ལྷ་དང་དྲི་ཟ་དང་མི་དང་ཀླུ་དང་ལྷ་མ་ཡིན་དང་གཞན་དག་རྣམས་ཀྱང་སྟེ། རང་གི་སྐྱེ་བ་གཉུག་མར་གནས་པར་གྱུར་པའི་རྒྱན་དང་ཆ་བྱད་ཅན་རྣམས་ཀུན་དུ་འབྱུང་སྟེ། འཐབ་ 70-1-289b བྲལ་གྱི་མངའ་བདག་དེའི་བ་སྤུའི་ཁུང་བུ་རྣམས་ཐམས་ཅད་ལས་དང ། ལུས་ཀྱི་མཐའ་རྣམས་མ་ལུས་པ་ནས་འབྱུང་བ་ནི་ཇི་ལྟར་རྗེས་སུ་འཐུན་པ་དང་གནས་སྐབས་ཇི་ལྟ་བ་དང ། དེ་དག་གི་རིགས་རྣམས་དང་རྗེས་སུ་སྤྱོད་པ་རྣམས་ཇི་ལྟ་བའི་འཁོར་གྱིས་གླུ་ལེན་པར་བྱེད་པ་དང་ གར་བྱེད་པ་དང་དགོད་པར་བྱེད་པ་ཡིན་ནོ། །མི་རྣམས་ནི་མི་རྣམས་དང་རྗེས་སུ་འཚམ་པར་གྱུར་པའི་ལོངས་སྤྱོད་མཆོག་ཏུ་ཡིད་འཕྲོག་པར་བྱེད་པ་རྣམས་དང ། ཡང་དག་པར་ལྡན་པས་གར་བྱེད་པ་དང་དགོད་པར་བྱེད་པས་ཀྱང་མི་རྣམས་ཀྱི་རྒྱལ་པོ་བདེ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་ པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་ཅན་གྱི་ཀླུ་རྣམས་ཀྱང་ཁ་ཅིག་ནི་མགོ་གཅིག་པ། ཁ་ཅིག་ནི་མགོ་གཉིས་པ། ཁ་ཅིག་ནི་མགོ་གསུམ་པ། ཁ་ཅིག་ནི་མགོ་བཞི་པ། ཁ་ཅིག་ནི་མགོ་ལྔ་པ། ཁ་ཅིག་ནི་མགོ་དྲུག་པ། ཁ་ཅིག་ནི་མགོ་བདུན་ པ་རྣམས་ཡིན་ཏེ། མདོག་དང་དབྱིབས་སྣ་ཚོགས་པའི་ཅོད་པན་བཅིངས་པའི་མགོ་བོ་རྣམས་ཡིན་ནོ། །རིན་པོ་ཆེ་སྣ་ཚོགས་པའི་འོད་ཟེར་གྱིས་མཆོག་ཏུ་གསལ་བར་བྱས་པའི་མགོ་བོ་ཅན་རྣམས་སྣ་ཚོགས་པའི་རོལ་མོའི་སྒྲ་དང ། གླུ་དང ། དགོད་པ་དང ། འགྱིང་བ་དང ། རྩེ་དགའ་ བས་རྗེས་སུ་ཆགས་པའི་ཡིད་ཀྱིས་བདེ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེ་བཞིན་དུ་ལྷ་མ་ཡིན་ཡང་བརྟན་པ་ལ་སོགས་པ་སྒྲ་གཅན་འཛིན་གྱི་མཐར་ཐུག་པས་གཞིར་གཏོགས་པ་རྣམས་སྤྲུལ་པར་བྱེད་དོ། །འཐབ་བྲལ་གྱི་བདག་པོ་དེས་བསྐལ་པ་གཞན་གྱི་བརྒྱ་བྱིན་ གྱི་རྩ་ལག་ལྷན་ཅིག་རྗེས་སུ་སྤྱོད་པ་རྣམས་ཀྱི་རྗེས་སུ་འབྲང་བར་གྱུར་པ། མཆོག་ཏུ་གཟུགས་དང་རྒྱན་དང་ཆ་བྱད་དང་རབ་ཏུ་དང་བའི་ལྷ་མ་ཡིན་གྱི་བུ་མོས་རྗེས་སུ་འབྲང་བར་གྱུར་པས།རྔ་སྐད་ཡན་ལག་ལྔ་པ་རྣམས་ཐོས་ནས་དགའ་བར་འགྱུར་བས་ཡིད་ཆེས་སུ་འབྲེལ་བས་ མཆོག་ཏུ་སྐྱིད་པ་རྣམས་དང ། ལྷ་མ་ཡིན་གྱི་མངའ་བདག་རྣམས་ཀྱང་ཁང་བུ་ན་ལེགས་པར་གནས་ནས་མུ་སུ་ལུན་དྷའི་ལུས་དང་ཁ་ནས་ཀུན་ཏུ་འབྱུང་སྟེ། སྤྲུལ་པ་རྣམས་ཐམས་ཅད་ཀྱང་རྩེ་བར་བྱེད་བཞིན་པས་མཆོག་ཏུ་ཡང་དཔེ་མེད་པའི་བདེ་བ་རྣམས་ལ་ཉེ་བར་ལོངས་ 70-1-290a སྤྱོད་པར་བྱེད་དོ། །དེ་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ཀྱང་སྤྲུལ་པར་བྱེད་དེ། སྤྲིན་དང་འདྲེས་པ་ལ་སོགས་པའི་རི་ཆེན་པོ་བཅུ་ལ་སོ་སོར་གནས་པ་རྣམས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་ཉེ་བར་ལོངས་སྤྱོད་པར་བྱ་བ་རྣམས་ཅུང་ཟད་ ཀྱིས་ཆུང་བར་གྱུར་པའི་ནགས་དང་ཉེ་བའི་ནགས་དང ། རྫིང་བུ་དང ། པད་མའི་ཚལ་རྣམས་དང ། རྣམ་པ་སྣ་ཚོགས་པའི་བཟའ་བའི་ཀླུང་དང་བཏུང་བ་རྣམས་དང ། རྣམ་པ་སྣ་ཚོགས་པའི་བདེ་བ་རྣམ་པ་དུ་མ་རྣམས་ཉམས་སུ་མྱོང་བར་གྱུར་པས་རྩེ་བར་བྱེད་པ་དང ། གར་བྱེད་པ་ རྣམས་ཀྱང་མུ་སུ་ལུན་དྷའི་ལུས་པོ་ཉིད་ལས་ཀུན་དུ་འབྱུང་ངོ ། །དེ་བཞིན་དུ་བ་ལང་སྤྱོད་པ་རྣམས་ཀྱི་མི་རྣམས་ཀྱང་རང་གི་བདེ་བ་དག་དང་ཡང་དག་པར་ལྡན་པར་གྱུར་པས་མཆོག་གི་རབ་ཏུ་དགའ་བའི་ཡིད་ཀྱིས་གར་བྱེད་པར་གྱུར་པ་དང ། གླུ་ལེན་པར་གྱུར་པ་དང་དགོད་པར་གྱུར་པས་ མུ་སུ་ལུན་དྷའི་ལུས་ཉིད་ལས་ཀུན་དུ་འབྱུང་ངོ ། །དེ་བཞིན་དུ་ཤར་ཕྱོགས་ལུས་འཕགས་པའི་མི་རྣམས་ཀྱི་རང་གི་བདེ་བ་དང་ཡང་དག་པར་ལྡན་པ་དང ། རབ་ཀྱི་མཆོག་ཏུ་རངས་པའི་ཡིད་ཀྱིས་རྩེ་བར་གྱུར་པ་རྣམས་ཀྱང་རང་བཞིན་གྱི་ལྷ་རྣམས་ཀྱིས་མཐོང་ངོ ། །ཆོ་འཕྲུལ་གྱི་མཆོག་ རྣམས་དང་ཡང་དག་པར་ལྡན་པར་གྱུར་པའི་འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེས། དེ་ལྟར་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མས་བག་མེད་པ་རྣམས་ཀུན་ནས་ཞི་བར་བྱ་བའི་དོན་དང ། གཞན་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཡང་སྤྲུལ་པ་དེ་དག་རྣམས་བྱེད་དོ། །བག་མེད་ པས་རྣམ་པར་རྒྱུ་བར་བྱེད་པའི་ལྷ་དེ་དག་རྣམས་ཇི་ལྟར་ན་མི་རྟག་པ་མངོན་སུམ་དུ་གྱུར་པས་སེམས་ཀྱི་རྒྱུད་འཇམ་པོར་འགྱུར་བ་ཡིན་ཞེས། རྒྱུ་འདིའི་ཕྱིར་ན་ཕུན་སུམ་ཚོགས་པ་རྣམས་སྟོན་པར་བྱེད་དེ། འདོད་པ་རྣམས་ཀྱི་ཀུན་ནས་རོ་མྱང་བའི་དོན་དང་ཕྱི་ནས་ནི་ཉེས་དམིགས་ རྣམས་བསྟན་པར་བྱའོ། །རྣམ་པ་ཇི་སྲིད་ཀྱིས་འདོད་པ་རྣམས་ལས་ངེས་པར་འབྱུང་བ་ཡིན་པའི་རྒྱུ་འདི་དག་གིས་ལྷ་རྣམས་སྤྲུལ་པ་བྱས་སོ། །དེ་ལ་ཀུན་ནས་རོ་མྱང་བར་གྱུར་པ་རྣམས་ནི་ཇི་ལྟར་ཐོས་པར་གྱུར་པ་བཞིན་དུ་རྣམ་པ་སྣ་ཚོགས་པའི་འདོད་པའི་ལོངས་སྤྱོད་པ་ 70-1-290b རྣམས་ཀྱི་གར་དང ། དགོད་པ་དང ། འགྱིང་བག་དང ། གླུ་དང ། གོས་རྣམས་དང་ཉེ་བར་ལོངས་སྤྱོད་པར་བྱ་བའི་བཟའ་བ་དང ། བཏུང་བ་རྣམས་མིད་པར་བྱེད་པ་དང ། བུད་མེད་རྣམས་ཀྱིས་ཡོངས་སུ་བསྙེན་བཀུར་བ་དང་འཁྱུད་འཕྱང་བྱེད་པ་རྣམས་ཏེ། དབང་པོ་ལྔ་ཀའི་ཉེ་བར་ལོངས་ སྤྱོད་པ་རྣམས་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་ཆགས་པ་ཕུན་སུམ་ཚོགས་པ་འདི་ནི་འདོད་པ་རྣམས་ཀྱི་རོ་མྱོང་བ་ཞེས་བརྗོད་དོ། །དེ་ལ་ཉེས་དམིགས་རྣམས་གང་དག་ཞེ་ན། ཐོབ་པར་གྱུར་པའི་འདོད་པ་གང་དག་ཡིན་པ་རྣམས་མངོན་པར་འཆུམས་པ་སྔོན་དུ་འགྲོ་ བས་དོན་དུ་གཉེར་བར་བྱེད་པ་ན་ཉམས་པར་འགྱུར་བ་དང ། ཐུན་མོང་བ་རྣམས་ཀྱིས་དབང་བྱས་ནས་རླག་པར་གྱུར་པའི་བྲལ་བས་བསྐྱེད་པའི་སྡུག་བསྔལ་རྣམ་པ་དུ་མ་རྣམས་དང ། གཞན་དག་གིས་ཕྲོགས་པར་གྱུར་པའམ། རྫས་དང་ལྡན་པ་ལས་འཇིག་པ་ལྔས་ངེས་ པར་འཇོམས་པ་རྣམས་ཀྱང་འདི་ལྟ་སྟེ། རྒྱལ་པོ་དང་ཆུ་དང་ཆོམ་རྐུན་པ་དང་མེ་ལ་སོགས་པ་རྣམས་སོ། །སྡུག་བསྔལ་གཞན་དག་རྣམས་ཀྱི་ཡང་གཞི་པོར་འགྱུར་བ་ཡིན་ཏེ། རྟག་ཏུ་ཡང་དགྲ་རྣམས་ཀྱིས་མངོན་པར་འཚེ་བར་འགྱུར་བ་དང ། རླག་གིས་དོགས་པ་བསྲུང་ བའི་འཇིགས་པ་རྒྱུན་མི་འཆད་པ་རྣམས་ཀྱིས་འཇིགས་པར་ཡང་འགྱུར་རོ། །མངོན་པར་ཞེན་པ་སྔོན་དུ་སོང་བས་གང་དག་གི་ཡིད་ཀྱང་མྱ་ངན་གྱིས་རྟག་ཏུ་གཟེར་ཟུག་དང་ལྡན་པར་འགྱུར་རོ། །དེ་ནི་ལུས་དང་ཡིད་ཀྱི་འདོད་པའི་ཉེས་དམིགས་རྣམས་ཡིན་ནོ། །འདོད་པ་རྣམས་ཀྱི་ ཉེས་དམིགས་དེས་ནི་འཆི་བའི་མཐར་ཐུག་པ་ན་ཡང་བྱིས་པ་བློ་དམན་པ་རྣམས་ལ་ཡི་མུག་པས་བསྐྱེད་པའི་སྡུག་བསྔལ་བ་རྣམ་པ་དུ་མ་རྣམས་སྐྱེ་བར་བྱེད་དེ། ཟུག་གཟེར་འདི་དག་རྣམས་ཀྱང་འདོད་པ་རྣམས་ཀྱི་ཉེས་དམིགས་ཡིན་ལ། གཞན་ཡང་འདོད་པ་རྣམས་ཀྱི་ཉེས་ དམིགས་ཡོད་དོ། །འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ་དེས་མ་དང་བུ་དག་ཀྱང་ལྷན་ཅིག་ཏུ་འཐབ་ཅིང་རྩོད་པར་བྱེད་དོ། །དཀའ་བླས་ཀྱིས་འཚོ་བར་འགྱུར་རོ། །འདོད་པ་དེའི་རྒྱུས་གང་དག་ལ་སྤུན་དང་སྤུན་རྣམས་ལྷན་ཅིག་ཏུ་འཐབ་རྩོད་བྱེད་དོ། །གསོད་པ་དང་ 70-1-291a འཆིང་བ་རྣམས་ཀྱང་ཕུལ་དུ་ཕྱིན་པར་བྱེད་དོ། །དེ་དག་ཀྱང་འདོད་པའི་རྒྱུ་ལས་ཡིན་ལ། འདོད་པ་རྣམས་ཀྱི་དོན་གྱིས་དེ་བཞིན་དུ་རྒྱལ་པོ་དང་རྒྱལ་པོ་ཡང་ལྷན་ཅིག་ཏུ་འཐབ་ཅིང་རྩོད་པར་བྱེད་དོ། །གཡུལ་འགྱེད་པར་བྱེད་དོ། །ཡུལ་ལྗོངས་རྣམས་ འཇོམས་པར་བྱེད་དོ། །ཕན་ཚུན་དུ་གསོད་པ་དང་འཆིང་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་རྩེ་མོར་ཕྱིན་པར་བྱེད་དོ། །དེ་ལ་དེ་དག་ཉིད་ཐམས་ཅད་ཀྱང་འདོད་པ་རྣམས་ཀྱི་དོན་དུ་ཡིན་པས་ན། འདོད་པ་རྣམས་ཀྱི་ཉེས་དམིགས་འདི་དག་རྣམས་ཀྱང་སོ་སོར་ ཤེས་པར་བྱའོ། །གང་གི་ཕྱིར་འཁོར་བ་རྣམས་ཐམས་ཅད་ཀྱི་འཆིང་བ་ཡིན་པའི་ཕྱིར་འདོད་པ་འདི་དག་རྣམས་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཡིན་ནོ། །དེ་ལ་རྒྱུ་འདི་དག་གིས་ནི་འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེས་ལྷ་དེ་དག་རྣམས་ལ་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་ དུ་མས་ཀྱང་རྫུ་འཕྲུལ་དེ་དག་རྣམས་བྱས་སོ། །དེ་ལྟ་བུ་དག་ནི་མི་རྣམས་ཀྱི་འདོད་པའི་ཉེས་དམིགས་རྣམས་ཡིན་ཏེ། གང་གཞན་དག་རྣམས་ལྟ་ཕར་ཞོག་གི་རྒྱལ་པོ་ཡང་རྣམ་པ་དུ་མ་དང་བཅས་པའི་ཐབས་རྣམས་བྱེད་དོ། །གང་ཡང་མི་གཞན་དག་འདོད་པའི་དོན་ དུ་རྒྱ་མཚོར་འཇུག་པར་བྱེད་པ་དང ། འཁྲུག་པ་ལ་ལྷན་ཅིག་ཏུ་འཇུག་པར་བྱེད་པ་དང ། འཆིང་བ་དང་མྱ་ངན་དང ། ངལ་དུབ་དང་སེམས་ཁྲལ་དང ། འཐབ་རྩོད་དང་འཇིག་པ་ལ་སོགས་པའི་དོན་མེད་པ་རྣམས་ཀུན་བཟོད་པར་བྱེད་དོ། །དེ་དག་རྣམས་ཐམས་ཅད་ཀྱང་འདོད་པའི་ དོན་དུ་ཡིན་ལ། དེ་ལྟར་མི་རྣམས་ཐམས་ཅད་འདོད་པ་རྣམས་ཀྱི་དོན་དུ་ཉེས་དམིགས་རྣམས་ཀུན་ནས་བཟོད་པར་བྱེད་དོ། །ཇི་ལྟར་ན་ཡང་ལྷ་རྣམས་འདོད་པའི་དོན་དུ་ཉེས་དམིགས་རྣམས་ཀུན་ཀྱང་བཟོད་པར་བྱེད་པ་ཡིན་ན་འདི་ལྟ་སྟེ། གང་དག་ལྷ་མ་ཡིན་རྣམས་དང་ལྷན་ ཅིག་ཏུ་གཡུལ་འགྱེད་པར་བྱེད་པ་དང ། རྩོད་པར་བྱེད་པ་དང་དེ་དག་གི་དེ་དག་རྣམས་ཐམས་ཅད་ཀྱང་འདོད་པ་རྣམས་ཀྱི་དོན་དུ་ཡིན་ནོ། །དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་ལྷ་རྣམས་དང་ལྷན་ཅིག་ཏུ་རྩོད་པར་བྱེད་པ་དང ། གཡུལ་འགྱེད་པར་བྱེད་པ་གང་ཡིན་པ་འདི་དག་ཡང་འདོད་ 70-1-291b པ་རྣམས་ཀྱི་ཉེས་དམིགས་ཡིན་ནོ། །དངོས་པོ་རྣམས་ཁོ་ནའི་རྒྱགས་པ་གང་ཡིན་པ་དེ་དག་རྣམས་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡིན་ནོ། །དེ་ལ་རྒྱུ་འདི་རྣམས་ཀྱིས་ཀྱང་སྤྲུལ་པ་རྣམས་བྱས་སོ། །གང་ཡང་ཀླུ་རྣམས་ཀླུ་རྣམས་དང་ལྷན་ཅིག་གཡུལ་འགྱེད་པར་བྱེད་ཅིང་ཡུལ་ གཞན་དག་རྣམས་ཀྱང་འཇིག་པར་བྱེད་པ་དང ། གློག་དང་ཐོག་ལ་སོགས་པ་ཡང་གཏོང་བར་བྱེད་པ་གང་ཡིན་པ་དེ་དག་རྣམས་ཐམས་ཅད་ཀྱང་འདོད་པ་རྣམས་ཀྱི་དོན་དུ་ཡིན་ནོ། །ཡང་གང་དག་དུད་འགྲོ་རྣམས་ཀྱང་ཕན་ཚུན་དུ་ཟ་བར་བྱེད་པ་དང ། གསོད་པ་དང་འཆིང་བ་ལ་སོགས་ པར་བྱེད་པ་རྣམས་དང ། འཐབ་པར་ཡང་བྱེད་པ་དེ་དག་རྣམས་ཐམས་ཅད་ཀྱང་འདོད་པ་རྣམས་ཀྱི་དོན་དུ་ཡིན་ཏེ། འདི་ཡང་འདོད་པའི་ཉེས་དམིགས་ཡིན་ནོ། །དེ་བཞིན་དུ་ཡི་དགས་རྣམས་ཀྱང་ཟས་ཀྱི་རྒྱུ་མཚན་གྱིས་སམ། འཁྲིག་པའི་རྒྱུ་མཚན་གྱིས་ཀྱང་ཕན་ཚུན་དུ་རལ་ གྲིས་གཅོད་པར་བྱེད་པ་དང ། དེ་དག་རྣམས་ཐམས་ཅད་ཀྱང་འདོད་པ་རྣམས་ཀྱི་དོན་དུ་ཡིན་ནོ། །གང་ཡང་འདོད་པ་རྣམས་ཀྱིས་ཉེས་དམིགས་དེ་དག་རྣམས་ཡིན་པའི་རྒྱུ་མཚན་འདི་དག་གིས་ནི་འཐབ་བྲལ་གྱི་མངའ་བདག་དེས་བག་མེད་པ་དང་བྲལ་བར་བྱ་བའི་དོན་དུ་ལྷ་རྣམས་ལ་ སྤྲུལ་པར་བྱེད་དོ། །དེ་བཞིན་དུ་དམྱལ་བ་རྣམས་ཀྱང་ཕན་ཚུན་དུ་མངོན་པར་འཇོམས་པར་བྱེད་དེ། ཉེས་པར་བྱེད་པའི་ལས་རྣམས་ཀྱིས་སྐྱེས་པ་གཞན་རྣམས་སུ་གང་དག་དང་ཞེ་འགྲས་པར་གྱུར་པ་དེ་དག་རྣམས་རྗེས་སུ་དྲན་པར་འགྱུར་ལ། རྗེས་སུ་དྲན་ནས་ཀྱང་འཁོན་དེ་ དག་རྣམས་ནི་རལ་གྲི་རྣམས་ཀྱིས་ཕན་ཚུན་དུ་ལས་བྱེད་པར་འགྱུར་བ་ཁོ་ན་ཉེ་བར་གནས་པས་བདག་ཉིད་དང་གཞན་དག་རྣམས་ཀྱང་གཤོག་པར་བྱེད་དོ། །དེ་ལྟར་ཡང་དམྱལ་བ་རྣམས་ཀྱི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡིན་ནོ། །དེ་ལ་རྒྱུ་མཚན་འདི་དག་གིས་ཀྱང་འདོད་ པ་རྣམས་ཡོངས་སུ་སྤོང་བའི་རྒྱུར་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེ་སྤྲུལ་པ་གཞན་རྣམས་བྱེད་པ་ཡིན་ནོ། །འགྲོ་བ་ལྔ་པོ་འདི་དག་རྣམས་ཐམས་ཅད་ན་ནི་འདོད་པ་རྣམས་ཀྱི་ཉེས་དམིགས་ཡོད་པ་ཡིན་ནོ། །གང་ཡང་འཁོར་བ་ལས་ཁ་ཕྱིར་ཕྱོགས་པར་གྱུར་པ་དེ་དག་རྣམས་ 70-1-292a ཐམས་ཅད་ནི་གནས་སྐབས་ཐམས་ཅད་དུ་འདོད་པ་རྣམས་ལས་ངེས་པར་འབྱུང་བར་སྟོན་པར་བྱེད་པ་དང་འཆད་པར་ཡང་བྱེད་དོ། །དེ་ལ་འཐབ་བྲལ་གྱི་བདག་པོ་དེས་འདོད་པ་རྣམས་ཀྱི་རོ་མྱང་བ་རྣམས་བསྟན་པ་ཡིན་ཞིང ། ཉེས་དམིགས་རྣམས་ཀྱང་ པད་མའི་འདབ་མ་བརྒྱ་པོ་དང་ལྷ་རྣམས་རབ་ཏུ་ལྷུང་བར་གྱུར་པ་རང་བཞིན་པའི་ལྷ་རྣམས་ལ་ཅུང་ཟད་ཅིག་བསྟན་པ་ཡིན་ནོ། །རྒྱས་པར་ཡང་ལྷ་དང་མི་རྣམས་ཀྱི་ཉེས་དམིགས་གཞན་དག་ཀྱང་བདག་གིས་བསྟན་པར་བྱ་ཡིས། ཉེས་དམིགས་རྣམས་ལེགས་པར་བསྟན་ ནས་ངེས་པར་འབྱུང་བ་ཡང་བདག་གིས་བཤད་པར་བྱ་སྟེ། ཐར་པའི་ས་བོན་གྱི་རྒྱུར་གྱུར་པ་རང་བཞིན་གྱི་ལྷ་རྣམས་ལ་ཕན་པའི་དོན་དུ་དང་བདེ་བའི་དོན་དུའོ། །གཞན་ཡང་ལྷ་དེ་དག་རྣམས་ལ་ཕན་པའི་དོན་དུ་མུ་སུ་ལུན་དྷ་དེས་འདོད་པ་རྣམས་ཀྱི་ཉེས་དམིགས་རྣམས་མངོན་ སུམ་དུ་བྱེད་དེ། འདོད་པ་རྣམས་ཀྱི་ཉེས་དམིགས་རྣམས་གཞན་རྣམས་སུ་མཐོང་བར་གྱུར་པ་དང ། གཞན་དུ་ཡང་ཐོས་པར་གྱུར་པའི་རྒྱུ་མཚན་གྱིས་ཀྱང་འཁོར་བ་ལ་ཡིད་འབྱུང་བར་འགྱུར་བ་ཡིན་ནོ། །དེ་ལ་རྒྱུ་མཚན་འདིས་ལྷ་དེ་དག་རྣམས་ལ་འདོད་པ་རྣམས་ཀྱི་ཉེས་དམིགས་རྣམས་སོ་སོར་སྤྲུལ་པར་བྱེད་དོ། །དེ་ནས་ལྷ་དེ་དག་དང་ལྷ་མ་ཡིན་དང་ཀླུ་རྣམས་ཀྱི་འདོད་པ་རྣམས་ལ་རོ་མྱོང་བར་བྱེད་པ་དེ་དག་རྣམས་བསྟན་ནས་ཉེས་དམིགས་ཀུན་དུ་སྟོན་པར་བྱེད་དེ། ལྷ་དང ། མི་དང ། ཀླུ་དང ། ལྷ་མ་ཡིན་དེ་དག་རྣམས་ཉིད་ཀྱང་དུས་རྣམས་མདོར་བསྡུ་བ་ཇི་ལྟ་བ་ བཞིན་དུ་ཡིན་པས་སོ། །དེ་ལ་ལྷ་རྣམས་ནི་རྣམ་པ་སྣ་ཚོགས་པའི་འདོད་པ་རྣམ་པ་དུ་མ་རྣམས་ལ་ལོངས་སྤྱོད་ནས། འཆི་འཕོ་བའི་དུས་བྱུང་བར་གྱུར་པ་ན་དེ་དག་རྣམས་ཇི་ལྟར་ཡིན་པ་དེ་བཞིན་དུ་སྟོན་པར་བྱེད་དེ། རྣམ་པ་དུ་མ་སྣ་ཚོགས་པའི་ཚུལ་གྱིས་འཆི་འཕོ་བར་འགྱུར་བ་རྣམས་ ལ་འདི་ལྟ་སྟེ། རིའི་དྲུང་དག་ནས་རྣམ་པ་དུ་མར་གྱུར་པ་བྱི་ལ་དང ། གུང་དང ། གཟིག་དང ། སེར་བ་ཅག་ཅག་དང ། ཅེ་སྤྱང་དང ། རི་བོང་དང ། སེང་གེ་དང ། ཕག་པ་དང ། ཀླུ་དང ། དོམ་དང ། སྟག་དང ། སྲིན་བྱ་དང ། རྟ་དང ། སྟོ་མ་ར་དང ། གླང་པོ་དང ། ཁཝ་ཏ་དང ། སུ་སུ་ཀ་དང་། 70-1-292b ཆུ་སྲིན་དང ། རུས་སྦལ་དང ། རྔ་མོ་རྣམས་ཀྱི་གདོང་གཅིག་པ་དང ། གདོང་གཉིས་པ་དང ། གདོང་གསུམ་པ་དང ། གདོང་མང་པོར་གྱུར་པ་དེ་དག་རྣམས། ཁ་ཅིག་གི་ལག་ན་ནི་ཐལ་བ་དང་སོལ་མེ་ཐོགས་པའོ། །ཁ་ཅིག་གི་ནི་ཐམས་ཅད་རབ་ཏུ་འབར་བར་གྱུར་པའོ། །ཁ་ཅིག་ གིས་ནི་མེའི་ཆར་འབེབས་པར་བྱེད་པ་དང ། རྡོ་རྗེ་དང་བཅས་པའི་རལ་གྲི་ཀུན་ནས་འཕེན་པར་བྱེད་དོ། །ཐོན་ཀོར་ཀུན་ནས་འཇིགས་སུ་རུང་བའི་སྒྲ་མང་པོ་རྣམས་མངོན་པར་འདོན་པར་གྱུར་པ་ནི་རི་དང་ཐོག་འབབ་པ་དང་མཚུངས་པའི་འཇིགས་པ་ཆེན་པོ་རྣམ་པ་དུ་མ་རྣམས་ཡིན་ ཏེ། ཆར་འབྱུང་བའི་སྤྲིན་མཐིང་ནག་དང་མདོག་འདྲ་བར་འཇིགས་པ་ཆེན་པོར་གྱུར་པའི་གཟུགས་དང་ལྡན་པ་དེའི་མགོ་བོ་ནི་རི་དང་མཉམ་པར་སྐྲ་རྣམས་དང ། ལུས་རབ་ཏུ་འབར་བར་གྱུར་པ་བརྒྱ་ཕྲག་མང་པོ་རྣམས་དང ། དེ་བཞིན་དུ་སྟོང་ཕྲག་མང་པོ་རྣམས་ཀྱིས་ཀུན་ནས་ བསྐོར་ནས་ལག་ན་ཞགས་པ་ཐོགས་པ་དང ། རལ་གྲི་དང ། མདུང་དང ། རྡོ་རྗེ་དང ། རྫོགས་ལག་ན་ཐོགས་པ། འཇིགས་བྱེད་ཆེན་པོའི་གཟུགས་སུ་སྟོན་པར་བྱེད་པ་རྣམས་རི་དེ་དག་གི་ཁྲོད་རྣམས་ནས་བྱུང་བ་ནས་ངེས་པར་འོང་བར་བྱེད་དོ། །གང་ན་སྤྲུལ་པའི་ལྷ་དེ་དག་རྣམས་ ཡོད་པ་དེར་ཉེ་བར་རྒྱུག་པར་བྱེད་དོ། །ཁྲོས་པས་བཞིན་དམར་པོ་རྣམ་པར་རོལ་བ་ཉེ་བར་སྒྱུར་བར་བྱེད་པས་སྔོན་པོ་དང་སེར་པོ་དང་དམར་པོ་རྣམས་ཀྱི་མདོག་གི་མེ་འབར་བ་རྣམ་པ་དུ་མར་ཆར་འབྱུང་བའི་སྤྲིན་མཐིང་ནག་གི་གསེབ་རྣམས་ལས་བཞིན་དུ་གློག་རྣམ་པར་འབྱིན་པས་ ངེས་པར་རྒྱུག་པར་བྱེད་དོ། །སྤྲུལ་པ་གཞན་རྣམས་ཁ་ཅིག་ནི་འཆི་བདག་ལྟ་བུར་གྱུར་པས་མཆོག་ཏུ་འཇིགས་སུ་རུང་བའི་གཟུགས་རྣམས་ཀྱིས་གང་ན་སྤྲུལ་པ་དེ་དག་རྣམས་ཡོད་པར་རྒྱུག་པར་བྱེད་པ་ནི་སྣ་ཚོགས་པའི་ཞགས་པ་དང ། ལག་ཆ་ཐོགས་པ་རྣམས་ལ་འདི་ལྟ་སྟེ། ལྕགས་ཀྱི་རང་བཞིན་ལས་ལག་པ་གྱེན་དུ་རབ་ཏུ་འབར་བར་གྱུར་པ་འབྲུག་བཞིན་དུ་སྒྲ་ཀུན་ནས་སྒྲོག་པར་བྱེད་པ་ལུས་རབ་ཏུ་འབར་བར་གྱུར་པ་དཔག་ཚད་བཅུའི་ཚད་ཙམ་གྱི་གཟུགས་ཅན་རྣམས་སོ། །ཁ་ཅིག་ནི་མིག་བརྒྱ་པ་རྣམས་སོ། །ཁ་ཅིག་ནི་མིག་བཞི་བརྒྱ་པ་རྣམས་སོ། ། 70-1-293a དེ་བཞིན་དུ་ལྔ་པ་དང་དྲུག་དང་བདུན་དང་བརྒྱད་དང་དགུ་དང་མིག་བརྒྱ་ཕྲག་བཅུ་པ་རྣམས་ཏེ། མིག་རབ་ཏུ་འབར་བར་གྱུར་པ་རྒྱང་གྲགས་ཀྱི་ཚད་ཙམ་པ་རྣམས་རབ་ཏུ་འོང་བར་བྱེད་དོ། །ཁ་དོག་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། སྔོ་སྐྱ་རྣམས་དང་དབྱིབས་ རྣམ་པ་སྣ་ཚོགས་པར་གྱུར་པ། འབྱུང་པོ་རྣམས་ཐམས་ཅད་འཇིགས་པར་བྱེད་པ། ཧཱ་ཧཱ་ཞེས་སྒྲོགས་པར་བྱེད་པས་ཀྱང་དེ་དག་ཐམས་ཅད་རིའི་རྩེ་མོ་འདུད་པའི་སྒྲ་དང་འདྲ་བར་སོ་སོར་གསུས་པ་འཕྱང་བ་དང ། གསུས་པ་གཞན་དག་རྣམས་ནི་རི་དང་མཚུངས་པར་གྱུར་པའི་ གསུས་པ་དང ། རི་དང་མཚུངས་པའི་མགོ་བོ་ཅན་རྣམས་ཡིན་ནོ། །མགོ་བོ་ཐུང་ངུ་དང་ལྡན་པ་དང ། གཞན་རྣམས་ནི་རིང་བར་རབ་ཏུ་འབར་བར་གྱུར་པའི་སྐྲ་དང་ལག་པ་རིང་པོར་གྱུར་པ་དང ། སེན་མོ་རྣམས་རབ་ཏུ་འབར་བ་དང ། དེ་བཞིན་དུ་ལུས་ལ་སྐྱེས་པའི་བ་སྤུ་རྣམས་ཀྱང་སྟེ། ཉེ་འཁོར་ཀུན་ནས་རབ་ཏུ་འབར་བར་གྱུར་པའི་རི་དང་མཉམ་པ་རྣམས་དུས་ཀྱི་རི་ཆེན་པོ་དེ་ལས་སྤྲུལ་པ་བྱས་པ་རྣམས་ངེས་པར་འོང་བ་ཡིན་ཏེ། རྡོ་རྗེའི་ཐོག་འབབ་པར་བྱེད་པ་ཉེ་འཁོར་ཀུན་ནས་འབེབས་པར་བྱེད་པ་ཡིན་ནོ། །ཡང་རྣམ་པ་གཞན་དག་རྣམས་ཀྱིས་དེ་བཞིན་དུ་ འཆི་བདག་གི་ཕོ་ཉ་ཉེ་བར་རྒྱུག་པར་བྱེད་པ་རྣམས་ནི་ཉེ་འཁོར་རྣམས་ན་བྱ་རྒོད་དང ། ཁཝ་ཏ་དང ། ཀང་ཀ་དང ། ཅེ་སྤྱང་དང ། རྔ་མོའི་གདོང་ཅན་རྣམས་ལུས་པོ་ཁྲག་གིས་རྣམ་པར་བྱུགས་པ་དང ། གྲོག་མ་འཕུངས་པའི་ལུས་ཅན་གྱི་ལྷ་དེ་དག་རྣམས་མངོན་པར་མི་དགའ་བ་ རྣམས་ངེས་པར་ཡོད་པར་བྱེད་པ་ཡིན་ནོ། །དུས་ཀྱི་རི་ཆེན་པོ་དེ་དག་ལས་སྤྲུལ་པ་བྱས་པ་དེ་དག་རྣམས་ཐམས་ཅད་ཀྱང་གང་ན་ལྷ་སྤྲུལ་པའི་ལྷ་དེ་རྣམས་ཡོད་པར་དེར་རླུང་གི་ཤུགས་ཆེན་པོས་བཏབ་པ་བཞིན་དུ་སྤྲིན་ནག་པོ་གློག་དང་བཅས་པས་མྱུར་བར་རྒྱུག་པར་བྱེད་དོ། །དེ་ ནས་འཆི་བདག་ལྟ་བུར་བྱེད་པར་གྱུར་པ་དེ་དག་རྣམས་ཀྱིས་ལྷ་དེ་དག་རྣམས་དང་ཉེ་བར་འོངས་པར་གྱུར་ནས་སྤྲུལ་པའི་ལྷ་དེ་དག་རྣམས་མངོན་པར་འཛིན་པར་བྱེད་དོ། །དེའི་གཏིང་ལ་ཁ་ཅིག་ནི་རབ་ཏུ་འབར་བར་གྱུར་པའི་ལྕགས་ཀྱི་ཐག་པ་རྣམས་ཀྱིས་དཔུང་པ་བཅིངས་ནས་ 70-1-293b འདྲེན་པར་བྱེད་དོ། །དེ་བཞིན་དུ་སྤྲུལ་པའི་ལྷ་གཞན་དེ་དག་རྣམས་ཀྱིས་དེ་དག་རྣམས་ཉིད་འཁྲིད་པར་གྱུར་པ་མངོན་པར་མཐོང་ནས། ཤིན་ཏུ་འཇིགས་པར་གྱུར་པས་ཕན་ཚུན་ཀུན་དུ་རྒྱུག་པར་བྱེད་དོ། །དེ་དག་རྣམས་ཀྱང་འཛིན་པར་བྱེད་དེ། འཆི་བདག་གི་ཕོ་ཉ་ནི་མགོ་ ལ་མངོན་པར་དམིགས་ནས། དེ་དག་ནམ་མཁའ་ལ་མངོན་པར་འཕགས་ཏེ་འཇིགས་པར་བྱེད་པའི་ང་རོ་དག་ཀུན་དུ་བཏོན་པས་མིག་གི་ཡུལ་ངེས་པར་འཕྱོང་བར་བྱེད་དོ། །ཁ་ཅིག་ནི་ལྷ་གཞན་མ་དེ་དག་རྣམས་ཉིད་བཟུང་ནས་ལྕགས་ཀྱི་རང་བཞིན་གྱི་རབ་ཏུ་འབར་བའི་ཐག་པ་ རྣམས་ཀྱིས་མགྲིན་པ་བཅིངས་ཤིང་ཁྱེར་ཏེ། ས་གཞིའི་གསེབ་ཏུ་རྗེས་སུ་ཐིམ་ནས་མི་མཐོང་བར་འགྲོ་བར་བྱེད་དོ། །འཆི་བདག་གི་ཕོ་ཉ་སྤྲུལ་པ་བྱས་པ་གཞན་དེ་དག་རྣམས་ཁ་ཅིག་གིས་ཀྱང་སྤྲུལ་པའི་ལྷ་རྣམས་ཁྱེར་ནས་ཆུར་སྤྱིང་བར་བྱེད་དེ། རབ་ཏུ་ཁྲོས་པར་གྱུར་པས་ ནང་དུ་ནུབ་པར་གྱུར་ཏོ། །དེ་ལྟར་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མ་རྣམས་སུ་སྤྲུལ་པ་དེ་དག་རྣམས་ནི་འཇིགས་པ་ཆེན་པོར་གྱུར་པ་རྣམས་ཡིན་ནོ། །རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་ཀྱང་དེ་དག་རྣམས་ཐམས་ཅད་རྨི་ལམ་གྱི་སྣང་བ་བཞིན་དུ་མཐོང་བར་གྱུར་ཏེ། འདི་དང་འདི་ དག་རྣམས་ནི་ཅི་ཡིན་ཞེས་གོ་བར་འགྱུར་བ་ཡིན་ནོ། །དེ་ནས་དེ་དག་གང་གི་ཚེ་སྤྲུལ་པར་གྱུར་པའི་ལྷ་རྣམས་ལ་དམིགས་པ་ན་དེའི་ཚེ། སྤྲུལ་པའི་སྐྱེས་བུ་དེ་དག་རྣམས་ཀྱིས་རྗེས་སུ་གདམས་པར་བྱེད་པའི་ཚིགས་སུ་བཅད་པ་བརྗོད་པ་རྣམས་ནི། ཇི་ལྟར། ལོངས་སྤྱོད་རྒྱགས་ པས་རྒྱགས་པ་ཡི། །བག་མེད་དབང་གིས་འཇུག་པ་རྣམས། །རྨོངས་པ་རྣམས་ཀྱི་དུས་སོང་ནས། །འཆི་བདག་དུས་སུ་འོངས་པ་ཡིན། །ནགས་ཀྱི་དུས་འདི་མཐའ་ཡས་པ། །དུག་གིས་གང་བ་ཇི་བཞིན་ནགས། །སྲེད་པའི་མྱུ་གུ་རྣམ་སྤངས་པ། །དགེ་བ་དོན་གཉེར་ ཀུན་ནས་སྤངས། །མཛེས་པའི་ལས་ནི་མ་བྱས་པར། །བག་མེད་པས་ཀྱང་བག་མེད་འགྱུར། །འཆི་བདག་འཇིགས་པའི་དུས་བྱུང་ན། །བློ་གྲོས་ངན་པ་ཅི་བྱར་ཡོད། །སྲེད་པའི་ཆུར་ནི་ནུབ་པ་གང ། །སྡུག་བསྔལ་ཕ་རོལ་ཏུ་ཕྱིན་མིན། །རྒ་དང་འཆི་བར་བྱིང་བ་གང ། ། 70-1-294a བདེ་བ་དེ་དག་རྣམས་ལ་མེད། །སྐྱེས་པ་ཙམ་གྱིས་ཐམས་ཅད་ཀྱི། །རྒྱབ་ན་འཆི་བདག་ངེས་པར་གནས། །ཅི་ཡི་དོན་དུ་འཇིག་རྟེན་འདི། །བག་མེད་པས་ནི་བག་མེད་བྱེད། །ཉམས་པ་མེད་དང་རྣམ་མི་ཤེས། །རྟག་ཏུ་གླགས་གཅོད་སྟོབས་པོ་ཆེ། །འཆི་ བདག་དམག་དཔུང་ཤུགས་པོ་ཆེ། །འཇིག་རྟེན་པས་ཀྱང་གོ་བ་མིན། །རྟག་ཏུ་རྣམ་པར་འགལ་འགྱུར་དང ། །བཟློག་ཐབས་མེད་པ་ཉིད་ཀྱང་ཡིན། །སེམས་ཅན་ཐམས་ཅད་འཆི་བ་ཡང ། །བག་མེད་པས་ནི་མ་གོ་འོ། །འཆི་བདག་གིར་གྱུར་འཇིག་རྟེན་གསུམ། །ཉེ་ འཁོར་ཀུན་དུ་རྣམ་པར་དཔྱོད། །རྒ་དང་ན་དང་རྒུད་པ་ཡང ། །བྱིས་པ་རྣམས་ཀྱིས་རིག་པ་མིན། །དེ་ལྟར་སྤྲུལ་པའི་འཆི་བདག་གི་ཕོ་ཉར་གྱུར་པ་དེ་དག་གིས་སྤྲུལ་པའི་ལྷ་དེ་དག་རྣམས་ལ་རྗེས་སུ་གདམས་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་བརྗོད་ནས། ལན་བརྒྱ་ཕྲག་རྣམས་སུ་དང་ལན་སྟོང་ཕྲག་རྣམས་སུ་ཡང་སྲིད་པ་རྣམས་སུ་འཁྲིད་པར་བྱེད་ཅིང་དེ་བཞིན་དུ་འདྲེན་པར་བྱེད་དོ། །སྡུག་བསྔལ་ཆེན་པོ་དེ་དག་རྣམས་མཐོང་བར་གྱུར་པས་ཀྱང་རང་བཞིན་གྱི་ལྷ་དེ་དག་གིས་བག་མེད་པ་ལས་ཤིན་ཏུ་སྡུག་བསྔལ་བར་འགྱུར་བ་སྤངས་ནས། ཡིད་འབྱུང་བར་འགྱུར་ཞིང་ཐམས་ཅད་ཀྱང་རབ་ཏུ་དང་བའི་ཡིད་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བར་གྱུར་ཏོ། །དེ་དག་རྟོགས་ནས་གཞན་ཡང་འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་རྣམས་ཀྱི་ཡིད་གཞན་ཡང་ཇི་ལྟ་བ་བཞིན་དུ་ལས་སུ་རུང་བར་བྱ་བའི་ཕྱིར་སླར་ཉིད་ཀྱང་ སྤྲུལ་པ་གཞན་རྣམས་སྤྲུལ་པར་བྱེད་པ་ནི། ལྷ་དེ་དག་རྣམས་ཉིད་ཀྱི་ཕྱིར་ཞིང་ཉིད་ཀྱང་ཁྱད་པར་དུ་རྟོགས་ནས་དགའ་བར་འགྱུར་བ་རྣམས་ལ། འདི་ལྟ་སྟེ་དབུ་རྒྱན་གྱིས་བརྒྱན་པ་འདོད་པ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱལ་པོ་གང་ཡིན་པ་དེ་དག་རྣམས་མུ་སུ་ ལུན་དྷའི་ལུས་ལས་ངེས་པར་འབྱུང་སྟེ། ལྷན་ཅིག་སྤྱོད་པར་བྱེད་པའི་མཆོག་ཏུ་ལང་ཚོ་ལ་བབ་པ་རྣམས་ཀྱིས་ཕྱི་བཞིན་འབྲང་བར་གྱུར་པ་རྣམས་ནི་སྔར་ཁོ་ན་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་རྣམ་པ་དེ་སྲིད་ཀྱི་གཟུགས་དང་ཕུན་སུམ་ཚོགས་པ་རྣམས་ཀྱིས་ཀྱང་ཕུན་སུམ་ 70-1-294b ཚོགས་པར་གྱུར་ནས་ཕྱི་ནས་ཡང་རྒྱལ་པོ་རྣམས་ལུས་གོག་པོར་སོང་བ། མགོ་བོ་ཀུན་སྐྲ་དཀར་རྣམས་ཀྱིས་གཡོགས་པར་གྱུར་པ། ལུས་པོ་རྣམས་ཀུན་ནས་འཁུམས་པ། ལུས་ལ་གཉེར་མ་དང་སྐྲ་དཀར་རྣམས་ཀྱིས་ཀུན་དུ་གང་བ་ལུས་དབྱུག་པ་ལ་ཀུན་ནས་ རྟེན་པ་མཆོག་ཏུ་རྗུད་པར་གྱུར་པའི་ལུས་པོ་ཅན་རྣམས་ལས་རྣམ་པ་ཐམས་ཅད་ལ་ནུས་པ་མེད་པར་གྱུར་པ། གཞན་ལ་ཀུན་ནས་རྟེན་ནས་འགྲོ་བར་བྱེད་པ། སྐྱེ་བོ་རྣམས་ཐམས་ཅད་བཞད་གད་དུ་གྱུར་པ་སྒྲ་ངར་ངར་པོར་གྱུར་པའི་དབུགས་ཕྱིར་འབྱུང་བ་ལུས་ཀུན་ལ་བསྙེ་བས་ ཉམས་པར་བྱས་པ། དབང་པོ་རྣམས་ཤིན་ཏུ་རྙིངས་པར་གྱུར་པ་ཐམས་ཅད་ལ་ཡང་སྤྲོ་བ་མེད་པ། སྐྱེ་བོ་རྣམས་ཐམས་ཅད་སྐྱུག་ཟློག་པར་བྱེད་པ། འཁྱོར་ཞིང་འགྲོ་བར་གྱུར་པ་དུས་ཤིན་ཏུ་ཉེ་བར་གྱུར་པ་དེ་དག་རྣམས་མཚོ་འདི་ཉིད་ན་རྒྱུ་བར་བྱེད་དེ། སྟོབས་ཤིན་ཏུ་ཡང་ཆུང་བར་ གྱུར་པ་གཞན་དག་གི་ལག་པ་ལ་འཕྱངས་ནས་གོམ་པ་རྣམས་འབོར་བར་བྱེད་པ་ཤིན་ཏུ་ཡང་འཇིགས་སུ་རུང་བའི་གཟུགས་དང་ལྡན་པ་རྣམས་ཡིན་ནོ། །དེ་དང་དེ་ལྟར་རྒྱུ་བར་བྱེད་པ་རྣམས་ཀྱི་ལུས་རྣམས་ལ་དུས་གཞན་འགའ་ཞིག་གི་ཚེ་ན། གཟུགས་མང་པོ་རྣམ་པ་སྣ་ཚོགས་ པའི་ནད་རྣམས་ཀུན་དུ་སྐྱེ་བ་ནི། རིམས་ཚ་བ་དང ། ཧ་ཅང་ཐལ་ཆེས་པར་འཁྲུ་བ་དང ། གློ་ལུ་བ་དང ། དབུགས་མི་བདེ་བ་དང ། སྐྱིགས་བུ་དང ། སྐྲང་གློ་དང ། མཛེ་སྔོན་དུ་འགྲོ་བར་གྱུར་པ་རྣམས་ཀྱིས་ཤིན་ཏུ་མི་བཟད་པར་གྱུར་པ། ཉེ་བར་འཚེ་བ་རྣམས་དང་བཅས་པ། འཆི་ བའི་མཐར་ཐུག་པར་བྱེད་པ། ཤིན་ཏུ་སྐྱུག་བྲོ་བར་གྱུར་པའི་ནད་ཁྱད་པར་དུ་དྲག་པོ་དེ་དག་རྣམས་ཀུན་དུ་འབྱུང་བར་གྱུར་པའི་སྟོབས་ཀྱིས། གསོ་དཔྱད་མེད་པ་དང་མི་འདོད་པ་རྣམས་མཐར་ཐུག་པར་བྱས་པས་རྒྱལ་པོ་དེ་དག་རྣམས་ཐམས་ཅད་ཉིད་ཁྲིད་པར་གྱུར་ནས་ཤིན་ཏུ་སྡུག་ བསྔལ་བ་ཁོ་ནར་འཆི་བར་བྱེད་དོ། །ཤི་བ་དེ་དག་རྣམས་ཀྱི་ལུས་དེ་དག་རྣམས་ཟགས་ཤིང་དྲི་མི་ཞིམ་པར་གྱུར་པ་ལ་སྲིན་བུ་བརྒྱ་སྟོང་གིས་ཁྱབ་པར་གྱུར་པས་ཟ་བར་བྱེད་བཞིན་པའི་ལུས་དེ་དག་རྣམས་རང་བཞིན་པའི་ལྷ་དེ་དག་རྣམས་ཀྱིས་མཐོང་བར་གྱུར་ཏོ། །དེ་ནས་གང་ 70-1-295a དག་གིས་དེ་དག་གི་ལུས་རྣམས་འཛིན་པར་བྱེད་པའི་སྤྲུལ་པའི་བྱ་རྣམས་ཀྱང་ཀུན་དུ་འོངས་པར་གྱུར་ནས་ཁ་ཅིག་གིས་ནི་ཟ་བར་བྱེད་དོ། །ཁ་ཅིག་གིས་ནི་བཟུང་བར་གྱུར་པ་མཐོང་ནས་འབྲོས་པར་བྱེད་དེ། དེ་དག་རྣམས་ཀྱང་མཆོག་ཏུ་སྐྱོ་བ་སྐྱེ་བར་འགྱུར་ བའི་གནས་སུ་ལེགས་པར་མཐོང་བས་ལྷ་རང་བཞིན་པ་དེ་དག་རྣམས་ཤིན་ཏུ་ལེགས་པར་མཉམ་པར་བཞག་པའི་ཡིད་དུ་འགྱུར་རོ། །གཞན་ཡང་ལྷ་དེ་དག་རྣམས་ཉིད་ལ་ཕན་པར་བྱ་བའི་དོན་དུ་འཐབ་བྲལ་གྱི་བདག་པོ་བརྟན་པས་མགོ་དྲངས་པའི་ལྷ་མ་ཡིན་གྱི་རྒྱལ་པོ་གང་ ཡིན་པ་དེ་དག་རྣམས་སྒྲ་གཅན་འཛིན་གྱི་མཐར་ཐུག་པར་གྱུར་པའི་ས་འོག་ན་གནས་པ་དེ་དག་རྣམས་གང་གི་ཚེ་མུ་སུ་ལུན་དྷ་ལས་མི་རིང་བ་ན་ཀུན་ནས་གནས་པར་གྱུར་ལ། དེའི་ཚེ་རྣམ་པར་ཁྲོས་པར་གྱུར་པས་ཀྱང་ཐམས་ཅད་ཀྱི་སྐད་ཆེན་པོ་ཀུན་དུ་བཏོན་ཞིང་ཕན་ཚུན་དུ་ཡང་ བོས་པར་གྱུར་ནས་ས་གཞི་ལ་ཀུན་ནས་འགྱེལ་བ་ནི་སྟ་རེས་ཤིང་ཀར་ཎི་ཀཱ་ར་སྟ་རེས་རྩ་བ་ནས་བཅད་པ་བཞིན་དུ་ས་གཞི་ལ་འགྱེལ་བར་གྱུར་ཏོ། །འགྱེལ་ནས་ཀྱང་ཤི་བར་གྱུར་པས་ཐམས་ཅད་ཤིང་དང་རྡོ་བ་རྣམས་བཞིན་དུ་རྣམ་པར་འགྱུར་བ་དང་བྲལ་བར་འགྱུར་རོ། །དེ་ དག་རྣམས་མངོན་པར་མཐོང་ནས་ལྷ་མ་ཡིན་གྱི་བུ་མོ་དེ་དག་རྣམས་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ནས་ཀྱང་རྣམ་པར་ཁྲོ་བར་བྱེད་པ་དང་ངུ་བར་ཡང་བྱེད་དོ། །ཡོངས་སུ་བསྐོར་བར་གྱུར་ནས་དེ་དག་རྣམས་ཐམས་ཅད་ཀྱང་དེ་ལྟར་ངུ་བར་བྱེད་པ་རྣམས་ལ་བྱ་དག་ཀུན་དུ་འོང་ བར་གྱུར་ནས་དེ་དག་གིས་དེ་དག་རྣམས་ཀྱི་ལུས་ཤིང་སྐམ་དང་རྡོ་བ་དང་ཤིང་བུ་དང་མཚུངས་པར་བྱེད་པ་མེད་པ་རྣམས་ཀུན་ནས་འདྲེན་པར་བྱེད་དོ། །སྙིང་རྗེ་རྣམ་པར་འཁྲུགས་པར་གྱུར་པའི་ལྷ་མ་ཡིན་གྱི་བུ་མོ་དེ་དག་རྣམས་དེ་ནས་དེ་ལྟར་རྣམ་པར་འཁྲུགས་པའི་རྟིང་ ཐོགས་ཉིད་ལ་དེ་དག་རྣམས་ཐམས་ཅད་ཀྱང་ཤི་བར་གྱུར་ཏོ། །དེ་དག་རྣམས་ཀྱི་རོ་དེ་དག་རྣམས་ཀྱང་བྱ་རྣམས་ཉིད་ཀྱིས་འཛིན་པར་བྱེད་དོ། །བཟུང་བར་གྱུར་ནས་ཀྱང་ཁཝ་ཏ་དང་འུག་པ་དང་བྱ་རྒོད་རྣམས་ནམ་མཁའ་ལ་འཕུར་བར་འགྱུར་ཏེ། མཐོང་བའི་ཡུལ་ 70-1-295b ལས་འདས་ནས་འགྲོ་བར་བྱེད་དོ། །དེ་ལྟར་ཡང་འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེས་རང་བཞིན་གྱི་ལྷ་རྣམས་ལ་ཕན་པར་བྱ་བའི་དོན་དུ་སྤྲུལ་པ་གཞན་རྣམས་ཀྱང་ཕུལ་དུ་ཕྱིན་པར་བྱས་སོ། །དེའི་རྗེས་ཐོགས་ལ་སྤྲུལ་པ་གཞན་དག་བྱེད་པ་རྣམས་ལ་ཇི་ལྟར་གང་དེ་ཀླུའི་ རྒྱལ་པོ་རྣམས་གང་ཡིན་པ་དེ་དག་གི་སྤྲུལ་པ་རྣམས་ནི་སྔ་མ་བཞིན་ནོ། །ཡང་དེ་དག་རྣམས་ཀྱི་མི་རྟག་པ་འདི་དག་སྟོན་པར་བྱེད་པ་ལས་དེ་ལྟར་ཡང་ཀླུ་རྣམས་ཁ་ཅིག་ནི་བྱེ་ཚན་དག་གིས་སྲེག་པར་བྱེད་དོ། །སོལ་བའི་མེ་ཚ་བ་རྣམས་ཀུན་དུ་འབབ་པར་འགྱུར་ཞིང་དེ་དག་རྣམས་ བབ་པར་གྱུར་པས་ཀྱང་དེ་ལྟར་སྲེག་པར་བྱེད་དོ། །ཇི་ལྟར་སེང་ལྡེང་གི་མེ་ཤིན་ཏུ་ཆེན་པོ་རྣམས་སུ་རྩཝ་འཇག་སྐམ་པོ་ཅིག་ལྷུང་བ་སྲེག་པར་བྱེད་པ་དེ་བཞིན་དུ་ལྷུང་བར་གྱུར་པ་ཙམ་ཉིད་ན་ཀླུ་དེ་དག་རྣམས་བྱེ་ཚན་གྱིས་སྲེག་པར་བྱེད་དོ། །དེ་དག་རྣམས་ལས་གཞན་པའི་ཀླུ་རྣམས་ཀྱང་ འཆི་བདག་གིས་འཁྲིད་པར་འགྱུར་ཏེ། ལྷན་ཅིག་སྤྱོད་པར་བྱེད་པ་རྣམས་ཀྱི་ནང་ན་གནས་པ་ལས་རྣམ་པར་ཁྲོས་པར་གྱུར་བཞིན་དུ་དེ་དག་རྣམས་དུས་ཀྱི་འཁོར་ལོས་སྡུད་པར་བྱེད་དོ། །གཞན་རྣམས་ཁ་ཅིག་ནི་ཕན་ཚུན་དུ་འགྱེད་པར་གྱུར་པས་ཕན་ཚུན་དུ་བཅིངས་ནས་སྙིང་ ཕན་ཚུན་དུ་འཇོམས་པར་བྱེད་དོ། །དེ་ལྟར་འཆི་བདག་རྣམས་ཀྱིས་ཀུན་དུ་ཁྲིད་པར་གྱུར་པའི་སྤྲུལ་པ་པའི་ཀླུ་དེ་དག་རྣམས་ཀྱང་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་ཕྱིར་ཞིང་ཁོ་ན་ཤིན་ཏུ་ངེས་པར་ཡིད་འབྱུང་བར་འགྱུར་རོ། །གཞན་ཡང་ འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེ་ཉིད་ཀྱིས་སྤྲུལ་པ་གཞན་དག་བྱེད་པ་ནི་ཇི་ལྟར་ཤར་གྱི་ལུས་འཕགས་པོ་རྣམས་དང ། བ་ལང་སྤྱོད་པ་རྣམས་ཀྱི་མི་རྣམས་ཀྱང་རྒས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་བྱེད་དོ། །ལྷན་ཅིག་རྗེས་སུ་སྤྱོད་པའི་འཁོར་དང་ བཅས་པ་རྣམས་ལན་བརྒྱ་དང་སྟོང་དུ་ཡང་བྱེད་དོ། །ཤི་བ་དེ་དག་རྣམས་ཉིད་ཀྱི་ལུས་དེ་དག་རྣམས་ལས་སྲིན་བུ་རྣམས་ཀྱིས་གང་བར་གྱུར་པར་ཤིན་ཏུ་འཇིགས་སུ་རུང་བར་ས་གཞི་ལ་འགྱེལ་བར་གྱུར་པ་དག་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་མཐོང་བར་གྱུར་ཏོ། །རྣམ་པ་ 70-1-296a དུ་མ་དང་རྣམ་པར་རྟོག་པ་དུ་མར་ཡང་སྲིན་བུའི་སྐྱོན་ཕུལ་དུ་ཕྱིན་པའི་སྡུག་བསྔལ་གྱིས་འཆི་བ་མངོན་པར་མཐོང་ནས། རང་བཞིན་གྱི་ལྷ་དེ་དག་མཆོག་ཏུ་ཡིད་བྱུང་བ་དང་ལྡན་པར་གྱུར་ནས། འཆི་བའི་སྡུག་བསྔལ་འདི་ནི་ངེས་པར་བསླང་བ་ཡིན་ཏེ། དེ་ལྟར་ཡང་ སྲོག་ཆགས་སུ་གྱུར་པ་གང་ཡིན་པ་འདི་དག་རྣམས་ཐམས་ཅད་ཀྱང་རྒ་བ་དང་ནད་དང་འཆི་བ་རྣམས་ཀྱིས་མཐར་ཐུག་པར་བྱེད་པ་ཡིན་པ་རབ་ཏུ་མི་ཤེས་ན། དེ་དག་རྣམས་ཀྱང་གང་དུ་སོང་གང་གིས་ཁྲིད་པར་གྱུར་པ་ཡིན། ཕུན་སུམ་ཚོགས་པ་རྣམས་ཐམས་ཅད་ནི་མི་རྟག་པ་ ཡིན་པ་དང ། བདེ་བ་རྣམས་ཐམས་ཅད་ཀྱང་སྲིད་པའི་སྐྱོན་དང་ཀུན་དུ་འདྲེས་པའི་འདུས་བྱས་ཞེས་བྱ་བ་གཡོ་བ་མཐར་འཇིག་པར་འགྱུར་བ་འདི་ལ་བློ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པར་མི་བྱའོ། །རབ་ཏུ་རྣམ་པར་འཇིག་པར་འགྱུར་བའི་ཆོས་ཅན་འདི་དག་ རྣམས་ཐམས་ཅད་ལ་འདི་དང་སྲིད་པ་གཞན་དུ་ཡང་བདེ་བ་ཡོད་པ་མ་ཡིན་ནོ། །མཆོག་ཏུ་སྐྱོ་བ་སྐྱེས་པའི་ཡིད་དང་ལྡན་པའི་ལེགས་པར་སྐྱོ་བ་སྐྱེས་པའི་བློ་དང་ལྡན་པའི་རང་བཞིན་གྱི་ལྷ་དེ་དག་རྣམས་དེ་ལྟར་ཕན་ཚུན་དུ་རྗོད་པར་བྱེད་དོ། །དེ་ནས་འཐབ་བྲལ་གྱི་བདག་པོ་ དེས་དེ་དག་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་དེ་དག་རིག་པར་གྱུར་ནས་སྤྲུལ་པ་གཞན་ཡང་བྱེད་པར་གྱུར་པ་ལས། དེ་ནས་སྐྱེས་བུ་གང་དག་ང་མེད་པ་ངའི་བ་མེད་པར་གྱུར་པ། ངེས་པར་གོང་དུ་འགྲོ་བ་དེ་དག་རྣམས་ནི། འདི་ལྟ་སྟེ་གང་བྱང་ཕྱོགས་སྒྲ་མི་སྙན་པ་ གང་ཡིན་པ་རྣམས་ཏེ། དེ་དག་རྣམས་ནི་ལྷ་རྣམས་ཀྱི་དྲུང་ན་ཅུང་ཟད་པ་ཅིག་གིས་ཆུང་བའི་མཆོག་ཏུ་སྐྱིད་པར་གྱུར་པའོ། །དེ་དག་རྣམས་ཀྱང་རྒས་པ་དང་ནད་ཀྱིས་གཟིར་བར་གྱུར་ནས་འཆི་བདག་གི་ཞགས་པས་འདྲེན་པར་བྱེད་དོ། །ཤིན་ཏུ་འཇིགས་སུ་རུང་ བའི་ལུས་རྣམས་ལ་སྲིན་བུ་བརྒྱ་སྟོང་གིས་ཀུན་ནས་གཡོགས་པར་གྱུར་པ། ལུས་པོ་འདི་དག་ལ་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་བལྟ་བར་རྗེས་སུ་མི་འཐུན་པ། བཤང་བའི་ཕུང་པོ་རྣམས་ཀྱིས་ཀུན་དུ་གང་བར་གྱུར་པའི་བྱང་ཕྱོགས་སྒྲ་མི་སྙན་པ་འདི་དག་རྣམས་སོ། ། 70-1-296b དེ་ལྟར་བདེ་བ་རྒྱ་ཆེན་པོའི་ས་ན་གནས་པའི་འཐབ་བྲལ་བའི་ལྷ་རྣམས་ལ་ཕན་པར་བྱ་བའི་དོན་དུ་ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱི་མི་རྟག་པ་ཉིད་འཐབ་བྲལ་གྱི་བདག་པོ་འདིས་བསྟན་པ་ཡིན་ནོ། །དེའི་རྗེས་ཐོགས་ལ་གང་དག་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་མཐོང་ བར་སྤྲུལ་པ་གཞན་དག་རྣམས་བྱེད་པ་ནི་འདི་ལྟ་སྟེ།སྲིད་པ་བར་མ་དོ་པའི་ཚོགས་རྣམ་པ་དུ་མ་རྣམས་སོ། །ཇི་ལྟར་ཤི་བར་གྱུར་ནས་སེམས་ཅན་རྣམས་ལས་སྣ་ཚོགས་པ་རྣམས་ཀྱི་དབང་གིས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་ལྷ་དང་མི་རྣམས་སུ་སྐྱེ་བ་དེ་ བཞིན་དུ་སྲིད་པ་བར་མ་དོ་པ་རྣམས་སྤྲུལ་པ་བྱེད་དེ། ཇི་ལྟར་འགྲོ་བ་ལྔ་པོ་རྣམས་ཀུན་དུ་རྒྱུ་བར་བྱེད་པ་རྣམས་ལྷ་རང་བཞིན་པས་མངོན་སུམ་ཉིད་དུ་མཐོང་བར་འགྱུར་རོ། །དེ་ལ་ལས་དུ་མ་རྣམས་ལས་སེམས་ཀྱི་ཐ་མའི་བསམ་པའི་དབང་གིས་སྐྱེ་བར་འགྱུར་རོ། ། དེ་ལས་རང་བཞིན་གྱི་ལྷ་དེ་དག་རྣམས་ཉིད་ངེས་པར་སྐྱོ་བར་བྱ་བའི་དོན་དུ་རྣམ་པ་དུ་མར་ལན་བརྒྱ་སྟོང་དུ་སྐྱེ་དགུ་རྣམས་འགྲོ་བ་ལྔར་སྐྱེ་བ་སྤྲུལ་པར་བྱེད་དོ། །མཚོ་དེ་ཉིད་དུ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་ངོ་མཚར་བ་གཞན་རྣམས་དང་མི་འདྲ་བ་དེ་དག་རྣམས་མངོན་པར་མཐོང་ ཞིང་རང་བཞིན་གྱིས་ལྷ་དེ་དག་གིས་མངོན་སུམ་ཁོ་ནར་མཐོང་བར་འགྱུར་རོ། །དེ་ལ་ཡང་འགྲོ་བ་ལྔར་ཀུན་དུ་རྒྱུ་བར་བྱེད་པའི་འབྱུང་པོ་རྣམས་ཐམས་ཅད་ལས་དང་ཉོན་མོངས་པ་རྣམས་ཀྱི་དབང་གིས་དྲངས་པར་གྱུར་པས་འགྲོ་བ་གཞན་ནས་འགྲོ་བ་གཞན་རྣམས་སུ་དམྱལ་ བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང་མིའི་འགྲོ་བ་རྣམས་ལ་ཡོངས་སུ་འཁྱམ་པར་གྱུར་པ་ལ་ནི་སྐྱབས་མེད་པ་དང་གྲོགས་མེད་པར་གྱུར་པས་སྲིད་པ་གཞན་རྣམས་བརྗེ་བསོར་བྱེད་པ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། ལྷ་དང་མི་རྣམས་ཀྱི་ནང་དུ་བརྗེ་ བསོར་བྱེད་པ་རྣམས་མཐོང་ངོ ། །དེ་ལ་སྲིད་པ་བར་མ་དོ་པ་རྣམས་ཀྱི་ཡ་མཚན་ཆེ་བར་གྱུར་པ་ཤིན་ཏུ་འཇིགས་སུ་རུང་བ། ཀུན་ནས་ཤིན་ཏུ་འཇིགས་པར་བྱེད་པ་མཆོག་ཏུ་སྐྱོ་བ་སྐྱེ་བར་བྱེད་པ་ཐམས་ཅད་ལ་རབ་ཏུ་འཇིགས་པར་བྱེད་པར་གྱུར་པ་དེ་དག་རྣམས་རང་བཞིན་གྱི་ 70-1-297a ལྷ་རྣམས་ཀྱིས་མཐོང་བར་འགྱུར་རོ། །དེ་ལ་ལྷ་རྣམས་ཉིད་ཀྱི་དེ་ལྟ་བུའི་སྲིད་པ་བར་མ་དོ་པ་མཐོང་བ་ལས། འཐབ་བྲལ་བའི་ལྷའི་རིགས་རྣམས་ལས་ལས་ཟད་པར་གྱུར་ནས་རབ་ཏུ་ལྷུང་བར་གྱུར་པ་ན། འགྱོད་པའི་མེས་སྲེག་པར་བྱེད་པ་བག་མེད་པ་ རྣམས་ཀྱིས་དེ་དེ་ལྟར་ཤིན་ཏུ་བསླུས་ནས་མགོ་བོ་ཐུར་ལ་དཔྱངས་པས་རབ་ཏུ་ལྷུང་བར་འགྱུར་རོ། །དེ་དག་འཆི་འཕོ་བར་གྱུར་པ་ན་ལྷ་གང་ཡིན་པའི་རྒྱུད་དེས་ཡོངས་སུ་བཟུང་བའི་ཕུང་པོ་དེ་དག་རྣམས་ནི་ཉེ་བར་ནུབ་པར་འགྱུར་རོ། །རྒྱའི་རྗེས་དང་ཆ་འདྲ་བར་སྲིད་པ་བར་ མ་དོ་པ་དེའི་འགྲོ་བ་རྣམས་ཀྱི་ཕུང་པོ་རབ་ཏུ་འབྱུང་བར་འགྱུར་རོ། །དམྱལ་བ་རྣམས་ཀྱི་ལས་བྱས་པར་གྱུར་པ་དེ་དང་འཁོར་བས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ཀུན་ནས་སློང་བའི་འཇིགས་པ་ཆེན་པོ་དང་གཟེར་ཟུག་ཆེན་པོར་ཡང་གྱུར་པ་རྣམས་མངོན་པར་མཐོང་ནས། འཐབ་བྲལ་གྱི་རང་བཞིན་པ་དེ་དག་རྣམས་མཆོག་ཏུ་སྐྱོ་བ་དང་ལྡན་པར་འགྱུར་རོ། །དེ་ལྟར་དམྱལ་བ་པ་རྣམས་ཀྱི་སྲིད་པ་བར་མ་དོ་ནི་མཐོང་བར་འགྱུར་ལ། སྐྱེ་བའི་སྲིད་པ་རྣམས་ནི་མུ་སུ་ལུན་དྷ་འདིས་ལེགས་པར་སྟོན་པར་མི་བྱེད་དོ། །རྒྱུ་གང་གི་ཕྱིར་ན་ལྷ་དེ་དག་རྣམས་ ཀྱིས་བཟོད་པར་མི་ནུས་པའི་ཕྱིར་ཏེ། སེམས་ཤིན་ཏུ་འཇམ་པ་ཡིན་པས་སྐད་ཅིག་ཉིད་ལ་དུས་བྱེད་པར་འགྱུར་བའི་ཕྱིར་རོ། །ལྷ་དེ་དག་གིས་དཔེ་མེད་པའི་སྡུག་བསྔལ་འདི་རྣམས་མངོན་པར་མཐོང་བར་བྱེད་པ་ཡིན་ནོ། །རྒྱུ་འདི་དག་གིས་སྤྲུལ་པ་བྱས་པས་འཐབ་ བྲལ་གྱི་བདག་པོ་དེ་ལེགས་པར་སྟོན་པར་བྱེད་དོ། །དེ་ལྟར་ལྷ་དེ་དག་རྣམས་དམྱལ་བར་རབ་ཏུ་ལྷུང་བར་གྱུར་པ་ལྷ་གཞན་རང་བཞིན་པ་དེ་དག་རྣམས་ཀྱིས་རྣམ་པར་ལྟ་བར་བྱེད་དོ། །གཞན་ཡང་མུ་སུ་ལུན་དྷ་དེས་ངོ་མཚར་རྨད་དུ་བྱུང་བའི་སྤྲུལ་པ་འདི་དག་རྣམས་ བྱས་པས་སྲིད་པ་བར་མ་དོ་པ་རྣམས་སྟོན་པར་བྱེད་པ་ནི་ཇི་ལྟར་བག་མེད་པ་གང་ཁོ་ནའི་སྐྱོན་གྱིས། ཉེ་བར་བཅོམ་པའི་འཐབ་བྲལ་བ་རྣམས་ལས་ཟད་ནས་འཆི་འཕོ་བ་ནི་ཡི་དགས་རྣམས་སུ་སྐྱེའོ། །དེ་དག་གི་སྲིད་པ་བར་མ་དེ་དག་རྣམས་ནི་ལས་བྱས་པ་དེ་དག་དང་འདྲ་བའི་ 70-1-297b གཟུགས་བརྙན་དུ་འགྱུར་ཏེ། ལས་ཀྱིས་ཐག་པ་རིང་པོ་རྣམས་ཀྱིས་དྲངས་པར་གྱུར་པས་མགོ་ཐུར་དུ་དཔྱངས་ནས་ལྟུང་བར་འགྱུར་བས་གང་ལ་དེས་བྱས་པའི་ལས་ཀྱིས་འཚེད་པར་བྱེད་པ་དེ་ལ་དེ་དག་ཀུན་ནས་འཁྲིད་དོ། །རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་ དེ་ལྟར་སྲིད་པ་བར་མ་དོ་པ་གཉིས་པ་རྣམས་མཐོང་ངོ ། །གཞན་ཡང་སྤྲུལ་པ་པའི་སྲིད་པ་བར་མ་དོ་པ་གསུམ་པ་རྣམས་མཐོང་བ་ནི་ཇི་ལྟ་བ་ཁོ་ནར་འཐབ་བྲལ་བ་རྣམས་གཞན་ཡང་ལས་ཟད་པ་ཉིད་བག་མེད་པས་ཉེ་བར་བཅོམ་ནས་མགོ་ཐུར་དུ་བལྟས་ཤིང་རབ་ཏུ་ལྷུང་བར་ གྱུར་པ་དང ། ཤིན་ཏུ་ཉམ་ཉེས་པ་དང་ཀུན་ནས་བཅིངས་པས་ཀྱང་དུད་འགྲོ་རྣམས་སུ་སྐྱེའོ། །དེ་དག་གི་སྲིད་པ་བར་མ་དོ་པ་རྣམས་ནི་དེ་དག་གི་འགྲོ་བའི་རྒྱའི་རྗེས་དང་ཆ་འདྲ་བ་ཉིད་དུ་སྐྱེ་བར་གྱུར་པ་ཡིན་ཏེ། དུད་འགྲོ་རྣམས་ཀྱི་རྣམ་པ་མཐའ་ཡས་པ་དང་ རྣམ་པ་དུ་མར་གྱུར་པ་དེ་དག་རྣམས་དང་འདྲ་བའི་སྲིད་པ་བར་མ་དོ་པ་རྣམས་སུ་འགྱུར་རོ། །རྒྱའི་རྗེས་དང་ཆ་འདྲ་བར་གྱུར་པ་དེ་ཡང་འགྲོ་བ་གསུམ་པ་རྣམས་ཀྱིས་ཀུན་ནས་བསྡུས་པའི་སྲིད་པ་བར་མ་དོ་པ་ཤིན་ཏུ་སྐྲག་པར་བྱེད་པ་དེ་དག་རྣམས་མངོན་པར་མཐོང་ནས། སླར་ཡང་ལྷ་དེ་ དག་རྣམས་ཆེས་ཕལ་ཆེ་བར་སྐྱོ་བར་གྱུར་ཅིང་མཆོག་ཏུ་ཀུན་ནས་སྐྲག་པར་གྱུར་པས་ཉེ་འཁོར་ཀུན་ན་འཇིགས་པ་དེས་ཁོང་དངངས་པར་གྱུར་པའི་བཞིན་གྱིས་ཕན་ཚུན་རྣམས་སུ་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྣམ་པར་ཤེས་དཀའ་ ཤིན་ཏུ་ཕྲ། །ཐམས་ཅད་དུ་ནི་རྒྱུག་པ་པོ། །སེམས་ཅན་ལས་ཀྱི་དབང་འགྲོ་བ། །ཐམས་ཅད་དུ་ནི་ཡོངས་སུ་རྒྱུག་།གང་དག་འཕགས་པ་ལ་སྐུར་འདེབས། །གང་ཡང་ལས་འབྲས་ལ་སྡང་བ། །དེ་དག་ཤི་ནས་དམྱལ་བར་འགྲོ། །གང་ཡང་ལོག་པར་ འདུལ་བ་པོ། །གང་ཞིག་ནང་དུ་སྡིག་སྦས་ནས། །གང་ཡང་ཆོས་གཞན་གྱིས་སླུ་བ། །ཤིན་ཏུ་སྡིག་ཅན་འཇིག་རྟེན་དེ། །དམྱལ་བའི་རྩེ་མོའི་སྐལ་ལྡན་ཡིན། །བདེ་བ་ཀུན་ཆགས་གཞན་གང་དང ། །སྐྱེ་བོ་རྟག་ཏུ་སྡིག་དགའ་བ། །རང་གི་སེམས་ཀྱིས་བསླུས་ 70-1-298a ནས་ནི། །དེ་ནི་བདེ་ནས་སྡུག་བསྔལ་འགྲོ། །གང་ཞིག་མཐར་ཐུག་བདེར་མཐོང་བ། །བདེ་དེ་མཚོན་ཆར་བརྗོད་པ་ཡིན། །གང་ཡང་སྡུག་བསྔལ་རྣམ་སྨིན་འགྱུར། །བདེ་དེ་སྡུག་བསྔལ་ཁོ་ན་ཉིད། །བག་མེད་པ་ཡི་ལྷ་རྣམས་ནི། །འཐབ་བྲལ་སྲིད་པ་ནས་འཆི་འཕོ། །དེ་ ཕྱིར་ཆོས་སྲོག་གང་གི་ཕྱིར། །མཁས་པས་རབ་ཏུ་བསྔགས་པར་བྱེད། །ཁང་བུ་སྐྱེད་མོས་ཚལ་དགའ་ཞིང ། །ཆེད་ཆེར་བུད་མེད་རྣམས་ལ་ལྟ། །འདོད་པའི་ཡུལ་གྱིས་ངོམས་མེད་པར། །ལྷ་ནི་ས་ལ་ལྟུང་བ་ཡིན། །ཇི་ལྟར་བདེ་བ་འཕེལ་བ་ནི། །སྐོམ་པ་འཕེལ་བ་དེ་བཞིན་ནོ། །སྐོམ་པ་ལས་ ནི་མཆོག་ཏུ་ནི། །མཁས་པ་ལས་ནི་རབ་ཏུ་བརྗོད། །འཇིག་རྟེན་སྐྱེ་དང་འཆི་མཐོང་ནས། །མཆོག་ཏུ་སྐྱོ་བ་མི་སྐྱེ་བ། །དེ་ལ་བདེ་ལེགས་སྐྱབས་གང་ཡོད། །གང་ཡང་སྐྱོབ་པར་མི་འགྱུར་རོ། །དེ་ལྟར་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་རྣམ་པ་དུ་མའི་སྲིད་པ་བར་མ་དོ་པ་དེ་དག་རྣམས་མངོན་ པར་མཐོང་བར་གྱུར་པ་དང་རབ་ཏུ་སྐྱོ་བའི་ཡིད་ཀུན་དུ་སྐྱེས་སོ། །དེ་དག་རྣམས་ཀྱི་སེམས་དེ་དག་མངོན་པར་མཐོང་ནས་འཐབ་བྲལ་གྱི་མངའ་བདག་མུ་སུ་ལུན་དྷ་དེས་སྤྲུལ་པའི་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་སྣང་བར་བྱས་ནས། ལེགས་པར་ཕྲད་པར་བྱེད་དོ། །ཞི་བ་རྒྱས་པའི་ཆ་བྱད་དེ་མངོན་ པར་མཐོང་ནས་ལྷ་དེ་དག་རྣམས་དབུགས་ཕྱིན་ཅིང་ཡིད་ཕེབས་པར་གྱུར་ནས། འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མགོན་པོ་དེ་གང་ན་ཡོད་པ་དེར་ཡོངས་སུ་བསྐོར་ནས་ཀུན་དུ་གནས་ཏེ། གུས་པ་ལེགས་པར་སྐྱེས་པས་ཁྱབ་པར་ཚིམ་པའི་ཡིད་ཀྱིས་ཐམས་ཅད་ཉིད་དེ་ན་གནས་སོ། །སྐྱོ་ བའི་ཡིད་ཀྱིས་བདག་ཉིད་མགོན་དང་བཅས་པ་དེ་བཞིན་དུ་དེ་དག་རྣམས་ཀྱིས་རྟོགས་སོ། །དེ་ལ་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མར་མཐོང་ན་ངོ་མཚར་བར་གྱུར་པ་རྣམས་རང་གིས་མཐོང་བས་ཚིམ་པ་མེད་པའི་ཡིད་ཀྱིས་ཀུན་དགའ་བ་མཐོང་བ་ལྟ་བུར་གྱུར་པ་དེ་ཡོངས་སུ་བསྐོར་ནས་རང་བཞིན་ གྱི་ལྷ་དེ་དག་རྣམས་གནས་སོ། །དེ་ནས་འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་རྣམས་ལ་འདི་སྐད་ཅེས་བརྗོད་དེ། ཁྱེད་ཅག་རྣམས་ནགས་དང་ཉེ་བའི་ནགས་དང་པད་མའི་རྫིང་བུ་དང་རིན་པོ་ཆེའི་ཁམས་རྣམས་དང་ལྡན་པས་རྣམ་པར་བརྒྱན་པའི་རིའི་རྩེ་མོ་རྣམས་ཉིད་ལ་ཡང་གར་གྱིས་ཤིག་ཅེས་ 70-1-298b ཉམས་སུ་བླང་བར་བྱ་བའི་དོན་དུ་རྗོད་པར་བྱེད་ཀྱང ། ཅི་ཡང་ལྷ་དེ་དག་རྣམས་སྐྱོ་བར་གྱུར་པའི་ཡིད་ལེགས་པར་སྐྱེས་པའི་ཕྱིར་དང་བག་མེད་པ་རྣམས་བསྙུངས་པར་བྱ་བའི་ཡིད་ཅན་རྣམས་བྱེད་པ་ཡིན་ནམ། དེ་ནས་རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱི་འཐབ་བྲལ་གྱི་བདག་པོའི་དྲུང་ནས་ཚིག་དེ་དག་ཐོས་ནས་རང་ བཞིན་གྱི་ལྷ་དེ་དག་སེམས་རབ་ཏུ་སྐྱོ་བར་གྱུར་པས་འདི་སྐད་ཅེས་བརྗོད་དེ། ལྷ་ལགས་ནགས་དང་ཉེ་བའི་ནགས་དང་རིན་པོ་ཆེའི་ཁམས་དང་ལྡན་པས་བརྒྱན་པ་རྣམས་ལ་བདག་ཅག་ཇི་ལྟར་ཅིའི་ཕྱིར་དགའ་བར་འགྱུར། ལྷ་རྣམས་མཚོར་བྱིང་བ་བཞིན་དུ་བདག་གིས་འཁོར་བའི་བྲེལ་ཏོག་རྣམས་རྣམ་ པར་རྟོག་པ་དུ་མས་ཀྱང་བསྲན་པར་མི་ཚུགས་པ་རྣམས་རང་གི་མིག་སྔར་མཐོང་སྟེ། འདོད་པ་རྣམས་ཐམས་ཅད་ནི་མི་རྟག་པ། སྡུག་བསྔལ་གྱི་མཐར་གཏུགས་པར་བྱེད་པ་བདག་ཅག་རྣམས་རྟག་པ་མ་ཡིན་བརྟན་པ་མ་ཡིན་ཐེར་ཟུག་མ་ཡིན་ཏེ། དེ་དག་རྣམས་ལ་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །དེ་ནས་ འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་རྣམས་ཀྱི་དྲུང་ནས་ཚིག་གི་ཆ་འདི་དག་རྣམས་ཐོས་ནས་འདི་སྐད་ཅེས་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟ་བར་འདི་དག་རྣམས་ཐམས་ཅད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་པར་གསུངས་སོ། །དེ་ནས་ལྷ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་བརྗོད་ དེ། བདག་ཅག་རྣམས་ཐམས་ཅད་ནི་ཇི་ལྟ་བ་བཞིན་དུ་དེ་ལ་ཡིད་སོང་བ་ལགས་ན། ཇི་ལྟར་ཤིན་ཏུ་སྡུག་བསྔལ་བ་རྣམས་ལྷའི་ཞལ་སྔ་ནས་ཤེས་པར་འཚལ་ལོ། །དེ་ནས་དེ་དག་གི་དྲུང་ནས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེས་ཚིག་དེ་དག་རྣམས་ཐོས་ནས་འདི་སྐད་ཅེས་བརྗོད་དེ། ཇི་ལྟར་འཁོར་བའི་སྡུག་བསྔལ་མ་ལུས་པ་དེ་དག་རྣམས་ངས་བརྗོད་པར་ནུས་མོད་ཀྱིས་ཀྱང་རེ་ཞིག་ངས་ཁྱེད་རྣམས་ལ་ཕྱོགས་གཅིག་ཙམ་མངོན་པར་བརྗོད་པར་བྱ་སྟེ། འཁོར་བ་རྣམས་སུ་ཇི་ལྟ་བར་བག་མེད་པའི་དབང་གིས་འགྲོ་བར་མ་གྱུར་ན་ནི། བསྐལ་པ་བྱེ་བ་སྟོང་ཕྲག་དུ་མ་རྣམས་ན། ཀྱེ་མ་དཀའ་བླས་ཀྱིས་བདེ་འགྲོའི་འགྲོ་བར་འབྱུང་བར་འགྱུར་བ་ཡིན་ཏེ། འགྲོ་བ་གཉིས་པོ་ལྷ་དང་མི་དང་རྙེད་པ་ནི་ཤིན་ཏུ་དཀའ་བ་ཡིན་ཞིང ། གང་དག་བག་མེད་པའི་དབང་དུ་འགྲོ་བར་མི་འགྱུར་བ་དེ་དག་རྣམས་ནི་མཁས་པ་ཡིན་ནོ། །རྐྱེན་གྱི་དབང་གིས་བྱུང་བ་རྣམས་ཀྱང་ཡོངས་སུ་སྤོང་ 70-1-299a བར་བྱེད་དོ། །དེ་དག་གི་དབང་དུ་འགྲོ་བར་མི་འགྱུར་རོ། །དམྱལ་བ་དང་ཡི་དགས་དང་བྱོལ་སོང་རྣམས་སུ་དེ་དག་སྐྱེའོ། །དེ་ལ་ཀྱེ་ཧོ་ལྷ་རྣམས་འགྲོ་བ་གསུམ་པོ་རྣམས་ངན་སོང་ཞེས་མངོན་པར་བརྗོད་དོ། །ལྷ་དང་མིའི་འགྲོ་བ་གཉིས་པོ་ནི་བདེ་འགྲོ་ ཞེས་མངོན་པར་བརྗོད་དོ། །དེ་དག་རྣམས་ཉིད་རེ་ཞིག་ཇི་ལྟར་རབ་ཏུ་སྟོབས་ཆེ་བར་གྱུར་པའི་སྡུག་བསྔལ་དག་མངོན་པར་བརྗོད་པར་མི་ནུས་སོ། །རྒྱས་པར་ནི་སྟོན་པས་མངོན་པར་བརྗོད་པར་སྤྱོད་དོ། །མདོར་བསྡུ་བར་གྱུར་ན་ལྷ་དང་མི་རྣམས་ཀྱི་སྡུག་བསྔལ་རྣམས་ནི་ རྣམ་པ་བཅུ་དྲུག་གོ། །ཡང་ལྷ་དང་མི་རྣམས་ཀྱི་དེ་ཡང་གང་དག་ཡིན་ན། བདེ་འགྲོའི་འགྲོ་བས་བསྡུས་པའི་སྡུག་བསྔལ་དུ་གྱུར་པ་རྣམས་ལ། འདི་ལྟ་སྟེ་སྲིད་པ་བར་མ་དོའི་སྡུག་བསྔལ་དང་མངལ་ན་གནས་པའི་ཡ་ང་བའི་སྡུག་བསྔལ་དང་མངལ་ནས་ཀུན་དུ་ འབྱུང་བའི་སྡུག་བསྔལ་དང་ཟས་ཀྱི་སྡུག་བསྔལ་དང་འདོད་པའི་སྡུག་བསྔལ་དང་མི་འཐུན་པ་རྣམས་དང་ཀུན་དུ་ཕྲད་པའི་སྡུག་བསྔལ་དང་སྡུག་པ་རྣམས་དང་བྲལ་བའི་སྡུག་བསྔལ་དང་གྲང་བ་དང་ཚ་བ་ལ་སོགས་པས་བཅིངས་པའི་སྡུག་བསྔལ་དང་ནད་ཀྱི་སྡུག་བསྔལ་ དང་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་དང་ཚོལ་ཁྲོའི་སྡུག་བསྔལ་དང་སྡིག་པའི་གྲོགས་པོ་དང་འདྲེ་བར་བྱེད་པའི་སྡུག་བསྔལ་དང་བུ་དང་བུ་མོ་དང་གཉེན་འདུན་རྣམས་ཀྱི་བྲེལ་དོག་གི་སྡུག་བསྔལ་དང་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང་དབང་ཆུང་བའི་སྡུག་ བསྔལ་དང་རྒ་བའི་སྡུག་བསྔལ་དང་ལྷག་པར་གྱུར་པའི་སྡུག་བསྔལ་ཤིན་ཏུ་སྡུག་བསྔལ་བས་ཤིན་ཏུ་སྡུག་བསྔལ་བ་ནི་འཆི་བའི་སྡུག་བསྔལ་ལོ། །ཇི་ལྟར་རབ་ཏུ་སྟོབས་ཆེ་བའི་སྡུག་བསྔལ་ཆེན་པོ་བཅུ་དྲུག་པོ་དེ་དག་རྣམས་ནི་མིའི་འཇིག་རྟེན་པ་རྣམས་ཀྱི་ཡིན་ཏེ་འཆི་བའི་ མཐར་ཐུག་པ་རྣམས་མིའི་འཇིག་རྟེན་དུ་སྐྱེས་པ་རྣམས་ཀྱི་ཡིན་ནོ། །གང་སེམས་ཅན་གཞན་དག་རྣམས་ལ་ནི་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་གཞན་དག་རྣམས་འབྱུང་བར་འགྱུར་བ་ཡིན་ཏེ། ཤིན་ཏུ་ཡང་བསྲན་པར་མི་བཟོད་པ་རྣམས་ཡིན་ནོ། །གང་ཡང་མཐར་ 70-1-299b ཐུག་པ་ཁོ་ནར་ཟད་པར་མི་འགྱུར་བའི་ཆོས་ཅན་དང་རབ་ཏུ་འཇིག་པར་མི་འགྱུར་བའི་ཆོས་ཅན་གྱི་བདེ་བ་ནི་འདི་དང་སྲིད་པ་གཞན་རྣམས་ན་ཡང་མེད་དོ། །དེ་ལ་རེ་ཞིག་དང་པོ་ཁོ་ནར་སྲིད་པ་བར་མ་དོར་སྐྱེས་པའི་དྲི་ཟ་སྲིད་པ་བར་མ་དོ་པའི་ཐ་སྙད་ཅན་རྣམས་ཀྱི་རྣམ་པ་ཇི་ལྟ་བུའི་ སྡུག་བསྔལ་ཡིན་ན་འདི་ལྟ་སྟེ། ལས་ཀྱི་རླུང་གིས་བཏབ་པར་གྱུར་པ་རྣམས་ཤའི་མིག་གིས་མངོན་སུམ་དུ་བལྟ་བར་བྱར་མེད་པར་ལྷའི་མིག་གིས་མཐོང་བར་གྱུར་པ་དང ། ཐོགས་པ་མེད་པར་གྱུར་པའི་རང་བཞིན་ཅན་དེ་ཡང་གང་གི་ཚེ་མིར་སྐྱེ་བར་འགྱུར་བ་ཡིན་པ་དེའི་ཚེ། ཇི་ ལྟ་བུའི་རྣམ་པར་འདི་སྐྱེ་བར་འགྱུར་བ་རྣམས་དང་རྣམ་པ་ཇི་ལྟ་བུའི་ཁྱིམ་དུ་འདི་སྐྱེ་བར་འགྱུར་བ་རྣམས་ཀྱང་སྟེ། དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་ཁྱིམ་རྣམས་སུ་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་ཀྱི་འབྲས་བུ་ཅན་རྣམས་ལ་སྐྱེ་བར་འགྱུར་བ་ན། དྲི་ཟ་དེ་ཡང་ རྣམ་པ་དེ་ལྟ་བུར་འགྱུར་བ་ཡིན་ནོ། །སྲིད་པ་བར་མ་དོ་པ་འདིའི་ཟས་ཀྱི་རིགས་སུ་གྱུར་པ་རྣམས་ནི། གལ་ཏེ་དབུལ་པོའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ན་དེའི་ཟས་རྣམས་ཧྲུད་ཧྲུད་པོ་དང ། མདོག་ངན་པ་དང་དྲི་དང་རོ་དང་རེག་དང་ཚད་རྣམས་ཀྱང་དམན་པར་འགྱུར་ཏེ། སྦྱིན་པའི་མཐུ་ ཆུང་བར་གྱུར་པའི་ཕྱིར་ན་སྐྱེ་བ་ན་ཡང་འཐོབ་པར་མི་འགྱུར་རོ། །དེ་ལ་འདི་ནི་མིར་སྐྱེ་བར་གྱུར་པ་རྣམས་ཀྱི་སྡུག་བསྔལ་གྱི་དང་པོ་ཡིན་ནོ། །དེ་ནས་སྐྱེས་པར་གྱུར་ནས་ལས་དང་ཉོན་མོངས་པའི་དབང་གིས་མངལ་ན་གནས་པར་གྱུར་ཏེ། དབུལ་པོའི་ཁྱིམ་དུ་སྐྱེ་བར་ འགྱུར་ན་མའི་ཟས་ངན་པ་དང ། གྱོང་པོ་དང་སྐྱུར་མོའི་ཟས་རྣམས་དང་ཟས་ཆུངས་པར་གྱུར་ན་ཡང་ཤ་མ་ལ་རབ་ཏུ་བརྟེན་པས་ལྟེ་བའི་སྦུབས་ནས་རབ་ཏུ་སྤེལ་བར་བྱེད་པའི་སྲོག་ཆགས་མངལ་ན་གནས་པ་ཁ་དོག་ངན་པ་དང་ལུས་རིད་པར་འགྱུར་བ་ཡིན་ནོ། །མའི་ ལུས་གཡོ་བར་གྱུར་པའི་སྐྱོན་གྱིས་ཤིན་ཏུ་སྡུག་བསྔལ་བར་གྱུར་པས་གསུས་པའི་གསེབ་ན་རྒྱུག་པར་བྱེད་དོ། །ཟས་སུ་གྱུར་པ་གྲང་བ་དང་དྲོ་བ་དག་གིས་བྱས་པས་ཀྱང་སྟེ། དེ་ལྟར་གཟིར་བར་བྱེད་པ་མནར་བའི་མཆོག་ཏུ་ཕྱིན་པ་ལ་ཡང་གོ་སྐབས་ཡེ་མེད་པ་སྐབས་ 70-1-300a མེད་པ་རྣམ་པར་ཁྲོ་བར་བྱེད་པ་ན་ཡང་སྤུངས་མེད་པ། གཅིན་དང་རྟུག་པའི་ཕུང་པོ་ཆེན་པོའི་ནང་དུ་བྱིང་བར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཆེན་པོ་རྣམ་པ་དུ་མ་རྣམས་ཡོད་དོ། །དེ་ལ་འདི་ནི་གཞན་གཉིས་པ་ཡིན་ཏེ། བདེ་འགྲོ་བ་རྣམས་ཀྱང་དེ་འདྲ་ན་དམྱལ་ བ་དང་ཡི་དགས་དང་དུད་འགྲོ་རྣམས་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་སྡུག་བསྔལ་གསུམ་པ་ཡོད་དེ། དེའི་རྗེས་ཐོགས་ལ་གལ་ཏེ་མངལ་ནས་འབྱུང་བར་འགྱུར་བ་ན་མའི་སྐྱེ་གནས་ཀྱི་བུག་པའི་ཟུར་མ་མིག་ནས་གཟིར་བར་གྱུར་པ་ནི། ཇི་ལྟར་བུ་རམ་གྱི་ཤིང་འཁྲུལ་མིག་ གི་བུ་གུ་ནས་འབྱུང་བ་ན་བཙིར་བར་གྱུར་པས་འབྱུང་བར་འགྱུར་བ་དེ་བཞིན་དུ་མངལ་གྱི་དེ་ཡང་མའི་སྐྱེ་གནས་ཀྱི་བུ་ག་ནས་ཀུན་དུ་འབྱུང་བ་ཡིན་ནོ། །དེ་ལ་འདི་ནི་མངལ་ནས་སྐྱེ་བ་སྟེ་སྡུག་བསྔལ་གཞན་ཡིན་ནོ། །དེ་དག་གི་རྗེས་ཐོགས་ལ་སྡུག་བསྔལ་བཞི་པ་ཡོད་དེ། མར་སར་ པ་དང་ཆུ་ཤིང་གི་ལོ་མ་ལྟར་ཤིན་ཏུ་འཇམ་པར་གྱུར་པའི་ལུས་རབ་ཏུ་སྨིན་པ་གཞོན་ཤ་ཅན་གྱི་དཔེར་གྱུར་པའི་ལུས་དང་ལྡན་པ་རྣམས་གང་གི་ཚེ་བཙས་པ་ན་མ་མས་རྩུབ་པ་དང་རོད་རོད་པོ་དང་རྡོལ་བ་དང་མདོག་ངན་པ་དང་ལས་སུ་མི་རུང་བ་དང་རིད་པ་དང ། བར་མིག་ཅན་ མཐུག་པ་དང་རྩེ་མོ་དང་སྒྲ་མི་སྙན་པ་དག་གི་ལག་པ་གཉིས་ཀྱིས་ལེན་པར་བྱེད་པ་དེའི་ཚེ་ཇི་ལྟར་མེས་སྲེག་པར་བྱེད་པའམ། རལ་གྲིས་གཏུབ་པར་བྱེད་པ་དེ་བཞིན་དུ་ཤིན་ཏུ་འཇམ་པའི་ཕྱིར་ན་འདི་ལ་ཡང་ཟུག་གཟེར་སྐྱེད་དོ། །དེའི་ལུས་ཤིན་ཏུ་འཇམ་པོར་གྱུར་པ་འདི་ གལ་ཏེ་དང་པོར་གོས་འཇམ་པོ་རྣམས་བསྐོན་པར་གྱུར་ཀྱང་དེ་དག་རྣམས་ནི་ཇི་ལྟར་བསླངས་པ་དང་མཐུག་པ་དང་རྩུབ་པ་དང་རྡོལ་བ་དང་རབ་ཏུ་རྙིངས་པ་དང་བཙེམས་པ་དང་བསྐུམས་པ་རྣམས་ཀྱི་ནང་དུ་ལུས་བཅུག་པ་བཞིན་དུ་འགྱུར་རོ། །གྲང་བའི་དུས་སུ་འདི་ཡང་ཤིན་ཏུ་གྲང་ བར་འགྱུར་ཏེ། བཙས་པ་ན་ཁྱིམ་གང་ཡིན་པར་ནི་གྲང་བས་ཤིན་ཏུ་ཡང་ཉེན་པར་འགྱུར་རོ། །དེ་བཞིན་དུ་ཚད་པའི་དུས་སུ་ཚད་པ་ཤིན་ཏུ་སྟོབས་ཆེ་བར་འགྱུར་ཏེ། གང་གིས་ཤིན་ཏུ་སྲེག་པར་བྱེད་པ་སྦྱིན་པ་དམན་པ་ཉིད་ཀྱི་ཕྱིར་ན་མནར་བར་འགྱུར་རོ། །ནང་དུ་ཡང་ 70-1-300b བསྲེགས་པས་སྡུག་བསྔལ་གྱིས་མའི་སྐྱེ་གནས་ནས་འབྱུང་བར་འགྱུར་རོ། །འདིའི་སྦྱིན་པ་དམན་པ་ཡིན་པའི་ཕྱིར་ན་དེའི་རྗེས་ཐོགས་ལ་ཟས་ཀྱིས་སྡུག་བསྔལ་བར་འགྱུར་ཏེ། ནུ་མ་དག་གི་དང་ཟས་ཟ་བར་བྱེད་པ་ན་ཡང་སྡུག་བསྔལ་བར་འགྱུར་རོ། །རེ་ཞིག་ནུ་མ་དག་ ནི་མ་ཟས་ཉུང་བར་གྱུར་པས་དེའི་ནུ་ཞོ་རྣམས་ཀྱང་ཉུང་བར་འགྱུར་ཏེ། གང་གིས་ཤིན་ཏུ་རིད་པ་དང་མདོག་ཉམས་པ་དང་མདོག་ངན་པ་དང་རྗུད་པར་གྱུར་པ་དང་རྒྱུས་པ་དང་རུས་པ་དང་པགས་པ་རྣམས་ཀྱི་ལྷག་མ་ཙམ་དུ་གྱུར་པའི་ལུས་བཀྲེས་པར་གྱུར་པ་ནད་རྣམས་འདྲེན་ པར་བྱེད་པའི་ལུས་སུ་འགྱུར་རོ། །རྟག་ཏུ་རྟེན་དུ་མི་བཟོད་པའི་ལུས་སུ་འགྱུར་རོ། །དེ་ནས་དུས་གཞན་ན་ཟས་དང་སྐོམ་བག་ཙམ་ཡོད་པར་གྱུར་ན་ཡང ། དེ་དེ་ཁོ་ན་བཞིན་དུ་ཡོངས་སུ་འཛིན་པར་བྱེད་པའི་རྣམ་པར་རྟོག་པས་ཡོངས་སུ་བཅོམ་པའི་ཕྱིར་དྲི་དང་རོ་དང་ རེག་བྱ་རྣམས་ཆུང་ཞིང་དམན་པ་དང་གཞན་རྣམས་ཀྱི་ཟས་ཀྱིས་ཏེ། གལ་ཏེ་ཤེད་ན་སྲོག་ཀུན་ནས་གཏོང་བའམ་ཤིན་ཏུ་རིད་པས་འཛིན་པར་འགྱུར་རོ། །དེ་ལྟར་ཡིན་པས་ཡང་གལ་ཏེ་ན་ནུ་མ་ཟས་སུ་ཟ་བར་འགྱུར་ཏེ། ཇི་ལྟ་བར་མཛེས་པ་ནི་ལུས་ལྟད་མོར་ཆེ་བས་སྲོག་ འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་འདིའི་སྦྱིན་པ་ངན་པ་ཡིན་པའི་ཕྱིར་ན་འདིའི་མ་ལུས་པ་ཀུན་ཡང་རབ་ཏུ་ཟད་པར་འགྱུར་བ་ཡིན་ནོ། །དེས་ན་ཡང་ཟས་བསོད་པར་འགྱུར་བ་རྣམས་ཀྱིས་འདིའི་གསུས་པ་ལེགས་པར་ཚིམ་པར་གྱུར་པ་ཡིན་ན་ཡང ། དེ་ལྟར་ན་ཡང་ཟས་ ཀྱིས་བྱས་པའི་སྡུག་བསྔལ་ཆེན་པོར་འབྱུང་བར་འགྱུར་རོ། །དེའི་རྗེས་ཐོགས་ལ་འདིའི་སྡུག་བསྔལ་ལྔ་པ་ཡོད་པ་རྣམས་ནི་འདི་ལྟ་སྟེ། འདོད་པས་བྱས་པ་རྣམས་སོ། །དེ་དེ་ལྟར་ཟས་ཀྱིས་བྱས་པའི་སྡུག་བསྔལ་རྣམས་ཀྱིས་གཟིར་བར་གྱུར་པ་ན་འདི་ལ་རྣམ་པ་སྣ་ཚོགས་ པ་རྣམས་སུ་རྒྱུ་བར་བྱ་བའི་འདོད་པ་འབྱུང་བར་འགྱུར་ཏེ། ལྟོ་བཀྲེས་པས་ཉེ་བར་བཅོམ་པ་ཡིན་པའི་ཕྱིར་རོ། །དེ་དེས་གཟིར་བར་གྱུར་པའི་ཕྱིར་གལ་ཏེ་ན་རྐུ་བར་བྱེད་དོ། །གལ་ཏེ་ན་ཕན་པ་མ་ཡིན་པའི་ལས་གཞན་ཅུང་ཟད་ཙམ་ཡང་བྱེད་པར་འགྱུར་ཏེ། ལྷན་ཅིག་ཏུ་ 70-1-301a གནས་པ་དེ་གསོད་པར་བྱེད་པས་འཆི་བའམ་འཆི་བ་ལ་ཐུག་པའི་སྡུག་བསྔལ་ལྷག་པར་འབྱུང་བར་འགྱུར་རོ། །སྡུག་བསྔལ་འདི་དག་རྣམས་ཐམས་ཅད་ཀྱི་ཡང་རྩེ་མོར་ཕྱིན་པར་སྡུག་བསྔལ་ནི་འདི་ལྟ་སྟེ། བཀྲེས་པ་དང་སྐོམ་པས་བྱས་པའི་སྡུག་བསྔལ་ལོ། ། དེ་ལ་དུས་དེའི་ཚེ་ན་མུ་སུ་ལུན་དྷ་དེས་འཐབ་བྲལ་བ་དེ་དག་རྣམས་ལ་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ཕལ་ཆེར་འཁོར་བའི་སྡུག་བསྔལ་ལ། །བཀྲེས་པའི་སྡུག་དང་མཚུངས་མེད་པ། །གང་གིས་སེམས་ཅན་འདི་དག་གཟིར། །མི་དགེའི་བདག་ཉིད་བྱས་པ་ ལས། །རང་གི་ལུས་ལས་ལངས་པའི་མེ། །བཀྲེས་པ་ཞེས་ནི་མངོན་པར་བརྗོད། །རྣམ་རྟོག་མེས་ནི་ལྗོན་ཤིང་བཞིན། །འཇིག་རྟེན་གསུམ་གྱི་ལྷག་མ་སྲེག་།འཇིག་རྟེན་གཞན་དུ་མེ་འདི་ནི། །འགྲོ་ཞིང་རྗེས་སུ་འགྲོ་བར་འགྱུར། །བསྐལ་པ་བརྒྱ་ཡི་བར་དུ་ ཡང ། །འཆི་བར་གྱུར་པ་མཐོང་བ་མེད། །གང་ཡང་བྱིས་རྣམས་མི་དགེ་བྱེད། །གང་ཡང་འགྲོ་བ་ངན་སོང་དུ། །དེ་ནི་ཟས་རྣམས་དག་གི་ནི། །གཞི་ལས་ཡིན་པར་མཁས་རྣམས་བརྗོད། །ལྟོགས་པའི་འབྲས་བུ་ཇི་བཞིན་དུ། །མི་ནི་རང་དོན་ལ་བརྩོན་མིན། ། ཁམས་གསུམ་མ་ལུས་འདི་དག་རྣམས། །ཟས་ཀྱི་དབང་གིས་འཇུག་པ་ཡིན། །དེ་དག་གང་ཕྱིར་རྣམ་སྣ་ཚོགས། །འཇིག་རྟེན་འདི་དག་མི་ལས་བྱུང ། །སྲིད་གསུམ་ཆུ་བོ་དེ་ཐམས་ཅད། །ཟས་དོན་གཉེར་བ་བྱེད་ལས་ཡིན། །དེ་ལྟར་མུ་སུ་ལུན་དྷ་དེས་རང་བཞིན་གྱི་ལྷ་དེ་ དག་རྣམས་ལ་རྗོད་པར་བྱེད་དོ། །གཞན་ཡང་ལྷ་དག་མིའི་འཇིག་རྟེན་དུ་མི་རྣམས་ཀྱི་སྡུག་བསྔལ་གང་དག་ཅེ་ན། འདི་ལྟ་སྟེ་མི་སྡུག་པ་དང་ཕྲད་པ་ཞེས་བྱ་བའོ། །དེ་ལ་དྲུག་པོ་འདི་དག་རྣམས་ནི་མི་སྡུག་པ་དང་ཀུན་དུ་ཕྲད་པ་ཡིན་ནོ། །དེ་ལ་དེ་དག་རྣམས་ཀྱང་གང་ཞེ་ན། འདི་ ལྟ་སྟེ་མིག་གིས་གཟུགས་རྣམས་གང་དག་མཐོང་བ་ནས་མཛའ་བོ་མ་ཡིན་པ་ལ་སོགས་པ་དེ་དག་རྣམས་ནི་འདོད་པ་མ་ཡིན་པ་དང་སྡུག་པ་མ་ཡིན་པ་རྣམས་མཐོང་བ་ཡིན་ནོ། །གཟུགས་འདི་མཐོང་བར་གྱུར་པ་ལས་ཀྱང་ཡིད་ཀྱི་རྗེས་སུ་མི་འཐུན་ཞིང་དང་བ་མ་ཡིན་པར་འགྱུར་རོ། ། 70-1-301b སེམས་དང་སེམས་ལས་བྱུང་བ་རྣམས་རྙོག་པ་ཅན་དུ་བྱས་པ་ལས་ཀྱང་འཇིགས་པ་དང་བཅས་པར་འགྱུར་བ་དང ། ཉེ་བར་འཚེ་བ་དང་བཅས་པའི་སྡུག་བསྔལ་རྣམས་སེམས་དང་སེམས་ལས་བྱུང་བ་རྣམས་ལ་སྐྱེད་པར་བྱེད་དོ། །དེ་ལ་གཟུགས་ཀྱི་ཚོགས་དེ་དག་རྣམས་ཀུན་ལ་དང་ པོར་འདི་འཇུག་པར་འགྱུར་བ་ནི། འདི་ལྟ་སྟེ་དགྲ་བོ་དང་ཕྲད་པའམ་སྡིག་པའི་གྲོགས་པོའི་སྐྱེས་བུ་དང་ཕྲད་པའོ། །དེ་བཞིན་དུ་རྣ་བས་ཀྱང་སྒྲ་རྣམས་ཐོས་པ་ན་མི་ཕན་པ་དང་མི་སྡུག་པ་དང་ཡིད་དུ་མི་འོང་ཞིང་རྗེས་སུ་མི་འཐུན་པ་རྣམས་འདི་ལ་སྐྱེད་པར་བྱེད་པ་དང ། ཡིད་ཀྱི་རྒྱུན་ ཀྱང་རྙོག་པ་ཅན་དུ་བྱེད་པ་འདི་ནི་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གཞན་ཡིན་ནོ། །དེ་ལ་མི་འཐུན་པའི་སྒྲ་རྣམས་ཀྱི་ཕུལ་དུ་ཕྱིན་པ་ནི་འདི་ཡིན་ཏེ། འདི་ལྟར་དམ་པ་མ་ཡིན་པའི་ཆོས་སྒྲོགས་པ་ན་ཡང་དེ་ཉན་པར་བྱེད་པའོ། །འདི་ཐོས་ནས་ལུས་ཞིག་པ་ན་ཡང་ངན་སོང་ལོག་ པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་ཡང་གཞན་ཅུང་ཟད་སྒྲ་མི་སྙན་པ་དང་མི་སྡུག་པ་དང་མི་འཐུན་པ་དང་ཀུན་ནས་ཉོན་མོངས་པ་ཅན་རྣམས་གང་དག་ཐོས་ནས་འདི་དག་རྣམས་ཀྱི་ཡིད་མི་བདེ་བ་སྐྱེད་པར་བྱེད་པ་དང ། སེམས་ཀྱི་རྒྱུད་ཀྱང་རྙོག་པ་ཅན་ དུ་བྱེད་པར་འགྱུར་བ་དང ། མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་འདི་ནི་མིའི་འཇིག་རྟེན་པའི་མི་རྣམས་ཀྱི་མི་སྡུག་པ་དང་ཕྲད་པ་ལས་སྐྱེས་པའི་སྡུག་བསྔལ་ཞེས་བརྗོད་དོ། །ལྷ་དག་གང་མི་རྣམས་ཀྱི་མིའི་འཇིག་རྟེན་དུ་མི་འཐུན་པ་དང་ཕྲད་པ་ལས་སྐྱེས་པའི་སྡུག་བསྔལ་གསུམ་པ་ གཞན་གང་ཞེ་ན། འདི་ལྟ་སྟེ་སྣས་ཇི་སྲིད་དུ་དྲི་རྣམས་སྣོམ་པར་བྱེད་པ་ན་མི་འདོད་པ། མི་སྡུག་པ། ཡིད་དུ་མི་འོང་བ་རྣམས་དང ། གང་ཡང་འདིས་བསྣམས་པར་གྱུར་པས་སེམས་ཀྱི་རྒྱུད་རྙོག་པ་ཅན་དུ་སྐྱེད་པར་བྱེད་པ་དང ། ཡང་ཡིད་ཀྱི་རྗེས་སུ་མི་འཐུན་པར་གྱུར་པ་ གང་གིས་འདི་ཀུན་ནས་ཉོན་མོངས་པ་ཅན་གྱི་སྡུག་བསྔལ་རྣམས་སྐྱེད་པར་བྱེད་པའོ། །ཀྱེ་ཧོ་ལྷ་དག་དེ་ལ་འདི་ནི་མི་རྣམས་ཀྱི་མིའི་འཇིག་རྟེན་ན་མི་སྡུག་པ་དང་ཕྲད་པ་རྣམས་ཀྱི་ཕུལ་དུ་ཕྱིན་པ་ཡིན་ཏེ། དགེ་ལེགས་སུ་གྱུར་པའི་སྐྱེས་བུ་གཞན་དག་གང་ཡང་རུང་བ་རྣམས་ཀྱིས་ཆོས་ 70-1-302a ལ་མཆོད་པར་བྱ་བའི་རྒྱུ་མཚན་དུའམ་དགེ་འདུན་ལ་ཡང་རུང་སྟེ། བདུག་སྤོས་ཕུལ་བར་གྱུར་པ་ལས་བློ་གྲོས་དམན་པར་གྱུར་པ་དང་ཡིད་མོང་རྟུལ་བར་གྱུར་པ་གང་དག་གིས་ཇི་ལྟར་འགྲོ་བར་གྱུར་པ་ནའམ་འདུག་པར་གྱུར་པ་ན་ཡང་རུང་སྟེ། འདུན་པའི་འདོད་ཆགས་ སྔོན་དུ་འགྲོ་བས་དང ། མངོན་པར་གཙེ་བ་སྔོན་དུ་འགྲོ་བས་དང ། གུས་པ་མེད་པ་སྔོན་དུ་བཏང་བས་དང ། ཐུལ་འོག་ཏུ་འཇུག་པ་སྔོན་དུ་བཏང་བས་ཀྱང་རུང་སྟེ། ཀུན་ནས་ཆགས་པ་སྣ་ཕྱོགས་སུ་བཏང་བས་དེ་ཡང་སྣོམ་པར་བྱེད་དོ། །དེའི་རྒྱུ་ལས་ལུས་ཞིག་པར་གྱུར་ནས་ ངན་སོང་ལོག་པར་ལྟུང་བར་དམྱལ་བར་སྐྱེའོ། །སྐྱེས་བུ་ངན་པ་རྣམས་སྣའི་རྒྱུ་དང་སྣ་དང་ཀུན་དུ་འབྲེལ་པ་ལས་མི་དགེ་བའི་བློ་དང་ལྡན་པ་རྣམས་ནི་ལུས་ཞིག་པར་གྱུར་པ་དང་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །ཀྱེ་ལྷ་དག་འདི་ནི་མི་རྣམས་ཀྱི་མིའི་འཇིག་རྟེན་ན་མི་སྡུག་་ པ་རྣམས་དང་ཕྲད་པ་ལས་ཀུན་དུ་སྐྱེས་པའི་སྡུག་བསྔལ་ཞེས་བརྗོད་དོ། །གཞན་ཡང་མི་སྡུག་པ་དང་ཕྲད་པ་ལས་སྐྱེས་པའི་ཤིན་ཏུ་སྡུག་བསྔལ་བ་རྣམས་ཡོད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ་མི་རྣམས་ཀྱི་མིའི་འཇིག་རྟེན་ན་བློ་གྲོས་ངན་པ་དང་ལྡན་པའི་སྐྱེས་བུ་ ངན་པ་རྣམས་རོའི་དོན་དུ་ཉེས་པ་བྱེད་པའི་ལས་རྣམས་བྱེད་པ་རྣམས་ཡིན་ལ། གང་དག་གི་རྒྱུས་ལུས་ཞིག་པ་ན་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་ཡང་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་གི་ཆ་བྱད་འཛིན་པ་ནང་རུལ་ པར་གྱུར་པ་ཐོས་པ་དང་མི་ལྡན་པ་དུང་གི་སྒྲ་དང་མཚུངས་པར་སྤྱོད་པ་རྣམས། དགེ་འདུན་གྱི་ནང་དུ་ཞུགས་པར་གྱུར་པའམ་སྦྱིན་བདག་གི་ཁྱིམ་དུ་སོང་བར་གྱུར་པ་ན་ཡང་རུང་སྟེ། ལྕེ་དང་རབ་ཏུ་འབྲེལ་བ་དང་དེ་ལ་སོང་བའི་བློས་དགེ་སློང་གི་ཆ་བྱད་འཛིན་པས་རོ་དག་མྱོང་ བར་བྱེད་པ་ནི། རྒྱུ་དེ་དང་རྐྱེན་དེ་དག་གིས་ལུས་ཞིག་པ་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །གང་ཡང་ལེ་ལོ་ཅན་གྱི་དགེ་སློང་གཞན་རྣམས་ནི་བསམ་གཏན་གྱིས་བསམ་གཏན་དུ་བྱེད་པའི་བྱ་བ་ཡོངས་སུ་བཏང་ནས། ཡིད་དེ་ལ་སོང་བ་དང་རང་གི་འདུན་ 70-1-302b པའི་འདོད་ཆགས་སྔོན་དུ་འགྲོ་བས་ཟས་ཀྱི་དོན་དུ་གནས་ན་གནས་རྣམས་སུ་ཉེ་བར་འགྲོ་བར་བྱེད་དོ། །རྒྱུ་དེ་ལས་ལེ་ལོ་ཅན་དེ་ལུས་ཞིག་པ་ན་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེ་བར་འགྱུར་རོ། །ཀྱེ་ཡེའི་ལྷ་དག་དེ་ལ་འདི་ནི་མིའི་འཇིག་རྟེན་དུ་མི་རྣམས་ལ་ལྕེ་རོ་དང་ཀུན་ དུ་འབྲེལ་པའི་མི་སྡུག་པ་དང་ཕྲད་པ་ལས་བྱུང་བའི་སྡུག་བསྔལ་ཡིན་ནོ། །གཞན་ཡང་ཀྱེ་ལྷ་དག་མི་རྣམས་ཕན་པ་འདོད་པས་བྱས་པའི་མིའི་འཇིག་རྟེན་དུ་མི་སྡུག་པ་དང་ཕྲད་པ་ལས་བྱུང་བའི་སྡུག་བསྔལ་གང་ཞེ་ན། དེ་འདི་ལྟ་སྟེ་ལུས་ཀྱིས་རེག་བྱ་ལ་རེག་པར་བྱེད་དེ། དེ་ དང་རབ་ཏུ་འབྲེལ་བའི་བློར་གྱུར་པ་དགེ་བ་རྣམས་སེམས་པར་མི་བྱེད་དོ། །ཆོས་ཀྱིས་ལམ་དུ་ངེས་པར་འཇུག་པར་མི་བྱེད་དོ། །བློ་མཉམ་པར་བཞག་པར་མི་འགྱུར་རོ། །འདི་ནི་སྐྱེས་བུ་ངན་པ་ཡུལ་ངན་པ་དང་རབ་ཏུ་འབྲེལ་བའི་བློ་དང་ལྡན་པ་ཞེས་བརྗོད་དེ། ལུས་ཞིག་པར་ གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །ཀྱེ་ལྷ་དག་འདི་ནི་མི་རྣམས་ལ་མིའི་འཇིག་རྟེན་དུ་མི་སྡུག་པ་དང་ཀུན་ནས་ཕྲད་པའི་སྡུག་བསྔལ་ཞེས་བརྗོད་དོ། །ཀྱེ་ཡེའི་ལྷ་དག་གཞན་ཡང་མི་རྣམས་ལ་མིའི་འཇིག་རྟེན་དུ་མི་སྡུག་པ་དང་ཀུན་ནས་ཕྲད་པ་ལས་སྐྱེས་པའི་ སྡུག་བསྔལ་རྣམས་གང་ཞེ་ན། འདི་ལྟ་སྟེ་གང་འགའ་ཞིག་བློ་གཡོ་བ་དང་བློ་རྣམ་པར་གནས་པ་མེད་པ་དང་གཅིག་ཏུ་མ་ངེས་པའི་བློ་དང་བློ་རྣམ་པར་གཡེངས་པར་གྱུར་པས་རྟག་ཏུ་ཡང་ཆོས་ངན་པ་ཡིད་ཀྱིས་སེམས་པར་བྱེད་པ་ཡིན་ནོ། །གལ་ཏེ་ཆོས་ལ་དགའ་བ་དང་དགེ་བ་སྟེན་པར་ བྱེད་པ་དང་བདག་ལ་ཕན་པར་བྱེད་པ་མ་ཡིན་པ་དེ་དག་ནི། གང་དག་གི་རྒྱུས་ལུས་ཞིག་པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བར་སྐྱེ་བར་འགྱུར་རོ། །ཀཝའི་ལྷ་དག་འདི་ནི་མི་རྣམས་ཀྱི་མིའི་འཇིག་རྟེན་ན་མི་སྡུག་པ་དང་ཀུན་ཏུ་ཕྲད་པ་ལས་སྐྱེས་པའི་སྡུག་བསྔལ་ཞེས་བརྗོད་ དོ། །རིགས་དུ་མ་དང་ཚུལ་ལུགས་དུ་མར་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་གཞན་དང་གཞན་རྣམས་ཀྱང་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་རྣམ་པ་གསུམ་པོ་འདི་ནི་ངེས་པར་མི་སྡུག་པ་དང་ཕྲད་པ་ཡིན་ཏེ། འདི་ལྟར་སྲོག་གཅོད་པར་བྱེད་པ་མིག་གི་ཚེར་མར་གྱུར་པ་རྟག་ཏུ་མི་ 70-1-303a འཐུན་པའི་དགྲ་རྣམས་དང་ལྷན་ཅིག་ཀུན་ཏུ་ཕྲད་པ་འདི་ནི་མི་སྡུག་པ་དང་ཀུན་ཏུ་ཕྲད་པ་གཅིག་ཡིན་ནོ། །གཞན་ཡང་མི་སྡུག་པ་དང་ཀུན་ཏུ་ཕྲད་པར་གྱུར་པ་ལ་འདི་ལྟ་སྟེ། སྡིག་པའི་གྲོགས་པོ་དང་ལས་ལྷན་ཅིག་སྤྱོད་པར་བྱེད་པའོ། །ངེས་པར་འདིར་མི་སྡུག་པ་དང་ ཕྲད་པ་གསུམ་པ་འདི་ལྟ་སྟེ་འགྲས་པར་གྱུར་པ་ནང་དུ་སྦས་ནས་དུས་གཞན་དུ་ཀུན་ནས་འཇོམས་པར་བྱེད་པའོ། །འདི་དག་རྣམས་ནི་ངེས་པར་མི་སྡུག་པ་དང་ཕྲད་པ་གཞན་རྣམ་པ་གསུམ་ཞེས་བརྗོད་དོ། །ཀྱེའི་ལྷ་དག་དེ་དག་རྣམས་ནི་མིའི་འཇིག་རྟེན་པའི་མི་རྣམས་ཀྱི་སྡུག་བསྔལ་ཆེན་པོ་རྣམ་ པ་དུ་མ་གཞན་རྣམས་ཡིན་ནོ། །གཞན་ཡང་མུ་སུ་ལུན་དྷ་དེས་སྡུག་བསྔལ་ལས་ལྷ་དེ་དག་རྣམས་ཀྱི་ཡིད་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་སྟོན་པར་བྱེད་པ་ལས། འདི་ལྟ་སྟེ་སྡུག་པ་དང་བྲལ་བའོ། །སྡུག་པ་ཞེས་བྱ་བའི་མིང་ཡང་གང་དག་གིས་འཇིག་རྟེན་གཉིས་སུ་ཕན་པར་བྱེད་པ་ཡིན་ ནོ། །རྟག་ཏུ་ཕན་པར་འདོད་པའི་དགེ་བའི་གྲོགས་པོ་དེ་དང་ལྷན་ཅིག་ཏུ་བྲལ་བར་གྱུར་པའོ། །དེ་ལ་འདི་ནི་སྡུག་བསྔལ་ཆེན་པོ་ཡིན་ནོ། །ཡང་དེ་མ་དང་ཕ་དང་སྤུན་དང་སྲིང་མོ་དང་བུ་དང་བུ་མོ་དང་འབྲེལ་པ་རྣམས་དང་གཞན་ཡང་སྲེད་པའི་གནས་སུ་གྱུར་པ་རྣམས་ཀྱེ་མ་གནོད་པར་བྱེད་པ་ཚ་ བ་རྩུབ་པ། མཚོན་ཆ་དང་མེར་ལྷུང་བ་ལས་ལྷག་པར་སེམས་སྲེག་པ་སྐྱེ་བར་འགྱུར་རོ། །འདི་དག་ནི་སྡུག་པ་རྣམས་དང་བྲལ་བ་ལས་གྱུར་པའི་སྡུག་བསྔལ་ཞེས་བརྗོད་དོ། །གཞན་ཡང་འཐབ་བྲལ་བའི་མངའ་བདག་དེས་ལྷ་དེ་དག་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་ པ་ནི། འདི་ལྟ་སྟེ་གྲང་བ་དང་ཚ་བ་གཉིས་པོ་དག་གིས་སྡུག་བསྔལ་ལོ། །གཞན་ཡང་འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་རྣམས་ཉིད་ལ་མངོན་པར་བརྗོད་པ། ལྷ་དག་མི་རྣམས་ཀྱི་མིའི་འཇིག་རྟེན་འདི་ན་སྡུག་བསྔལ་དེ་དག་རྣམས་གང་དག་ཅེ་ན། འདི་ལྟ་སྟེ་གྲང་བ་དང་ཚ་བ་ལ་སོགས་ པ་གཉིས་དག་གིས་སྡུག་བསྔལ་ལོ། །དེ་ལ་ཤིན་ཏུ་སྟེན་པས་ཀྱང་སྟེ། ལྷ་དག་གྲང་བ་ཧ་ཅང་སྟེན་པར་བྱེད་པའི་མི་རྣམས་ནི་མིའི་འཇིག་རྟེན་དུ་སྡུག་བསྔལ་དེ་ལ་ཡང་ལོངས་སྤྱད་ནས་གང་ཡང་ཚ་བ་རྣམས་ལ་སྟེན་པར་བྱེད་པས། མིའི་འཇིག་རྟེན་པ་རྣམས་དེ་ལས་ཀྱང་སྡུག་བསྔལ་བར་ 70-1-303b འགྱུར་རོ། །དེ་བཞིན་དུ་ཁ་ཟས་ཧ་ཅང་བསྟེན་པས་ཀྱང་སྡུག་བསྔལ་བར་འགྱུར་རོ། །དུས་ཡུན་རིང་དུ་འདུག་པ་བསྟེན་པས་ཀྱང་སྡུག་བསྔལ་ལོ། །དུས་རིང་དུ་ལངས་པ་དང་འགྲོ་བ་ཡང་སྡུག་བསྔལ་ཉིད་དོ། །དེ་བཞིན་དུ་བཏུང་བ་ཤིན་ཏུ་བསྟེན་པའི་སྡུག་བསྔལ་དང ། རྨི་ལམ་གྱི་ སྡུག་བསྔལ་ཉིད་དང་མཚན་མོ་མལ་སྟན་ལ་གཞོགས་ངོས་གཅིག་གིས་སྟན་ལ་ཉལ་བས་ཀྱང་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་བཞིན་དུ་གཞོགས་གཉིས་པས་ཀྱང་ཤིན་ཏུ་དུས་རིང་དུ་ཉལ་བར་གྱུར་ན་ཤིན་ཏུ་སྡུག་བསྔལ་བ་སྐྱེ་བར་འགྱུར་རོ། །གཉིས་གཉིས་ལས་སྐྱེས་པའི་བདེ་ བ་ལྟར་སྣང་བ་རྣམས་ཀྱིས་མི་རྣམས་མིའི་འཇིག་རྟེན་དུ་བསླུས་པའི་ཕྱིར་ན་སེམས་ཅན་རྣམས་ལེགས་པར་བྱ་བའི་ལས་རྣམས་ནི་མི་བྱེད་དོ། །བདེ་བས་ཤིན་ཏུ་རྣམ་པར་བཅོམ་པ་དེས་དམྱལ་བར་རྒྱུག་པར་འགྱུར་རོ། །ལྷ་དག་མི་རྣམས་ཀྱི་མིའི་འཇིག་རྟེན་ན་ཤིན་ཏུ་སྡུག་བསྔལ་བ་དེ་ཡང་ བདེ་བའི་གཟུགས་བརྙན་གྱི་སྡུག་བསྔལ་བ་རྣམས་ཡིན་ནོ། །ལྷ་རྣམས་དེ་བཞིན་དུ་མ་གྱུར་ཅིག་ཅེས་ཕན་པར་བྱ་བའི་དོན་དུ་དེ་ལྟར་མུ་སུ་ལུན་དྷ་དེས་འཐབ་བྲལ་གྱི་ལྷ་རྣམས་ལ་ཆོས་སྟོན་པར་བྱེད་དེ་མིའི་འཇིག་རྟེན་དེ་ལ་སྐྱེས་པ་རྣམས་ཀྱི་བདེ་བ་ཇི་ལྟ་བ་བཞིན་དུ་བདག་ཅག་རྣམས་ཀྱི་བདེ་་ བ་ཡང་འགྱུར་བ་དེ་དགག་པར་བྱ་བའི་དོན་དང ། དེ་དག་ལ་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་འཁོར་བ་ལས་ཁ་ཕྱིར་ཕྱོགས་པར་འགྱུར་བའི་ཆོས་སྟོན་པར་བྱེད་དོ། །འཐབ་བྲལ་གྱི་བདག་པོ་དེ་འཁོར་བ་ལས་ཁ་ཕྱིར་ཕྱོགས་པས་ཕན་པར་བྱ་བའི་དོན་དུ་བག་མེད་པས་བག་མེད་པ་རྣམས་འདུལ་ བར་བྱ་བའི་ཕྱིར་རོ། །གཞན་ཡང་འཐབ་བྲལ་གྱི་བདག་པོ་དེ་ལྷ་དེ་དག་རྣམས་ཉིད་ལ་མི་རྣམས་ཀྱི་སྡུག་བསྔལ་གཞན་དག་སྟོན་པར་བྱེད་དོ། །ཇི་ལྟར་མི་རྣམས་ཀྱི་མིའི་འཇིག་རྟེན་དུ་ནད་རྣམས་འབྱུང་བར་འགྱུར་བ་དེ་ལ། རྣམ་པ་དུ་མ་དང་རྣམ་པར་རྟོག་པ་མང་པོ་དང་ཀུན་ནས་སློང་བ་དུ་ མ་རྣམས་ཀྱིས་རིམས་ནད་དང་ཤིན་ཏུ་འཁྲུ་བ་དང་དབུགས་མི་བདེ་བ་དང་གློ་ལུ་བ་ལ་སོགས་པའི་ནད་རྣམས་ཏེ། ནད་བཞི་བརྒྱ་རྩ་བཞིར་འགྱུར་བ་ཡིན་ནོ། །གཉིས་གཉིས་ཀྱི་སྡུག་བསྔལ་གང་དག་གིས་མངོན་པར་བཅོམ་པར་གྱུར་པའི་སེམས་ཅན་རྣམས་ནི་ཕྱི་ནས་ཡང་ནད་ཀྱིས་ཉེ་བར་ 70-1-304a འཇོམས་པར་འགྱུར་རོ། །དེ་ནས་གཞན་ཡང་གང་དག་དེའི་རྗེས་ཐོགས་ལ་མི་རྣམས་མིའི་འཇིག་རྟེན་དུ་གང་གིས་འཇོམས་པར་བྱེད་པ་དེ་ལ་ཡང་འདི་ནི་ལུས་ཀྱི་ནད་ཅེས་བརྗོད་དོ། །མི་རྣམས་ཀྱང་ཕལ་ཆེར་མྱ་ངན་དང་ཡིད་མི་བདེ་བ་ལ་སོགས་པ་རྣམས་ནི་མི་རྣམས་ཀྱི་ ནད་ཡིན་ཏེ། འཇིག་རྟེན་པས་ཀྱང་དེ་སྐད་ཅེས་བརྗོད་དོ། །གཞན་ཡང་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ཉིད་ལ་ཕན་པར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་པ་ནི། འཁོར་བ་བྲི་བར་བྱ་བའི་དོན་དུ་དང་མིའི་འཇིག་རྟེན་རྣམས་སྡུག་བསྔལ་གྱིས་ཀུན་ཏུ་འབར་བར་སྟོན་པར་བྱེད་པ་ལ། འདི་ལྟ་སྟེ་གཞན་གྱི་དབང་དུ་གྱུར་པ་ཉིད་ཅེས་བྱ་བ་ནི་མིའི་འཇིག་རྟེན་ན་མི་རྣམས་ཀྱི་སྡུག་བསྔལ་ཡིན་ནོ། །ཀཝའི་ལྷ་རྣམས་མིའི་འཇིག་རྟེན་འདི་ན་སྐྱེ་བ་མཉམ་པར་གྱུར་ཅིང་རིགས་མཚུངས་པ་དང་དབང་པོ་རྣམས་མཚུངས་པ་དང་ན་ཚོད་མཚུངས་པ་དང་དཔའ་བརྟན་མཚུངས་པར་གྱུར་པ་རྣམས་ ཀྱང་ལས་དམན་པར་གྱུར་པས་གཞན་གྱི་དབང་ཉིད་དུ་ཉེ་བར་འགྱུར་རོ། །དེ་ཉིན་མོ་དང་མཚན་མོ་མེད་པར་རང་དབང་དུ་འགྱུར་བ་མ་ཡིན་ནོ། །རྟག་པར་ཡང་ཤིན་ཏུ་སྡུག་བསྔལ་གྱི་ཁུར་ཁྱེར་བར་བྱེད་དོ། །འདི་ནི་གཞན་གྱི་དབང་གིས་སྡུག་བསྔལ་བ་ཡིན་ནོ། །གཞན་ཡང་ཆེས་བཟོད་ པར་དཀའ་བ་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་རྣམས་ནི་རིགས་དང་གཟུགས་དང་བརྩོན་འགྲུས་དང་སྤྲོ་བ་རྣམས་དང་རིག་པ་དང་ཤེས་པ་དང་རྣམ་པར་ཤེས་པ་རྣམས་ཀྱང་ཕུན་སུམ་ཚོགས་པར་གྱུར་པ་གང་ཞིག་དབུལ་བར་གྱུར་པས་ཟིལ་གྱིས་མནན་པའི་ཕྱིར་ན་རིམ་པ་རྣམས་ཐམས་ ཅད་ཀྱིས་དམན་པ་རྣམས་ཀྱི་བྲན་གྱི་དངོས་པོར་འགྱུར་རོ། །གཞན་ཡང་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ཀྱི་ལས་དམན་པ་ཡིན་པའི་ཕྱིར་དང ། སྦྱིན་པ་སྤངས་པ་ཡིན་པའི་ཕྱིར་ཡང་སྟེ། འཐབ་བྲལ་ན་སྤྱོད་པ་རྣམས་ན་ཐུལ་འོག་ཏུ་གཞུག་པའི་གླགས་ཐོད་པ་ཡིན་ལ། ཉིན་ མོ་དང་མཚན་མོ་རང་དབང་ཅན་དུ་ནི་འགྱུར་རོ། །སྦྱིན་པའི་སྟོབས་དམན་པར་གྱུར་པ་རྣམས་ནི་རྟག་ཏུ་ཡང་སྡུག་ཕོངས་སུ་གྱུར་ནས་ལག་པ་དང་རྐང་པ་དག་རྣམ་པར་རྡོལ་བ་ཟད་ཅིང་རྡོལ་ལ་རྙིང་པ་དྲི་མ་ཅན་གྱི་གོས་གྱོན་པ་རྟག་པར་ཡང་ལྟོགས་པ་དང་སྐོམ་པས་ཉེ་བར་བཅོམ་པ་གྲང་བ་དང་ 70-1-304b ཚ་བའི་སྡུག་བསྔལ་གྱི་ཁུར་ཁྱེར་བ་བྱེད་དོ། །དེ་ལ་རྣམ་པ་དུ་མར་བཟོད་དཀའ་བ་འདི་དག་རྣམས་ནི་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་ཡིན་ཏེ། ཉིན་མོ་དང་མཚན་མོ་མེད་པར་ཡང་ཉེ་བར་དགའ་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་རིགས་དང་གཟུགས་དང་ན་ཚོད་ དང་སྤྲོ་བ་དང་ཕ་རོལ་གནོན་པ་ལ་སོགས་པ་རྣམས་དམན་པ་ལ་ཚུལ་ཐམས་ཅད་ཀྱིས་ཀྱང་རིགས་དང་གཟུགས་དང་ཤེས་པ་དང་རྣམ་པར་ཤེས་པ་ཆེས་ལྷག་པ་རྣམས་རྗེས་སུ་སྟེན་པར་བྱེད་དོ། །དེ་ཐམས་ཅད་དུ་ངང་ཚུལ་ཐམས་ཅད་ཀྱིས་ཀྱང་ཟིལ་གྱིས་གནོན་ཏེ། དབུལ་བ་དང་ ལས་ཀྱིས་ཐོ་བཙམས་པའི་ཕྱིར་ན་སྡུག་བསྔལ་གྱི་མཆོག་རྣམས་ཁྱེར་བར་བྱེད་དོ། །དེ་ལ་འདི་དག་ནི་ལྷ་དང་མི་རྣམས་ཀྱི་སྡུག་བསྔལ་གྱི་མཆོག་གཞན་ཡིན་ནོ། །གཞན་ཡང་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་རྣམས་ནི་ཇི་ལྟར་དབུལ་ཕོངས་ཀྱིས་མངོན་པར་གཙེས་པའི་སྐྱེས་བུ་ ཆོས་བྱེད་པ་རྣམས་ཀྱང་སྡིག་པ་བྱེད་པ་ལ་ཉེ་བར་སྟེན་པར་བྱེད་དོ། །དེ་ཞབས་འབྲིང་གི་དོན་དུ་དེ་དང་སྟེན་གྲོགས་བྱས་པས་དེ་ཁོ་ན་བཞིན་དུ་འགྱུར་ཏེ། མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བའི་སྡིག་པ་རྣམས་རྗེ་དཔོན་གྱི་དབང་གིས་དེ་ཁོ་ན་བཞིན་དུ་ལས་རྣམས་བྱེད་དོ། །དེ་དག་ནི་་ ལུས་ཞིག་པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །དེ་ལ་ཡང་འཇིག་རྟེན་གཉིས་སླུ་བར་བྱེད་པ་ཤིན་ཏུ་ཡང་མི་དགེ་བར་གྱུར་པ་ནི་གཞན་གྱི་དབང་དུ་གྱུར་པའི་སྡུག་བསྔལ་ཡིན་ནོ། །ཀཝའི་ལྷ་དག་གཞན་ཡང་མི་རྣམས་ལ་མིའི་འཇིག་རྟེན་རྣམས་སུ་ཤིན་ཏུ་བཟོད་ པར་དཀའ་བའི་ཆེས་སྡུག་བསྔལ་བར་གྱུར་པ་རྣམས་ནི་འདི་ལྟ་སྟེ། ཚོལ་ཁྲོའི་སྡུག་བསྔལ་རྣམས་སོ། །ཀུན་ཏུ་ཚོལ་བ་ཞེས་བྱ་བའི་སྡུག་བསྔལ་དེ་རྣམ་པ་དུ་མ་རྣམས་ཡོད་པ་ལ་འདི་ལྟ་སྟེ། རྫས་རྣམས་ཀྱི་དོན་དུ་རྒྱ་མཚོ་དང་གཡང་ས་དང་གཡུལ་འགྱེད་པ་རྣམས་ལ་འཇུག་ པར་བྱེད་པ་དང ། དགོས་པ་དང་རྒྱུ་མཚན་གྱི་དབང་གིས་གཞན་རྣམས་དང་ཀུན་ནས་འབྲེལ་བྱེད་པ་དང ། དམན་པ་རྣམས་ཀྱི་ཞབས་འབྲིང་བྱེད་པ་དང ། ཞིང་གི་ལས་དང ། ཚོང་བྱེད་པ་དང ། བ་ལང་གི་འཚོ་སྐྱོང་དང ། བྱེས་ན་གནས་པ་དང ། གཞན་གྱི་དབང་དུ་འགྱུར་བ་དང་། 70-1-305a རིའི་མཆོག་ལ་ཀུན་ཏུ་འཛེག་པ་དང་བྱེས་སུ་འགྲོ་བ་དང་འགྲོ་བ་ན་གཡོག་བྱེད་པ་ལ་སོགས་པ་ཀུན་ཏུ་དུབ་པ་རྣམས། གང་ཞིག་འདི་དག་རྣམས་བྱེད་པ་དེ་དག་གི་ཚོལ་ཁྲོ་འདི་དག་རྣམས་ཐམས་ཅད་ཕལ་ཆེར་ནི་ནོར་རྫས་དང་བཟའ་རྒྱུ་དང་གོས་རྣམས་ཀྱི་དོན་དུ་ཡིན་ཏེ། དབུལ་ཞིང་ཕོངས་པས་དངོས་སུ་མནར་བའི་ཕྱིར་དང ། སྲེད་པས་ཟིལ་གྱིས་མནན་པར་གྱུར་པའི་མི་རྣམས་ཀྱིས་བྱས་སོ། །དང་པོ་སྐྱེས་པར་གྱུར་པ་ནས་བཟུང་ནས་ཇི་སྲིད་དུ་འཆི་བདག་གི་སྲེད་པའི་ཞགས་པས་ཟིལ་གྱིས་མ་མནན་གྱི་བར་དུ་བྱ་བ་མ་ཡིན་པ་གཞན་རྣམས་ཀྱང་བྱེད་དོ། ། དེ་གཞན་གྱི་བསམ་པ་རྗེས་སུ་ཚོལ་བ་དང་མངོན་པར་འཚེ་བ་དང་འཇལ་བ་ལ་གཡོ་བྱེད་པ་དང་ཁྱིམ་ལ་གཡོ་བྱེད་པ་དང ། ཆང་འཚོང་བ་དང་ཏིལ་འཚོང་བ་དང་མི་རིགས་པའི་སྦྱོར་བ་རྣམས་ཀྱི་སྙེད་པ་ཡུལ་འཁོར་འཇིག་པར་བྱེད་པ་དང ། རྒྱལ་སྲིད་རླག་པར་བྱེད་པའི་ཡུལ་རྣམས་འཇོམས་ པར་བྱེད་པ་དང ། ཡུལ་ལྗོངས་རྣམས་འཇོམས་པ་དང་འདི་དག་དང་གཞན་ཡང་གང་དག་རྣམ་པ་སྣ་ཚོགས་པའི་བྱ་བ་མ་ཡིན་པ་རྣམས་མིའི་འཇིག་རྟེན་པའི་མི་རྣམས་ཀྱིས་བྱེད་པ་ནི་བུ་དང་བུ་མོ་དང་བགོ་བར་བྱ་བ་དང་བཟའ་བར་བྱ་བ་དང་སྐོམ་རྣམས་ཀྱི་དོན་དུ་ཡིན་ནོ། །འདི་ནི་ཡོངས་སུ་ ཚོལ་བའི་སྡུག་བསྔལ་ཞེས་བརྗོད་དོ། །གང་དག་བརྒྱ་ཕྲག་སྟོང་དུ་གྱུར་པའི་རྣམ་པ་དུ་མ་རྣམས་སུ་ཡང་ལོ་སྟོང་གིས་ཀྱང་བརྗོད་པར་ཡང་སླ་བ་མ་ཡིན་ནོ། །ལྷ་དག་དེ་ལ་དེ་དག་རྣམས་ནི་མི་རྣམས་ཀྱི་སྡུག་བསྔལ་གྱི་ཕུལ་དུ་ཕྱིན་པ་ཡིན་ནོ། །དེ་ལྟར་འཐབ་བྲལ་གྱི་བདག་པོ་དེ་ ལྷ་དེ་དག་རྣམས་ལ་ཕན་པར་བྱ་བའི་དོན་དུ་སྲིད་པ་ལ་ངེས་པར་སྐྱོ་བར་བྱེད་པ་དང་ངེས་པར་འབྱུང་བར་འགྱུར་བའི་ཆོས་སྟོན་པར་བྱེད་དོ། །ཇི་ལྟར་ལྷ་འདི་དག་རྣམས་ནི་མི་དག་འདོད་པའི་བློ་སྐྱེ་བར་འགྱུར་ཏེ། དེས་ན་སྲིད་པ་ལ་མངོན་པར་སྲེད་པའི་བློ་ཅན་རྣམས་ལ་ཕན་པར་བྱ་བ་གང་གི་ ཕྱིར་མངོན་པར་འཇུག་པར་བྱེད་པ་ཡིན་ནོ། །དེ་ལ་རྒྱུ་མཚན་འདི་དག་གིས་མི་རྣམས་ཀྱི་ཉེ་བར་འཚོ་བ་ཐམས་ཅད་སྟོན་པར་བྱེད་པ་ཡིན་ཏེ། ཇི་ལྟར་དེ་ལ་དེ་དག་རྣམས་སུ་སྐྱེ་བར་མ་བྱེད་ཅིག་།དེ་དག་རྣམས་ནི་སྡིག་པའི་ཚོལ་ཁྲོས་ཟིལ་གྱིས་མནན་པ་རྣམས་ཀྱི་ཡིན་གྱི། དེ་ 70-1-305b གཅིག་པུ་མངོན་པར་དགའ་བའི་ཡིད་ནི་འབྱུང་བར་མི་འགྱུར་རོ། །རྒྱུ་དེ་དག་གིས་དམྱལ་བ་རྣམས་དང་ཡི་དགས་ཀྱི་ཡུལ་རྣམས་དང ། དུད་འགྲོ་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །དེ་ལ་སྐྱེས་པ་ན་ཡང་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །གཞན་ ཡང་འཐབ་བྲལ་གྱི་བདག་པོ་དེ་ཉིད་ཀྱིས་ལྷ་དེ་དག་རྣམས་ཉིད་ལ་སྡུག་བསྔལ་གཞན་དག་འཆད་པ་བྱེད་པ་ནི། འདི་ལྟ་སྟེ། ཀྱེ་ཧེ་ལྷ་དག་མི་རྣམས་ཀྱི་མིའི་འཇིག་རྟེན་ན་སྡུག་བསྔལ་གཞན་རྣམས་ལས་སྡུག་བསྔལ་དུ་གྱུར་པའོ། །འདི་ལྟ་སྟེ་སྡིག་པའི་གྲོགས་པོ་ལ་སྟེན་པ་ཞེས་བྱ་བ་ སྐྱེས་བུ་ངན་པ་རྣམས་ཀྱིས་བྱས་པ། དོན་མ་ཡིན་པ་རྣམས་ཐམས་ཅད་བྱེད་པར་འགྱུར་བ་དང་སྡུག་བསྔལ་རྣམས་ཐམས་ཅད་ཀྱི་རྒྱུ་ཡང་ཡིན་ཏེ། སྡིག་པའི་གྲོགས་པོ་ལ་བསྟེན་པའི་སྐྱེས་བུ་རྣམས་ནི་བདག་ཉིད་ལ་དོན་མ་ཡིན་པ་རྣམས་ཅུང་ཟད་ཀྱང་མི་སྒྲུབ་པ་མ་ཡིན་གྱི་སྡིག་པ་རྣམས་ ནི་ཐམས་ཅད་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམས་བྱེད་པར་འགྱུར་རོ། །དེ་དག་རྒྱུ་དེ་དང་རྐྱེན་དེ་དག་གིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་ལས་དམྱལ་བ་རྣམས་སུ་སྐྱེའོ། །གཞན་དག་དང་གསུམ་གར་ཡང་མང་པོ་ཁོ་ ནར་རྣམ་པ་དུ་མའི་སྡུག་བསྔལ་རྣམས་ཀུན་ཏུ་ཁྱེར་བར་བྱེད་དེ། ཡི་དགས་དང་དུད་འགྲོའི་འགྲོ་བ་རྣམས་སུ་ཡང་འགྱུར་རོ། །ལྷ་རྣམས་གཞི་དེ་དག་ལས་སྐྱོན་ཆེན་པོ་འདི་དག་རྣམས་མིའི་འཇིག་རྟེན་པ་རྣམས་ལ་འབྱུང་ངོ ། །ལྷ་རྣམས་ནི་ཡི་དགས་དང་དུད་འགྲོ་རྣམས་སུ་མ་ཡིན་ནོ། ། སྐྱོན་རྣམས་མངོན་པར་མཐོང་བ་དེའི་རྗེས་ལ་མི་རྣམས་ཀྱི་སྲིད་པ་ལ་མངོན་པར་དགའ་བ་རབ་ཏུ་འགོག་པར་བྱེད་དེ། མྱ་ངན་ལས་འདས་པ་གཅིག་པུ་ཞི་བ་ཡིན་པའི་གོ་འཕང་ཉེ་བར་བསྟན་པར་བྱ་བའི་དོན་གྱི་ཕྱིར་རོ། །གཞན་ཡང་འཐབ་བྲལ་གྱི་བདག་པོ་དེས་ལྷ་དེ་དག་ཉིད་ལ་ཕན་པར་བྱ་བའི་ དོན་དུ་ཆོས་སྟོན་པར་བྱེད་དོ། །མི་རྣམས་ཀྱི་སྡུག་བསྔལ་གང་དག་ཅེ་ན། འདི་ལྟ་སྟེ་བུ་དང་བུ་མོ་དང་རང་གི་སྐྱེ་བོ་དང་གཉེན་བཤེས་རྣམས་ཀྱི་སྡུག་བསྔལ་ལོ། །ཀྱེ་ལྷ་དག་མིའི་འཇིག་རྟེན་ན་མི་རྣམས་ཤིན་ཏུ་ཡང་སྡུག་བསྔལ་བ་རྣམས་ནི་འདི་ལྟ་སྟེ་བུ་དང་རང་གི་སྐྱེ་བོ་ལ་སོགས་པ་རྣམས་ 70-1-306a ཀྱི་སྟེ། མི་རྣམས་ཀྱི་མིའི་འཇིག་རྟེན་ན་རང་གི་སྐྱེ་བོ་རྣམས་སམ་བུ་དང་བུ་མོ་རྣམས་ཀྱང་རུང་སྟེ། གསོད་པ་དང་འཆིང་བ་ལ་སོགས་པ་རྣམས་ཀྱིས་བྱས་པའམ། བཀྲེས་པ་དང་སྐོམ་པ་དང་དབུལ་བ་ལ་སོགས་པ་རྣམས་ཀྱིས་བྱས་པའི་ཟུག་གཟེར་རྣམས་ འབྱུང་ངོ ། །དེའི་ཚེ་དེ་དག་རྣམས་ཀྱི་ཟུག་གཟེར་གྱི་རྒྱུ་མཚན་གྱིས་གང་དག་ལ་དེ་དག་དགའ་བ་དང་རྗེས་སུ་འཐུན་པར་གྱུར་པའི་ཕྱིར་ན་དེའི་ཚེ་དེ་ལ་ཡང་ཟུག་གཟེར་ཤིན་ཏུ་ཆེ་བར་འགྱུར་རོ། །དེ་ལ་འཐུན་པར་བྱས་པས་བྱིས་པ་འདི་ཡང་གཞན་གྱི་བྲེལ་དོག་གིས་བྱས་པའི་སྡུག་བསྔལ་ གཞན་ཡིན་ནོ། །མི་རྣམས་ཉིད་ལ་ཡིན་གྱི་བདེ་འགྲོ་གཞན་རྣམས་ལ་ནི་མ་ཡིན་ནོ། །དེ་ལ་བུ་དང་བུ་མོ་དང་རང་གི་སྐྱེ་བོ་རྣམས་ཀྱིས་བྱས་པའི་སྡུག་བསྔལ་དེ་དག་རྣམས་ཀྱིས། བར་བར་མི་རྣམས་སུ་སྐྱེ་བར་བྱེད་པའི་བློས་བྱས་པར་གྱུར་ཏ་རེ། གང་གི་ཕྱིར་རིག་པ་རྣམས་ ཐམས་ཅད་ཀྱང་ལས་བྱ་དགོས་པའི་མཐར་ཐུག་པ་དང ། ཡང་གང་དུ་འཆི་བར་འགྱུར་བ་དེ་དག་རྣམས་ཐམས་ཅད་ཀྱང་ལེགས་པ་མ་ཡིན་ནོ། །འཁོར་བ་ན་ཡང་སྡུག་བསྔལ་ཆེ་བ་རྣམས་ཀྱི་ཕུལ་དུ་ཕྱིན་པ་ནི་འདི་དག་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་སོ། ། དེ་ཡང་ཐམས་ཅད་མིའི་འཇིག་རྟེན་རྣམས་ན་དམིགས་སོ། །ལྷ་རྣམས་དེའི་ཕྱིར་བཟོད་པར་དཀའ་བ་དེ་དག་རྣམས་གོ་བར་གྱིས་ལ་མི་རྣམས་ཀྱི་བློ་མ་བྱེད་ཅིག་།དེ་ལྟར་རྣམ་པ་དུ་མ་རྣམས་སུ་ཤིས་པའི་ལམ་དུ་གྱུར་པ་བླ་ན་མེད་པའི་དོན་དེ་ཉིད་ལེགས་པར་སྟོན་པར་བྱེད་དོ། །གང་ལ་ ཡང་ཉེ་བར་ལེན་པ་མེད་པར་མིའི་འཇིག་རྟེན་འདིར་དོན་གྱི་དྲ་བ་རྣམ་པ་སྣ་ཚོགས་པ་རྣམས་འབྱུང་ངོ ། །ཡང་དེ་ལ་ཅི་ཞིག་ཡོད་པ་ཡིན་ཞེ་ན། ངན་སོང་གསུམ་གྱི་ས་གཞི་ཞེས་བྱ་བར་བརྒྱ་སྟོང་བྱེ་བ་ཕྲག་དུ་མ་རྣམས་དང་བྱེ་བ་ལས་འདས་པ་རྣམས་སུ་ཡང་སྡུག་བསྔལ་དཔེ་མེད་པ་རྣམས་ སྔོན་དུ་སོང་བར་གྱུར་པའི་མིའི་འཇིག་རྟེན་པ་རྣམས་སོ། །ཡང་འགྲང་བར་བྱེད་ཇི་ལྟར་བདེ་འགྲོ་ལྷའི་གོ་འཕང་ལས་འཆི་འཕོ་བར་གྱུར་པ་ན། དེ་ལ་ལྷ་འགའ་ཞིག་བག་མེད་པ་ཤས་ཆུང་བར་གྱུར་པ་རྣམས་ལ་དེ་བཞིན་དུ་འགྲོ་བར་བྱེད་དེ། ཀྱེ་ཧེ་ལྷ་དག་བདེ་འགྲོ་ལས་ཀྱི་ས་པ་མི་རྣམས་སུ་ 70-1-306b ཇི་ལྟར་འགྱུར་བ་དེ་ལྟར་འགྲོ་བར་གྱིས་དང ། གང་གི་ཚེ་མི་རྣམས་ནས་ཡང་དུས་བྱེད་པར་གྱུར་པ་དེའི་ཚེ་གཉེན་བཤེས་དང་གྲོགས་པོའི་ཚན་པ་རྣམས་ཀྱིས་ཤིས་པ་བརྗོད་པ་ལེགས་པར་སྦྱིན་པར་བྱེད་དེ། བདེ་འགྲོ་ལྷ་རྣམས་ཀྱི་འཇིག་རྟེན་དུ་སོང་ཤིག་ཅེས་བྱས་སོ། །དེ་ལྟར་ན་གཉི་ག་ལྟར་ཡང་ བདེ་འགྲོར་འགྱུར་བ་ཡིན་ནོ། །དེ་དག་ནི་འགྲོ་བ་གཉིས་ཡིན་ནོ། །གཞན་མ་འགྲོ་བ་གསུམ་པོ་རྣམས་ཀྱང་མཚུངས་པར་ཡང་སྡུག་བསྔལ་བ་ཡིན་ནོ། །དེ་ལྟར་འདི་ནི་ཕན་པ་རྣམས་རྗེས་སུ་ཚོལ་བར་བྱེད་པ་གཞན་རྗེས་སུ་འཛིན་པར་བྱེད་པ་ལ་རབ་ཏུ་ཞུགས་པར་གྱུར་པ་རྟག་ཏུ་ཡང་བག་ཡོད་ པས་རྣམ་པར་རྒྱུ་བའི་འཐབ་བྲལ་བ་རྣམས་ཀྱི་བདག་པོས་རྣམ་པ་དུ་མ་རྣམས་དང་རྣམ་པར་རྟོག་པ་མང་པོ་རྣམས་དང ། ཐབས་དུ་མ་རྣམས་ཀྱིས་ཀྱང་རྣམ་པ་སྣ་ཚོགས་པ་རྣམས་དང་མཐར་ཐུག་པ་དང་བླ་ན་མེད་པར་གྱུར་པའི་ཆོས་སྟོན་པར་བྱེད་དོ། །དེས་བུ་དང་བུ་མོའི་སྡུག་བསྔལ་འདི་དག་རྣམས་ བསྟན་ནས། གཞན་ཡང་ལྷ་དེ་དག་རྣམས་ཉིད་ལ་མིའི་སྡུག་བསྔལ་རྣམས་སྟོན་པར་བྱེད་དོ། །གང་དག་ཅེ་ན་དེ་ནི་འདི་ལྟ་སྟེ། བཀྲེས་པ་དང་སྐོམ་པས་བྱས་པ་ཞེས་བྱ་བ་སྡུག་བསྔལ་བ་རྣམས་ཀྱི་ཕུལ་དུ་ཕྱིན་པ་ཡིན་ནོ། །དེ་ལ་ཡང་མི་རྣམས་ཀྱིས་མི་རིགས་པ་རྣམ་པ་དུ་མ་གང་ དག་ཡིན་པ་དེ་དག་རྣམས་ཐམས་ཅད་ཀྱང་བཀྲེས་པ་དང་སྐོམ་པའི་རང་བཞིན་གྱི་སྡུག་བསྔལ་རྣམས་ཀྱིས་མནར་བས་ཡིན་ནོ། །གཞན་ནི་དེ་ལྟ་བུར་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་དེ་བཞིན་གཤེགས་པ་མི་གསུང་ངོ ། །སྡུག་བསྔལ་ཇི་ལྟར་བཀྲེས་པ་དང་སྐོམ་པས་བྱས་པ་ཞེས་བྱ་བ་དེས་ འཇིགས་པས་ཀྱང་མི་རྣམས་རྣམ་པ་སྣ་ཚོགས་པའི་ཡ་ང་བ་རྣམས་སྒྲུབ་པར་བྱེད་དོ། །འདི་ལྟ་སྟེ་གང་ཞིག་དམན་པར་གྱུར་པ་རྣམས་ལ་ཆེན་པོའི་རིགས་སུ་ལེགས་པར་སྐྱེས་པ་རྣམས་ཀྱང ། བཀྲེན་པར་གྱུར་པས་ཐལ་མོ་སྦྱོར་བར་བྱེད་ཅིང་མིག་གི་མཆི་མས་གདོང་པ་ཀུན་ཏུ་གཡོགས་ པ་ཤུགས་ནར་ནར་བའི་སྒྲ་འབྱིན་པར་འགྱུར་རོ། །ཡང་གང་དག་བརྫུན་དུ་སྨྲ་བར་བྱེད་པ་དེ་དག་རྣམས་ཐམས་ཅད་ཀྱང་དབུལ་བས་ཟིལ་གྱིས་མནན་པར་གྱུར་པས་བཀྲེས་པ་དང་སྐོམ་པའི་མིའི་འཇིགས་པ་རྣམས་ཀྱིས་གཟིར་བ་རྣམས་ཀྱིས་ཡིན་ནོ། །གང་ཡང་གཞན་དུ་ནི་གསོན་པ་ 70-1-307a ལ་ཡང་ཐེ་ཚོམ་ཟ་བར་འགྱུར་བ་རྣམས་ཀྱང་སྐྱེས་བུ་དག་གིས་བགྲང་བར་མི་བྱེད་དེ། མཚོན་ཆའི་ཚོགས་རྣམས་ཀུན་ཏུ་འཁྲུག་པ་དང་གླང་པོ་ཆེའི་མཆེ་བའི་དཀྲིགས་ཀ་ཡ་ང་བའི་ས་རྣམས་སུ་གཡུལ་འགྱེད་པ་ལ་འཇུག་པར་བྱེད་པ་དེ་དག་རྣམས་ཀྱི།དེ་ཐམས་ཅད་ ཀྱང་བཀྲེས་པ་དང་སྐོམ་པའི་འཇིགས་པས་མནར་བ་རྣམས་ཡིན་ནོ། །དེ་ཡང་གཞན་དག་རྣམས་སུ་དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱི་ཆུ་སྲིན་ཏི་མི་ཏི་མིང་ག་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། རི་ར་ཥོ་དང ། རླབས་ཀྱི་ངམ་གྲོག་རྣམས་སུ་སྲོག་དང་འབྲལ་ བ་དང ། མཚུངས་པ་དུ་མ་རྣམས་ལ་ཡང་ཞུགས་ནས་སྐྱེས་བུ་དག་རྒྱ་མཚོར་རབ་ཏུ་འཇུག་པར་བྱེད་དོ། །དེ་དག་རྣམས་ཐམས་ཅད་ཀྱང་བཀྲེས་པ་དང་སྐོམ་པས་བྱས་པའི་སྡུག་བསྔལ་གྱིས་ཡིན་ནོ། །གང་ཡང་གཞན་དག་རྣམས་ལ་ཡང་རྣམ་པ་སྣ་ཚོགས་པ་དང་རྣམ་པར་རྟོག་པ་ དུ་མ་རྣམས་ཀྱིས་ཀྱང་གང་དག་བརྗོད་པར་མི་ནུས་པའི་རྣམ་པ་དེ་སྲིད་ཀྱི་སྡུག་བསྔལ་རྣམས་ལ་མི་དག་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །དེ་དག་རྣམས་ཐམས་ཅད་ཀྱང་གསོད་པའི་དོན་དུ་སྟེ། གསོད་དུ་ཁྲིད་པར་གྱུར་པ་རྣམས་གསོད་པའི་རྔ་པ་ཊ་ཧ་བརྡུངས་པར་གྱུར་ཅིང་མེ་ཏོག་ ཀ་ར་བཱི་རའི་ཕྲེང་བས་མགོ་ལ་བཏགས་ནས་གསལ་ཤིང་གི་མདུན་དུ་ཁྲིད་པར་གྱུར་པའི་སྡུག་བསྔལ་གྱི་འཇིགས་པ་རྣམས་ཀྱིས་སེམས་དངངས་པར་གྱུར་པའི་བཞིན་ཅན་རྣམས་སྲོག་གི་ཐ་མར་གྱུར་པའི་འཇིག་རྟེན་དུ་འཁྲིད་པར་བྱེད་པ་རྣམས་ལས་གཞན་ལ་ནི་རྣམ་པ་དེ་ལྟ་བུའི་སྡུག་བསྔལ་རྣམས་ ཡོད་པ་མ་ཡིན་ནོ། །ཇི་ལྟར་བཀྲེས་པ་དང་སྐོམ་པས་བྱས་པ་ལས་གཞན་རྣམས་ནི་རྣམ་པ་དེ་ལྟ་བུའི་སྡུག་བསྔལ་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སོ་སོར་གཞོམ་པར་བྱ་བའི་དོན་དུ་སྦྱིན་པ་སྦྱིན་པར་བྱ་སྟེ། སེམས་དང་ཞིང་དང ། དངོས་པོ་རྣམས་ཕུན་སུམ་ཚོགས་པ་དང ། དུས་ སུ་རིགས་པ་དང ། ཡུལ་དུ་མཁོ་བ་རྣམས་ཀྱང་རབ་ཏུ་བརྩོན་པ་དང ། རྣམ་པར་འགྱུར་བ་མེད་པར་བྱས་ལ་གཏང་བར་བྱའོ། །འཁོར་བའི་འཇིགས་པ་རྣམས་ཀྱིས་འཇིགས་པ་དང་རྣམ་པར་རྟོག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་ལྷ་རྣམས་ལ་ཡང་ཡོད་མོད་ཀྱི་འཁོར་བ་ན་ཟས་ཀྱིས་ 70-1-307b བྱས་པ་རྣམས་ནི་ཤིན་ཏུ་ཉུང་ཟད་ཅིག་ཡིན་ནོ། །བཀྲེས་པ་དང་སྐོམ་པ་དང་ཀུན་ནས་བྲལ་བར་བྱ་བའི་དོན་དུ་སྦྱིན་པ་དག་ནི་གཏོང་བར་གྱིས་ཤིག་།ཀྱེ་ཧེ་ལྷ་དག་དེ་ལ་འདི་ནི་མི་རྣམས་ཀྱི་མིའི་འཇིག་རྟེན་གྱི་བཀྲེས་པ་དང་སྐོམ་པའི་རང་བཞིན་གྱི་རྣམ་པར་རྟོག་པ་དུ་མའི་སྡུག་བསྔལ་གཞན་ རྣམས་ཡིན་ཏེ། གང་ཡང་དེ་དག་རྣམས་ནི་ཤིན་ཏུ་འཇམ་པར་གྱུར་པའི་ལྷ་རྫས་ཀྱི་བདེ་བ་ཤིན་ཏུ་ཆུང་བས་ཀྱང་ཟིལ་གྱིས་གནོན། ཕལ་ཆེ་བར་གྱུར་པའི་ལྷ་རྫས་ཀྱི་ཟས་དང་སྐོམ་གྱི་དངོས་པོ་རྙེད་པར་སླ་བར་གྱུར་པ་རྣམས་ཀྱང་ལྷ་དག་གིས་རིག་པ་ཡང་མ་ཡིན་ནོ། །འདོད་པའི་ཁམས་ འདི་ནི་ཉེ་འཁོར་རྣམས་ཐམས་ཅད་ན་ཡང་བཀྲེས་པ་དང་སྐོམ་པར་གྱུར་པའི་རང་བཞིན་གྱི་འཇིགས་པ་རྣམས་ཀྱི་སྡུག་བསྔལ་གྱི་རླུང་གིས་བཏབ་པས་ཀུན་ཏུ་འབར་བར་གྱུར་པ་ཡིན་གྱིས་དེ་ལ་ལྷ་དག་རིངས་པ་རིངས་པས་མི་རྣམས་སུ་སྐྱེ་བར་མ་བྱེད་ཅིག་།ཕྱིར་ཞིང་ཉིད་ཀྱང་ཡིད་ལ་བྱས་པར་ གྱུར་ཏ་རེ། མིའི་འཇིག་རྟེན་པ་རྣམས་ནི་སྐྱེ་བ་དང་རྒ་བ་དང་ནད་རྣམས་ཀྱིས་ཕལ་ཆེ་བར་གནས་པ་ཡིན་ནོ། །གཞན་ཡང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་དེ་ཉིད་ཀྱིས་ལྷ་དེ་དག་རྣམས་ཉིད་ཀྱི་ཡིད་དེ་དག་ལ་ཀུན་ཏུ་བལྟས་ནས་ཕྱིར་ཞིང་ཉིད་ཀྱང་ཤིན་ཏུ་ལས་སུ་རུང་བ་དང་འཇམ་ པོར་གྱུར་པས་བྱེད་པ་གཞན་ཡང་མི་དེ་དག་རྣམས་ཉིད་ཀྱི་སྡུག་བསྔལ་རྗོད་པར་བྱེད་དེ། རབ་ཏུ་བརྩོན་པ་དུ་མས་གཞན་རྣམས་ལ་ཕན་པར་བྱེད་པ་ཡིན་ལ་བདག་ལ་ཕན་པར་བྱེད་པ་ནི་སླ་བ་ཡིན་ལ་གཞན་ལ་ཕན་པར་བྱེད་པ་ནི་དཀའ་བ་ཡིན་ནོ། །དེ་ཡང་གཞན་གྱི་དོན་འཛིན་པ་ནི་ཕན་ ཚུན་དུ་ཕན་པར་བྱེད་པས་ཡང་དང་ཡང་དུ་དང་རྣམ་པ་དུ་མར་ཡང་འཐབ་བྲལ་གྱི་ལྷ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །གཞན་ཡང་མུ་སུ་ལུན་དྷ་དེས་ཉམས་པ་མེད་པར་གཞན་གྱི་ལ་སྤྲོ་བར་གྱུར་ཅིང་འདོད་པའི་འཇིགས་པས་འཇིགས་པའི་ལྷ་དེ་དག་རྣམས་ལ་མིའི་སྡུག་བསྔལ་གཞན་རྣམས་ ཀྱང་སྟོན་པར་བྱེད་པ་ལ་འདི་ལྟ་སྟེ། ཀྱེ་ཧེ་ལྷ་དག་མཆོག་ཏུ་མིའི་འཇིག་རྟེན་གྱི་མི་རྣམས་ཆེས་སྡུག་བསྔལ་བར་གྱུར་པ་དེ་དག་རྣམས་ཀྱང་འདི་ལྟ་སྟེ། ཁ་ཉེན་པའི་སྡུག་བསྔལ་ལ་མི་རྣམས་ལ་མིའི་འཇིག་རྟེན་དུ་ཡིད་ཀྱིས་བསྲན་པར་དཀའ་བ་ཡིད་སྟོབས་མེད་པར་བྱེད་པ་གཞན་པོ་ 70-1-308a དེ་དག་རྣམས་ལ་ཡང་དབང་ཆུང་བའི་སྡུག་བསྔལ་འཆད་པར་བྱེད་པ་ཡིན་ནོ། །འདི་ལྟ་སྟེ། ཀྱེ་ཧེ་ལྷ་དག་མི་རྣམས་ནི་རྣམ་པ་སྣ་ཚོགས་པ་དང ། རྣམ་པར་རྟོག་པ་སྣ་ཚོགས་པ་དང ། ཤིན་ཏུ་གཟེར་ཟུག་ཆེ་བར་གྱུར་པ་དེ་དང་དེ་རྣམས་ལ་ཕལ་ ཆེར་ནི་དབུལ་པོར་གྱུར་པ་རྣམས། ཁ་ཉེན་པའི་སྡུག་བསྔལ་འབྱུང་བར་འགྱུར་ཏེ། གཉེན་བཤེས་དང ། རང་གི་སྐྱེ་བོ་རྣམས་དང ། གྲོགས་པོ་དང ། རྩ་འབྲེལ་ཕུན་སུམ་ཚོགས་པར་གྱུར་པ་རྣམས་ཀྱི་དྲུང་ན། དབང་ཆུང་བའི་སྐྱོན་གྱིས་གཡོག་པོར་འགྱུར་རོ། ། ཕུན་སུམ་ཚོགས་པ་དག་གི་དྲུང་ན། ཁ་ཉེན་པའི་སྐྱོན་གཉིས་པ་རྣམས་ནི་དབུལ་བར་གྱུར་པ་ཉིད་ཀྱིས། གཞན་རྣམས་ཀྱི་ཁྱིམ་དུ་ཟས་ལ་རྟག་ཏུ་མངོན་པར་དགའ་བའོ། །གསུམ་པ་ནི་ཀུན་ནས་འབྲེལ་བ་མེད་པ་རྣམས་རབ་ཏུ་མང་བར་སྨྲ་བར་བྱེད་པའོ། །བཞི་པ་ནི་ རྨོངས་པ་སྟེ། གཉེན་བཤེས་རྣམས་ཀྱི་མདུན་དུ་ཤིན་ཏུ་བརྫུན་པར་སྨྲས་པའི་སྐྱོན་གྱིས་དང ། ཇི་ལྟ་བ་བཞིན་མ་ཡིན་པ་དོན་རྣམས་སྨྲས་པས་དང་འདུག་པ་དང ། ཟས་ངན་པ་དྲི་མ་ཅན་རྣམས་ཀྱིས་ཟིལ་གྱིས་མནན་པའི་ཕྱིར་དང ། འདི་དག་རྣམས་ནི་སྤྲོ་བར་འགྱུར་ བའི་རྐང་རྒྱན་དང་བཅས་ནས་མ་འོངས་པའི་སྐྱོན་གྱིས་ཡིན་ཏེ། ཀྱེ་ཧེ་ལྷ་དག་མི་རྣམས་ལ་མིའི་འཇིག་རྟེན་དུ་དེ་ལྟ་བུ་ལ་སོགས་པ་མང་པོ་རྣམས་ཀྱི། ཁ་ཉེན་པའི་སྡུག་བསྔལ་དང་འབྲེལ་བ་དག་ནི་མེ་སྙིང་ལ་གནས་པ་ཡིན་ཏེ། མི་རྣམས་ལ་མིའི་འཇིག་རྟེན་དུ་འདི་ལྟ་སྟེ། ཆེས་གཞན་ཁ་དྲག་པར་གྱུར་པའི་མེ་ཕལ་པོ་ཆེ་རང་གི་སྐྱེ་བོ་དང ། གྲོགས་པོ་དང་འབྲེལ་པ་གདུང་བ་རྣམས་ཀྱི་ནང་བཅུ་འགྱུར་གྱི་སྐྱོན་གྱི་ཆ་དང་ལྡན་ན་ཡང ། དེས་ནི་ལུས་ཐམས་ཅད་སྲེག་པར་བྱེད་པ་ཡིན། ཡན་ལག་ཐམས་ཅད་སྲེག་པར་བྱེད་པ་ཡིན་པ་དང ། འཇིགས་ པ་ཆེན་པོ་དང ། འཇིགས་སུ་རུང་བར་གྱུར་པ་ལུས་སྐེམས་པར་བྱེད་ཅིང་སྲེག་པར་བྱེད་པའི་མེ་ཡིན་གྱིས། དབུགས་རྔུབ་པའི་དུ་བ་དེ་ལ། ཀཝའི་ལྷ་དག་རིངས་པ་རིངས་པས་མིར་སྐྱེས་པར་གྱུར་ཏ་རེ། མི་རྣམས་ནི་སྡུག་བསྔལ་མང་བ་དང ། མནོག་ཆུང་བ་ 70-1-308b དང ། ཉེ་བར་འཚེ་བ་དང་བཅས་པ་དང ། ཚེ་ཐུང་བ་དང ། ཁ་ཉེན་པར་གྱུར་པའི་སྐྱོན་རྣམས་ཀྱིས་དྲི་མ་ཅན་ཡང་ཡིན་ཏེ། ཁ་དྲག་པ་ཡང་མིར་སྐྱེས་པའི་སྐྱེས་བུ་རྣམས་ཉིད་འབའ་ཞིག་ལ་བླ་ལྷག་ཏུ་ཡིན་གྱི། དེ་བཞིན་དུ་འགྲོ་བ་གཞན་བཞི་པོ་རྣམས་ ན་ནི་མ་མཐོང་ངོ ། །དེ་ལ་འདི་ནི་བླ་ལྷག་ཏུ་མི་རྣམས་ཀྱི། མིའི་འཇིག་རྟེན་པ་རྣམས་ལ་ཡིན་ནོ། །གཞན་དག་ལས་བྱུང་བའི་ང་རྒྱལ་དང ། ཀུན་ཏུ་ང་རྒྱལ་ལུས་རྣམས་ཐམས་ཅད་ལ། ནད་མི་བཟད་པ་དང་འདྲ་བར་གྱུར་པའི་ཀུན་ཏུ་ང་རྒྱལ་བ་རྣམས་ ལ། ཁ་དྲག་པ་ནི་སྡུག་བསྔལ་ཡིན་ཏེ། གང་གི་ཕྱིར་སྔར་མཉམ་པར་ཐོབ་པར་གྱུར་པ་ལས། དེའི་རྟིང་ཉིད་ལ་དོན་ཕྱིན་ཅི་ལོག་ཏུ་གྱུར་པ་བཅུ་ཆར་འགྱུར་ཏེ། དེ་ལྟར་སྔར་མ་བྱུང་བའི་ཁ་ཉེན་པ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་གང་དག་ལན་ ཅིག་རྙེད་པར་གྱུར་པ་དེ་ཡང ། ཀུན་ང་རྒྱལ་བས་ཐུང་ངུན་གྱི་དུས་སུ་འགྱུར་རོ། །སྔོན་གྱི་ཉིད་ཡང་དང་ཡང་དུ་རབ་ཏུ་སྤེལ་ནས། རིང་པོའི་དུས་ན་ཐོབ་པ་ཡང་སྔར་གྱི་ཉིད་དུ་འགྱུར་རོ། །ཡོངས་སུ་ཁ་དྲག་པར་བྱེད་པ་དེ་ནི། འཆི་བར་གྱུར་པ་བས་ ཀྱང ། ཤིན་ཏུ་སྡུག་བསྔལ་བ་ཡིན་ཏེ། རིགས་ཀྱི་བུ་རྣམས་སེམས་ཀྱི་རྒྱུད་བརྒྱལ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །ཀྱེ་ཧེ་ལྷ་རྣམས་དེ་དག་རྣམས་མིའི་འཇིག་རྟེན་དུ། མི་རྣམས་ཀྱི་བཟོད་པར་མི་ནུས་པ་གཞན་ཡིན་ཏེ། སྡུག་བསྔལ་ རྣམས་རྣམ་པ་དུ་མར་བཤད་པ་ཡིན་ནོ། །བདག་གིས་ཁྱེད་རྣམས་ལ་གཞན་ཡང་བཤད་པར་བྱ་སྟེ། ཁྱེད་ཅག་རྣམས་གང་དག་ཞེ་ན། འདི་ལྟ་སྟེ། རྒས་པའི་སྡུག་བསྔལ་ལོ། །རྒས་པ་ཞེས་བྱ་བ་ཡང ། འདུ་བྱེད་རྣམས་ཐམས་ཅད་སྟོབས་ ཉམས་པར་འགྱུར་བའོ། །དེས་ནི་དབང་པོ་རྣམས་ཡོངས་སུ་རྙིངས་པར་བྱེད་པ། ལང་ཚོ་ལ་བབ་པ་རྣམས་ཀྱི་འགྲན་ཟླར་གྱུར་པ། དབྱུག་པ་ལ་བཏུད་ནས། ལྷག་པར་གནས་པ། འགྲོ་བར་བྱེད་མི་ནུས་པ་མིང་དང ། གཟུགས་དག་སྟོབས་ 70-1-309a ཉམས་པར་བྱེད་པ་པོ་ཁ་དྲག་པའི་སྐྱེས་གནས་ལུས་ཀྱི་རྒྱབ་ཀྱི་སྒལ་ཚིགས་སྒུ་བར་བྱེད་པ། སྐྲ་རྣམས་གཟུགས་མི་འདྲ་བར་བྱེད་པ། འཆི་བར་འགྱུར་བའི་དང་པོའི་ཕོ་ཉ་བཀྲེན་པའི་སྐྱེས་གནས་ལུས་དང ། དབང་པོ་དང ། ཡིད་ རྣམས་རྒུད་པར་བྱེད་པ་སྟེ། མི་རྣམས་གསོན་པ་ཉིད་ན། དེ་དག་གིས་སྐྱེ་བ་གཞན་ཉིད་དུ་ཁྲིད་པར་བྱེད་པ་ཡིན་ནོ། །ཀྱེ་ལྷ་དག་དེ་ལ་འདི་ནི་མིའི་འཇིག་རྟེན་དུ་མི་རྣམས་ལ་མིང་དང་གཟུགས་གཉིས་ལ་ཅོ་འདྲི་བར་བྱེད་པར་གྱུར་པ་ཡིན་ཏེ། ངེས་པར་མྱོང་བར་ འགྱུར་བ་ཡིན་གྱིས་དུས་རིང་དུ་ཁྱེད་ཀྱིས་ཡོངས་སུ་གཞིགས་དང ། ཁྱེད་ཅག་གིས་རྟོགས་པར་གྱུར་ནས་སྡུག་བསྔལ་བར་མི་འགྱུར་བ་དེ་དག་རྣམས་ནི་ངེས་པར་སེམས་མེད་པ་ཡིན་ཏེ། ཤིང་དང་རྡོ་བ་དང་མཚུངས་པ་ཡིད་དང་བྲལ་བར་གྱུར་པ་དང་མིའི་གཟུགས་བརྙན་གྱི་དུད་འགྲོ་རྣམས་ཡིན་ནོ། ། ཀྱེ་ཧེ་ལྷ་དག་དེ་ལས་གཞན་མི་རྣམས་ཀྱི་མིའི་འཇིག་རྟེན་ན་སྡུག་བསྔལ་ཆེན་པོར་གྱུར་པ་ནི་སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་ཡིན་ཏེ། སྐྱེ་བ་ཉིད་ལས་རྒས་པར་འགྱུར་བའི་སྡུག་བསྔལ་འདི་ཡིན་པར་རིག་པར་གྱིས་ལ་ཁྱེད་རྣམས་སྲིད་པ་ལ་མངོན་པར་ཞེན་པར་མ་བྱེད་དང ། ཀྱེ་ཧེ་ལྷ་དག་གཞན་ཡང་ རྣམ་པ་མང་པོ་རྣམས་སུ་དང་བཟོད་པར་དཀའ་བ་དུ་མ་རྣམས་སུ་ཡང་ཤིན་ཏུ་སྡུག་བསྔལ་སྐྱེ་བ་ནས་སྐྱེ་བ་རྣམས་སུ་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། འཆི་བའི་སྡུག་བསྔལ་ཞེས་བྱ་བ་སྐྱེ་བ་དེ་དག་ཏུ་སླར་མི་ལྡོག་པ། ལུས་དང་དབང་པོ་དང་སྐྱེ་མཆེད་རྣམས་འགག་པར་བྱེད་པ་ སྲོག་གི་དབང་པོ་དང་སྐྱེ་མཆེད་རྣམས་རྣམ་པར་འཇིག་པ་རང་གི་སྐྱེ་བོ་དང་གྲོགས་པོ་དང་གཉེན་འབྲེལ་རྣམས་དང་ཕྱིས་མི་འཕྲད་པར་འགྱུར་བ་སྐལ་བ་འཐུན་པ་རྣམས་རླག་པར་བྱེད་པ། སྐྱེ་བ་གཞན་དུ་འགྲོ་བར་གྱུར་པས་རང་གི་ལས་ཀྱི་འབྲས་བུའི་ལམ་རྣམས་ཟ་བར་བྱེད་པའི་སྐྱེས་བུ་ཚེ་མཐར་ ཐུག་པ་ན་ལུས་གཏོང་བ་ནི་སེམས་ཅན་རྣམས་ཀྱིས་ངེས་པར་མྱོང་བར་གྱུར་པ་ཡིན་ནོ། །དེའི་རྗེས་ཐོགས་ལ་སྲིད་པ་བར་མ་དོ་བར་སྐྱེ་བར་འགྱུར་བ་འདི་ནི་འཆི་བ་ཞེས་བརྗོད་དེ། ཀྱེ་ལྷ་དག་དེ་ལ་དེ་དག་ནི་ཅི་ནས་ཀྱང་ཉམས་སུ་མྱོང་བར་འགྱུར་བ་ནི་སྐྱེ་བ་ཡིན་པ་གང་གི་ཕྱིར་ཐམས་ཅད་ལ་འཆི་ 70-1-309b བ་ངེས་པར་འབྱུང་བ་ཡིན་ནོ། །གལ་ཏེ་ཤེད་ན་མཐར་ཐུག་པར་གྱུར་ནས་འཆི་བར་འགྱུར་བ་དང་ཤི་ནས་ཀྱང་མིར་སྐྱེ་བར་འགྱུར་བ་དང ། སྐྱེས་པ་ཡང་མི་འཆི་བར་འགྱུར་བ་དེ་དག་རྣམས་ནི་གནས་མེད་དོ། །དེའི་ཕྱིར་མྱུར་ཞིང་རིངས་པས་ཀྱང་མིར་སྐྱེ་བར་འགྱུར་བའི་ཡིད་བྱས་པར་ གྱུར་ཏ་རེ། དེ་ནས་ཡང་དེའི་དུས་ན་འཐབ་བྲལ་བ་རྣམས་ཀྱི་བདག་པོ་མུ་སུ་ལུན་དྷ་དེས་ཚིགས་སུ་བཅད་པའི་དབྱངས་རྣམས་བརྗོད་པ། ཇི་ལྟར། ཇི་སྐད་བཤད་པའི་མིའི་སྡུག་བསྔལ། །སྲིད་པ་བར་མ་དོར་ཡང་ནི། །སྐྱེས་པ་རྣམས་ནི་ཕྱི་ནས་ཀྱང ། །ངེས་པར་འཆི་བར་འགྱུར་བ་ཡིན། ། སྲིད་པ་བར་མར་ཀུན་གནས་ནས། །ལས་རྣམས་ཀྱིས་ནི་དྲངས་གྱུར་པ། །ལམ་རིང་འགྲོ་བའི་སྡུག་བསྔལ་གང ། །དེ་ནི་བརྗོད་པར་མི་བཟོད་དོ། །བཤང་དང་གཅི་བར་ནུབ་གྱུར་པའི། །ཚ་བས་ཀྱང་ནི་མནར་གྱུར་པའི། །མངལ་ན་གནས་པའི་སྡུག་བསྔལ་གང ། །སྨྲ་བར་ བཟོད་པ་མ་ཡིན་ནོ། །ཟས་ཀྱི་རོ་ལ་བརྐམ་པ་དང ། །རྟག་ཏུ་དེ་ལ་སོད་པའི་སེམས། །རོ་ལ་སྲེད་པའི་སྡུག་བསྔལ་གང ། །དེ་ནི་བརྗོད་པར་མི་བཟོད་དོ། །ཡིད་ནི་འདོད་པས་བསྲེགས་པ་དང ། །འདོད་པ་ལ་ནི་སྲེད་པའི་སེམས། །གང་གིས་སྡུག་བསྔལ་ལྷག་གྱུར་པ། །དེ་ནི་བརྗོད་ པར་མི་བཟོད་དོ། །མི་རྣམས་དུག་དང་མེ་འདྲ་བའི། །མི་སྡུག་པ་དང་ལྷན་ཅིག་ཕྲད། །དེ་ལས་སྡུག་བསྔལ་སྐྱེ་འགྱུར་གང ། །དེ་ནི་སྨྲ་བར་བཟོད་མ་ཡིན། །སྡུག་པ་དང་བྲལ་སྡུག་བསྔལ་གང ། །ཆེས་ཆེ་མི་རྣམས་ལ་སྐྱེ་བ། །བཟོད་པར་དཀའ་དང་ཤིན་ཏུ་དྲག་།དེ་ནི་བརྗོད་པར་ བཟོད་མ་ཡིན། །ཚ་གྲང་ལ་སོགས་འཇིགས་ཆེན་པོ། །ཆེན་པོ་རྣམ་པ་དུ་མ་རྣམས། །སྡུག་བསྔལ་དྲག་པོ་ཀུན་ཏུ་སྐྱེ། །དེ་དག་བརྗོད་པར་བཟོད་པ་མིན། །ནད་སྐྱེས་སྲོག་ནི་གཅོད་བྱེད་པོ། །དུས་ཀྱི་ཕོ་ཉ་ལྟ་བུ་གཞན། །གང་སྡུག་སྲོག་ཆགས་རྣམས་མཐོང་ནས། །དེ་བརྗོད་པར་ ནི་བཟོད་མ་ཡིན། །རང་དབང་མེད་པར་བཀྲེན་པ་ཡི། །རྟག་ཏུ་གཞན་གྱི་དབང་འགྲོ་རྣམས། །ཕན་པ་རབ་ཉམས་སྡུག་བསྔལ་གང ། །དེ་ནི་བརྗོད་པར་བཟོད་མ་ཡིན། །རྟག་ཏུ་ཚོལ་ཁྲོས་བྱས་པ་ཡི། །སྲེད་པའི་དུག་གིས་བསྲེགས་པ་ཡི། །ལྷ་རྣམས་གང་གི་སྡུག་ 70-1-310a བསྔལ་ནི། །དེ་བརྗོད་བྱ་བར་བཟོད་པ་མིན། །རྒྱུན་མི་འཆད་པར་རྣམ་མང་དུ། །སྡིག་གྲོགས་བསྐྱེད་པའི་སྡུག་བསྔལ་གང ། །ངན་སོང་སྐྱེད་པར་བྱེད་པའི་གང ། །དེ་ནི་བརྗོད་པར་བཟོད་མ་ཡིན། །བྲེལ་དོག་བུ་དང་བུ་མོ་ཡི། །སྙིང་ལ་ཇི་ལྟ་བུར་སྐྱེ་བ། ། དམྱལ་བ་རྣམས་ཀྱི་རྩེད་མོ་འདི། །བརྗོད་པར་བཟོད་པ་དེ་མ་ཡིན། །བཀྲེས་དང་སྐོམ་པའི་མེ་དག་གིས། །ཤིན་ཏུ་བསྲེགས་དང་སྲེག་འགྱུར་བའི། །ཆུད་ཟོས་ཡིད་ཀྱི་སྡུག་བསྔལ་གང ། །དེ་ནི་བརྗོད་པར་བཟོད་པ་མིན། །རྟག་པ་ཉིད་དུ་ཁ་དྲག་པ། །གཉེན་ གྲོགས་སྐྱེ་བོའི་སྙིང་བྱམས་པའི། །མྱ་ངན་ལས་སྐྱེས་སྡུག་བསྔལ་གང ། །དེ་ནི་སྨྲ་བར་བཟོད་མ་ཡིན། །འཁར་བ་ལ་བརྟེན་སྒུར་བར་འགྲོ། །སེམས་དང་དབང་པོ་སྟོབས་ཆུང་བའི། །ལུས་རྙིངས་པ་ཡི་སྡུག་བསྔལ་གང ། །དེ་ནི་བརྗོད་པར་བཟོད་མ་ཡིན། །ཡིད་ དགའི་འཇིག་རྟེན་འདི་ནས་ནི། །འཆི་བདག་གིས་ནི་ཁྲིད་གྱུར་པའི། །འགྲོ་ལ་སྡུག་བསྔལ་གང་སྐྱེ་བ། །དེ་བརྗོད་པར་ནི་བཟོད་མ་ཡིན། །འབྱུང་པོ་ཀུན་གྱིས་མི་མཐོང་ཞིང ། །ལས་རྣམས་ཀུན་གྱིས་རྒྱལ་མིན་པར། །སེམས་ཅན་ཐམས་ཅད་རྣམ་འཇོམས་པ། ། འཆི་བདག་ཅེས་ནི་བརྗོད་པ་ཡིན། །བཟོད་པར་དཀའ་བའི་སྟོབས་པོ་ཆེ། །སེམས་སྟོབས་གཏུམ་པས་ཀུན་རྒྱུ་བ། །སོ་སོའི་འཇིགས་ཆེན་དུ་མ་ནི། །འཆི་བདག་ཅེས་ནི་བརྗོད་པ་ཡིན། །བཟློག་ཐབས་མེད་པའི་དུས་ཀྱི་མེ། །སེམས་ཅན་རྣམས་ཀྱི་ངེས་མྱོང་བ། །མི་ རྣམས་གསོན་པའི་བར་ཆད་བྱེད། །འཆི་བདག་ཅེས་འདི་བརྗོད་པ་ཡིན། །ཇི་བཞིན་དུས་ཀྱིས་རབ་འཇོམས་པ། །གསོན་པ་ཡང་ནི་རྣམ་པར་འཇོམས། །ཕུང་པོ་ཁམས་རྣམས་ལེགས་འཛད་པ། །འདི་ནི་འཆི་བདག་ཏུ་བརྗོད་དོ། །སྐྱེས་ནས་ཡོད་པ་ཡང་རྟག་པར། ། གཉེན་བཤེས་གྲོགས་དང་འབྲལ་བ་ཡིན། །སླར་ཡང་དེ་དག་དང་ཕྲད་མེད། །འདི་ནི་འཆི་བདག་ཅེས་བརྗོད་དོ། །བསྲན་པར་མི་བཟོད་མི་བཟོད་པའི། །འཆི་བ་ཇི་སྲིད་མ་བྱུང་བ། །དེ་སྲིད་ཆོས་ནི་ཡིད་ལ་གྱིས། །དེས་ནི་སྙིང་པོ་ལྷ་ཡི་གནས། །ལེགས་པར་གསོན་ 70-1-310b པ་དེ་ཡིན་ཏེ། །གང་གི་ཡིད་ལ་ཆོས་གནས་པའོ། །ཆོས་དང་རྣམ་པར་བྲལ་བ་ཡི། །གསོན་པ་གསོན་པར་འདོད་པ་མིན། །གང་གིས་ཡིད་ལ་སངས་རྒྱས་གནས། །དེ་ནི་ལེགས་པར་གསོན་པ་ཡིན། །སངས་རྒྱས་དང་ནི་རྣམ་བྲལ་བའི། །གསོན་པ་གསོན་ པ་མིན་པར་འདོད། །གང་གི་ཡིད་ལ་ཆོས་གནས་པ། །དེ་ནི་ལེགས་པར་གསོན་པ་ཡིན། །ཆོས་དང་རྣམ་པར་བྲལ་བ་ཡི། །གསོན་པ་གསོན་པ་མིན་པར་འདོད། །གང་གི་ཡིད་ལ་དགེ་འདུན་གནས། །དེ་ནི་ལེགས་པར་གསོན་པ་ཡིན། །དགེ་འདུན་རྣམ་པར་ སྤངས་པ་ཡི། །གསོན་པ་གསོན་པ་མིན་པར་འདོད། །གང་ཞིག་བདེན་པ་ལ་གནས་ཡིད། །དེ་ནི་ལེགས་པར་གསོན་པ་ཡིན། །བདེན་པ་རྣམ་པར་སྤངས་པ་ཡི། །གསོན་པ་གསོན་པ་མིན་པར་འདོད། །གང་ཞིག་ཡིད་ནི་ལམ་ལ་གནས། །དེ་ནི་བདེ་བར་ འཚོ་བ་ཡིན། །ལམ་ནི་རྣམ་པར་སྤངས་པ་ཡི། །གསོན་པ་གསོན་པ་མིན་པར་འདོད། །མྱ་ངན་འདས་པར་འགྲོ་བ་ལ། །གང་གི་བློ་ནི་རྟག་ཏུ་གནས། །དེ་ནི་ལྷ་ཡི་ལྷ་ཞེས་བརྗོད། །འདི་ན་གང་རྩེ་ལྷ་མ་ཡིན། །རྟག་ཏུ་སེམས་ནི་རྩེ་གཅིག་པས། །བསམ་གཏན་ བྱེད་པས་རྩེ་འགྱུར་གང ། །དེ་ནི་བདེ་ལྡན་ཆགས་བྱེད་པའི། །སྲིད་པའི་རྩེད་མོ་རྩེད་མོ་མིན། །རྨོངས་ཆགས་མང་དུ་ཉེར་རྩེ་བའི། །སྲིད་སྐྱོན་འདི་རྣམས་གོ་གྱིས་ལ། །མྱ་ངན་འདས་ལ་བརྩོན་པར་གྱིས། །དེ་དག་སྙིང་པོ་དམ་པར་འདོད། །དེ་ལྟར་འཐབ་བྲལ་གྱི་བདག་ པོ་དེས་རྣམ་པ་དུ་མར་གཞན་རྣམས་ལ་ཕན་པ་སྒྲུབ་པར་བྱེད་དེ། ལྷ་དེ་དག་རྣམས་ཀྱི་ཡིད་དེ་དག་རླན་པར་བྱེད་དོ། །ཇི་ལྟར་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ངན་སོང་དུ་འགྲོ་བར་མི་འགྱུར་བར་བྱེད་དོ། །དེ་ནས་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ཀྱིས་མུ་སུ་ལུན་དྷ་ལ་འདི་སྐད་ཅེས་ བརྗོད་དོ། །ཀྱེ་འཐབ་བྲལ་བ་རྣམས་ཀྱི་བདག་པོ་ཇི་ལྟ་བ་བཞིན་གོ་ལགས་ཀྱིས། ཇི་ལྟར་ཁྱོད་ཀྱིས་བཤད་པ་དེ་དག་རྣམས་ཐམས་ཅད་ནི་བདེན་པ་ལགས་ཏེ། བདག་ཅག་གིས་འདིར་མངོན་སུམ་དུ་བགྱིས་སོ། །ཇི་ལྟར་བདག་ཅག་རྣམས་ཀྱི་དྲུང་ན་རིམ་པ་རྣམས་ཐམས་ཅད་ཀྱིས་ 70-1-311a གླགས་པར་གྱུར་པའི་ལྷ་རྣམས་བཟོད་པར་དཀའ་བའི་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏོ། །དེ་དག་རྣམས་ཀྱི་ཚད་དང ། མདོག་དང ། དབྱིབས་དང ། རྒྱ་ཆེ་བར་གྱུར་པའི་རིམ་པ་གང་དག་གི་ཁྱད་པར་རྣམས་ནི་བདག་ཅག་རྣམས་ཀྱིས་བཅུའི་ཆ་ཡང ། ཅུང་ཟད་ཙམ་དུ་ཡང་མི་ཆོག་པ་དེ་དག་རྣམས་ཐམས་ཅད་ཀྱང་བར་དུ་གཅོད་པ་འབྱུང་བར་འགྱུར་ན། ཅིའི་ཕྱིར་ན་བདག་ཅག་རྣམས་ལ་འབྱུང་བར་མི་འགྱུར་ལགས། དེ་དག་རྣམས་ཀྱི་དྲུང་དུ་འཐབ་བྲལ་གྱི་བདག་པོ་དེ་ཚིག་རྣམས་རྗོད་པར་བྱེད་པ། ཇི་ལྟར་ལྷ་དེ་དག་རྣམས་ཀྱི་ སྡུག་བསྔལ་ཁྱེད་ཀྱིས་མཐོང་བ་དེ་རྣམས་ནི་ཅུང་ཟད་ཙམ་ཡིན་ལ། ཁྱེད་རྣམས་ལ་ནི་དེ་ལས་བརྒྱ་འགྱུར་འབྱུང་བར་འགྱུར་ཏེ། བག་མེད་པས་ཀུན་ནས་ཁྲིད་པར་གྱུར་ནས། གལ་ཏེ་ཆོས་མ་ཡིན་པའི་རྗེས་སུ་འཇུག་པར་གྱུར་ཏེ། དམྱལ་བ་དང ། ཡི་དགས་དང ། དུད་འགྲོར་སྐྱེས་པར་གྱུར་ནའོ། །ཅི་སྟེ་ཆོས་ཀྱི་རྗེས་སུ་འཇུག་པར་གྱུར་ན་ནི། དེའི་ཚེ་ངན་སོང་གི་སྒོ་རྣམས་ནི་བཀག་པར་གྱུར་ཅིང ། ལྷ་དང་མི་རྣམས་ཀྱི་རྣམ་པ་སྣ་ཚོགས་པའི་བདེ་བ་རྣམས་ལ་ཉེ་བར་ལོངས་སྤྱོད་ནས། ཕྱི་ནས་ནི་དེ་རྒས་པ་མེད་པར་འགྱུར་བ་ དང ། གཞན་ཡང་མྱ་ངན་མེད་པར་གྱུར་པའི་རྟག་པའི་གོ་འཕང་ཀུན་ནས་འཐོབ་པར་འགྱུར་ཏེ། གང་ལ་ཇི་སྐད་དུ་བཤད་པའི་སྡུག་བསྔལ་དེ་དག་རྣམས་འབྱུང་བར་མི་འགྱུར་བ་ཡིན་ནོ། །དེ་ལ་རྒྱུ་དེ་དག་གི་ཕྱིར་ན་བག་མེད་པ་རྣམས་ལ་ཀུན་ཏུ་འཇུག་པར་མ་བྱེད་ དང ། འདོད་པ་དེ་དག་རྣམས་ནི་བདེ་བ་མ་ཡིན་ནོ། །རྟག་པ་ཡང་མ་ཡིན་ཏེ། འདི་དག་གིས་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བསམ་གཏན་གྱི་བདེ་བ་བླ་ན་མེད་པ་རྣམས་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ནས་དེ་དག་གི་དྲུང་ནས་འཐབ་བྲལ་བ་རྣམས་ཀྱི་བདག་ པོ་དེས་ཚིག་དེ་དག་རྣམས་ཐོས་ནས། གཞན་ཡང་ལྷ་དེ་དག་རྣམས་ཉིད་ཀྱི་མངོན་སུམ་དུ་ཉེས་དམིགས་རྣམས་བྱེད་དོ། །ཡང་གཞན་བརྗོད་པ་ཇི་ལྟར་ཁྱོད་ཀྱི་བདག་ཅག་རྣམས་ལ་སྟོན་པར་བགྱིད་པ་དེ་དག་རྣམས་ནི་ཕན་པར་འདོད་པ་ལགས་པས། དེ་ལྟར་བདག་ཅག་ 70-1-311b རྣམས་ཀྱིས་བགྱི་ལགས་སོ། །ལྷ་ལགས་གཞན་ཡང་ཇི་ལྟར་ན་བདག་ཅག་རྣམས་ཀྱིས་ཀུན་ཏུ་འདོད་ཆགས་པས་བྱས་པའི་སྡུག་བསྔལ་དེ་དག་གིས་བདག་ཅག་གིས་འཐོབ་པར་མི་འགྱུར་བ་ལགས། དེ་ནས་དུས་དེའི་ཚེ་ན་མུ་སུ་ལུན་དྷ་དེས་ཚིགས་སུ་བཅད་པའི་དབྱངས་ བརྗོད་པ། ཇི་ལྟར། བདག་ཉིད་བདག་གི་མགོན་པོ་ཡིན། །གཞན་གང་རྗེས་སུ་མགོན་པོར་གྱུར། །གང་ཕྱིར་བདག་ཉིད་ལེགས་བཏུལ་བས། །རྟག་པའི་གོ་འཕང་འཐོབ་པར་འགྱུར། །ལེགས་པའི་ལས་བྱས་མཛེས་འགྱུར་ལྟར། །མགོན་པོ་གཞན་ ནི་མ་ཡིན་ནོ། །སྐྱེ་བ་གཞན་ནི་སྟོང་དུ་ཡང ། །དེ་ལ་དེ་དག་རྗེས་སུ་འཇུག་།རྒ་དང་འཆི་བ་སྤངས་པ་ཡི། །གནས་ཀྱི་མཆོག་ཏུ་འབབ་པར་བྱེད། །ཤིན་ཏུ་དགེ་བའི་རང་ལས་འདི། །བསམ་པ་ཡིས་ནི་ལྷ་ཡི་མཆོག་།ལེགས་པའི་ལས་ལ་སྤྱོད་པར་གྱིས། ། ཕན་ཆེར་ཟས་ནི་དེ་ལས་ཟ། །དེ་ལྟར་མུ་སུ་ལུན་དྷ་དེས་ལྷ་དེ་དག་རྣམས་ལ་བསྟན་ནས། གཞན་ཡང་བརྗོད་པ། སོང་ལ་ནགས་དང་ཉེ་བའི་ནགས་རྣམས་སུ་བརྒྱུས་ནས། འདོད་པར་གྱུར་པའི་སྒྲ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱིས་ཁྲིད་པར་གྱུར་ ཡང ། གང་གི་ཕྱིར་ཁྱེད་རྣམས་ཇི་ལྟ་བ་བཞིན་དུ་བག་ཡོད་པར་གྱིས། དེ་ནས་དེ་ལྟར་གྱུར་པ་དང ། དེ་ནས་ལྷ་དེ་དག་གིས་ཚིག་དེ་དག་རྣམས་ཐོས་པར་གྱུར་པ་དང་འདི་སྐད་ཅེས་བརྗོད་དོ། །ཇི་ལྟ་བ་བཞིན་དུ་བདག་ཅག་རྣམས་ཀྱིས་སྨོན་ལམ་གདབ་པར་བྱ་སྟེ། ཇི་ལྟར་མ་འོངས་པའི་དུས་ན་འདི་འབྱུང་བར་འགྱུར་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པའི་སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། མཚན་བྱམས་པ་ཞེས་བྱ་བ་དེའི་གསུང་རབ་ལ་བདག་ཅག་རྣམས་མིའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག་།ཇི་ལྟར་འདི་མ་འོངས་པའི་ དུས་ན་འབྱུང་བར་འགྱུར་བའི་འདུས་པ་དང་པོ་དེ་བདག་ཅག་རྣམས་བྱེད་པ་དང ། ཆོས་རྣམས་མཉན་ནས་ཟག་པ་ཟད་པར་བྱེད་པར་ཡང་བདག་ཅག་གྱུར་ཅིག་།དེ་ལྟར་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པར་གྱུར་ཏོ། ། 70-1-312a སྨོན་ལམ་བཏབ་ནས་ཀྱང་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྣམས་ལ་ཉེ་བར་སྐྱབས་སུ་ཡང་སོང་བར་གྱུར་ཏོ། །དེ་དག་རྣམས་ནི་ངེས་པར་ཡང་བྱམས་པའི་གསུང་རབ་ལ་མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ལྷ་གཞན་སྟོང་ཕྲག་བདུན་ ཅུ་པོ་རྣམས་ནི་ལྷན་ཅིག་ཏུ་དམ་པའི་ཆོས་ཐོས་ནས། ཟག་པ་རྣམས་ནི་ཟད་པར་བྱེད་དོ། །གང་ཡང་གཞན་དེ་དག་རྣམས་ཀྱིས་ནི་དེ་བཞིན་གཤེགས་པ་དེའི་སྐུ་གདུང་ནི་མཐོང་བར་འགྱུར་ལ། སྔོན་དང་པོར་དེ་དག་རྣམས་ཀྱིས་གྱ་ནོམ་པའི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཡིན་ནོ། །གཞན་ཡང་ལྷ་བརྒྱ་ཕྲག་གིས་རང་སངས་རྒྱས་ཀྱིས་སེམས་སུ་ཡོངས་སུ་བསྔོས་སོ། །དེ་དག་རྣམས་ཐམས་ཅད་ཀྱི་ཡང་སྨོན་ལམ་རྣམས་འབྲས་བུ་དང་བཅས་པར་འགྱུར་བ་ཡིན་ནོ། །དེ་ནས་འཐབ་བྲལ་བ་རྣམས་ ཀྱི་བདག་པོ་དེས་ཡིད་ཀྱིས་རྟོགས་པར་གྱུར་ནས། བདག་གིས་གཞན་ལ་ཕན་པ་ཤིན་ཏུ་མང་བ་བྱས་ཏེ། དེ་དག་རྣམས་སླར་ཡང་བག་མེད་པས་ཕྲོགས་པར་མི་འགྱུར་བར་འཐབ་བྲལ་གྱི་བདག་པོ་དེས་རྗེས་སུ་གནང་ངོ ། །ལྷ་དེ་དག་རྣམས་ཡིད་ལས་སུ་རུང་བར་ བྱས་པ་དང ། ཡིད་ལེགས་པར་དུལ་བར་བྱས་པས། མུ་སུ་ལུན་དྷ་དེ་ལ་གཡས་ཕྱོགས་ནས་བསྐོར་བ་བྱས་ནས། མཚོ་དེའི་དྲུང་དུ་སོང་བར་གྱུར་ཏོ། ། མུ་སུ་ལུན་དྷ་ཡང་གཞན་ལ་ཕན་པ་དེ་དག་རྣམས་བྱས་ནས། ཕྱིར་ཡང་ས་གཞན་རྣམས་ཀྱི་ལྷ་ གཞན་རྣམས་ལ་ཕན་པར་བྱ་བའི་དོན་དུ། ལེགས་པར་སོང་བར་གྱུར་ཏོ།། །།འཐབ་བྲལ་གྱི་ལྷ་རྣམས་ཀྱི་ས་ལས་རྟག་ཏུ་བདེ་བའི་ས་སྟེ་བརྒྱད་པ་རྫོགས་སོ།། །།མུ་སུ་ལུན་དྷའི་རྫུ་འཕྲུལ་ཆེན་པོ་ཞེས་བྱ་བ་ཡང་རྫོགས་སོ།། །། 71-1-1b ༄##། །གཞན་ཡང་ལས་དང་འབྲས་བུ་རྣམ་པར་སྨིན་པ་ཤེས་པའི་དགེ་སློང་དེ་མཚེ་མ་པའི་ལྷ་རྣམས་ལ་ཕན་པའི་དོན་དུ་ལྷ་རྣམས་ཀྱི་ས་ལ་ལྟ་བར་བྱེད་པ་ན། དེས་ཐོས་པ་ལས་ བྱུང་བའི་རང་བཞིན་གྱི་ཤེས་རབ་ཀྱིས་ལྷ་རྣམས་ཀྱི་ས་བདེ་བ་རབ་ཏུ་འཕེལ་བ་དང་ལྡན་པ་ཞེས་བྱ་བ་ཇི་ལྟར་ཡོད་པ་མཐོང་བར་གྱུར་ཏོ། །ས་དེར་ཡང་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་ འགྱུར་བ་ཡང་དེས་མཐོང་སྟེ། སྐྱེས་བུ་དམ་པ་གང་གིས་དགེ་ལེགས་སུ་གྱུར་པའི་སེམས་ཀྱིས་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་རྣམས་སྤངས་ པར་གྱུར་པ་ནི་སྔ་མ་བཞིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་རྣམས་ཀྱང་ཤིན་ཏུ་ཕྲ་བ་ཡང་སྤོང་བར་བྱེད་དེ་དཔེར་ན་ཡུད་ཙམ་ཅིག་ཀྱང་བུད་མེད་སྐྱེས་པ་དང་བཅས་པར་མངོན་པར་བྲིས་པ་ རྣམས་ལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སྐྱེད་པར་གྱུར་པས་དེ་ལ་འདི་རྟོག་པར་མི་བྱེད། བརྣབ་སེམས་སུ་མི་བྱེད་དོ། །རོ་མྱོང་བར་མི་བྱེད་ཅིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་ 71-1-2a བྱེད་པའི་སེམས་རྙོག་པ་ཅན་དུ་བྱེད་པ་ཉོན་མོངས་པར་བྱེད་པ་འཇིགས་པ་དང་བཅས་པར་གྱུར་པ་ཚངས་པར་སྤྱོད་པ་ཀུན་ཏུ་སུན་འབྱིན་པར་བྱེད་པ་རྣམས་ཀྱི་ས་དང ། གང་ཡང་གཞན་དག་རབ་ཏུ་རྟོག་པར་བྱེད་པའམ། ལྟ་བར་བྱེད་པ་ཡང་རུང་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སེམས་ཀུན་ནས་སུན་འདོན་པར་བྱེད་པ་དེ་དག་རྣམས་འདིས་རབ་ཏུ་འགོག་པར་བྱེད་དོ། །ཕྱིར་ལ་ཟློག་པར་བྱེད་དོ། །ལས་ཀྱི་འབྲས་བུ་རྣམས་ཀྱང་སྟོན་པར་བྱེད་པ་ཡིན་ཏེ། ཇི་ལྟར་མི་འདོད་པ་དང་མི་དགའ་བ་དང་ཡིད་དུ་མི་ འོང་བར་འགྱུར་བ་ནི་འདོད་པ་ལ་ལོག་པར་གཡེམ་པ་སྟེན་པ་འདིའི་འབྲས་བུ་ཡིན་པས་དེས་ན་དེ་ལྟར་མི་བྱའོ། །འདི་དག་ནི་ཞི་བར་འགྱུར་བའི་ལམ་མ་ཡིན་ནོ། །དགའ་བ་མ་ཡིན། ཡིད་དུ་འོང་བ་མ་ཡིན། དམ་པ་རྣམས་ཀྱིས་མངོན་པར་འདོད་པ་ཡང་མ་ཡིན་ནོ། ། ཤིན་ཏུ་ཕྲ་བའི་འབྲས་བུ་རྣམས་སྟོན་པར་བྱེད་པ། ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་རྣམ་པར་དག་པ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དེ་དག་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་མཚེ་མའི་ལྷ་རྣམས་ཀྱི་བདེ་བ་རབ་ཏུ་འཕེལ་བ་ དང་ལྡན་པའི་ས་འདི་ལ་སྐྱེ་བར་འགྱུར་རོ། །དེ་ལ་སྐྱེས་པ་རྣམས་ནི་ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པས་དེ་དག་དགའ་བའི་ལས་ཀྱི་འབྲས་བུ་རྣམས་ལ་སྤྱོད་པར་བྱེད་དོ། །འདི་ལྟ་སྟེ་ནགས་རྣམས་དང་ཉེ་བའི་ནགས་རྣམས་དང་ཁྲུས་ཀྱི་རྫིང་བུ་རྣམས་ དང ། གསེར་གྱི་རིའི་རྩེ་མོ་རྣམས་དང་འབབ་ཆུ་དང་རིན་པོ་ཆེའི་རང་བཞིན་གྱི་འབབ་ཆུ་རྣམས་ལ་བལྟ་བར་སྡུག་པའི་བྱ་རྣམས་ཀྱིས་ཀུན་ནས་སྒྲ་འདོན་པ་དང ། གཞལ་ཡས་ཁང་གི་རྩེ་མོ་རྣམས་ཀྱང་རིན་པོ་ཆེ་བདུན་གྱི་རང་བཞིན་ལ་ནོར་བུས་ཆ་ཤས་རྣམས་རྣམ་པར་བཀྲ་ 71-1-2b བར་བྱས་པ་དང ། པད་མའི་རྫིང་བུ་རྣམས་ཀྱང་བཻ་ཌཱུརྱ་དང་ཨིན་དྲ་ནཱི་ལ་དང་གསེར་གྱི་རང་བཞིན་རྣམས་ཀྱི་ཆ་ཤས་རྣམ་པ་སྣ་ཚོགས་པ་ལ་གཟུགས་དང་སྒྲ་དང་ཁ་དོག་དང་དབྱིབས་རྣམ་པ་སྣ་ཚོགས་པ་ལ་ལྟ་བར་དགའ་བའི་བུང་བའི་ཚོགས་རྣམས་ཀྱི་སྒྲ་བདེ་བ་སྐྱེད་པ་ཀུན་ཏུ་སྒྲོགས་ པ་དང་ལྡན་པ་རྣམས་ལ་མངོན་པར་རྩེ་བར་བྱེད་དོ། །རིག་པ་དང་ལས་རྣམས་ཐམས་ཅད་ཀྱི་བདེ་བ་རབ་ཏུ་འཕེལ་བ་དང་ལྡན་པའི་ནགས་ཚང་ཚིང་རྣམས་དང་གཞན་ཡང་རྡོ་རྗེ་དང་བཻ་ཌཱུརྱ་དང་ཨིན་དྲ་ནཱི་ལ་དང་ཤེལ་གྱི་རང་བཞིན་གྱི་བྲག་རྣམས་ཆ་ཤས་དང་ཆ་ཤས་སུ་ཕྱེ་བའི་འོད་ཟེར་ རྣམས་ཀྱིས་རྣམ་པར་བཀྲ་བར་གྱུར་པ་རྣམས་ལ་དགའ་བར་བྱེད་དོ། །འབབ་ཆུ་སྣ་ཚོགས་པའི་སྒྲ་བདེ་བ་སྐྱེ་བར་བྱེད་པའི་སྒྲ་སྙན་པ་དང་ལྡན་པ་རྣམས་ལ་དགའ་བར་བྱེད་དོ། །ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་རང་དབང་ཅན་རྣམས་དཔེ་མེད་པར་གྱུར་པའི་ལྷ་རྫས་ཀྱི་འདོད་པ་རྣམས་ལ་ སྟེན་པར་བྱེད་དོ། །ལྷའི་བུ་མོའི་ཚོགས་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཆེས་འཕགས་པར་གྱུར་པའི་བདེ་བ་རྣམས་འཕེལ་བ་དང་ལྡན་པའི་འདོད་པ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ཡིན་ཏེ། དེ་ཡང་རྣམ་པར་རྟོག་པ་དུ་མ་རྣམས་སུ་དཔེ་མེད་པར་གྱུར་པའི་ ལྷ་རྫས་ཀྱི་བདེ་བ་རྣམས་ལ་ལོངས་སྤྱོད་པར་བྱེད་དོ། །རི་དང་རྩེ་མོ་རྣམས་གསེར་གྱི་རང་བཞིན་དང་བཻ་ཌཱུརྱའི་རང་བཞིན་རྣམས་ལ་དེ་དག་ནམ་མཁའ་ལ་ལན་བརྒྱ་ཕྲག་དུ་མར་འགྲོ་བར་བྱེད་པ། རྣམ་པ་སྣ་ཚོགས་པའི་གཟུགས་དང་ཆ་བྱད་དང་རྒྱན་རྣམས་ཕུན་སུམ་ཚོགས་པ། སྒྲིན་པོ་རྣམས་ཀྱི་ རྒོད་པ་དང་གླུ་དང་གར་གྱིས་ཀུན་ནས་བརྒྱན་པར་གྱུར་པའི་ཞབས་འབྲིང་རྣམས་ཀྱིས་རྣམ་པར་བརྒྱན་ཅིང་རོལ་པའི་གཟུགས་དཔེ་མེད་པ་དང་ལྡན་པའི་ལྷའི་བུ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ཉེ་འཁོར་ཀུན་ནས་རྩེ་དགའ་བར་གྱུར་པས་རྣམ་པར་རྒྱུ་བར་བྱེད། རང་གི་འོད་དང་ ལྡན་པའི་ལྷའི་བུ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། དེ་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་གྱི་ཡུལ་ལྔ་ལ་རྣམ་པར་ཆགས་པས། གཟུགས་གང་དང་གང་ཉིད་མཐོང་བར་གྱུར་པ་དེ་དང་དེ་ཉིད་ཀྱང་རྣམ་པར་རྟོག་པ་དུ་མ་དང་ལྡན་པའི་ལྷ་རྫས་སྙིང་འགུལ་བར་བྱེད་པ་དཔེ་མེད་པའི་བདེ་བ་རྣམས་ལེགས་ 71-1-3a པར་སྟོན་པར་བྱེད་པ་མཐོང་ངོ ། །ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པར་བྱེད་པ་དེ་ལྟར་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་རོ། །དེ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་པར་གྱུར་པ་ཡང ། ཐོས་ནས་བདེ་བར་འགྱུར་བ་དང་ཇི་ལྟར་འདོད་པ་བཞིན་དུ་རྣམ་པ་དུ་མར་རྣམ་ པ་སྣ་ཚོགས་པར་གྱུར་པ་དང་ཀུན་ཏུ་རྟོག་པ་རྣམས་སྐྱེད་པར་བྱེད་པ་དང་མཆོག་ཏུ་གྱུར་པའི་ལྷའི་བུ་མོ་རྣམས་ཀྱིས་ལེགས་པར་བསྐྱེད་པའི་རྒོད་པ་དང་འགྱིང་བག་དང་རྩེད་མོ་རྩེ་བར་བྱེད་པ་རྣམས་སོ། །དེ་བཞིན་དུ་སྣས་ཀྱང་ལྷ་རྫས་ཀྱི་དཔེ་མེད་པ་དང་ལྡན་པའི་དྲི་རྣམས་སྣོམ་པར་བྱེད་དེ། རྣམ་པར་རྟོག་པ་དུ་མར་དཔེ་མེད་པར་གྱུར་པ་རྣམས་ལ་འདི་ལྟ་སྟེ། པད་མའི་རྫིང་བུ་རྣམས་ཀྱི་དྲི་ཤིན་ཏུ་ཞིམ་པར་གྱུར་པའི་དྲི་རྣམས་མངོན་པར་འདོད་པའི་རླུང་གིས་ལེགས་པར་བཏབ་པ་རྣམས་ལ་དང ། དྲི་གཞན་ཡང་དེ་ཁོ་ན་བཞིན་དུ་དྲི་ཤིན་ཏུ་ཞིམ་པ་དཔེ་མེད་པར་གྱུར་པའི་ལྷ་ རྫས་རྣམ་པ་དུ་མ་རྣམས་མངོན་པར་འདོད་པའི་རླུང་གིས་རི་དང་སྨན་ལྗོངས་རྣམས་དང་བང་རིམ་རྣམས་དང ། རི་ཁྲོད་རྣམས་དང་ནགས་ཀྱི་ནང་རྣམས་ནས་བཏབ་པར་གྱུར་པའི་ཤིན་ཏུ་དྲི་ཞིམ་པ་དང་ལྡན་པའི་མེ་ཏོག་དུ་མ་དྲི་བླ་ལྷག་པར་གྱུར་པ་རྣམས་སྣོམ་པར་བྱེད་དོ། །དེ་བཞིན་དུ་ལྕེས་ ཀྱང་རོ་རྣམས་མྱོང་བར་བྱེད་དོ། །དེ་ནི་འདོད་པའི་བདེ་བ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཏེ། ལྷ་རྫས་ཀྱི་རོ་རྣམ་པ་དུ་མར་གྱུར་པ་སྐྱུར་བ་དང ། ལན་ཚཝ་དང ། ཚ་བ་དང ། ཁ་བ་དང ། བསྐ་བ་དང ། རྩུབ་པ་རྣམས་དང ། རྣམ་པ་དུ་མ་རྣམས་དང ། དཔེ་མེད་པར་གྱུར་ པ་རྣམས་དང ། རྫས་དུ་མ་རྣམས་ལས་སྐྱེས་པ་དང་ཇི་ལྟ་བ་ཉིད་དུ་ཇི་ལྟར་འདོད་པའི་དུས་སུ་མཁོ་བ་རྣམས་དེ་དག་གིས་ཟ་བར་བྱེད་དོ། །དེ་ལྟར་ལྕེས་རོ་རྣམས་མྱོང་བར་བྱེད་དོ། །དེ་བཞིན་དུ་ལུས་ཀྱིས་ཀྱང་རེག་བྱ་རྣམ་པ་དུ་མ་རྣམས་ལ་རེག་པར་བྱེད་པ་ནི། བདེ་བའི་རེག་པར་བྱ་བ་ བརྒྱད་དང་ལྡན་པར་གྱུར་པ་རྣམས་ལ་བསིལ་བར་གྱུར་པ་དང ། དྲོ་བ་དང་དྲོ་བར་གྱུར་པ་དང་བསིལ་བའི་རེག་བྱ་རྣམས་དང་ལྡན་པ་དང་དེ་བཞིན་དུ་འཇམ་པ་དང་ཕྲ་བ་དང ། ཚགས་དམ་པ་དང་མ་བཏགས་པ་དང་རྣམས་ཏེ་ཁ་དོག་དུ་མ་དང་ལྡན་པའི་གོས་རྣམས་སོ། །དེ་བཞིན་དུ་མཐོ་རིས་ 71-1-3b ཀྱི་རྗེས་སུ་འཐུན་པའི་རྒྱན་གྱི་རྣམ་པ་རྣམས་ཀྱང་སྟེ། རིན་པོ་ཆེ་དུ་མའི་འོད་ཟེར་སྣང་བ་བྱེད་པ་དང་ལྡན་པ་རྣམས་ལ་དཔག་ཚད་བཅུ་དང་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུ་དང་དྲུག་ཅུ་དང་དེ་བཞིན་དུ། དཔག་ཚད་བརྒྱའི་བར་དུ་འོད་དང་ལྡན་པའི་ནོར་བུ་རྣམས་ཀྱི་རེག་བྱ་རྣམས་ ཀྱང་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །དེ་བཞིན་དུ་རྒྱན་གྱི་རྣམ་པར་གྱུར་པའི་མེ་ཏོག་བདེ་བའི་རེག་བྱ་དང་དྲི་དང་ལེགས་པར་འབྲེལ་པས་བསྒོས་པར་གྱུར་པ་རྣམ་པ་སྣ་ཚོགས་པ་རྣམས་ལྷ་རྫས་ཀྱི་ནགས་ཀྱི་གསེབ་ནས་རླུང་གིས་བདས་པའི་བདེ་བའི་རེག་བྱ་དང་ལྡན་པ་རྣམས་ཀྱི་རེག་བྱ་ལ་རྗེས་སུ་ ལོངས་སྤྱོད་པར་བྱེད་པ་སྟེ། ལུས་ཀྱི་ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པར་གྱུར་པ། རང་གིས་ལེགས་པར་བྱས་པའི་ལས་རྣམས་ཀྱིས་འདོད་པ་སྡུག་པ་ཡིད་དུ་འོང་བ་འཕགས་པ་དགྱེས་པ་ཡིན་གྱི། མ་བྱས་པ་རྣམས་ཀུན་ཏུ་འོང་བར་འགྱུར་བ་ནི་མ་ཡིན་ནོ། ། འདོད་རྒྱལ་བ་རྣམས་ནི་མ་ཡིན་ནོ། །བྱས་པ་ཆུད་ཟ་བར་འགྱུར་བ་ནི་མ་ཡིན་ནོ། །རྒྱུ་མེད་པ་ནི་མ་ཡིན་ནོ། །གཞན་བག་མེད་པ་རྣམས་ཀྱིས་བྱས་པ་ནི་མ་ཡིན་ནོ། །ལས་དང་འབྲས་བུ་རྣམས་དང་ཆ་མི་འདྲ་བར་གྱུར་པའི་རྒྱུ་རྐྱེན་རྣམས་ཀུན་ཏུ་ཚོགས་པ་ནི་མ་ཡིན་ནོ། །འདི་ དག་ནི་འབྲས་བུ་དང་བཅས་པར་སྨིན་པར་ལེགས་པར་མཐོང་བ་རྣམས་དང་ཆ་འདྲ་བའི་ལས་རྣམས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་ཡིན་ནོ། །ཚུལ་ཁྲིམས་ལ་སྤྱོད་པར་གྱུར་པ་དེ་དེ་བཞིན་དུ་ཡིད་ཀྱིས་ཀྱང་གང་འདོད་པའི་འདོད་པ་རྣམས་ལ་སྟེ། འདོད་པའི་ཡིད་དུ་འོང་བའི་ ལྷ་རྫས་ཀྱི་གཟུགས་མང་ཞིང་རྒྱ་ཆེན་པོར་གྱུར་པ་རྣམས་དང ། ཕྲ་བ་རྣམས་དང་བར་མ་རྣམས་དང་ཀུན་ནས་འཕེལ་བར་འགྱུར་བའི་དུས་སུ་བྱུང་བ་རྣམས་དང ། དེ་བཞིན་དུ་མར་འབྲི་བའི་དུས་སུ་དང་བར་མའི་དུས་སུ་ཐོབ་པ་རྣམས་ལོངས་སྤྱོད་པར་བྱེད་པ་ན། དེ་ལྟར་ཡང་སེམས་ བསྐྱེད་པ་ཉིད་ཀྱིས་མངོན་པར་འདོད་པར་གྱུར་པའི་ཉེ་བར་ལོངས་སྤྱད་པར་བྱ་བ་རྣམ་པ་དུ་མའི་བདེ་བའི་ཆོས་རྣམས་ལ་མངོན་པར་འཚལ་བས་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །ཚུལ་ཁྲིམས་ལ་སྤྱད་པའི་སྐྱེས་བུ་དེ་དག་རྣམས་དེ་ལྟར་ཁྱད་པར་དུ་ཡང་ལྷ་རྣམས་ནི་ཡུལ་དྲུག་གི་མེ་ལ་རྣམ་པར་ 71-1-4a ཆགས་པར་གྱུར་ཅིང ། འདོད་པའི་ཆུ་བོ་རྣམས་ཀྱིས་ཁྱེར་བར་གྱུར་པས་དེ་དག་ནགས་ནས་ནགས་རྣམས་དང་རིའི་རྩེ་མོ་ནས་རིའི་རྩེ་མོ་རྣམས་ལྷ་རྫས་ཀྱི་རིན་པོ་ཆེའི་ཁམས་རྣམས་ཀྱི་འབྱུང་ཁུངས་དང་ལྡན་པ་རྣམས་ནས་རིན་པོ་ཆེའི་ཁམས་རྣམས་ཀྱི་འབྱུང་ཁུངས་ དང་ལྡན་པ་རྣམས་སུ་ཀུན་ཏུ་ཉེ་བར་འགྲོ་བར་བྱེད་ཅིང ། ནགས་དང་ཉེ་བའི་ནགས་ཀྱི་ཚལ་རྣམས་དང ། འབབ་ཆུའི་སྒྲ་རྣམས་ཀུན་ནས་ལེགས་པར་གྲག་པ་དང་ཁ་དོག་དང་དབྱིབས་དང་རིགས་དང ། སྡེ་ཚན་མི་འདྲ་བ་བརྒྱ་ཕྲག་གི་བྱ་རྣམས་ཀྱི་སྒྲ་སྙན་པར་འབྱིན་པས་ཡིད་ དགའ་བར་གྱུར་པ་རྣ་བ་དག་ལ་གཏད་པས་དབྱངས་ཀྱིས་ཀུན་ནས་འཁྲིད་པ་དང་རྒྱན་དང་ལེགས་པར་ལྡན་པའི་དགའ་བས་ཡིད་འཕྲོག་པར་གྱུར་པ་རྣམས་དེ་ལྟར་དེ་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱད་པ་རྣམས་དེ་ལེགས་པར་ཉེ་བར་འགྲོའོ། །མང་པོ་རྣམས་ཉིད་ཀྱང་ གཟུགས་དང་ཆ་བྱད་དང ། རྒྱན་དང་ལེགས་པར་གནས་པ་རྣམས་ཀྱི་ཡོན་ཏན་དུ་མ་རྣམས་དང་ལྡན་པའི་ཆ་བྱད་ཅན་རྣམས་བསྒྲིན་པ་དང ། འགྱིང་བས་འདོད་པའི་མེ་རྣམས་ལེགས་པར་སྐྱེད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གནས་རྣམ་པ་དུ་མ་རྣམས་ཉེ་བར་སྟོན་པར་བྱེད་དོ། །ལྷ་རྫས་ཀྱི་ཕྲེང་བ་མཆོག་རྣམས་ཀྱིས་བརྒྱན་པ་དང ། མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་བྱུག་པ་རྣམས་ཀྱིས་རྣམ་པར་བརྒྱན་པས་གསེར་གྱི་རང་བཞིན་དང་བཻ་ཌཱུརྱ་དང་གསེར་འབར་བའི་རང་བཞིན་གྱི་རྩེ་མོ་རྣམས་ལ་སྟེན་པར་བྱེད་དོ། །སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་ འདོད་པ་དུ་མ་རྣམས་ཉེ་བར་བསྟེན་ནས། ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པས། གལ་ཏེ་ཤེད་ན་ཉེ་བའི་ནགས་གཞན་རྣམས་ཉེ་བར་སྟེན་པར་བྱེད་དོ། །མཉམ་པ་དང་མི་མཉམ་པའི་སའི་ཆ་ཤས་རྣམས་དགའ་བར་གྱུར་པའི་གསེར་དང་བཻ་ཌཱུརྱའི་རང་བཞིན་དང་གསེར་བཟང་པོའི་ རང་བཞིན་དང་དངུལ་དང་ཨིན་དྲ་ནཱི་ལ་དང་མུ་ས་རའི་རང་བཞིན་རྣམས་ལ་དྲིལ་བུ་གཡེར་ཀ་སྒྲ་སྒྲོགས་པའི་དྲ་བའི་སྐད་ཕུན་སུམ་ཚོགས་པས་རྣམ་པར་བརྒྱན་པའི་སྒྲ་རྣམས་དང ། བྱའི་ཚོགས་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་རྣམ་པར་བརྒྱན་པ་རྣམས་ལ། ལན་བརྒྱ་ཕྲག་རྣམས་སུ་ 71-1-4b རྣམ་པར་རྒྱུ་བར་བྱེད་པ་གང་གི་ཚེ། བག་མེད་པས་བག་མེད་པར་རྣམ་པར་སྤྱོད་པར་བྱེད་པ་དེའི་ཚེ། དེ་དག་རྣམས་མངོན་པར་ཀུན་ཏུ་མཐོང་ནས་བག་ཡོད་པ་ཞེས་བྱ་བའི་བྱས་རྗེས་སུ་འདོམས་པར་བྱེད་པའི་ཚིགས་སུ་བཅད་པ་འཆད་པ་ཇི་ལྟར། གསར་པའི་ལས་ཀྱང་ཟད་ འགྱུར་ལ། །རྙིངས་པ་ཡོངས་སུ་སྤྱོད་པ་ཡིན། །དེ་ཟད་པས་ནི་རྟག་ཏུ་ལྟུང ། །མཐོ་རིས་ལྷ་ཡི་ཆོས་འདི་དག་།རྟག་ཏུ་ལས་ཀྱིས་ལྷུང་བ་ཡིན། །དེ་བཞིན་འཚོ་བ་སྐད་ཅིག་སྟེ། །འཆི་བདག་མྱུར་བར་འོང་བ་ཡང ། །བྱིས་པ་རྣམས་ཀྱིས་རིག་པའང་མིན། །ཁྱོད་ཀྱིས་འདི་ མིན་འདིའི་ཡང་ཁྱོད། །མིན་ཡང་ཆགས་པས་མ་ཤེས་སོ། །དུས་འགྲོ་རྟག་པར་ཤིན་ཏུ་མྱུར། །ལྟུང་འགྱུར་དེ་ཡང་ཉེ་བར་འོང ། །ཐོབ་པ་དང་ནི་འཇིག་པའི་རྒྱུ། །ཡུལ་དུ་མ་ལ་ཆགས་པ་ཡིན། །གནོད་དང་བཅས་པ་དེ་ལ་ཁྱོད། །བློ་ངན་རྟག་ཏུ་ཅི་སྟེ་འགྲོ། །གང་ཕྱིར་ ལེགས་པར་བྱས་པའི་ལས། །དེ་ལྟར་ཁྱོད་ཀྱིས་བདེ་ལོངས་སྤྱད། །ཡང་ནི་ཅི་ཕྱིར་ལེགས་བྱས་པའི། །ལས་རྣམས་དག་ནི་ཅིས་མི་བྱེད། །ཡུལ་རྣམས་ལ་ནི་གང་ཆགས་པ། །དེ་ནི་སྲིད་པའི་རྒྱ་མཚོར་ནུབ། །གང་ཡང་དེ་ལས་རྣམ་གྲོལ་བ། །དེ་ནི་སྡུག་བསྔལ་མཚོ་ ལས་གྲོལ། །ཡུལ་གྱི་རླབས་ཀྱི་ཤུགས་པོ་ཆེ། །སྲིད་པའི་ཆུ་ཀླུང་ལས་ཀུན་བྱུང ། །མྱང་འདས་གྲོང་ཁྱེར་འགྲོ་བ་ཡིན། །དཔའ་བོས་དེ་ནི་སྤང་བར་གྱིས། །བརྟན་པ་དེ་ཉིད་ཚོལ་རྣམས་ཀྱིས། །ཡུལ་རྣམས་ངེས་པར་བཟློག་པར་གྱིས། །དེས་བསྐྱེད་ཡུལ་གྱི་སྲེད་པ་ རྣམས། །སྲིད་པ་གསུམ་དུ་འཇུག་ཅིང་འགྲོ། །ཡུལ་རྣམས་ངེས་པར་བཟློག་པར་གྱིས། །བདག་ཅག་དེ་ཡིད་བྱས་ལ་རེ། །ཀིམ་པ་ཀ་དང་འདྲ་བ་དང ། །ཕྱི་ནས་རྣམ་སྨིན་རྩུབ་པ་ཡིན། །མི་སེམས་བདེ་ལ་ཀུན་ཏུ་ཆགས། །ཡུལ་རྣམས་ལ་ནི་རྒྱུག་པར་བྱེད། །དེས་ནི་མི་དགེའི་ ལས་རྣམས་སོག་།བློ་གྲོས་ངན་པས་གང་རྒྱུག་པའི། །གཡོ་བ་མི་བཟད་རྩུབ་པ་ལས། །དེ་ཕྱིར་སེམས་ནི་རྟག་ཏུ་སྲུངས། །རྟག་ཏུ་ཡུལ་ལ་ཀུན་ཆགས་པ། །སྲིད་པའི་ཡུལ་གྱིས་གཡོགས་པ་ཡི། །ཡུལ་རྣམས་ལ་ནི་རྒྱུག་བྱེད་པ། །བྲེལ་ཕོངས་དེ་དག་མ་གོའོ། ། 71-1-5a ཕྱི་ནས་བྲེལ་ཕོངས་ཐོབ་པས་ཀྱང ། །ལས་ཀྱི་འབྲས་བུ་རིག་པར་གྱུར། །ཤེས་ནས་ཀྱང་ནི་ལས་འདི་དང ། །རྟག་ཏུ་ཡུལ་རྣམས་སྐྱོན་དེ་དང ། །འགྲོ་བ་མ་ལུས་བཅིངས་གྱུར་པའི། །སྐྱོན་གཞན་ཡང་ནི་རྟག་ཏུ་སྤོངས། །དེ་ལྟར་བག་ཡོད་པར་གྱུར་པའི་བྱ་ དེས་བག་མེད་པས་བག་མེད་པར་རྣམ་པར་རྒྱུ་བའི་ལྷ་དེ་དག་རྣམས་ལ་ལེགས་པར་སྒྲོགས་སོ། །དེ་གཏན་ཚིགས་ཀྱིས་བརྗོད་ཀྱང་དེ་དག་རྣམས་ཀུན་ནས་རྟོགས་པ་ཡང་མ་ཡིན་ཏེ། ཡུལ་ལ་ཀུན་ཏུ་འཆུམས་པར་གྱུར་པས་དེས་དེ་དག་ལ་བརྩི་བགྲང་མེད་པར་སླར་ཡང་དེ་ཁོ་ན་བཞིན་དུ་ ཡུལ་རྣམས་ལ་རྣམ་པར་ཆགས་པར་གྱུར་པའི་བློས་འཁོར་བའི་དགོན་པ་ལྟ་བུར་གྱུར་པ་དང ། ཤིན་ཏུ་སྡུག་བསྔལ་སྐྱེད་པར་བྱེད་པའི་རྒྱུར་བྱེད་པ་དེ་ལྟར་སེམས་དང་འགྲོ་བ་དང་རབ་ཏུ་སྤྱོད་པར་བྱེད་པ། རྟག་ཏུ་ཡང་ཡུལ་གྱི་གནས་སྐབས་རྣམས་ལ་འགྲོས་བྱེད་པར་མཚུངས་པའི་ གནས་སྐབས་རྣམས་སུ་རྗེས་སུ་ཆགས་པར་བྱེད་པ་གནས་པ་མེད་པའི་འགྲོས་དང ། རབ་ཏུ་རྒྱུ་བས་ཀུན་ཏུ་གནས་པར་བྱེད་པ། རྟག་ཏུ་ཡང་སྐྱེས་པ་གཅིག་ཅིག་ཚོལ་བ་ལ་ཞུགས་པ་དག་དང ། མཚོན་ཆ་དང་མེ་དང་གཡང་ས་རྣམས་དང ། ཡིད་མཚུངས་པ་མི་རྣམས་ ཐམས་ཅད་སྲེག་པར་བྱེད་པའི་ནགས་ཀྱི་མེར་གྱུར་པ་སྡུག་བསྔལ་རྣམས་ཐམས་ཅད་ཀྱི་རྒྱུ་མཚན་དུ་གྱུར་པའི་ལྷའི་བུ་མོ་དེ་དག་རྣམས་ཉིད་དང་དེ་ལྷན་ཅིག་ཏུ་རྩེ་དགའ་བར་བྱེད་དོ། །གང་ཞིག་བདེ་བ་རྣམས་ཐམས་ཅད་འདོད་པ་དང་བློ་དང་ལྡན་པ་དང་བདེ་བ་རྣམས་རྗེས་སུ་ཚོལ་བར་ བྱེད་པ་དང་འཁོར་བའི་འཇིགས་པ་རྣམས་ཀྱིས་འཇིགས་པ་རྣམས་ནི་འདི་དག་རྣམས་ཀྱི་དྲུང་ན་གནས་པ་ནི་འཇིགས་པ་ཡིན་པར་བྱའོ། །ཐམས་ཅད་ཀྱིས་ཀྱང་བརྩོན་པར་བྲོས་པར་བྱའོ། །དེ་དག་ཉིད་ལ་ཀུན་ཏུ་རྨོངས་པའི་ཡིད་ཅན་རྣམས་འདོད་ཆགས་ཀྱིས་དམུས་ལོང་དུ་བྱས་ པའི་ཡིད་ཅན་རྣམས་ནི་དེ་དག་རྣམས་ཀྱི་མཐུ་སྟོབས་ལས་བྱུང་བའི་སྡུག་བསྔལ་རྣམས་ཤེས་ཀྱང་དེ་དག་རྣམས་ཉིད་དང་ལྷན་ཅིག་ཏུ་དགའ་བར་བྱེད་དོ། །བྱིས་པ་རྣམས་ཐམས་ཅད་ནི་འཁོར་བའི་འདམ་རྫབ་ཏུ་གྱུར་པའི་མཚན་ཉིད་ཀྱིས་ལོང་བ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཀྱིས་ 71-1-5b ལོང་བར་གྱུར་པའི་འཆི་བདག་རྣམས་ཐམས་ཅད་དང་རྩེ་དགའོ། །དེ་ལྟར་དེ་དག་རྣམས་དང་དེ་ཡང་ལྷན་ཅིག་ཏུ་སྤྱོད་པར་བྱེད་པ་ལ་ཡང་དེ་བཞིན་དུ་ཡང་མི་རྩིའོ། །གང་རྣམ་པ་དུ་མས་ཕན་པར་གྱུར་པ་དེ་ཁོ་ན་ཉིད་དང ། ངན་སོང་ལས་ཟློག་པར་བྱེད་པའི་ཚིག་ཡིན་ཡང་དེ་ཁོ་ན་བཞིན་ དུ་དེའི་སེམས་ཡོངས་སུ་བསླུས་པས། དེ་ཁོ་ན་ཉིད་དེ་མངོན་པར་མ་ཤེས་པས་ནགས་དང་ཉེ་བའི་ནགས་དེ་དག་རྣམས་སུ་དགའོ། །སྲེད་པའི་ཞགས་པ་ལེགས་པར་བསྐྱེད་པ་དེ་དག་རྣམས་ཉིད་དང་ལྷན་ཅིག་ཏུ་སྟེ། འཕགས་པ་མ་ཡིན་པ་རྣམས་དང་ལྷན་ཅིག་ཏུ་དགའ་བར་བྱེད་ དོ། །དེ་གསེར་དང་བཻ་ཌཱུརྱ་དང་ཨིན་དྲ་ནཱི་ལ་དང་ནཱི་ལ་ཆེན་པོ་དང་མུ་ས་ར་གལྦ་ལ་སོགས་པའི་རིན་པོ་ཆེ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ལེགས་པར་རྣམ་པར་ཕྱེ་བའི་ས་གཞིའི་ཆ་ཤས་རྣམ་པ་དུ་མ་རྣམས་ཀུན་ལ་རྣམ་པར་རྒྱུ་བར་གྱུར་པ་ན། བརྒྱ་ལ་ཞིག་ན་ཆེན་པོར་གྱུར་པའི་ སྐད་ཀྱི་གདངས་ཐོས་ན་བདེ་ཞིང་ཡིད་དགའ་བར་བྱེད་པ། ལྷ་རྫས་ཀྱི་ཡོན་ཏན་རྣམས་དང་ལྡན་པ་ཐོས་པར་འགྱུར་རོ། །དེས་ཐོས་ནས་འདི་སྙམ་དུ་སེམས་ཏེ། སྒྲ་འདི་དག་གང་གི་ཡིན་སྙམ་ནས། དེ་ངོ་མཚར་བར་གྱུར་པའི་ཡིད་ཀྱིས་ལྷན་ཅིག་རྗེས་སུ་སྤྱོད་པའི་འཁོར་དང་བཅས་ ནས་གང་ན་སྒྲ་འདི་ཡོད་པ་དེར་ལེགས་པར་ཉེ་བར་འགྲོའོ། །དེ་ནས་འགྲོ་བར་བྱེད་པ་ཉིད་ན་གང་ན་ཤིན་ཏུ་ངར་ཆེ་བར་གྱུར་པ་ཡི་གེ་རྣམས་གསལ་བར་གྱུར་པ་གླུའི་སྒྲ་དེ་དང་དེ་དག་རྣམས་ཉིད་ཤིན་ཏུ་སྙན་པའི་མཆོག་ཏུ་ཕྱིན་པ་ཡན་ལག་ལྔ་དང་ལྡན་པའི་རྔ་སྒྲ་རྣམས་ཀྱིས་ཕུན་སུམ་ཚོགས་ པ་དེ་དག་རྣམས་ནི་ཤིན་ཏུ་བར་ཡང་ཡོན་ཏན་རྣམས་ཕུན་སུམ་ཚོགས་པ་དཔེ་མེད་པར་གྱུར་པའི་སྔར་ཐོས་མ་མྱོང་བའི་སྒྲ་འདི་དག་དེ་དག་ཏུ་ཐོས་པར་གྱུར་ཏོ། །ལྷ་གསར་དུ་སྐྱེས་པ་དེ་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ནས་ནགས་དེར་ཉེ་བར་རྒྱུག་སྟེ། རིན་པོ་ཆེའི་རང་བཞིན་གྱི་ཤིང་རྣམ་པ་དུ་མ་ རྣམས་ཕུན་སུམ་ཚོགས་པ། དགའ་བ་ཆེན་པོའི་ནགས་ཚལ་ཞེས་བྱ་བ་རྒྱ་ཁྱོན་དུ་དཔག་ཚད་བརྒྱ་པ་ཞེང་དུ་དཔག་ཚད་ཉི་ཤུ་པ་ནགས་དེ་ན་ནི་ནགས་ཆེན་པོར་གྱུར་པས། ཤིང་རྣམས་ཕུན་སུམ་ཚོགས་པ་ཡོན་ཏན་ཆེན་པོ་དང་ལྡན་པ་བརྒྱ་ཕྲག་དུ་མ་རྣམས་དང་སྟོང་ཕྲག་དུ་མ་རྣམས་ཀྱི་ 71-1-6a ལྷའི་ཚོགས་རྣམས་གནས་པ་ཡང་གླུ་ལེན་པར་བྱེད་པ་དང ། རྩེ་དགའ་བར་བྱེད་པ་དང་གར་ཡང་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེས་ནགས་དེ་མཐོང་བར་གྱུར་ནས་ཞུགས་པར་གྱུར་པ་དང ། ནགས་རྣམས་ཐམས་ཅད་གསེར་གྱི་རང་བཞིན་གྱི་ཤིང་བཻ་ཌཱུརྱའི་རང་ བཞིན་གྱི་ལོ་མ་ལྷའི་རྫས་ལས་རབ་ཏུ་བྱུང་བ་དྲི་དང་མེ་ཏོག་རྣམས་སོ། །དེ་དག་དང་འདྲ་བའི་ཡོན་ཏན་གྱི་ཕྲེང་བ་རྣམས་དང ། མདོག་དང་དབྱིབས་རྣམ་པ་དུ་མར་གྱུར་པ་དེ་དག་རྣམས་དེས་ཡང་དག་པར་མཐོང་ནས་གཞན་ཡང་གཞན་རྣམས་ལ་ལྟ་བར་བྱེད་དེ།ཤིང་བཻ་ཌཱུརྱའི་རང་ བཞིན་ལ་ཨིན་དྲ་ནཱི་ལའི་ཡལ་ག་རྣམས་དང ། གསེར་གྱི་རང་བཞིན་གྱི་འདབ་མ་རྣམས་དང ། དངུལ་གྱི་ཁ་དོག་གི་འབྲས་བུ་རབ་ཏུ་སྨིན་པར་གྱུར་པ་རྣམས་ལྷ་རྫས་ཀྱི་རོའི་ཡོན་ཏན་རྣམས་ཕུན་སུམ་ཚོགས་པའོ། །ིན་དྲ་ནཱི་ལའི་མདོག་གི་ཡལ་ག་རྣམས་ཀྱིས་མངོན་པར་བསྐོར་བ་ ལ་རྣམ་པ་སྣ་ཚོགས་པའི་ཁ་དོག་དང་ལྡན་པའི་མེ་ཏོག་རྣམས་ཀྱིས་མངོན་པར་བསྐོར་བ་རྣམས་དང ། ཤིང་གཞན་དག་རྣམས་ཀྱང་མཐོང་བ་ལ་འདི་ལྟ་སྟེ། ཨིན་དྲ་ནཱི་ལའི་རྩ་བ་གསེར་གྱི་མདོག་གི་ཡལ་ག་བཻ་ཌཱུརྱའི་རང་བཞིན་གྱི་འདབ་མ་དང་ལྡན་པ་རྣམས་ལ་མདོག་དང་དབྱིབས་རྣམ་ པ་དུ་མ་རྣམས་དང་ལྡན་པའི་བུང་བའི་ཚོགས་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ། ཤིན་ཏུ་སྙན་པའི་སྒྲ་རྣམས་ཀྱིས་མིག་དང་ཡིད་འཕྲོག་པར་བྱེད་པ་རྣམས་སོ། །དེ་བཞིན་དུ་ལྷ་གསར་དུ་སྐྱེས་པ་དེས་གཞན་དག་རྣམས་ཀྱང་མཐོང་བ་ལ་ལྷ་རྫས་ཀྱི་མེ་ཏོག་ཁ་ཕྱེ་བ་དང་མིག་ཟུམ་པ་ རྣམས་ཀྱང་མཐོང་ན་དགའ་བར་འགྱུར་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་རྣམ་པར་འདྲེས་པའི་ཆ་ཤས་རབ་ཏུ་རྣམ་པར་ཕྱེ་བ་མཆོག་ཏུ་ངོ་མཚར་བར་གྱུར་པ། སྒྲའི་རྣམ་པ་ཐོས་པར་དགའ་བ་རྣམས་ཀྱིས་ཡིད་མངོན་པར་དགའ་བར་བྱེད་པ་རྣམས་སོ། །དེ་བཞིན་དུ་གཞན་དག་འཁྲི་ཤིང་གི་ ཁང་པ་རྣམས་གསེར་གྱི་འཁྲི་ཤིང་རྣམས་ཀྱི་ལོ་མ་འགུལ་བ་རྣམས་ལ་འདབ་མ་རྣམས་ལེགས་པར་ཁྱབ་པར་གྱུར་པ་བུང་བའི་ཚོགས་ཀྱི་ཁྱད་པར་བརྒྱ་སྟོང་རྣམས་ཀྱི་སྒྲའི་བྱེ་བྲག་སྙན་པར་དགའ་བ་རྣམས་མཐོང་ངོ ། །དེ་བཞིན་དུ་འཁྲི་ཤིང་གི་ཁང་པ་གཞན་དག་ཀྱང་བཻ་ཌཱུརྱའི་རང་བཞིན་གྱི་ 71-1-6b ཡལ་ག་རྣམས་ཀྱིས་རྣམ་པར་བརྒྱན་པ། ཨིན་དྲ་ནཱི་ལ་ཆེན་པོའི་འདབ་མ་རྣམས་ཀྱིས་ལེགས་པར་གཡོགས་པ་རབ་ཀྱི་མཆོག་གི་ནོར་བུ་མདོག་རྣམ་པར་བཀྲ་བ་རྣམས་ཀྱིས་བརྒྱན་པ་ལ་བྱ་རྣམས་ཀྱིས་ཀུན་དུ་སྟེན་པར་བྱེད་པ་རྣམས་ནགས་དེ་འཇམ་པ་མནན་ན་ནེམ་ལ་བཏེག་ན་འཕར་བའི་ ས་གཞིའི་ཆ་ཤས་ལེགས་པར་ཕྱེ་བ་རྣམས་དང ། ལྷ་རྫས་ཀྱི་དྲི་རྣམས་ཀྱིས་བསྒོས་པ་ལྷའི་བུ་མོའི་ཚོགས་རྣམས་དང་བཅས་པ་མཐོང་བར་གྱུར་ཏོ། །དེ་བཞིན་དུ་གནས་གཞན་དག་རྣམས་ཀྱང་མཐོང་བར་གྱུར་པ་ལ་ལྷ་གསར་དུ་སྐྱེས་པ་དེས། གང་འགའ་ཞིག་སྔར་མ་མཐོང་བ་ སའི་རྣམ་པའི་ཆ་ཀུན་ཡང་ཡོངས་སུ་ཚོགས་པ་བཞིན་དུ་ལྷ་རྫས་ཀྱི་ཁ་དོག་གི་རིན་པོ་ཆེ་བདུན་གྱི་རང་བཞིན་རྣམས་ཀྱིས་ལེགས་པར་རྣམ་པར་གཡོགས་པ། ཤིན་ཏུ་དགའ་བ་དང་ལེགས་པར་མཉམ་པའི་ས་ཕྱོགས་ཀྱི་ཆ་མཆོག་ཏུ་དགའ་བ་རྣམས་ཕྱི་བཞིན་རྗེས་སུ་འབྲང་བའི་འཁོར་ དང་བཅས་པ་རྣམས་མཆོག་ཏུ་ངོ་མཚར་བས་རྣམ་པར་གཡེངས་པའི་མིག་གིས་མཐོང་བར་འགྱུར་རོ། །ནགས་དེར་ལྷ་དེས་གང་དག་ཁོ་ན་མཐོང་བར་གྱུར་པ་དེ་དག་ཁོ་ན་འདོད་པ་སྡུག་པ་ཡིད་དུ་འོང་བ་མཐོང་བར་འགྱུར་རོ། །གང་དག་ཁོ་ན་ཐོས་པ་དེ་དག་ཉིད་འདོད་པ་སྡུག་ པ་ཡིད་དུ་འོང་བ་ཡིད་མངོན་པར་དགའ་བ་རྣམས་ཐོས་པར་འགྱུར་རོ། །དེས་གང་དང་གང་ཉིད་སྣོམ་པར་བྱེད་པ་ན་དེ་དང་དེ་ཉིད་འདོད་པ་དགའ་བ་ཡིད་དུ་འོང་བ་རྣམས་སྣོམ་པར་བྱེད་དོ། །རྣམ་པ་དུ་མ་དེ་དག་རྣམས་ལས་དེས་གང་ཁོ་ན་སེམས་པར་བྱེད་པ་དེ་དག་ཉིད་འདོད་པ་ དགའ་བ་ཡིད་དུ་འོང་བ་རྣམས་མྱོང་བར་བྱེད་པ་ཡིན་ནོ། །རབ་ཀྱི་ཕུལ་གྱི་ལྷ་རྫས་ཀྱི་རོའི་རོ་གཅིག་ཕུན་སུམ་ཚོགས་པ་ལས་ཀྱང ། དེ་གང་ཁོ་ན་ཉན་པར་བྱེད་པ་དེ་དང་དེ་ཉིད་རྣམ་པ་དུ་མར་དགའ་བ་ཡིད་དུ་འོང་བ་རྣམས་ཐོས་པར་འགྱུར་རོ། །དེ་གང་དང་གང་ལ་རེག་པར་བྱེད་ པའམ། གང་དང་གང་ཉིད་སེམས་པར་བྱེད་པ་དེ་དང་དེ་ཉིད་འདོད་པ་དགའ་བ་ཡིད་དུ་འོང་བ་རྣམས་འདིའི་སེམས་བསྐྱེད་པ་དང་དུས་གཅིག་ཁོ་ནར་འདི་ལ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལྟར་འདི་འདོད་པ་རྣམས་ཐམས་ཅད་ཀྱི་འཆིང་བས་བཅིངས་ནས་རབ་ཏུ་རྒྱ་ཆེ་བའི་བདེ་བ་ 71-1-7a དང་ལྡན་པ་ནི། དེ་ལ་ཕྱི་བཞིན་རྗེས་སུ་འགྲོ་བའི་འཁོར་རྣམས་དང་བཅས་ནས་རྣམ་པ་དུ་མ་དང ། རྣམ་པར་རྟོག་པ་དུ་མའི་སའི་ཆ་རྣམས་ལ་ལྷ་ཡུལ་གྱི་བྱའི་ཚོགས་ཀྱིས་ཁྱད་པར་གྱི་སྒྲ་འདོན་པའི་ནགས་ཚལ་ཆེན་པོ་དེ་ལ་ཞུགས་པར་གྱུར་ཏོ། །དེ་ཞུགས་པར་ གྱུར་པ་ན་པད་མའི་རྫིང་བུ་རྣམ་པ་སྣ་ཚོགས་པར་མཛེས་པ་རྣམས་དང ། ས་གཞིའི་ཆ་ཤས་ལེགས་པར་རྣམ་པར་ཕྱེ་བ་རྣམས་དང ། དེ་ལས་ཤིན་ཏུ་ཆེས་ལྷག་པར་བསྟར་བའི་ས་ཕྱོགས་ཀྱི་ཆ་གཞན་རྣམས་ཉིད་ཀྱང་རབ་ཏུ་མཐོང་ངོ ། །པད་མའི་རྫིང་བུ་དེ་དག་རྣམས་ཀྱི་མཛེས་ པར་གྱུར་པ་རྣམས་ནི། འདི་ལྟ་སྟེ་པད་མ་ལ་ལ་ནི་བཻ་ཌཱུརྱའི་ཡུ་བ་གསེར་གྱི་འདབ་མ་རྡོ་རྗེའི་རང་བཞིན་གྱི་ཟེ་འབྲུ་དེ་བཞིན་དུ་ཨིན་དྲ་ནཱི་ལའི་རང་བཞིན་གྱི་ལྟེ་བ་རྣམས་ཡིན་ཏེ་ཤིན་ཏུ་འཇམ་པ་རྣམས་ཡིན་ནོ། །དེ་བཞིན་དུ་གཞན་དག་རྣམས་ཀྱང་བཻ་ཌཱུརྱའི་འདབ་མ་དང ། གསེར་ གྱི་རང་བཞིན་གྱི་ཡུ་བ་དང ། དངུལ་གྱི་རང་བཞིན་གྱི་སྙིང་པོ་དང ། པད་མ་རཱ་གའི་ཟེ་བ་དང་ལྡན་པ་རྣམས་ལ་རྣམ་པ་སྣ་ཚོགས་པའི་བུང་བའི་ཚོགས་རྣམས་ཀྱི་རྣམ་པར་བརྗོད་པའི་སྒྲ་འབྱིན་པར་ཉན་པར་འོས་པར་སྙན་པས་དགའ་བར་གྱུར་པ་རྣམས་དང ། འདབ་མ་རྣམ་པར་ བཀྲ་བར་གྱུར་པའི་པད་མའི་འདབ་མ་རྣམས་ནི་རིན་པོ་ཆེ་བདུན་གྱིས་རྣམ་པར་སྤྲས་པ་དང ། གསེར་གྱི་འདབ་མ་རྣམས་ཀྱང་ལེགས་པར་རྣམ་པར་ཕྱེ་བ་དང ། ལྟེ་བ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་སྣ་ཚོགས་པར་ལེགས་པར་རྣམ་པར་ཕྱེ་བ་རྣམས་ཀྱང་འདི་ལྟ་སྟེ། ཨིན་དྲ་ནཱི་ལ་དང ། པད་མ་རཱ་ག་དང ། བཻ་ཌཱུརྱ་དང ། གསེར་དང ། མུ་ས་ར་གལ་བ་དང ། ཤེལ་དང ། མཧཱ་ནཱི་ལ་རྣམས་ཀྱི་ཁ་དོག་སྣ་ཚོགས་པའི་ཁ་དོག་དེ་དག་རྣམས་དང་ཆ་འདྲ་བའི་འོད་ཟེར་གྱིས་ཉེ་བར་གསལ་བར་བྱས་པའི་བདག་ཉིད་ཅན་རྣམས་ཡིན་ནོ། །དེ་ལ་སྙིང་པོ་རྣམས་ཀྱང་འདི་ལྟ་ སྟེ་གཅིག་ཇི་ལྟ་བ་བཞིན་དུ་མ་རྣམས་ཀྱང་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་དང་ལྡན་པའི་ཁ་དོག་ཅན་རྣམས་ཡིན་ནོ། །དེས་པད་མའི་རྫིང་བུ་དེ་དག་རྣམས་མཐོང་བ་དང ། གཟུགས་དེ་དག་རྣམས་མཐོང་བ་དེ་ལྟ་བར་བྱེད་པ་ཉིད་ཀྱིས་ངོམས་པར་མི་འགྱུར་རོ། །དེས་ 71-1-7b ཇི་ལྟ་ཇི་ལྟར་ཡུལ་དེ་དག་རྣམས་མངོན་པར་མཐོང་བར་གྱུར་པ་དེ་ལྟ་དེ་ལྟར་འདིའི་སྲེད་པ་རྣམ་པར་འཕེལ་བར་འགྱུར་ཏེ། མར་བཏབ་པར་གྱུར་པའི་མེ་བཞིན་དུ་ངོམས་པ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །ཚིམ་པ་མེད་པ་རྣམས་ལ་ཡང་བདེ་བ་ག་ལ་ཡོད། བདེ་བ་དང་བྲལ་བ་རྣམས་ ལ་ཡང་ཞི་བ་ག་ལ་ཡོད། སྲེད་པ་དང་བཅས་པ་རྣམས་ལ་ནི་གར་ཡང་ཞི་བ་སྐྱེ་བར་མི་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་བདེ་བ་རྣམས་ཐོབ་པར་གྱུར་པ་དེ་ལྟ་དེ་ལྟར་འདིའི་སྲེད་པ་རྣམས་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཞིང ། དེ་ལྟ་དེ་ལྟར་སྲེད་པ་རྣམས་གོང་དུ་ཁྱད་པར་དུ་འགྱུར་རོ། ། ཇི་ལྟ་ཇི་ལྟར་ཡང་ཚིམ་པ་མེད་པར་གྱུར་པ་དེ་ལྟ་དེ་ལྟར་རྣམ་པར་ངོམས་པ་མེད་པས་ཁྱད་པར་དུ་སྡུག་བསྔལ་བར་འགྱུར་རོ། །དེ་སྡུག་བསྔལ་བ་ལ་བདེ་བར་མངོན་པར་ང་རྒྱལ་བའི་འདོད་པའི་མེ་རྣམས་ཀྱིས་བསྲེགས་པར་གྱུར་པས། ཕྱིར་ཡང་ནགས་དེ་ཉིད་དུ་འཇུག་པར་བྱེད་པ་ན་ ནགས་ཚལ་གྱི་ནང་ན་ཚང་ཚིང་གི་ཁྱད་པར་རབ་ཏུ་མང་པོ་རྣམས་དེས་མཐོང་བར་གྱུར་པ་ལ་རྣམ་པར་འདྲེས་པའི་འོད་ཟེར་ཀུན་ནས་འབར་བར་གྱུར་པ་རྣམས་སོ། །ཁ་ཅིག་ནི་ལྷའི་ཁ་ཅིག་ནི་མེ་ཏོག་གི་འོད་ཀྱིས་ཀུན་ཏུ་གསལ་བར་བྱེད་པ་སྟེ། ཁ་དོག་རྣམས་མངོན་པར་མཐོང་ནས་ཉེ་འཁོར་ ཀུན་ཏུ་མིག་རྒྱང་བསྲིངས་པས་དེ་ཡུལ་ལྔའི་མེ་ཏོག་རྣམས་ཀྱི་ནང་དུ་འགྲོ་བར་བྱེད་དོ། །འདོད་པའི་བདེ་བ་རྣམས་ཀྱིས་ཚིམ་པ་མེད་པར་སླར་ཡང་ནགས་དེ་ཉིད་དུ་འཇུག་པར་བྱེད་པ་ན། དེས་ནོར་བུའི་རང་བཞིན་གྱི་གཅལ་རྣམས་དང ། གསེར་དང ། ཤེལ་གྱི་རང་བཞིན་གྱི་མདོག་དང ། འཇམ་པ་ཆུ་བལ་དང ། རྣམ་པར་བྲལ་བའི་མདོག་དང ། འཇམ་པ་ཤིན་ཏུ་འཇམ་པར་གྱུར་པའི་མྱུ་གུ་ལྔ་འབྱུང་བར་འགྱུར་བའི་ཆུ་ཀླུང་ན་རྣམ་པ་སྣ་ཚོགས་པ་ཟབ་པ་རྣམས་མཐོང་བར་གྱུར་ཏོ། །གཞན་ཡང་ཡུལ་ཕྱོགས་གཞན་དག་རྣམས་ལ་ཡང་མཐོང་སྟེ། མཚོ་རབ་ཏུ་དང་བར་གྱུར་ པ་དངུལ་གྱི་རང་བཞིན་ཉིད་ཀྱི་ཆུས་ཡོངས་སུ་གང་བར་གྱུར་པ་རིན་པོ་ཆེའི་རང་བཞིན་གྱི་གཅལ་རྣམས་ལེགས་པར་བཀྲམ་པ་འོད་ཟེར་རྣམས་ཀྱང་རྟག་ཏུ་འབྱིན་པར་གྱུར་པས་ཉེ་བར་མཛེས་པར་བྱས་པ་དེ་ན་ངང་པ་དང ། ཀཱ་རཎྜ་བ་དང་ཙཀྲ་བཱ་ཀ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་དང ། ཉེ་ 71-1-8a འཁོར་རྣམས་ན་ཡང་པད་མའི་རྫིང་བུ་རྣམས་ཀྱིས་ཉེ་བར་མཛེས་པ། འགྲམ་དུ་སྐྱེས་པའི་ལྗོན་ཤིང་རྣམས་ཀྱིས་ཀྱང་ཉེ་འཁོར་རྣམས་རབ་ཏུ་ཁྱབ་པར་གྱུར་པ་ཡང་ནགས་ཀྱི་གསེབ་རྣམས་རྣམ་པར་རྒྱུ་བར་བྱེད་པའི་རྣམ་པ་སྣ་ཚོགས་པའི་རབ་ཀྱི་ཕུལ་དུ་ཕྱིན་པ་སྒྲ་རྣམས་ དང་ལྡན་པའི་བྱ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པས་ཀྱང་མཚོ་འདི་ནི་མཛེས་པར་གྱུར་པ་ཡིན་ནོ། །མཛེས་པར་གྱུར་པ་དེ་དག་རྣམས་མངོན་སུམ་དུ་མཐོང་བར་གྱུར་ནས། གཞན་ཡང་རབ་ཏུ་ཞུགས་པར་གྱུར་པ་ན་ལྷ་གསར་དུ་སྐྱེས་པས་ནགས་དེ་ན་མཐོང་བ་རྣམས་ལ་ཨུད་པ་ལའི་ ཚལ་རྣམས་ལྷའི་བུང་བས་ཉེ་བར་མཛེས་པར་གྱུར་པ་རྣམས་དང ། རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་སྒྲོ་རྣམ་པར་བཀྲ་བ་ཆུ་ལ་རྒྱུ་བ་རྣམ་པ་སྣ་ཚོགས་པའི་བྱ་རྣམས་ཀྱིས་བསྟེན་པར་བྱས་པ་ལེགས་པར་རབ་ཏུ་བརྩོན་པ་རྣམས་ཀྱིས་འདམ་དང་ངེས་པར་བྲལ་བའི་ཆུ་ཡན་ལག་བདུན་གྱི་ཡོན་ ཏན་ཕུན་སུམ་ཚོགས་པ་དང ། ཙཀྲ་བཱ་ཀའི་ཡོན་ཏན་ཕུན་སུམ་ཚོགས་པ་དང ། ཙཀྲ་བཱ་ཀའི་ཚོགས་རྣམས་ཟུང་དུ་གྱུར་པ་རྣམས་ཀྱིས་ཡོངས་སུ་གང་བ་དང ། ཉེ་འཁོར་ན་ཡང་ཀླུང་དུ་སྐྱེས་པར་གྱུར་པ་མཆོག་ཏུ་དྲི་ཞིམ་པ་དབྱིབས་སྣ་ཚོགས་རྣམས་སུ་སྐྱེས་པའི་འདབ་མའི་ཤིང་གིས་ ཉེ་བར་མཛེས་པ་སྟེ། དེ་དག་རྣམས་ཀྱིས་ཨུད་པ་ལའི་ཚལ་འདི་དག་རྣམས་མང་པོར་ལྷང་ངེར་གྱུར་པ་ཡིན་ནོ། །གཞན་ཡང་ལྷ་གསར་དུ་སྐྱེས་པ་དེ་ནགས་དེ་ཉིད་དུ་ཞུགས་པར་གྱུར་པ་ན་ལྷ་རྫས་ཀྱི་བདུད་རྩིས་རབ་ཏུ་གང་བའི་ཆུ་བོ་ཉེ་འཁོར་ན་ལེགས་པར་འབབ་པ་མཐོང་བར་གྱུར་ཏེ། གཞན་ཡང་ཞུགས་པར་གྱུར་པ་ན་ལྷ་གསར་དུ་སྐྱེས་པས་དེ་དག་ཉིད་ལས་གཞན་པ་རྣམས་མཐོང་བ་ལ་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཁ་དོག་གི་བདུད་རྩི་དེ་དག་རྣམས་འདམ་གྱིས་ཤིན་ཏུ་གཙང་བ་སྒྲ་སི་ལི་ལི་སྒྲོགས་པའི་བཏུང་བའི་ཆུ་བོ་བརྒྱ་ཕྲག་རྣམས་དང་ཅི་སྟེ་ན་སྟོང་ཕྲག་རྣམས་ཀྱང་ཉེ་འཁོར་ དག་ན་རབ་ཏུ་འབབ་པ་དང ། བཏུང་བ་མྱོས་པར་འགྱུར་བ་རྣམས་ལ་ཀུན་ཏུ་ཆགས་པའི་བྱ་རྣམས་ཀྱིས་ཉེ་བར་མཛེས་པ་རྣམས་ཡིན་ནོ། །གཞན་ཡང་རབ་ཏུ་ཞུགས་པར་གྱུར་པ་ཉིད་ན་ལྷ་གསར་དུ་སྐྱེས་པ་དེ་མ་ཡིན་པ་རྣམས་རབ་ཏུ་མཐོང་བ་ནི། ཐང་ལ་སྐྱེས་པར་གྱུར་པ་རྣམ་པ་སྣ་ཚོགས་པ་ 71-1-8b གཟུགས་དང ། དབྱིབས་དང ། འདབ་མ་དང ། སྙིང་པོ་དང ། དྲི་དང་ཁ་དོག་རྣམས་དང་ལྡན་པ་བུང་བ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་མེ་ཏོག་གི་ནགས་ཆེན་པོའི་ཁྱད་པར་དུ་བརྒྱན་པ་ལྟ་བུར་གྱུར་པ་ཡིན་ནོ། །ནགས་དེ་དག་ནི་རང་བཞིན་གྱིས་ཀྱང་ཤིན་ཏུ་དྲི་ཞིམ་པ་ཡིན་པ་དེ་དག་ རྣམས་ཀྱི་དྲིས་ཕྱིར་ཞིང་ཤིན་ཏུ་ལྷག་པར་ཡང་དྲི་མཆོག་ཏུ་ཞིམ་པར་བྱེད་དོ། །གཞན་ཡང་ལྷ་གསར་དུ་སྐྱེས་པ་དེ་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པ་རྣམས་ཀྱིས་རབ་ཏུ་མཐོང་བར་གྱུར་པ་དག་ལ། ནགས་ཀྱི་ནང་དག་ན་མཐོན་པོར་གྱུར་པ་རིའི་རྩེ་མོ་རྣམས་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱི་འབྱུང་ ཁུངས་རྣམས་ཀྱིས་རྣམ་པར་བཀྲ་བ་འབབ་ཆུ་བརྒྱ་སྟོང་ཕྲག་ལེགས་པར་འབྱུང་བ་རྣམས་ཀྱིས་སྣང་བར་བྱེད་པ་དང་ལྡན་པས་རིའི་རྩེ་མོ་རྣམས་རྟག་པར་ཡང་མཛེས་པར་གྱུར་པ་དང་ཤིང་གེལ་པ་རྣམས་ཀུན་ནས་དུད་པས་རྣམ་པར་གསལ་ཞིང་འབར་བར་བྱེད་དོ། །ཁུ་བྱུག་གི་སྒྲ་དགའ་བར་འགྱུར་ བ་རྣམས་དང་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་མཆོག་ཏུ་འབར་བ་ཀུན་ཏུ་སྣང་བར་བྱེད་པའི་འོད་ཟེར་དང་ལྡན་པའི་བྱ་བརྒྱ་སྟོང་ཕྲག་དུ་མ་རྣམས་བལྟ་བར་སྡུག་ཅིང་རྣམ་པར་བརྗོད་པའི་སྒྲ་མཉན་པར་འོས་པ་རྣམས་དང ། དེ་བཞིན་དུ་དྲི་དང་ལྡན་པའི་མེ་ཏོག་བརྒྱ་སྟོང་ཕྲག་དུ་མ་རྣམས་དང་ལྡན་པའི་ རིའི་ཁྲོད་རྣམས་ཀྱིས་ཀྱང་ཇི་ལྟར་འཛམ་བུའི་གླིང་ན་རང་གི་འོད་ཟེར་གྱི་གཟི་བརྗིད་ཀྱིས་ནམ་མཁའི་དཀྱིལ་བརྟོལ་བ་བཞིན་དུ་ལངས་ནས་གནས་པའི་ཉི་མ་དང ། ཟླ་བ་འདི་དག་གིས་རྣམ་པར་མཛེས་པར་བྱེད་པ་དེ་བཞིན་དུ་ཀུན་ཏུ་གསལ་བར་བྱེད་དེ། འོད་ཟེར་རྣམས་ཐམས་ཅད་ཀྱང་དུ་མར་ རྣམ་པར་བཀྲ་བའི་འོད་ཟེར་རྣམས་ཡིན་པས་འཐབ་བྲལ་བའི་ས་རྣམས་ལས་འོད་ཟེར་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཕྱིར་ཞིང་ཉིད་དུ་ཤིན་ཏུ་ཆེས་ལྷག་པར་གསལ་བར་བྱེད་དོ། །རྣམ་པར་བཀྲ་བའི་འོད་ཟེར་དུ་མ་རྣམས་ཆ་ཤས་སུ་རྣམ་པར་ཕྱེ་བ་དེ་དག་རྣམས་ཀྱང་ལྷ་གསར་དུ་སྐྱེས་པ་དེས་ ལེགས་པར་མཐོང་ཞིང ། རིའི་རྩེ་མོ་དེ་དག་རྣམས་ཀྱང་ལེགས་པར་མཐོང་ནས་ཕྱིར་ཉིད་ཀྱང་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ཏེ་མང་དུ་རྣམ་པར་བཀྲ་བའི་ནགས་དེར་འཇུག་པར་བྱེད་དོ། །དེ་ནགས་དེར་ཇི་ལྟ་ཇི་ལྟར་རབ་ཏུ་འཇུག་པར་བྱེད་པ་དེ་ལྟ་དེ་ལྟར་ཆེས་དགའ་བར་འགྱུར་བ་རྣམས་ 71-1-9a མཐོང་བར་འགྱུར་རོ། །དེ་ན་ཡང་དེ་ལས་གཞན་པའི་ཡོན་ཏན་གྱི་ཚོགས་དུ་མ་རྣམས་ཕུན་སུམ་ཚོགས་པ་ལ། སྒྲ་འཕང་མཐོ་བར་རུང་བ་དང་སྙན་ཞིང་རིང་ལ་འཁྱིམ་པ་དང་མི་ཐོན་པ་ལྟར་བརྒྱལ་བ་ལ་སོགས་པའི་སྒྲ་དབྱངས་མང་པོ་ཕུན་སུམ་ཚོགས་པ་རྣམས་ སོ། །ཇི་ལྟར་སྒྲ་འདི་དག་རྣམས་དང་ཉེ་བར་གྱུར་ཅིང་དེས་སྒྲ་དེ་དག་རྣམས་ཐོས་པར་གྱུར་པས་ཤིན་ཏུ་ལྷག་པར་ཡིད་ཆེས་རབ་ཏུ་དགའ་བར་གྱུར་པས་རིངས་པ་ཉིད་དུ་ལེགས་པར་ཞུགས་པ་ན། ལྷའི་ཚོགས་སྔར་མ་མཐོང་བ་རྣམས་ཀྱི་ཅ་ཅོའི་སྒྲས་མིག་རབ་ཏུ་རྣམ་པར་གདངས་ནས། དེ་གང་གི་ཚེ་ཉེ་འཁོར་རྣམས་སུ་ལེགས་པར་ཞུགས་པ་དེའི་ཚེ་ན་ཤིན་ཏུ་ལྷག་པར་གྱུར་པའི་ནགས་ཚལ་གྱི་ཕྲེང་བ་མཛེས་པ་རྣམས་མཐོང་བ་ནི་རབ་ཏུ་རྣམ་པར་གྱེས་པའི་བཻ་ཌཱུརྱའི་ལྗོན་ཤིང་མཆོག་ཏུ་འབར་བ་རྣམས་ཀྱིས་ཉེ་བར་མཛེས་པ་དང ། དེ་བཞིན་དུ་ཨིན་དྲ་ནཱི་ལའི་ཤིང་གི་ཚོགས་ རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་རྣམས་ཀྱིས་ཀྱང་རིའི་ཚོགས་རྣམས་རྣམ་པར་མཛེས་པར་བྱེད་པ་ཡིན་ནོ། །གཞན་ཡང་ལྷ་དེ་ཉིད་ཀྱིས་ལེགས་པར་མཐོང་བ་རྣམས་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་བྱས་པ་པད་མའི་རྫིང་བུ་རྣམས་ཀྱིས་ཉེ་བར་མཛེས་པའི་ནགས་ཀྱི་རྒྱལ་པོ་ རྣམ་པར་མཛེས་པ་རྣམས་སོ། །དེ་དག་རྣམས་ཐམས་ཅད་ན་ཡང་རྟག་པར་རྒྱུན་མི་འཆད་པར་ཀུན་ཏུ་རྟོག་པ་རྣམ་པ་སྣ་ཚོགས་པའི་ཆེས་ལྷག་པ་རྣམས་ཀྱི་རྒྱན་དང་ཆ་བྱད་རྣམས་དང་ལྡན་པ་དཔེ་མེད་པར་གཟུགས་དང་ལང་ཚོ་ལ་བབ་ཅིང་རྒྱན་དང་ཆ་བྱད་རྣམས་དང་ལྡན་པའི་ལྷ་དང་ ལྷ་མོའི་ཚོགས་བརྒྱ་སྟོང་གིས་ཡོངས་སུ་གང་བས་རྣམ་པར་མཛེས་པའི་ཚོགས་པ་རྣམས་ལ་ལྷ་རྣམས་འགའ་ཞིག་ནི་ཀུན་ནས་གནས་ཏེ་མྱོས་བྱེད་ཀྱི་སྐྱོན་དང ། རྣམ་པར་བྲལ་བར་གྱུར་པའི་ལྷ་རྫས་ཀྱི་རོ་དང་དྲི་དང་རེག་བྱའི་བདེ་བ་རྣམས་སྐྱེད་པར་བྱེད་པའི་མྱོས་བྱེད་དེ་དག་རྣམས་ འཐུང་བར་བྱེད་ཅིང་རྒྱགས་པ་ལ་དོན་གཅིག་པར་གྱུར་པའི་ལྷན་ཅིག་སྤྱོད་པའི་འཁོར་རྣམས་དང་བཅས་ནས་ཁ་དོག་རྣམ་པ་སྣ་ཚོགས་པར་གྱུར་པའི་ནགས་ཀྱི་ཕྲེང་བ་མཛེས་པ་རྣམས་ལ་རྩེ་དགའ་བར་བྱེད་དོ། །ཚོགས་པ་གཞན་རྣམས་ཉིད་ནི་རྣམ་པར་འདྲེས་པའི་འོད་ཟེར་གྱིས་ 71-1-9b ལེགས་པར་གསལ་བར་བྱས་པའི་ནགས་མཛེས་པ་ཆ་ཤས་རྣམ་པར་བཀྲ་བ་རྣམས་ལ་འཚེར་བག་དང་ལྡན་པའི་ལུས་ཅན་རྣམས་རྩེ་དགའ་བར་བྱེད་དོ། །ལྷ་གཞན་དག་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པས་རང་དང་གཞན་རྣམས་ལ་ཡང་མཆོག་ཏུ་ དགའ་བར་འགྱུར་བའི་ལྗོན་ཤིང་གིས་རབ་ཏུ་གང་བའི་ནགས་ཀྱི་ཕྲེང་བ་མཛེས་པ་རྣམས་ལ་རོལ་མོའི་ཆ་བྱད་རྣམས་དང་གར་དང་རྔ་སྒྲ་དང་བཅས་པའི་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ལྷ་རྫས་རྣམས་དང་ཉེ་བར་ལྡན་ནོ། །དེ་བཞིན་དུ་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལྗོན་ ཤིང་གཞན་དག་རྣམས་ཀྱི་ཚང་ཚིང་རྣམས་དང་བར་རྣམས་སུ་སོང་བར་གྱུར་ནས་དེ་ཁོ་ན་བཞིན་དུ་དགའ་བར་བྱེད་དེ། རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རྣམས་ཀྱིས་དེ་དག་རྣམས་ལ་ཡིད་སོང་བ་དེ་དག་རྣམས་རྗེས་སུ་ཆགས་ཤིང་རྗེས་སུ་འགྲོ་བ་དཔེ་མེད་པའི་ལྷ་རྫས་ཀྱི་བདེ་བ་རྣམས་ལ་ཀུན་ ནས་ཆགས་པར་གྱུར་པ་ལྷན་ཅིག་རྒྱུ་བར་བྱེད་པའི་འཁོར་རྣམས་དང་བཅས་པས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་གླུ་དང་སྤྲུགས་པའི་རོལ་མོ་ལ་ཡིད་ཀུན་ནས་ཆགས་པར་གྱུར་པ། བདེ་བས་སྙིང་ཀུན་ཏུ་གང་བ་ཉིད་ཀྱིས་རྩེ་དགའ་བར་བྱེད་པས་ཀྱང་ཚིམ་པ་མེད་པའི་འབྲས་བུའི་སྲེད་ པ་རྣམས་ལ་རྣམ་པར་ཆགས་པའི་ཡིད་ཅན་རྣམས་འཐུན་པས་སྙིང་ཀུན་ཏུ་རྒྱས་པར་རྩེ་དགའ་བར་བྱེད་པའི་འདོད་པ་རྣམས་ཉིད་ཀྱིས་ཀྱང་ངོམས་པ་མེད་པ། སྲེད་པས་རྣམ་པར་འཆེལ་བའི་ཡིད་ཅན་རྣམས་སྒོ་ལྔ་ལ་རབ་ཏུ་རྟེན་པར་བྱེད་པ་གང་ཡིན་པའི་འདོད་པའི་ཆུ་བོ་རྣམས་སུ་ནུབ་ པ་ཡིན་ནོ། །དེ་བཞིན་དུ་པད་མའི་ནགས་གཞན་རྣམས་ལ་ལྷན་ཅིག་ཏུ་སྐྱེས་པར་གྱུར་པའི་པད་མའི་འདབ་མའི་ལྡེབས་རྣམས་སུ་ལེགས་པར་གནས་པར་བྱས་ནས་མྱོས་བྱེད་འཐུང་བར་བྱེད་དེ། འོན་ཀྱང་མྱོས་བྱེད་ཀྱི་ཉེས་པ་རྣམས་ཀྱིས་ཀྱང་ཀུན་ཏུ་གོས་པར་ནི་མི་འགྱུར་རོ། ། དྲི་ཞིམ་པོ་དང་རེག་བྱ་དང་ཁ་དོག་རྣམས་དཔེ་མེད་པར་གྱུར་པའི་བཏུང་བ་དེ་དག་རྣམས་ཀྱིས་ཡིད་ལེགས་པར་ཆགས་པས་བསྒོས་པ་ཡིན་ནོ། །ཡང་གཞན་དག་རྣམས་ནི་སྣ་ཚོགས་པའི་འབབ་ཆུ་རྣམས་ཀྱི་ངོས་གཉིས་སུ་ལྷ་དེ་དག་རྣམས་ཕན་ཚུན་དུ་གྲོགས་སུ་གྱུར་པས་དཔེ་མེད་པའི་ 71-1-10a ལྷ་རྫས་ཀྱི་བདེ་བ་རྣམ་པ་དུ་མ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དོ། །གཞན་ཡང་ལྷ་གསར་དུ་སྐྱེས་པ་དེས་མཐོང་བར་གྱུར་པ་རྣམས་ལ། གསེར་དང་བཻ་ཌཱུརྱའི་རང་བཞིན་རྣམས་ལ་ནོར་བུའི་སྟེགས་བུ་རྣམས་སུ་དང ། ཁང་བུའི་ཕྲེང་བ་རྣམས་ལ་ཡང་ དགའ་བར་བྱེད་དོ། །དགའ་བར་བྱེད་པ་ཡང་ཕན་ཚུན་དུ་གྲོགས་སུ་གྱུར་པ་སྟེ། འདོད་པ་རྣམས་ལ་དོན་གཅིག་པ་ལེགས་པར་བྱས་པའི་ལས་རྣམས་ཀྱིས་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པར་གྱུར་པའི་གཟུགས་དང་ལང་ཚོ་དང་བདེ་བ་རྣམས་ལ་ལས་རྣམས་དབང་ པོར་གྱུར་པས་མཆོག་ཏུ་ལེགས་པར་ཞུགས་པ་རྣམས་ཁྱད་པར་མཚུངས་པ་མེད་པའི་ཡན་ལག་ལྔ་པའི་བདེ་བ་རྣམས་ཀྱིས་ཉེ་བར་འཚོ་བར་བྱེད་དོ། །དེ་ནས་ལྷ་དེས་སྔར་མཐོང་མ་མྱོང་བའི་རྣམ་པ་དུ་མར་དགའ་བར་གྱུར་པ་དེ་དག་རྣམས་ནི་སྔར་བཞིན་ནོ། །ཡང་ལྷ་དེ་ཉེ་འཁོར་ རྣམས་ན་རྩེ་བར་གྱུར་པ་ལས་མི་མཉམ་པའི་བདེ་བ་ཕུན་སུམ་ཚོགས་པ་རྣམས་དང་ལྡན་པའི་ལྷ་རྣམས་གང་ཡིན་པ་དེའི་ཚོགས་དེར་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པ་མྱུར་བར་འགྲོ་བར་བྱེད་དོ། །ལྷ་རྣམས་ཀྱིས་ཀྱང་ཕུལ་དུ་བྱུང་བའི་རྒྱན་ དང་ཆ་ལུགས་དང་གཟུགས་ཕུན་སུམ་ཚོགས་པར་གྱུར་པའི་སྔ་ན་མ་མཐོང་བ་དེ་ལ་ངོ་མཚར་བར་གྱུར་པས་མིག་ཤིན་ཏུ་ཁྱད་པར་དུ་ཧར་ཧར་པོར་བྱེད་དོ། །ལྷ་དེ་ཡང་ལྷ་དེ་དག་རྣམས་ལ་ཉེ་བར་བརྟེན་ནས་ཡིད་ཆེས་རབ་ཏུ་དགའ་བར་འགྱུར་རོ། །དེ་དག་རྣམས་ཀྱིས་ཀྱང་ཕན་ ཚུན་དུ་ཉེ་བར་རྟེན་པར་བྱེད་དེ། ཕན་ཚུན་དུ་ངེས་པར་གནོན་པ་མེད་པར་ཉེ་བར་འགྲོ་བའི་ཡིད་དང ། ལྷན་ཅིག་རྗེས་སུ་སྤྱོད་པ་དང་བཅས་པ་རྣམས་ཀྱང་རྗེས་སུ་ཆགས་པར་གྱུར་པའི་ཡིད་ཀྱིས། རྣམ་པར་མཛེས་པའི་ནགས་ཀྱི་རྒྱལ་པོ་རྣམས་ནས་རྣམ་པར་མཛེས་པའི་ ནགས་ཀྱི་རྒྱལ་པོ་རྣམས་དང ། ནགས་ལས་ནགས་རྣམས་སུ་དང་གསེར་གྱི་རང་བཞིན་གྱི་རི་དང་རི་བོའི་རྩེ་མོ་རྣམས་ལ་རི་དང་རི་བོའི་རྩེ་མོ་རྣམས་སུ་དང་པད་མའི་ཚལ་རྣམས་ནས་པད་མའི་ཚལ་རྣམས་སུ་དང་ཟས་ཀྱི་ཆུ་བོ་རྣམས་ནས་ཟས་ཀྱི་ཆུ་བོ་རྣམས་ལ་དང ། དེ་བཞིན་དུ་འབབ་ཆུ་རྣམས་ 71-1-10b ནས་འབབ་ཆུ་རྣམས་ལ་ཆུ་བོ་དག་ཏུ་ཡང་ཀུན་ནས་ཉེ་བར་འགྲོ་བར་བྱེད་དེ། གཞན་དང་འདྲ་བ་མ་ཡིན་པ་རྣམས་དཔེ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་བརྗོད་པར་སླ་བ་ཡང་མ་ཡིན་ནོ། །དེ་ལྟར་ལྷའི་ཚོགས་དེ་དག་རྣམས་ཐམས་ཅད་ཀྱང་དགའ་རངས་པར་བྱེད་དོ། །དེ་ལྟར་དེ་དག་ཏུ་དུས་ཤིན་ཏུ་ རིང་བར་རྩེས་པར་གྱུར་ནས་གང་ན་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་རི་ཡོད་པ་དེར་ཀུན་ཡང་ཉེ་བར་འགྲོ་བར་བྱེད་དོ། །རི་དེ་ཡང་རིའི་ཐམས་ཅད་ནས་གསེར་གྱི་ཁམས་དང་ལྡན་པ་འབབ་ཆུ་དང་པད་མའི་ཚལ་དང་ཁྲུས་ཀྱི་རྫིང་བུ་རྣམ་པ་དུ་མ་རྣམས་ཕུན་སུམ་ཚོགས་པ་ནགས་དང་ཉེ་ བའི་ནགས་རྣམས་དང ། ལྷ་དང་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྟག་ཏུ་ཡང་རོལ་མོ་དང་རྔ་སྒྲ་དང་གླུ་རྣམས་ཀུན་བརྗོད་པའི་སྒྲ་སྒྲོགས་པ་དང་ཐམས་ཅད་ལས་ཀྱང་ཡིད་མངོན་པར་དགའ་བའི་རི་ལ་ཆུ་ཀླུང་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་གང་བ། ཁང་པའི་ཕྲེང་ བ་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་མངོན་པར་དགའ་བ་དང ། ཉེ་འཁོར་ཀུན་ནས་པད་མ་རྣམས་ཀྱིས་ཡོངས་སུ་ཁེབས་པར་ལྡན་པ་དང ། འཇུག་ངོགས་བརྒྱ་སྟོང་གིས་བརྒྱན་པ། རབ་ཏུ་གསལ་བར་བྱེད་པའི་ལྗོན་ཤིང་རྣམས་བཞིན་དུ་ཉེ་འཁོར་རྣམས་ན་དཔག་བསམ་གྱི་ལྗོན་ཤིང་ རྣམས་ཀྱིས་ཉེ་བར་མཛེས་པ་སྐྱེད་པ་རྣམས་ཀྱང་དེ་ལྟ་བུའི་རྣམ་པ་འདི་དག་རྣམས་མཐོང་ན་དགའ་བར་འགྱུར་བ་དང་ཉེ་འཁོར་རྣམས་ན་ཡང་ལྷ་རྣམས་ཀྱི་མཐོང་ན་ཤིན་ཏུ་ངོ་མཚར་བ་སྐྱེ་བའི་ནགས་དང་ཉེ་བའི་ནགས་རྣམས་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་ངོས་གཅིག་ནི་བཻ་ཌཱུརྱའི་རང་བཞིན་ནོ། ། གཞན་ཅིག་ནི་གསེར་གྱི་རང་བཞིན་ནོ། །གཞན་ཅིག་ནི་ཨིན་དྲ་ནཱི་ལའི་རང་བཞིན་ནོ། །གཞན་ཅིག་ནི་ནཱི་ལ་ཆེན་པོའི་རང་བཞིན་ནོ། །རིན་པོ་ཆེའི་རང་བཞིན་གྱི་ལོགས་ཆ་ཤས་ལེགས་པར་རྣམ་པར་ཕྱེ་བའི་རིའི་མཆོག་དེའི་ཉེ་འཁོར་རྣམས་ན་ཆེན་པོ་རྣམས་ལ་འོས་པར་གྱུར་ པའི་བང་རིམ་རྣམས་དང ། རིའི་ཕུག་དང་སྨན་ལྗོངས་དང ། ནགས་ཀྱི་ཕྲེང་བ་ཕུན་སུམ་ཚོགས་པ་རྣམས་ལ་རེག་པར་བྱ་བའི་དོན་དུ་དང་རྩེད་མོ་ལ་རྣམ་པར་རྒྱུ་བས་དང ། དེ་ཁོ་ནར་དགའ་བར་བྱ་བའི་ཆེད་དུ་ཀུན་ནས་འཛེག་པར་བྱེད་དེ། ལན་བརྒྱ་ཕྲག་དང་ཅི་སྟེན་སྟོང་ 71-1-11a ཕྲག་སུ་ཡང་ཕྱི་བཞིན་རྗེས་སུ་སྤྱོད་པའི་འཁོར་དང་བཅས་པས་ལྷ་རྫས་ཀྱི་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རབ་ཏུ་ཆགས་པ་མཚུངས་པ་དང་རྗེས་སུ་ཆགས་པར་བྱེད་པ་དང་སྙན་པ་དང་རྣམ་པ་དུ་མ་རྣམས་ཡང་དག་པར་ལྡན་པས་དགའ་བར་བྱེད་ཅིང་རྩེ་བར་ཡང་བྱེད་ དེ། ཕལ་ཆེ་བའི་འདུས་པ་རྣམས་ནགས་དང་ཉེ་བའི་ནགས་རྣམས་དང་ཁྲུས་ཀྱི་རྫིང་བུ་དང་འབབ་ཆུ་རྣམས་སུའོ། །དེ་ནས་ལྷ་དེ་དག་རྣམས་ཇི་ལྟ་ཇི་ལྟར་མངོན་པར་འཛེག་པར་བྱེད་པ་དེ་ལྟ་དེ་ལྟར་ཆེས་དགའ་བ་རྣམས་མཐོང་བར་འགྱུར་ཏེ། ཐམས་ཅད་ལས་ཀྱང་འདོད་ པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ལྷ་རྫས་ཀྱི་ཤིང་བརྒྱ་སྟོང་གིས་ཉེ་བར་མཛེས་པར་གྱུར་པ། འོད་ཟེར་རྣམས་མཆོག་ཏུ་འབར་བའི་རིན་པོ་ཆེའི་རང་བཞིན་གྱི་འོད་ཟེར་དང་ལྡན་པའི་པད་མའི་ཚལ་རྣམས་མཆོག་ཏུ་འབར་བ་དང་པད་མའི་ཚལ་གྱི་ཕྲེང་བས་ཉེ་བར་མཛེས་པར་གྱུར་པ་རྣམས་ ཡིན་ནོ། །སྔར་ཇི་སྐད་དུ་བཤད་པ་དེ་དག་རྣམས་བཞིན་དུ་ལྷ་དེ་དག་རྣམས་རྩེ་དགའ་བ་དང་གར་དང་གླུ་ལེན་པར་བྱེད་དོ། །གླུ་ལེན་པར་བྱེད་པ་དང་གར་བྱེད་པར་གྱུར་པས་ཀྱང་དལ་གྱིས་དལ་གྱིས་རི་དེ་ལ་ཀུན་ནས་བགྲོད་པར་བྱེད་དེ། ཕན་ཚུན་དུ་གྲོགས་སུ་གྱུར་པ་དང་རང་གིས་ བྱས་པའི་ལས་རྣམས་གྲོགས་སུ་གྱུར་པ་དེའི་ལམ་ནས་འགྲོ་བར་བྱེད་པ་དང ། དེས་ལེགས་པར་བྱས་པའི་ལས་རྣམས་ཀྱིས་རང་ཉིད་འོད་དང་ལྡན་པ་དང ། ཤ་དང་རུས་པ་དང་ཆུ་སེར་རྣམས་ངེས་པར་མེད་པ་དང་ཕན་ཚུན་དུ་གནོད་པ་མེད་པར་ཟས་ཀྱི་ཀླུང་རྣམས་ལ་དང་བཏུང་བའི་ཀླུང་ རྣམས་ལ་དང་བདུད་རྩིའི་ཀླུང་ལ་ཡང་རང་གིས་བྱས་པ་རྣམས་དང ། ཆ་འདྲ་བར་མདོག་དང་རོ་དང་དྲི་དང་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སྣོད་བཟང་པོ་ཕུན་སུམ་ཚོགས་པ་རྣམས་ཀྱིས་འོས་སུ་གྱུར་པ་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་ཅིང་ཡུལ་ལྔ་ལ་རྣམ་པར་ཆགས་པར་གྱུར་ པའི་ཡིད་ཅན་རྣམས་ཡིན་ཏེ། ཕན་ཚུན་རྣམས་ཀྱིས་ཀྱང་ཀུན་ནས་ཆགས་པ་སྐྱེད་པར་བྱེད་པ་དང ། ཡིད་ཀྱང་དེ་ལ་སོང་བར་གྱུར་པ་དང་རྟག་པར་རྒྱུན་དུ་ཡང་བཞིན་རབ་ཏུ་དང་བར་གྱུར་པས་ཀྱང་རྩེ་དགའ་བར་བྱེད་དོ། །འདོད་པ་རྣམས་ཐམས་ཅད་རྟག་ཏུ་ཡང་ཕུན་སུམ་ 71-1-11b ཚོགས་པར་གྱུར་པ། སྔ་ན་མེད་པ་རྣམས་དང་མཉམ་པ་མེད་པ་རྣམས་དང་རྣམ་པ་དུ་མ་རྣམས་ཀྱི་བདེ་བ་རྣམས་ཀྱིས་ཉེ་བར་འབད་པར་བྱེད་དོ། །རི་དེ་ལ་ཀུན་ཏུ་འཛེག་པར་གྱུར་པ་དེ་དག་རྣམས་ནི་ཤིན་ཏུ་ངོ་མཚར་བར་གྱུར་པའི་དགའ་བ་རྒྱ་ཆེན་པོ་རྣམས་ཀྱིས་དེ་དག་རྣམས་ ཡོངས་སུ་རྒྱས་པར་གྱུར་པ་ན། ལུས་ཀྱི་ཁྱད་པར་རྣམས་མཐོང་བར་གྱུར་པའི་ལྷའི་ཚོགས་རབ་ཏུ་ཆགས་ཤིང་བདེ་བར་གྱུར་པ་རྣམས་ཀྱིས་ཉེ་འཁོར་རྣམས་ཀུན་ན་ཡང་མཚུངས་པ་མེད་པ་རྣམས་མཐོང་བར་གྱུར་པའི་རི་བོའི་མཆོག་དེའི་རྒྱབ་དེ་དག་རྣམས་སུ་ཀུན་ནས་གནས་པར་གྱུར་ ནས། རྩེད་མོའི་རི་བོ་ཞེས་བྱ་བའི་རི་དེ་ཡང་ཤིན་ཏུ་ཡང་དགའ་བར་གྱུར་པ་ཡིན་ཏེ། རིན་པོ་ཆེའི་རང་བཞིན་རྣམ་པ་དུ་མ་སྣ་ཚོགས་པའི་རྩེད་མོའི་རི་ལ་མཐོང་བ་རྣམས་ནི་ལྗོན་ཤིང་དང་ཆུ་ཀླུང་དང་པད་མའི་ཚལ་དང་ཨུད་པ་ལའི་ཚལ་རྣམས་ཀྱིས་ཀུན་ཏུ་གང་བ་ཡིན་ནོ། །དེའི་རྒྱབ་ ན་དཔལ་རྣམས་ཀུན་གྱིས་ཡོངས་སུ་གང་བར་གནས་པ་ཡིད་ལ་འདོད་པ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཏེ། དེར་གང་དང་གང་ཁོ་ན་སེམས་པར་བྱེད་པ་དེ་དང་དེ་དག་རྣམས་ཉིད་ཕུན་སུམ་ཚོགས་པར་འགྱུར་ཏེ་རྣམ་པ་དུ་མར་འདོད་པ་དགའ་བ་ཡིད་དུ་འོང་བ་དང་གཞན་རྣམས་དང་ ཐུན་མོང་མ་ཡིན་པ་རྣམས་འབྱུང་བ་ཡིན་ནོ། །ཡིད་ཀྱི་རྗེས་སུ་འཐུན་པ་རྣམས་ཀྱང་རྣམ་པ་དུ་མ་ཉེ་བར་གནས་སོ། །ཡོན་ཏན་ལྷག་མ་རྣམས་ཉིད་ནི་བརྗོད་ཟིན་ཏོ། །བདེ་བ་ལ་ལྷ་རྣམས་དུས་ཤིན་ཏུ་རིང་དུ་རྩེ་བར་བྱེད་དོ། །དེ་ལྟར་དེ་དག་རྣམས་རྩེ་བར་གྱུར་ཅིང་དགའ་བར་ཡང་ གྱུར་ལ་རི་དེ་དག་རྣམས་ཀྱང་སོ་སོ་དང་སོ་སོར་ཀུན་ཏུ་ལྟ་བར་བྱེད་པ་ན། གལ་ཏེ་ནམ་ཞིག་ན་འཁྲི་ཤིང་ལེགས་པར་འཁྲིལ་བ་རྣམས་ཀྱིས་ཀུན་ནས་གཡེངས་པར་གྱུར་པ། རིན་པོ་ཆེ་རྣམས་ཀྱི་རང་བཞིན་གྱི་འོད་ཟེར་གྱིས་ཀུན་ནས་གསལ་བར་བྱེད་པའི་རི་ལེགས་པར་ལངས་པ་རྣམས་ ཀྱིས་ཉེ་འཁོར་རྣམས་ཀུན་ནས་ཡོངས་སུ་བསྐོར་བ། ས་གཞི་རྣམས་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་རབ་ཀྱི་ཕུལ་དུ་གྱུར་པ་ཞི་བར་གྱུར་པའི་བྱ་རྣམས་ཀྱི་བརྗོད་པའི་ཁྱད་པར་ཆེས་དགའ་བར་འགྱུར་བའི་སྒྲ་རྣམས་དང་ལྡན་པ། རབ་ཏུ་ཞི་བའི་མཆོག་ཏུ་གྱུར་པའི་ཕུག་རྣམས་ཀྱིས་ཀྱང་ཉེ་ 71-1-12a བར་འཁོར་བ་རྣམས་ནས་ཡོངས་སུ་བསྐོར་བར་གྱུར་པའི་མཚོ་རབ་ཏུ་ཞི་བའི་སྤྱོད་པས་རྒྱུ་བ་རྣམས་ཀྱི་གནས་ཞེས་བྱ་བའི་རིའི་ཁྲོད་ན་གནས་པ་ཡིན་ནོ། །མཚོ་དེར་ཡང་གང་དག་གིས་རབ་ཏུ་ཞི་བ་སྐྱེ་བ་གཞན་དུ་སྤྱོད་པར་གྱུར་པ་དང ། འོན་ཀྱང་ཚུལ་ཁྲིམས་རྣམས་ ཡོལ་ཡང་སྤྱད་པ་མ་ཡིན་པ་དང ། སྙིང་ལ་ཆོས་ལེགས་པར་འཛིན་པར་བྱེད་པའི་བདག་ཉིད་ཅན་ནི་ཡིན་པ་དང་ཁྲོ་བར་གྱུར་པ་དང ། ཇི་སྐད་སྨྲས་པ་དེ་ལྟར་མི་བྱེད་པ་དང་གར་མཁན་དང་ཆོས་མཚུངས་པར་གྱུར་པའི་ཆོས་སྨྲ་བ་དེ་དག་རྣམས་དམྱལ་བ་དང་ཡི་དགས་རྣམས་ནས་དཀའ་ བས་ཤི་འཕོས་པ་རྣམས་ཡིན་ནོ། །གལ་ཏེ་ཞིག་དེ་དག་རྣམས་ལན་གྲངས་གཞན་ལ་མྱོང་བར་གྱུར་པའི་ལས་ཀྱི་རྒྱས་བཅུས་པའི་སྲེད་པས་མཚོ་དེར་སྐྱེ་བར་འགྱུར་ལ་རབ་ཏུ་ཞི་བ་སྐྱེ་བ་གཞན་དང་གཞན་ལ་སྤྱད་པའི་དབང་གིས་མཚོ་དེའི་ཡང་ངང་པ་རྣམས་སུ་ཕལ་ཆེར་སྐྱེ་བར་འགྱུར་ ཏེ། བྱ་དེ་དག་རྣམས་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་སྒྲོ་དག་དང་ལྡན་པར་འགྱུར་བ་དང ། སྐྱེ་བ་ཉིད་ཀྱི་མཐུ་སྟོབས་ཀྱིས་སྒྲ་སྙན་པར་འགྱུར་བ་དང་ལྷ་རྫས་ཀྱི་པད་མའི་ཟས་དང་ལྡན་པར་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་པ་རྩེ་དགའ་བར་ཡང་བྱེད་དོ། །ངང་པའི་རྒྱལ་པོ་བྱང་ཆུབ་ སེམས་དཔའ་དུས་བཟངས་ཞེས་བྱ་བ་ཡང་ཕལ་ཆེར་མཚོ་དེ་ན་གནས་ཏེ། ཕུག་དེ་དག་ན་འཐབ་བྲལ་བ་རྣམས་ཀྱི་བདག་པོ་མུ་སུ་ལུན་དྷ་དང་ཆོས་དང་ལྡན་པའི་གཏམ་བྱེད་དོ། །བྱའི་ཚོགས་དེ་དག་རྣམས་ཆོས་ཀྱི་གཏམ་དེ་དག་ཉན་པར་བྱེད་དོ། །དེ་ནས་ལྷ་དེ་དག་རྣམས་རྩེ་དགའ་ ཞིང་དགའ་དགུར་སྤྱོད་པར་བྱེད་པ་ལས་གལ་ཏེ་ཤེད་ན་ཚོམས་གཉིས་སུ་འགྱུར་ཏེ། གང་དག་ལེགས་པར་བྱས་པའི་ལས་རྣམས་ཀྱིས་བསྐུལ་བར་གྱུར་ཅིང་སྐྱེ་བ་གཞན་ལ་ཡང་ལེགས་པར་བྱས་པ་རྣམས་སྤྱད་པ་དེ་རྣམས་ནི་གང་ན་མཚོ་དེ་ཡོད་པར་གྱུར་པ་དེར་འགྲོ་བར་བྱེད་དོ། །གང་ དག་གིས་མ་སྤྱད་པ་དེ་དག་རྣམས་ནི་གང་ན་བག་མེད་པ་རྣམས་སྤྱོད་པ་ཞེས་བྱ་བའི་ནགས་དེར་སོང་ནས་རྩེ་དགའ་བས་གནས་པར་འགྱུར་རོ། །ཇི་ལྟར་སྐྱེ་བ་གཞན་རྣམས་སུ་རབ་ཏུ་ཞི་བ་སྤྱད་པ་དེ་དག་རྣམས་ནི་མཚོའི་གནས་སུ་སོང་བར་གྱུར་ནས་དེ་དག་རྣམས་དང་ཀུན་ནས་འདྲེ་བར་གྱུར་ 71-1-12b པ་ཉིད་ན་ཀུན་བརྗོད་པ་དང་ལྡན་པ་ཞེས་བྱ་བའི་ངང་པ་དེ་དག་གིས་ཚིགས་སུ་བཅད་པ་རྣམས་བརྗོད་པ། ཇི་ལྟར། གང་གིས་ཇི་སྐད་སྨྲས་པའི་མིས། །དེ་ཚེ་དེ་ལྟར་མི་བྱེད་པ། །དེ་ནི་རྨོངས་པ་སྟོང་པ་སྨྲ། །སྡུག་བསྔལ་རྣམས་ནི་མཐར་བྱེད་མིན། །གང་ཞིག་གཞན་ལ་ཆོས་སྨྲ་ཞིང ། ། ཆོས་ལ་ཡང་ནི་མི་འཇུག་པ། །ཚིག་གི་སྙིང་པོའི་སྐྱེས་བུ་དེ། །རྟག་ཏུ་སེམས་ནི་སྟོང་པར་འདོད། །བག་མེད་ལས་ནི་འདོད་ཆགས་སྐྱེ། །འདོད་ཆགས་ཀྱིས་ནི་ཞེ་སྡང་སྒྲུབ། །དང་པོ་སྐྱོན་དེ་དང་ལྡན་པས། །དམྱལ་བའི་རྗེས་སུ་ཉེ་བར་རྒྱུག་།འདས་པའི་བདེ་བ་གང་ཡིན་ དེར། །དེ་ལ་ཁྱོད་ནི་ཀུན་འཇུག་མིན། །མ་འོངས་པ་ཡི་བདེ་གང་ཡང ། །དེས་ནི་ད་ལྟར་བདེ་བ་མིན། །དུས་གཅིག་ལ་ནི་བག་མེད་གང ། །ཀུན་རྨོངས་ལོངས་སྤྱོད་ལ་འཆུམས་པ། །རང་གི་ལས་ཀྱིས་བསླུས་པ་ཡིས། །ལྷ་དེ་དམྱལ་བར་འགྲོ་བ་ཡིན། །སྲེད་པས་ དུས་གསུམ་སླུ་བྱེད་ཅིང ། །རྟག་ཏུ་འཐུན་པར་མི་བྱེད་པས། །བློ་ལྡན་དེ་ལ་ཡིད་མ་རྟོན། །དེ་ནི་འཁོར་བའི་འཆིང་བ་ཡིན། །དགྲ་ནི་གཉེན་བཞིན་བྱིས་པས་མཐོང ། །དགྲ་བཞིན་དུ་ཡང་གཅོད་པར་བྱེད། །ཤེས་ལྡན་དེ་ལ་ཡིད་མ་བརྟན། །དེ་ནི་འཇིག་རྟེན་འཆིང་བ་ཡིན། ། ལྕགས་དང་ཤིང་གི་འཆིང་བ་ནི། །གཅད་པར་ནུས་པ་དེ་བཞིན་དུ། །རྟག་ཏུ་འདོད་པ་ལ་ཞེན་པའི། །སྲེད་པའི་འཆིང་བ་གཅད་མི་ནུས། །བདེ་བ་ཟད་མེད་འདོད་པ་གང ། །གང་ཞིག་འཆིང་བ་གཞིག་འདོད་འདི། །དེ་ནི་སྲེད་པའི་ཡུལ་ལས་གྲོལ། །ཤེས་རབ་ཡུལ་དུ་འགྲོ་ བ་ཡིན། །ཡེ་ཤེས་སྣང་བ་བདེ་བའི་འོད། །སྡུག་བསྔལ་སྲེད་པའི་མུན་པར་བརྗོད། །དེ་ཕྱིར་སྣང་བ་ལ་གནོས་ལ། །མཁས་པས་མུན་པ་རྗེས་སུ་སོལ། །ཤེས་རབ་མཚོན་ཆ་རྣོན་པོ་ཡིས། །སྲེད་པའི་ཤིང་གཅོད་དེ་བཞིན་དུ། །རྩད་ནས་ཤིང་གཅོད་སྐྱེས་བུས་ནི། །བདེ་བ་བླ་ན་ མེད་པ་འཐོབ། །རྟག་ཏུ་འབབ་ཆུའི་ཀླུང་གང་བའི། །སྐྱོན་གྱི་ནགས་ནི་གཅད་པར་གྱིས། །སྐྱོན་གྱི་ནགས་དེ་བཅད་པ་ལས། །མཁས་པས་སྲིད་པ་ལས་གྲོལ་འགྱུར། །སྲེད་པའི་ཆུ་བོ་ལམ་གསུམ་འགྲོ། །བག་མེད་སྤྱོད་པས་རྒལ་བར་དཀའ། །ཤེས་རབ་གྲུ་ལ་བརྟེན་ནས་ཀུན། 71-1-13a སྐྱོན་གྱི་ཕ་རོལ་འགྲོ་བར་འགྱུར། །ཤེས་རབ་རི་ཡི་རྩེར་སོང་ནས། །ཚུལ་ཁྲིམས་ཕུག་ནི་མཛེས་པ་ལས། །སྲིད་པའི་སྐྱོན་ནི་འདི་དག་ཀུན། །གཞལ་དུ་མེད་པའི་མིག་གིས་མཐོང ། །སྐྱེས་བུ་ཆོས་སྤངས་པ་དེ་ནི། །ཕྱི་དང་ནང་ཡང་སྟོང་པ་ཡིན། །གང་ དག་ཆོས་ནི་མི་འདོད་པ། །དབུ་བ་བཞིན་དུ་སྙིང་པོ་མེད། །ཕྱི་དང་ནང་ཡང་སྙིང་པོ་དེ། །སྐྱེས་བུ་རྡོ་རྗེ་ལྟར་བརྟན་པ། །གང་དག་ཞི་བའི་ཆོས་སྤྱོད་པ། །སེམས་ཅན་གཞན་ལ་ཕན་པ་ཡིན། །བག་མེད་འདམ་དུ་བྱིང་བ་ཡི། །མི་གང་ཡུལ་ལ་སྤྱོད་པ་ནི། །རྨོངས་ པ་དེ་ནི་སྲིན་བུས་ཟོས། །བདེ་བ་མཆོག་གི་སྐལ་ལྡན་མིན། །དེ་ཕྱིར་བདེ་དོན་གཉེར་སྐྱེས་བུས། །བག་མེད་རྗེས་སུ་བསྟེན་མི་བྱ། །བག་མེད་འཇིགས་པ་དང་བྲལ་བར། །གནས་པའི་བདེ་བ་དཔག་ཏུ་མེད། །དཔྱོད་པ་པོས་ནི་བག་མེད་ལ། །རྗེས་སུ་ཡིད་བརྟན་མ་བྱེད་ ཅིག་།དེས་བལྟས་པ་ཡི་མི་རྣམས་ནི། །འགྲོ་བ་ལྔར་ནི་འཁོར་བ་ཡིན། །དེ་ལྟར་དེ་དག་གིས་ལྷ་དེ་དག་རྣམས་ལ་རྗེས་སུ་གདམས་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་རྗེས་སུ་འདོམས་པར་བྱེད་དོ། །དེ་ལྟར་རྟོགས་པར་བྱེད་པར་གྱུར་ན་ཡང་ཀུན་ཏུ་རིག་པ་ཡང་མ་ཡིན་ཏེ། དེ་དག་འདོད་པའི་བདེ་བ་རྣམས་ཀྱིས་ཀུན་ཏུ་མི་རྟོགས་སོ། །དེ་དག་རྣམས་ཀྱིས་དེ་དག་རྣམས་ལ་བརྩི་བགྲངས་མ་བྱས་པས་ཕྱིར་ཡང་དེ་ཁོ་ན་ལྟར་གར་བྱེད་པར་གྱུར་ཅིང་འདོད་པའི་དགའ་བ་རྣམས་ལ་རྣམ་པར་ཆགས་པར་གྱུར་ཏོ། །དེ་ནས་བློ་རྟག་ཏུ་མཉམ་པར་བཞག་པ་སེམས་ ཅན་རྣམས་ཐམས་ཅད་ལ་གཅིག་ཏུ་ཕན་པ་བྱེད་པ། གཅིག་པུ་ལ་བློ་མཉམ་པར་བཞག་པའི་བྱང་ཆུབ་སེམས་དཔའ་དུས་བཟངས་དེ་ངང་པ་དེ་དག་གི་ནང་དུ་སོང་བར་གྱུར་ཏོ། །དེ་གལ་ཏེ་ན་སྐལ་བ་འཐུན་པར་གྱུར་པ་ཉིད་ཀྱི་ཕྱིར་བྱ་དེ་དག་གི་དབུས་སུ་དགའ་བར་བྱེད་དོ། །གལ་ཏེ་ ན་ཕུག་བཟང་པོ་དེར་རང་ཉིད་གཅིག་པུ་ཞིག་བློ་ལེགས་པར་མཉམ་པར་བཞག་པས་ཆོས་སེམས་པར་བྱེད་དོ། །དེ་ལྟར་བྱའི་རྒྱལ་པོ་དུས་བཟངས་འདི་རྩེ་དགའ་བར་བྱེད་པ་ཉིད་དང་ལྷན་ཅིག་རྗེས་སུ་སྤྱོད་པའི་ངང་པ་གཞན་རྣམས་ཆོས་ཀྱི་གཏམ་རྣམས་ཀྱང་བྱེད་དོ། །བྱའི་ཚོགས་དེ་དག་ 71-1-13b རྣམས་ཀྱི་ནང་དུ་འོངས་པར་གྱུར་པའི་ལྷ་དེ་དག་རྣམས་རབ་ཏུ་དགའ་བའི་ཡིད་ཀྱིས་ཕན་ཚུན་གྲོགས་སུ་གྱུར་པས་དགའ་བར་བྱ་འདོད་ནས་འོངས་པ་རྣམས་ཀྱིས་མཚོ་དེ་མངོན་པར་མཐོང་བར་གྱུར་པ་ན་ཐམས་ཅད་ལས་ཀྱང་མངོན་པར་དགའ་བར་གྱུར་པ་མཆོག་ཏུ་ཡང་མིག་དང་ཡིད་ འཕྲོག་པར་བྱེད་པ་ཀུན་ནས་འཕེལ་བར་བྱེད་པའི་ལྗོན་ཤིང་དང་འབྲས་བུ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། དེ་དག་རྣམས་མངོན་པར་མཐོང་ནས་ལྷ་དེ་དག་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་ཉེ་འཁོར་དེ་དག་རྣམས་ཀྱང་ལྷན་ཅིག་རྗེས་སུ་སྤྱོད་པའི་འཁོར་དང་བཅས་པས་ ཡོངས་སུ་བཟུང་ཞིང་གར་དང་གླུ་དང་རྒོད་པ་དང་འགྱིང་བག་གི་བྱ་བ་རྣམས་བཅུ་འགྱུར་ལས་ཀྱང་ལྷག་པར་བྱེད་པར་རྩོམ་མོ། །དེ་ལྟར་མཚོ་དེ་ན་ལྷ་དེ་དག་རྣམས་དགའ་བར་བྱེད་ཅིང་རྩེ་བར་ཡང་བྱེད་དོ། །དེ་ནས་དེ་དག་རྣམས་ཀུན་ཏུ་མཐོང་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་ ཡོངས་སུ་སྨིན་པའི་བློ་དང་ལྡན་པ་དེས་ཚིགས་སུ་བཅད་པ་འདི་དག་འཆད་པར་བྱེད་པ། ཇི་ལྟར། བག་མེད་པ་ནི་བག་ཡོད་པས། །གང་ཚེ་མཁས་པས་སྤང་བར་གྱིས། །ཤེས་རབ་ཁང་བཟངས་རྩེར་བྱུང་བ། །བདེ་ལེགས་ཐོབ་པ་བླ་ན་མེད། །གང་ཞིག་བག་མེད་རྣམས་ སྤོང་བའི། །ལམ་འདི་དག་ནི་ཞི་བ་མཆོག་།ལམ་འདི་ཡིས་ནི་མྱ་ངན་འདས། །ཆེན་པོར་མཁས་པར་འགྲོ་བ་ཡིན། །ལམ་གྱི་གེགས་ནི་མི་བཟད་པ། །སེམས་རྒྱུད་སུན་འབྱིན་བྱེད་པ་པོ། །ཆོས་ཀྱི་ཟམ་རྣམས་གཅོད་པ་ནི། །བག་མེད་པར་ནི་ཡོངས་སུ་བསྒྲགས། ། དྲན་པ་སུན་འབྱིན་མ་བགྲུངས་པ། །ཐར་པའི་ལམ་ནི་འཇིག་པ་པོ། །ཕ་རོལ་ངན་སོང་རྣམས་སུ་ཁྲིད། །བག་མེད་པས་ནི་ཀུན་ཏུ་འཇུག་།འདི་ཡིས་ཡིད་དཀྲུགས་པ་ཡིས་ནི། །བདག་གིས་ཕན་པ་མི་ཤེས་སོ། །ཤི་བ་ཡི་ནི་རོ་བཞིན་དུ། །ཚིག་མིན་དོན་ཡང་རིག་པ་ མིན། །དེ་ཕྱིར་འདི་ནི་ཕྱུགས་མཚུངས་པའི། །ལྷ་ཡི་ལུས་ནི་འཛིན་པ་ཡིན། །བག་མེད་པས་ནི་ཉེར་བཅོམ་པའི། །རྨོངས་པ་གར་དང་རྒོད་པ་ཡང ། །སྐྱེ་དང་འཆི་འཕོ་བ་གཞན་གྱིས། །འཇིག་འགྱུར་བ་དང་དངངས་པར་བྱེད། །གང་ཞིག་བག་མེད་རྗེས་སུ་རྒྱུག་།སྲིད་ 71-1-14a གསུམ་འབྱུང་པོ་ཐམས་ཅད་རྣམས། །སྐྱོན་རྣམས་ཐམས་ཅད་སྐྱེད་བྱེད་པ། །འཆིང་དང་སྡིག་པའི་ལས་རྣམས་དང ། །ཆོས་ཀུན་དྲན་པ་ཉམས་བྱེད་པར། །བག་མེད་དགྲ་ནི་རབ་ཏུ་འཇུག་།ནང་གི་བདག་ཉིད་ལས་རྣམས་དང ། །ཕྱི་རོལ་ཇི་ལྟར་ཡང་ མིན་ཏེ། །བག་མེད་ཉེར་བཅོམ་སྐྱེ་བོ་རྣམས། །ཆུད་ཟོས་ཡིད་ནི་སྐྱེད་པར་བྱེད། །གང་ཡང་འདི་ནི་སུས་འདོན་ལས། །དེ་ནི་བག་མེད་པས་འགོགས་སོ། །ཁྲིམས་བྲལ་ངོ་ཚ་མེད་པ་ཡི། །མིག་ནི་བག་མེད་པས་ཉེར་བཅོམ། །རྩེད་མོ་ཡིས་ནི་ཡིད་བྲེལ་བས། །གར་ རོལ་གླུ་སྙན་པ་ཡིས་གཡེངས། །ལྷ་རྫས་ཡུལ་གྱིས་ངོམས་པ་མེད། །མཐོ་རིས་གནས་ནས་ཉམས་པར་འགྱུར། །འཇིགས་པའི་གནས་ལ་དགའ་བ་དེ། །བག་མེད་པས་ནི་རྣམ་རྨོངས་སོ། །ལམ་ལ་ལམ་དུ་མི་རིག་པའི། །མི་ནི་དམུས་ལོང་དང་མཚུངས་སོ། །དེ་ལྟར་ གཞན་ལ་ཕན་པ་བྱེད་པའི་དུས་བཟངས་དེས་ལྷ་དེ་དག་རྣམས་མངོན་པར་མཐོང་ནས། ཀུན་ནས་བརྗོད་པ་དང་ལྡན་པའི་བྱ་དེ་དག་རྣམས་ཀྱི་དབུས་སུ་སོང་ཞིང་མཆོག་ཏུ་མིག་དང་ཡིད་འཕྲོག་པར་བྱེད་པའི་ངང་པ་དེ་དག་རྣམས་ཀྱི་ནང་དུ་ཕྱིན་པར་གྱུར་ནས་ཀྱང་རྗེས་སུ་འདོམས་པར་བྱེད་པའི་ ཚིགས་སུ་བཅད་པ་འདི་རྣམས་ཇི་ལྟ་བར་བརྗོད་ཀྱང་འགགས་པའི་ཡིད་བཞིན་དུ་ལྷ་དེ་དག་རྣམས་ཀྱིས་ཐོས་པར་ཡང་མི་འགྱུར་རོ། །དེ་ལྟར་བརྩི་བགྲང་ཡང་མི་བྱེད་པར་གར་དང་རྒོད་པ་དང་བཅས་ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་མཚུངས་པ་དང་སྙན་པ་དང་ཐམས་ཅད་ཀྱི་སེམས་ དང་ཡིད་འཕྲོག་པར་བྱེད་པ་རྣམས་ཀྱིས་ཀུན་ནས་འཁྲིད་པར་འགྱུར་ཏེ། ཡུལ་གཞན་ལྔ་པོ་རྣམས་ལ་ཡང་ཡིད་ཤིན་ཏུ་རྣམ་པར་ཆགས་པའི་ཕྱིར་ན་ཐོས་པར་མི་འགྱུར་རོ། །དེ་ལྟར་ཡང་མཚོ་དེ་ཀུན་ཏུ་བསྐོར་ནས་གནས་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཡུལ་རྣམས་ལ་རྣམ་པར་ཆགས་ པའི་ཡིད་ཅན་རྣམས་བག་མེད་པས་བག་མེད་པར་གནས་པའི་འཐབ་བྲལ་བའི་ལྷ་རྣམས་ལ་ཆོས་སྟོན་པར་བྱེད་པ་ནི་དགེ་བ་ཆེན་པོ་རྣམས་དང་ལྡན་པའི་སེམས་ཅན་གསུམ་པོ་འདི་དག་རྣམས་ཡིན་པས་ན། འདི་ལྟ་སྟེ། མུ་སུ་ལུན་དྷ་དེ་དང་ངང་པའི་རྒྱལ་པོ་དུས་བཟངས་དང་རྨ་བྱའི་རྒྱལ་པོ་ 71-1-14b རྣམ་པར་བཀྲ་བ་གསུམ་པོ་དེ་དག་རྣམས་ནི་གཞན་རྗེས་སུ་འཛིན་པ་ལ་རབ་ཏུ་ཞུགས་པས་ཆོས་སྟོན་པར་བྱེད་པ་ཡིན་ཏེ། ཁ་ཅིག་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ལ། ཁ་ཅིག་ནི་ཉན་ཐོས་ཀྱི་བྱང་ཆུབ་ལ་རབ་ཏུ་འགོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ངེས་པར་གནས་པ་རྣམས་ནི་དེ་ དག་དགེ་ལེགས་དང་ལྡན་པ་རྣམས་ཡིན་ཏེ། བདུད་ཀྱི་ཡུལ་ལས་བྲོས་པར་འདོད་པ་རྣམས་ཡིན་ནོ། །དེ་ནས་བདུད་སྡིག་ཅན་དེ་ཉིད་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་གནས་པའི་ཡུལ་སྟོངས་པར་བྱེད་པ་རྣམས་ནི་མིའི་འཇིག་རྟེན་ན་དགེ་སྦྱོང་གིས་སོ། །རྒྱལ་ཆེན་རིས་ བཞི་ནི་རྒྱལ་པོ་ཆེན་པོ་བཞི་ཡིན་ནོ། །སུམ་ཅུ་རྩ་གསུམ་ན་ནི་ཀཽ་ཤི་ཀ་ཡིན་ནོ། །མཚེ་མ་ན་ནི་མུ་སུ་ལུན་དྷ་དང་དུས་བཟངས་དང་རྣམ་པར་བཀྲ་བ་རྣམས་ཡིན་ནོ། །དགའ་ལྡན་ན་ནི་རབ་ཏུ་ཞི་བ་ཡིན་ནོ། །ལྷན་ཅིག་སྤྱོད་པའི་འཁོར་དེ་དག་རྣམས་གང་ཡིན་པ་ཐམས་ཅད་ཀྱིས་ཀྱང་ ཐོས་པར་མི་འགྱུར་བ་ཡུལ་རྣམས་དང་བདག་གི་ལྷ་དང་མི་རྣམས་ཀྱང་གཏི་མུག་གིས་རྨོངས་པར་བྱའོ། །འཕྲུལ་དགའ་བ་ཞེས་བྱ་བ་གང་ཡིན་པ་རྣམས་ནི་མ་གཏོགས་པ་རྣམས་ཀྱིས་མི་ཐོས་པར་བྱའོ། །བདག་གི་ས་པའི་ཤིན་ཏུ་སྟོབས་དང་ལྡན་པ་དེས་ཀྱང་བདག་གིས་ཕྱིར་ བཟློག་པའི་བཀོད་པ་བྱ་བ་ནུས་ཀྱིས། ཐ་མར་གྱུར་ན་ཡང་ངས་གང་ན་འཐབ་བྲལ་བའི་ལྷ་རྣམས་ཡོད་པ་དེར་ཤེས་རབ་དང་ཕ་རོལ་གནོན་པས་མཚུངས་པར་གྱུར་པའི་འཁོར་བཙལ་ལ་གཏང་བར་བྱའོ། །དེ་ནས་དེ་ལྟར་བདུད་སྡིག་ཅན་དེས་རིག་ནས་བློན་པོ་དང་ལྷན་ཅིག་ཏུ་བགྲོས་ནས། མུ་སུ་ལུན་དྷ་དེ་དང་དུས་བཟངས་དེ་དང་རྣམ་པར་བཀྲ་བ་དེ་དང་ཡང་བརྩད་པར་བྱ་བའི་དོན་དུ་ཕོ་ཉ་བཏང་བ་རྣམས་བློ་གྲོས་མཁས་པ་དང་སྤྲུལ་པ་ལ་མཁས་པ་དང་གཟི་བརྗིད་ཆེ་བ་རྣམས་འདི་ལྟ་སྟེ། དགའ་བ་དང་བག་མེད་པ་དང་རྣམ་པར་རྨོངས་པར་བྱེད་པ་རྣམས་སོ། །ཀྱེ་ཁྱེད་རྣམས་ མཚེ་མའི་ལྷ་རྣམས་ཀྱི་ནང་དུ་སོང་ལ་མུ་སུ་ལུན་དྷ་དང་དུས་བཟངས་དང་རྣམ་པར་བཀྲ་བ་རྣམས་ཆོས་སྟོན་པའི་བར་ཆད་གྱིས་ཤིག་།དེ་ནས་དེའི་ཚིག་ཐོས་པར་གྱུར་ནས་གང་ན་འཐབ་བྲལ་བའི་ལྷའི་རིགས་ཡོད་པ་དེར་ངེས་པར་བབས་པར་འགྱུར་རོ། །ཞུགས་པར་གྱུར་ནས་ཀྱང་གང་ན་ 71-1-15a བྱའི་རྒྱལ་པོ་དུས་བཟངས་ཡོད་པ་དེར་ཀུན་ནས་ཉེ་བར་སོང་ངོ ། །ཀུན་ནས་ཉེ་བར་འོངས་པ་ཡང་མཐོང་བར་གྱུར་ནས། ལྷ་དེ་དག་རྣམས་ལ་བརྟེན་པ་དང་རྣམ་པར་གསལ་བ་དང་རྒྱ་ཆེ་བར་གྱུར་པའི་རྗེས་སུ་བསྔགས་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་བཤད་ པ། འདི་ལྟ་སྟེ། བག་མེད་པ་ཡི་དུས་འདི་མིན། །དགའ་བའི་དུས་ནི་ནམ་ཡང་མིན། །རྣམ་རྨོངས་སྐྱེད་པ་འདི་དག་ཀྱང ། །འཆི་བདག་སྟོབས་པོ་ཆེ་ཡི་དུས། །དགའ་བ་དུ་བ་བག་མེད་མེས། །ལྷ་རྣམས་ཀུན་ནི་སྲེག་པ་ཡིན། །ཡུལ་ལ་གཏི་མུག་གིས་རྨོངས་པ། ། མིག་མེད་པས་ཀྱང་མ་རིག་གོ། །ལུས་ཅན་རྣམས་ཀྱི་འདུ་བྱེད་ནི། །རྣམ་པར་ཆད་པ་མེད་པར་མཐོང ། །དེ་ལྟར་ཡུལ་ལས་ཀུན་རྨོངས་པས། །གང་ཕན་པ་ནི་རྟོགས་པ་མིན། །དེ་ཡིས་དེའི་ཚིག་རྣམས་ཐོས་ནས་འཐབ་བྲལ་བའི་ལྷ་རྣམས་ཉིད་དང་འདྲ་བར་བྱས་ནས་བག་མེད་པས་ སྨྲས་པ། ཀུན་དགའ་མཆོག་གི་མཐའ་ཡས་པ། །བག་མེད་དགའ་བ་སྐྱེད་བྱེད་པ། །བདེ་ཀུན་རབ་ཏུ་འཕེལ་བྱེད་པ། །དེ་ཁྱོད་ཅི་ཡི་ཕྱིར་མི་འཆད། །དུས་བཟངས་ཀྱིས་རབ་ཏུ་བརྗོད་པ། ཀུན་དགའ་བག་མེད་པ་འདིས་ནི། །བདེ་བ་ཐམས་ཅད་འཇོམས་པར་བྱེད། ། བག་མེད་སྡུག་བསྔལ་སྐྱེད་པ་པོ། །དེ་ཕྱིར་རྟག་ཏུ་དེ་ཁྱོད་འཆད། །བག་མེད་པས་སྨྲས་པ། བདེ་བ་ཡི་ནི་ཡུལ་རྣམས་དང ། །བག་མེད་ལྷ་ཡི་བུ་མོ་དང ། །དེ་བཞིན་དུ་ནི་གླུ་རྣམས་ཀྱང ། །བག་མེད་བདེ་བ་ཡིན་པར་བཤད། །དུས་བཟངས་ཀྱིས་བརྗོད་པ། མི་རྣམས་ཡུལ་ ནི་གང་སྐྱེས་པ། །སྡུག་བསྔལ་ཡུལ་ནི་སྐྱེས་པ་ཡིན། །དེ་ཡི་རྩ་བ་གཅོད་བྱེད་པ། །གང་གིས་མི་ནི་འོག་ཏུ་འགྲོ། །བག་མེད་པས་སྨྲས་པ། ནགས་དང་ཉེ་བའི་ནགས་དང་བྲག་།ཁྲུས་ཀྱི་རྫིང་བུ་པད་མའི་ཚལ། །ཁང་བཟངས་རྩེ་དང་ཀུན་དགའ་ཚལ། །བདག་ནི་བག་མེད་ པ་ཡིས་དུས། །དུས་བཟངས་ཀྱིས་སྨྲས་པ། དགོན་པ་དང་ནི་ཞི་བའི་ཚལ། །རི་དང་ནགས་ཀྱི་ནང་དུ་ཡང ། །བག་ཡོད་དགའ་བ་ཞི་བ་ཡིས། །བཅིངས་ལས་ཐར་པར་འགྲོ་བ་ཡིན། །སེམས་རྨོངས་པ་ཡི་མི་གང་དག་།བག་མེད་པས་ནི་དམྱལ་བར་འགྲོ། །དེ་བཞིན་དུ་ནི་ 71-1-15b དུད་འགྲོར་ཡང ། །ཡི་དགས་སུ་ཡང་སྐྱེ་འགྱུར་ཏེ། །དེ་ལྟར་དུས་བཟངས་ཀྱིས་བརྗོད་པ་ཡིན་ཏེ། བདུད་ཀྱི་ཕྱོགས་ཀྱི་བག་མེད་པ་དང་དྲི་བ་དང་ཕྱིར་ལན་འདེབས་པ་རྣམས་བརྗོད་ནས། ཇི་སྲིད་དུ་རིན་པོ་ཆེའི་འོད་ཀྱིས་ཉེ་བར་གསལ་བའི་ཕུག་གང་ཡིན་པ་དེའི་ནང་དུ་ཞུགས་པའི་ བར་དུ་སྟེ། དེ་ནི་ཡང་ཕལ་ཆེར་ནི་མུ་སུ་ལུན་དྷ་དེ་བག་མེད་པ་སྤང་བར་བྱ་བསྒོམ་པར་བྱེད་དོ། །གང་ཡང་ལྷ་གཞན་དག་དེའི་ལྷན་ཅིག་སྤྱོད་པར་གྱུར་པ་དེ་དག་རྣམས་ནི་རྒྱུ་མཚན་དེ་དག་གིས་ལྷ་ཉིད་ཀྱང་བརྒྱ་སྟོང་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གར་དང་གླུ་དང་རོལ་མོ་ རྣམས་ཀྱི་སྒྲ་དང་ལྡན་པས་ནམ་མཁའི་དཀྱིལ་མ་ལུས་པ་རྣམས་ཀུན་ཏུ་གང་བར་གྱུར་པས་མཚོ་ཆེན་པོ་དེར་འོངས་པར་གྱུར་ཏོ། །གང་ཡང་ལྷ་གཞན་དག་རྣམས་ནི་དེ་དག་གི་རྗེས་སུ་འགྲོ་བར་གྱུར་ནས་དེ་དག་རྣམས་དེ་ན་བག་མེད་པ་བྱེད་དོ། །གང་ཡང་སེམས་མཉམ་པར་བཞག་ པ་དེ་དག་རྣམས་ཀྱང་ཤིན་ཏུ་མྱུར་བར་འོང་བར་གྱུར་ཏེ། ཇི་སྲིད་དུ་བྱའི་རྒྱལ་པོ་དུས་བཟངས་དང་བདུད་ཀྱི་ཕྱོགས་ཀྱི་བག་མེད་པ་དག་དྲི་བ་དང་ལན་བྱས་ཟིན་པར་མ་གྱུར་གྱི་བར་དུའོ། །དེ་ནས་མུ་སུ་ལུན་དྷ་དེས་དེ་དག་རྣམས་ཐམས་ཅད་དུས་བཟངས་ལས་ཐོས་པར་གྱུར་ཏེ་སྔ་མ་བཞིན་ ནོ། །དེ་ནས་མུ་སུ་ལུན་དྷ་དེའི་ཡིད་ཀྱིས་རིག་པར་གྱུར་ནས་བག་མེད་པ་ལ་འདི་སྐད་བརྗོད་དོ། །ཁྱོད་ནི་གདོན་མི་ཟ་བར་བདུད་སྡིག་ཏོ་ཅན་གྱི་ཕྱོགས་སུ་གྱུར་པའི་བག་མེད་པ་འདི་ཡིན་ཏེ་འོང་གིས་དེའི་ཡང་ཕྱོགས་བྱེད་པའི་འཁོར་གསུམ་ཡིན་པར་བདག་ཅག་གིས་ལྷ་གཞན་དག་ གི་དྲུང་ནས་ཐོས་སོ། །འདི་ལྟ་སྟེ་བག་མེད་པ་དང་རྒོད་པ་དང་རྣམ་པར་རྨོངས་པའོ། །འཇིག་རྟེན་རྨོངས་པ་རྣམས་ཕྱིར་ཞིང་ཉིད་དུ་ཆེས་ལྷག་པར་རྨོངས་པར་བྱེད་དོ། །གང་ཆུངས་ཀྱང་བདག་གིས་འདི་དག་དང་རྒོད་པ་དང་མ་བསྡམས་པ་ལ་སོགས་པ་རྣམས་ཀྱི་ལན་དྲི་བ་དང་ ཕྱིར་ཞིང་དྲི་བ་དང་ལན་གྱི་ཆོས་ཀྱི་རྣམ་གྲངས་ཆེན་པོ་བཅུ་གཅིག་པ་ཞེས་བྱ་བ་ཆོས་དང་ལྡན་པས་བརྩད་པར་བྱའོ། །དེ་ནས་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་གིས་དེ་ལྟར་རིག་ནས་དུས་བཟངས་དེ་དང་ཡང་ལྷན་ཅིག་ཏུ་འགྲོ་བར་བྱས་པར་གྱུར་ཏེ། ནམ་མཁའི་དཀྱིལ་དུ་འཕགས་ནས་ 71-1-16a པད་མའི་སྙིང་པོ་ལ་ཉེ་བར་གནས་ཏེ་བག་མེད་པ་ལ་མངོན་པར་དགའ་བའི་ལྷ་བརྒྱ་ཕྲག་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་འདི་སྐད་ཅེས་བརྗོད་དོ། །དྲི་བ་དང་ཕྱིར་ཞིང་དྲི་བ་དང་ལན་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཅུ་གཅིག་པ་ཞེས་བྱ་བའི་ཆོས་བཤད་པར་ བྱ་ཡིས་མཉན་པར་གྱིས་ཤིག་།བག་མེད་པ་གང་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པ་རྣམས་བག་ཡོད་པ་ལ་མངོན་པར་དགའ་བ་བཀྲ་ཤིས་ཞེས་བྱ་བའི་སྔོན་གྱི་ལྷ་ལ་བདག་གིས་ཐོས་པའི་ཆོས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ལེགས་པར་རབ་ཏུ་ཡིད་ལ་བྱས་ཏེ་ཉོན་ཅིག་།ལྷ་ རྣམས་ཐམས་ཅད་དང་དུས་བཟངས་ཐོག་མར་གྱུར་པའི་ཀུན་ནས་བརྗོད་པ་དང་ལྡན་པའི་བྱ་རྣམས་ཐམས་ཅད་དང་བག་མེད་པར་ཉན་ནོ། །བདུད་ཀྱི་ཕྱོགས་རྣམས་ཀྱང་ཉན་ཏེ། ཕྱིན་ཅི་ལོག་ཏུ་སྨྲ་བ་འཇིག་རྟེན་པ་རྣམས་ལ་ཕན་པ་མ་ཡིན་པ་བྱེད་པ་བདུད་ཀྱི་ཕྱོགས་རྣམས་ཀུན་ཏུ་གནས་སོ། ། དྲི་བ་དང་ཕྱིར་ཞིང་དྲི་བ་དང་ལན་གྱི་ཆོས་ཀྱི་རྣམ་གྲངས་བཅུ་གཅིག་པ་དེ་དག་རྣམས་ཀྱང་གང་ཞེ་ན་འདི་ལྟ་སྟེ། ཆོས་བཅུ་གཅིག་པོ་འདི་དག་རྣམས་ནི་ཆོས་བཅུ་གཅིག་གིས་རབ་ཏུ་སྤང་བར་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདོད་པ་དང་མྱ་ངན་ལས་འདའ་བར་འགྲོ་བར་བྱེད་པ་དང ། བདུད་ཀྱི་ཡུལ་རྣམས་ལ་གནས་པར་མི་འདོད་པ་དང ། འཁོར་བའི་འཆིང་བ་རྣམས་ཀྱི་འཇིགས་པས་དང ། དགོན་པ་ཞི་བ་རྣམས་སུ་གནས་པས་དང ། གཅིག་ཏུ་དགའ་བ་རྣམས་ཀྱིས་དང ། ཡང་དག་པ་ཇི་ལྟ་བ་ལ་རེ་བར་གྱུར་པ་དང ། གཏི་མུག་གཞོམ་པར་འདོད་པ་དེ་དག་རྣམས་ ཀྱིས་ཡིན་ནོ། །བཅུ་གཅིག་པོ་རྣམས་ཀྱིས་རབ་ཏུ་སྤོང་བར་བྱེད་པ་དང ། ཆོས་བཅུ་གཅིག་པོ་དེ་དག་རྣམས་གང་ཡིན་པ་ཡང་གང་དག་ཞེ་ན། འདི་ལྟ་སྟེ་རྒོད་པ་ནི་འདུལ་བས་སོ། །མ་བསྡམས་པ་ནི་སེམས་རྩེ་གཅིག་པས་སོ། །ཚུལ་ཁྲིམས་འཆལ་པ་ནི་སྐྱེས་བུ་དམ་པ་ལ་རྟེན་ པས་སོ། །ལེ་ལོ་ནི་བརྩོན་འགྲུས་བརྩམས་པས་སོ། །གྲོང་དང་གྲོང་ཁྱེར་རྣམས་སུ་རབ་ཏུ་འཇུག་པའི་སྤྱོད་པ་ལ་དགའ་བ་ནི་གཅིག་པུ་དགོན་པར་གནས་པས་སོ། །འདོད་ཆེན་པོ་ནི་ཆོག་ཤེས་པས་སོ། །གཉེན་འདུན་ལྟ་བ་ལ་མངོན་པར་དགའ་བ་རྣམས་ནི་འགྲོན་པོར་ཡུན་རིང་ 71-1-16b དུ་གནས་པ་ལ་མངོན་པར་དགའ་བས་སོ། །དོན་མེད་པར་སྨྲ་བ་ནི་ངག་ཡང་དག་པར་བསྡམས་པས་སོ། །རྩབ་ཧྲལ་ཉིད་ནི་བརྟན་པས་སོ། །དབུལ་པོ་རྣམས་ཀྱང་སྦྱིན་པས་སོ། །མི་ཤེས་པ་ནི་ཤེས་པས་སོ། །ཆོས་བཅུ་གཅིག་པོ་དེ་དག་རྣམས་ནི་ཀུན་ནས་ཉོན་མོངས་ པ་རྣམས་ཀྱི་དྲི་མ་དང་ཀུན་ནས་ཉོན་མོངས་པ་ཅན་གྱི་འཆིང་བར་གྱུར་པ་བག་མེད་པར་གྱུར་པའི་ལྗོན་ཤིང་རྣམས་ཀྱི་ཡལ་ག་རྒྱས་པར་གྱུར་པ་ཡིན་པས་བདུད་ཀྱི་ཡུལ་ལས་འདའ་བར་འདོད་པ་རྣམས་དང་འཁོར་བའི་འཇིགས་པས་སྐྲག་པ་རྣམས་དང་བག་མེད་པ་ཕམ་པར་བྱ་འདོད་པ་ རྣམས་ཀྱིས་སྤང་བར་བྱའོ། །འཁོར་བ་རྣམས་ཐམས་ཅད་ནི་བག་མེད་པའི་རྩ་བ་ལས་ཡིན་ནོ། །བག་ཡོད་པའི་རྩ་བ་ལས་ནི་ཐར་པ་ཡིན་ནོ། །འཁོར་བ་ལས་འབྲོས་པར་འདོད་པ་རྣམས་ཐམས་ཅད་ལ་འདི་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེ་ལ་འདུལ་བ་ ལ་མངོན་པར་དགའ་བ་རྣམས་དང ། འདུལ་བ་འདོད་པ་རྣམས་དང ། སེམས་ཅན་རྣམས་ཐམས་ཅད་སྡུག་པ་དང་འཐུན་པ་དང་ཡིད་དུ་འོང་བར་གྱུར་པ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་ཞེ་ལྡོག་པར་ལྟ་བའི་ཆོས་རྒོད་པ་ཞེས་བྱ་བ་གང་དག་ཞེ་ན། འདུལ་བ་ལ་མངོན་པར་དགའ་བ་དེ་དག་ དང་དེ་དག་རྣམས་ཀྱིས་ཀྱང་སྡིག་པའི་ཆོས་འདི་དག་རབ་ཏུ་སྤང་བར་བྱའོ། །དེ་ལ་རྒོད་པ་ཡང་རྣམ་པ་ལྔ་ཡིན་ནོ། །འདི་ལྟ་སྟེ་གྲོང་དང་གྲོང་ཁྱེར་དུ་འཇུག་པ་རྣམས་ལ་མགྱོགས་པར་ལམ་དུ་འགྲོ་བ་དང ། འགྲོ་བར་བྱེད་པ་ན་ཡང་ཀུན་ནས་མ་བསྡམས་པ་དང ། ཁ་ཅིག་ནི་ལམ་ དུ་འགྲོ་བ་ན་གོས་ཚགས་ལྷོད་པ་དང ། ཁ་ཅིག་ནི་ལམ་ན་གོས་རྣམ་པར་འཕྱར་བར་བྱེད་པ་དང ། འཁྲུལ་པ་ཡང་དང་ཡང་དུ་འབྱུང་བའམ་སེམས་མཉམ་པར་མ་བཞག་པའོ། །རྣམ་པ་དེ་ལྟ་བུ་དེ་དག་རྣམས་གཞན་གྱིས་མཐོང་བར་གྱུར་ན། དེ་མ་ཐག་ཏུ་རྣམ་པར་སྡང་བར་ འགྱུར་རོ། །དེ་ལྟར་འགྲོ་བར་བྱེད་པ་རྣམས་ཀྱི་ཀུན་ནས་མ་བསྡམས་པའི་འགྲོས་འདི་ཡང་གང་ལས་ཡིན་ན། ཆུང་དུ་ན་འདི་ནི་རྒྱགས་པའམ་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ཏེ། །དེ་བཞིན་དུ་རྒོད་པ་རྣམས་ནི་རྣམ་པ་དུ་མ་ལས་ཡིན་ནོ། །དེ་དག་རྣམས་ཀྱང་ཀུན་ནས་བསྡམས་པའི་ 71-1-17a སྤྱོད་ལམ་གྱི་འགྲོས་ཀྱིས་དང ། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་འགྲོ་བ་དང ། གོས་རྣམས་ཀྱི་ཚགས་བསྡམས་པ་དང ། མི་འཕྱར་བས་ཀྱང་སྟེ་པུས་མོ་ལས་སོར་བཞི་ཙམ་གྱིས་ལྷག་པར་བླ་གོས་རིང་བ་ཡིན་པ་དང ། དཔུང་པ་གཉིས་མི་བསྐྱོད་པས་ལྷའི་འཇིག་ རྟེན་གྱི་བག་མེད་པ་རྣམས་ནི་བག་ཡོད་པས་འཇོམས་པར་འགྱུར་རོ། །དགེ་སློང་ངམ་དེ་ལྟ་བུའི་རིགས་ཅན་རྣམས་ཀྱིས་རབ་ཏུ་གཞོམ་པར་བྱ་བའི་བག་མེད་པ་བཞི་ལས་གཞན་ལྷག་པར་གྱུར་པ་ཡང་གང་ཞེ་ན། གང་ཅུང་ཟད་ཅིག་སྨྲ་བར་གྱུར་པ་ན་ཡང་ལེགས་པར་མ་བརྟགས་པར་ བྱེད་པ་ཡིན་ནོ། །གང་གི་ཚོད་ཀར་གྱུར་པ་དེའི་ཚོད་ཀ་རྣམས་ཀྱང་ཀུན་ནས་རིག་པར་མི་འགྱུར་རོ། །དེ་སྦྱིན་པ་པོ་དང་སྦྱིན་བདག་གི་ཁྱིམ་དུ་སྒྲས་ལེགས་པར་འཇུག་པར་བྱེད་པ་རྣམས་ནི་སྡོམ་པར་བྱེད་པ་ཡིན་ཏེ། སེ་གོལ་གྱི་སྒྲ་མ་བྱས་པར་འཇུག་པར་བྱེད་པ་ཡིན་ནོ། །སྟན་ ཡང་ངན་པར་འཛིན་པར་བྱེད་དོ། །བསྡམས་པ་མེད་པ་དུ་མ་རྣམས་སྨྲ་བ་ཡིན་གྱི། སྨྲ་བ་དང་མི་སྨྲ་བ་རྣམས་ཀྱི་ཚོད་རིག་པར་འགྱུར་བ་ནི་མ་ཡིན་ནོ། །འདུག་པ་ཉིད་ན་སྐད་འཕང་མཐོན་པོས་སྨྲ་བར་འགྱུར་བ་ཡིན་ནོ། །བུད་མེད་རྣམས་ལ་རྟོག་དཔྱོད་འཇུག་པར་བྱེད་དོ། །བབ་ཆོལ་ དུ་རྒོད་པར་བྱེད་དོ། །བབ་ཆོལ་དུ་ཁྲོ་བར་བྱེད་དོ། །འཁོར་རྣམས་ལ་ཡང་སྔ་ཕྱིར་ལྟ་བར་མི་བྱེད་དོ། །དེ་ལྟར་རྒོད་བག་ཏུ་སྤྱོད་པ་ཀུན་ནས་མ་བསྡམས་པར་འཇུག་པར་བྱེད་པའི་དགེ་སློང་རྣམས་ནི་མི་སྡུག་པ་དང ། ཡིད་དུ་མི་འོང་བར་འགྱུར་ཞིང་འདི་དག་རྣམས་ལས་གཞན་པ་ རབ་ཏུ་ཞི་བའི་ཆ་བྱད་དང ། སྤྱོད་ཚུལ་ཅན་ཡོད་དམ་ཞེས་རྗོད་པར་ཡང་བྱེད་དོ། །ཇི་ལྟར་སྐྱེས་པ་རྣམས་སམ་དེ་ལས་གཞན་དེའི་རིགས་ཅན་རྣམས་ཀྱང་རུང་སྟེ། ཀྱེ་མ་དགེ་སློང་འདི་དག་ནི་རྒོད་བག་ཅན་ཡིན་ནོ། །ཡང་གང་གི་ཚེ་ངག་ཀུན་ནས་ལེགས་པར་བསྡམས་པར་གྱུར་པ་ ན་སྔ་ཕྱི་ཚིག་རྣམས་ཀུན་ལེགས་པར་འབྲེལ་པར་རྗོད་པར་བྱེད་དོ། །སྐྱེས་བུ་གཞན་དག་རྣམས་མཐོང་བར་གྱུར་པའམ་དེ་ཉིད་མཐོང་བར་གྱུར་ཀྱང་རུང ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་སམ་དེའི་རིགས་ཅན་གཞན་དག་རྣམས་ཀྱང་རུང་སྟེ། ཡུལ་དང་དུས་སུ་རིགས་པ་དང་འགལ་ 71-1-17b བ་མེད་པར་དལ་བུས་སྨྲ་བར་བྱེད་དོ། །ཞི་བ་དང་གོ་བར་གྱུར་པ་དང་ཆོས་ཉིད་དང་མི་འགལ་བའི་ངག་རྣམས་ཇི་ལྟར་རྗོད་པར་བྱེད་པ་དེ་བཞིན་དུ་སྒྲུབ་པར་ཡང་བྱེད་དོ། །བུད་མེད་རྣམས་ལ་རྟོག་དཔྱོད་མི་བྱེད་དོ། །སེ་གོལ་གྱི་སྒྲ་བྱས་ནས་ལེགས་པར་འཇུག་པར་ཡང་བྱེད་དོ། ། དུས་ཀྱང་རིག་པར་འགྱུར་རོ། །ཕྱིར་འབྱུང་བར་འགྱུར་བའི་ངོ་བོ་ཡང་ཤེས་པར་འགྱུར་བ་དང་ཟུར་གྱིས་གོ་བར་ཡང་འགྱུར་རོ། །ཆོས་གོས་རྣམས་ཀྱང་རྣམ་པར་འཕྱར་བར་མི་བྱེད་དོ། །དཔུང་པ་དག་བསྐྱོད་པར་ཡང་མི་བྱེད་དོ། །གློ་དྲག་པོར་ལུ་བར་ཡང་མི་བྱེད་དོ། །ངག་གིས་འཕྱ་བར་ཡང་ མི་བྱེད་དོ། །དྲིས་པ་དང་གཞན་དག་གུས་པར་གྱུར་པས་ཕྱི་ནས་ཚིག་རྗོད་པར་བྱེད་དོ། །དལ་བ་དང་སྙན་པ་དང་ཆོས་དང་ལྡན་པ་རྣམས་ཀྱིས་ཀྱང་སྟེ། དེ་ལྟར་རྒོད་བག་ནི་འདུལ་བས་འཇོམས་པར་བྱེད་དོ། །གཞལ་ཡང་འདུལ་བས་རྒོད་པ་ཀུན་ནས་འཇོམས་པར་བྱེད་དོ། །འདི་ཡང་གང་དག་ཡིན་ ཞེ་ན་འདི་ལྟ་སྟེ་ཁྱིམ་རྣམས་སུ་དེ་འཇུག་པར་བྱེད་པ་ན་དེ་ན་གླུ་དང་གར་དང་རོལ་མོའི་སྒྲ་རྣམས་དང་གད་མོ་དང་འགྱིང་བག་དང་ཡོངས་སུ་སྤྱོད་པ་དང་གཞན་དག་གིས་རྗོད་པ་དང་ཕན་ཚུན་དུ་དགོད་པ་རྣམས་ལ་ཉན་པར་མི་བྱེད་དོ། །རོ་མྱོང་བར་ཡང་མི་བྱེད་དོ། །དེ་དག་རྣམས་ལ་སེམས་རབ་ ཏུ་སྨོན་པར་མི་བྱེད་དོ། །ཚོགས་པ་འདུས་པ་ལ་མངོན་པར་དགའ་བར་མི་འགྱུར་རོ། །ཁྱིམ་གཞན་དག་རྣམས་ཀྱི་སྤྱོད་ཚུལ་གཞན་དག་ཏུ་རྗོད་པར་མི་བྱེད་དོ། །ཤིན་ཏུ་མྱུར་བར་འགྲོ་བ་དང་འོང་བ་དང་རབ་ཏུ་འཇུག་པ་མང་བ་མ་ཡིན་ནོ། །ཧ་ཅང་སློང་བར་བྱེད་པའི་ རང་བཞིན་ཅན་མ་ཡིན་ནོ། །དེ་ལྟ་བུར་ཡང་དགེ་སློང་དེ་གཞན་གྱི་ཁྱིམ་དུ་འཇུག་སྟེ། སྦྱིན་པ་པོ་དང་སྦྱིན་བདག་དང་གཞན་ཡང་དེ་ལྟ་བུའི་རིགས་ཅན་རྣམས་ཀྱི་ཁྱིམ་དུ་འཇུག་པ་ནི་རྒོད་བག་རྣམས་ནི་འདུལ་བས་ཀུན་ནས་འཇོམས་སོ། །འཇིག་པར་བྱེད་དོ། །རྣམ་པར་ འབྱེད་དོ། །གཞན་ཡང་གལ་ཏེ་ཁྱིམ་རྣམས་སུ་ཞུགས་པར་གྱུར་ནས་དགེ་སློང་གིས་སྦྱིན་པ་པོ་དང་སྦྱིན་བདག་རྣམས་དང་གཏམ་ལ་ཞུགས་པར་གྱུར་པ་ན། ཆོས་དང་ལྡན་པའི་གཏམ་རྣམས་བཞག་ནས་འདོད་པ་རྣམས་ཀྱི་གཏམ་བྱེད་དོ། །ཡུལ་ལྗོངས་ཀྱི་གཏམ་རྣམས་ 71-1-18a བྱེད་དོ། །མཐོ་རིས་ཀྱི་གཏམ་བྱེད་དོ། །གར་མཁན་དང་གར་དང་རོལ་མོ་བསྟན་པའི་གླུའི་གཏམ་རྣམས་བྱེད་དོ། །གྲོང་ཁྱེར་རྣམས་སམ་གཞན་གྱི་ཡང་རུང་སྟེ་ཀུན་ནས་ཉོན་མོངས་པ་ཅན་གྱི་གཏམ་རྣམས་བྱེད་དོ། །བུད་མེད་རྣམས་དང་ཀུན་ནས་འདྲེ་བར་གནས་པར་ བྱེད་ཅིང་རྣམ་པར་བཀྲ་བར་བྱས་པའི་ཆ་བྱད་ཀྱིས་ཀྱང་ཁྱིམ་རྣམས་སུ་རྒྱུ་བར་བྱེད་དོ། །དགེ་སློང་རྣམས་སམ་གཞན་ཡང་དེའི་རིགས་ཅན་རྣམས་ལ་རྒོད་བག་དེ་ལྟ་བུ་དག་ཀྱང་འབྱུང་བ་ཡིན་ནོ། །རྒོད་བག་དེ་ལྟ་བུས་རབ་ཏུ་ཞུགས་པར་གྱུར་པ་རྣམས་འདུལ་བ་ཇི་ལྟ་བ་རྣམས་ཀྱིས་ ཉེ་བར་སྤོང་བ་ཡིན་ན། འདི་ལྟ་སྟེ་དགེ་སློང་ངམ་གཞན་དག་དེའི་རིགས་ཅན་རྣམས་ཀྱང་རུང་སྟེ། ཁྱིམ་དུ་ལེགས་པས་ཉེ་བར་ཞུགས་པར་གྱུར་པ་ན་ལེགས་པ་ལ་རྟེན་པའི་གཏམ་རྣམས་བྱེད་པར་འགྱུར་བ་ཡིན་ནོ། །དཔེར་བྱ་ན་སྦྱིན་པའི་གཏམ་དང ། ཚུལ་ཁྲིམས་ཀྱི་གཏམ་དང ། ཡེ་ཤེས་རབ་ཏུ་བསྔགས་པར་བྱ་བའི་གཏམ་རྣམས་དང ། ལོག་པར་ལྟུང་བའི་གཏམ་དང ། རྒས་པའི་གཏམ་དང ། ནད་ཀྱི་གཏམ་དང ། རྣམ་པར་འབྲལ་བར་འགྱུར་བའི་གཏམ་དང ། ལས་བདག་གིར་བྱ་བའི་གཏམ་དང ། རྒུད་པར་འགྱུར་བའི་གཏམ་དང ། འཆི་བའི་གཏམ་ རྣམས་དང ། ཡང་དག་པར་མགུ་བར་བྱ་བའི་གཏམ་དང ། ལེགས་པ་ལ་བརྟེན་པར་བྱ་བའི་གཏམ་དང ། སྡུག་བསྔལ་གྱི་གཏམ་དང ། ཀུན་འབྱུང་བའི་གཏམ་དང ། འགོག་པའི་གཏམ་དང ། ལམ་གྱི་གཏམ་རྣམས་དང ། ས་རྣམས་ཀུན་ཏུ་བགྲོད་པར་བྱ་བའི་གཏམ་རྣམས་ དང ། ཚུལ་ཁྲིམས་རབ་ཏུ་བསྔགས་པ་དང་དང་པོ་བྱུང་བའི་གཏམ་རྣམས་དང ། འདོད་ཆགས་དང་བྲལ་བའི་གཏམ་རྣམས་དང ། སེར་སྣ་ཡོངས་སུ་གཞིག་པར་བྱ་བའི་གཏམ་རྣམས་དང ། གཟུགས་ཀྱི་རྒྱགས་པས་མྱོས་པ་རྣམས་ལ་གཟུགས་ཚད་མེད་པ་བརྗོད་པའི་གཏམ་ རྣམས་དང ། བསླུ་བར་གྱུར་པའི་གཏམ་རྣམས་དང ། ལང་ཚོ་ལ་བབ་པ་ལ་སོགས་པ་རྣམས་ཀྱང་རྒ་བས་ངེས་པར་སླུ་བར་བྱེད་པའི་གཏམ་རྣམས་ཏེ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་བསམ་པ་ཀུན་ཏུ་རིག་པར་བྱས་ལ་དེ་ཁོ་ན་བཞིན་དུ་གཏམ་བྱའོ། །དེ་ལྟར་ན་དགེ་སློང་གིས་ 71-1-18b རྒོད་བག་རྣམས་འདུལ་བས་ཉེ་བར་སྤོང་བ་ཡིན་ནོ། །གཞན་ཡང་རྒོད་པ་རྣམས་ནི་འདུལ་བས་ཉེ་བར་འཇོམས་པར་བྱེད་དེ། གང་ལ་ཟས་དང་སྐོམ་མང་བར་གྱུར་པ་དེ་དག་གིས་ཕེའུ་བཏབ་པར་གྱུར་ལ་དེར་ཡང་ལེགས་པར་ཉེ་བར་ཕྱིན་པ་ཡིན་ནོ། །གཞན་ཡང་གང་དག་འདོད་པ་ ཆེ་བར་གྱུར་པ་རྣམས་ཀྱང་རོ་ལ་མངོན་པར་དགའ་བའི་ཕྱིར་ན་ཕལ་ཆེ་བ་རྣམས་སུ་རབ་ཏུ་འཇུག་པར་བྱེད་དེ། བསྟེན་གྲོགས་པ་དེ་དག་ཏུ་ཉེ་བར་འགྲོ་བར་བྱེད་ལ། བསྟེན་གྲོགས་བྱ་བའི་དོན་དུ་ཡང་གང་དག་གིས་ཉེ་བར་སྒྲུབ་པར་བྱེད་དོ། །རྣམ་པ་གང་དག་གིས་ཉེ་བར་སྒྲུབ་ པར་བྱེད་པ་དང་ཇི་སྲིད་དུ་ཉེ་བར་སྒྲུབ་པར་བྱེད་པ་དེ་སྲིད་དུ་ཆོས་གོས་དང་བསོད་སྙོམས་དང་གནས་མལ་དང་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་རྣམས་ཀྱིས་ཀུན་ནས་དགའ་བར་བྱེད་དོ། །གང་གིས་འདིའི་བདེ་བ་རྣམས་ལ་ཀུན་ཏུ་དྲན་པར་མི་བྱེད་ཅིང་རོ་མྱོང་བར་ཡང་མི་བྱེད་དོ། །རྣམ་ པར་རྟོག་པར་ཡང་མི་བྱེད་དེ་ཡང་དེ་ལྟར་གཅིག་ཏུ་རྣམ་པར་རྒྱུ་བ་དང་ལེགས་པ་ལ་བརྟེན་ནས་རྣམ་པར་རྒྱུ་བ་དང་ཀུན་ནས་བསྡམས་ནས་རྣམ་པར་རྒྱུ་བ་ནི་འདུལ་བ་དང་ལྡན་པ་ཡིན་ནོ། །དགེ་སློང་ངམ་དེའི་རིགས་ཅན་གཞན་དག་རྣམས་ཀྱང་རུང་སྟེ། དེ་ལྟར་རྒོད་པ་རྣམས་ འདུལ་བས་ཉེ་བར་འཇོམས་པ་ཡིན་ནོ། །རྒོད་པ་རྣམས་ཐམས་ཅད་ཀྱང་བག་མེད་པ་ལས་རབ་ཏུ་འཕེལ་བར་འགྱུར་བ་ཡིན་ནོ། །དོན་མ་ཡིན་པའི་ཚོགས་རྣམས་ཐམས་ཅད་ཀྱང་བག་མེད་པའི་རྩ་བ་ལས་ཡིན་ནོ། །དེའི་ཕྱིར་ན་མྱ་ངན་ལས་འདས་པ་ཚོལ་བར་བྱེད་པ་རྣམས་ ཐམས་ཅད་ཀྱིས་བག་མེད་པ་ཁོ་ན་གཞོམ་པར་བྱ་བ་ཡིན་ནོ། །དེ་ལྟར་མུ་སུ་ལུན་དྷ་འདིས་སྔོན་གྱི་ལྷའི་དྲུང་དུ་ཐོས་པ་གང་ཡིན་པའི་ཆོས་དེ་དག་དང་ངང་པའི་རྒྱལ་པོ་དུས་བཟངས་དེ་དང་བདུད་ཀྱི་ཕྱོགས་སུ་གྱུར་པའི་བག་མེད་པ་དེ་དག་གི་མདུན་དུ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ འོད་སྲུང་གིས་གསུངས་པ་དྲི་བ་བཅུ་གཅིག་པའི་མདོ་ལས་དྲི་བ་གཅིག་རྫོགས་སོ།། ་་་།།ཇི་ལྟར་དྲི་བ་གཉིས་པ་ཡིན་ན། འདི་ལྟ་སྟེ། མ་བསྡམས་པ་རྣམས་ནི་སེམས་རྩེ་གཅིག་པ་ཉིད་ཀྱིས་ཏེ་མ་བསྡམས་པ་རྣམས་ཀྱང་རྣམ་པ་གཉིས་ཡིན་ཏེ། འཇིག་རྟེན་པ་དང་། 71-1-19a འཇིག་རྟེན་ལས་འདས་པའོ། །བསྡམས་པ་ཡང་མདོར་བསྡུ་ན་སེམས་རྩེ་གཅིག་པས་འཛིན་པར་བྱེད་པའོ། །དེ་ལ་སྡོམ་པ་ཡང་རྣམ་པ་དུ་མ་ཡིན་ནོ། །མདོར་བསྡུ་ན་ནི་རྣམ་པ་གཉིས་ཡིན་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བའོ། ། དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཉམས་པ་རྣམས་ནི་དགེ་སློང་མ་ཡིན་ཞིང་འོད་སྲུང་བ་ཡང་མ་ཡིན་ཏེ། སྲོག་གཅོད་པ་དང ། མི་ཚངས་པར་སྤྱོད་པ་དང ། མ་བྱིན་པར་ལེན་པ་ཡང་ཡོངས་སུ་རྫོགས་པ་ནི་ཀཱར་ཥཱ་པ་ཎ་གསུམ་གྱི་བློར་གྱུར་པས་ཆོས་དང་ལྡན་ན་ཡང་རུང་སྟེ་ཕྲོགས་ ནས་ཡོངས་སུ་ལོངས་སྤྱོད་ན་ནི། ཡུལ་གྱིས་དང་གཉེན་འབྲེལ་གྱི་མ་ཡིན་པ་དང་གནད་ལ་བསྒོ་བས་ཀྱང་རུང་སྟེ། དགེ་སློང་མ་ཡིན་ཞིང་འོད་སྲུང་བའི་མ་ཡིན་ནོ། །རུལ་པར་གྱུར་པ་མ་རུངས་པ་རྫུན་པ་རྟགས་འབའ་ཞིག་འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་རང་བཞིན་གྱི་ཁ་ན་མ་ ཐོ་བ་ཚུལ་ཁྲིམས་འཆལ་པར་གྱུར་པ་དེ་ཡང་བག་མེད་པས་བྱས་པ་ཡིན་ནོ། །དེའི་ཕྱིར་ན་འོད་སྲུང་རབ་ཏུ་བརྩོན་པ་རྣམས་ཀྱིས་ཀྱང་བག་མེད་པ་ཡོངས་སུ་སྤང་བར་གྱིས་ཤིག་།དེ་ལྟར་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་འོད་སྲུང་གིས་གསུངས་པའི་མདོ། བྱང་ཆུབ་ སེམས་དཔའ་དུས་བཟངས་དང་སྨྲ་བ་པོར་གྱུར་པའི་ངང་པ་རྣམས་དང ། བདུད་ཀྱི་ཕྱོགས་ཀྱི་བག་མེད་པ་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་པད་མའི་སྙིང་པོ་ལ་ཡང་དག་པར་གནས་ནས་བཤད་དོ། །གཞན་ཡང་བཅས་པའི་ཁ་ན་མ་ཐོ་བ་རྣམས་ནི་མདོར་བསྡུ་ན་རྣམ་པ་དགུ་ཡིན་ནོ། །མི་གཙང་ བ་རྣམ་པ་དགུ་པོ་རྣམས་ཀྱང་གང་ཞེ་ན། །གཅིག་སྤྱོད་པ་དང ། བཤགས་པས་ལྡང་བ་སྤྱོད་པ་དང ། བག་མེད་པས་བག་མེད་པ་སྤྱོད་པ་དང ། ཕྱེད་སྤྱོད་པ་དང ། ཕལ་ཆེར་སྤྱོད་པ་དང ། བཤགས་པ་དང་ལྡང་བ་ཡང་བར་སྤྱོད་པ་དང ། ལམ་སྟོན་པར་བྱེད་པ་དང་བསྒྲགས་པས་ སྤྱོད་པ་དང ། རླག་པར་སྤྱོད་པ་དང་ཐམས་ཅད་སྤྱོད་པའོ། །དེ་ལྟར་དགེ་སྦྱོང་རྣམས་སམ་གཞན་དག་དེའི་རིགས་ཅན་རྣམས་ཀྱང་རུང་སྟེ། བག་མེད་པའི་དབང་གིས་བྱིས་པའི་སྐྱེ་བོ་རྣམས་ཐམས་ཅད་བློ་ཉམས་པར་གྱུར་པ་དང ། ཇི་སྲིད་དུ་ཆོས་འདུལ་བ་མ་བསླབས་པ་རྣམས་ཀྱི་མདོར་ 71-1-19b བསྡུ་ན་ཁ་ན་མ་ཐོ་བ་རྣམ་པ་དགུ་ཡིན་ནོ། །ཁ་ཅིག་སྤྱོད་པ་ཇི་ལྟ་བུ་ཡིན་ཞིང་ཇི་ལྟར་ན་བཅས་པའི་ཁ་ན་མ་ཐོ་བ་ཡིན་ན། འདི་ན་བསླབ་པ་གང་དག་ཡང་མོར་གྱུར་པ་རྣམས་དང་ལྡང་བ་ཡང་བར་གྱུར་པ་དེ་དག་རྣམས་འདིས་ཁྱད་དུ་བསད་པར་གྱུར་ནས་བག་མེད་པའི་དབང་གིས་ རྒལ་བར་བྱེད་དེ། ཇི་ལྟར་བདག་གིས་འདི་དག་ལས་རྒལ་བར་བྱས་ལ་ཕྱི་ནས་ནི་བདག་གིས་ཀུན་ནས་ལྡང་བར་བྱའོ་སྙམ་པའོ། །དཔེར་ན་ས་རྐོ་བར་བྱེད་པ་དང་རྩཝ་གཅོད་པར་བྱེད་པའོ། །འདི་ནི་གཅིག་སྤྱོད་པ་ཞེས་བརྗོད་དེ། དགེ་སྦྱོང་ངམ་གཞན་ཡང་དེའི་རིགས་ཅན་ རྣམས་ཀྱང་རུང་ངོ ། །ཡང་ཇི་ལྟར་ན་བག་མེད་པ་སྤྱོད་པ་རྣམས་བཤགས་པས་ལྡང་བ་སྤྱོད་པ་ཡིན་ན། འདི་ན་དགེ་སྦྱོང་དག་བསླབ་པའི་གཞི་གཅིག་གམ་བསླབ་པའི་གཞི་གཉིས་སམ་གསུམ་ལ་སྤྱོད་པ་ལས་འདའ་བར་བྱེད་དོ། །ཇི་ལྟར་དེ་སྙེད་ཅིག་ལས་འདས་པར་བྱེད་ ཅིང ། འདའ་བར་བྱས་ནས་ཀྱང་ཁོ་བོས་ཕྱིས་ཡང་ལྡང་བར་བྱའོ་ཞེས་པ་སྟེ། དེ་རིམ་པ་དེ་ཉིད་ཀྱིས་དང་དེ་ཁྱད་དུ་གསོད་པར་བྱེད་པས་ཀྱང་རྟག་ཏུ་བཅས་པའི་ཁ་ན་མ་ཐོ་བ་རྣམས་བྱེད་དོ། །དེ་དག་ནི་ཆོས་ལ་གུས་པར་སྤྱོད་པ་ཉིད་ཀྱང་མ་ཡིན་ནོ། །བག་དང་ལྡན་པ་ཡང་ མ་ཡིན་ནོ། །རྟག་ཏུ་ཡང་རྣམ་པར་གཡེངས་པ་དང་བཅས་པའི་སེམས་སུ་འགྱུར་རོ། །འདི་ལ་ནི་བཤགས་པས་ལྡང་བར་སྤྱོད་པ་ཞེས་བྱའོ། །ཇི་ལྟར་ན་བག་མེད་པས་བག་མེད་པ་ཡོངས་སུ་འཕེལ་བར་སྤྱོད་པ་ཡིན་ན། འདི་ན་སེམས་ཡང་བར་འགྱུར་ཞིང་སེམས་སྟོབས་ ཀྱང་ཡང་བ་རྣམས་ཀྱིས་བསླབ་པའི་གཞི་རྣམས་ཀྱི་བཤགས་པར་བྱ་བ་རྣམས་ཀྱང་མངོན་པར་ཤེས་པར་འགྱུར་བ་མ་ཡིན་ནོ། །སྙིང་པོ་དང་སྙིང་པོ་མེད་པ་རྣམས་བཤགས་པར་བྱ་བ་དང ། ལྡང་བ་ཡང་མངོན་པར་མི་ཤེས་པ་ཡིན་ནོ། །དེ་ལ་ནི་བསླབ་པའི་གཞི་བཅས་པའི་ཁ་ན་མ་ ཐོ་བ་རྣམས་གང་ཡིན་པ་རྣམས་ཤིན་ཏུ་ཡང་མང་བར་འགྱུར་རོ། །དེ་དག་རྣམས་ཀྱང་འཛིན་པར་བྱེད་ཅིང་ཡང་གང་དག་དུས་ཤིན་ཏུ་རིང་བ་ན་དཀའ་བླས་ཆེན་པོས་ལྡང་བར་འགྱུར་ཏེ། དེ་དག་ཀྱང་འཛིན་པར་བྱེད་པ་ཡིན་ནོ། །ཡང་གང་དག་ཁ་ན་མ་ཐོ་བ་ཆུང་བར་གྱུར་པ་དེ་དག་ནི་ 71-1-20a ལེགས་པར་འཛིན་པ་ཡང་མ་ཡིན་ནོ། །ཆོས་ལ་གུས་པར་གནས་པའི་རང་བཞིན་ཅན་མ་ཡིན་ནོ། །དགེ་སྦྱོང་རྣམས་སམ་རྣམ་པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་རུང་སྟེ། འདི་དག་ནི་བག་མེད་པས་བག་མེད་པ་རབ་ཏུ་འཕེལ་བར་སྤྱོད་པར་བརྗོད་པ་ཡིན་ནོ། ། ཡང་ཇི་ལྟར་ན་ཕྱེད་ལ་སྤྱོད་པ་ཡིན་ནོ། །འདི་ལ་བསླབ་པའི་གཞི་གང་དག་ཡང་བ་རྣམས་སམ་ལྕི་བར་གྱུར་པ་རྣམས་ཀྱང་རུང་སྟེ། དགེ་སློང་གིས་ཀུན་ནས་ལྡང་བ་འབའ་ཞིག་བྱེད་དུ་འགྲོ་བ་འམ། གལ་ཏེ་ན་འཛིན་པར་བྱེད་པ་འམ། གལ་ཏེ་ན་ཤིན་ཏུ་བསྲབས་པར་གྱུར་ཏེ་ལྡང་ བར་འགྱུར་བ་ཡིད་ལ་བྱས་ནས། དེ་རིགས་འཐུན་པའི་ཆ་རྣམས་མ་ལུས་པ་ཁོ་ན་ཕྱིར་ཟློག་པར་བྱེད་དེ། འདི་ནི་ཕྱེད་ལ་སྤྱོད་པ་ཞེས་བརྗོད་དོ། །གང་གི་ཕྱིར་ཕྱེད་ལ་ནི་སྤྱོད་པར་བྱེད་ལ་ཕྱེད་ལ་ནི་སྤྱོད་པར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ་རིམ་པ་འདི་དག་གིས་ན་ཕྱེད་ལ་སྤྱོད་པ་བྱ་བ་ཡིན་ནོ། ། བག་མེད་པ་རྣམས་ཀྱིས་བག་མེད་པར་རྣམ་པར་རྒྱུ་བ་བག་མེད་པའི་དབང་གིས་འགྲོ་བ་བག་མེད་པའི་ཡུལ་ལ་གནས་པ་འདི་ནི་དགེ་སྦྱོང་དང་རྣམ་པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་རུང་སྟེ། ཕལ་ཆེར་སྤྱོད་པར་བྱེད་པ་ཡིན་ནོ། །བསླབ་པའི་གཞི་རྣམས་ཡོངས་སུ་རྫོགས་པར་འཛིན་པར་བྱེད་ པ་དགེ་སྦྱོང་མ་དང ། དགེ་ཚུལ་དང ། དགེ་བསྙེན་རྣམས་ཀྱང་རུང་སྟེ། ཤིན་ཏུ་མྱུར་བར་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་བ་འདི་དག་དང ། རྣམ་པ་དེ་ལྟ་བུ་རྣམས་དང ། ཚུལ་མི་འཐུན་པ་དེ་དང་དེ་དག་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པའི་ཕལ་ཆེར་སྤྱོད་པ་རྣམས་ཇི་ལྟ་བུ་ཞེ་ན། འདི་ན་བཅས་པའི་ཁ་ན་མ་ཐོ་བའི་བསླབ་པའི་གཞི་རྣམས་ཤིན་ཏུ་ཕལ་ཆེར་འཛིན་པར་བྱེད་པ་རྣམས་མ་ཉམས་པ་དང ། མ་རལ་བ་དང ། མ་ཟགས་པ་དང ། མི་བརྟན་པ་དང ། སྙིང་པོ་མེད་པ་དང ། གཅིག་ཏུ་ལྷག་མ་མེད་པ་མ་ཡིན་པར་གལ་ཏེ་ཤེད་ན་འཛིན་པར་བྱེད་དོ། །གལ་ཏེ་ ཤེད་ན་མི་འཛིན་པར་བྱེད་དོ། །དགེ་སྦྱོང་དང་རྣམ་པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་རུང་སྟེ། འདི་ནི་ཕལ་ཆེར་སྤྱོད་པ་ཞེས་བརྗོད་དོ། །ཡང་ཇི་ལྟར་ན་བཤགས་པ་དང་ལྡང་བ་ཡང་བར་སྤྱོད་པ་ཡིན་ན། འདི་ན་བག་མེད་པའི་དབང་གིས་སམ། སྡིག་པའི་གྲོགས་པོ་ལ་རྟེན་པའི་དབང་གིས་ 71-1-20b ཀྱང་གལ་ཏེ་ན་བསླབ་པའི་གཞི་རྣམས་ཉམས་པར་བྱེད་དོ། །དེ་མྱུར་བར་སོ་སོར་རིག་ནས་འགྱོད་པར་འགྱུར་བ་དང ། སེམས་རབ་ཏུ་དང་བར་གྱུར་པས་སམ། དམྱལ་བའི་འཇིགས་པས་འཇིགས་པར་གྱུར་པས་ཀྱང་རུང་སྟེ། བཤགས་པར་བྱེད། དགེ་འདུན་ལ་ཡང་མཐོལ་ བར་བྱེད་དོ། །ཇི་ལྟར་ན་བདག་གི་བསླབ་པའི་གཞི་ཉམས་པར་བྱས་པ་ནི་བདག་གིས་མཛེས་པ་མ་བྱས་ཀྱིས་དགེ་འདུན་རྣམས་ཀྱིས་དེ་ལས་ལྡང་བར་མཛད་དུ་གསོལ་ཞེས་བཤགས་པ་ལ་འཁོད་པར་བྱ་བ་དང ། གཉེན་པོས་ཀྱང་མཐོལ་ཞིང་བཤགས་པར་བྱེད་པ་དང་ལྡང་བར་བྱེད་པ་ ཞེས་བྱ་བས་ཀྱང་འཇིགས་པ་ཡིན་ནོ། །དེའི་ཕྱིར་དགེ་སློང་འདི་ནི་བཤགས་པ་དང་ལྡང་བ་ཡང་བར་སྤྱོད་པ་ཞེས་བརྗོད་པ་ཡིན་ནོ། །ཇི་ལྟར་ན་དགེ་སློང་ལམ་སྟོན་པར་བྱེད་པ་དང་བསྒྲགས་པས་སྤྱོད་པ་ཡིན་ན། འདི་ན་དགེ་སློང་ངམ་རྣམ་པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་རུང་སྟེ། བརྒྱ་ལ་ཞིག་ན་བག་མེད་པའི་དབང་གིས་ཁ་ན་མ་ཐོ་བ་མང་པོར་གྱུར་པ། སྡུག་བསྔལ་གྱི་རྩ་བ་གཅོད་པར་བྱེད་པའི་བསླབ་པའི་གཞི་རྣམས་ལས་འདའ་བར་བྱེད་པའམ། ཉམས་དམས་པར་བྱས་པར་གྱུར་ན་ཡང་དེ་དག་བླ་མ་རྣམས་ལ་རྗོད་པར་བྱེད་དོ། །དགེ་འདུན་རྣམས་ལ་ཡང་ གསོ་སྦྱོང་གི་དུས་ཀྱི་ཚེ་ནའོ། །དེ་ལ་དགེ་འདུན་རྣམས་ཀྱིས་ལམ་འདོམས་པར་མཛད་ཅིང་དཀའ་བླས་རྣམས་ཀྱང་ཉེ་བར་སྟོན་པར་མཛད་ལ་ལྡང་བའི་འཇིགས་པ་རྣམས་ཀྱང་འགྲོ་བར་བྱེད་དོ། །དེ་དག་རྣམས་ཀྱང་ཐོས་ཤིང་གོ་བར་བྱས་ཏེ་ལངས་པ་ཡིན་ནོ་ཞེ་ནས། ཕྱི་ནས་ཡང་ནི་ བསླབ་པའི་གཞི་རྣམས་ལས་འདའ་བར་མི་བྱེད་དེ། དམྱལ་བ་དང་།ཡི་དགས་དང ། དུད་འགྲོ་རྣམས་ཀྱིས་འཇིགས་པའི་ཕྱིར་རོ། །དུས་བཟངས་འདི་ནི་ལམ་སྟོན་པར་བྱེད་པ་དང་བསྒྲགས་པས་སྤྱོད་པ་ཞེས་བརྗོད་དོ། །ཡང་ཇི་ལྟར་ན་བརླག་པར་སྤྱོད་པ་ཡིན་ན། རྒ་བ་དང ། འཆི་བའི་དབང་དུ་སོང་བའོ། །འདི་ན་ཆོས་འདུལ་བ་རྣམས་བསླབས་པར་གྱུར་པ། བསམ་གཏན་གྱིས་བསམ་གཏན་དུ་མི་བྱེད་པར། བྱ་བ་དང་བྱེད་པ་རྣམས་ལ་མངོན་པར་དགའ་བར་གྱུར་ནས། རྟག་ཏུ་ཡང་ཁྱིམ་ནས་ཁྱིམ་རྣམས་སུ་དང ། གནས་ནས་གནས་རྣམས་སུ་དང་། 71-1-21a སྦྱིན་བདག་གི་ཁྱིམ་རྣམས་ནས་སྦྱིན་བདག་གི་ཁྱིམ་རྣམས་སུ་ཟས་དང་གོས་ཀྱི་དོན་ཁོ་ནར་རྒྱུ་བར་བྱེད་དོ། །ལེགས་པར་འགྲོ་ལ་ཞབས་འབྲིང་ཡང་བྱེད་དོ། །ཁྱིམ་པ་རྣམས་ཉིད་ཉེ་བར་སྟེན་པར་བྱེད་དོ། །འདི་ནི་བརླག་པར་སྤྱོད་པ་ཞེས་བརྗོད་དོ། །རྐུན་མ་དེ་ ནི་ཤི་བའི་འོག་ཏུ་དམྱལ་བའི་མཐར་ཐུག་པར་འགྱུར་རོ། །དུས་བཟངས་ཡང་ཇི་ལྟར་ན་ཐམས་ཅད་སྤྱོད་པ་ཡིན་ན། ཆོས་འདུལ་བ་རྣམས་ཐམས་ཅད་ལ་དད་པར་བྱེད་དོ། །རྗོད་དོ། །བྱེད་པར་འགྱུར་རོ། །གལ་ཏེ་ཤེད་ན་བསླབ་པའི་གཞི་གཅིག་གམ་གཉིས་ཀྱི་ ཡང་རུང་སྟེ། ཁ་ན་མ་ཐོ་བ་ཅུང་ཟད་ཅིག་བྱུང་ན་ཡང་གོམས་པ་མེད་པ་དང ། ཆོས་ལ་གུས་པའི་དབང་གིས་འཛིན་པར་བྱེད་མི་ནུས་པར་གྱུར་ནས། དེ་དག་ལས་ལྡང་བར་བྱེད་པ་ཡིན་ནོ། །དུས་བཟངས་འདི་ནི་ཐམས་ཅད་བཤགས་ཤིང་སྤྱོད་པ་ཞེས་བརྗོད་དོ། །དགེ་སློང་ངམ་ རྣམ་པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་རུང་སྟེ། ཁ་ན་མ་ཐོ་བ་ཉུང་བ་རྣམས་ཀྱང་ཕྱི་ནས་འདི་དག་བསླབ་པའི་གཞི་གང་དག་ལས་འདའ་བར་བྱེད་པ་འདི་དག་ཀྱང་བག་མེད་པའི་ཉེས་པ་ཡིན་ནོ། །དེ་ལྟར་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེ་པད་མའི་སྙིང་པོ་ལ་ལེགས་པར་གནས་ནས། སྨྲ་བ་པོའི་ངང་པ་དེ་དག་རྣམས་དང་བདུད་ཀྱི་རིགས་ཀྱི་བག་མེད་པ་དེ་ལ་ཡང་ཆོས་བསྟན་ཏོ། །དེ་ནས་དེའི་དུས་ན་མུ་སུ་ལུན་དྷ་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། སྐྱེས་བུ་བག་མེད་པས་ལོང་བ། །བག་མེད་དུག་ནི་སྟེན་པ་པོ། །བག་མེད་ཞགས་པས་བཟུང་ནས་ནི། །དམྱལ་བར་རྗེས་སུ་ཉེ་བར་འཁྲིད། ། བག་མེད་སྐྱེས་བུ་འཇིག་རྟེན་པའི། །གཤེ་བ་ཐམས་ཅད་ཐོབ་པར་འགྱུར། །ངག་རྣམས་དོན་མེད་འགྱུར་བ་དང ། །དམྱལ་བར་ཡང་ནི་འདྲེ་བར་བྱེད། །རྨོངས་པ་ཉིན་མེད་མཚན་མེད་དང ། །ལམ་དུ་འགྲོ་དང་བརྗོད་པ་ནའང ། །བག་མེད་སྐྱེས་བུ་སྐད་ཅིག་ཀྱང ། །བདེ་བའི་སྐལ་ བ་ཡོད་མ་ཡིན། །འཁོར་ལོ་བཞིན་དུ་འགྲོ་བ་ལྔར། །གང་དག་འདོད་པའི་ཁམས་ན་འཁོར། །གང་ཡང་བསམ་གཏན་ལས་ལྟུང་བ། །དེ་ཡང་བག་མེད་པས་བྱས་སོ། །གཟུགས་མེད་པ་ཡི་གནས་བཞི་ཡང ། །འཇིག་རྟེན་པ་ནི་གང་ཐོབ་པ། །སྲིད་ན་འཕྱང་ཉུག་འཁོར་བ་ནི། ། 71-1-21b དེ་ཡང་བག་མེད་པས་བྱས་སོ། །ཁམས་གསུམ་འདི་དག་མ་ལུས་པ། །བག་མེད་འཆིང་བས་བཅིངས་པ་ཡི། །སྲིད་པའི་ཞགས་པས་བསྡམས་བྱས་པ། །བློ་མེད་པས་ཀྱང་མི་རིག་གོ། །དེ་ལྟར་མུ་སུ་ལུན་དྷ་དེས་སྔོན་གྱི་ལྷ་རྣམས་ཀྱི་དྲུང་ནས། བཅོམ་ལྡན་འདས་འོད་སྲུང་ གིས་གསུངས་པའི་མདོ་བཤད་པར་བྱ་བའི་གནས་སྐབས་སུ་བབ་པས། ངང་པའི་རྒྱལ་པོ་དུས་བཟངས་དེ་དང ། སྨྲ་བ་པོར་གྱུར་པའི་ངང་པ་དེ་དག་རྣམས་དང ། བག་མེད་པ་དང ། རྒོད་པ་དང ། རྒྱགས་པ་དང་བཅས་པའི་བདུད་ཀྱི་རིགས་དེ་དག་རྣམས་ལ་ཆོས་བཅུ་གཅིག་པོ་ རྣམས་ལས་ཆོས་གསུམ་པ་བསྟན་ཏོ། །དེ་རྣམས་གང་དག་ཞེ་ན། འདི་ལྟ་སྟེ། རྒོད་པ་ན་འདུལ་བས་རབ་ཏུ་འཇོམས་པར་བྱེད་དོ། །མ་བསྡམས་པ་ནི་སེམས་རྩེ་གཅིག་པས་ཡིན་ལ། ཚུལ་ཁྲིམས་འཆལ་པ་རྣམ་པ་སྣ་ཚོགས་པ་རྣམས་ལས་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སྐྱེས་ བུ་དམ་པ་ལ་བསྟེན་ནས་ཕྱི་ནས་དགེ་བའི་རྩ་བ་རྣམས་ཀྱིས་ཏེ། ཚུལ་ཁྲིམས་འཆལ་པར་བརྗོད་པར་བྱ་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ཀྱང་སྐྱེས་བུ་དམ་པ་ལ་ལེགས་པར་བསྟེན་གྲོགས་བྱས་པས་འཁོར་བ་ལས་གྲོལ་བར་འགྱུར་ན། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལྟ་སྨྲོས་ཀྱང་ཅི་ དགོས། དེས་ན་རབ་ཏུ་བརྩོན་པས་ཀྱང་སྐྱེས་བུ་དམ་པ་ལ་བསྟེན་པར་བྱ་བ་ཡིན་ནོ། །སྤང་བར་བྱ་བ་གང་དག་ཞེ་ན། འདི་ལྟ་སྟེ། ལེ་ལོ་ནི་བརྩོན་འགྲུས་བསྐྱེད་པས་སོ། །ལེ་ལོ་རྣམས་ཐམས་ཅད་ཀྱང་བརྩོན་འགྲུས་བསྐྱེད་པས་སྤོང་བར་འགྱུར་ཏེ། ཡང་ཇི་ལྟར་བག་མེད་པ་ནི་ དོན་མ་ཡིན་པ་རྣམས་ཐམས་ཅད་ཀྱི་དང་དགེ་བའི་བཤེས་གཉེན་སྟེན་པ་ནི་ཆོས་འདུལ་བ་རྣམས་ཀྱི་ཕུལ་དུ་ཕྱིན་པའི་རྩ་བ་ཡིན་ནོ། །གཞན་ཡང་ཆོས་བཞི་པ་ཆོས་བཞི་པས་ངེས་པར་འཇོམས་ཤིང་སྤོང་ལ་སྤང་བར་བྱ་བ་རྣམས་གང་ཞེ་ན། དེ་ནི་འདི་ལྟ་སྟེ། ལེ་ལོ་ནི་བརྩོན་འགྲུས་བསྐྱེད་ པས་ཏེ། ལེ་ལོ་རྣམས་ནི་ཐམས་ཅད་ཀྱང་བརྩོན་འགྲུས་བསྐྱེད་པས་འཇོམས་པར་འགྱུར་རོ། །དཔེར་ན་སྣང་བས་མུན་པ་འཇོམས་པར་བྱེད་པ་དེ་བཞིན་དུ། ལེ་ལོ་རྣམས་ཐམས་ཅད་ཀྱང་བརྩོན་འགྲུས་བསྐྱེད་པས་སྤོང་བ་ཡིན་ནོ། །དེ་ལ་ལེ་ལོས་ནི་ཆོས་རྣམས་ཐམས་ཅད་ཀྱི་བར་ 71-1-22a ཆད་བྱེད་པ་པོ་ཡིན་ཏེ། དཔེར་ན་ཇི་ལྟར་བྱས་པ་དེ་ལྟ་དེ་ལྟར་མངོན་པར་འཕེལ་བ་ཡིན་ཞིང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་བར་ཆད་བྱེད་པར་འགྱུར་རོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་རྣམས་སུ་ཡང་བདེ་བར་འགྱུར་བ་མ་ ཡིན་པ་མང་པོ་དེ་དག་རྣམས་ཀྱི་མིང་ཡང་གཟུང་བར་སླ་བ་མ་ཡིན་ནོ། །ལེ་ལོ་ཅན་ཞེས་བྱ་བ་ནི་བརྩོན་འགྲུས་ཞན་པ་སྟེ། གཞན་གྱིས་ཉེ་བར་འཇོམས་པར་བྱེད་དོ། །གཞན་རྣམས་ཀྱི་ཞེ་ཟློགས་པར་འགྱུར་རོ། །གཞན་གྱིས་ཕམ་པར་བྱེད་ཅིང་ཚར་གཅོད་པར་འགྱུར་ཏེ། ལེ་ལོ་ཅན་རྣམས་ནི་ཤིན་ཏུ་ཉེ་བར་འཇོམས་པས་ཤིན་ཏུ་དབུལ་བར་འགྱུར་རོ། །ལས་ཀྱི་མཐའ་རྣམས་ལ་སྒྲུབ་པར་མི་བྱེད་དོ། །ཁེ་སྤོགས་རྣམས་མི་བྱེད་དོ། །ཞིང་ལས་མི་བྱེད་དོ། །ཁྱིམ་གྱི་གཞིའི་བྱ་བ་གཞན་རྣམས་ཀྱང་མི་བྱེད་དོ། །སྐྱེས་བུ་ལ་སྟེན་པར་མི་བྱེད་ཀྱི་ སྙོམ་ལས་ཀྱི་བསམ་གཏན་གྱིས་བཟུང་བ་ཡིན་ནོ། །སྐྱེ་བོ་རྣམས་ཐམས་ཅད་ཀྱིས་མཚོན་པར་འགྱུར་རོ། །ཡེ་ཤེས་ལ་སྦྱོར་བར་མི་བྱེད་དོ། །དེ་ནི་མཁས་པ་མ་ཡིན་ནོ། །མཁས་པའི་རང་བཞིན་ཅན་རྣམས་ཀྱང་མ་ཡིན་ནོ། །ཡུལ་དང་དུས་ཤེས་པ་མ་ཡིན་ནོ། །བདག་ དང་གཞན་རྣམས་ཀྱི་ཁྱད་པར་ཤེས་པ་མ་ཡིན་ནོ། །རང་གི་སྟོབས་རྣམས་དང་གཞན་གྱི་སྟོབས་རྣམས་ཀྱི་ཁྱད་པར་ཤེས་པ་མ་ཡིན་ནོ། །དུས་སུ་ལེགས་པར་དགོས་པ་རྣམས་སྒྲུབ་པ་མ་ཡིན་ཏེ། དེའི་བྱ་བ་རྣམས་ཐམས་ཅད་ལ་བར་ཆད་འབྱུང་བར་འགྱུར་རོ། །གང་གི་ཚེ་འཇིག་ རྟེན་འདི་དང་འཇིག་རྟེན་ཕྱི་མ་རྣམས་ཀྱི་ཡང་ལེ་ལོ་དེ་དག་རྣམས་ཉིད་བརྩོན་འགྲུས་བསྐྱེད་པས་བཅོམ་པར་གྱུར་པ་དེའི་ཚེ་འདི་ལ་འཇིག་རྟེན་པ་རྣམས་ཀྱིས་མངོན་པར་བགྲོད་པར་བྱ་བར་འགྱུར་རོ། །སྔ་བར་ལངས་པར་བྱེད་པ་དང ། ངལ་དུབ་ལས་བརྒྱལ་བ་དང ། གཉིད་ལས་བརྒྱལ་ ཞིང་ལེགས་པར་སད་པ་དང ། དུས་སུ་ལངས་པ་དང ། དུས་སུ་སྐྱོ་བ་སྐྱེ་བ་དང ། ལྟོས་པ་དང་བྲལ་བས་བྱ་བ་རྣམས་རྩོམ་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་བརྟན་པ་དང་ལྡན་པས་ལེ་ལོའི་དྲི་མ་དེ་དག་རྣམས་དག་པར་བཀྲུས་པའི་བརྩོན་འགྲུས་ལེགས་པར་རྩོམ་པ་དེ་ནི་དོན་རྣམས་ 71-1-22b ཐམས་ཅད་དྲི་མ་དང་ཀུན་ནས་བྲལ་བར་སྒྲུབ་པར་བྱེད་དོ། །དོན་རྣམས་ལ་བགེགས་བྱུང་བར་གྱུར་ན་ཡང་སྐྲག་པར་མི་འགྱུར་ལ་སྐྱོ་བ་སྐྱེ་བར་མི་འགྱུར་རོ། །གཞན་རྣམས་ཀྱིས་བར་ཆད་བྱེད་པ་ཡང་མ་ཡིན་ནོ། །རབ་ཏུ་བརྟན་པས་བྱ་བ་རྣམས་ཀྱང་རྩོམ་པར་བྱེད་དོ། །བརྩོན་འགྲུས་ དང་ལྡན་པས་གང་དག་སྒྲུབ་པར་བྱེད་པ་རྣམས་ནི་ཀུན་ནས་ཉམས་པར་ཡང་མི་འགྱུར་རོ། །གཞན་གྱི་དབང་གིས་བྱ་བ་རྣམས་ཀུན་ཏུ་རྩོམ་པ་ཡང་མ་ཡིན་ནོ། །མི་རྣམས་ཀྱི་ཁྱད་པར་ཡང་ཤེས་པར་འགྱུར་རོ། །བདག་གི་དཔུང་དང་གཞན་གྱི་དཔུང་རྣམས་ཀྱི་ཁྱད་པར་ཤེས་པར་ འགྱུར་རོ། །དེ་དེ་དག་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར་རོ། །སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་མཆོད་པར་ཡང་འགྱུར་རོ། །རྒྱལ་པོ་དང་རྒྱལ་པོའི་བློན་པོ་དག་གིས་ཀྱང་མཆོད་པར་བྱེད་དོ། །རྟག་ཏུ་ནོར་དང་ལྡན་པར་ཡང་འགྱུར་རོ། །སེམས་སྟོབས་དང་ སྟོབས་རྣམས་ཀྱང་ཉམས་པ་མེད་པར་འགྱུར་རོ། །གང་དག་དང་ལྷན་ཅིག་ཏུ་འགལ་བར་གྱུར་པ་དེ་དག་རྣམ་པར་ཕམ་པར་འགྱུར་རོ། །གང་གི་ཕྱིར་བརྩོན་འགྲུས་དང་ལྡན་པ་རྣམས་དང་ནི་ལྷན་ཅིག་ཏུ་འགལ་བར་བྱ་བར་མི་ནུས་སོ། །མཛའ་བོ་དག་ཀྱང་རྗེས་སུ་སྒྲུབ་པར་བྱེད་ལ། དེས་ཀྱང་འདིའི་མཛའ་བོ་རྣམས་མངོན་པར་འཕེལ་བར་འགྱུར་རོ། །དེ་གྲོགས་པོ་མང་བ་དང་མཆོག་ཏུ་བདེ་བ་དང་མཆོག་ཏུ་སྟོབས་དང་ལྡན་པར་ཡང་འགྱུར་རོ། །གྲོང་ཁྱེར་གཞན་དག་ན་ཡང་མངོན་པར་དགའོ། །བྱེས་ན་ཡང་སྐྱེ་བོ་མང་པོ་རྣམས་ཀྱིས་མངོན་པར་ཤེས་པར་འགྱུར་ རོ། །དེ་དེའི་ཕྱིར་གང་དག་དང་བསྟེན་གྲོགས་བྱེད་པར་གྱུར་པ་དེ་དག་རྣམས་ཀྱིས་མཆོད་པར་བྱེད་དོ། །འཇིག་རྟེན་དག་ན་ཡང་འདི་ཀུན་གྱིས་ཤེས་པར་འགྱུར་རོ། །ལེ་ལོ་རྩ་བ་ནས་རྣམ་པར་སྤངས་པའི་སྐྱེས་བུ་རྣམས་ཀྱིས་ནི་ཡོན་ཏན་དུ་མ་ཐོབ་པར་འགྱུར་རོ། །དེ་ནས་བདག་ཉིད་ཆེན་ པོ་དེ་ཉིད་ཀྱིས་ཀྱང་གོ་ཆ་བརྟན་པོ་དེ་ལྟ་བུ་རྣམས་དང ། རྙོག་པ་དང་རྣམ་པར་བྲལ་བས་བདུད་ཀྱི་དཔུང་རྣམས་ངེས་པར་འཇོམས་པར་བྱེད་དོ། །འཁོར་བ་ཕྱིར་ཟློག་པའི་གཡུལ་ཤོམ་པ་སྐྱེ་བོ་དམ་པ་རྣམས་ཐམས་ཅད་དགའ་བ་དང ། བརྩོན་འགྲུས་རྩོམ་པ་དང་བཅས་པ་གང་གིས། འཇིག་ 71-1-23a རྟེན་ལས་འདས་པ་ཟག་པ་མེད་པ་ཁ་ན་མ་ཐོ་བ་མེད་པ་མྱ་ངན་ལས་འདས་པའི་ནམ་མཁའ་ལེགས་པར་འཐོབ་པའི་དགོས་པ་ཀུན་ནས་རྩོམ་པར་བྱེད་དོ། །དེ་དང་པོ་ཁོ་ནར་རེ་ཞིག་ཤིན་ཏུ་བརྟན་པས་མཆོག་ཏུ་དཀའ་བར་གྱུར་པ། ཁྱད་པར་དུ་རོའི་གནས་དམན་ པ་རྣམས་ལས་དཀའ་བས་དགྲོལ་བ་འདི་ནི་འཁོར་བ་པ་རྣམས་ཐམས་ཅད་ཀྱི་འཆིང་བ་ཡིན་ཏེ། ཁྱིམ་ན་གནས་པ་བུ་དང ། ཆུང་མ་དང ། སྲིང་མོ་དང ། བྲན་ཕོ་དང ། བྲན་མོ་དང ། ཞིང་དང ། འབྲུ་དང་བང་མཛོད་རྣམས་ཀྱིས་གང་བའི་སྲེད་པའི་ཆུ་བོའོ། །བརྩོན་འགྲུས་ བརྩམས་པའི་གྲོགས་དང་ལྡན་པ་གང་དག་གིས་འཁོར་བའི་འཇིགས་པས་འཇིགས་པ་རབ་ཏུ་འཇོམས་པ་དེ་དག་གིས་ནི། རྣམ་པ་དེ་ལྟ་བུའི་ཁྱིམ་གྱི་གནས་རྣམས་བཏང་ནས་གོས་རྣམས་ངུར་སྨྲིག་ཏུ་བགོས་ཏེ། བརྩོན་འགྲུས་དང་ལྡན་པ་གང་ཡིན་པ་དེ་ཁྱིམ་གྱི་གནས་ནས་ངེས་ པར་བྱུང་ངོ ། །ཁྱིམ་གྱི་གནས་ཀྱི་འཆིང་བ་རྣམས་ལས་གྲོལ་བས། ཐར་པ་མཐར་ཕྱིན་པའི་ལམ་ཐོབ་ནས་བསམ་གཏན་དང ། ཁ་ཏོན་དག་ལ་བརྩོན་པ་དང་ལྡན་པ། བརྩོན་འགྲུས་ཕ་རོལ་གནོན་པ་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་ཐར་པ་ལ་འཇུག་པར་བྱེད་དོ། །དེ་ལ་ལེགས་ པར་སྟོན་པ་བརྩོན་འགྲུས་དང་ལྡན་པ་དུས་རབ་ཏུ་ཤེས་པ་ལུས་དང་ངག་གི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང་སྐྱེ་བ་དང་འཇིག་པའི་དེ་ཁོ་ན་ཉིད་ཤེས་པ། རང་གི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཤེས་པ། ཕུང་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པའི་དེ་ཁོ་ན་ཉིད་ཤེས་པ། ཉིན་དང་མཚན་དུ་ཡང་ བརྩོན་པ་མི་འདོར་བ་དེས་རབ་ཏུ་བརྩོན་པས་ཀྱང་སློབ་དཔོན་ལ་ལེགས་པར་རྟེན་པས་དང ། ཡེ་ཤེས་མང་དུ་སྤེལ་བས་ཀྱང་ཀུན་ནས་རྩོམ་པར་བྱེད་དོ། །བརྟུན་པར་བྱེད། རབ་ཏུ་འབད་པར་བྱེད། ལམ་གོམས་པར་བྱེད། སྐྱོན་སྤོང་བར་བྱེད་དེ། ཐོག་མ་མེད་པའི་དུས་ནས་ ཞུགས་པར་གྱུར་པ་འཁོར་བའི་འཆིང་བར་གྱུར་པ། དོན་མེད་པ་རྣམས་ཐམས་ཅད་བྱེད་པ། མུན་པར་བྱེད་པའི་འོས་སུ་གྱུར་པ། དོན་མ་ཡིན་པ་རྣམས་ཐམས་ཅད་ཀྱི་རྒྱུར་གྱུར་པ། སྲོག་ཆགས་རྣམས་ལ་ཤིན་ཏུ་འཐས་པར་གྱུར་པ། དེ་དག་རྣམས་ཀུན་ནས་བརྩམས་པའི་བརྩོན་འགྲུས་ 71-1-23b ཀྱིས་སྤོང་བར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་ལམ་རྣམས་ཐོབ་པར་གྱུར་པ་དེ་ལྟ་དེ་ལྟར་ཕྱིར་ཞིང་ཉིད་ཀྱང་སྤྲོ་བ་སྐྱེ་བར་བྱེད་པ་ཡིན་ནོ། །བརྩོན་འགྲུས་ཤིན་ཏུ་བརྩམས་པས་བྲལ་བའི་འབྲས་བུ་རྣམས་ཅི་ནས་ཀྱང་འབྱུང་བར་བྱེད་དོ། །ཀུན་ནས་ཉོན་མོངས་པའི་ཆོས་འཆིང་བར་གྱུར་པ། བྱིས་ པའི་སྐྱེ་བོ་རྣམས་ཐམས་ཅད་ཀྱི་ཡིད་ཀུན་ནས་འཕྲོག་པར་བྱེད་པའི་ཡུལ་རྣམས་ལ་ཆགས་པར་མི་བྱེད་དོ། །འདི་ལྟ་སྟེ། འདོད་པའི་རྗེས་སུ་འཐུན་པར་གྱུར་པ་སྒྲ་དང ། རེག་བྱ་དང་རོ་དང ། གཟུགས་དང་དྲི་རྣམས་ཀྱིས་དགེ་བའི་རྫས་གང་ཡིན་པ་རྣམས་རྐུ་བ་འདྲིད་པའི་ཆོས་ཅན་ རྣམ་པར་སླུ་བའི་ཆོས་ཅན་དོན་མ་ཡིན་པ་རྣམས་ཐམས་ཅད་བྱེད་པ་མི་འདོད་པའི་རྣམ་པར་སྨིན་པར་འགྱུར་བ་མི་འདོད་པའི་འཆིང་བའི་ཆོས་སུ་གྱུར་པའི་བྱིས་པ་སོ་སོའི་སྐྱེ་བོ་ཡོངས་སུ་མ་སྦས་པ་རྣམས་ཐམས་ཅད་ཀྱི་སེམས་རྣམ་པར་གཡེང་བར་བྱེད་པ་དང ། རྣམ་པར་རྨོངས་པར་བྱེད་པའི་ ཡུལ་གྱི་དགྲ་དེ་དག་རྣམས་ཐམས་ཅད་སྤོང་བར་བྱེད་དོ། །རོ་མྱོང་བར་མི་བྱེད་པ་དང ། ཐར་པའི་ལམ་སྒོམ་པར་བྱེད་དོ། །སེམས་དྲི་མ་མེད་པར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་དྲི་མ་རྣམས་མེད་པར་བྱེད་པ། དེ་ལྟ་དེ་ལྟར་བརྩོན་འགྲུས་དང་ལྡན་པ་དང་དྲན་པ་དང་ལྡན་པ་དང ། ངོ་མཚར་ བར་གྱུར་པ་ཤེས་བཞིན་ཅན་དགྲ་རབ་ཏུ་བཅོམ་པར་འགྱུར་རོ། །གཞན་ཡང་བརྩོན་འགྲུས་དེ་ཉིད་ཀྱིས་སྤྲོ་བ་དང་བཅས་པ་གང་ཡིན་པས་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་རབ་ཏུ་འཇོམས་པར་བྱེད་དོ། །རྣམ་པར་བྲལ་བར་བྱེད་དོ། །རྒྱལ་བར་བྱེད་དོ། །ཡང་སྲིད་པ་མི་འབྱུང་ ངོ ། །དགྲ་རྣམས་ལས་རྒྱལ་བ་མི་འཐུན་པ་རྣམས་ལས་རྒྱལ་བ་དེ་ནི་དྲི་མ་མེད་པའི་ནམ་མཁའ་བཞིན་དུ་དང་རབ་ཏུ་དང་བའི་ཆུ་བཞིན་དུ་དང་སྤྲིན་གྱི་ཚོགས་རྣམས་དང་བྲལ་བར་གྱུར་པས། དྲི་མ་མེད་པའི་ཟླ་བ་བཞིན་དུ་དང ། ན་བུན་དང་བྲལ་བའི་འཛམ་བུའི་གླིང་གི་ཉི་མ་བཞིན་ དུ་སྟེ་དེ་ལྟ་དེ་ལྟར་རྣམ་པར་སྣང་ངོ ། །ཇི་ལྟ་ཇི་ལྟར་ནད་པ་ནད་རྣམས་ལས་གྲོལ་བ་བཞིན་དུ་དང ། དབུལ་པོ་རྣམས་ཀྱིས་རབ་ཏུ་ནོར་རྙེད་པ་བཞིན་དུ་དང ། མིག་མེད་པ་རྣམས་ལམ་སྟོར་ནས་ནགས་ཁྲོད་དུ་ཞུགས་པ་ལས་ལམ་དུ་བགྲོད་པར་བྱེད་པ་དེ་དག་རྣམས་བཞིན་དུ་འདིས་མཐར་ 71-1-24a ཐུག་པའི་ཚུལ་ཁྲིམས་ཤིས་པ་གང་ཡིན་པ་ཉེ་བར་ཐོབ་པའི་དབང་དུ་བྱས་ནས་བསྙེན་པར་རྫོགས་པར་བྱས་ཏེ་གནས་སོ། །ཇི་ལྟར་བདག་གི་སྐྱེ་བ་རྣམས་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བདག་གི་འདི་ལས་སྲིད་པ་གཞན་ནི་མི་ཤེས་སོ། །དེ་ལྟར་ འདིའི་སྡིག་པ་རྣམས་རྣམ་པར་བྲལ་བ། འཆིང་བའི་ཞགས་པ་རྣམས་ཐམས་ཅད་ལས་གྲོལ་བ། ཆུ་ཀླུང་གི་ཕ་རོལ་ཏུ་ཕྱིན་པར་གྱུར་ནས་རྣམ་པར་རྒྱལ་ཞིང་མཛེས་སོ། །བརྩོན་འགྲུས་བརྩམས་པ་དང་ལྡན་པ་གང་གིས་བརྟན་པ་རྣམས་ཀྱི་དེ་དག་རྣམས་ཐམས་ཅད་ཡིན་ནོ། །དེའི་ ཕྱིར་ན་ཐམས་ཅད་ཀྱིས་ཀྱང་རབ་ཏུ་འབད་པས་བརྩོན་འགྲུས་བརྩམ་པར་བྱའོ། །འཁོར་བའི་འཆིང་བར་གྱུར་པའི་ལེ་ལོ་དང་བག་མེད་པ་རྣམས་ཀྱང་སྤང་བར་གྱིས་ཤིག་།དེ་ནས་དེའི་ཚེ་ན་མུ་སུ་ལུན་དྷས་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་ཚིགས་སུ་བཅད་པ་བརྗོད་པ། ཇི་ ལྟར། བརྩོན་འགྲུས་བརྩམས་པ་དྲན་ལྡན་པ། །དེ་ཚེ་གཅིག་ཏུ་མངོན་པར་དགའ། །སྡིག་པའི་ཆོས་ལས་རྣམ་པར་གྲོལ། །མཁས་པས་ཐར་པ་ཐོབ་པར་འགྱུར། །བརྩོན་འགྲུས་རྩོམ་པ་དང་ལྡན་པ། །གང་གིས་ལེ་ལོའི་དྲི་མ་སྤོང ། །ངན་འགྲོ་འཇིགས་ལས་ རྣམ་པར་གྲོལ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ལེ་ལོ་ཆོས་རྣམས་ཐམས་ཅད་ཀྱི། །བར་ཆད་བྱེད་པ་ཡིན་པར་འདོད། །སྐྱོན་དེས་ཉེ་བར་བཅོམ་པ་ཡི། །མི་ནི་སྡུག་བསྔལ་སྐལ་ལྡན་ཡིན། །འདི་དང་ཕ་རོལ་བདེ་དོན་གཉེར། །དེ་ཡིས་དེ་ནི་སྤང་བར་གྱིས། །དེ་ཕྱིར་ དེས་ཟིན་སྐྱེས་བུ་དེ། །བཀྲ་ཤིས་དང་ཡང་དེ་མཚུངས་འདོད། །དེ་ལྟར་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་དེས་སྨྲ་བ་པོའི་ངང་པ་དེ་དག་རྣམས་དང ། ངང་པའི་རྒྱལ་པོ་དུས་བཟངས་དེ་དང་བདུད་ཀྱི་རིགས་ཀྱི་བག་མེད་པ་དེ་དག་རྣམས་ལ་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་ པའི་མདོ་གང་ཡིན་པ་སྔོན་གྱི་ལྷ་ལས་དེས་ཐོས་པ་རྣམས་སྟོན་པ་ཡིན་ནོ། །གཞན་ཡང་ཉོན་མོངས་པ་དྲི་མ་ཅན་གྱི་ཆོས་རྣམས་དཀར་པོའི་ཆོས་ཀྱིས་རབ་ཏུ་གཞོམ་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། གྲོང་དང་གྲོང་ཁྱེར་དུ་འཇུག་པ་ལ་དགའ་བའི་སྤྱོད་པ་རྣམས་སྤོང་བ་ནི་ཐམས་ 71-1-24b ཅད་གཅིག་ཏུ་དགོན་པ་ན་གནས་པས་སོ། །གྲོང་དང་གྲོང་ཁྱེར་ན་སྤྱོད་པ་ལ་དགའ་བར་བྱེད་པ་གཅིག་ཏུ་གོམས་པར་གྱུར་པ་ནི། དགེ་སློང་ལ་གཅིག་ཏུ་བར་ཆད་བྱེད་པར་འགྱུར་རོ། །ཇི་ལྟར་གྱུར་པས་ཞེ་ན། དགེ་སློང་གི་བྱ་བ་ཉིད་དུ་གྱུར་པ་བསམ་གཏན་དང་ཁ་ཏོན་ཡོངས་ སུ་སྤངས་ནས་གྲོང་ངམ་གྲོང་ཁྱེར་དུ་འཇུག་པར་བྱེད་ཅིང་གནས་པར་ཡང་བྱེད་དོ། །ཁྱིམ་དེ་དང་དེ་དག་རྣམས་ལ་བློ་ཤིན་ཏུ་ལྷག་པར་ཆགས་པར་གྱུར་ནས། བུད་མེད་རྣམས་དང་ངམ་སྐྱེས་པ་དང་བཅས་པ་དང་ཡང་རུང་སྟེ། རྒྱུན་མི་འཆད་པར་འདུ་འཚོག་ཡང་བྱེད་པར་འགྱུར་ རོ། །དེ་གལ་ཏེ་བུད་མེད་དང་ལྷན་ཅིག་ཏུ་འཆིང་བར་འགྱུར་བ་རྣམས་ཐམས་ཅད་བྱེད་དོ། །དོན་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར་ཞིང ། ཡིད་འདོད་ཆགས་ཀྱི་དབང་དུ་འགྱུར་བར་ཀུན་ནས་སྐྱེད་པར་བྱེད་དོ། །རྒྱུ་གང་གིས་བུད་མེད་ནི་མེ་དང་འདྲ་བ་ཡིན་ཏེ། ཇི་ལྟར་གང་མེ་ལ་ཉེ་བ་ཉིད་དུ་གནས་པ་དེ་ནི་ཉེ་བར་སྲེག་པར་འགྱུར་རོ། །དེ་བཞིན་དུ་ཡང་གང་བུད་མེད་རྣམས་དང་ཉེ་བར་གནས་པར་བྱེད་པ་དེའི་སེམས་རྣམ་པར་འཁྲུལ་བར་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་ན་དགེ་སློང་གིས་གྲོང་དང་གྲོང་ཁྱེར་རྣམས་སུ་འཇུག་པར་མི་བྱའོ། །གལ་ཏེ་ སྐྱེས་པ་དག་དང་ལྷན་ཅིག་ཏུ་འདུ་འཚོག་པའམ་གཞན་རྣམས་དང་ཡང་ཀུན་རྗོད་པར་བྱེད་པ་དེ་དག་ནི་བྱ་བ་རྣམས་ཐམས་ཅད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །འདིའི་སེམས་ཟག་པ་མེད་པའི་ཆོས་རྣམས་ལ་ཡང་དག་པར་རབ་ཏུ་དང་བར་འགྱུར་བ་ཡང་མ་ཡིན་ནོ། །དགེ་སློང་གྲོང་དང་ གྲོང་ཁྱེར་རྣམས་སུ་འཇུག་པ་ལ་དགའ་བའི་སྤྱོད་པའི་དབང་གིས་བར་ཆད་ཆེན་པོར་གྱུར་པ་གཞན་རྣམས་ཉིད་ཀྱང་འབྱུང་བར་འགྱུར་ཏེ། དེ་ལ་འདི་དག་རྣམས་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་ནས་ཁྱིམ་རྣམས་སུ་འཇུག་པའི་དགེ་སློང་ནི་སེམས་རྣམ་པར་གཡོས་པར་འགྱུར་རོ། ། ཁྱིམ་རྣམས་ཀྱི་ཉེ་བར་སྤྱོད་པར་བྱ་བ་རྣམས་ཡོངས་སུ་རྟོགས་ཤིང་ཟས་དང་སྐོམ་གྱི་ལོངས་སྤྱོད་དག་མངོན་པར་མཐོང་ནས་སྤངས་ཀྱང་དེ་ནམ་ཞིག་ན་སླར་ཡང་མི་མཉམ་པ་རྣམས་ལ་འཇུག་པར་རྩོམ་སྟེ། ནགས་ཀྱི་ནང་ནས་ཅི་ནས་ཀྱང་ཁྱིམ་པར་འགྱུར་རོ། །ནགས་ན་གནས་པའི་དགའ་བ་ 71-1-25a ལས་ཡོངས་སུ་ཉམས་པར་གྱུར་ནས། དེ་ཕྱིར་ཡང་ཁྱིམ་གྱི་གནས་ཀྱི་འཆིང་བའི་སྐྱོན་དེ་ཉིད་ཀྱིས་ཀུན་ནས་བཅིངས་པར་གྱུར་ནས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ལ་སྤྱོད་དོ། །དེ་ཉེས་པ་དེ་དག་རྣམས་ཀྱི་སྐྱོན་གྱིས་ཕྱིར་ཡང་དམྱལ་བ་དང་ཡི་ དགས་དང་དུད་འགྲོ་རྣམས་སུ་སྐྱེ་བ་ཡིན་ནོ། །སྡུག་བསྔལ་དེ་དག་རྣམས་ཀྱི་རྩ་བ་ཡང་གྲོང་དང་གྲོང་ཁྱེར་དུ་འཇུག་པའི་སྤྱོད་པ་ལ་དགའ་བ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་དགེ་སློང་ཡིན་པར་འདོད་པས་དེ་དག་རྣམས་ཡོངས་སུ་སྤོངས་ཤིག་།རྣམ་པ་དེ་ལྟ་བུའི་སྐྱོན་དེ་དག་རྣམས་ ཀྱང་གང་གིས་སྤོང་ན། གཅིག་ཏུ་དགོན་པ་ན་གནས་པས་སོ། །དགོན་པ་ན་གནས་པ་དེ་ཡང་མཐར་ཐུག་པའི་ཡོན་ཏན་རྣམས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་མཆོག་ཏུ་བཟང་བ་ཡིན་ནོ། །གཅིག་པུ་དགོན་པ་ན་གནས་པར་དགའ་བའི་དགེ་སློང་ནི་དབང་པོ་རྣམས་ཞི་བ་དང་སེམས་ཤིན་ ཏུ་རབ་ཏུ་དང་བ་དང ། བློ་ལེགས་པར་བཏུལ་བའི་གསེར་དང་མཚུངས་པ་དང ། མཆོག་ཏུ་ཞི་བ་དང་དབང་པོ་རྣམས་མཆོག་ཏུ་བསྡམས་པ་དང་འཇིགས་པའི་དྲི་མ་རྣམས་དང་རྣམ་པར་བྲལ་བ་དང ། མཆོག་ཏུ་གཙང་བར་གྱུར་པའི་ཟག་པ་མེད་པའི་བདེ་བ་རྣམས་གང་ཡིན་པ་འཐོབ་ པར་བྱེད་དོ། །བདེ་བ་དེའི་ཁྱད་པར་རྣམས་ཀྱིས་ན་འདོད་པ་ན་སྤྱོད་པའི་ལྷའི་རིགས་དྲུག་པོ་འདི་དག་རྣམས་ཐམས་ཅད་ཀྱིས་ཀྱང་ཡང་དག་པའི་ལེགས་པ་དང་ལྡན་པར་གྱུར་ཅིང་ཀུན་གྱིས་ཀྱང་གང་སྔོན་ལས་རྣམས་གཅིག་ཏུ་བྱས་པར་གྱུར་ལ། དེ་ཡང་འདོད་པ་སྡུག་པ་ཡིད་དུ་འོང་ བ་མཆོག་ཏུ་མཚུངས་པ་མེད་པའི་ལྷ་གཅིག་གི་རྣམ་པར་སྨིན་པའི་འབྲས་བུར་གྱུར་ཅིང་འདོད་པ་ན་སྤྱོད་པ་འདི་དག་རྣམས་ཀྱི་བདེ་བ་རྣམས་དང་ཀུན་ནས་ལྡན་པར་གྱུར་པ་གང་ཡིན་པ་དེས་ཀྱང ། ཟག་པ་ཟད་པའི་བདེ་བ་གཅིག་གི་ཆར་ཡང་མི་ཕོད་ཅིང་དཔེར་ཡང་མི་བཟོད་དོ། །དཔྱད་ པར་གྱུར་པ་ན་ཐམས་ཅད་དུ་དཔེར་ཡང་མི་ཆོག་གོ། །དེའི་ཕྱིར་གང་འགའ་ཞིག་དོན་དམ་པའི་བདེ་བ་འདོད་པ་དེས་གྲོང་དང་གྲོང་ཁྱེར་དུ་འཇུག་པ་ལ་དགའ་བའི་བདེ་བ་དེ་དག་རྣམས་མཐོང་ལ་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་རྣམས་དོན་དུ་གཉེར་ཞིང་རྟག་ཏུ་གཅིག་པུ་ཉིད་ 71-1-25b མངོན་པར་དགའ་བས་རི་ཁྲོད་དང་རིའི་ཕུག་དང་དགོན་པ་རྣམས་སུ་རྩཝ་སོག་གི་སྟན་ལ་གཅིག་ཏུ་གནས་པར་འགྱུར་བར་གྱིས་ཤིག་།ཟག་པ་མེད་པའི་བདེ་བ་ལ་མངོན་པར་དགའ་བས་གནས་པའི་དགེ་སློང་རྣམས་ནི་གྲོགས་པོ་དང་གཉེན་འབྲེལ་དང་རང་གི་སྐྱེ་བོ་རྣམས་ལྟ་བར་བྱེད་ པས་རྣམ་པར་རྒྱུ་བ་སྟེན་པར་འགྱུར་བ་ནི་མ་ཡིན་ནོ། །དེ་རང་གི་སྐྱེ་བོ་དང་གྲོགས་པོ་དང་གཉེན་འབྲེལ་རྣམས་ལ་ལྟ་བས་རྣམ་པར་རྒྱུ་བ་བསྟེན་པར་གྱུར་ན། དེ་རང་གི་སྐྱེ་བོ་དང་གྲོགས་པོ་དང་གཉེན་འབྲེལ་རྣམས་དང་འཕྲད་པ་ལས་བྱུང་བའི་བདེ་བ་རྣམས་ནི་འཇིག་པ་དང་མི་བརྟན་ པ་དང་མི་རྟག་པ་དང་མཐར་རྣམ་པར་འབྲལ་བ་དེ་དག་རྣམས་ནི་མཆོག་ཏུ་མཐར་ཕྱིན་པ་མ་ཡིན་ནོ། །ཉོན་མོངས་པ་རྣམས་དང་བཅས་པ་དང་དེ་ནི་དྲི་མ་དང་སྐྱོན་དང་གནོད་པ་དང་བཅས་པ་དང་གཅིག་ཏུ་ངེས་པ་མ་ཡིན་པ་འཇིགས་པ་དང་བཅས་པར་གཅིག་ཏུ་ངེས་པ་དཔེ་མེད་པ་རྣམས་ ལས་རྣམ་པར་མ་གྲོལ་བ་ཡིན་ནོ། །དེའི་ཕྱིར་ན་བློ་གྲོས་དམན་པར་གྱུར་པ་གང་འགའ་ཞིག་གིས་དོན་དམ་པའི་བདེ་བ་རྣམས་ཀུན་ནས་དོར་ནས་ཟག་པ་དང་བཅས་པའི་བདེ་བ་ཚུལ་དང་འཐུན་པ་མ་ཡིན་པ་སྡུག་བསྔལ་རྣམས་ཚོལ་བར་བྱེད་དོ། །དེ་ནི་འོད་བོར་བར་གྱུར་ནས་མུན་པ་ཚོལ་ བར་བྱེད་པ་ཡིན་ནོ། །དེ་ལས་ཀྱང་འཁྱམ་པར་གྱུར་ཏེ། བློ་དང་མི་ལྡན་ཞིང་ཡོན་ཏན་དང་ཡོན་ཏན་མ་ཡིན་པ་དང་སྐྱོན་གྱི་མཚན་ཉིད་ལ་བློ་གྲོས་ལྡོངས་པའི་ཕྱིར་རོ། །དེའི་ཕྱིར་གྲོང་དང་གྲོང་ཁྱེར་དུ་འཇུག་པར་དགའ་བའི་སྤྱོད་པ་རྣམས་སྤོངས་ལ། རྟག་པར་གཅིག་པུ་དགོན་པ་ ན་གནས་པ་ལ་མངོན་པར་དགའ་བར་འགྱུར་བར་གྱིས་ཤིག་།དེ་ལྟར་ན་ཀུན་ནས་ཉོན་མོངས་པ་རྣམས་སྤངས་པ་ཤིན་ཏུ་མཐར་ཕྱིན་པའི་བདེ་བ་རྣམས་འཐོབ་པ་ཡིན་ནོ། །ཆོས་ལྔ་པ་དྲི་མ་དང་བཅས་པ་འདི་ནི་དྲི་མ་མེད་པའི་ཆོས་ཀྱིས་རབ་ཏུ་གཞོམ་པར་བྱའོ། །བདེ་བ་འདོད་པ་རྣམས་ དང་བདུད་ཀྱི་ཡུལ་ལ་མངོན་པར་མི་དགའ་བ་རྣམས་དང་དེའི་ས་ལ་འདུག་པར་མི་འདོད་པ་ཉིད་ཀྱིས་དེ་ལྟར་དྲི་མ་དང་བཅས་པའི་ཆོས་དེ་དྲི་མ་མེད་པའི་ཆོས་ཀྱིས་རབ་ཏུ་གཞོམ་པར་བྱའོ། །དེ་ལྟར་མུ་སུ་ལུན་དྷ་འདིས་ཀུན་ནས་བརྗོད་པ་དང་ལྡན་པའི་ངང་པ་དེ་དག་རྣམས་ཀྱི་བློ་ཡང་རྟོགས་པས་ 71-1-26a དང་དགེ་བའི་མཐའ་དང་ལྡན་པ་མཆོག་ཏུ་རྒྱ་ཆེ་བའི་བློ་གྲོས་ཅན་གྱི་བྱང་ཆུབ་སེམས་དཔའ་དུས་བཟངས་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པ་དེ་དང ། བདུད་ཀྱི་ཕྱོགས་སུ་གྱུར་པའི་བག་མེད་པ་དེ་འཁོར་རྒྱགས་པ་དང་སྨྱོ་བ་དང་བཅས་པ་རྣམས་དང ། དེ་དག་རྣམས་ ཀྱི་བསམ་པ་རིག་ནས་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་མདོ་འདི་ཡུལ་དང་དུས་སུ་རིགས་པར་བསྟན་ནོ། །དེ་ལ་ཆོས་བཅུ་གཅིག་པོ་རྣམས་ལས་ཆོས་ལྔ་པ་བསྟན་པ་ཡིན་ནོ། །ལྷག་མ་དྲུག་པ་དེ་ཡང་ཡུལ་དང་དུས་སུ་འོས་པར་ངས་བསྟན་པར་བྱ་ཡིས་ཁྱེད་རྣམས་ ཡིད་རྩེ་གཅིག་པ་དང་ཡང་དག་པར་ལྡན་པར་གྱིས་ཤིག་།གང་གི་ཕྱིར་དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ནས། གང་དག་ཆོས་སྟོན་པར་མི་བྱེད་པ་དང་གང་ཡང་ཉན་པར་མི་བྱེད་པ་དེ་དག་ནི་ཤིན་ཏུ་མི་ཁོམ་པ་ཐོབ་པ་ཡིན་ནོ། །དེའི་ཕྱིར་ན་ཇི་སྲིད་དུ་དལ་འབྱོར་ཕུན་སུམ་ ཚོགས་པ་དང་དབང་པོ་ཀུན་ཚང་བར་གྱུར་པ་དེ་སྲིད་དུ་ཆོས་བསྟན་པར་བྱའོ། །གང་གི་ཕྱིར་ངན་སོང་གི་ས་གསུམ་པོ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ནི་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་རོ། །དམྱལ་བ་ནི་ཇི་ལྟར་ཆོས་ཉན་པར་འགྱུར། དེ་བཞིན་དུ་ཡི་དགས་དང་དུད་འགྲོ་རྣམས་ ན་ཇི་ལྟར་ཆོས་འདུལ་བ་རྣམས་ཡོད། ཕན་ཚུན་དུ་གསོད་པར་བྱེད་པ་དང་སྐོམ་པ་དང་ལྟོགས་པའི་སྐྱོན་དང་ལྡན་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཁོ་ན་ནི་ཆོས་སྒྲོགས་པ་ཡོད་པ་ཡིན་ཏེ། གང་དག་བག་མེད་པ་མ་ཡིན་ཞིང་བག་མེད་པར་རྒྱུ་བ་མ་ཡིན་པ་རྣམས་ཀྱིས་སོ། །དེ་ལ་ བདག་གིས་བག་མེད་པ་སྤངས་ལ། ཁྱེད་དད་པའི་མོས་པ་དང་ལྡན་པ་དགེ་བའི་བསམ་པ་ཅན་རྣམས་ཉིད་ལ་ངས་ཆོས་བསྟན་པར་བྱ་ཡིས། དེ་ཁྱེད་རྣམས་ཀྱིས་རབ་ཏུ་གུས་པར་གྱིས་ལ་མཉན་པར་གྱིས་ཤིག་།དེ་ལྟར་ཆོས་འདུལ་བ་ནི་ཤིན་ཏུ་དཀོན་པ་དང་དལ་འབྱོར་ཕུན་སུམ་ཚོགས་པ་ ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །གཞན་ཡང་ཆོས་དྲི་མ་ཅན་མི་གཙང་བ་དང་བཅས་པ་གཞན་རྣམས་སླུ་བར་བྱེད་པ་ཡང་གང་ཞེ་ན། འདི་ལྟ་སྟེ་འདོད་པ་ཆེ་བའོ། །ཆོས་དེ་ཡང་མཆོག་ཏུ་དྲི་མ་ཅན་དུ་གྱུར་པ་འདོད་པ་ཆེ་བས་བྱིན་གྱིས་བརླབས་པ་གང་གིས་གཞོམ་པར་ 71-1-26b བྱ་ན། འདི་ལྟ་སྟེ་ཆོག་ཤེས་པས་སོ། །འདོད་པ་ཆེ་བ་ཞེས་བྱ་བ་ནི་ཁྱིམ་པ་རྣམས་དང་རབ་ཏུ་བྱུང་བ་རྣམས་ཀྱང་བདེ་བར་རྒྱུ་བ་མ་ཡིན་ཏེ། གང་གི་ཕྱིར་འདོད་པ་ཆེ་བར་གྱུར་པ་རྣམས་ནི་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། ཉིན་མོ་དང་མཚན་མོར་ཡང་དེ་དག་རྣམས་ བདེ་བར་མི་འགྱུར་རོ། །རྫས་རྣམས་ཐོབ་པར་གྱུར་པས་ཀྱང་ཞི་བ་ཐོབ་པར་མི་འགྱུར་རོ། །ནོར་གང་རྙེད་པར་གྱུར་ཡང་དེས་མཐར་ཐུག་པའི་ཚིམ་པ་འབྱུང་བར་མི་འགྱུར་རོ། །འདོད་པ་ཆེ་བར་གྱུར་པ་དེ་ཡང་ཁྱིམ་གྱི་གནས་ནས་ངེས་པར་འབྱུང་བའི་རབ་ཏུ་བྱུང་བ་རྣམས་ལ་ཇི་ ལྟ་བར། དེ་ལྟར་ཁྱིམ་པ་རྣམས་ཀྱི་བར་ཆད་བྱེད་པར་ནི་མི་འགྱུར་རོ། །གང་གི་ཕྱིར་རབ་ཏུ་བྱུང་བ་འདོད་པ་ཆེ་བར་གྱུར་པ་གང་ཡིན་པ་དེ་ནི་ཁྱིམ་པ་ཡིན་གྱི་རབ་ཏུ་བྱུང་བ་ནི་མ་ཡིན་ནོ། །རབ་ཏུ་བྱུང་བ་ཞེས་བྱ་བ་ནི་རྒྱགས་པ་དང་ང་རྒྱལ་དང་འགྱིང་བ་དང་རྨོངས་པ་དང་ཕྲག་དོག་ རྣམས་བཅོམ་པ་དང་འདོད་པ་ཆེ་བ་དང་ཡང་རྣམ་པར་བྲལ་བ་ཡིན་ནོ། །སྤྱིར་སྐྱོན་དེ་དག་རྣམས་ཉིད་ལས་ཀྱང་དགེ་སློང་འདོད་པ་ཆེ་བའི་མིང་ཅན་རྣམས་ལ་ནི་གཞན་ཐམས་ཅད་འཕྱ་བར་འགྱུར་རོ། །གང་ཡང་འདོད་པ་ཆེ་བའི་བློ་ཅན་གྱི་དགེ་སློང་ནི། རྟག་ཏུ་བློ་ནོར་ལ་སོང་བར་གྱུར་ པས་ཉིན་མཚན་མེད་པར་དེའི་སེམས་དགེ་བའི་ཆོས་རྣམས་ལ་ལེགས་པར་རབ་ཏུ་དང་བར་མི་འགྱུར་རོ། །དེའི་བློ་རབ་ཏུ་མ་དང་བ་དང་དབང་པོ་རབ་ཏུ་མ་དང་བ་དང་བྱ་བ་རྣམས་རབ་ཏུ་མ་དང་བ་གང་ཡིན་པའི་གོམ་པ་འབོར་བར་གྱུར་པའམ་དགེ་འདུན་གྱི་ས་ལ་འཆག་པར་བྱེད་ཀྱང་དེར་དམྱལ་བར་ ཉེ་བར་འགྱུར་ན། གནས་མལ་དང་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་རྣམས་ཀྱིས་ནི་དང་པོ་ཁོ་ནར་བར་ཆད་བྱེད་པ་འབྱུང་བར་འགྱུར་བ་ཡིན་ནོ། །དེ་དམྱལ་བ་འབའ་ཞིག་ཏུ་འཚེད་པར་བྱེད་དེ། གང་ཚུལ་ཁྲིམས་འཆལ་བར་གྱུར་པ་འདོད་པ་ཆེ་བ་སྡིག་པའི་ཆོས་ཅན། དགེ་སྦྱོང་ མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེས་པ། སེང་གེའི་པགས་པ་ཀུན་ནས་གྱོན་པའི་ཅེ་སྤྱང་སྒྱུ་མའི་ཟོང་དང་མཚུངས་པ། དུང་གི་སྒྲ་དང་མཚུངས་པར་སྤྱོད་པ་མཆོག་ཏུ་སྟོང་པ་ཤིན་ཏུ་སླུ་བ་ཤིན་ཏུ་ཆད་པར་གྱུར་པ་ཡིན་ནོ། །གང་འགའ་ཞིག་འདོད་པ་ཆེ་བར་གྱུར་པ་ཇི་ལྟར་ང་ནི་ 71-1-27a དགེ་སློང་ཡིན་ཏེ་འོད་སྲུང་བ་ཡིན་ནོ། །འོད་སྲུང་གི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ཡིན་ནོ་ཞེས་དེ་ལྟར་དམ་འཆའ་བརྗོད་པར་བྱེད་པ་ན། འདོད་པ་ཆེ་བར་གྱུར་པ་དེ་ལྟར་མེས་ནི་མི་སྲེག་གོ། །ཇི་ལྟར་འདོད་པ་ཆེ་བས་བློ་གྲོས་ཆུང་བ་རྣམས་ན་བར་བྱེད་པ་དེ་ལྟར་ དུག་གིས་ལྷང་ཀྱོག་མི་བྱེད་དོ། །ཇི་ལྟར་འདོད་པ་ཆེ་བའི་རྒས་པས་རྒས་པར་བྱེད་པ་དེ་ལྟར་རྒ་བས་རྒས་པར་མི་བྱེད་དོ། །ཇི་ལྟར་དགེ་བའི་ལྗོན་ཤིང་རྣམས་འདོད་པ་ཆེ་བའི་མཚོན་གྱིས་རྩ་བ་ནས་གཅོད་པར་བྱེད་པ་དེ་ལྟར་མཚོན་གྱིས་ནི་རྩ་བ་ནས་མི་གཅོད་དོ། །ཇི་ལྟར་འདོད་ པ་ཆེ་བའི་ནད་རྣམས་ཀྱིས་ཉེ་བར་འཇོམས་པར་བྱེད་པ་དེ་ལྟར་ནད་རྣམས་ཀྱིས་ནི་ཉེ་བར་འཇོམས་པར་མི་བྱེད་དོ། །ཇི་ལྟར་འདོད་པ་ཆེ་བའི་དགྲས་ནང་དུ་གསེབ་ཏུ་ཉེ་བར་སོང་ནས་སྙིང་ལ་ཀུན་ཏུ་གནས་ཏེ་སྲོག་འཇིག་པར་བྱེད་པ་དེ་ལྟར་དགྲ་བོ་གླགས་ཚོལ་བ་རྣམས་ནང་གི་གསེབ་ཏུ་ཞུགས་ ཏེ། རྟག་ཏུ་ཉེ་བར་གླགས་སྐབས་ཚོལ་བ་རྣམས་ཀྱང་སྲོག་གཅོད་པར་མི་བྱེད་དོ། །དེའི་ཕྱིར་སྐྱོན་དེ་དག་རྟོགས་པར་གྱིས་ལ་གཉིས་འཇིག་པར་བྱེད་པའི་སྐྱོན་ཅན་དགེ་སློང་འདོད་པ་ཆེ་བ་རྣམས་ཀྱིས་འཇིག་རྟེན་གཉི་ག་འཇིག་པར་བྱེད་པ་དང ། དྲི་མ་རྣམས་དང་ལྡན་པ་དང་སྡིག་ པའི་རྩེ་མོར་གྱུར་པ་ཡིན་པས་རྣམ་པར་སྤང་བར་གྱིས་ཤིག་།དེ་སྤྱད་པར་གྱུར་པ་ན་ཡང་ཉིན་མོའམ་མཚན་མོ་ཡང་རུང་སྟེ་འགའ་ཞིག་ཀྱང་བདེ་བར་མི་འགྱུར་རོ། །དེ་ནས་དེའི་ཚེ་ན་འཐབ་བྲལ་བ་རྣམས་ཀྱི་མངའ་བདག་མུ་སུ་ལུན་དྷ་དེས་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་ ཚིགས་སུ་བཅད་པར་བརྗོད་པ། ཇི་ལྟར། འདོད་པ་ཆེ་བའི་མཚོན་ཆེན་ནི། །གང་གིས་གཏུབ་པ་བྱིས་པ་རྣམས། །དེ་ཕྱིར་མཚོན་ཆ་བཞིན་དེ་སྤོངས། །མིག་མེད་པ་ནི་དེས་བཅིངས་ནས། །འདོད་ཆེན་རྨ་ནི་མི་བཟད་པ། །གང་གི་སྙིང་ལ་སྐྱེ་བར་འགྱུར། །ཉིན་ དང་མཚན་མོ་མེད་པར་ཡང ། །འདོད་ལྡན་དེ་ནི་བདེར་མི་འགྱུར། །ཀུན་རྟོག་བུད་ཤིང་ལས་བྱུང་བའི། །སྲེད་པའི་རླུང་གིས་ཀུན་ཏུ་སྤར། །འདོད་ཆེན་རང་བཞིན་མེ་ཡིས་ནི། །མི་རྣམས་སྙིང་ནི་སྲེག་པར་བྱེད། །འདོད་པ་ཡིས་ནི་བསྐོར་བའི་ཡིད། །སེམས་ནི་ཡང་མོའི་ 71-1-27b སྐྱེས་བུ་ནི། །ནོར་ལ་སྲེད་པར་གྱུར་པ་ཡིས། །གསོན་པའི་སྙིང་པོ་འཇོམས་པར་བྱེད། །གང་ཡང་སྡིག་པའི་ལས་རྣམས་ནི། །སྐྱེས་བུ་ཐ་ཤལ་གྱིས་བྱེད་དོ། །དེ་ཀུན་ནོར་སྲེད་ལས་ཡིན་པར། །མཁས་པས་རབ་ཏུ་བརྗོད་པ་ཡིན། །འབར་བ་གང་དུ་རྣམ་པར་ འཇུག་།གང་གིས་མི་རིགས་པར་བྱེད་པ། །དེ་ཀུན་འདོད་པའི་སྐྱོན་གྱིས་ནི། །བདག་ལ་ཕན་མིན་བྱེད་པ་ཡིན། །འཁྲུག་པ་རྣམ་པ་སྣ་ཚོགས་དང ། །མཚོན་ཆའི་སྡུག་བསྔལ་ཤིན་ཏུ་ཡང ། །བསྟེན་པའི་སྐྱེས་བུ་རྨོངས་པ་གང ། །དེ་ཡི་རྒྱུ་ཡང་འདི་ཡིན་ནོ། ། འདོད་པའི་སྐྱོན་ལས་ཀུན་བྱུང་བའི། །ཉེར་འཚེ་འདི་དག་གོ་བར་གྱིས། །དེ་བསྟེན་ཕན་པ་བྱེད་མིན་པར། །ལམ་རིག་པས་ནི་ཡོངས་སུ་གསུངས། །དེ་ལྟར་མུ་སུ་ལུན་དྷ་དེས་སྨྲ་བ་པོའི་ངང་པ་དེ་དག་དང་ངང་པའི་རྒྱལ་པོ་དུས་བཟངས་དེ་དང་བག་མེད་པས་མགོ་དྲངས་པའི་བདུད་ ཀྱི་རིགས་སུ་གྱུར་པ་གསུམ་པོ་རྒྱགས་པ་དང་སྨྱོ་བ་དང་དེ་དག་རྣམས་ལ་བཤད་དོ། །རྣམ་པ་དེ་ལྟ་བུའི་སྐྱོན་ཆེན་པོ་རྣམས་དགེ་བའི་ཆོས་གང་དག་གིས་རབ་ཏུ་གཞོམ་པར་བྱ་བ་ཡིན་ན། འདི་ལྟ་སྟེ་འདོད་པ་ཆུང་བ་ཞེས་བྱ་བས་སོ། །འདོད་པ་ཆུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། བདེ་ བ་རྣམས་ཐམས་ཅད་འབྱུང་བའོ། །དེ་གང་ལ་ཡོད་པའི་སྐྱེས་བུ་དེ་ནི་རྟག་ཏུ་བདེ་བའི་མཆོག་རྣམས་དང་ལྡན་པ་ཡིན་ལ། དེ་ལ་མེ་དང་རྒྱལ་པོ་དང་ཆོམ་རྐུན་དང་ཆུ་ལ་སོགས་པ་རྣམས་ཀྱི་འཇིགས་པ་མེད་དོ། །འདི་ནོར་གྱི་སྲེད་པ་རྣམས་ཀྱིས་རྣམ་པར་བསྲེགས་ནས་ཁྱིམ་ནས་ཁྱིམ་ དག་ཏུ་བསྟེན་པར་བྱ་བའི་དོན་དུ་སྨྲ་བར་མི་བྱེད་དོ། །བསྟེན་གྲོགས་རྣམས་ནི་རྐུན་མའི་བསྟེན་གྲོགས་ཡིན་ནོ། །དམན་པའི་གནས་རྣམས་ཀྱི་ཁྱིམ་སྒོར་གནས་པ་ཡང་མ་ཡིན་ནོ། །རྫུན་གྱིས་བསྟེན་གྲོགས་ཀྱི་ཚིག་དག་ཀྱང་སྨྲ་བར་མི་བྱེད་དོ། །གར་དང་རྒོད་པ་དང་འགྱིང་བག་རྣམས་ ཞབས་འབྲིང་གི་དོན་དུ་བྱེད་པ་ཡང་མ་ཡིན་ནོ། །ཚིག་རྣམས་སྨྲ་བར་མི་བྱེད་ཅིང་དོན་དག་ཀྱང་མི་བྱེད་དོ། །ནོར་གྱི་འདོད་པའི་མེ་རྣམས་ཀྱིས་མི་སྲེག་གོ། །གཞན་དག་དང་མཉམ་དུ་འགྲོགས་པ་ལ་སྤྲོ་བར་གྱུར་པ་རྣམས་ཀྱི་དབུགས་འབྱིན་པ་མེད་པའི་སྡུག་བསྔལ་མང་པོར་མི་འགྱུར་ 71-1-28a རོ། །ནོར་གྱི་འདོད་པས་སྡིག་པའི་གྲོགས་པོ་རྣམས་སྟེན་པར་མི་བྱེད་དོ། །རྟག་ཏུ་དོགས་པ་དང་བཅས་པར་མི་འགྱུར་ཞིང་ལམ་དུ་འགྲོ་བར་གྱུར་པ་ན་ཆོམ་རྐུན་པའི་འཇིགས་པ་མེད་དོ། །གྲོགས་པོ་མ་ཡིན་པ་རྣམས་མང་བར་མི་འགྱུར་ཞིང ། སྐྱེ་བོ་རྣམས་ ཐམས་ཅད་ཀྱིས་རྟོག་དཔྱོད་བྱེད་པར་མི་འགྱུར་རོ། །ཆད་པའི་འཇིགས་པས་ཀྱང་རྣམ་པར་མི་འཇིགས་སོ། །དེ་ལྟར་ཁྱིམ་པར་གྱུར་ཀྱང་འཇིགས་པ་རྣམས་མེད་པར་འགྱུར་རོ། །སྐྱོན་གྱི་འཇིགས་པ་རྣམས་ཀུན་ཏུ་འགགས་པ་དང་ཐམས་ཅད་དུ་སོ་གསོད་པར་གནས་པ་དང་གང་ ཡང་ཁྱིམ་པ་རྣམས་ཀྱང་སྐྱོན་ལས་ཀུན་ཏུ་རྒལ་བ་ཡིན་ན་ནགས་ན་གནས་པ་རྣམས་ལ་ལྟ་ཅི་སྨོས། དེ་ཉིད་སླར་ཡང་འདོད་པ་ཆེ་བར་བྱེད་ན་ནི་དེ་སྐྱུགས་པ་ཟ་བ་དང་མཚུངས་པར་འགྱུར་རོ། །དགེ་སྦྱོང་གི་མཆོད་པའི་མཆོག་རྣམས་ནི་འདི་ལྟ་སྟེ། འདོད་པ་ཆུང་བ་ཞེས་བྱ་བ་ཡིན་ནོ། ། འདོད་པ་ཆུང་ཞིང་ཆོག་ཤེས་པའི་དགེ་སློང་རྣམས་ནི་གང་གི་ཕྱིར་ཤིན་ཏུ་ཡང་མཛེས་ཤིང་གསལ་ལ་རྣམ་པར་སྣང་ངོ ། །གདན་གཅིག་པ་འབའ་ཞིག་དང ། ཕྱག་དར་ཁྲོད་པ་འབའ་ཞིག་དང ། གཅིག་པུ་ཁོ་ན་རྒྱུ་བ་དང ། རིའི་ཁྲོད་དང་ཕུག་དག་དང་རྩཝའི་ཕུང་པོ་དང ། དུར་ ཁྲོད་འབའ་ཞིག་དུ་གནས་པ་དང ། གསུས་པའི་སུམ་ཆ་འབའ་ཞིག་གིས་ཆོག་ཤེས་པ་དང ། སུ་ཡང་མི་ཤེས་པ་འབའ་ཞིག་གིས་ཡུལ་ལྗོངས་རྒྱུ་བར་བྱེད་པ་དང ། གཉེན་བཤེས་དང་གྲོགས་པོ་དང་རང་གི་སྐྱེ་བོ་རྣམས་ལ་ཡང་བསོད་སྙོམས་འབའ་ཞིག་པ་དང ། ལྷུང་བཟེད་གོག་ པོ་ཅིག་འབའ་ཞིག་འཆང་བར་བྱེད་པ་དང ། ཤེས་རབ་ཀྱིས་ཕྱིན་ཅི་ལོག་འབའ་ཞིག་ཡོངས་སུ་སྤོང་བར་བྱེད་པ་དང ། ཡུལ་གང་ན་མཆོད་པར་བྱེད་པའི་ཡུལ་དེ་ཡོངས་སུ་སྤོང་བར་བྱེད་པ་དང ། ལམ་འབའ་ཞིག་ལ་ལེགས་པར་ལྟ་བ་དང ། གཉའ་ཤིང་གང་ཙམ་དུ་ལྟ་བ་དང ། གཞན་དུ་མིག་མི་གཡེང་བ་དང ། རོ་ཞིམ་པོ་འབའ་ཞིག་ཟ་བ་ལ་སྟེན་པ་སྤོང་བ་དང ། ཆུ་ཞག་དུ་མ་བསྒྲངས་པ་འབའ་ཞིག་གི་བཏུང་བ་འཐུང་བ་དང ། ཡུལ་ལྗོངས་དང་གྲོང་དག་ཏུ་ཞག་གསུམ་དང་ཞག་བདུན་འབའ་ཞིག་གནས་པར་བྱེད་པ་དང ། གསེར་དང་འཁར་བ་དང་དངུལ་ 71-1-28b གྱིས་མཛེས་པར་བྱས་པའི་ཉལ་ཁྲི་འཛིན་པར་མི་བྱེད་པ་ཁོ་ན་དང ། སྔོན་གྱི་ཁྱིམ་དང་གྲོགས་པོ་དང་གཉེན་བཤེས་ཀྱི་ལམ་ཀུན་ཏུ་ལྟ་བར་བྱེད་པ་སྤོང་བར་བྱེད་པ་འབའ་ཞིག་དང ། མཆོག་ཏུ་གྱུར་པའི་རྒྱལ་པོའི་བསོད་སྙོམས་དང་མལ་སྟན་དང་རྒྱལ་པོའི་སྒོར་སྟེན་པར་བྱེད་པ་རྣམས་ སྤོང་བ་ཁོ་ནར་སྤྱོད་པ་དང ། རིགས་ཀྱིས་ཆོག་ལས་རབ་ཏུ་བྱུང་བར་ཀུན་ནས་སྒྲོགས་པ་རྣམས་སྤོང་བ་ཁོ་ནར་བྱེད་པ་དང ། དེ་དང་རང་བཞིན་མཚུངས་པ་འབའ་ཞིག་དང་བརྗོད་པ་དང་གསོང་གསལ་དང་ཀུན་རྗོད་པར་བྱེད་པ་ཡིན་ནོ། །རྣམ་པ་དེ་ལྟ་བུར་གྱུར་པའི་དགེ་སློང་གི་ སྡོམ་པ་དང་དཀའ་ཐུབ་ནི་རྙོག་པ་རྣམ་པར་སྤངས་པ་མཆོག་ཏུ་ཆོག་ཤེས་པ། མཆོག་ཏུ་འདོད་པ་ཆུང་བས་ནི་བདུད་ཀྱི་འཆིང་བ་རྣམས་གཅོད་པར་ནུས་སོ། །འདོད་པ་ཆེ་བ་རྣམས་ནི་སྡུག་བསྔལ་གྱི་ཚུལ་ཁྲིམས་དང་ལྡན་པ་དགེ་སློང་གི་ཆ་བྱད་འཛིན་པ་ནད་དང་འདྲ་བ་རྐུན་མ་ཡིན་ཏེ། ལྷ་དང་བཅས་པའི་མིའི་ཚོགས་ཀྱི་སྐྱེ་དགུ་རྣམས་ཉེ་བར་མགུ་བར་མི་བྱེད་པའི་སྡིག་པ་ཅན་ཡིན་ནོ། །དགེ་སློང་རྣམས་ཀྱང་ཆོག་ཤེས་པ་དང་ལྡན་པ་དང་འདོད་པ་ཆུང་བའི་དགེ་སློང་ནི་དགེ་སློང་ཡིན་ནོ། །སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་དང་ཡུལ་རྣམས་ལ་དེའི་དབང་ པོ་རྣམས་རྒྱུ་བར་མི་བྱེད་དོ། །ཕྱི་ཁྱམས་དག་ཏུ་ཉལ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་པར་གནས་པའི་ལུས་དང་ཆོས་དང་ཚོར་བ་དང་སེམས་རྣམས་ལ་དྲན་པ་ཉེ་བར་གཞག་པ་རྗེས་སུ་རྟོགས་པ་དང ། ཀུན་ནས་མཆོག་ཏུ་བློ་རྣམ་པར་བསྡུས་པ་དང ། འཁོར་བའི་ཚོགས་ རྣམས་ལས་དབང་པོ་གཅིག་ཏུ་བསྡམས་པ་དང ། ཆོག་ཤེས་པ་ནི་དགེ་སློང་དུ་བརྗོད་པ་ཡིན་ཏེ། ཇི་སྲིད་དུ་འདོད་པ་ཆུང་བར་གྱུར་པ་དེ་དག་རྣམས་ནི་ཁྱིམ་པའམ་རབ་ཏུ་བྱུང་བ་ཡིན་ཡང་རུང་སྟེ་བག་མེད་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་ན་འཐབ་བྲལ་གྱི་བདག་པོ་དེས་ཚིགས་ སུ་བཅད་པའི་དབྱངས་བརྗོད་པ། ཇི་ལྟར། བག་ཡོད་འབྲས་བུ་ཐར་པ་ཡིན། །དམྱལ་བར་མི་རྣམས་བག་མེད་པས། །བག་ཡོད་བག་མེད་པ་དག་གི། །འདིས་ནི་ཁྱད་པར་བརྗོད་པ་ཡིན། །གང་ཡང་བཅིངས་དང་ཐར་པ་ཡི། །ཁྱད་པར་གང་ནི་ཟླ་དང་མུན། །བག་ཡོད་བག་ 71-1-29a མེད་དེ་དག་གི། །ཁྱད་པར་འདི་ཉིད་ཁོ་ན་ཡིན། །བདེ་བ་འདོད་པ་ཆུང་ལ་མཐོང ། །སྡུག་བསྔལ་འདོད་ཆེན་མི་རྣམས་ཡིན། །བདེ་སྡུག་མཚན་ཉིད་འདི་ཡིན་པར། །ཡོངས་སུ་རྟོག་པར་བྱེད་པས་བཤད། །རྟག་ཏུ་འདོད་ཆེན་མི་རྣམས་ཀྱི། །མེ་ནི་ སྙིང་གནས་རང་བཞིན་ཡིན། །གང་དུ་འདོད་མེད་ཁྲུས་བྱེད་པའི། །འདོད་པ་ཆུང་བ་བསིལ་བའི་མཚོ། །ཇི་ལྟར་མེ་ནི་བུད་ཤིང་གིས། །རབ་ཏུ་ཞི་བར་འགྱུར་མ་ཡིན། །དེ་བཞིན་འདོད་ཆེན་མི་རྣམས་ནི། །ནོར་གྱིས་གང་བར་འགྱུར་མ་ཡིན། །འདོད་པ་ཅན་ལ་ཉིན་ དང་ནི། །མཚན་མོ་མེད་པར་བདེ་མི་འགྱུར། །སྐྱེས་བུ་འདོད་པ་ཆེ་བ་གང ། །སྲེད་པའི་ཟུག་རྔུས་རྣམ་པར་གནས། །རྒྱལ་པོ་ནོར་གྱིས་ངོམས་མེད་པར། །བྱེ་བ་ཕྲག་ཏུ་ཤི་ཞིང་སོང ། །གཞན་ཡང་མང་པོར་འགྲོ་བར་འགྱུར། །དེ་ཕྱིར་འདོད་པ་ཆུང་བ་བདེ། ། དེ་ལྟར་འཐབ་བྲལ་གྱི་མངའ་བདག་དེ་པད་མའི་སྙིང་པོ་ལ་ལེགས་པར་གནས་ཏེ། །དུས་བཟངས་དེ་དང་སྨྲ་བ་པོའི་ངང་པ་དེ་དག་རྣམས་ལ་འཆད་པར་བྱེད་དོ། །གཞན་ཡང་འཐབ་བྲལ་གྱི་བདག་པོ་དེ་ཉིད་ཀྱིས་བག་མེད་པ་དེའི་སྐྱོན་རྣམས་གཟུང་བར་བྱ་བའི་དོན་དུ་སྨྲ་བ་པོའི་བྱ་དེ་ དག་རྣམས་ཀྱི་མདུན་དུ་དང་དུས་བཟངས་དེའི་སྔོན་དུ་ཡང ། བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་མདོ་སྔོན་གྱི་ལྷའི་དྲུང་ནས་ཐོས་པ་རྣམས་འཆད་པ་ནི་ཇི་ལྟར་ཆོས་དྲི་མ་ཅན་རྣམས་བསྟན་པ་གང་ཡིན་པ་དེ་ནི་དཀར་པོའི་ཆོས་རྣམས་ཀྱིས་རབ་ཏུ་གཞོམ་པར་བྱའོ། །དེ་ལ་དྲི་མ་ ཅན་གྱི་ཆོས་བདུན་པ་བསྟན་པར་བྱ་བ་རྣམས་དང ། དཀར་པོའི་ཆོས་རྣམས་ཀྱིས་གཞོམ་པར་བྱ་བ་དང ། འདི་དག་ཀྱང་གང་དག་ཞེ་ན། འདི་ལྟ་སྟེ་གཉེན་བཤེས་བལྟ་བ་ལ་མངོན་པར་དགའ་བ་ནི་བྱེས་སུ་ཡུན་རིང་པོར་གནས་པས་སོ། །དེ་ལྟར་ཡང་གཉེན་བཤེས་དང་གྲོགས་པོ་ དང ། རང་གི་སྐྱེ་བོ་རྣམས་དང་ཕྲད་པ་ལ་མངོན་པར་དགའ་བའི་དགེ་སློང་ནི། བློ་དེ་ལ་སོང་བར་གྱུར་པ་དང་དེ་རྗེས་སུ་སྒྲུབ་པར་བྱེད་པ་དང་དེ་ལས་རབ་ཏུ་འབྱམས་པར་གྱུར་པ་དང་དེས་བྲེལ་དོག་ཏུ་གྱུར་ནས། ཉིན་མོ་དང་མཚན་མོ་མེད་པར་ཡང་བསམ་གཏན་བློ་ལ་བྱེད་པ་ཡང་མ་ཡིན་ནོ། 71-1-29b ཁ་ཏོན་ཡང་མི་བྱེད་ཅིང་བླ་མ་ལ་ལེགས་པར་བསྟེན་པའི་དབང་གིས་གནས་པ་ཡང་མ་ཡིན་ནོ། །དཀོན་མཆོག་གསུམ་ལ་མཆོད་པ་རྗེས་སུ་སྒྲུབ་པར་མི་བྱེད་དོ། །འཇིག་རྟེན་ཕ་རོལ་གྱི་ལུས་ཀྱི་ལས་སུ་བྱ་བ་རྣམས་རྗེས་སུ་དྲན་པར་བྱེད་པ་དང་གཞན་ལ་སྟོན་པ་དང ། ངག་ གི་ལས་དང་ཡིད་ཀྱི་ལས་དང་རྣམ་པ་གསུམ་བྱེད་པ་མ་ཡིན་གྱི། བློ་དེ་ལ་སོང་བ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟ་བ་བཞིན་དུ་ང་དང་ངའི་གཉེན་བཤེས་རྣམས་དང་གྲོགས་པོ་དང་རང་གི་སྐྱེ་བོ་རྣམས་མ་མཐོང་ན། དེ་དག་རྣམས་ཀྱི་ཁྱིམ་གྱི་བྱ་བ་ནི་ཅི་དང་ཅི་ལྟར་གྱུར་རམ་ཡང་ དེ་དག་གི་གསོན་པ་རྣམས་ཀྱང་ཇི་ལྟར་གྱུར་རམ་ཞེས། དེ་དེ་ལྟར་ཡིད་ལ་བྱས་ནས་མྱ་ངན་གྱིས་གཟིར་བར་འགྱུར་ཏེ། གང་གི་དོན་དུ་དེ་ལྟ་བུ་རྣམས་ལས་ངེས་པར་གྲོལ་བར་བྱ་བའི་དོན་དུ་ནགས་སུ་གནས་པར་གྱུར་པ་ལས་དེ་ཉིད་ལ་རྗེས་སུ་འཇུག་པར་བྱེད་དོ། །བློ་གྲོས་ ངན་པར་གྱུར་པ་མི་གཡོ་བའི་མི་མྱ་ངན་ཅན་སྐྱེ་བ་དང་རྒ་བ་དང ། ན་བ་དང་འཆི་བས་བྱས་པའི་རང་གི་མྱ་ངན་རྣམས་ཡོངས་སུ་བཏང་ནས། གཞན་གྱི་མྱ་ངན་གྱིས་མྱ་ངན་དུ་བྱེད་པ་དང ། དེ་མི་མཉམ་པ་དང་མཉམ་པའི་རང་གི་སྐྱེ་བོ་རྣམས་དང་གཉེན་བཤེས་རྣམས་དང་ཕྲད་ པའི་དྲ་བ་འདིར་ངེས་པར་འཇུག་པར་བྱེད་དོ། །དེ་ནས་ཡང་དེས་གཉེན་བཤེས་དེ་རྣམས་མངོན་པར་མཐོང་ནས་གདུང་བས་གདུངས་ཤིང་གཞན་གྱི་ཟས་བསོད་པ་རྣམས་ཟ་བས། ཁྱིམ་ནས་ཁྱིམ་རྣམས་སུ་ཕེའུ་འདེབས་པའི་སྟོན་མོ་རྣམས་ལ་མངོན་པར་དགའ་བར་འགྱུར་ རོ། །ཁྱིམ་དེ་དང་འབྲེལ་པར་གྱུར་པའི་དོན་དག་ནི་བྱེད་ལ་ཉན་པར་ཡང་བྱེད་དོ། །དེས་དེ་དག་རྣམས་ཡིད་ལ་བྱས་ནས་དེ་དག་རྣམས་ལས་གཞན་ཡང་བྱེད་དོ། །དེ་ཁྱིམ་གྱི་འཚོ་ཆིས་རྣམས་བྱེད་པས་རང་གི་དོན་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་རོ། །འཇིག་ རྟེན་ཕ་རོལ་ཏུ་གྱུར་པ་རྣམས་ཀྱི་འཇིགས་པ་དག་སེམས་པར་མི་བྱེད་དོ། །དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་པ་རྣམས་སུ་འཆི་འཕོ་བ་དང་སྐྱེ་བ་རྣམས་སེམས་པར་མི་བྱེད་དོ། །འདིའི་འཇིགས་པ་རྣམས་ཀྱང་སེམས་པར་མི་བྱེད་དེ། རྒ་བ་དང་ན་བ་དང་འཆི་ 71-1-30a བ་དང་སྡུག་པ་རྣམས་དང་བྲལ་བ་དང་མི་སྡུག་པ་རྣམས་དང་ཕྲད་པ་དང ། སྡུག་པ་དང་ཡིད་དུ་འོང་བ་རྣམས་ཐམས་ཅད་ཀྱང་ཐ་དད་དུ་འགྱུར་བ་མེད་པར་འགྱུར་བ་རྣམ་པར་འབྲལ་བ་སོ་སོར་གནས་པ་རྣམས་སེམས་པར་མི་བྱེད་དོ། །དེ་སྲིད་པ་དེ་སྲིད་དུ་ གཉེན་དང་གྲོགས་པོ་རྣམས་ཀུན་ཏུ་སྟེན་པར་བྱེད་དོ། །གཉེན་བཤེས་དང་གྲོགས་པོ་རྣམས་ལྟ་བར་བྱེད་པ་མངོན་པར་འདོད་པ་འཐུན་པར་བྱེད་པ་གཞན་གྱི་ཟས་ཟ་བ་གཞན་གྱི་ཁྱིམ་སྒོ་སྟོན་པར་བྱེད་པ་གང་ཡིན་པ་རྣམས་ནི་ལུས་ཞིག་ནས། ངན་སོང་དང་ངན་འགྲོ་ལོག་པར་ ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡི་དགས་ཀྱི་ཡུལ་རྣམས་དང་དུད་འགྲོའི་སྐྱེ་གནས་རྣམས་སུ་ཡང་ངལ་དུབ་དང་བཅས་པའི་འགྲོས་བླ་ལྷག་པར་གྱུར་པས་དེ་སྲིད་དུ་ཡོངས་སུ་འཁྱམ་མོ། །དམྱལ་བ་རྣམས་སུ་སྐྱེས་པ་ན་ཡང་ཚོར་བ་དྲག་པོ་རྣམས་ཀྱིས་ ཟིལ་གྱིས་མནན་པ་རྣམས་ལ་གྲོགས་པོས་མ་ཡིན་ཞིང་གཉེན་བཤེས་རྣམས་ཀྱིས་ཀྱང་བསིལ་བར་གྱུར་པའི་དངོས་པོ་རྣམས་ནི་ཅུང་ཟད་ཀྱང་མི་བྱེད་དོ། །དེའི་ཕྱིར་ན་དགེ་སློང་རྣམས་ཐམས་ཅད་ཀྱིས་ཚུལ་རྣམས་ཐམས་ཅད་ནས་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་ པའི་འཇིགས་པས་འཇིགས་པ་རྣམས་ཀྱིས་ཀྱང་གཉེན་བཤེས་དང་གྲོགས་པོ་རྣམས་དང་ཕྲད་པར་འདོད་པར་མི་བྱའོ། །དེ་དག་རྣམས་དང་འདུ་འཚོག་བྱས་པས་ཀྱང་ནི་དོན་མ་ཡིན་པ་དྲག་པོ་རྣམས་བྱེད་པར་འགྱུར་རོ། །དེ་ལ་དམིགས་པར་བྱེད་པ་དང ། དོན་དེས་ཀྱང་ གང་གི་ཕྱིར་སྲེད་པ་རྣམས་ཟད་པར་བྱ་བའི་དོན་དུ་རབ་ཏུ་བྱུང་བ་ལས་སྲེད་པ་དེ་ཉིད་ལ་སྲེད་པས་སྟེན་པར་བྱེད་པ་ན། དེ་ནི་མཆོག་ཏུ་ཡང་བྱིས་པར་གྱུར་པ་རྣམས་ཀྱིས་བསྟེན་པ་ཡིན་ནོ། །གང་དག་ཁོ་ན་བཅོམ་ནས་རབ་ཏུ་བྱུང་བ་ཡང་དྲ་བ་དེ་ཉིད་དུ་བློ་འཇུག་པ་ནི་བློ་གྲོས་དམན་པ་ཡིན་ ཏེ། ཡང་འགའ་ཞིག་ཇི་ལྟར་མེའི་འཇིགས་པ་སྤངས་པ་ལས་མེ་དེ་ཉིད་དུ་ཉེ་བར་སྟེན་པར་བྱེད་དོ། །དེ་བཞིན་དུ་ཁྱིམ་གྱི་གནས་རྣམས་འཇིགས་ནས་སྤངས་པ་ཡང་འཇིགས་པ་དེ་ཉིད་དུ་ཉེ་བར་འཇུག་པར་བྱེད་དོ། །དེ་བཞིན་དུ་གང་འགའ་ཞིག་གཉེན་བཤེས་རྣམས་ཀྱི་ཀླུང་ཆེན་ 71-1-30b པོར་ཉེ་བར་འགྲོ་ཞིང ། སླར་ཡང་དེ་དག་རྣམས་ཉིད་ལ་ཉེ་བར་སྟེན་པར་བྱེད་པ་དེ་དག་རྣམས་ནི་མིག་མེད་པ་དང་བློ་གྲོས་བཀབ་པ་དང་དབང་པོ་རྣམས་ཀུན་ནས་མ་བསྡམས་པ་ཡིན་ནོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་འདི་དག་ཆོས་གང་གིས་རབ་ཏུ་གཞོམ་པར་བྱ་ ན། འདི་ལྟ་སྟེ་གང་ཤེས་རབ་ཅན་རྣམས་ཀྱིས་ཀྱང་སྤང་བ་དང་གཟུང་བར་ཡང་ནུས་པ་མ་ཡིན་ཏེ། དེ་ཡུན་རིང་དུ་བྱེས་ན་གནས་པ་ལ་མངོན་པར་དགའ་བ་རྣམས་ཀྱིས་ནི་རབ་ཏུ་གཞོམ་པ་དང་གཟུང་བར་ཡང་ནུས་པ་ཡིན་ནོ། །རིང་དུ་འགྲོ་ན་ལམ་ལ་གནས་པ་ཡང་འདི་ལྟ་ སྟེ་བློ་གྲོས་ཞན་པ་རྣམས་དང་གཉེན་པོ་གཞན་གྱིས་ཀྱང་གཉེན་བཤེས་དང་གྲོགས་པོ་དང་རང་གི་སྐྱེ་བོ་རྣམས་ལ་གདུང་སེམས་སོ་སོར་བཟློག་པར་བྱ་བར་མི་ནུས་ཀྱིས། དེ་ཡང་ཡུན་རིང་དུ་འགྲོན་དུ་འགྲོ་བར་གྱུར་པས་ཐ་མར་ནི་གདུང་སེམས་དེ་དག་རྣམས་རབ་ཏུ་འཇོམས་ཏེ། བརྩེ་ བའི་སེམས་ནི་གནས་སྐབས་རྣམས་ཐམས་ཅད་དང་ཐམས་ཅད་དུ་མ་ཕྲད་པས་རབ་ཏུ་འཇོམས་པ་ཇེ་དང་པོར་ནི་གདུང་སེམས་དེ་ཉིད་ཀྱི་གཉེན་པོ་རྣམས་གནས་སྐབས་ཐམས་ཅད་དུ་རིག་པར་འགྱུར་བ་འདི་ནི་འདི་ལྟ་སྟེ། འདུས་པ་རྣམས་ཐམས་ཅད་ཀྱི་མཐའ་ནི་འབྲལ་བ་སྟེ། འཆི་ བའི་ཡུལ་དང་དུས་རྣམས་སུ་འགའ་ཞིག་གིས་ཀྱང་འགའ་ཞིག་དམིགས་པར་འགྱུར་བའམ་ཡོངས་སུ་སྐྱོབ་པར་འགྱུར་བ་ཡང་མ་ཡིན་ནོ། །འཆི་བའི་ཡུལ་དང་དུས་རྣམས་སུ་ནི་ལས་ཉིད་ཁོ་ན་གནས་སྐབས་རྣམས་ཐམས་ཅད་དུ་ཡོངས་སུ་སྐྱོབ་པར་བྱེད་པ་ཡིན་ནོ། །སྐྱེ་བ་གཞན་ དག་བརྒྱ་སྟོང་དུ་མ་རྣམས་སུ་ཡང་ལས་ཉིད་སྐྱབས་སུ་འགྱུར་ཏེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གཉེན་བཤེས་རྣམས་བཞིན་དུ་འགྱུར་རོ། །གཉེན་བཤེས་རྣམས་ཀྱིས་མ་ཡིན་ཞིང་རྩད་འབྲེལ་རྣམས་སམ་གཞན་དག་རྣམས་ཀྱིས་ཀྱང་མ་ཡིན་ནོ། །གཉེན་བཤེས་ རྣམས་གང་འགའ་ཞིག་གིས་ཀྱང་སྐྱོབ་པར་བྱེད་པ་མ་ཡིན་པས་གཅིག་ཏུ་མངོན་པར་དགའ་ཞིང ། གཉེན་བཤེས་ཀྱི་དབང་དུ་བྱ་བའམ་རང་གི་སྐྱེ་བོ་རྣམས་ཀྱི་དབང་དུ་བྱས་ནས་དེ་ལྟར་དཔྱོད་པར་བྱེད་དོ། །དེའི་ཕྱིར་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་གཞན་འདི་ནི་གཅིག་ 71-1-31a པུ་མངོན་པར་དགའ་བའི་དགེ་སློང་གིས་རབ་ཏུ་གཞོམ་པར་བྱ་བ་ཡིན་ནོ། །འཆི་བའི་ཡུལ་དང་དུས་རྣམས་སམ་ན་བའི་དུས་དང་རྒས་པའི་དུས་ན་ཡང་འགའ་ཞིག་ཀྱང་འགའ་ཞིག་ལ་ཅུང་ཟད་ཀྱང་མི་བྱེད་དོ། །ཡོངས་སུ་སྐྱོབ་པར་བྱེད་པ་ནི་སུ་དག་ ཀྱང་མ་ཡིན་ནོ་ཞེས་དེ་ལྟར་སེམས་པར་བྱེད་དོ། །དགེ་སློང་འདིའི་རང་གི་སྐྱེ་བོ་རྣམས་ཀྱིས་བྱས་པའི་བརྩེ་གདུང་གང་ཡིན་པ་འདི་ལས་དེ་དག་རྣམས་ཐམས་ཅད་དུ་ཉམས་པར་འགྱུར་བའམ་མགོ་སྨད་པར་འགྱུར་རོ། །དེ་ལྟར་དགེ་སློང་གཉེན་བཤེས་ལ་ཕྲད་པའི་བརྩེ་ གདུང་རྣམས་ནི་བྱེས་སུ་འགྲོ་བས་རབ་ཏུ་འབྲལ་བར་འགྱུར་རོ། །གཞན་ཡང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་ངེས་པར་འབྱུང་བས་རབ་ཏུ་གཞོམ་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་དོན་མེད་པར་སྨྲ་བ་སྟེ། ཁྱིམ་པ་ཡིན་ཡང་རུང་གང་དང་གང་སྐྱེ་བོ་ ཐམས་ཅད་ཀྱང་རྩཝ་དང་འདྲ་བ་ཁོ་ནར་འགྱུར་རོ། །འདི་ལྟ་སྟེ་གང་གི་ཕྱིར་ངག་གི་ཚིག་རྣམས་ནི་ནོར་ཡིན་གྱི་ནོར་གཞན་ནི་ཐ་མ་ཡིན་ནོ། །སྐྱེས་བུ་རྣམས་ནི་ངག་གིས་སྙིང་པོ་ཅན་དུ་འགྱུར་རོ། །དེ་དང་རྣམ་པར་བྲལ་བ་ནི་སྙིང་པོ་མེད་པ་དང་ནོར་དང་ཀུན་ནས་བྲལ་བར་ འགྱུར་ཏེ། གསོག་གསོབ་སྙིང་པོ་མེད་པ་ཕྱུགས་རྣམས་དང་མཚུངས་པར་འགྱུར་རོ། །ངག་གི་ནོར་རྣམས་དང་བྲལ་བ་ངག་དང་བྲལ་བའི་སྐྱེ་བོ་རྣམས་ནི་སྐྱེས་བུའི་མིང་ཅན་གྱི་ཕྱུགས་རྣམས་ཡིན་ནོ། །མཁས་པའི་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་སྤངས་པ་དང ། བཙོག་ པར་གྱུར་པ་དང་ཤིན་ཏུ་ཡང་ཐ་ཤལ་ཡིན་ནོ། །རྣམ་པ་དེ་ལྟ་བུ་བྱེད་པའི་ཆོས་རྣམས་ཆོས་གང་དག་གིས་རབ་ཏུ་གཞོམ་པར་བྱ། དོན་མེད་པར་སྨྲ་བའི་ཆོས་དེ་ཡང་རབ་ཏུ་གཞོམ་པར་བྱའོ། །ཆོས་གང་དག་གིས་ཞེ་ན། འདི་ལྟ་སྟེ་ངག་བསྡམས་པས་སོ། །ངག་བསྡམ་ པ་ཡང་རྣམ་པ་གཉིས་ཡིན་ཏེ། འདི་ལྟ་སྟེ་གང་ཡང་ཅང་མི་སྨྲ་བའམ་སྡོམ་པ་རྣམ་པ་བཞི་དག་པའོ། །གང་དག་ཞེ་ན། འདི་ལྟ་སྟེ་རྫུན་གྱི་རང་བཞིན་དང་ཕྲ་མ་དང་ཚིག་རྩུབ་པོ་དང་འབྲེལ་པ་མེད་པར་སྨྲ་བར་བྱེད་པ་རྣམས་རྣམ་པར་སྤངས་པས་ངག་ཀུན་ནས་བསྡམ་པར་བྱའོ། ། 71-1-31b དེ་ལྟར་ན་ཡང་ཡང་མོར་མི་འགྱུར་རོ། །དགེ་སློང་ངམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱང་རུང་སྟེ། རྒྱུ་དྲུག་གིས་སྐྱེས་བུ་རྣམས་སྐད་ཅིག་ལ་ཡང་མོ་དང་རྣམ་པར་ཞེ་སྡང་བར་ཡང་འགྱུར་རོ། །གང་དག་ཞེ་ན་འདི་ལྟ་སྟེ། དོན་མེད་པར་སྨྲ་བར་བྱེད་པས་དང་ཇི་ལྟར་ རབ་ཏུ་ཞུགས་པར་བྱེད་པ་དང་ཡང་དང་ཡང་དུ་ཟས་ལ་དགའ་བ་དང་རྒན་པོའི་སྟན་ཆེན་པོ་ལ་ཉེ་བར་གནས་པ་དང་གསོང་གསལ་རྗོད་པ་དང་ལབ་ལོབ་བྱེད་པ་དང་རྒྱུ་དེ་དག་གིས། དེ་ལྟར་མི་རྣམས་ཐམས་ཅད་ཀྱང་དར་ཅིག་ལ་ཡང་མོར་འགྱུར་ཞིང་རབ་ཏུ་དགའ་བར་ཡང་མྱུར་ བར་འགྱུར་རོ། །དེའི་ཕྱིར་ན་དགེ་སློང་ངམ་ཁྱིམ་པ་རྣམས་ཀྱིས་ཀྱང་ཆོས་དེ་རྣམ་པར་སྤང་བར་བྱའོ། །ཡང་ཆོས་གཞན་ཡང་ཤིན་ཏུ་དྲི་མ་ཅན་དུ་གྱུར་པ་ཀུན་ནས་ཉོན་མོངས་པ་ཅན་རྣམས་དཀར་པོའི་ཆོས་ཀྱིས་རབ་ཏུ་གཞོམ་པར་བྱའོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་ སྟེ་རྐོ་ཏྲོག་ནི་བརྟན་པས་སོ། །གང་གི་ཕྱིར་རྐོ་ཏྲོག་གི་ཆོས་རྣམས་ནི་རབ་ཏུ་གཞོམ་པར་བྱ་སྟེ། རྐོ་ཏྲོག་གིས་ཀྱང་ཆོས་རྣམས་ཐམས་ཅད་ཀྱི་བར་དུ་གཅོད་པར་འགྱུར་བའི་ཕྱིར་རོ། །རང་བཞིན་གྱིས་ཀྱང་སེམས་རྩབ་ཧྲལ་ཅན་དུ་གྱུར་པ་དེ་སླར་ཡང་ཆེས་གཡོ་བར་སོན་ པའི་ཕྱིར་ན་ཆོས་འདི་དག་རྣམས་ཐམས་ཅད་ལ་ཡང་དེ་ཀུན་ནས་ཡིད་ཆེས་པ་མ་ཡིན་ནོ། །སོ་སོར་རྟོགས་པ་མེད་དོ། །བརྟན་པར་འཛིན་པ་མེད་དོ། །རབ་ཏུ་དགག་པར་བྱ་བ་ཡང་མེད་དོ། །སྤྱོད་པ་བསྡམ་པར་བྱ་བ་ཡང་མེད་དོ། །མངོན་པར་བརྗོད་པར་བྱ་བ་མེད་དོ། ། སྡོམ་པ་འཐོབ་པ་མ་ཡིན་ནོ། །མངོན་པར་རྟོགས་པ་དང་འཇིག་རྟེན་པ་རྣམས་ཀྱང་མེད་དོ། །འཇིག་རྟེན་པའི་ལམ་རྣམས་ཐམས་ཅད་བཀྲ་བར་བྱེད་པ་ལ་སོ་སོར་རྟོགས་པ་མེད་དོ། །ལས་སུ་རུང་བ་མ་ཡིན་ནོ། །རྩབ་ཧྲལ་ཅན་ནི་བག་མེད་པ་ཡིན་པ་དེའི་ཕྱིར་རྩབ་ཧྲལ་ དེ་སྐྱོན་དང་བཅས་པར་གོ་བར་བྱས་ལ། དོན་རྣམས་ཐམས་ཅད་ཆུད་གཟོན་པར་བྱེད་པ་པོ་འདི་དང་ཕྱི་མར་ཡང་ཕན་པ་མ་ཡིན་པར་བྱེད་པའི་མཆོག་ཡིན་པས། དགེ་སློང་ངམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་ཀྱང་རབ་ཏུ་གཞོམ་པར་བྱའོ། །གང་གིས་དེ་རབ་ཏུ་སྤོང་ 71-1-32a ཞེ་ན། འདི་ལྟར་དགེ་བའི་ཆོས་གང་ཡིན་པས་ཏེ། འདི་ལྟར་བརྟན་པར་གྱུར་པས་སོ། །བརྟན་པར་གྱུར་པ་ནི་དགེ་སློང་ངམ་དེའི་རིགས་ཅན་གཞན་དག་རྣམས་ཀྱང་རུང་སྟེ། སྐྱེ་བོ་རྣམས་ཐམས་ཅད་ཀྱིས་མཆོག་ཏུ་ཡང་མཆོད་པར་འགྱུར་རོ། །བརྟན་ པའི་ཚུལ་ཁྲིམས་དང་བརྟན་པའི་ཤེས་རབ་དང་བློ་གྲོས་བརྟན་པ་དང་བློ་བསྡམས་པ་དང་གཅིག་ཏུ་རྒྱུ་བ་རྣམས་ཀྱིས་ནི་བདུད་ཀྱི་ཡུལ་རྣམས་རབ་ཏུ་འཇོམས་པར་བྱེད་དོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་འདིའི་དགེ་བའི་ཆོས་རྣམས་ཕུན་སུམ་ཚོགས་པར་ འགྱུར་རོ། །འཇིག་རྟེན་པའི་དོན་རྣམས་ལ་ཡང་བརྟན་པར་གྱུར་པའི་སྐྱེས་བུ་ནི་མཁས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་བྱེད་དོ། །དེས་ཀྱང་འཇིག་རྟེན་པའི་དོན་དེ་དག་རྣམས་བསྒྲུབ་པར་ནུས་པ་ཡང་ཡིན་ནོ། །ཐམས་ཅད་དུ་ཡང་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་ཤིན་ཏུ་ ཡང་མཆོད་པར་འགྱུར་རོ། །རབ་ཏུ་བསྟོད་པར་ཡང་འགྱུར་རོ། །མིང་རྣམ་པར་ཐོས་པས་ཀྱང་ཐམས་ཅད་དུ་ཡང་བདེ་བ་དང་ལྡན་པར་འགྱུར་རོ། །དོན་གང་དང་གང་རྩོམ་པར་བྱེད་པ་དེ་དང་དེ་དག་འགྲུབ་པར་འགྱུར་རོ། །དེའི་ཕྱིར་བློ་གཅིག་ཏུ་ངེས་པ་དང་བློ་ཀུན་ ནས་བསྡམས་པ་དང་བློ་གྲོས་བརྟན་པ་དང་ལྡན་པར་གྱུར་པའི་སྐྱེས་བུ་དེ་དག་ནི་འཇིག་རྟེན་པ་ལ་ཡང་རབ་ཏུ་བསྔགས་པ་ཡིན་ནོ། །དེ་ལྟ་བས་ན་སྐྱེས་བུ་རྣམས་སམ་དགེ་སློང་གིས་ཀྱང་རུང་སྟེ། རྩབ་ཧྲལ་སྤངས་ལ་བློ་གྲོས་བརྟན་པ་དང་དཔའ་བ་དང་ཤེས་རབ་དང་ལྡན་ པར་བྱའོ། །གཞན་ཡང་མུ་སུ་ལུན་དྷ་དེ་ཉིད་ཀྱིས་སྨྲ་བ་པོའི་ངང་པ་དེ་དག་རྣམས་དང་ངང་པའི་རྒྱལ་པོ་དུས་བཟངས་དེ་དང ། བདུད་ཀྱི་རིགས་ཀྱི་བག་མེད་པ་དང་སྨྱོ་བ་དེ་ལ་ཡང ། བཅོམ་ལྡན་འདས་འོད་སྲུང་གིས་མདོ་འདི་སྔོན་གྱི་ལྷའི་དྲུང་ནས་ཐོབ་པར་གྱུར་པ་ཕན་ པའི་དོན་དུ་སྟོན་པར་བྱེད་པ་ལས་འདི་ལྟ་སྟེ། སྨྲེ་བར་གྱུར་པའི་ཆོས་གཞན་དྲི་མ་ཅན་མཁས་པའི་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་སྤངས་པ་དག་རབ་ཏུ་གཞོམ་པར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་དབུལ་བོའོ། །དབུལ་བོར་གྱུར་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། 71-1-32b ཤེས་རབ་ཀྱིས་དབུལ་བ་དང་ཚུལ་ཁྲིམས་ཀྱིས་དབུལ་བའོ། །གཞན་ཡང་རྣམ་པ་གཉིས་ཏེ། སྦྱིན་པས་དབུལ་བ་དང་བློ་གྲོས་ཀྱིས་དབུལ་བའོ། །གཞན་ཡང་རྣམ་པ་གཉིས་ཏེ། རིགས་ཀྱིས་དབུལ་བ་དང་ལྟ་བས་དབུལ་བའོ། །གཞན་ཡང་རྣམ་པ་གཉིས་ཏེ། སྡོམ་པ་ལ་བརྩོན་པས་དབུལ་བ་དང་བླ་མས་དབུལ་བའོ། །གཉེན་བཤེས་དང་རང་གི་སྐྱེ་བོ་རྣམས་ཀྱིས་དབུལ་བའོ། །དེ་ལ་དབུལ་པོ་དེ་དག་རྣམས་ཐམས་ཅད་ཀྱང་མཆོག་ཏུ་ཞེ་ཟློག་པ་ཡིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་རིགས་ཀྱི་བུའི་ཉེ་གནས་ཀྱིས་ཀྱང་མ་ལུས་ པ་རྣམས་སྤང་བར་བྱའོ། །གང་གིས་འདི་དག་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་ཅེ་ན། འདི་ལྟ་སྟེ་སྦྱིན་པས་སོ། །སྦྱིན་པ་ཉིད་གཅིག་པུ་ཞིག་གིས་དབུལ་བ་རྣམས་ཐམས་ཅད་འཇོམས་པར་འགྱུར་རོ། །དཔེར་ན་མར་མེ་རྣམས་ཐམས་ཅད་ཀྱིས་ཀྱང་མུན་པ་རྣམས་ ཐམས་ཅད་རབ་ཏུ་བསལ་བར་བྱེད་པར་འགྱུར་རོ། །ཤེས་རབ་རྣམས་ཐམས་ཅད་ཀྱིས་ཀྱང་མི་ཤེས་པ་རྣམས་ཀུན་ཏུ་འཇོམས་པར་འགྱུར་རོ། །ལྟ་བ་རྣམས་ཐམས་ཅད་ནི་ཡང་དག་པའི་ལྟ་བས་ཉེ་བར་འཇོམས་པར་བྱེད་དོ། །དེ་ལ་མཆོག་ཏུ་མཛེས་པར་གྱུར་པའི་ཆོས་མཆོག་ཏུ་རྒྱ་ ཆེ་བ་དང་ལྡན་པ་མཁས་པའི་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། ངན་འགྲོ་ཐམས་ཅད་སྤོང་བར་བྱེད་པ། བདག་ཅག་གི་འཇིག་རྟེན་ནས་འཇིག་རྟེན་ཕ་རོལ་ཏུ་ལེགས་པར་སྒྲོལ་བར་བྱེད་པའི་ཆོས་ཀྱི་མཆོག་འདིས་འཇོམས་པར་བྱེད་དོ། །གང་དག་གིས་ འཇོམས་ཞེ་ན། འདི་ལྟ་སྟེ་སྦྱིན་པས་སོ། །སྦྱིན་པ་ཡང་རྣམ་པ་མང་དུ་ཡོད་དོ། །འདི་ལྟ་སྟེ་ཤེས་པའི་སྦྱིན་པ་དང ། ཚུལ་ཁྲིམས་ཀྱི་སྦྱིན་པ་དང ། ཆོས་ཀྱི་སྦྱིན་པ་དང ། བློ་བསྲོ་བའི་སྦྱིན་པ་དང ། ལམ་ཉེ་བར་སྟོན་པའི་སྦྱིན་པ་དང ། ལམ་གྱིས་ཉོན་མོངས་པ་ རྣམས་ལ་ཁྲུས་ཀྱི་རྫིང་བུའི་སྦྱིན་པ་དང ། བྱ་བའི་སྦྱིན་པ་དང ། སྲོག་གི་སྦྱིན་པ་དང ། ཟང་ཟིང་གི་སྦྱིན་པ་དང ། མི་འཇིགས་པའི་སྦྱིན་པ་དང ། བདེན་པའི་སྦྱིན་པ་དང ། ཐེ་ཚོམ་གཅོད་པའི་སྦྱིན་པ་དང ། སྦྱིན་པ་ལྔ་ལ་ཉོན་མོངས་པ་མེད་པའི་སྦྱིན་པ་དང་། 71-1-33a རབ་ཏུ་དབྱུང་བའི་སྦྱིན་པ་དང ། དེ་བསྙེན་པར་རྫོགས་པའི་སྦྱིན་པ་དང ། ནད་པ་ལ་སྨན་གྱི་སྦྱིན་པ་དང་མིག་གི་སྦྱིན་པ་སྟེ། རྣམ་པ་དེ་ལྟ་བུའི་སྦྱིན་པ་རྣམས་ནི་འཇིག་རྟེན་ཕ་རོལ་ལེགས་པར་སྒྲོལ་བར་བྱེད་པ་སྦྱིན་བདག་ཐམས་ཅད་ལ་རྟག་ཏུ་མ་དང་ཕ་དང་ འདྲ་བ་ཡིན་ནོ། །དེ་ཡང་སེམས་རྣམས་ཀྱིས་དང་སེམས་ཀྱིས་ལེགས་པར་བསྒོམས་ནས་བྱིན་པར་གྱུར་པས་དབུལ་བ་རྣམས་ཐམས་ཅད་བཅོམ་ཞིང་ངན་འགྲོ་རྣམས་ཐམས་ཅད་ཀྱང་བཅད་ནས། ལྷ་དང་མི་གཉིས་ཀྱི་བདེ་བ་ལ་ཉེ་བར་ལོངས་སྤྱད་པར་གྱུར་ནས། ཐ་མར་ ཇི་སྲིད་དུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། སྐྱེས་བུ་དེས་རྟག་ཏུ་དེ་ལྟ་བུའི་ལས་བྱའོ། །དེ་བས་ན་དབུལ་བ་ཞེས་བྱ་བའི་ཆོས་གཞན་འདི་མཆོག་ཏུ་དགེ་བ་རྣམས་དང་མཁས་པའི་སྐྱེ་བོ་རྣམས་ལ་མཆོག་ཏུ་དགའ་བ་དག་གིས་རབ་ཏུ་གཞོམ་པར་བྱའོ། །འདི་ ལྟ་སྟེ་སྦྱིན་པ་དང་སེམས་དང་དངོས་པོ་དང་ཞིང་རྣམས་ཕུན་སུམ་ཚོགས་པས་སོ། །གཞན་ཡང་ཆོས་ཐམས་ཅད་དང་འཁོར་བ་ཐམས་ཅད་ཀྱི་འཆིང་བའི་རབ་ཏུ་གྱུར་པ་ཆོས་རྣམས་ཐམས་ཅད་ཀྱི་མུན་པ་ལྟ་བུར་གྱུར་པའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་མི་ཤེས་ པའོ། །དེ་ལ་ཇི་སྲིད་དུ་མ་རིག་པའི་མུན་པ་ཡིན་པའི་བར་དུ་མི་ཤེས་པ་རྣམ་པ་དུ་མ་ཡིན་ཏེ། འཁོར་བ་ཐམས་ཅད་ཀྱི་འཆིང་བས་མུན་པ་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་མུན་ནག་གི་ཞེན་པའི་རྡུལ་དུ་གྱུར་པའི་འཆིང་བ་དང ། ཤིན་ཏུ་འཆིང་བར་བྱེད་པས་མཚོན་ཆ་ དང་དུག་དང་མེ་དང་མཚུངས་པའི་མི་ཤེས་པ་རྣམས་ཐམས་ཅད་ནི་མ་རིག་པ་དང་འདྲ་བ་ཐམས་ཅད་མ་རིག་པས་ཀུན་ནས་བསླང་བ། དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཐམས་ཅད་དུ་ཡོངས་སུ་འཁྱམ་པ། འཆིང་བ་གང་ཁོ་ནས་ངེས་པར་བཅིངས་ནས་སེམས་ཅན་ འདི་དག་རྣམས་འོབས་ན་ཡོངས་སུ་འཁོར་རོ། །རྣམ་པ་དེ་ལྟ་བུའི་དགྲར་གྱུར་པའི་དྲི་མ་འདི་དག་རྣམས་རྣམ་པ་ཅི་ལྟ་བུ་དག་གིས་རབ་ཏུ་འཇོམས་པར་འགྱུར་ན། འདི་ལྟ་སྟེ་སྒྲོན་མར་རུང་བ་སྐྱབས་སུ་གྱུར་པ་སྐྱོབ་པར་གྱུར་པ་ཡོངས་སུ་འདྲེན་པར་གྱུར་པ། སེམས་ཅན་ 71-1-33b རྣམས་ཐམས་ཅད་ཀྱི་ཡང་མ་དང་ཕ་ལྟ་བུར་གྱུར་པ་དང ། སྨན་པ་དང་སྨན་ལྟ་བུར་གྱུར་པའི་ཟག་པ་མེད་པའི་ཡེ་ཤེས་སུ་གྱུར་པས་འཆིང་བ་རྣམས་ཐམས་ཅད་གཅོད་པར་བྱེད་པར་གྱུར་པའི་ཡེ་ཤེས་ཀྱིས་རབ་ཏུ་འཇོམས་པར་འགྱུར་རོ། །མ་རིག་པ་རབ་ཏུ་སྤངས་པ་ རྣམས་ནི་སླར་ཉིད་ཀྱང་རབ་ཏུ་འབྱུང་བར་འགྱུར་བ་ནི་མ་ཡིན་ཏེ། དཔེར་ན་ལྗོན་ཤིང་རྩ་བ་ནས་བཏོན་པ་རྣམས་ནི་སླར་ཡང་རབ་ཏུ་སྐྱེ་བར་འགྱུར་བ་ནི་མ་ཡིན་ནོ། །ཇི་ལྟར་མེས་ཚིག་པར་གྱུར་པའི་ཤིང་རྣམས་ནི་སླར་ཡང་ལེགས་པར་སྐྱེ་བར་མི་འགྱུར་རོ། །ཇི་ལྟར་ཆུ་ཀླུང་ གི་ཆུར་སོང་བ་རྣམས་སླར་ཡང་ཕྱིར་ལོག་ནས་འོང་བ་ནི་མེད་དོ། །དེ་བཞིན་དུ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་བསྲབས་པ་རྣམས་ཡང་ཕྱིར་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་ན་རབ་ཏུ་བརྩོན་པ་ཁོ་ནས་ཐམས་ཅད་ཀྱིས་གནས་སྐབས་ཐམས་ཅད་དང་དུས་ཐམས་ཅད་དུ་ མི་ཤེས་པ་ཐམས་ཅད་ཀྱང་ཡེ་ཤེས་ཐམས་ཅད་ཀྱིས་རབ་ཏུ་གཞོམ་པར་བྱའོ། །ཆོས་བཅུ་གཅིག་པ་དེ་དག་རྣམས་ཐམས་ཅད་ཀྱང ། བག་མེད་པའི་རྩ་བ་ཅན་དང་བག་མེད་པའི་གནས་སྐབས་དང་བག་མེད་པའི་རིགས་ཅན་ཡིན་ནོ། །དེའི་ཕྱིར་ན་གནས་སྐབས་རྣམས་ ཐམས་ཅད་དུ་དང ། རྣམ་པ་རྣམས་ཐམས་ཅད་ཀྱིས་བག་མེད་པ་ཉིད་རེ་ཞིག་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །བག་མེད་པ་རྣམས་ཀྱི་རྩ་བ་ལས་ཀྱང་ཐམས་ཅད་གནས་སྐབས་ཐམས་ཅད་དུ་དོན་མ་ཡིན་པར་འགྱུར་ཏེ། དེ་ཡོད་པའི་ལས་འབྱུང་བ་ཡིན་ནོ། །དེ་མེད་ པ་ལས་ནི་མི་འགྱུར་རོ། །དཔེར་ན་ས་གཞིས་ནི་སྨན་རྣམས་ཐམས་ཅད་དང་རྩཝ་དང་ནགས་ཚལ་དང ། ཆུ་དང་འབྲུ་དང་ཆུ་ཀླུང་དང ། རི་དང་མཚོའི་མཆོག་དང ། གྲོང་ཁྱེར་གྱི་མཆོག་དང ། གྲོང་དང་ནགས་དང་ཉེ་བའི་ནགས་དང་རི་རབ་ལྷུན་པོ་ཡང་ཀུན་ཏུ་འཛིན་པར་བྱེད་ པ་ཡིན་ནོ། །དེ་བཞིན་དུ་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་པའི་རིགས་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་གཅིག་པོ་ནི་བག་མེད་པ་ཡིན་ནོ། །དེའི་ཕྱིར་ན་སྐྱེས་བུ་དམ་པ་རྣམས་ཀྱིས་དེ་ཉིད་རེ་ཞིག་སྤང་བར་བྱའོ། །དེ་ནས་དེའི་ཚེ་འཐབ་བྲལ་བ་རྣམས་ 71-1-34a ཀྱི་བདག་པོ་མུ་སུ་ལུན་དྷ་དེས་ཚིགས་སུ་བཅད་པ་རྣམས་བརྗོད་པ། ཇི་ལྟར། རྒས་པས་མནན་ནས་གཉེར་མས་གང ། །རྗུད་པ་དབྱུག་པ་ལག་ན་ཐོགས། །གང་ཞིག་མཆོག་ཏུ་ཆོས་མི་སྤེལ། །དེ་ནི་བག་མེད་བྱེད་པས་ཡིན། །ལུས་རྣམས་ནད་ཀྱིས་ཞིག་ པ་དང ། །མལ་སྟན་སྤྱོད་ལ་ཆེད་ཆེར་བྱེད། །ཤིན་ཏུ་སྐྱོ་བར་མི་འགྱུར་བ། །དེ་དག་གཏི་མུག་འདི་ཡི་འབྲས། །བཀྲེས་པའི་སྲེད་པས་འཇིགས་མཐོང་བར། །གང་དེ་འོག་གི་གནས་སུ་འགྲོ། །སླར་ཡང་སྐྱོ་བ་མི་སྐྱེ་བ། །བག་མེད་བྱེད་པས་དེ་བྱས་སོ། ། མི་རྣམས་སྡུག་པ་དང་བྲལ་བའི། །སྙིང་ལ་སྡུག་བསྔལ་གང་སྐྱེ་བ། །དེ་ནི་བག་མེད་སྟེན་པ་ལས། །ཡིན་པར་དེ་བཞིན་གཤེགས་པས་གསུངས། །སྡུག་བསྔལ་གང་དག་འགྲོ་བ་ལྔར། །དུ་མ་རྣམས་ནི་ལོངས་སྤྱོད་པ། །བག་མེད་པ་ཡི་སྲོག་ཆགས་ཀྱི། ། རྟག་ཏུ་དེ་དག་རྨོངས་པས་བྱས། །སྐྱེ་དགུ་འཁོར་བར་རྨོངས་པ་རྣམས། །ཀྱེ་མ་ཀྱི་ཧུད་སྐྱོ་བ་སྐྱེ། །ལས་ཀྱི་འཁོར་ལོ་ཆེན་པོ་ཡིས། །འཁོར་བར་འགྱུར་བ་ཡང་དང་ཡང ། །རྙོག་པ་མེད་པར་གང་བརྟགས་པའི། །བདེ་དེ་སྲིད་པ་གསུམ་ན་མེད། །དེ་ལྟ་ན་ ཡང་ཀུན་རྨོངས་པས། །ངེས་པར་བྱིས་རྣམས་སྐྱོ་མི་འགྱུར། །ཡུལ་དགའ་བ་ལ་ཞེན་པ་ཡི། །རྨི་ལམ་བཞིན་དུ་འདི་དག་གཡོ། །འགྲོ་འདི་ཐམས་ཅད་སྡུག་བསྔལ་བ། །མིག་མེད་པས་ཀྱང་མ་མཐོང་ངོ ། །གང་ལ་ཕྱིར་བཅོས་ཐབས་མེད་པའི། །འཆི་བདག་ འཇིགས་པར་སྲེད་པས་འགྱུར། །དེ་ལྟ་ན་ཡང་ཀུན་རྨོངས་པས། །བག་མེད་པས་ནི་མི་རྣམས་བཅོམ། །ཚུལ་བཞིན་མ་ཡིན་ཡིད་བྱེད་པས། །སེམས་ནི་རྣམ་པར་གཡེང་བྱས་པའི། །འཆི་བདག་རྒྱལ་པོས་འདྲེན་པ་ན། །འཇིག་རྟེན་པས་ཀྱང་གོ་བ་མིན། །ནོར་ རྣམས་དང་ནི་བུ་དག་དང ། །ཤིན་ཏུ་སྡུག་པའི་སྲོག་ཀྱང་ནི། །གསོན་པ་དེ་ནི་འཕྲོག་བྱེད་པས། །འཆི་བདག་རྒྱལ་པོ་འདི་ཡིས་འདྲེན། །བག་མེད་མྱུ་གུ་ལས་བྱུང་བའི། །གང་གིས་སྐྱེ་དགུ་འདི་འཇོམས་པའི། །འཇིག་རྟེན་དོན་མིན་ཡང་གསུམ་སྟེ། །ནད་དང་རྒ་དང་ 71-1-34b འཆི་བའོ། །ཚོལ་ཁྲོས་མི་རྣམས་ཉེ་བར་བཅོམ། །ལྷ་རྣམས་བག་མེད་པས་ཉེར་བཅོམ། །ཡི་དགས་བཀྲེས་སྐོམ་དག་གིས་གཡེངས། །ཚོར་བ་དྲག་པོས་དམྱལ་བ་རྣམས། །ཕན་ཚུན་ཀུན་ཏུ་གསོད་བཙོག་པ། །དུད་འགྲོ་གཏི་མུག་དཔུང་གཉེན་ཡིན། །དེ་ལྟར་ འཇིག་རྟེན་རྣམ་དུ་མར། །བྲེལ་དོག་དེ་དང་དེས་དཀྲུགས་སོ། །བག་མེད་པས་ནི་རྨོངས་པ་ཡིས། །འོན་ཀྱང་ཆོས་ལ་དགའ་བ་མིན། །སྨན་དང་རྩཝ་སོགས་ཐམས་ཅད་ཀྱང ། །ཇི་ལྟར་ས་གཞི་ལས་རབ་སྐྱེ། །དེ་བཞིན་བག་མེད་ལས་ཉོན་མོངས། །རྣམ་པ་ཐ་དད་རབ་ འཕེལ་བྱེད། །དེ་ནི་བདུད་ཀྱི་དམག་ཚོགས་ཀྱི། །རྗེ་དཔོན་དབང་ཕྱུག་མཆོག་འདི་ཡིན། །ཉི་མའི་འོད་ཀྱིས་མུན་པ་ལྟར། །ཡེ་ཤེས་རྡོ་རྗེས་གཞོམ་པར་བྱ། །སྐྱོན་ཡོན་ཡོངས་ཤེས་དེ་དག་ནི། །རེ་ཞིག་དང་པོར་བསྟན་པ་ཡིན། །བག་མེད་པ་རྣམས་རྟག་སྡུག་བསྔལ། ། བག་ཡོད་འབྲས་བུ་བདེ་བ་ཡིན། །དེ་ལྟར་འཐབ་བྲལ་བ་རྣམས་ཀྱི་བདག་པོ་མུ་སུ་ལུན་དྷ་དེས་རྣམ་པ་དུ་མ་རྣམས་སུ་དང་རྣམ་པར་རྟོག་པ་དུ་མ་རྣམས་ཀྱིས་ཀྱང་བག་མེད་པ་དེའི་སྐྱོན་རྣམས་དང ། བག་ཡོད་པའི་ཡོན་ཏན་རྣམས་ཀྱང་མངོན་པར་བརྗོད་དོ། །འཆི་བདག་ནད་དང་ རྒ་སྡུག་བསྔལ། །མི་འཐུན་པ་དང་ཕྲད་པ་དང ། །གཞན་ཡང་སྡུག་བསྔལ་དྲག་པོ་དང ། །འཁོར་བ་འདི་ནི་ལྡན་པ་ཡིན། །མ་འོངས་སྡུག་བསྔལ་འཆོས་པ་ནི། །ཕན་པ་དང་ནི་བདེ་བ་ཡིན། །སྡུག་བསྔལ་སྡིག་པའི་རྒྱུ་ལས་སྐྱེ། །སྡིག་མེད་བྱེད་པ་བདེ་ཡིན་ནོ། ། ཉོན་མོངས་ཟད་ལས་བདེ་བའི་མཆོག་།ཡིན་པར་མཁས་པས་གསུངས་པ་ཡིན། །འདི་ནི་མྱ་ངན་འདས་འགྲོའི་ལམ། །ཡིན་པར་དེ་ཉིད་གཟིགས་པས་གསུངས། །ཀུན་ནས་བསྡམས་དང་བག་ཡོད་དང ། །ཞི་བ་དང་ནི་ནགས་ན་རྒྱུ། །འདོད་ལ་བརྐམ་མིན་བརྟན་པ་ ཡི། །མྱ་ངན་འདས་པ་རིང་བ་མིན། །གྲོགས་དང་གྲོགས་མིན་དང་རབ་བྲལ། །སྲིད་པའི་འདོད་ཆགས་རྣམ་པར་སྤངས། །ཡུལ་རྣམས་ལ་ཡང་བག་ཡོད་པའི། །ཤིན་ཏུ་མྱ་ངན་འདས་རིང་མིན། །དགེ་དང་སྡིག་ལ་ཆགས་པ་མེད། །བྱམས་དང་སྙིང་རྗེ་སྒོམ་པ་པོ། །འཁོར་ 71-1-35a བའི་འཇིགས་པས་འཇིགས་པ་ནི། །ཤིན་ཏུ་མྱ་ངན་འདས་རིང་མིན། །ཉོན་མོངས་ཟད་པའི་ཐབས་ཤེས་དང ། །ཡེ་ཤེས་བཏུང་བས་ཚིམ་པ་དང ། །ལེ་ལོའི་དྲི་མ་དང་བྲལ་བའི། །ཤིན་ཏུ་མྱ་ངན་འདས་རིང་མིན། །ལྷག་པར་ཐེག་པ་ཆེ་ལ་མོས། ། སེམས་ཅན་ཐམས་ཅད་ལ་ཕན་དང ། །སྟོང་ཉིད་དོན་ནི་རབ་རྟོགས་པའི། །ཤིན་ཏུ་མྱ་ངན་འདས་རིང་མིན། །དེ་ནི་སྐྱོན་གསུམ་འགོག་པ་ཡི། །འཕགས་པའི་བདེན་པ་བཞི་སྟེན་པ། །དབང་གྱུར་དབང་པོ་ཞི་བ་ཡི། །མྱ་ངན་འདས་པ་ཤིན་རིང་མིན། །དབུགས་དང་ དབུགས་འབྱུང་རྣམ་པ་ཤེས། །མཚན་ཉིད་འགག་པ་སྟེན་པ་དང ། །ཤེས་དང་ཤེས་བྱའི་རྣམ་པ་ཤེས། །ཤིན་ཏུ་མྱ་ངན་འདས་རིང་མིན། །རྟག་ཏུ་བློ་དང་ལྡན་པ་དང ། །ཉོན་མོངས་རྣམས་ཀྱིས་སེམས་མི་འཚེ། །སྐྱོན་བཅས་འཇིགས་པ་ལས་གྲོལ་བའི། །ཐུབ་པ་ཕ་རོལ་ ཕྱིན་པར་བརྗོད། །དེ་ལྟར་འཐབ་བྲལ་གྱི་མངའ་བདག་དེས་སྨྲ་བ་པོ་དེ་དག་རྣམས་དང་ངང་པའི་རྒྱལ་པོ་དུས་བཟངས་དེ་ལ་ཆོས་བསྟན་ཏེ། བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་མདོ་བག་མེད་པ་ལ་རྣམ་པར་གཤེ་བར་བྱེད་པ་རྣམས་བསྟན་ཏོ། །དེ་ལྟར་རྣམ་པ་དུ་མར་བཅོམ་ ལྡན་འདས་ཀྱིས་གསུངས་པའི་དམ་པའི་ཆོས་འདུལ་བ་དེ་དབྱངས་སྙན་པ་དང་དུལ་བའི་བློ་རྒྱ་ཆེན་པོས་སྟོན་པར་བྱེད་དོ། །ཇི་ལྟར་གཅིག་ཏུ་དམ་པའི་ཆོས་ཀྱི་རོར་གྱུར་པའི་ཚིག་འདི་དག་རྣམས་ཐོས་ནས། བདུད་ཀྱི་རིགས་ཀྱི་བག་མེད་པ་དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་རྣམ་ གྲངས་འགའ་ཞིག་གི་སྒོ་ནས་ཀྱང་བདག་གིས་འཐབ་བྲལ་བ་རྣམས་ཀྱི་བདག་པོ་འདི་དམ་པའི་ཆོས་འདུལ་བ་དེ་དག་ལས་གཡོ་བར་བྱ་བར་མི་ནུས་ཏེ། དེ་ལྟར་དམ་པའི་ཆོས་ལ་བློ་ཡོངས་སུ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རྟོགས་ནས་བག་མེད་པ་སྐྱེད་པ་མཁའ་ལ་འགྲོ་བར་བྱེད་དེ། ཇི་ལྟར་མུ་སུ་ལུན་དྷ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པས་བདག་ཅག་གི་ཆོས་ཀྱི་ལམ་ལ་བདག་ཅག་རྣམས་ཀྱིས་གོམ་པ་བསྒུལ་བར་ཡང་མི་ནུས་སོ། །དེ་ནས་ཐམས་ཅད་ཀྱང་ཡིད་གཅིག་ཏུ་གྱུར་ཅིང་ཕ་རོལ་གནོན་པའི་སྟོབས་ཆེན་པོ་དང་ཡིད་ལ་སྨོན་པ་དང་ 71-1-35b གཟི་བརྗིད་རྣམས་ཉེ་བར་བཅོམ་པར་གྱུར་ཏོ། །ཡིད་ཀྱི་རྒྱལ་སྲིད་ཕབ་པར་བྱས་པ་དང ། ནམ་མཁའི་དཀྱིལ་དུ་འཕགས་ནས་དེ་མྱུར་དུ་འགྲོ་བ་ཡིན་པས་དུས་མི་རིང་བ་དང ། གང་ན་གཞན་འཕྲུལ་དབང་བྱེད་ན་འདོད་པའི་ཁམས་པ་རྣམས་ཀྱི་དབང་ཕྱུག་བདུད་སྡིག་ཅན་ ཡོད་པ་དེར་ཐམས་ཅད་ཀྱིས་ཕྱིན་ནོ། །དེ་ནས་བདུད་ཀྱིས་དེ་དག་ལ་འདི་སྐད་ཅེས་བརྗོད་དེ། བདུད་རྣམས་བྱ་བ་འགའ་ཞིག་བྱས་སམ། ཡིད་ལ་རེ་བ་དེ་དག་ཉིད་ཐམས་ཅད་ཡོངས་སུ་རྫོགས་ནས་ངའི་དྲུང་དུ་ཁྱེད་ཀྱིས་སླེབ་པ་ཡིན་ནམ། དེ་ལྟར་ཐོས་ནས་དེས་བདུད་དེའི་ དྲུང་དུ་འདི་སྐད་ཅེས་བརྗོད་དེ། ལྷ་ལགས་ཕར་ལ་གནོན་པའི་སྟོབས་རྣམས་ནི་ཇི་ལྟ་བ་བཞིན་དུ་ཉམས་ནས་བདག་ཅག་ལྷའི་རིགས་འདིར་རྗེས་སུ་སླེབ་པར་གྱུར་ཏོ། །འཐབ་བྲལ་གྱི་བདག་པོ་དེ་གོམ་པ་གཅིག་ཀྱང་བསྐྱོད་པར་བདག་ཅག་གིས་བདག་ཅག་ལ་མ་ནུས་ཏེ། དེ་ བཞིན་དུ་འདི་དམ་པའི་ཆོས་ལ་ངེས་པར་དགའ་བའི་བློ་དང་ལྡན་པའི་ལྷན་ཅིག་སྤྱོད་པ་དེ་ལ་བདག་ཅག་གིས་ཅི་བྱར་ཡོད། བདུད་སྡིག་ཅན་གྱིས་དེ་ལྟར་ཐོས་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། གང་བག་མེད་པའི་ལྷ་ཆོས་ཐམས་ཅད་ལ་རབ་ཏུ་ཞུགས་པ་རྣམས་ངས་འདོད་ པའི་སྤྱོད་པ་རྣམས་ལ་རབ་ཏུ་དགོད་པར་བྱའོ། །དེ་ལ་ཡང་བག་ཡོད་པ་དེ་དག་རྣམས་ཀྱི་དབང་གིས་འདི་རྣམས་ཉིད་ཐམས་ཅད་ཀྱི་ཕ་རོལ་གནོན་པའི་སྟོབས་རྣམས་ཉེ་བར་བཅོམ་ནས་ངའི་དྲུང་དུ་ཉེ་བར་འོངས་པ་ཡིན་ནོ། །དེ་ནས་འདི་དག་རྣམས་གོ་ནས་འདི་སྐད་ཅེས་བརྗོད་དེ། དུས་འདས་ནས་བྱེད་པའི་ཚིག་རྣམས་ཇི་ལྟར་དུས་གཞན་དུ་བདག་ཅག་གིས་བག་མེད་པར་ནུས་ཀྱི་འཐབ་བྲལ་གྱི་བདག་པོ་མུ་སུ་ལུན་དྷ་དེ་ལ་སོ་སོའི་ཐབས་རྣམས་བདག་གིས་བྱའོ། །དེའི་ཕྱིར་ན་ཁྱེད་མ་རིངས་ཅིག་བདག་ཅག་ཐམས་ཅད་ཀྱིས་དུས་གཞན་ན། ཕྱིར་བཟློག་པར་བྱའོ་ ཞེས་དེ་ལྟར་སྡིག་ཅན་དེས་དུས་གཞན་འཕེན་པར་བྱེད་པའི་ཚིག་རྣམས་བརྗོད་ནས་རྣམ་པར་གནས་ཏེ། མཚུངས་པ་མེད་པའི་ལྷ་རྫས་ཀྱི་འདོད་པ་རྣམས་ལ་རབ་ཏུ་ཆགས་པར་གྱུར་པས་བདེ་བར་གནས་སོ། །བག་མེད་པའི་ས་རྣམས་ལས་སླར་ཡང་རབ་ཏུ་སྤེལ་བར་མི་འགྱུར་བའི་ 71-1-36a ཕྱིར་ན་རྣམ་པ་དུ་མར་རྒྱུ་བའི་ལྷ་རྣམས་དང ། འཐབ་བྲལ་བ་རྣམས་ཀྱི་བདག་པོ་དང་དུས་བཟངས་དེ་དང་སྨྲ་བ་པོའི་ངང་པ་དེ་དག་རྣམས་དང་གཞན་ཉིད་ཀྱང་ཆོས་ཀྱི་གཏམ་རྣམ་པ་དུ་མ་རྣམས་བྱེད་དོ། །དེ་དག་རྣམས་ན་ཇི་ལྟར་བདུད་ཀྱི་རིགས་རྣམས་ཀུན་ནས་ བྲལ་བ་དང་དོན་མེད་པ་རྣམས་ཐམས་ཅད་ཀྱི་རྩ་བར་གྱུར་པ་བག་མེད་པ་དེ་ཀུན་ནས་སོང་བས་ན། ལྷ་རྣམས་དང་བྱ་དེ་དག་རྣམས་བྱ་བ་བྱས་པ་བཞིན་དུ་རྣམ་པར་གནས་སོ། །དེ་ནས་དེ་ལྟ་དེ་ལྟར་བརྗོད་ནས་དེ་དག་ལས་ལྷ་གང་དག་རྩེད་མོས་ཡིད་བྲེལ་བར་གྱུར་པ་དེ་དག་ རྣམས་ནི་རབ་ཏུ་དགའ་བས་རྩེ་བར་བྱེད་དེ། སྐྱེད་མོས་ཚལ་དང་ཁང་བཟངས་དང་ཀུན་དགའ་ར་བ་དང་ནགས་དང་ཉེ་བའི་ནགས་ཀྱི་ཡུལ་དེ་དག་རྣམས་སུ་ཉེ་བར་སོང་ནས་རྩེ་བར་འགྱུར་རོ། །གང་འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེ་དུས་བཟངས་དང་ལྷན་ཅིག་ཏུ་བརྗོད་པ་ དང་ལྡན་པའི་ངང་པ་རྣམས་དང་རྒྱུ་བར་བྱེད་དོ། །དེ་ནས་འཐབ་བྲལ་བ་རྣམས་ཀྱི་བདག་པོ་དེ་ལྷ་དེ་དག་རྣམས་མངོན་པར་མཐོང་ནས་དུས་བཟངས་ལ་སྨྲས་པ། ཇི་ལྟར་ཉེ་བར་གནས་པའི་ལྷ་གང་ཡིན་པ་འདི་དག་རྣམས་ནི་རྩེད་མོའི་གཞན་དབང་དུ་སོང་ནས་བག་མེད་པ་ཡིན་པས་ བདག་ཅག་ཀྱང་གང་ན་ནགས་དང་ཉེ་བའི་ནགས་རབ་ཏུ་ཞི་བར་ཡོད་པར་འགྲོ་བར་བྱའོ། །དེ་ལྟར་རིག་ནས་ནམ་མཁའི་ཁམས་སུ་འཕགས་པར་གྱུར་ཏོ། །ལྷ་བག་མེད་པར་སྤྱོད་པ་དེ་དག་ཀྱང་འདོད་པའི་ཡོན་ཏན་ལྔ་དང་ཡང་དག་པར་ལྡན་པའི་ནགས་དང་ཉེ་བའི་ནགས་དང་ རྫིང་བུ་རྣམས་ལ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་བྱས་ཤིང་བསགས་པའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་རྩེ་དགའ་བར་བྱེད་དོ། །གང་གི་ཚེ་ཟད་པར་གྱུར་པ་དེའི་ཚེ་རང་གིས་བྱས་པའི་ཟས་བཟང་པོ་རྣམས་ཟོས་ནས་སླར་ཉིད་ཀྱང་དམྱལ་བ་དང་ཡི་དགས་དང་ དུད་འགྲོ་རྣམས་སུ་སྐྱེའོ། །གང་ཡང་མི་རྣམས་དང་སྐལ་བ་འཐུན་པར་གྱུར་པ་མིར་སྐྱེས་པར་གྱུར་ན། དེ་མཆོག་ཏུ་ཕུན་སུམ་ཚོགས་པ་དང ། མཆོག་ཏུ་རྒྱ་ཆེ་བར་ཡང་འགྱུར་ཏེ། རྒྱལ་པོ་རྣམས་སམ་རྒྱལ་པོའི་བློན་པོ་རྣམས་སུ་གྱུར་ནས། སྐྱེ་བོ་ཐམས་ཅད་དགའ་བ་དང་ 71-1-36b མཆོག་ཏུ་སྐྱིད་པ་དང་ལས་དེའི་རྒྱུ་འཐུན་པས་ཡུལ་གྱི་མི་རྣམས་ཐམས་ཅད་བྱམས་པར་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ བམ་ལྷའི་མིག་གིས་ཇི་ལྟར་ཡོད་པའི་འཐབ་བྲལ་བ་རྣམས་ཀྱི་ལྷའི་ས་གཅིག་ཏུ་དགའ་བ་ཞེས་བྱ་བ་མཐོང་ངོ ། །དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་ན། ཇི་ལྟར་སྐྱེས་བུ་དམ་པ་ གང་གིས་བྱ་བར་གྱུར་པའི་དོན་བྱས་པ་ཚུལ་ཁྲིམས་དང་ལྡན་པར་གྱུར་ནས། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དག་སྤངས་པར་གྱུར་པ་ནི་སྔ་མ་བཞིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ཡང་མཆོག་ཏུ་སྤང་བར་དཀའ་བ་དང་ཁྱད་པར་དུ་དོར་བར་དཀའ་བ་རྣམས་ཀྱང་རབ་ ཏུ་འགོག་པར་བྱེད་པ་ཡིན་ཏེ། ཇི་ལྟར་བྱ་དང་བྱ་དག་ལྷན་ཅིག་ཏུ་སྤྱོད་པར་གྱུར་པ་རྣམས་དང ། རི་མོ་ལ་ཕན་ཚུན་དུ་གྱུར་པ་རྣམས་དང ། དེ་བཞིན་དུ་ཕན་ཚུན་དུ་གྱུར་པ་མཐོང་བ་དེ་དག་རྣམས་ཀྱང་ཡོངས་སུ་སྤོང་བར་བྱེད་དོ། །ཡིད་ཀྱིས་ཀྱང་ཀུན་ཏུ་རྟོག་པར་མི་བྱེད་དོ། ། ཉེ་བར་སྒོམ་པར་མི་བྱེད་དེ། འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པའི་ཕྱིར་རྒོལ་བ་རྣམས་ཀྱི་འཇིགས་པས་ཐམས་ཅད་ཀྱང་གནས་སྐབས་རྣམས་ཐམས་ཅད་དུ་སྤོང་བར་བྱེད་དོ། །གཞན་དག་རྣམས་བྱེད་པར་གྱུར་པ་ན་ཡང་རབ་ཏུ་འགོག་པར་བྱེད་དོ། །ཆོས་འདུལ་ བ་ལ་རབ་ཏུ་འགོད་པར་བྱེད་ཅིང་འདོད་པ་ལ་ལོག་པར་གཡེམ་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་སྟོན་པར་བྱེད་དོ། །རྣམ་པ་དུ་མར་ཡང་ལོག་པར་ལྟུང་བར་གྱུར་པའི་ཆོས་རྣམས་སྟོན་པར་བྱེད་དེ། ཇི་ལྟར་འདོད་པ་ལ་ལོག་པར་གཡེམ་པས་ནི་ཐམས་ཅད་དུ་ཡང་མི་ འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བ་དམྱལ་བ་ཀུན་ནས་འཕེལ་བར་བྱེད་པའི་འབྲས་བུ་རྣམ་པར་སྨིན་པ་ཅན་དུ་འགྱུར་རོ། །དེ་བདག་ཉིད་ཀྱིས་ཀྱང་མི་བྱེད་དོ། །གཞན་དག་རྣམས་བྱེད་པ་ན་ཡང་རབ་ཏུ་འགོག་པར་བྱེད་དོ། །རང་དང་གཞན་ལ་ཕན་པའི་ཡོན་ཏན་ལ་རབ་ཏུ་ 71-1-37a ཞུགས་པར་གྱུར་པ་དགེ་ལེགས་དང་ལྡན་པའི་སེམས་ཅན་དེ་ནི་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་བདེ་འགྲོའི་མཐོ་རིས་ཀྱི་འཇིག་རྟེན་ལས་འཐབ་བྲལ་བ་རྣམས་ཀྱི་ས་གཅིག་ཏུ་དགའ་བ་ལ་སྐྱེ་བར་འགྱུར་རོ། །དེར་སྐྱེས་པ་ན་ཡང་འདིས་ལེགས་པར་བྱས་པའི་ ལས་ཀྱི་མཐའ་རྣམས་ལ་སྤྱད་པས། བདེ་བ་རྒྱ་ཆེན་པོ་ལ་སོགས་པ་བདེ་བ་དུ་མ་རབ་ཏུ་འཕེལ་བར་གྱུར་པའི་ས་དེར་སྐྱེས་པ་རྣམས་ནི་ནགས་དང་ཉེ་བའི་ནགས་རྣམས་ན་ལྷག་པར་གནས་པ། འདོད་པ་རྣམས་ཐམས་ཅད་འདོད་པ་བཞིན་གྱི་ཡོན་ཏན་དང་ལྡན་པའི་བདེ་བ་ རྣམས་ལ་ཉེ་བར་ལོངས་སྤྱོད་པས་ནགས་དང་ཉེ་བའི་ནགས་དག་སྟེན་པར་བྱེད་དོ། །དེ་རྒྱུ་བའི་དུས་ན་ནགས་འདི་དག་རྣམས་ཡིན་ཏེ། འདི་ལྟ་སྟེ་འོད་ཟེར་མངོན་པར་དགའ་བ་ཞེས་བྱ་བ་དང ། འབབ་ཆུ་རྣམས་ཀྱིས་མངོན་པར་དགའ་བ་ཞེས་བྱ་བ་དང ། གཞལ་ཡས་ ཁང་གི་རི་བོ་ཞེས་བྱ་བ་དང ། རྣམ་པར་བཀྲ་བའི་ཆུའི་པད་མའི་རྫིང་བུ་རྣམས་ཞེས་བྱ་བ་དང ། དྲི་འཐུལ་བ་ཞེས་བྱ་བའོ། །ནགས་དང་ཉེ་བའི་ནགས་དང་རྫིང་བུ་རྣམས་དང་གཞན་དག་ཀྱང་རིར་གྱུར་པ་རྣམས་ཀྱི་ལྷ་རྫས་ཀྱི་ཡོན་ཏན་གྱི་ཕུན་སུམ་ཚོགས་པ་རྣམས་ནི་གྲངས་ ཀྱང་མི་དམིགས་སོ། །དེ་ལ་ནགས་གང་དག་དང་མཚོ་གང་དག་ནི་མཆོག་ཏུ་དགའ་བར་གྱུར་པ་ཡིན་ནོ། །གང་དག་ལ་འདི་དག་རྣམས་དགའ་བར་བྱེད་པ་འདི་དག་རྣམས་ནི་བྱིངས་ཆེ་བ་དང་ལྡན་པ་ཡིན་ནོ། །འདི་ལྟ་སྟེ་ནོར་བུའི་སྟེགས་བུ་ཞེས་བྱ་བའི་མཚོ་ན་བྱ་ཕལ་པོ་ཆེ་ རྣམས་ཀྱིས་མངོན་པར་དགའ་བ་དང ། རྟག་པར་ཡང་ཤིན་ཏུ་རངས་པའི་ལྷ་རྣམས་ཀྱིས་སྟེན་པར་གྱུར་པ་དོགས་པ་མེད་པར་གྱུར་པས་མཐོང་བར་འགྱུར་བ་ཡིན་ནོ། །མཚོ་དེ་དག་གི་ཉེ་འཁོར་རྣམས་ན་ལྷ་རྫས་ཀྱི་སྒྲ་དང་མདོག་དང་ཚད་དང་མཆོག་ཏུ་ལྡན་པའི་བྱ་དག་གིས་ ཡོངས་སུ་གང་བར་གྱུར་པ་དང ། ངོས་གཉི་ག་ན་ཡང་དཔག་བསམ་གྱི་ཤིང་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་ཡིན་ནོ། །ཡོན་ཏན་དུ་མ་དང་ལྡན་པ་དེ་དག་རྣམས་ལ་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ལྷའི་བུ་མོ་དུ་མ་རྣམས་ 71-1-37b ཀྱིས་ཀྱང་ཡོངས་སུ་བསྐོར་ནས་དགའ་བར་བྱེད་དེ། ལྷ་རྫས་ཀྱི་གཟུགས་དང་ལྡན་པ་རྣམས་དང་དེའི་འདུན་པའི་རྗེས་སུ་འཇུག་པར་བྱེད་པ་དང ། རྟག་ཏུ་རྒྱུན་མི་འཆད་པར་བདེ་བ་ལ་ཆེད་ཆེར་བྱེད་པ་དང་མཆོག་ཏུ་བདེ་བ་ལ་རབ་ཏུ་ཆགས་པ་དང ། ལྷ་རྫས་ཀྱི་བདེ་བ་གཞན་དང་ གཞན་རྣམ་པ་དུ་མ་རྣམས་ཀྱིས་དེ་དག་རྣམས་མཚོ་དེར་ལེགས་པར་བསྟེན་ནས་ཕྱིར་ཞིང་ཉིད་ཀྱང་འདོད་པའི་ཡོན་ཏན་ལྔའི་ཉེ་བར་ལོངས་སྤྱད་པ་རྣམས་ཀྱིས་ངོམས་པ་མེད་པས་སྲེད་པའི་ཟུག་རྔུ་རྣམས་ཀྱིས་རབ་ཏུ་འབྲེལ་བར་གྱུར་ནས། སླར་ཡང་རྗེས་སུ་འབྲང་བ་དེ་དག་རྣམས་ ཉིད་ཀྱིས་ཡོངས་སུ་བསྐོར་བ་རྣམས་ནོར་བུའི་ཆ་ཤས་རྣམས་ཀྱིས་རྣམ་པར་བཀྲ་བ་ཞེས་བྱ་བའི་མཚོ་དང་པད་མའི་རྫིང་བུ་དག་གིས་ཉེ་བར་མཛེས་པར་བྱས་པའི་རི་དེ་ལ་འཁོད་པར་བྱེད་དེ། སྐྱེད་མོས་ཚལ་གྱི་ལྟད་མོའི་དབང་དུ་བྱས་ནས་ལྷ་རྫས་ཀྱི་བདུད་རྩིའི་པད་མའི་ཡུ་བ་དག་ གིས་ཉེ་བར་མཛེས་པར་གྱུར་པ་དང ། ལྷ་རྫས་ཀྱི་གོས་རྣམས་གྱོན་པ་དང་ལྷ་རྫས་ཀྱི་ཡུལ་ལྔ་པོ་རྣམས་སྟེན་པར་བྱེད་པས་ཀྱང ། ནོར་བུའི་ཆ་ཤས་སྣ་ཚོགས་པས་བཀྲ་བ་མཐོང་ན། མཆོག་ཏུ་ཡིད་འཕྲོག་པར་བྱེད་པའི་རི་དེ་ལ་རྩེ་དགའ་བར་འདོད་པས་མཉམ་པར་འཁོད་པར་ བྱེད་དོ། །དེ་ནས་དེའི་རྩེ་མོ་གཞན་ལ་རིའི་ཁྲོད་དགའ་བ་ཞེས་བྱ་བ་དེ་ན་དགའ་ལྡན་གྱི་ལྷའི་རིགས་སུ་གྱུར་པའི་ལྷ་གཞན་ལྷ་རྫས་ཀྱི་ཕྲེང་བ་དང་གོས་དང་ལྡན་པ་གསེར་གྱི་རང་བཞིན་རྣམ་པ་དུ་མར་དགའ་བའི་ནགས་སུ་བརྒྱ་ཕྲག་དང་དེ་ནས་སྟོང་ཕྲག་དང་ཐམས་ཅད་ཉིད་བབས་ནས་ རྩེད་མོའི་མཆོག་རྣམས་བྱེད་དོ། །ལྷ་དེ་དག་རྣམས་མངོན་པར་མཐོང་བར་གྱུར་ནས་ལྷ་གསར་དུ་སྐྱེས་པ་དེ་ལྷན་ཅིག་སྤྱོད་པ་རྣམས་ལ་བརྗོད་པ། ཇི་ལྟར་གང་དག་ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྩེ་ཞིང་འགྲོ་བར་འགྱུར་བའི་ལྷ་དེ་དག་རྣམས་དང ། མ་ཐང་ཡང་ གང་བདག་ཀྱང་དེ་དག་དང་ཉེ་བར་གྱུར་མོད། དེ་ནས་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་དེའི་དྲུང་ནས་ཚིག་དེ་ཉེ་བར་ཐོས་ནས་འདི་སྐད་ཅེས་བརྗོད་དོ། །ལྷ་དེ་ཇི་ལྟར་མངོན་པར་འདོད་པར་གྱུར་པ་དེ་ལྟར་བདག་ཅག་རྣམས་ཀྱིས་དེ་བཞིན་དུ་བྱའོ། །དེ་ནས་དེ་ལྟར་རིག་ནས་ལྷ་གསར་ 71-1-38a དུ་སྐྱེས་པ་དེ་ལྷན་ཅིག་སྤྱོད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས། ལྷ་རྫས་ཀྱི་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རྣམས་ཉེ་བར་བསྒྲགས་པར་གྱུར་པས། གང་ན་ལྷ་དེ་དག་རྣམས་ཡོད་པ་དེ་དང་ཉེ་བར་གྱུར་ཏོ། །དེ་ནས་ཕན་ཚུན་དུ་འདྲེས་པར་གྱུར་ པའི་ལྷ་དེ་དག་རྣམས་ཕན་ཚུན་དུ་རྣམ་པར་འདྲེས་པས་རབ་ཏུ་ཆགས་པར་གྱུར་པའི་སྙིང་ངོམས་པ་མེད་པ་རྣམས་ལ། རིའི་གཙུག་ན་ནོར་བུ་ཞེས་བྱ་བའི་བྱས་ཚིགས་སུ་བཅད་པའི་དབྱངས་བརྗོད་པ། ཇི་ལྟར། ལས་ཀྱི་སྙིང་པོའི་འཇིག་རྟེན་དང ། །ལྷ་ནི་ལས་ཀྱི་སྙིང་པོ་ ཅན། །འདུས་བྱས་ལྷ་ཡི་འཇིག་རྟེན་པ། །ལས་ཟད་ནས་ནི་ལྟུང་བ་ཡིན། །འཐུན་པར་འགྲོགས་པའི་འཇིག་རྟེན་ནི། །འབྲལ་བས་རྟག་ཏུ་འཐུན་པ་མིན། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །དེ་བཞིན་གཤེགས་ཀྱིས་ཆོས་ཉིད་འདི། །བདེ་ལ་ཀུན་ ཏུ་ཆགས་པའི་ཡིད། །ཡུལ་གྱིས་བདག་ཉིད་བསླུས་པ་ཡིན། །ཡིད་ཤུགས་དང་མཚུངས་རྣམས་ཀྱི་ནི། །ལྷ་རྣམས་ཚེ་ནི་ཟད་པར་འགྱུར། །རྒ་དང་ན་དང་སྨད་པ་དང ། །འབྲལ་བས་ལུས་ཅན་ཐམས་ཅད་ལ། །འབྱུང་བ་ཡང་ནི་ཀུན་རྨོངས་པས། །ཡུལ་ གྱིས་ཁྲིད་ནས་རིག་པ་མིན། །རྒ་བའི་ཆད་པ་སྔུན་བསར་ནས། །འཆི་བདག་འདིས་ནི་ཀུན་ཏུ་སྲེག་།ནད་ཀྱི་དཔུང་གིས་འདི་རྣམས་འབྲལ། །བློ་གྲོས་མེད་པས་མཐོང་བའང་མིན། །དྲུག་གིས་འཇིག་རྟེན་རྣམ་པར་འཇོམས། །ཕྱུགས་བཞིན་དུ་ཡང་འཇོམས་ པར་བྱེད། །གོལ་བའི་ལམ་དུ་ཞུགས་པ་ནི། །འཁྲི་ཤིང་བཞིན་དུ་ཡོངས་སུ་བསྐོར། །གང་འདིའི་བློ་ནི་རྟག་པར་ཡང ། །རྒྱུ་དང་འབྲས་ལ་ལེགས་པར་གནས། །དེ་ནི་རྒྱུ་འབྲས་ལེགས་ལྟ་བས། །ཕྱི་ནས་གདུང་བས་མི་འཇོམས་སོ། །ཡུལ་རྣམས་ཀྱིས་ནི་ འཇོམས་མིན་ཏེ། །དྲང་པོར་ལྟ་བ་བརྐམ་ཆགས་མེད། །དེས་ནི་ཤིན་ཏུ་མི་བཟད་པའི། །དགའ་བའི་ཡུལ་ཀུན་མྱུར་དུ་འདོར། །སྐྱོན་ལས་རྣམ་གྲོལ་ངམ་གྲོག་དང ། །དྲི་མའི་འཇིགས་པ་ལས་རྣམ་གྲོལ། །བག་མེད་མེ་གང་དེས་རྟོགས་ནས། །ཐམས་ཅད་དུ་ནི་ 71-1-38b ཡོངས་སུ་སྤངས། །འཇིགས་པ་ལྔ་པོ་འདི་ཡིས་གང ། །དང་པོར་འཇིག་རྟེན་འདི་གསོད་པ། །རྒ་དང་ན་དང་འཆི་བ་དང ། །རྣམ་པར་འབྲལ་དང་གང་གི་ལས། །དེ་ལྟར་རི་གཙུག་ན་ནོར་བུ་ཞེས་བྱ་བའི་བྱ་ནི་རྣམ་པར་བཀྲ་བ། གཙང་བ་དག་གི་རྨ་བྱའི་རྒྱལ་པོ་བྱང་ ཆུབ་སེམས་དཔའི་ལྷན་ཅིག་ཏུ་སྤྱོད་པ་དང་གཉི་གའི་ཡང་སྨོན་ལམ་གྱི་དབང་གིས་རྨ་བྱའི་སྐྱེ་གནས་སུ་སྐྱེས་པར་གྱུར་པ་ཡིན་ནོ། །དེ་དག་ཀྱང་རྨ་བྱ་རྣམས་དང་འཐབ་བྲལ་གྱི་ལྷ་རྣམས་ལ་བག་མེད་པ་དང་བྲལ་བར་བྱ་བའི་དོན་དུ་ཆོས་སྟོན་པར་བྱེད་དོ། །དེ་ནས་ལྷ་དེས་ སྔ་ན་མེད་པའི་ལྷ་དེ་དག་མངོན་པར་མཐོང་བར་གྱུར་པས། སླར་ཉིད་ཀྱང་ཆེས་མཆོག་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་ལེགས་པར་བཤད་པ་དེ་དག་རྣམས་ལ་བརྩི་བགྲང་མ་བྱས་པར་བག་མེད་པའི་དབང་གིས། རབ་ཏུ་རྩེ་བར་བྱེད་པ་དང་གར་བྱེད་པ་དང་རྒོད་པར་ཡང་བྱེད་ ཅིང་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རྣམས་ཀྱིས་རྣམ་པ་དུ་མར་དགའ་བར་བྱེད་དེ། དཔེ་མེད་པའི་ནགས་དང་ཉེ་བའི་ནགས་རྣམས་དང་རི་དང་རིའི་ལྗོངས་རིན་པོ་ཆེ་ཀུན་ཏུ་འབར་བའི་འོད་ཟེར་གསལ་བར་སྣང་བ་རྣམས་དང་དཔག་བསམ་གྱི་ཤིང་གི་ནགས་རྣམས་དང་ལྡན་པ་རྣམས་ དང་དགའ་བའི་བྱ་དང་ལྡན་པ་རྣམས་དང་རིའི་ཆུ་ཀླུང་བརྒྱ་ཕྲག་དང་ལྡན་པ་རྣམས་དང་པད་མའི་ནགས་དང་ལྡན་པ་རྣམས་ལ་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ཤིང་འདོད་པ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་ལྷ་རྫས་ཀྱི་བདེ་བ་རྣམས་དང་ལྡན་པས་རྣམ་པ་དུ་མར་ལྷ་རྣམས་རྩེ་ དགའ་བར་བྱེད་དོ། །དེ་ལྟར་རྩེ་བར་གྱུར་པའི་ལྷ་དེ་རྣམས་རིམ་གྱིས་ནོར་བུའི་ཆ་ཤས་རྣམ་པར་བཀྲ་བ་ཞེས་བྱ་བའི་རི་དེ་ལ་འཁོད་དོ། །རི་དེ་ལ་ཡང་དཔག་བསམ་གྱི་ཤིང་གི་ནགས་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ཤིང་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། དཔག་ཚད་ ལྔ་བརྒྱ་ཡོད་པ་ཡིན་ནོ། །ནགས་ཆེན་པོ་དེ་ནི་ཤིན་ཏུ་བཀྲ་བས་རྣམ་པར་བཀྲ་བར་གྱུར་པའི་རྨ་བྱའི་རྒྱལ་པོ་རབ་ཏུ་གནས་པས། བག་མེད་པ་དང་བྲལ་བར་བྱ་བའི་དོན་དུ་ལྷ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ལྷ་རྣམས་ཀྱང་ཆོས་ལ་རྗེས་སུ་འཇུག་པར་བྱ་བའི་དོན་དུ་ཡང་སྟོན་པར་ 71-1-39a ཆེད་ཆེར་བྱེད་དོ། །ནགས་དང་ཉེ་བའི་ནགས་རྣམས་དང་པད་མའི་རྫིང་བུ་རྣམ་པ་སྣ་ཚོགས་པ་རྣམས་དང་ཆུ་ཀླུང་དང་འབབ་ཆུ་རྣམ་པ་སྣ་ཚོགས་པ་རྣམས་དང་རིན་པོ་ཆེའི་ཁམས་རྣམས་དང་ལྡན་པའི་རིའི་རྩེ་མོ་རྣམ་པར་བཀྲ་བ་རྣམས་དང ། བྱ་བརྒྱ་སྟོང་ཕྲག་ ངོས་ན་སྒྲ་ཀུན་ཏུ་སྒྲོགས་པས་དགའ་བར་གྱུར་པ་རྣམས་དང་ལྷའི་ཚོགས་རྣམས་ཀྱིས་ཉེ་བར་མཛེས་པ་དང་ལྷ་མོའི་ཚོགས་རྣམས་ཀྱིས་རྣམ་པ་སྣ་ཚོགས་པར་ཆེས་དགའ་བར་གྱུར་པ་ལ་ལྷ་དེ་དག་ཕན་ཚུན་གྲོགས་སུ་གྱུར་པས་དགའ་བར་བྱེད་དོ། །རྣམ་པ་སྣ་ཚོགས་པའི་འདོད་ པའི་བདེ་བའི་རྒྱགས་པས་མྱོས་པ་དང ། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་རྣམས་ལ་ལོངས་སྤྱོད་པས་ཐམས་ཅད་ཉིད་དགའ་བར་བྱེད་པ་དང་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མས་ཀྱང་ལྷ་རྫས་ཀྱི་དཔེ་མེད་པ་རྣམས་ལ་རྩེད་མོ་དག་ཀྱང་རྩེ་བར་བྱེད་དོ། །དེ་ནས་ལྷ་དེ་དག་ རྣམས་ཀྱིས་བག་མེད་པའི་བདེ་བ་དེ་དག་ཉེ་བར་རྙེད་ནས། ནོར་བུའི་ཆ་ཤས་རྣམ་པར་བཀྲ་བའི་རི་དེ་ནས་དགའ་བས་རྩེ་བར་འགྱུར་བ་རྣམས་ལ། རྨ་བྱའི་རྒྱལ་པོ་དེས་ཚིགས་སུ་བཅད་པའི་དབྱངས་བསྙད་པ། ཇི་ལྟར། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས། །ཚིམ་ པར་མ་གྱུར་འགྱུར་བ་མིན། །སོལ་མེའི་མེ་ཡིས་བསྲེགས་པ་རྣམས། །སླར་ཡང་ཡུལ་ལ་འདོད་པ་རྣམས། །ཡང་དང་ཡང་དུ་ལྷའི་འཇིག་རྟེན། །འཆི་འཕོ་དང་ནི་སྐྱེ་བར་འགྱུར། །ལས་ཀྱི་ཉ་རྒྱས་བཟུང་ནས་ནི། །སླར་ཡང་དམྱལ་བར་འགྲོ་བ་ཡིན། །དམྱལ་དང་ཡི་ དགས་དུད་འགྲོ་ནི། །སྡུག་བསྔལ་མང་གནས་སྐལ་བ་ཅན། །རྒྱུ་དང་འབྲས་ཀྱི་སྐལ་ལྡན་པས། །སེམས་ཅན་འགྲོ་བ་ལྔ་ན་འཁྱམ། །ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །སྣ་ཚོགས་མང་པོ་འདིར་བྱས་ནས། །འབྲས་བུ་སྣ་ཚོགས་དེ་དག་ཉིད། །དུ་མའི་སྒོ་ནས་ལྷ་ རྣམས་སྤྱོད། །བྱུང་ཞིང་འཛད་པའི་ཆོས་ཅན་ནི། །ཟད་ནས་ཀྱང་ནི་རྟག་ཏུ་ལྟུང ། །དེ་ཉིད་བཞིན་དུ་མཁས་པ་ཡིས། །ལྷ་རྣམས་ཀྱི་ནི་འཆི་འཕོ་མཐོང ། །འཆི་བདག་འདི་ནི་ཀུན་འབྱུང་བས། །མི་རྣམས་གསོན་པའི་བར་ཆད་བྱེད། །ཐམས་ཅད་ཡུལ་གྱིས་བག་མེད་ 71-1-39b པས། །རྨོངས་པ་ཡིས་ཀྱང་རིག་པ་མིན། །བདག་ཉིད་ཚོལ་བར་བྱེད་པའི་ངག་།དུ་མ་རྗེས་སུ་བསྔགས་པར་འགྱུར། །ལྷ་རྣམས་བདེ་བས་རྨོངས་པ་ཡིས། །འདོད་པ་རྣམས་ནི་རྣམ་མི་སྤོང ། །ཆོས་ལྡན་དགེ་བའི་ངག་གིས་ནི། །འདི་དང་ཕྱི་མར་བདེ་བ་འབྱུང ། ། རྨོངས་དག་གང་ཞིག་མི་འཛིན་པ། །དེ་ནི་ཕྱི་ནས་གདུང་བར་འགྱུར། །མང་པོར་རྗེས་སུ་གདམས་གྱུར་པའི། །དེ་ཉིད་དོན་ནི་གསལ་བྱེད་པ། །བག་མེད་པས་ཕྲོགས་ལྷ་ཡིས་ནི། །གང་ཕན་པ་ནི་མི་རྟོགས་སོ། །སྲོག་གི་བར་ཆད་བྱེད་པའི་དགྲ། །བསྲན་ པར་མི་བཟོད་སྟོབས་པོ་ཆེ། །འགོར་བ་མེད་པར་ཤུགས་པོ་ཆེ། །འདིར་ནི་འཆི་བདག་ཁྱེད་ལ་འབྱུང ། །ལྷ་ཀླུ་དྲི་ཟ་ཤ་ཟ་དང ། །ལྟོ་འཕྱེ་དང་ནི་སྲིན་པོས་ཀྱང ། །དེ་ཡི་སྟོབས་ནི་གཞིག་ནུས་པའི། །དེ་སྟོབས་རྣམ་པ་དེ་འདྲ་མེད། །སྟོབས་དང་སྟོབས་མེད་རྣམ་ པར་ཤེས། །ལས་རྣམས་དེ་ཉིད་མཐོང་བ་པོ། །སྡིག་པའི་ཆོས་ཀྱིས་མི་གོས་ཤིང ། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །དགེ་བ་གྱིས་དང་མི་དགེའི་དུག་།དེ་ནི་སྤངས་པ་ཉིད་དུ་ཡང ། །བྱས་ན་འདི་ཡི་ཚེ་ལ་ནི། །སྡུག་བསྔལ་རྗེས་སུ་རྒྱུགས་པ་མིན། །ཆོས་རྗེས་ འབྲང་དང་དད་པ་ནི། །བརྩོན་འགྲུས་ཀྱིས་ནི་ཡོངས་སུ་སྤེལ། །ཐེག་ཆེན་སྟོབས་ལ་བརྩོན་དང་ལྡན། །མ་བཞིན་དུ་ནི་ཕན་པར་བྱེད། །དེ་ནི་སྐྱེས་བུ་ཐམས་ཅད་ཀྱིས། །འགྲོ་བ་ལྔར་ནི་དབུགས་འབྱིན་འགྱུར། །དེ་ལ་ཕ་དང་མ་མེད་པར། །འགྲོ་ཞིང་རྗེས་སུ་འགྲོ་བ་མིན། ། ཆོས་རྗེས་འབྲང་དང་དད་པ་ཅན། །ཇི་ལྟར་བདེ་བ་འབྱུང་བར་འགྲོ། །ངན་སོང་ལས་ནི་ཀུན་འཛིན་པའི། །སྡུག་བསྔལ་སྟོབས་ནི་ཆེ་བ་ཡི། །མུན་པའི་དེ་ཡང་མར་མེར་རུང ། །ནད་པ་རྣམས་ཀྱི་འདི་ནི་སྨན། །དམུས་ལོང་རྣམས་ཀྱི་མིག་གྱུར་དང ། །དེ་ནི་དབུལ་པོའི་ནོར་ ཆེན་ཡིན། །སྲིད་པའི་ཆུ་བོས་ཁྱེར་རྣམས་ཀྱི། །རྒྱལ་བར་གྱུར་པའི་བདེ་བ་འཁྱེར། །བག་མེད་རྒྱགས་པས་རྒྱགས་རྣམས་ཀྱི། །དེ་ནི་བག་མེད་འཇོམས་པ་པོ། །འཆི་བདག་དུས་ནི་ཉེར་བྱུང་ལ། །སྲིད་པའི་ཆུ་བོ་འཇོམས་བྱེད་དེ། །གང་ཡང་གོ་འཕང་ཞི་གང་དེ། ། 71-1-40a སྔོན་གྱི་ཐུབ་པས་རྣམ་འཛིན་པ། །ཡང་དག་ལྟ་བས་སྔོན་འགྲོ་བ། །དེ་ནི་ངལ་བ་མེད་པར་འཐོབ། །བག་ཡོད་དེ་བཞིན་དད་པ་དང ། །བརྩོན་འགྲུས་རྩོམ་པ་དེ་བཞིན་འཛིན། །ཡེ་ཤེས་གོམས་པ་དམ་པ་བསྟན། །ཐར་པ་ཡི་ནི་སྐྱེ་མཆེད་དྲུག་།སྦྱིན་ དང་ཚུལ་ཁྲིམས་དུལ་དང་བཟོད། །བྱམས་པར་གྱུར་པས་འཚེ་བ་མེད། །སྙིང་རྗེ་དགའ་བ་བཏང་སྙོམས་ནི། །ཞི་བ་ལེགས་འཐོབ་རྒྱུ་རྣམས་ཡིན། །རྩབ་ཧྲལ་ཅན་དང་སྡིག་ལ་འདྲེ། །ཁྲོན་མ་དེ་བཞིན་མིན་པའི་ཚིག་།ལོག་ལྟ་དང་ནི་བག་མེད་ཀྱང ། །དམྱལ་བའི་ རྒྱུ་ཡི་རྩེ་མོ་རྣམས། །སེར་སྣ་དང་ནི་ཕྲག་དོག་ངག་རྩུབ་བག་མེད་པ། །བསྟེན་པ་ལ་ནི་མངོན་པར་དགའ་དང་མི་དགེ་དང ། །སེམས་ཅན་འཚེ་ལ་མངོན་པར་དགའ་བའི་ཡིད་དང་ནི། །འདི་དག་ཡི་དགས་ལམ་དུ་འཕགས་པ་དག་གིས་གསུངས། །བློ་གྲོས་བླུན་པོ་དང་ ནི་རྨོངས་པ་སྟེན་པ་དང ། །དམ་པའི་ཆོས་ལ་སྨོད་དང་འཁྲིག་པ་ལ་ཡང་དགའ། །ཟས་ལ་ཆགས་པ་དང་ནི་གཉིད་ལ་ཕལ་ཆེ་བ། །དུད་འགྲོ་རྣམས་སུ་སྐྱེ་བའི་རྒྱུ་རྣམས་ཡིན་པར་སྨྲ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །མི་དགེ་རྣམ་པ་གསུམ་ཆེར་བྱས། །སྐྱེས་ བུ་བློ་གྲོས་དམན་པ་ནི། །དམྱལ་བར་སྐྱེ་བར་འགྱུར་བ་ཡིན། །རྒྱུ་རྣམས་ཅི་འདྲ་བ་ཡི་ནི། །འབྲས་བུ་དེ་དང་འདྲ་བ་མཐོང ། །འབྲུ་འབྲས་འབྲུ་དང་འདྲ་བ་གང ། །དེ་མེད་པར་ཡང་འབྱུང་མ་ཡིན། །འཁོར་བར་སྡུག་བསྔལ་རྒྱུ་མང་པོ། །མང་པོ་ལེགས་པར་མཐོང་བ་ ཡིན། །དེ་ལྟ་ན་ཡང་དེས་རྨོངས་པས། །ལྷ་རྣམས་ཀྱིས་ནི་མི་གོའོ། །དང་པོ་བག་མེད་བདེ་དང་ལྡན། །ཕྱི་ནས་སྡུག་བསྔལ་ལྡན་པར་འགྱུར། །ཕྱིས་གང་སྡུག་བསྔལ་རྒྱུར་གྱུར་པ། །དེ་ནི་མཁས་པས་སྤོང་བར་བྱེད། །ཇི་སྲིད་མྱ་ངན་འདས་མི་གཞོལ། །དེ་ སྲིད་བདེ་བ་ཐོབ་མི་འགྱུར། །རྣམ་གྲོལ་སྐྱེས་བུ་ཐམས་ཅད་ནི། །རྟག་ཏུ་བདེ་དང་ལྡན་པར་འགྱུར། །བདེ་གང་བརྟེན་པར་མིན་པ་དང ། །དེ་ནི་བདེ་བར་རབ་མ་བསྒྲགས། །གང་ཡང་བརྟན་པ་དེ་ལ་ནི། །དེ་འདི་བདེ་བ་ཞེས་བརྗོད་དོ། །གོང་ནས་གོང་དུ་ལེགས་འབྲེལ་བའི། ། 71-1-40b ལས་རྣམས་ལེགས་པར་སྟོན་པར་བྱེད། །འབྲས་བུ་རྣམས་ཀྱང་ལེགས་འབྲེལ་བ། །དེ་ནི་གོང་ནས་གོང་ཉིད་དོ། །དེ་ཕྱིར་ལས་འབྲས་གོ་བ་དང ། །བག་མེད་པ་ཡང་རྣམ་པར་སྤོངས། །བདེ་ལེགས་ཀྱི་ནི་བློ་གྱིས་དང ། །དེ་དག་བདེ་བ་བླ་ན་མེད། །དེ་ལྟར་རྨ་ བྱ་རྣམས་ཀྱི་མངའ་བདག་དེས་དེ་དག་རྣམས་ལ་བག་མེད་པ་དང་བྲལ་བར་བྱ་བའི་དོན་དུ་རྣམ་པ་དུ་མར་ཆོས་སྟོན་པར་བྱེད་དེ། བརྟན་ཞིང་གསལ་ལ་སྙན་པ་རྒྱ་ཆེ་བའི་སྐད་རྣམ་པ་དེ་ལྟ་བུ་དག་གིས་གང་ལྷ་དེ་དག་རྣམས་ཀྱི་གླུ་དེ་དག་རྣམས་ཐམས་ཅད་ཉེ་བར་བཅོམ་ནས་ དགེ་བའི་ཆོས་ཀྱིས་དཔག་ཚད་སྟོང་ཕྲག་ཉི་ཤུར་སྒྲ་དབྱངས་བཟང་པོ་རྣམས་ཀྱིས་ཀུན་ཏུ་བསྒྲགས་སོ། །ཐོས་པའི་བདེ་བ་དང་ཆོས་ཡོངས་སུ་སྨིན་པའི་བདེ་བ་རྣམས་དང་ཡང་ལྡན་པ་ཡིན་ནོ། །དེ་ནས་ལྷ་གང་དག་དགའ་ལྡན་གྱི་ལྷའི་རིས་ནས་འབབ་པར་བྱེད་པ་དེ་དག་ རྣམས་ནི་ནམ་མཁའི་དཀྱིལ་ནས་རྒྱུ་བར་འགྱུར་ཏེ། །ཇི་ལྟར་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་རྒྱུ་བར་བྱེད་པ་དེ་ལྟར་དེ་དག་རྣམས་ཀྱང་རྒྱུ་བ་ཡིན་ནོ། །གལ་ཏེ་ཤེད་ན་དེ་དག་རྣམས་ཀྱིས་རྣམ་པར་རྟོག་པ་དུ་མར་གྱུར་པའི་དབྱངས་སྙན་པ་དེ་ཐོས་པར་འགྱུར་རོ། །དེ་ནས་ ཐོས་པར་གྱུར་པ་དང་ལྷ་ཉིད་སྟོང་ཕྲག་བདུན་ཅུས་ཏེ། དམ་པའི་ཆོས་ལ་གུས་པ་དང་བག་མེད་པ་ཡང་ཤས་ཆུང་བར་གྱུར་པས་གང་ན་འཐབ་བྲལ་རྣམས་ཀྱི་ལྷའི་ས་ཡོད་པའི་གང་ལ་རྨ་བྱའི་རྒྱལ་པོ་རྣམ་པར་བཀྲ་བ་འདིའི་ལེགས་པར་བཀྲ་བ་དང་བཅས་ནས་ཆོས་སྟོན་ པར་བྱེད་པར་བབས་པར་གྱུར་ཏོ། །དེ་ནས་དགའ་ལྡན་གྱི་ལྷ་རྣམས་བབས་པར་རིག་ནས་རྨ་བྱའི་རྒྱལ་པོ་དེ་ཆེས་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་རྗོད་པར་བྱེད་པ་ཇི་ལྟ་བ་བཞིན་དུ་བདེ་བར་འོངས་སམ། ཀྱེ་ཡེ་ཡང་དག་པའི་ལྷ་རྣམས་འདིར་འོངས་པ་རྣམས་ནི་བག་ མེད་པ་རྣམས་ཆུང་བས་རྣམ་པར་རྒྱུ་བ་དང ། འདི་དང་ཕ་རོལ་རྗེས་སུ་དཔྱོད་པར་བྱེད་པ་དང་ཆོས་རྣམ་པ་དུ་མ་ཉན་པས་བབས་པར་གྱུར་པ་ཡིན་མོད་ཀྱི། ཁྱེད་རྣམས་ཇི་ལྟ་བར་བདག་ཅག་གི་ཆོས་ཉོན་དང་དེ་བཞིན་དུ་བདག་གིས་བསྟན་པར་བྱའོ། །ཤིས་པ་ཐབས་སུ་ 71-1-41a གྱུར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ལེགས་པར་འཐོབ་པར་བྱེད་པ་ཐམས་ཅད་ཀྱིས་སྔར་མ་མཐོང་བ་གང་བདག་སྐྱེ་བ་གཞན་ཞིག་ཏུ་མིར་གྱུར་པ་ན། བཅོམ་ལྡན་འདས་འཁོར་བ་འཇིག་གི་སྤྱན་སྔ་ནས་ཐོས་པ་དེ་སྐྱེ་བ་གཞན་རྗེས་སུ་དྲན་པ་དང་སྨོན་ལམ་ གྱི་དབང་གིས་ངས་ད་རུང་དྲན་ཞིང ། གཞན་དག་རྣམས་ལ་ཡང་ཉེ་བར་སྟོན་པར་བྱེད་དོ། །དེ་ནས་དགའ་ལྡན་གྱི་ལྷ་དེ་དག་རྣམས་ཀྱིས་རྨ་བྱའི་རྒྱལ་པོ་དེའི་དྲུང་ནས་ཚིག་དག་ཉེ་བར་ཐོས་ནས་ནམ་མཁའི་དཀྱིལ་ནས་བབས་ཏེ། དམ་པའི་ཆོས་ལ་གུས་པས་ཚིམ་པར་གྱུར་པའི་ ཡིད་ཀྱིས་ཐམས་ཅད་ཉིད་ཀྱང་རི་དེའི་རྩེ་མོ་འབབ་ཆུ་དང་རྫིང་བུ་ཕལ་ཆེ་བ་དང་ནགས་དང་ཉེ་བའི་ནགས་རྣམས་ཕུན་སུམ་ཚོགས་པ་དང་པད་མའི་རྫིང་བུ་དང་རིན་པོ་ཆེའི་ཁམས་རྣམས་དང་ཡང་དག་པར་ལྡན་པ་དང་བྱ་བརྒྱ་སྟོང་དུ་མས་རྣམ་པར་རྗོད་པར་བྱེད་པས་མངོན་པར་དགའ་བ་ དང ། རིན་པོ་ཆེའི་ཁམས་ཀྱི་འབྱུང་ཁུང་རྣམས་དང་ལྡན་པའི་ནོར་བུའི་ཆ་ཤས་ཀྱིས་རྣམ་པར་བཀྲ་བའི་རིའི་རྩེ་མོ་དེ་ལ་ལྷ་དེ་དག་གིས་རྨ་བྱའི་རྒྱལ་པོ་དེ་ཡོངས་སུ་བསྐོར་ནས་ཀུན་ཏུ་གནས་སོ། །གཟུགས་དང་བརྟན་པ་དང་རྒྱ་ཆེན་པོར་གྱུར་པ་ཕུན་སུམ་ཚོགས་པའི་ངོ་བོ་ རྣམས་ཐམས་ཅད་ལས་འདི་ལྷག་པར་གྱུར་པས་འཐབ་བྲལ་གྱི་ལྷ་དེ་དག་གི་དྲུང་ན་ཆེས་ལྷག་པར་གྱུར་པ་ནི། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཁྱད་པར་[(]ཀྱིས་[,]གྱིས་[)]འཐབ་བྲལ་བ་རྣམས་ཐབས་ཐམས་ཅད་ཀྱིས་བླ་ལྷག་པ་ཡིན་ནོ། །དེ་བཞིན་དུ་དགའ་ལྡན་གྱི་ལྷ་དེ་དག་ རྣམས་འཐབ་བྲལ་བའི་དྲུང་ན་བླ་ལྷག་པར་གྱུར་པ་ཡིན་ནོ། །དེ་ནས་འཐབ་བྲལ་བ་དེ་དག་གིས་དགའ་ལྡན་པ་དེ་དག་རྣམས་མངོན་པར་མཐོང་ནས་གཟུགས་ཀྱི་རྒྱགས་པ་དང་དབང་ཕྱུག་དང་རྒྱ་ཆེན་པོ་ཉེ་བར་བཅོམ་པར་གྱུར་པས། གང་ན་རྨ་བྱའི་མངའ་བདག་ཡོད་པར་གྱུར་ པ་དེར་ཉེ་བར་འགྲོའོ། །འགའ་ཞིག་དང་འགའ་ཞིག་ནི་རྩེ་བ་ལ་དགའ་བར་གྱུར་པས་ནགས་དང་ཉེ་བའི་ནགས་དག་ཏུ་ཞུགས་སོ། །ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཁྱད་པར་གྱིས་འཐབ་བྲལ་བ་རྣམས་ཚུལ་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལྟར་ 71-1-41b དགའ་ལྡན་གྱི་ལྷ་དེ་དག་རྣམས་འཐབ་བྲལ་བ་དེ་དག་གི་དྲུང་ན་ཡང་བླ་ལྷག་པ་ཡིན་ནོ། །ཁ་ཅིག་ནི་མ་མཐོང་བའི་ཕྱིར་དང་ངོ་མཚར་བར་གྱུར་པའི་ཕྱིར་ཡང་དགའ་ལྡན་གྱི་ལྷ་དེ་དག་རྣམས་ཉིད་ལ་ཀུན་ནས་མངོན་པར་ལྟ་ཞིང་གནས་པར་གྱུར་ཏོ། །ཁ་ཅིག་ནི་སླར་ཉིད་ ཀྱང་རིའི་རྩེ་མོ་དེ་དག་ཉིད་ལ་རྩེ་བའི་དོན་དུ་མངོན་པར་འཁོད་པར་བྱེད་དོ། །དེ་ནས་དགའ་ལྡན་པ་དེ་དག་དང་འཐབ་བྲལ་བ་དེ་དག་རྣམས་ཀྱིས་རྨ་བྱའི་རྒྱལ་པོ་དེ་ལ་ཡོངས་སུ་བསྐོར་ནས་དེ་ན་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་ སོ། །ལྷ་དག་ཇི་ལྟར་ཆོས་ལ་གུས་པ་ལ་གོམས་པའི་དབང་གིས་ལྷ་དང་མི་རྣམས་ལ་ཕན་པའི་དོན་གང་ཡིན་པ་དང་མཆོག་ཏུ་བདེ་བ་དང་སེམས་ཅན་རྣམས་ཐམས་ཅད་ལ་ཕན་པ་དང་སེམས་ཅན་ཐམས་ཅད་ལྷ་དང་མི་རྣམས་ལ་ཡང་དག་པར་འགོད་པ་ནི་འདི་ལྟ་སྟེ། ཆོས་ཉི་ཤུ་རྩ་གཉིས་པོ་འདི་དག་རྣམས་ཀྱིས་ནི་ལྷ་དང་མི་རྣམས་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཡང་ཕན་པ་དང་བདེ་བ་དང་སྡུག་པ་དང་ཡིད་དུ་འོང་བ་གང་ཡིན་པར་འགྱུར་རོ། །ཆོས་ཉི་ཤུ་རྩ་གཉིས་པོ་གང་གིས་བག་མེད་པ་རྣམས་ཀུན་ནས་འདོར་བ་དང ། ཆུད་གསོན་ པར་བྱེད་པ་དང་མེད་པར་བྱེད་པ་དང་དེ་དང་བྲལ་བས་ཀྱང་བདེ་བ་མཐའ་ཡས་པར་གྱུར་པ་ལྷ་དང་མི་རྣམས་མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པ་དང ། ཇི་ལྟར་མས་མ་ཡིན་ཞིང་ཕས་ཀྱང་མ་ཡིན་པ་རྣམས་ཆོས་ཀྱིས་དེ་བཞིན་དུ་ཕན་པར་འགྱུར་བ་དེ་དག་གང་ཞེ་ ན་འདི་ལྟ་སྟེ། འགྱོད་པ་དང་ངན་སོང་གི་འཇིགས་པ་དང་བཟོད་པ་དང་བརྩོན་འགྲུས་དང ། ཆོས་སྟོན་པ་དང་སྙིང་རྗེ་དང་སེམས་རབ་ཏུ་འདུལ་བ་དང་རབ་ཏུ་རྟེན་པ་དང་ལས་ལ་དད་པ་དང་ལྡན་པ་དང ། གྲགས་པ་མ་ཡིན་པས་འཇིགས་པ་དང་མངོན་པར་ཞེན་པ་ མེད་པ་དང་གཅིག་པུར་དགའ་བ་དང་སེམས་རྣམ་པར་མ་གཡེངས་པ་དང་འཆི་བ་རྗེས་སུ་དྲན་པ་དང་གཟུགས་དང་དབང་ཕྱུག་དང་རིགས་དང་ནད་མེད་པའི་རྒྱགས་པ་དང་བྲལ་བ་དང་མི་གནས་པས་ཉེ་བར་བཅོམ་པ་དང་བརྟན་པ་དང་ངག་འཇམ་པོ་དང ། སེམས་ཅན་ཐམས་ཅད་ 71-1-42a ལ་མཉམ་པ་ཉིད་དང་ཆོག་ཤེས་པ་དང་ཡུལ་རྣམས་ལ་འཇིགས་པར་ལྟ་བ་དང་སེམས་ལ་ཡིད་ཆེས་པར་མི་བྱེད་དོ། །དེ་ལ་ཆོས་ཉི་ཤུ་རྩ་གཉིས་པོ་དེ་དག་རྣམས་ཇི་ལྟ་བ་བཞིན་དུ་བརྟེན་པར་གྱུར་པ་ན་ལྷའམ་མི་རྣམས་ཀྱང་རུང་སྟེ་ངན་སོང་གི་ས་རྣམས་ ལ་སྐྱེ་བར་མི་འགྱུར་རོ། །མྱ་ངན་ལས་འདས་པར་ཡང་མྱུར་བར་ཐོབ་པར་བྱེད་དོ། །དེ་ལ་ཇི་ལྟར་འགྱོད་པར་བྱེད་པར་བྱ་བ་ཡིན་ཞིང ། ཇི་ལྟར་ན་ཐམས་ཅད་ཀྱང་བདེ་ལེགས་ལ་ལེགས་པར་སྤྱོད་པ་ཡིན་ན། ཡིད་ལ་གཅགས་པ་རྣམས་རྣམ་པ་ཐམས་ཅད་དུ་བྱས་ པར་གྱུར་ན་ནི། དགེ་བའི་ཆོས་རྣམས་ཀུན་ནས་འཇོམས་པར་བྱེད་དོ། །དེ་ལ་འདི་ཇི་ལྟར་བྱས་པར་གྱུར་ནས་ཡིན་ན། གལ་ཏེ་ཡང་འདི་ན་གཞན་འགའ་ཞིག་མི་དགེ་བ་རྣམས་ལུས་དང་ངག་དང་ཡིད་ཀྱིས་ཀྱང་བྱེད་པར་གྱུར་པ་ན་ནི། དེས་དགེ་སློང་འདི་སྐྱུག་བྲོ་བར་ བལྟ་བར་བྱ་བ་དང ། རྣམ་པར་སྨོད་པར་བྱེད་པ་དང་གང་ཡིད་ལ་གཅགས་པར་གྱུར་པ་བྱེད་པ་དེ་དང་ལྷན་ཅིག་ཏུ་གནས་པར་ཡང་མི་བྱེད་དོ། །དེ་ནས་ཡང་གལ་ཏེ་བདག་ཉིད་ཀྱིས་ཇི་ཞིག་ལྟར་རྐྱེན་གྱི་དབང་གིས་བྱས་པར་གྱུར་ཏམ་སེམས་ལ་ཡང་རྣམ་པར་རྟོག་པ་ ཀུན་ཏུ་སྐྱེས་པར་གྱུར་ན། དེ་སྐྱེས་པར་གྱུར་པ་ཙམ་ཉིད་ན་ཡང་རབ་ཏུ་འཇོམས་སོ། །ཕྱིར་ཉིད་ཀྱང་རོ་མྱོང་བར་མི་བྱེད་དོ། །གང་དག་གིས་ཕྲོགས་པར་གྱུར་ན་ཡང་གཞན་དག་གི་དྲུང་དུ་མཐོལ་བར་བྱེད་དོ། །འདི་འབྱུང་བར་མི་འགྱུར་བ་ལ་ཡང་ཀུན་ནས་འབད་ པར་བྱེད་ཅིང་སེམས་ཀྱིས་འབད་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་ཕྱིར་ཞིང་དང་དེ་དག་ཉིད་ལ་སླར་ཡང་དང་སེམས་རབ་ཏུ་གནས་པར་མི་བྱེད་དོ། །དེས་མི་དགེ་བའི་ཆོས་རྣམ་པར་རྟོག་པ་དེ་དག་རྣམས་དེ་ལྟར་སྨེ་བར་བྱེད་དེ། དཔེར་ན་རྟུག་པ་དང ། ཁྱིའི་རོ་མགུལ་པར་ བཅིངས་པའམ་མི་གཙང་བ་རྣམས་འགའ་ཞིག་ཏུ་བཅུག་པར་གྱུར་ན། མི་གཙང་བ་དེ་དག་རྣམས་དང ། ཁྱིའི་རོ་དེ་དག་ལ་ཡང་གཙང་མ་འདོད་པའི་སྐྱེས་བུ་རྣམས་སྐྱུག་ལོག་པར་བྱེད་དོ། །དེ་ལྟར་དགེ་སློང་མི་དགེ་བའི་ཆོས་ཡིད་ལ་བྱེད་པ་ལ་སྐྱུག་བྲོ་བར་བྱེད་དོ། །རྣམ་ 71-1-42b པར་གཤེའོ། །འགྱོད་པར་ཡང་བྱེད་པ་ཡིན་ནོ། །དཔེར་ན་ཡང་སྐྱེས་བུ་གཞན་འགའ་ཞིག་གཙང་མ་འདོད་པ་གཙང་མ་ལ་བསྟེན་པ་གཙང་མ་རྣམས་ལ་སོ་སོར་སྐྱབས་སུ་སོང་བ་དག་བརྒྱ་ལ་ཞིག་ན་བཤང་བ་ཟ་བར་བྱེད་པ་ཡིན་ཏེ། གལ་ཏེ་ཤེད་ན་མི་ཤེས་པས་ སམ་བྱིས་པར་གྱུར་པས་གཞན་གྲོགས་པོ་མ་ཡིན་པ་དག་གིས་ཟར་བཅུག་པར་གྱུར་ཀྱང་རུང་སྟེ། དེས་མི་གཙང་བ་དེ་རྣམ་པར་སྨོད་པར་བྱེད་ཅིང་སྨེ་བར་བྱེད་ལ་ཕྱིས་ཀྱང་ཀུན་ནས་ཟ་བར་མི་བྱེད་པར་དེས་ཀྱང་འགྱོད་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་དགེ་སློང་ངམ་ དེའི་རིགས་ཅན་གཞན་དག་རྣམས་ཀྱང་རུང་སྟེ་གང་འགའ་ཞིག་དགེ་བ་རྗེས་སུ་ཚོལ་བ་རྣམས་ལ་ཅི་ཞིག་ལྟར་མི་དགེ་བའི་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་དག་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨོད་པར་བྱེད་དོ། །སྨེ་བར་བྱེད་དོ། །གང་དག་གིས་ཁྲིད་པར་གྱུར་པ་ན་དེ་ དག་ན་ཡང་མི་སྐྱེ་བར་བྱ་བའི་དོན་དུ་སེམས་སྐྱེད་པར་བྱེད་ཅིང་དགེ་བ་ལ་ཡང་སྤྱོད་པར་བྱེད་དོ། །འདི་ནི་བག་མེད་པ་རྣམ་པར་འཇོམས་པ་དང ། བག་མེད་པ་རླག་པར་བྱེད་པ་དང་བག་མེད་པ་རྣམས་འཇིག་པར་བྱེད་པའི་ལྷ་དང་མི་རྣམས་ཀྱི་ཆོས་དང་པོ་ཡིན་ནོ། །དེའི་ཕྱིར་ སྐྱེས་བུ་དམ་པ་དེ་ཁོ་ན་ཉིད་ཚོལ་བ་རྣམས་དང ། འཁོར་བའི་འཇིགས་པས་འཇིགས་པ་གང་ཡིན་པ་རྣམས་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། མི་དགེ་བའི་རྣམ་པར་རྟོག་པ་ཕྲ་བའི་ཕྲ་བ་ཡིད་ལ་སྐྱེས་པར་གྱུར་ན་ཡང་འགྱོད་པར་བྱའོ། །འདིར་ནི་བག་ཡོད་པར་བྱ་བ་ ཡིན་ཏེ། སྐད་ཅིག་ཀྱང་བག་མེད་པར་ནི་མི་བྱའོ། །དེ་ལྟ་བས་ན་མི་དགེ་བའི་ཆོས་རྣམས་ཀྱི་རྩ་བ་གཅིག་པུར་གྱུར་པ་ནི་འདི་ལྟ་སྟེ། རོ་མྱོང་བར་བྱེད་པ་དང་ཡིད་ལ་གཅགས་པར་བྱེད་པ་སྟེ་ཆོས་དང་པོ་ཡིན་ནོ། །ཆོས་གཞན་ཡང་དགེ་བ་ཀུན་ཏུ་འཕེལ་བ་བྱེད་ པ་དག་ཡོད་དེ། འདི་ལྟར་ངན་སོང་གིས་འཇིགས་པའོ། །ངན་སོང་གིས་འཇིགས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཡིན་ཏེ། འདིར་ངན་སོང་གིས་འཇིགས་པའི་ལྷ་དང་མི་རྣམས་ཐམས་ཅད་ཀྱི་ཡང་བག་མེད་པ་རྣམས་རླག་པར་བྱེད་པ་དང ། བག་མེད་པ་ 71-1-43a རྣམ་པར་འཇོམས་པར་བྱེད་པ་ཡིན་པས། དགེ་སློང་དག་གམ་དེ་དག་དང་མཚུངས་པར་གྱུར་པ་གཞན་རྣམས་ཀྱང་རུང་སྟེ། ཐབས་མ་ཡིན་པ་ལ་འཇིགས་པ་རྣམས་ནི་མི་དགེ་བ་རྩོམ་པར་མི་བྱེད་དོ། །གཞན་དག་རྣམས་བྱེད་པ་ན་ཡང་རྗེས་ སུ་ཡི་རང་བར་མི་བྱེད་དོ། །མི་དགེ་བའི་ལས་འདི་དག་རྣམས་ཀྱིས་ནི་ཇི་ལྟ་བ་བཞིན་དུ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སེམས་ཅན་རྣམས་སྐྱེ་བ་ཡིན་ནོ་ཞེས་ཤེས་པ་ཡང་ཡིན་པས། བདག་གིས་མི་དགེ་བའི་ཆོས་དེ་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ སྡིག་པའི་འབྲས་བུ་དེས་ཀྱང་ཐབས་མ་ཡིན་པ་རྣམས་སུ་ལྟུང་བར་འགྱུར་རོ། །མི་དགེ་བ་ཆུང་ངུ་ཡང་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པའི་རྒྱུ་གང་གིས་སྲོག་ཆགས་རྣམས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ ཕྱིར་ན་དགེ་སྦྱོང་དང་བྲམ་ཟེ་དང་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ངན་སོང་རྣམས་ཀྱིས་འཇིགས་པ་རྣམས་ཀྱིས་རྟག་ཏུ་ཡང་མི་དགེ་བའི་ཆོས་རྣམས་ལ་འཇིགས་པར་བྱའོ། །གང་གི་ཕྱིར་མི་དགེ་བའི་ལས་མཐའ་དག་གི་ འབྲས་བུ་རྣམ་པར་སྨིན་པ་རྣམས་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་ཉེ་བར་ལོངས་སྤྱོད་པར་བྱེད་པ་ཡིན་པས། བག་མེད་པ་རྣམས་བག་མེད་པར་རྒྱུ་བར་བྱེད་པའི་ལྷ་བློ་དམན་པ་རྣམས་ཀྱིས་དེ་ལྟར་ངན་སོང་ལ་འཇིགས་པར་བྱའོ། །ངན་སོང་རྣམས་ལ་འཇིགས་ པའི་ཕྱིར་བག་མེད་པ་ཀུན་ཏུ་སྙེན་པར་མི་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱི་མི་དགེ་བའི་ལས་རྣམ་པ་གསུམ་པོ་རྣམས་མི་བྱེད་དོ། །དེ་ཉིན་གཅིག་བཞིན་དུ་རྟག་པར་ཡང་དགེ་བ་རྣམས་ནི་བྱེད་པའང་ཡིན་ལ་མི་དགེ་བ་ཡང་སྤོང་བར་བྱེད་དོ། །དེ་དེ་ལྟར་ན་ངན་སོང་གིས་ འཇིགས་པ་རྣམས་ཀྱིས་རྣམ་པར་འཇིགས་པ་ཡིན་ནོ། །ཇི་ལྟར་སྐྱེས་བུ་འགའ་ཞིག་རང་གི་སྟོབས་དང་གཞན་གྱི་སྟོབས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ། དུག་དང་གཅན་གཟན་དང་མེ་དང་མཚོན་ཆ་དང་གཡང་ས་དག་དང་སྲོག་གི་བར་ཆད་བྱེད་པར་འགྱུར་བ་རྣམས་ལས་རྣམ་ 71-1-43b པར་གཞིག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཐབས་མ་ཡིན་པ་རྣམས་ཀྱིས་འཇིགས་པའི་ཕྱིར་ནི་འབྱུང་བར་འགྱུར་བའི་ཆོས་རྣམས་ལས་རྣམ་པར་གཞིག་པར་བྱེད་དོ། །རྟག་ཏུ་ཡོངས་སུ་སྤོང་བར་བྱེད་པ་དང ། མི་དགེ་བ་རྣམས་ལས་ཕྲ་མོ་ཙམ་ཡང་མི་བྱེད་དོ། ། བག་མེད་པ་དག་ལ་ཡང་མི་སྟེན་ནོ། །དེ་ཡོངས་སུ་སྤངས་པར་གྱུར་པ་ལས་ཀྱང་ལྷ་དང་མི་རྣམས་སུ་ལོངས་སྤྱོད་རྣམས་ལ་རྗེས་སུ་སྤྱད་ཅིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་རྗེས་སུ་བཙལ་ནས་འདི་ཡང་མྱ་ངན་ལས་འདས་པར་ཅི་ནས་ཀྱང་འགྲོ་བར་འགྱུར་རོ། །དྲི་མ་ མེད་པ་མི་གཡོ་བ་ཟག་པ་མེད་པའི་བདེ་བའི་མཆོག་རྣམས་ཐོབ་པར་བྱེད་དོ། །དེའི་ཕྱིར་ན་རྟག་ཏུ་ཡང་ངན་སོང་གིས་འཇིགས་པར་བྱའོ། །དེ་ལྟར་བྱས་པར་གྱུར་ན་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དང་འདྲ་བ་རྣམས་ཀྱང་རུང་སྟེ། གོ་འཕང་གི་མཆོག་ཐོབ་པར་འགྱུར་རོ། ། འདི་ལ་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། སྐྱེས་བུ་ཐབས་མིན་པས་འཇིགས་པ། །བག་མེད་སྟོབས་ནི་སྤོང་བ་པོ། །དགེ་བ་སྤྱོད་ཅིང་ཡོན་ཏན་ཚོལ། །མྱ་ངན་འདས་པ་རྟོགས་པར་འགྱུར། །གང་ཞིག་ཐབས་མིན་པས་འཇིགས་པ། །དེ་ཡི་ སེམས་ནི་རྣལ་དུ་གནས། །མཉམ་པར་བཞག་པའི་སེམས་ཀྱིས་ནི། །བདེ་བ་ནས་ནི་བདེ་བ་འཐོབ། །གང་ལ་ངན་སོང་འཇིགས་པ་མེད། །དེ་ནི་སྡིག་པ་མང་པོ་བྱེད། །དེ་ནི་སྡིག་པའི་མེས་བསྲེགས་ནས། །ཕྱི་ནས་དམྱལ་བ་ཐོབ་པར་འགྱུར། །མེ་སྟག་ཤིན་ ཏུ་ཕྲ་བས་ཀྱང ། །ཇི་ལྟར་རུང་བར་སྲེག་པ་ཡིན། །དེ་བཞིན་སྡིག་པ་ཆུང་ངུས་ཀྱང ། །སྡིག་པའི་བློ་མེད་དམྱལ་བར་འགྲོ། །དེ་ཕྱིར་བདེ་བ་འདོད་པ་ཡིས། །ངན་སོང་གིས་ནི་འཇིགས་པར་བྱ། །དེས་ཀྱང་མི་རྣམས་ཀུན་ཏུ་སྐྱོབ། །སྡིག་ལས་བདེ་བ་འབྱུང་ བ་མིན། །དེ་ལྟར་ཆོས་གཞན་འདི་བྱ་སྟེ། ལྷ་དང་མི་རྣམས་སམ་དགེ་སྦྱོང་དང་བྲམ་ཟེའམ་དེ་དག་དང་འདྲ་བ་གཞན་རྣམས་ཀྱིས་ཀྱང་རུང་སྟེ་ཆོས་གཞན་པོ་འདི་དག་རྣམས་བྱའོ། །གང་དག་འཇིགས་པར་གྱུར་པ་རྣམས་ནི་དེའི་ཡིད་ལས་སྐྱེས་པར་གྱུར་པའི་སྡིག་ 71-1-44a པ་ཆུང་ངུ་ན་རྣམས་ཀྱང་དུས་དེ་ཉིད་དུ་བཤགས་པར་བྱེད་དོ། །རྗེས་སུ་ཡི་རང་བ་མི་བྱེད་ཅིང་ཕྱིས་ཀྱང་མི་བྱེད་དོ། །སེམས་པར་ཡང་མི་བྱེད་དེ། དེའི་འབྲས་བུ་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་སྡུག་བསྔལ་རྣམས་ཡིད་ལ་བྱས་ཤིང་ རྟོགས་པ་ཡིན་ནོ། །དེ་ལྟར་ངན་སོང་གིས་འཇིགས་པ་རྣམ་པ་གསུམ་པོ་དེ་དག་རྣམས་བཅུར་ཕྱེ་བས་ནི་མི་དགེ་བ་བཅུའོ། །རྣམ་པར་སྤོང་བར་བྱེད་ཅིང་བྱེད་པ་ཡང་མ་ཡིན་ནོ། །རྗེས་སུ་ཡི་རང་བར་མི་བྱེད་དོ། །དེ་བྱེད་པ་རྣམས་དང་ལྷན་ཅིག་ཏུ་འདྲེ་བར་མི་ བྱེད་དོ། །དེ་ནི་སྡིག་པ་རྣམས་ཐམས་ཅད་རྣམ་པར་སྤངས་པའི་སྐྱེས་བུ་དམ་པ་དགེ་བར་སྤྱོད་པ་རྣམ་པར་དག་པར་སྤྱོད་པ་དྲི་མ་མེད་པ་བག་མེད་པ་རྣམ་པར་སྤངས་པ། སྡིག་པ་རྣམས་ཀྱིས་བྱས་པའི་སྲིད་པའི་བརྗེ་བསོར་མི་དགེ་བའི་ལས་རྣམས་ཐམས་ཅད་ནས་ སོ་སོར་སྤངས་པ་སྐྱོན་ཐམས་ཅད་ལས་ཡོངས་སུ་གྲོལ་བ་ཡིན་ནོ། །སྐྱོན་ཐམས་ཅད་ལས་ཡོངས་སུ་གྲོལ་བ་རྣམས་དང ། ཉོན་མོངས་པ་རྣམས་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམས་དང་རྣལ་དུ་གནས་པའི་རྣོན་པོ་རྣམས་ནི་སྲིད་པའི་ཆུ་བོའི་ཕ་རོལ་ཏུ་འགྲོ་བར་འགྱུར་ རོ། །དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ། རྟག་ཏུ་ངན་སོང་གིས་འཇིགས་པ་རྣམས་གོ་བར་བྱའོ། །ཆོས་གཞན་འདི་ནི་འདོད་པ་སྡུག་པ་ཡིད་དུ་འོང་བ་སེམས་ཅན་རྣམས་ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པ་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་དེ་ཉིད་ཀྱིས་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་དོན་དུ་བག་མེད་པ་རབ་ཏུ་གཞོམ་པར་བྱ་བ་དང ། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་དོན་དུ་ཡང་ཆོས་བསྟན་པ་བདག་མིར་གྱུར་པ་ན་ཐོས་པ་གང་ཡིན་པ་དེ་དག་ངས་དྲན་པ་དང་རྗེས་སུ་འབྲེལ་པ་ རྣམས་ལྷ་རྣམས་ལ་བསྟན་པར་བྱ་བའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་བཟོད་པའོ། །བཟོད་པ་ཞེས་བྱ་བའི་ཆོས་རྣམས་ནི་མཆོག་ཏུ་དགེ་བ་དང ། ཤིན་ཏུ་བདེ་ལེགས་སུ་གྱུར་པ་དང ། མཆོག་ཏུ་སངས་རྒྱས་ཀྱིས་བསྔགས་པ་ཡིན་ནོ། །བཟོད་པ་དེ་ 71-1-44b ཡང་རྣམ་པ་གཉིས་ཡིན་ཏེ། གང་ཡང་ཆོས་མཉམ་པ་ཉིད་ཀྱི་ལམ་དུ་འགྲོ་བའི་བསམ་གཏན་པ་རྣམས་ཀྱི་དཀར་པོའི་ཆོས་རྣམས་ལ་ངེས་པར་བསྟེན་པའི་ཕྱིར་ཆོས་ཉིད་ལ་བརྟན་པར་གྱུར་པ་རྣམས་བསམ་གཏན་གྱི་ལམ་གྱི་དགེ་བའི་ཁྱད་པར་གྱིས་ཀྱང་བཟོད་པ་བྱེད་པའི་ བཟོད་པ་ནི། དེ་ལྟར་འདིར་ཡང་བྲག་དང་ནགས་དང་ནགས་ཚང་ཚིང་དུ་མ་དང་བཅས་པའི་འཇིག་རྟེན་མ་ལུས་པ་འདི་དག་རྣམས་ས་གཞིའི་སྟེང་ན་གནས་པར་གྱུར་པ་ཡང་བཟོད་པར་བྱེད་དོ། །འབྱིང་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་བཟོད་པས་ཀྱང་མྱ་ངན་ ལས་འདས་པའི་ཆོས་རྣམས་ཐོབ་པར་བྱེད་པའི་ཆོས་རྣམས་ཐམས་ཅད་ལ་བརྟན་པ་དང་སྙིང་པོ་དང་ཆོས་ཉིད་དང་ཁྱད་པར་དུ་དང ། གཙོ་བོ་དང་དཀར་པོའི་ཆོས་རྣམས་དང་མྱ་ངན་ལས་འདས་པའི་ལམ་ཐོབ་པར་འགྱུར་བ་རྣམས་ཀྱིས་ཀྱང་བཟོད་པར་བྱེད་དོ། །བཟོད་ པ་འདི་དག་ཉིད་བརྟན་པ་དང་ལྡན་པའི་ལམ་མདུན་དུ་བསར་བའི་འཇིག་རྟེན་ལས་འདས་པ་ཡིན་པ་གང་གི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། །གཞན་ཡང་བཟོད་པ་གཉིས་པ་ཡོད་དོ། །འདི་ལྟ་སྟེ་གང་འགའ་ཞིག་དགེ་སྦྱོང་ངམ་བྲམ་ཟེའམ་རྣམ་ པ་དེ་ལྟ་བུ་གཞན་དག་རྣམས་ཀྱང་ཁྲོ་བ་སྐྱེས་པར་གྱུར་པའི་དུག་འཇོམས་པར་བྱེད་དོ། །ཁྲོ་བའི་འབྲས་བུ་རིག་པར་གྱུར་ནས་ཁྲོ་བ་དེའི་གོ་སྐབས་འབྱེད་པར་མི་བྱེད་དོ། །དེ་ལ་ཁྲོ་བ་ཉིད་སྐྱེས་པར་གྱུར་ན་དེ་སྲིད་དུ་སྐྱེས་བུ་རང་ཉིད་ཀྱི་རྟེན་སྲེག་པར་བྱེད་དོ། །བཞིན་ འགྱུར་བར་བྱེད་དོ། །ཁྲག་རྣམས་ངོར་ལྡོག་པར་བྱེད་དོ། །གཞན་ལ་བག་མེད་པ་གོ་བར་བྱེད་དོ། །འཇིག་རྟེན་པ་འཇིགས་པ་སྐྱེད་པར་བྱེད་དོ། །ཡུལ་ལྗོངས་པ་རྣམས་ཐམས་ཅད་དང་ཡང་མི་འཐུན་པ་དང་ཡིད་དུ་མི་འོང་བ་དང་སྨེ་བར་ཡང་བྱེད་པར་འགྱུར་རོ། ། ཕྱི་ནས་ལུས་ཞིག་པར་གྱུར་ནས་ཀྱང་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བའོ། །གང་དག་ཁྲོ་བས་ཟིལ་གྱིས་མནན་པའི་སྐྱེས་བུ་རྣམས་ཀུན་ཏུ་སྤྱོད་པར་བྱེད་པ་ལས་བྱ་བ་མ་ཡིན་པ་གཞན་དེ་ནི་ཡོད་པ་མ་ཡིན་ཞིང་བྱེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཁྲོ་བ་ 71-1-45a འདི་དག་མེ་བཞིན་དུ་བརྟན་པ་དག་གིས་ཡོངས་སུ་སྤང་བར་གྱིས་ཤིག་།ཕན་པ་བྱེད་པའི་སྐྱེས་བུ་དེ་དག་རྣམས་ཀྱིས་ནི་རྣམ་པ་དེ་ལྟར་སྐྱོན་གྱི་འབྲས་བུ་རྣམས་རྟོགས་ནས་རང་ལ་ཕན་པ་དང་གཞན་རྣམས་ལ་ཕན་པ་ལ་རབ་ཏུ་ཞུགས་པས་བཟོད་པ་བྱེད་ ཅིང་འཇིལ་བར་བྱེད་དེ། ཇི་ལྟར་སྐྱེས་བུ་འགའ་ཞིག་གི་ཁྱིམ་ལ་མེ་ཤོར་བར་གྱུར་ན་མེ་ཞི་བར་བྱེད་པ་ལྟར། ཡེ་ཤེས་ཀྱི་ཆུ་དག་གིས་བློ་དང་ལྡན་པ་རྣམས་ཁྲོ་བ་ཀུན་ནས་ཞི་བར་བྱེད་པའི་བཟོད་པ་ཕུན་སུམ་ཚོགས་པ་མཆོག་ཏུ་དགེ་བའི་ཡིད་ཅན་དང ། བཟོད་པ་དང་ ལྡན་པ་ཁྲོ་བ་རྣམ་པར་སྤངས་པའི་སྐྱེས་བུ་ལ་སྐྱེ་བོ་རྣམས་ཐམས་ཅད་དང་འཐུན་པར་འགྱུར་རོ། །ཡིད་དུ་འོང་བ་དང་མཐོང་ན་དགའ་བར་ཡང་འགྱུར་རོ། །མཆོག་ཏུ་ཡིད་ཆེས་པའི་ས་དང་བཞིན་གྱི་མདངས་རབ་ཏུ་དང་བ་དང་སེམས་རབ་ཏུ་དང་བར་ཡང་འགྱུར་རོ། ། སེམས་ཤིན་ཏུ་ལེགས་པར་གནས་པ་དང་མཆོག་ཏུ་དགེ་བའི་བསམ་པ་དང་ལྡན་པར་འགྱུར་རོ། །ལུས་ཀྱི་ཉེས་པ་དང་བྲལ་བ་དང ། ངག་གི་སྐྱོན་དང་བྲལ་བ་དང ། ཡིད་ཀྱི་གདུང་བ་དང་བྲལ་བ་དང ། ངན་འགྲོའི་འཇིགས་པ་དང་བྲལ་བ་དང ། ཞེ་འགྲས་པའི་ སྐྱེ་བོ་རྣམས་དང་བྲལ་བ་དང ། དགྲ་རྣམས་དང་བྲལ་བ་དང ། མི་སྙན་པའི་དྲི་མ་རྣམས་དང་བྲལ་བ་དང ། གནོད་སེམས་དང་བྲལ་བ་དང ། སྙིང་ལ་ཀུན་ཏུ་གཅགས་པ་དང་བྲལ་བ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་རྣམས་དང་བྲལ་བ་དང ། མ་བསྒྲུངས་ པའི་ཚིག་ངན་པ་རྣམས་བརྗོད་པའི་འཇིགས་པ་དང་བྲལ་བ་དང ། ཀུན་ནས་འགྱོད་པའི་འཇིགས་པ་དང་བྲལ་བ་དང ། ཀུན་ནས་བརྗོད་པའི་འཇིགས་པ་དང་བྲལ་བ་དང ། རྙེད་པའི་འཇིགས་པ་དང་བྲལ་བ་དང ། སྡུག་བསྔལ་གྱི་འཇིགས་པ་དང་བྲལ་བ་དང ། རྒྱགས་པའི་འཇིགས་པ་རྣམས་དང་བྲལ་བའི་སྐྱེས་བུ་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་རོ། །འགྲོ་བ་ཐམས་ཅད་དུ་འདི་སྙན་པར་གྲགས་པ་དང་ཡང་མི་འབྲལ་བར་འགྱུར་རོ། །འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀར་སོང་བ་ན་ཡང་སྐྱིད་པར་ཡང་འགྱུར་རོ། ། 71-1-45b སྐྱེ་བོ་རྣམས་ཐམས་ཅད་ཀྱི་ཡང་མ་དང་ཕ་དག་ཏུ་རུང་བར་འགྱུར་རོ། །ཀུན་གྱིས་འདྲུལ་འཇུག་བྱ་བར་ཡང་འགྱུར་རོ། །སྐྱེས་བུ་དམ་པ་བཟོད་པ་དང་ལྡན་པར་ཡང་འགྱུར་རོ། །དེའི་ཕྱིར་ཁྲོ་བ་གཞན་འདི་ནི་བཙན་དུག་དང་མཚོན་ཆ་དང་རླུང་ཚུབ་དང་མཚུངས་པའི་ ཁྲོ་བ་གང་ཡིན་པ་རྣམས་བཟོད་པས་ཞི་བར་བྱེད་དོ། །མཐོལ་བར་བྱེད་པ་དང་བཟོད་པར་བྱེད་པ་དང་སྡོམ་པར་ཡང་བྱེད་དོ། །བཟོད་པ་དེ་ཡང་སྐྱེས་བུ་དམ་པ་དགེ་བར་འདོད་པ་རྣམས་ཀྱིས་ཡིད་ལ་བྱ་སྟེ། རིན་པོ་ཆེ་བཞིན་དུ་ཡོངས་སུ་སྐྱོངས་ཤིག་།དེ་ཡང་ཕ་རོལ་ ཁྲོ་བས་རྣམ་པར་བསྲེགས་པ་རྣམས་དང་ཁྲོ་བའི་མུན་པ་ན་ཀུན་ནས་གནས་པ་དེ་དག་རྣམས་ལ། དམ་པའི་ཆོས་ཀྱི་སྒྲོན་མ་རབ་ཏུ་སྦོར་བར་བྱེད་པ་དང ། དམུས་ལོང་རྣམས་ཀྱི་ནི་མིག་ཏུ་གྱུར་པའོ། །དམ་པའི་ཆོས་ཀྱིས་ཕོངས་པ་རྣམས་ལ་ནི་ཆོས་ཀྱི་རྫས་སོ། །ལོག་ པའི་ལྟ་བས་དབུལ་བ་རྣམས་ནི་འཇོམས་པར་བྱེད་པ་ཡིན་ནོ། །མ་དང་ཕས་སྤངས་པ་རྣམས་ལ་ནི་མ་དང་ཕར་གྱུར་པ་ཡིན་ནོ། །ཁྲོ་བའི་ཆུར་རབ་ཏུ་བྱིང་བར་གྱུར་པ་རྣམས་ཀྱི་རྐྱལ་བར་གྱུར་པས་རྟག་ཏུ་ཕན་འདོགས་པར་བྱེད་པ་ཡིན་ནོ། །ངན་སོང་དུ་རབ་ཏུ་ལྟུང་བ་ རྣམས་ལ་ནི་ལག་པ་བརྐྱང་བས་ཤིན་ཏུ་བརྟན་པོས་ལེགས་པར་འདྲེན་པར་བྱེད་པའོ། །སེམས་ཅན་ཁྲོ་བས་ཟིན་པས་དམྱལ་བའི་མེ་མདག་ཏུ་རབ་ཏུ་ལྷུང་བར་གྱུར་པ་རྣམས་ལ་ནི་ཆུའི་བྱ་བ་བྱེད་པ་ཡིན་ནོ། །ཡི་དགས་ཀྱི་འཇིག་རྟེན་དུ་རབ་ཏུ་རྒྱུགས་པར་གྱུར་པའི་སྐྱེས་ བུ་ཕྲག་དོག་དང་ལྡན་པ་རྣམས་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རྣམ་པར་བཅོམ་པ་རྣམས་ལ་ནི་ཟས་དང་སྐོམ་བཞིན་དུ་བྱེད་པ་ཡིན་ནོ། །དུད་འགྲོའི་འགྲོ་བ་དང་རབ་ཏུ་འབྲེལ་བ་དང་ལྡན་པའི་སེམས་ཅན་རྣམས་ཕན་ཚུན་དུ་གསོད་པར་མངོན་པར་དགའ་བ་ རྣམས་ལ་ནི་གསོན་པ་ལེགས་པར་སྦྱིན་པར་བྱེད་པ་རྣམས་བཟོད་པ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་ལས་ཡིན་པས། དེའི་ཕྱིར་ངན་སོང་གི་འཇིགས་པས་འཇིགས་པར་གྱུར་པའི་སྐྱེས་བུ་དགེ་བ་རྣམས་ཀྱིས་རབ་ཏུ་བརྩོན་པ་མཆོག་གིས་ཡིད་ལ་བྱའོ། །དེ་ནས་ 71-1-46a དུས་དེའི་ཚེ་ན་རྨ་བྱའི་བདག་པོ་དེས་གཙུག་ལག་གི་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། བཟོད་པས་བརྒྱན་པའི་སྐྱེས་བུ་ལ། །ནོར་གྱིས་བརྒྱན་པས་བསྒྲུན་དུ་མེད། །ནོར་རྣམས་འཕྲོག་པར་བྱེད་ན་ཡང ། །བཟོད་པ་ཉིད་ནི་ནམ་ཡང་མིན། ། བཟོད་པ་དང་ལྡན་སྐྱེས་བུ་ལ། །ལུས་ཅན་ཐམས་ཅད་དགའ་བར་འགྱུར། །ཕྱི་ནས་བདེ་ལེགས་ལ་སྦྱོར་རོ། །དེ་ཕྱིར་བཟོད་པ་དཀའ་ཐུབ་མཆོག་།བཟོད་དང་ལྡན་པའི་སྐྱེས་བུ་ནི། །ཁྲོ་བའི་སྐྱོན་རྣམས་ཐམས་ཅད་སྤངས། །སྐྱེ་བ་འདི་དང་གཞན་དུ་ ཡང ། །དགེ་ལེགས་ལ་ནི་རབ་ཏུ་སྦྱོར། །བཟོད་པའི་ནོར་དང་ཚུལ་ཁྲིམས་ནོར། །ཤེས་རབ་ཀྱང་ནི་ནོར་ཉིད་ཡིན། །ནོར་དེ་རྣམས་ནི་བསྔགས་པ་ཡིན། །དབྱིག་ལ་སོགས་པ་ནམ་ཡང་མིན། །བཟོད་དང་ལྡན་པའི་སྐྱེས་བུ་ནི། །རྟག་ཏུ་དམ་པས་མཆོད་ པར་བྱེད། །སྙན་གྲགས་ལ་ཡང་སྦྱོར་བར་འགྱུར། །དེ་ཕྱིར་ཀུན་ནས་བཟོད་པ་མཆོག་།ཁྲོ་བའི་དུག་གི་སྨན་མཆོག་ཏུ། །བཟོད་པ་འདི་ནི་འདོད་པ་ཡིན། །ཁྲོ་བ་བཟོད་པས་ངེས་བཅོམ་པ། །སླར་ཡང་སྐྱེ་བར་མི་འགྱུར་རོ། །མུན་པས་རབ་ཏུ་ཟིལ་ མནན་པའི། །བྱིས་པ་རྣམས་ལ་ཁྱད་པར་དུ། །བཟོད་པའི་ལམ་ནི་རབ་སྟོན་པའི། །སྒྲོན་མའི་བྱ་བ་བྱེད་པ་ཡིན། །དམ་ཆོས་ནོར་དང་བྲལ་བ་རྣམས། །འགྲོ་བ་ལྔར་ནི་འཁྱམ་པ་ཡིན། །གང་དག་བཟོད་པ་འདི་ཡི་རྫས། །དེ་དག་འཇིག་རྟེན་ནོར་ལྡན་དྲན། ། ཁྲོ་བ་ཡི་ནི་མུན་པའི་ཚོགས། །རྒལ་དཀའ་བ་ཡི་འབྲོག་དགོན་པར། །བཟོད་པའི་ལམ་ཟས་ཟ་མཐོང་བ། །ཡིད་ཅན་རྣམས་ནི་ངེས་པར་སྒྲོལ། །དམ་ཆོས་ལམ་ནི་སྟོན་རྣམས་ལ། །སྟེན་པར་བྱེད་པ་བཟོད་པ་མཆོག་།ངན་སོང་འཇིགས་པས་འཇིགས་རྣམས་ ལ། །འཇིགས་པ་མེད་པ་བཟོད་པར་བརྗོད། །སྡུག་བསྔལ་རྣམ་པར་འཇོམས་པ་དང ། །མི་རྣམས་བདེ་བ་རྟག་ཏུ་འབྱུང ། །རྟག་ཏུ་བདེ་ལེགས་ཀུན་ཐོབ་པ། །བདེ་ལེགས་མིན་སྤངས་བདེ་ལེགས་ཡིན། །དེ་ལ་དམ་པ་རྣམས་རྟག་དགའ། །ཡིད་ཆེས་ཡོན་ཏན་བྱེད་ 71-1-46b པ་ཡི། །དགེ་བ་བཟང་པོ་འབྱུང་བྱེད་དང ། །མི་དགེ་བ་རྣམས་རྣམ་པར་སྤོང ། །སྐྱེས་བུའི་ཐར་པ་ལེགས་སྟོན་དང ། །འཁོར་བའི་འཇིགས་པས་འཇིགས་པར་བྱེད། །མཐོ་རིས་ཐེམ་སྐས་གྱུར་པ་དེས། །དམྱལ་བའི་མེ་ནི་རྣམ་པར་འཇོམས། །ཡི་དགས་ འཇིག་རྟེན་ལ་སྐྱོབ་དང ། །དུད་འགྲོའི་སྐྱེ་གནས་དེས་དེ་བཞིན། །ཡོན་ཏན་ཚོགས་ཀྱིས་རྟག་གང་བའི། །ལུས་ཅན་དེ་རྣམས་ཤིས་པར་འགྱུར། །རབ་བསྔགས་བདེ་བ་དེས་ཐོབ་པ། །བཟོད་པ་རབ་ཏུ་བརྩོན་པས་ཐོབ། །དེ་ལྟར་བཟོད་པ་ཞེས་བྱ་བའི། ། ཆོས་གཞན་འདིར་ནི་བསྟེན་པར་གྱིས། །མཆོག་ཏུ་བདེ་བ་འབྱུང་བར་འགྱུར་བ་དང་ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །མྱ་ངན་ལས་འདས་པ་ཡང་ཐོབ་པ་ཡིན་ནོ། །དེའི་ཕྱིར་བག་མེད་པ་དང་བྲལ་བར་བྱ་ བའི་དོན་དུ་དང་ལྷ་དང་མིའི་འགྲོ་བ་རྣམས་སུ་སྐྱེ་བར་བྱེད་པ་རྣམས་ཀྱིས་བཟོད་པར་བྱའོ། །གཞན་ཡང་དགེ་ལེགས་ཀྱི་ཆོས་བག་མེད་པའི་དུག་རྣམ་པར་འཇོམས་པར་བྱེད་པ་རྣམས་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་འདྲ་བར་གྱུར་པ་གཞན་དག་རྣམས་ཀྱིས་ཀྱང་བྱའོ། ། འདི་ཡང་གང་ཞེ་ན་འདི་ལྟ་སྟེ། བརྩོན་འགྲུས་སོ། །བརྩོན་འགྲུས་ནི་མཆོག་ཏུ་དགེ་ལེགས་ཀྱི་ཆོས་དགེ་བ་དང་ཡང་དག་པར་ལྡན་པ་ཡིན་ཏེ། ཐར་པའི་ལམ་དུ་འཁྲིད་པའི་བརྩོན་འགྲུས་ཡང་དག་པར་བྱས་ནས། ཡུལ་དང་དུས་སུ་རིགས་པར་བྱས་པར་གྱུར་པ་ རྣམས་ཀྱིས་ནི་ཤིས་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ཡང་རིགས་པ་དང་འགལ་བ་མེད་པ་དང་མཐར་ཐུག་པར་སྟེན་པར་གྱུར་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡང་དག་པར་ བརྩོན་པ་དང་ལྡན་པས་ཤིས་པར་འགྱུར་རོ། །དུས་སུ་ལྡང་བ་དང་དུས་སུ་ངལ་སོ་བར་བྱེད་པའི་གང་ཡུལ་དང་དུས་ཀྱི་ཐབས་ཤེས་པ་གང་ཡིན་པ་དེ་དག་ནི་དགེ་ལེགས་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ། །བརྩོན་འགྲུས་དེས་སྙོམ་ལས་རྣམས་ཐམས་ཅད་ཉེ་བར་ 71-1-47a བཅོམ་ནས་ངེས་པར་གནས་སོ། །ཉོན་མོངས་པ་གཞོམ་པ་ལ་བརྩོན་པ་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་དེ་དག་རྣམས་ནི། མཉན་བྱ་དང་རེག་བྱ་དང་རོ་དང་བསྣམ་པ་དང་བལྟ་བར་བྱ་བ་དེ་དག་རྣམས་ལས་བརྩོན་འགྲུས་དང་ལྡན་པར་གྱུར་ནས་ཡིད་ངེས་ པར་ཟློག་པར་བྱེད་དོ། །དེ་རྐྱེན་རྣམས་ལས་སྐྱེས་པར་གྱུར་ན་ཡང་ཡིད་ཀྱི་རྣམ་པར་དཔྱོད་པར་བྱེད་ཅིང་སྡོམ་པར་བྱེད་དོ། །གྲོགས་གཉིས་པ་བརྩོན་འགྲུས་དང་ལྡན་པར་གྱུར་པས། ཡུལ་རྣམས་ཐམས་ཅད་ལས་སེམས་ངེས་པར་ཟློག་པར་བྱེད་དོ། །ཆེས་ ཤིན་ཏུ་མྱུར་བར་སེམས་ཀྱི་ཤུགས་འབྱུང་ཞིང་འབྱུང་བར་གྱུར་པ་རྣམས་དགེ་བའི་བརྩོན་འགྲུས་ཀྱིས་སོ་སོར་རྣམ་པར་སྤོང་བར་བྱེད་དོ། །ཀུན་ཏུ་སྡུད་པར་བྱེད་ཅིང་རབ་ཏུ་འགོག་པར་བྱེད་དོ། །ངེས་པར་སྡོམ་པར་བྱེད་དོ། །གང་གི་ཕྱིར་བརྩོན་འགྲུས་ནི་ཆོས་ རྣམས་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་ཆོས་ཡིན་ནོ། །དེ་དང་འགྲོགས་པའི་དགེ་བའི་ཆོས་གང་ཡིན་པ་རྣམས་ནི་ཤིན་ཏུ་བརྟན་པ་དང་ཉམས་པ་མེད་པ་དང ། འབྲས་བུ་དང་བཅས་པར་འགྱུར་རོ། །བརྩོན་འགྲུས་མདུན་དུ་བདར་བའི་དགེ་བའི་སེམས་ཀྱི་ཡོན་ཏན་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་འགྱུར་རོ། །དེས་ན་ཡོན་ཏན་རྣམས་རྟོགས་པར་བྱས་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་དགེ་ སྦྱོང་ངམ་བྲམ་ཟེ་དེ་དག་རྣམས་ཀྱིས་ཀྱང་དེ་རྗེས་སུ་འཐུན་པའི་བརྩོན་འགྲུས་ལ་གོམས་པར་བྱའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལ་ཡང་བརྩོན་འགྲུས་ཉིད་ལྷག་པར་འགྱུར་རོ། །སྐྱེས་བུ་འཇིག་རྟེན་པའི་དོན་གང་དག་རྩོམ་པར་བྱེད་པ་ན་ ཡང་དེ་དག་རྣམས་ཐམས་ཅད་ཀྱང་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱིས་བརྩམས་པར་བྱས་ནས་ནི་འབྲས་བུ་མེད་པར་མི་འགྱུར་རོ། །དུས་རིང་དུ་གནས་པ་དང་གཞན་རྣམས་ཀྱིས་ཉེ་བར་མི་ཆོམས་པ་དང་འཆི་བའི་མཐར་ཐུག་པར་བྱེད་པའི་འཇིག་རྟེན་པའི་འཇིགས་པ་ཆེན་པོ་དང་ 71-1-47b བཅས་པ་མ་ལུས་པ་རྣམས་བྱུང་དུ་ཟིན་ཀྱང་བརྩོན་འགྲུས་དང་ལྡན་པའི་སྐྱེས་བུ་རྣམས་ནི་སེམས་སྨས་པར་མི་འགྱུར་རོ། །གཡོས་པར་མི་བྱེད་ཅིང་ན་ཚ་མེད་དོ། །རང་དང་གཞན་གྱི་དོན་རྣམ་པར་ཉམས་པ་ཆེན་པོ་རྣམས་བྱུང་བར་གྱུར་ན་ཡང་ཡི་མུག་པར་མི་འགྱུར་ཞིང་ ཡང་དང་ཡང་དུ་དོན་དེ་ཉིད་རྩོམ་པར་བྱེད་དོ། །རྒྱགས་པར་བྱེད་དོ། །དགྲ་བོ་རྣམས་ཀྱིས་ཀྱང་གདུལ་དཀའ་བར་འགྱུར་རོ། །འདི་དག་གི་དོན་འགའ་ཞིག་གྲུབ་པ་ལ་འཇོམས་པར་མི་འགྱུར་རོ། །དོན་གང་དང་གང་བརྩམས་པ་དེ་དག་རྣམས་རྒྱས་པར་འགྱུར་རོ། ། དེ་ལྟར་རེ་ཞིག་འཇིག་རྟེན་པའི་དོན་རྣམས་ལ་ཡང་དེ་ཤེས་པར་གྱུར་པའི་མཁས་པ་རྣམས་ཀྱིས་བསྔགས་པར་བྱེད་ན། འཇིག་རྟེན་ལས་འདས་པའི་དོན་ཡང་དག་པའི་ཤེས་པ་སྔོན་དུ་བྱེད་པ་རྣམས་ལ་བརྩོན་འགྲུས་གཙོ་བོར་གྱུར་པ་ལ་ལྟ་ཅི་སྨོས། དེའི་ ཕྱིར་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དང་དུས་ཐམས་ཅད་དུ་ཡང་ཤེས་པ་སྔོན་དུ་བཏང་བས་ཡུལ་དང་དུས་སུ་འཚམ་པ་དང་རིགས་པ་དང་ལྡན་པས་བརྩོན་འགྲུས་བརྩམ་པར་བྱའོ། །དེ་ལས་མཐར་ཐུག་པའི་བདེ་བ་རྣམས་འབྱུང་བར་འགྱུར་རོ། །བཟློག་པ་ ལས་ནི་བདེ་བ་མ་ཡིན་པ་འབྱུང་བ་དང་དོན་མ་ཡིན་པ་དུ་མ་རྣམས་སུ་འགྱུར་རོ། །དེའི་ཕྱིར་ན་ལོག་པའི་ཤེས་པ་སྔོན་དུ་བཏང་བའི་བརྩོན་འགྲུས་རྣམས་ནི་བརྩོན་འགྲུས་མ་ཡིན་པར་རིག་པར་བྱའོ། །དེ་ནས་དེའི་ཚེ་རྨ་བྱའི་མངའ་བདག་དེས་གཙུག་ལག་གི་ཚིགས་སུ་བཅད་པའི་ དབྱངས་ཀྱིས་བསྙད་པ། ཇི་ལྟར། ཡུལ་དང་དུས་སུ་རིག་པ་ཡི། །བྱ་བའང་རབ་ཏུ་བརྩོན་ལྡན་པ། །བརྩོན་འགྲུས་རིགས་པས་བརྩམས་གྱུར་པའི། །འབྲས་བུ་འབྲས་དང་བཅས་པར་འགྱུར། །རིགས་པ་ཡུལ་དང་བྱ་བ་བྲལ། །ཆོས་ཀྱིས་ཡོངས་སུ་སྤངས་ པ་ཡི། །བྱ་བ་བྱེད་པ་ཉམས་པར་འགྱུར། །བརྩོན་འགྲུས་ཀྱིས་ནི་ཡོངས་སྤངས་པས། །རིགས་པས་བརྩོན་འགྲུས་རྩོམ་པ་ནི། །མཁས་པ་ཐར་པར་འགྲོ་བ་ཡིན། །ནམ་མཁའ་ལ་ནི་མདའ་འཕངས་བཞིན། །ལྷ་ཡི་འཇིག་རྟེན་དུ་ཡང་འགྲོ། །སྟོབས་ 71-1-48a དང་སྐྱེས་བུ་བརྩོན་འགྲུས་ཅན། །དགོས་པ་གང་དག་བརྩམ་གྱུར་པ། །དེ་དག་དེ་ནི་རབ་འགྲུབ་ཅིང ། །རྣམ་བྱང་བར་ཡང་འགྱུར་བ་ཡིན། །འཇིག་རྟེན་འདས་པའི་དོན་འགའ་ཞིག་།ལྷ་ཡི་འཇིག་རྟེན་ལས་འདོད་པ། །དེ་ནི་བརྩོན་ འགྲུས་ཀྱིས་རབ་འགྲུབ། །བརྩོན་འགྲུས་བྲལ་བས་ནམ་ཡང་མིན། །སྙིང་ལས་ཆུང་ཞིང་བརྩོན་འགྲུས་བྲལ། །ཆོས་ཀྱང་ཡོངས་སུ་སྤངས་པ་ཡི། །མི་ལ་དཔལ་ནི་རྒྱས་མིན་ཏེ། །ཞིམ་པོར་ཟ་ཞིང་ཟས་ཀྱི་བཞིན། །འཕགས་པའི་ལམ་ནི་ཡན་ ལག་བརྒྱད། །ཤེས་པ་ལེགས་པར་ཡོངས་སུ་བསྐྱངས། །བརྩོན་འགྲུས་ལྡན་པ་སྤྲོ་བ་ཆེ། །འགྲོ་བའི་མཆོག་ཏུ་འགྲོ་བར་འགྱུར། །བརྩོན་འགྲུས་ཀྱིས་ཀྱང་བྱང་ཆུབ་འཐོབ། །བརྩོན་པས་དེ་བཞིན་མཐོ་རིས་དང ། །སངས་རྒྱས་ཉིད་ཀྱང་བརྩོན་ ལྡན་པས། །བརྩོན་འགྲུས་དང་མཚུངས་འགྲོ་བ་མེད། །དེ་ཕྱིར་ཡོན་ཏན་དེ་རྟོགས་ལ། །བརྩོན་འགྲུས་ལྡན་པས་དབང་པོ་ཁྲིད། །བརྩོན་འགྲུས་བརྩམས་པའི་བློ་གྱིས་དང ། །བརྩོན་འགྲུས་མཚུངས་པའི་ནོར་ཡོད་མིན། །དེ་ལྟར་རྣམ་པར་བཀྲ་བ་ཞེས་བྱ་ བའི་རྨ་བྱའི་རྒྱལ་པོ་དེས་དགའ་ལྡན་པའི་ལྷ་དེ་དག་རྣམས་དང་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ལ་སྐྱེ་བ་གཞན་རྗེས་སུ་དྲན་པར་གྱུར་པས་གཙུག་ལག་གི་ཆོས་རྣམས་སྟོན་པར་བྱེད་དོ། །ལྷ་དེ་དག་ཉིད་ཐམས་ཅད་ཀྱང་གཙུག་ལག་གི་ཆོས་དེ་དག་རྣམས་ཐོས་པར་གྱུར་པ་ དང ། བག་མེད་པ་རྣམས་དང་བྲལ་བ་དང་རྣ་བ་ཀུན་ནས་ལྷགས་ཤིང་ཡིད་ཀྱང་རྩེ་གཅིག་ཏུ་གྱུར་པས་རྣལ་དུ་ཕེབས་པའི་ལྷ་དེ་དག་རྣམས་ཀྱི་ཡིད་རྣམས་རྟོགས་ནས། །རྨ་བྱའི་མངའ་བདག་དེ་གཞན་ཡང་ཤིན་ཏུ་ལེགས་པར་བརྩམས་པའི་བློ་དང་ལྡན་པས་ཤིན་ཏུ་རབ་ ཏུ་རངས་པར་གྱུར་པས་ཆོས་གཞན་སྟོན་པར་བྱེད་པ་ནི། ཐབས་སུ་གྱུར་པ་དང་ལེགས་པ་དང་ཤིས་པ་དང་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་བ་རྣམས་ལྷ་དེ་དག་རྣམས་ལ་ཕན་པའི་དོན་དང་བདེ་བའི་དོན་དུ་སྟེ། གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་ 71-1-48b དཔའ་གཞན་ཡང་ཆོས་ཆེན་པོ་གཞན་ལྔ་པ་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བར་འགྱུར་བའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་ཆོས་སྟོན་པའོ། །ཆོས་སྟོན་པ་ནི་གང་གི་ཕྱིར་སྦྱིན་པ་ཐམས་ཅད་ཀྱི་ནང་ནས་བླ་ལྷག་པ་ཡིན་ཏེ། རྒོད་པ་འདི་དག་ཐམས་ ཅད་འཇོམས་པར་བྱེད་པ་ནི། འདི་ལྟ་སྟེ་ཆོས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་དང་ཉན་པ་དང ། ཆོས་སྟོན་པ་ལ་གུས་པ་དང ། ཆོས་སྟོན་པ་ལ་དང་བ་དང ། ཆོས་སྟོན་པ་ལ་གཅེས་པར་བྱེད་པ་དང ། ཆོས་སྟོན་པ་ལ་སྒྲུབ་པ་དང ། ཆོས་སྟོན་པ་རྒྱུན་མི་ འཆད་པར་བྱེད་པ་དང ། དེ་བཞིན་གཤེགས་པས་ཀྱང་ཆོས་བླ་མར་མཛད་པ་ཡིན་ན་གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཕྱིར་ཡོན་ཏན་བཅུ་གཅིག་དང་ལྡན་པར་གྱུར་པའི་ཆོས་སྟོན་པ་ནི་གཅེས་པར་འགྱུར་བ་ཡིན་ནོ། །ཡོན་ ཏན་བཅུ་གཅིག་གང་ཞེ་ན། འདི་ལྟ་སྟེ་ཡུལ་དང་དུས་སུ་རིགས་པ་དང་གོ་བར་འགྱུར་བ་དང ། འགལ་བ་མེད་པ་དང་གསལ་བ་དང་རྙེད་པ་དང་བཀུར་སྟིའི་རྩ་བས་མ་ཡིན་པ་དང ། གདུལ་བྱའི་སེམས་ཀྱི་རྗེས་སུ་འཐུན་པར་ཆོས་སྟོན་པ་དང ། སྦྱིན་པའི་འབྲས་བུ་ སླུ་བ་མེད་པར་སྟོན་པ་དང ། ཐེག་པ་ཆེན་པོ་དང་ཡང་དག་པར་ལྡན་པ་དང་འཁོར་བའི་ཉེས་དམིགས་ཀྱི་ཆོས་སྟོན་པ་དང ། མཐོ་རིས་སུ་འབབ་པར་འགྱུར་བའི་ཆོས་སྟོན་པ་དང ། ལས་དང་འབྲས་བུ་ཀུན་ཏུ་སྟོན་པར་བྱེད་པས་སྟོན་པ་སྟེ། དེ་ལྟར་རྣམ་པ་བཅུ་གཅིག་ གིས་ཆོས་སྟོན་པར་བྱེད་པ་ནི་ཉན་པ་པོ་རྣམས་དང་རབ་ཏུ་སྨྲ་བར་བྱེད་པ་རྣམས་ལ་ཡང་གཅེས་པར་འགྱུར་བའི་ཆོས་རྣམས་ཡིན་ནོ། །དོན་དུ་བྱེད་པ་དང་ཡོན་ཏན་དུ་བྱེད་པ་དང་བདེ་བར་བྱེད་པ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པར་བྱེད་པ་རྣམས་ཇི་ལྟ་ཇི་ལྟར་ཡོངས་སུ་སྔོ་ བར་བྱེད་པ་དེ་ལྟ་དེ་ལྟར་འགྱུར་བ་ཡིན་ནོ། །ཆོས་སྨྲ་བ་ནི་གང་གི་ཕྱིར་རྣམ་པ་སྣ་ཚོགས་པའི་སྦྱིན་པ་འདི་དག་རྣམས་ཐམས་ཅད་ཀྱི་དྲུང་ན་ཡང་དམ་པའི་ཆོས་སྟོན་པའི་སྦྱིན་པ་ནི་ཤིན་ཏུ་ལྷག་པ་ཡིན་ནོ། །ལུས་ཅན་རྣམས་ཐམས་ཅད་ལ་ཡང་མྱ་ངན་ལས་འདས་པའི་མཐར་ 71-1-49a ཐུག་པའི་བདེ་བ་རྣམས་དང་ལྡན་པར་འགྱུར་རོ། །དམ་པའི་ཆོས་སྟོན་པར་བྱེད་པ་དང་ཉན་པའི་ཡོན་ཏན་གཞན་ཡང་ཡོད་དེ། གང་འགའ་ཞིག་ཆོས་སྒྲོགས་པ་ལ་དད་པ་དང་རབ་ཏུ་དད་པ་དང་ལྡན་པ་དབང་པོ་ཁ་ཕྱེ་བ་བློ་གཙང་བ་གཅིག་ཏུ་དཀོན་ མཆོག་གསུམ་ལ་རབ་ཏུ་དང་བའི་བློས་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། དམ་པའི་ཆོས་ཉན་པར་འདོད་པས་ཁྱིམ་ནས་བྱུང་ནས་ལྷ་ཁང་ངམ་ཀུན་དགའ་ར་བར་འགྲོ་བར་བྱེད་པ་ན། དེ་གོམ་པ་འབོར་བ་དང་གོམ་པ་འབོར་བ་ལ་ཚངས་པའི་བསོད་ནམས་ འབྱུང་བར་འགྱུར་རོ། །ཡང་གང་དག་ཆོས་དང་ཆོས་སྨྲ་བ་ལ་ནོར་དག་གིས་མཆོད་པར་བྱེད་པ་དེས་ནི་དངོས་སུ་སངས་རྒྱས་ལ་མཆོད་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་མཆོད་པ་དེ་དག་ཡོངས་སུ་སྔོ་བར་བྱེད་པ་ན། དེ་ལྟ་དེ་ལྟར་ཡོངས་སུ་སྨིན་པར་འགྱུར་རོ། ། དེ་ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་བ་ཡིན་ནོ། །ཆོས་སྟོན་པ་པོ་མཆོད་པར་བྱེད་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་བསྒྲགས་པ་ལས་སེམས་ལས་སུ་རུང་བར་འགྱུར་བའི་ཕྱིར་རོ། །དེ་ལས་སུ་རུང་བར་བྱས་པ་ ལས་ཀྱང་ཐོག་མ་མེད་པའི་དུས་ནས་ཞུགས་པར་གྱུར་པའི་མུན་པ་རྣམས་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ལས་གཞན་འགའ་ཞིག་གིས་ཀྱང་སེམས་ལས་སུ་རུང་བར་བྱེད་པ་ནི་མ་ཡིན་ཏེ། ཆོས་སྨྲ་བ་རྣམས་ཇི་ལྟ་བ་བཞི་པོ་རྣམས་ཀྱི་ཡང་ཕན་པ་ལ་ལན་གྱིས་ གླན་པར་སླ་བ་མ་ཡིན་ནོ། །བཞི་པོ་གང་དག་ཞེ་ན་འདི་ལྟ་སྟེ། མ་དང་ཕ་དང་སངས་རྒྱས་དང་ཆོས་སྟོན་པ་པོའོ། །དེ་དག་རྣམས་ལ་བྱིན་པ་ནི་གཞལ་དུ་མེད་པར་འགྱུར་རོ། །རྒྱུ་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པ་རྣམས་ནི་ཆོས་བསྟན་པ་ཐོས་ནས་རྒྱུ་དང་འབྲས་ བུ་ལ་དད་པ་དང་ལྡན་པར་འགྱུར་རོ། །ལོག་པའི་ལྟ་བ་ལ་སེམས་ཀུན་ཏུ་ཞུགས་པ་རྣམས་ནི་ཡང་དག་པའི་ལྟ་བ་དང་ལྡན་པར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་ལ་དགའ་བ་རྣམས་ནི་ཆོས་བསྟན་པ་དག་ཐོས་ནས་དེ་དག་ 71-1-49b རྣམས་སྤོང་བར་འགྱུར་རོ། །དེ་དག་རྣམས་ལ་ཆོས་བསྟན་པ་དེས་ཀྱང་ལས་སུ་རུང་བར་བྱས་ནས། མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །དེ་ལ་རྒྱུ་དེ་དག་གིས་ན་ཆོས་སྟོན་པར་བྱེད་པ་པོས་ཕན་བཏགས་པ་ལ་ལན་གླན་པར་སླ་བ་མ་ཡིན་ནོ། །ལུས་ སྦྱིན་པར་བྱེད་པ་པོའི་མ་དང་ཕ་དག་ལ་ཡང་ལན་གླན་པར་བྱ་མི་ནུས་ཏེ། གསོ་སྐྱེད་བྱེད་པ་པོ་དེ་དག་ཆོས་ལ་རབ་ཏུ་བཀོད་པར་གྱུར་པ་ནི་མ་གཏོགས་ཏེ། གང་གི་ཚེ་བུས་མ་དང་ཕ་དག་ཆོས་ལ་རབ་ཏུ་འགོད་པར་བྱེད་པར་གྱུར་པ་དེ་ལྟར་ན་ཅུང་ཟད་ཅིག་ཕན་བཏགས་པར་ འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁམས་གསུམ་ན་ཆེས་ཁྱད་པར་དུ་འཕགས་པ་འཁོར་བ་ལས་ངེས་པར་ཐར་པའི་འཕགས་པ་ལ་ཡང་ལན་གླན་པར་བྱ་བར་མི་ནུས་པ་སྟེ། དེ་རྟོགས་ཤིང་བསྒྲུབ་པ་ལ་ཀུན་ཏུ་དགའ་ བའི་རྒྱུས་ལན་གློན་པ་རྣམས་ནི་མ་གཏོགས་སོ། །དེ་བཞིན་གཤེགས་པ་ལ་ཡང་བྱ་བ་བྱས་པར་འགྱུར་ལ་བདག་ཉིད་ཀྱང་བདེ་ལེགས་ལ་སྦྱར་བར་འགྱུར་རོ། །དེ་ནས་དུས་དེའི་ཚེ་རྨ་བྱའི་མངའ་བདག་དེས་གཙུག་ལག་གི་ཚིགས་སུ་བཅད་པའི་དབྱངས་བརྗོད་པ། ཇི་ ལྟར། བདེ་ལེགས་མྱ་ངན་འདས་འགྲོ་བའི། །གང་ཡང་ཆོས་ནི་སྟོན་བྱེད་པ། །དེ་ནི་འབྲེལ་བ་ཀུན་གཅོད་པའི། །ལུས་ཅན་རྣམས་ཀྱི་བླ་མ་ཡིན། །གཏི་མུག་རང་བཞིན་ཞགས་བཅད་ནས། །ཤིས་པ་གཞན་ནི་སྟོན་པར་བྱེད། །ཆོས་རྣམས་རབ་ཏུ་སྟོན་པ་དང ། ། ལམ་སྟོན་པར་ནི་དེ་རབ་བརྗོད། །ཆོས་གང་གིས་ནི་མི་རྣམས་ཀྱང ། །སྲིད་པའི་རྒྱ་མཚོ་ལས་གྲོལ་བ། །དམ་ཆོས་མཆོག་རབ་ཡིན་པར་བརྗོད། །གང་ཡང་འཇིག་རྟེན་ཆོས་མ་ཡིན། །གང་ཡང་ལུས་ཅན་རྣམས་ལ་ནི། །ཞིང་ནི་བཞི་པོ་འདི་རྣམས་ཡིན། །ཐེག་ པ་མཆོག་ཏུ་བླ་མེད་དང ། །དབང་པོ་ཚང་བ་དེ་རྙེད་པ། །དེ་ཡི་སྐྱེ་འདི་འབྲས་བཅས་པར། །ལམ་སྟོན་མཛད་པས་གསུངས་པ་ཡིན། །མི་གང་ཆོས་ལ་མི་དགའ་བ། །དེ་ནི་ཕྱི་ནས་འགྱོད་པར་འགྱུར། །རྟག་ཏུ་རྣམ་པར་ཆགས་པའི་ཡིད། །རྟག་ཏུ་འདོད་པ་རྗེས་སུ་ 71-1-50a ཚོལ། །བུ་དང་ཆུང་མ་ལ་རབ་ཆགས། །ལུས་ཅན་རྣམས་ལ་མཐར་བྱེད་འབྱུང ། །ཀུན་ནས་ཉོན་མོངས་རྟག་ཏུ་འཐུག་།སྐྱོན་ནི་དེ་དང་དེ་ཡིས་གང ། །ངན་སོང་ལ་ནི་སེམས་འབབ་ཅིང ། །ལུས་ཅན་རྣམས་ནི་སེམས་ཀྱིས་བཅིངས། །གདུལ་ བར་དཀའ་དང་དབྱུག་པ་གསུམ། །རྟག་ཏུ་ཡང་ནི་གླགས་གཅོད་པ། །དེ་ཡང་མི་རྣམས་དགྲར་གྱུར་པའི། །སེམས་ཀྱི་དབང་དུ་མ་འགྲོ་དང ། །དགྲ་བོ་ཤིན་ཏུ་མིག་རྣོ་དེས། །རྣམ་པ་དུ་མར་སྒོམ་པར་བྱེད། །རྨུ་རྒོད་རྟ་ནི་ཇི་ལྟ་བར། །སེམས་དེ་ཆོས་ཀྱིས་ ཡང་དག་བྱོས། །དེ་ལྟར་མཆོག་ཏུ་ཟབ་པར་གྱུར་པའི་ཞིང་གི་ཡོན་ཏན་རྣམས་རབ་ཏུ་བསྔགས་ཏེ། ཤེས་པས་ལྷ་དེ་དག་རྣམས་ལ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་སྨོན་ལམ་གྱི་དབང་གིས་དེར་སྐྱེས་ནས་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པས། རྣམ་པ་ དུ་མར་ཆོས་བསྟན་པར་གྱུར་ཅིང་ཆོས་ཀྱི་ཡོན་ཏན་རྣམས་ཀྱང་རབ་ཏུ་བསྒྲགས་པར་གྱུར་ཏོ། །ཆོས་འདུལ་བ་དེ་དག་ཐོས་པར་གྱུར་ནས་ཀྱང་ལྷ་དེ་དག་ཡིད་ཆེས་པར་རབ་ཏུ་དང་བ་དང་ཐམས་ཅད་ཀྱང་ཡིད་རྩེ་གཅིག་ཏུ་གྱུར་པས་ཉན་པར་བྱེད་པ་དང་གཏམ་རྗོད་པར་ཡང་བྱེད་ དེ། ཇི་ལྟར་འགལ་བ་མེད་པར་ཆོས་འདི་དག་སྟོན་པར་བྱེད་དོ། །གང་བྱའི་རྒྱལ་པོ་འདིས་བདག་ཅག་དགའ་ལྡན་པ་རྣམས་ལ་སྟོན་པ་དེ་ནི། དགའ་ལྡན་གྱི་མངའ་བདག་ཉེ་བར་ཞི་བའི་ཆོས་དེ་དང་འདི་ལ་ཡང་འགལ་བར་ཅུང་ཟད་ཀྱང་མེད་ཅིང་ཐ་དད་དུ་བྱ་བ་ཡང་ཅུང་ ཟད་ཀྱང་མེད་དོ། །སོ་སོ་དང་ཁྱད་པར་དུ་བྱ་བ་ཡང་ཅུང་ཟད་ཀྱང་མེད་དོ། །ཆོས་འདུལ་བ་འདི་ཐམས་ཅད་ནས་ཡོངས་སུ་བརྟགས་པར་གྱུར་པ་ནི། ཐོག་མ་དང་བར་དང་ཐ་མར་དགེ་བ་དང་མཆོག་ཏུ་རབ་ཏུ་དང་བ་དང་མཆོག་ཏུ་དགེ་ལེགས་སུ་གྱུར་པ་དང ། མཆོག་ཏུ་ བདེ་ལེགས་ཀུན་ཏུ་འཐོབ་པ་དང་ལྷ་དང་མི་རྣམས་ཐམས་ཅད་ལ་ཕན་པར་བྱེད་པ་དང་ཤིས་པར་བྱེད་པ་ཡིན་ནོ། །དེ་ནས་ལྷ་དེ་དག་གིས་དེ་སྐད་ཅེས་བརྗོད་ནས་སླར་ཉིད་ཀྱང་ཇི་ལྟར་བདག་ཅག་རྣམས་ཐམས་ཅད་ལ་ཕན་པ་དང་བདེ་བ་དང་མྱ་ངན་ལས་འདས་པའི་མཐར་ཐུག་ 71-1-50b པར་འགྱུར་བར་ཉི་ཤུ་རྩ་གཉིས་པར་གྱུར་པའི་ཆོས་ཀྱི་རྣམ་གྲངས་འདི་རྨ་བྱའི་མངའ་བདག་གིས་བཤད་དུ་གསོལ། ལྷ་དེ་དག་གི་དྲུང་ནས་ཐོས་པ་དང ། ཕྱིར་ཞིང་ཉིད་ཀྱང་ཆེས་རབ་ཏུ་རངས་པར་གྱུར་པའི་ཡིད་ཀྱིས་ཏེ། སེམས་རབ་ཏུ་དང་བ་དང་སེམས་ཅན་རྣམས་ ཐམས་ཅད་ལ་སྙིང་རྗེས་བརླན་པའི་བློ་དང་ལྡན་པ་དང ། གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པར་གྱུར་པས་སླར་ཉིད་ཀྱང་ཉི་ཤུ་རྩ་གཉིས་པར་གྱུར་པའི་ཆོས་ཀྱི་རྣམ་གྲངས་མཆོག་ཏུ་ཟབ་པའི་ཐེག་པ་ཆེན་པོ། མཆོག་ཏུ་རྒྱ་ཆེ་བའི་བདེ་ལེགས་ཀུན་ནས་ཐོབ་པར་བྱེད་པ་ལ་སྟོན་ པར་བྱེད་པ་ལ་འདི་ལྟ་སྟེ། ཆོས་གཞན་འདི་ནི་མཆོག་ཏུ་ཐར་པར་བྱེད་པ་ཡིན་ཏེ་མཆོག་ཏུ་རྒྱ་ཆེ་བ་དང ། སྐྱེ་བོ་རྣམས་ཐམས་ཅད་དགའ་བར་བྱེད་པ་ནི་འདི་ལྟ་སྟེ་སྙིང་རྗེ་བའོ། །སྙིང་རྗེ་ཞེས་བྱ་བའི་ཆོས་ནི་སྐྱེ་བོ་རྣམས་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་སྐྱེ་བོ་རྣམས་ཐམས་ཅད་ ཀྱིས་ཡིད་ཆེས་པར་བྱེད་པ་དང ། འཁོར་བའི་འཇིགས་པས་འཇིགས་པ་རྣམས་ཀྱི་ཡིད་ཆེས་པའི་ས་གཞི་དང ། ལེགས་པར་བསྡམས་པའི་ཡིད་ཅན་རྣམས་ཀྱི་མྱ་ངན་ལས་འདས་པ་དང ། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས་ཀྱི་ས་ཡིན་ནོ། །གང་ལ་སྙིང་རྗེ་ཡོད་པ་ དེ་ལ་མྱ་ངན་ལས་འདས་པ་ཧ་ཅང་རིང་བ་མ་ཡིན་ནོ། །གཡོ་ཡང་ཡོད་པ་ཉིད་མ་ཡིན་ཏེ། ཁྲོ་བའི་སེམས་ལས་མངོན་པར་འདས་པ་དང ། ཁྲོ་བ་དང་རྣ་རྣམ་པར་བྲལ་བའི་སྙིང་ལ་སྙིང་རྗེས་ཞུ་བའི་སེམས་དང་ལྡན་པའི་སྐྱེས་བུ་རྣམས་ནི་སྙིང་རྗེ་ཞེས་བྱ་བའི་རྒྱན་ཆེན་པོ་ རྣམས་ཀྱིས་བརྒྱན་པ་ཡིན་ནོ། །སྙིང་རྗེ་ཞེས་བྱ་བ་ཡང་གང་གི་ཕྱིར་གནོད་སེམས་ཀྱི་ཉེས་པ་རྣམ་པར་འཇོམས་པར་བྱེད་པའི་ཆོས་ཀྱི་སྙིང་རྗེ་འགྲོ་བ་ལྔར་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་ལ་བྱ་བར་བྱའོ། །དེ་ལ་རེ་ཞིག་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་ དཔས་དམྱལ་བ་པ་རྣམས་ཀྱི་དབང་དུ་བྱས་པའི་སྙིང་རྗེ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན་སེམས་ཅན་དེ་དག་རྣམས་ནི་རང་གི་ལས་ཀྱིས་ཅོ་དྲིས་པ་དང ། སེམས་དགྲར་གྱུར་པས་ཡོངས་སུ་བསླུས་པ་དང ། དཔེ་མེད་པར་གྱུར་པ་རྣམ་པ་དུ་མའི་ཕུར་པ་དང་འགྱུར་བྱེད་དང ། ཐོ་བ་དང་ 71-1-51a ཟངས་ཀྱི་ཁུ་བ་དམར་པོ་དང་གཏུན་ཤིང་དང་ཆུ་ཀླུང་རབ་མེད་དུ་བྱ་རྒོད་དང་བྱ་རོག་གིས་འདྲེན་པར་བྱེད་པ་དང ། ནགས་ཚལ་རལ་གྲི་ལོ་མར་འཇུག་པར་བྱེད་པ་དང ། འགྱུར་བྱེད་ཀྱི་ཆུ་ཀླུང་ལ་སོགས་པའི་ཚོར་བ་དྲག་པོ་རྩུབ་པ་དཔེ་མེད་པ་རྣམས་ཀྱིས། ཡང་ སོས་དང་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པའི་མཐར་ཐུག་པའི་ཉེ་འཁོར་གྱི་དམྱལ་བ་རྣམས་དང ། དམྱལ་བ་བརྒྱ་སུམ་ཅུ་རྩ་དྲུག་གི་བརྒྱ་ཕྲག་རྣམས་ལ་འཚེད་པར་བྱེད་གཤག་པར་བྱེད་འབྱེད་པར་བྱེད་ འཆུར་བར་བྱེད་དེ། རང་གི་ལས་ཀྱིས་བསླུས་པ་ལས་ཀྱི་ཞགས་པས་བཟུང་བར་གྱུར་པ་སྲེད་པའི་མེས་ཡོངས་སུ་གང་བའི་ཕྱིར། སྐྱོབ་པར་བྱེད་པ་རྗེས་སུ་ཚོལ་བ་དང་སྐྱབས་རྩད་གཅོད་པར་གྱུར་པས་ཐམས་ཅད་དུ་ཀུན་ནས་རྒྱུག་པར་བྱེད་པ་རྣམས་ལ་འདི་ལྟར་སེམས་བསྐྱེད་ པར་བྱ་སྟེ། ཅིས་འདི་དག་རྣམས་བདེ་བར་འགྱུར། ཇི་ལྟར་ན་སྐྱབས་སུ་འགྱུར་བ་ཡིན་ན། གང་གི་ཚེ་འདི་དག་རྣམས་ཀྱི་མཆོག་ཏུ་རྩུབ་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བདག་གིས་སྒྲོལ་བར་བྱེད་པར་འགྱུར་ཏེ། སེམས་ཅན་དེ་དག་ལ་དེ་ལྟར་སྙིང་རྗེ་བར་ བྱེད་དོ། །སྙིང་རྗེ་དང་ལྡན་པ་དེ་ཡང་གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ལྷ་རྣམས་ཀྱི་མངའ་བདག་ཏུ་འགྱུར་རོ། །མི་རྣམས་ཀྱི་ཡང་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །སེམས་ཅན་རྣམས་ཐམས་ཅད་ལ་ཡང་འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བ་དང་དགེ་ བའི་ཆོས་རྣམས་ལ་རྗེས་སུ་དགའ་བར་ཡང་འགྱུར་རོ། །དེ་ལྟར་དམྱལ་བར་གྱུར་པའི་སེམས་ཅན་རྣམས་ཀྱི་གཟེར་ཟུག་དེ་དང་དེ་དག་རྣམས་དམིགས་ཏེ་སྙིང་རྗེ་བསྐྱེད་པར་བྱའོ། །དེ་ལྟར་ན་མང་དུ་ཆེན་པོར་གྱུར་པ་དང་རྣམ་པ་དུ་མ་རྣམས་སུ་ཡང་ཚངས་པའི་བསོད་ནམས་ མངོན་པར་འཕེལ་བར་འགྱུར་རོ། །གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔར་གྱུར་པ་དགེ་སྦྱོང་ངམ་བྲམ་ཟེའམ་བློ་དེ་དག་དང་མཚུངས་པར་གྱུར་པ་གཞན་ཡང་རུང་སྟེ། བསྐུལ་བའི་བློས་སེམས་ཅན་རྣམས་ལ་ཕན་པ་ལ་གཅིག་ཏུ་མངོན་པར་ 71-1-51b དགའ་བས། ཡི་དགས་ཀྱི་དབང་དུ་བྱས་ལ་སྙིང་རྗེ་བསྐྱེད་པར་བྱའོ། །སེམས་ཀྱང་འདི་ལྟར་བསྐྱེད་པར་བྱ་སྟེ། ཇི་ལྟར་ཡི་དགས་འདི་དག་རྣམས་ནི། ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེས་པར་གྱུར་པ། རྣམ་པ་སྣ་ཚོགས་པའི་བཀྲེས་པ་དང་སྐོམ་པས་བསྲེགས་ པར་གྱུར་པའི་ལུས་ཅན། ནགས་ཚིག་པ་དང་འདྲ་བའི་ལུས་དང་ལྡན་པ་རྣམས། ཕན་ཚུན་དུ་ཁ་མངོན་དུ་ཕྱོགས་པར་གྱུར་ནས་མངོན་པར་རྒྱུག་པར་བྱེད་དེ། འབར་བའི་ཕྲེང་བས་རབ་ཏུ་འབར་བར་གྱུར་པའི་ལུས་ཅན་རྣམས། ཐམས་ཅད་དུ་སྐྱབས་རྩད་གཅོད་ པར་བྱེད་པས་ཕྱོགས་བཅུར་རྒྱུག་ཀྱང་དེ་དག་རྣམས་ཀྱི་སྐྱབས་ནི་འགའ་ཞིག་ཀྱང་མེད་དོ། །སྡུག་བསྔལ་དེ་དག་རྣམས་ལས་དགྲོལ་བར་བྱ་ན། ཀྱེ་མ་འདི་དག་རྣམས་བཀྲེས་པ་དང ། སྐོམ་པའི་རང་བཞིན་གྱི་སྡུག་བསྔལ་རྣམ་པ་སྣ་ཚོགས་དེ་དག་རྣམས་ལས་ནམ་ཞིག་ ཐར་པ་འབྱུང་བར་འགྱུར། དེ་ལྟར་ཡང་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་ནས་སྙིང་རྗེ་སྐྱེད་པར་བྱེད་དོ། །གཞན་ཡང་ཐེག་པ་ཆེན་པོ་ལ་ལེགས་པར་རབ་ཏུ་གནས་པ་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པས། དུད་འགྲོ་རྣམས་ མཐོང་ནས་ཀྱང་སྙིང་རྗེ་སྐྱེད་པར་བྱེད་དོ། །ཡི་དགས་རྣམས་ནི་སྡུག་བསྔལ་རྣམ་པ་དུ་མ་དང་ལྡན་པས་ཕན་ཚུན་ཆེས་ལྷག་པར་ལྷང་ཀྱོག་གིས་གསོད་པ་ལ་མངོན་པར་དགའ་བར་གྱུར་པ་ཡིན་ལ། དུད་འགྲོ་ཡང་གནས་གསུམ་དུ་སོང་བ་རྣམས་ལ་འདི་ལྟ་སྟེ། བར་སྣང་དང་ ཆུ་དང་ས་གཞི་ལ་རྒྱུ་བའོ། །ཕན་ཚུན་དུ་ཟ་བར་བྱེད་པའི་དབང་དུ་བྱས་ནས་དེ་དག་རྣམས་ཀྱི་སྲོག་གཏོང་བར་བྱེད་པའི་ཚུལ་ནི་རྣམ་པ་དུ་མ་ཡིན་ནོ། །ཀྱེ་མ་གང་གི་ཚེ་དེ་དག་རྣམས་སྡུག་བསྔལ་རྣམ་པ་དུ་མ་དེ་དག་ལས་གྲོལ་བར་འགྱུར་ཞེས། དེ་ལྟར་དུད་འགྲོར་སྐྱེས་པའི་སེམས་ ཅན་རྣམས་ཀྱི་དབང་དུ་བྱས་ནས་སྙིང་རྗེ་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་དང་ལྷན་ཅིག་ཉིད་དུ་ཚངས་པའི་བསོད་ནམས་འཕེལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགེ་བར་གྱུར་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་ 71-1-52a རྗེ་དང་ལྡན་པས་དུད་འགྲོ་རྣམས་ལ་སྙིང་རྗེ་སྐྱེད་པར་གྱུར་ཅིང ། ཤིན་ཏུ་ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུའི་ས་པ་རྣམས་མཆོག་ཏུ་སྡུག་བསྔལ་བ་མཆོག་ཏུ་རྩུབ་པར་གྱུར་པའི་འགྲོ་བ་གསུམ་པོ་རྣམས་ལ་སྙིང་རྗེ་བསྐྱེད་ནས་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་རྣམས་ ཀྱི་དབང་དུ་བྱས་ནས་སྙིང་རྗེ་བསྐྱེད་པར་བྱའོ། །ལྷ་རྣམས་ཀྱིས་ཀྱང་རི་དང་སྨན་ལྗོངས་རྣམས་ལ་དང་ནགས་དང་ཉེ་བའི་ནགས་རྣམས་ལ་ཡང་དཔེ་མེད་པའི་མཐོ་རིས་བདེ་བ་རྣམ་པ་དུ་མ་རྣམས་ཉེ་བར་ལོངས་སྤྱོད་ཅིང་པད་མའི་རྫིང་བུ་དང་ནགས་རྣམས་ལ་བུད་མེད་དང་ལྷན་ཅིག་ཏུ་རྩེ་ དགའ་བརྒྱ་སྟོང་ཉེ་བར་ལོངས་སྤྱད་ནས་ལས་ཟད་པར་གྱུར་པ་ན་འཆི་འཕོ་བའི་སྡུག་བསྔལ་འབྱུང་ངོ ། །དེའི་རྗེས་ཐོགས་ལ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་འཁོར་བ་འདིར་ཤིན་ཏུ་ཐོ་བཙམས་པར་གྱུར་པ་དག་སྲོག་ཆགས་རྣམས་ ཀྱིས་ཉེ་བར་ལོངས་སྤྱོད་པར་བྱེད་དེ། སྲེད་པའི་འཆིང་བ་རྣམས་ཀྱིས་ཤིན་ཏུ་དམ་པར་བཅིངས་ནས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམས་སུ་ཀུན་ཏུ་རྒྱུག་པར་བྱེད་ཀྱང ། འདི་དག་གིས་ལམ་དམ་པ་ཚོལ་བར་བྱེད་པ་ཡང་མ་ཡིན་ནོ། །དེ་ལྟར་ལྷ་རྣམས་ལ་ཡང་འཆི་འཕོ་བའི་ སྡུག་བསྔལ་རྣམས་ལ་ཉེ་བར་དམིགས་ནས་སྙིང་རྗེ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་མི་རྣམས་ལ་ཡང་སྙིང་རྗེ་སྟེ། རྣམ་པ་སྣ་ཚོགས་པའི་ལམ་གྱི་འབྲས་བུར་སྐྱེས་པ་རྣམས་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་བདེ་བ་དང་སྡུག་བསྔལ་གྱི་འབྲས་བུ་དག་ཉེ་བར་ལོངས་ སྤྱོད་པར་བྱེད་པ་རྣམས་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་ལས་ལ་ཉེ་བར་ཞུགས་པ་རྣམས་སྤྱོད་པ་དང་རབ་ཏུ་རྒྱུ་བར་སྣ་ཚོགས་པ་དང་བསམ་པ་དང་མོས་པ་སྣ་ཚོགས་པ་དང་དབུལ་བས་གཟིར་བ་རྣམས། སྐྱབས་མེད་པ་རྣམས་གཞན་གྱིས་ཟིལ་གྱིས་མནན་པས་ཤིན་ ཏུ་ཡང་གཟིར་བར་གྱུར་པ་རྣམས་ཡོངས་སུ་ཚོལ་བའི་སྡུག་བསྔལ་གྱི་མཆོག་ཏུ་ཡོངས་སུ་ལོངས་སྤྱོད་པར་བྱེད་པའི་མིའི་འཇིག་རྟེན་དེ་མངོན་པར་མཐོང་ནས་སྙིང་རྗེ་སྐྱེད་པར་བྱེད་དོ། །འདི་ཡང་མཆོག་ཏུ་དགའ་བར་གྱུར་པ་དང་མྱ་ངན་ལས་འདས་པའི་ཐར་བར་འགྱུར་བའི་ཆོས་ཡིན་ 71-1-52b ནོ། །དེ་ལ་དེ་ལྟར་འགྲོ་བ་ལྔའི་སེམས་ཅན་རྣམས་ལ་སྡུག་བསྔལ་ལྔ་ཉེ་བར་དམིགས་པས་ན། ཐེག་པ་ཆེན་པོ་ལ་ཀུན་ནས་རབ་ཏུ་གནས་པ་གང་ཡིན་པའི་དགེ་སྦྱོང་ངམ་བྲམ་ཟེ་དག་གིས་ཀྱང་སྙིང་རྗེ་སྐྱེད་པར་བྱེད་པ་རྣམས་ནི་ཐམས་ཅད་དུ་ཡང་བདེ་ལེགས་སུ་གྱུར་པའི་མྱ་ངན་ལས་འདས་ པ་འཐོབ་པར་འགྱུར་རོ། །དེ་ནས་དེའི་དུས་འདིར་རྨ་བྱའི་རྒྱལ་པོ་དེས་འཁོར་བ་འཇིག་གི་ཚིགས་སུ་བཅད་པའི་དབྱངས་བརྗོད་པ། ཇི་ལྟར། ཀཝ་ཡེ་ཐེག་ཆེན་ལ་རྟག་ཏུ། །གང་གི་སེམས་ནི་ལེགས་གནས་པ། །དེ་ཡི་སྙིང་རྗེ་རྗེས་འབྲེལ་བ། །མ་ལ་བུ་ནི་ཇི་བཞིན་ནོ། ། གང་གིས་སེམས་ཀྱང་མྱོང་མིན་པའི། །སྙིང་རྗེ་ཡིས་ནི་རྣམ་བརྒྱན་པ། །དེ་ཡི་གྲོགས་པོར་འཇིག་རྟེན་འདིར། །འགྱུར་རོ་སྙན་པས་ཀུན་ཏུ་ཁྱབ། །སྙིང་རྗེས་བརླན་དང་སྐྱོན་དང་བྲལ། །དབང་པོ་ལེགས་པར་གཏད་པ་དང ། །ཡང་དག་ལྟ་བ་རབ་ལྡན་པའི། ། ཤིན་ཏུ་མྱ་ངན་འདས་མི་རིང ། །གང་ཞིག་སྙིང་རྗེས་རྣམ་བརྒྱན་དང ། །མི་ཡི་འཇིག་རྟེན་ན་དེ་ལྷ། །སྙིང་རྗེ་ཡིས་ནི་གང་དབུལ་བ། །དེ་ནི་ཤིན་ཏུ་དབུལ་པོར་འདོད། །གང་ཡང་བསམ་པ་འཇམ་པ་ནི། །མི་བཟངས་གསེར་དང་འདྲ་བ་ཡིན། །སྙིང་རྗེ་རིན་ པོ་ཆེ་འདི་ནི། །གང་དག་ཡིད་ལ་འཇུག་གྱུར་པ། །སེམས་ཅན་གང་ཡང་རྟག་བརྩོན་ལྡན། །རྟག་ཏུ་ཆོས་ལ་གཞོལ་གྱུར་པ། །དེ་དག་སྙིང་རྗེའི་སྒྲོན་མ་ཡིས། །སྙིང་ནི་ལེགས་པར་རབ་གསལ་བྱ། །གང་དག་དམ་ཆོས་ཆུ་བོ་ནི། །ཉིན་མཚན་མེད་པར་ལྡོག་ པ་མེད། །དེ་དག་གནས་སྐབས་ཐམས་ཅད་དུ། །སྙིང་རྗེས་མངོན་པར་དགའ་བའི་ཡིད། །སྙིང་རྗེས་བསིལ་བར་གྱུར་པ་ཡིན། །སེམས་ཅན་ཀུན་ལ་ཕན་དགའ་བས། །བདེ་བ་དཔེ་མེད་ལོངས་སྤྱད་ནས། །ཕྱི་ནས་མྱ་ངན་འདས་པར་འགྲོ། །སྙིང་རྗེ་ཐུབ་པས་ བསྔགས་པ་ཡིན། །སྙིང་རྗེ་དྲི་མེད་སྙིང་པོ་ཡིན། །སྙིང་རྗེ་སྐྱོན་རྣམས་འཇོམས་པ་པོ། །སྙིང་རྗེ་ཟད་པ་མེད་པའི་གཏེར། །ཡོན་ཏན་རྒྱན་རྣམས་ཀྱི་ཡང་མཆོག་།སྐྱོན་རྣམས་ཐམས་ཅད་རྣམ་འཇོམས་སོ། །སྙིང་རྗེས་བརླན་ཕྱིར་ཐུབ་རྣམས་ཀྱིས། །གོ་འཕང་བླ་ན་ 71-1-53a མེད་པར་འགྲོ། །སྙིང་རྗེའི་བཞོན་མ་གང་ལ་ཡོད། །དེ་ནི་མཆོག་གི་འོ་མ་ལྡན། །ཁྲོ་བས་སྲེག་དང་མི་ལྡན་པར། །སྙིང་ལ་ལེགས་པར་རབ་ཏུ་འཇུག་།ཐེག་ཆེན་རྐྱལ་པ་ལ་ཞོན་པའི། །བརྩེ་བའི་སྙིང་རྗེ་ལེགས་གནས་ནས། །སྐྱོན་ གསུམ་རླབས་ནི་ཤུགས་པོ་ཆེའི། །སྲིད་པའི་རྒྱ་མཚོ་ལས་སྒྲོལ་བྱེད། །ཡོན་ཏན་རྒྱ་ཆེན་རྣམས་ཀྱི་གཙོ། །ནོར་ནི་མ་ཡིན་པ་ཡི་རྒྱན། །བཟང་པོ་རྣམས་ཀྱིས་རྟག་བརྩེ་བ། །འདིར་ནི་སྙིང་རྗེར་བརྗོད་པ་ཡིན། །དེ་ལྟར་དེས་ལྷ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་ དོ། །ཐོག་མ་དང་བར་དང་ཐ་མར་དགེ་བར་གྱུར་པ་དང ། ཐམས་ཅད་དུ་འགལ་བ་མེད་པ་དང་རབ་ཏུ་བསྔགས་པ་དང་ཤིས་པ་དང་ལྷ་རྣམས་ཐམས་ཅད་ཉེ་བར་འཕེལ་བར་བྱེད་པར་འགྱུར་རོ། །གཞན་ཡང་བཅོམ་ལྡན་འདས་དེས་བསྟན་པར་གྱུར་པའི་ཆོས་གཞན་གང་དག་ ཡིན་ཞིང ། །ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་གང་དང་ཡང་དག་པར་ལྡན་པས་སྐྱེས་བུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ་དུལ་བའོ། །དུལ་བའི་ཆོས་ཀྱང་གང་གི་ཕྱིར་ཡང་བར་གྱུར་པའི་སྐྱོན་རྣམས་ཡོངས་སུ་སྤངས་པ་དང་ཡོན་ཏན་རྣམས་འཛིན་པར་བྱེད་པ་ཡིན་ནོ། །བསམ་པ་འཇམ་པོ་དང་ལྡན་པའི་སྐྱེས་བུ་ལ་ཡང་དྲི་མ་རྣམས་ཐམས་ཅད་ཡོངས་སུ་སྤངས་པའི་མྱ་ངན་ལས་འདས་པ་ལག་ ཏུ་འོང་བར་འགྱུར་རོ། །བསམ་པ་འཇམ་པོའི་སྐྱེས་བུ་ཡང་གཅིག་ཏུ་དགེ་བ་བྱེད་པར་གྱུར་པ་དང ། སྐྱེ་བོ་རྣམས་ཐམས་ཅད་ཡིད་ཆེས་པར་བྱེད་པར་འགྱུར་རོ། །སྙིང་རྩུབ་པར་གྱུར་པའི་སྐྱེས་བུ་ནི་རྡོ་རྗེ་དང་རྡོ་བ་དང་མཚུངས་པ་མཁྲེགས་པའི་འཁོན་དམ་པོ་རྣམས་བློ་ལ་བསྡམས་ པ་དང་ཀུན་ནས་མ་བསྡམས་པར་རྒྱུ་བ་སྐྱེ་བོ་རྣམས་ཐམས་ཅད་དང་མི་འཐུན་པར་འགྱུར་རོ། །མི་སྡུག་པ་དང་ཡིད་དུ་མི་འོང་བར་འགྱུར་ཏེ། གང་དང་གང་དག་བཟུང་བར་གྱུར་པ་དེ། དེ་དག་འདིའི་སྙིང་ལས་ཡོངས་སུ་མི་འཕོའོ། །གཅིག་ཏུ་དགའ་བར་མི་འགྱུར་ཞིང་། 71-1-53b བསམ་གཏན་གྱིས་ཀུན་དགའ་ར་བ་ན་རྒྱུ་བར་མི་འགྱུར་རོ། །དམ་པ་དང་ཀུན་ཏུ་འདྲེ་བར་འགྲོ་བ་མ་ཡིན་ནོ། །དེ་ལ་ཆོས་འདུལ་བ་རྣམས་ལེགས་པར་འདོད་པར་མི་བྱེད་དེ། ཇི་ལྟར་གཞན་གྱི་ས་བོན་བཞིན་དང ། ཇི་ལྟར་བྱེ་མ་རྣམས་ལས་འབྲུ་མར་མི་འབྱུང་བ་བཞིན་ དུ། དེ་ལྟར་སྐྱེས་བུ་ཁྲོན་མའི་རང་བཞིན་ཅན་སེམས་རྩུབ་པ་དེ་ལ་ཆོས་རྣམས་དེ་ལྟར་མི་འབྱུང་ངོ ། །ཇི་ལྟར་བ་ལང་གི་རཝ་ལས་འོ་མ་དང་ཟླ་བ་དྲོ་བ་དང་མོ་གཤམ་ལ་བུ་དང་ནམ་མཁའ་ལ་མེ་ཏོག་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཁྲོན་མའི་རང་བཞིན་ཅན་དང ། ཁྲོ་བའི་ ལས་ཅན་མཆོག་ཏུ་གཡོ་དང་ལྡན་པ་དང་གཡོ་ཅན་གྱི་རིགས་སུ་གྱུར་པ། བློ་གྲོས་དམན་པ། བདག་ཉིད་ངལ་བར་བྱེད་པ། གཞན་དག་སླུ་བར་བྱེད་པ་སྲིད་པའི་འདམ་དུ་བྱིང་བ་མི་དགེ་བ་རྣམས་སྟེན་པར་བྱེད་པ། དཀོན་མཆོག་གསུམ་སྤངས་པར་གྱུར་པ། ཐེག་པ་ཆེན་ པོ་ལས་ཁ་ཕྱིར་ཕྱོགས་པ། དམུས་ལོང་དུ་གྱུར་པ་དམ་པའི་ཆོས་ཀྱི་ཉི་མ་མིག་གིས་མ་མཐོང་བ། མཆོག་ཏུ་མྱ་ངན་བྱེད་པར་གྱུར་པའི་སྐྱེ་བ་དང་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་དགོན་པར་འཁྱམས་པ། མཐའ་ ཡས་པའི་སྡུག་བསྔལ་རྣམས་འཇོམས་པར་བྱེད་པའི་བདུད་རྩི་སྤངས་པའི་སྐྱེས་བུ་ངན་པ་སྡུག་བསྔལ་གྱི་ཆུ་བོར་བྱིང་བར་གྱུར་པ་ལ་ནི། མྱ་ངན་ལས་འདས་པ་ཉིད་ཡོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདིས་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བ་ ལེགས་པར་འཐོབ་པར་བྱེད་པའི་ལམ་གྱི་རྒྱུ་ལ་ཡང་མི་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འདི་བདེ་བའི་སྐལ་བ་ཅན་དུ་མི་འགྱུར་རོ། །གང་ཡང་འདུལ་བ་དང་ལྡན་པར་གྱུར་པ་འཇམ་པོའི་ཡིད་ཅན་དེ་དག་རྣམས་ཐམས་ཅད་ནི་མྱ་ངན་ལས་འདས་པ་འཐོབ་པའི་སྐལ་བ་ཅན་དུ་ གྱུར་པ་རྣམས་ནི་དེ་དག་ཡིན་ནོ། །དཔེར་ན་ཏིལ་ལས་ནི་ཏིལ་མར་རོ། །ཉི་མ་ལས་ནི་འོད་ཟེར་རོ། །ཟླ་བ་ལས་ནི་བསིལ་བའོ། །མེ་ལས་ནི་དྲོ་བའོ། །ས་གཞི་ནི་བརྟན་པ་ཡིན་ནོ། །རྒྱ་མཚོ་ལས་ནི་ཧ་ཅང་མི་གཡོ་བའི་ཆུའོ། །བཏུང་ཆུ་ནི་བསིལ་བའོ། ། 71-1-54a འབྱུང་བ་ཆེན་པོ་བཞི་པོ་རྣམས་ནི་བློ་ཀུན་ཏུ་གནས་པར་འགྱུར་བ་ཡིན་ནོ། །སེམས་འཇམ་པོ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ཡིན་ཏེ། སེམས་ལས་སུ་རུང་བ་དང་དད་པ་དང་ལྡན་པ་དང་རབ་ཏུ་བརྩོན་པ་དང་ལྡན་པ་དང་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་དང་ རྒྱུ་དང་འབྲས་བུ་ལ་དད་པ་དང་ལྡན་པ་ལ་ནི་མྱ་ངན་ལས་འདས་པ་མདུན་ཉིད་ན་གནས་སོ། །དེ་ནས་དུས་དེར་རྨ་བྱའི་རྒྱལ་པོ་དེས་གཙུག་ལག་གི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། གང་གི་སྙིང་ནི་བཏུལ་བྱས་པ། །ཞུ་བར་གྱུར་པའི་གསེར་ བཞིན་ནོ། །དེ་ནས་ངེས་པར་ཕན་དགེ་བའི། །སྡུག་བསྔལ་ལས་ནི་མྱུར་དུ་འགྲོ། །ཀུན་ནས་ཉོན་མོངས་བཏུལ་བ་ཡིས། །གང་གི་སེམས་ནི་སྣོད་དུ་བྱས། །དེ་ལ་བདེ་ལེགས་སྐྱེ་འགྱུར་ཏེ། །ཞིང་རྣང་གི་ནི་སཱ་ལུ་བཞིན། །སེམས་ཀྱི་ཁྱིམ་གྱི་གཏེར་ལྡན་པ། ། ལུས་ཅན་ཀུན་ལ་དེ་མི་བཟད། །མི་རྣམས་གཡོ་སྒྱུ་ཆེན་པོ་ཡིས། །དབུལ་བ་ཀུན་ནས་འཇོམས་པར་བྱེད། །དབང་པོ་རྣོ་ཞིང་ཞི་བ་དང ། །རྟག་ཏུ་བསམ་གཏན་གྱིས་གནས་ཤིང ། །ཡུལ་རྣམས་ལ་ཡང་བག་དང་ལྡན། །སྡུག་བསྔལ་དག་གིས་གནོད་པའང་ མེད། །དེ་ལྟར་རྨ་བྱའི་མངའ་བདག་དེས་ཚིགས་སུ་བཅད་པ་བརྗོད་པ་ལ་འཐབ་བྲལ་བའི་ལྷ་དང་དགའ་ལྡན་པའི་ལྷ་དེ་དག་རྣམས་ཀྱང་ངོམས་པ་མེད་པས། སླར་ཡང་ཆོས་འདུལ་བ་དེ་ཉིད་ཉན་པར་འདོད་པས་ཐལ་མོ་ཁ་སྦྱར་ཏེ། དམ་པའི་ཆོས་ལ་གུས་པར་འགྱུར་ཞིང ། སླར་ཡང་ཆོས་ཉན་པར་འདོད་པས་རབ་ཏུ་སྨྲས་པ། འཕགས་པས་བཤད་དུ་གསོལ། རྨ་བྱའི་མངའ་བདག་གིས་བསྟན་དུ་གསོལ། སེམས་དཔའ་ཆེན་པོ་བདག་ཅག་རྣམས་སླར་ཉིད་ཀྱང་གཉིས་ཀྱིས་ལྷག་པའི་ཆོས་ཀྱི་རྣམ་གྲངས་ཉི་ཤུ་པ་འདི་དག་གང་ཐོས་པར་གྱུར་ ནས་བདག་ཅག་རྣམས་མཆོག་ཏུ་བདེ་ལེགས་རྣམས་ཐོབ་པར་འགྱུར་བ་ལགས་སོ། །དེ་ནས་རྨ་བྱའི་མངའ་བདག་རྣམ་པར་བཀྲ་བ་དེ་ཉིད་སླར་ཉིད་ཀྱང་ལྷ་དེ་དག་རྣམས་ཉིད་ལ་ཆོས་ཀྱི་རྣམ་གྲངས་གཉིས་ཀྱིས་ལྷག་པའི་ཉི་ཤུ་པ་དེ་ཉིད་འཆད་པར་བྱེད་དོ། །འདི་ལྟ་སྟེ་ཆོས་གཞན་ 71-1-54b འདི་ཡང་ཐེག་པ་ཆེན་པོ་ལ་ལེགས་པར་རབ་ཏུ་གནས་པའི་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་འདྲ་བ་རྣམས་ཀྱིས་ཀྱང་ཡིད་ལ་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་རབ་ཏུ་རྟེན་པའོ། །རབ་ཏུ་རྟེན་པ་ཞེས་བྱ་བའི་ཆོས་ནི་ཐམས་ཅད་ནས་ཐམས་ཅད་ལ་མཛེས་སོ། །དེ་དང་ཡང་དག་པར་ ལྡན་པའི་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་རང་བཞིན་མཚུངས་པར་གྱུར་པ་གཞན་རྣམས་ཐམས་ཅད་དང ། ཁྱིམ་པའམ་རབ་ཏུ་བྱུང་བའམ་གཞན་དག་ཀྱང་བྱིས་པའམ་རྒན་པོ་ཡང་རུང་སྟེ། དེ་དག་དང་ཡང་དག་པར་ལྡན་པར་གྱུར་ཅིང ། དེས་རབ་ཏུ་གཡོགས་པ་ རྣམས་ནི་མཛེས་པ་ཡིན་ནོ། །དེ་དང་མི་ལྡན་པའི་སྐྱེས་བུ་རྣམས་ནི་ཅེ་སྤྱང་དང་ཁཝ་ཏ་དང་མཚུངས་པ་རྣམ་པར་གྱུར་པ་འདྲ་བ་མ་ཡིན་པ་རྣམས་ཡིན་ནོ། །རེ་ཞིག་རབ་ཏུ་རྟེན་པ་འདི་ཡང་རབ་ཏུ་བྱུང་བས་ཇི་ལྟར་བྱ་ཞེ་ན། རེ་ཞིག་དང་པོ་ཁོ་ནར་རབ་ཏུ་བྱུང་བ་རྣམས་ཀྱིས་རབ་ཏུ་བརྟེན་ པར་བྱའོ། །དེ་ནི་རྣམ་པ་བདུན་ཏེ། རྣམ་པ་བདུན་པོ་འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་ཡུལ་གྱི་རྗེས་སུ་འཐུན་པར་གྱུར་པའི་ཕྱག་དར་ཁྲོད་ཡུལ་གང་དང་གང་ན་ཇི་ལྟ་བུའི་གོས་དང་ཁྱིམ་པ་རྣམས་གྱོན་པར་བྱེད་པ་དེ་ཆེད་དུ་བོར་བར་གྱུར་པ་དང ། དུར་ཁྲོད་ན་གནས་པ་དེ་ དག་ཀྱང་རབ་ཏུ་བྱུང་བས་བླང་བར་བྱའོ། །དེའི་ཕྱིར་གང་ཡང་དྲི་མ་ཅན་དང་ཧྲུལ་པོ་དང་སྦོམ་པ་དེ་དག་བླང་བར་བྱའོ། །འདི་ནི་ཆོས་གོས་ཀྱི་རབ་ཀྱི་རྟེན་ཡིན་ནོ། །གཞན་ཡང་ལྟ་བ་ལ་རབ་ཏུ་རྟེན་པ་ནི་མིག་རབ་ཏུ་ལྟ་བར་བྱེད་པ་རྣམ་པ་ཇི་ལྟ་བུ་ཡིན་ན། འདི་ན་གང་དགེ་ སློང་དག་གཉའ་ཤིང་གང་ཙམ་དུ་ལམ་དུ་ལྟ་བར་བྱེད་པ་དང ། སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་ཁྱིམ་དུ་རྗེས་སུ་ཞུགས་པ་ན་ཡང་ས་ལ་ལྟ་བར་བྱེད་དོ། །དེ་ཡང་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་གཅིག་ཏུ་དྲན་པ་ཉེ་བར་གནས་པར་བྱེད་དོ། །དབང་པོ་གཅིག་ཏུ་བསྡམས་ པ་དང ། ལུས་ཐམས་ཅད་ཤིན་དུ་ལེགས་པར་བསྡམས་པ་དང ། དབུགས་དབྱུང་བ་དང་རྔུབ་པ་བགྲང་བར་གྱུར་པས་ལུས་ཀྱི་དབང་དུ་བྱས་ནས་ཀྱང་དྲན་པ་དང་ལྡན་པས་རྒྱུ་བར་བྱེད་ཀྱི། སྦྱིན་བདག་གི་ཁྱིམ་དུ་རྣམ་པ་ཐམས་ཅད་དུ་ཡང་ཉེ་བར་མཁོ་བའི་སྣོད་སྤྱད་རྣམས་ཡོངས་ 71-1-55a སུ་སྤྱད་ནས་ལྟ་བར་མི་བྱེད་དོ། །མིག་རིག་རིག་པོར་མི་བྱེད་ཅིང་བུད་མེད་དག་ལ་རབ་ཏུ་རྟོག་པར་མི་བྱེད་དོ། །བྱིས་པ་ལ་འཁྱུད་པར་མི་བྱེད་ཅིང་ཡང་དང་ཡང་དུ་རྐང་པ་དག་བསྐུམ་པར་མི་བྱེད་དོ། །ལག་པ་དག་རྣམ་པར་བསྐྱོད་པར་མི་བྱེད་དོ། །སྟན་ ལས་རབ་ཏུ་བསྐྱོད་པར་མི་བྱེད་པ་དང ། ལག་པ་ལ་རང་གི་མགོ་བོ་བྱི་བྱད་མི་བྱེད་ལ་ཡང་དང་ཡང་དུ་ཆོས་གོས་དག་བསྐྱོད་པར་མི་བྱེད་དོ། །ལག་པས་ལག་པ་གནོན་པར་མི་བྱེད་ཅིང་སོར་མོ་བསྐྱོད་པར་མི་བྱེད་དོ། །འདི་ནི་རབ་ཏུ་རྟེན་པ་གཉིས་པ་ཡིན་ཏེ། རྣམ་པ་ དེ་ལྟ་བུའི་དགེ་སློང་ནི་ལྟ་བར་བྱེད་པ་ལ་རྟེན་པ་རབ་ཡིན་ནོ། །གཞན་ཡང་རབ་ཏུ་རྟེན་པ་གསུམ་པ་ཡོད་དེ། དགེ་སློང་སྦྱིན་པ་པོ་དང་ཁྱིམ་བདག་གི་ཁྱིམ་དུ་ཞུགས་པར་གྱུར་ནས། རྐང་པ་གཉིས་བཀྲུས་ལ་ལག་པ་གཙང་མར་བྱས་ཏེ་ལྷུང་བཟེད་བྱི་དོར་བྱའོ། །བྱི་ དོར་བྱས་ནས་ཀྱང་དམན་ཞིང་དམན་པའི་སེམས་ཀྱིས་སྟན་ལ་འདུག་པར་བྱའོ། །བསྡད་ནས་ཀྱང་གང་ཡང་རྐང་པ་གཉིས་ཀྱི་བར་ཙམ་གྱི་མདུན་དུ་ལྷུང་བཟེད་ཀྱི་ལྕུག་ཀོར་ལ་ལྷུང་བཟེད་གཞག་པར་བྱའོ། །ལག་པ་གཡས་པས་ཀྱང་ལྷུང་བཟེད་བསྲིངས་ལ་ལེགས་པར་ བྱ་སྟེ།བསོད་སྙོམས་བྱིན་ལེན་བྱའོ། །བླངས་ནས་ཀྱང་དེའི་རྗེས་ལ་སྨན་བཞིན་དུ་དང་ཁམ་ཡང་ཧ་ཅང་ཆེ་བར་མི་བྱའོ། །དེ་ཡང་ཁ་ཧ་ཅང་གདངས་ནས་ཁར་གཞུག་པར་མི་བྱའོ། །སྒྲ་ཆེ་བས་བཟའ་བར་མི་བྱ་ཞིང་མཆུ་ཧ་ཅང་བསྐྱོད་པར་མི་བྱའོ། །གསུས་པའི་སུམ་ ཆ་ཙམ་གྱིས་ཆོག་ཤེས་པར་གྱུར་པར་བྱའོ། །གཞན་དག་གི་ལྷུང་བཟེད་ལ་ཀུན་ཏུ་བལྟ་བར་མི་བྱའོ། །ཟས་གང་ལ་བརྐམ་ཆགས་བསྐྱེད་པར་གྱུར་པ་དེ་ཡང་བཟའ་བར་མི་བྱའོ། །དེ་ཟོས་པ་གང་གིས་བག་མེད་པ་གཞན་རྣམས་བྱེད་པར་མི་འགྱུར་བ་རྣམས་སོ། །སྟོན་མོའི་ ཡུལ་དང་དུས་ངེས་པར་རྫོགས་པ་དང་གང་གིས་དབང་པོ་རབ་ཏུ་དང་བར་གྱུར་པ་དང ། ཤིན་ཏུ་མཉམ་པར་བཞག་པར་གྱུར་པའི་ཡིད་ཀྱིས་ཆོས་བསྟན་པར་བྱ་སྟེ། བློ་མཉམ་པར་བཞག་པས་དང་ཤིན་ཏུ་མྱུར་བར་མ་ཡིན་པ་དང་བུལ་བ་མ་ཡིན་པ་དང་དྲང་བ་མ་ཡིན་པ་དང་ཀྱོག་པོ་ 71-1-55b མ་ཡིན་པ་དང་རིང་བ་མ་ཡིན་པ་དང་ཡུལ་དང་དུས་མངོན་པར་བལྟས་ཏེ། སྦྱིན་བདག་གི་སེམས་རྗེས་སུ་བསྲུངས་པར་འགྱུར་བར་བྱའོ། །ཇི་ལྟར་འདི་བག་མེད་པ་རྣམས་ཀྱིས་འཇིགས་པར་མི་འགྱུར་བར་བྱའོ། །འདི་ནི་རབ་ཏུ་རྟེན་པ་གསུམ་པ་ཡིན་ནོ། །གལ་ཏེ་ཡང་ ཟས་ཐོབ་པར་གྱུར་པ་འདིས་ཅུང་ཟད་ཅིག་མཐོང་བར་གྱུར་པ་གྲོང་ངམ་གྲོང་ཁྱེར་རམ་ཚོང་འདུས་རྣམས་ལ་དེས་དེ་ཡིད་ལ་མི་བྱའོ། །འདོད་པར་ཡང་མི་བྱའོ། །དེ་ལ་སེམས་སྤྲོ་བ་བསྐྱེད་པར་ཡང་མི་བྱའོ། །ས་མཚམས་རིགས་པ་མ་ཡིན་པར་ཀུན་ཏུ་གོ་བར་བྱེད་པའི་ གནས་མལ་རྣམས་ལ་བརྟགས་ཏེ་འདུག་པར་མི་བྱ་བ་འདི་ཉིད་ནི་རབ་ཏུ་རྟེན་པ་བཞི་པ་ཡིན་ནོ། །གཞན་ཡང་ངེས་པར་ཆགས་པ་མེད་པ་རབ་ཀྱི་རྟེན་ཡོད་དེ། དོན་རྣམས་ཐམས་ཅད་ལ་ལུས་དང་སྲོག་གཉིས་ལ་ཡང་ལྟོས་པ་མེད་པར་གྱུར་པའོ། །ཡོ་བྱད་དང་སྣོད་ སྤྱད་མང་པོ་རྣམས་ཐོགས་ཤིང་ཁྱེར་བར་གྱུར་པ་ནི་དགེ་སློང་མ་ཡིན་པ་དང ། ཀུན་ཏུ་རྩོམ་པས་ཡུལ་ལྗོངས་རྒྱུ་བ་ལ་མངོན་པར་དགའ་བ་མ་ཡིན་པའི་དགེ་སློང་དུ་གྱུར་པ་དང ། གཞན་གྱི་རྟགས་དང་ཆ་བྱད་འཛིན་པ་མ་ཡིན་པ་དང ། ཕེའུ་བཏབ་པ་ལ་ཆེད་ཆེར་བྱེད་པ་མ་ ཡིན་པ་དང ། ཁྱིམ་གཅིག་ཏུ་རབ་ཏུ་འཇུག་པ་ལ་མངོན་པར་དགའ་བར་གྱུར་པ་མ་ཡིན་པ་དང ། འདི་ནི་རབ་ཏུ་རྟེན་པ་ལྔ་པ་ཡིན་ནོ། །གཞན་ཡང་ངེས་པར་ཆགས་པ་མེད་པའི་རབ་ཏུ་རྟེན་པ་ཡོད་པ་ནི་ཤིང་དང་རྩཝ་དང་ས་གཅོད་པར་གྱུར་པ་མ་ཡིན། ལྷམ་ཁྲ་བོ་དང་གོས་ཁྲ་ བོ་གྱོན་པར་འགྱུར་བ་མ་ཡིན། ཤིན་ཏུ་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཡང་གཤེ་བར་བྱེད་པ་མ་ཡིན། རྒྱལ་པོའི་བསོད་སྙོམས་ལ་ལྟོས་པ་མཆོག་ཏུ་བྱེད་པ་མ་ཡིན། ཀུན་ཏུ་རྩོད་པས་གཟིར་བ་དང་ལྡན་པའི་དགེ་སློང་ལ་རྗེས་སུ་སྟེན་པར་བྱེད་པ་མ་ཡིན་པ་འདི་ནི་རབ་ཏུ་ རྟེན་པ་དྲུག་པ་ཡིན་ནོ། །གཞན་ཡང་རབ་ཏུ་རྟེན་པ་དག་ཡོད་པ་ལ་ཇི་ལྟར་དགེ་སློང་གང་སེམས་མཉམ་པ་ལ་རྟེན་པ་དེ་ནི། རབ་ཀྱི་རྟེན་དེ་དང་དེས་རྗེས་སུ་བསྟེན་པས་ཕན་པ་བཞིན་དུ་གྱུར་པ། བདུད་ཀྱི་ཡུལ་ལས་འབྲོས་པ་ལ་བརྩོན་པ་ལ་ཆེད་ཆེར་བྱེད་པ་དང ། ཞི་བ་དང་། 71-1-56a དབང་པོ་དུལ་བ་རྣམས་ཀྱིས་རྗེས་སུ་སྟེན་པར་བྱེད་པ་ནི། རི་ཁྲོད་དང་རིའི་ཕུག་དང་བླ་གབ་མེད་པ་དག་ཏུ་རྒྱུ་བ་དང ། རྟག་ཏུ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་གནས་པར་གྱུར་པ་འདི་ནི་རབ་ཏུ་རྟེན་པ་བདུན་པ་ཡིན་ནོ། །དེ་ལྟར་ན་ དགེ་སློང་གིས་རྣམ་པར་འཇོམས་པ་དང ། འཆིང་བ་རྣམས་ཐམས་ཅད་ལས་རྣམ་པར་གྲོལ་བར་ཡང་འགྱུར་རོ། །དེ་ནས་དེའི་དུས་འདིར་རྨ་བྱའི་མངའ་བདག་གིས་ཚིགས་སུ་བཅད་པ་གཞན་དག་བསྙད་པ། ཇི་ལྟར། ཇི་བཞིན་རབ་ཏུ་རྟེན་སྤྱོད་ལྡན། །ཡེ་ཤེས་ སྤྱོད་ཡུལ་རྟེན་པའོ། །འཁོར་བའི་སྐྱོན་གྱིས་འཇིགས་པ་ཡི། །རབ་ཏུ་བྱུང་བ་འབྲས་བཅས་འདོད། །བསླབ་པའི་གཞི་ནི་ཉམས་མེད་དང ། །སྔོན་བདེ་བ་ལ་ཡང་སྤྲོ་མེད། །ཕུང་པོའི་རྒྱུན་གྱིས་འཇིགས་པ་ཡི། །ནགས་སུ་བསྟེན་པ་འབྲས་དང་ལྡན། །ངག་ འཇམ་པ་དང་ཞི་བ་དང ། །མྱ་ངན་འདས་ལའང་ཁ་ཕྱོགས་པ། །ལུས་ནི་ཚུལ་ཁྲིམས་ཀྱིས་བརྒྱན་པའི། །རབ་ཏུ་བྱུང་བ་འབྲས་བཅས་འདོད། །བདག་གི་དངོས་དང་གཞན་དངོས་ལ། །གང་གི་བློ་ནི་རྨོངས་མེད་པ། །ལས་ཀྱི་རྣམ་པར་སྨིན་པས་མིན། །ལམ་ དང་ལམ་མིན་དེ་བཞིན་ཉིད། །བདེ་དང་སྡུག་བསྔལ་འཇིགས་པ་དང ། །སྒྲིབ་པ་དང་ཡང་མི་ལྡན་ལ། །ཁྱིམ་གྱི་ཞགས་པ་རྣམ་གྲོལ་བས། །སྡུག་བསྔལ་ཉིད་ན་གནས་པ་མིན། །དེ་ལྟར་རབ་ཏུ་རྟེན་པའི་ཡོན་ཏན་རྣམ་པ་དུ་མ་རྣམས་སུ་རྨ་བྱའི་མངའ་བདག་འདིས་ ལྷ་དེ་དག་རྣམས་ལ་བརྗོད་དེ་ལྷ་དེ་དག་རྣམས་སླར་ཡང་དད་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེའི་ཚེ་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་ཆོས་འདུལ་བ་རྣམ་པ་དུ་མར་བརྗོད་པར་གྱུར་པ་ན་མཉམ་པར་གཞག་པའི་རྣ་བའི་བུག་པས་ཉན་པར་བྱེད་དོ། །དེ་ནས་གཞན་ཡང་རྨ་བྱའི་མངའ་ བདག་དེ་སྤྲོ་བ་ལྡོག་པ་མེད་པར་གྱུར་པས་སླར་ཡང་ཆོས་དེ་ཉིད་སྟོན་པར་བྱེད་དེ། འཐབ་བྲལ་གྱི་ལྷ་དེ་དག་རྣམས་དང་ཀུན་ཏུ་ལྷགས་པར་གྱུར་པའི་དགའ་ལྡན་གྱི་ལྷ་དེ་དག་རྣམས་ལ་དམ་པའི་ཆོས་སྒྲོགས་པ་ལ་གུས་པས་ཕྱིར་ཡང་རྨ་བྱའི་བདག་པོ་དེ་ཉིད་ཀྱིས་ཆོས་སྟོན་པར་བྱེད་ 71-1-56b དོ། །ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་ལ་ཡང་ཇི་ལྟར་གཅེས་པར་བྱ་བར་གྱུར་པའི་ཆོས་གཞན་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ལས་ལ་དད་པ་དང་ལྡན་པའོ། །ལས་དང་འབྲས་བུ་ལ་དད་པ་དང་ལྡན་པ་ཞེས་བྱ་བའི་ཆོས་ནི་ཆེན་པོར་གྱུར་པ་ཡིན་ ནོ། །གང་ཡང་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་མཚུངས་པར་གྱུར་པ་རྣམས་ཀྱང་རུང་སྟེ། ལས་དང་འབྲས་བུ་ལ་དད་པ་དང་ལྡན་པར་གྱུར་པའི་ཡིད་ཅན་དེས་ནི་ལུས་ཀྱི་ཉེས་པ་སྤྱོད་པར་བྱེད་པ་ན་ཤེས་པར་བྱེད་དེ་ཇི་ལྟར། ལུས་ཀྱི་ཉེས་པར་སྤྱད་པ་འདི་བསྟེན་ཅིང་ བསྒོམས་ལ་ལན་མང་དུ་བྱས་པས་ནི། མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བའི་རྣམ་པར་སྨིན་པ་རྣམས་བདག་ལ་འབྱུང་བར་འགྱུར་བ་ཡིན་ཏེ། དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བའི་ཡུལ་རྣམས་ལ་འབྲས་བུ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་བའི་ སྡུག་བསྔལ་རྣམས་སོ་སོར་མྱོང་བར་འགྱུར་ཏ་རེ། དེ་བཞིན་དུ་རང་ཉིད་ངག་གི་ཉེས་པར་སྤྱོད་པ་རྣམས་སྤྱོད་པ་ན་ཡང་འདི་ལྟར་ཡིད་ལ་བྱེད་དོ། །ཇི་ལྟར་བདག་གི་ངག་གི་ཉེས་པར་སྤྱོད་པ་འདི་ཉིད་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ནི། མི་འདོད་པ་མི་སྡུག་པ་ ཡིད་དུ་མི་འོང་བའི་འབྲས་བུ་རྣམ་པར་སྨིན་པ་འབྱུང་བར་འགྱུར་ཏེ། དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་རྣམས་སུ་མི་དགེ་བའི་ལས་ཀྱིས་སྐྱེ་བ་རབ་ཏུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་ཡིད་ཀྱིས་ཉེས་པར་སྤྱོད་པ་ཡང་བྱེད་པ་དང་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་ པར་གྱུར་པས་ནི། མི་སྡུག་ཅིང་ཡིད་དུ་མི་འོང་ལ་མི་འདོད་པ་མི་སྡུག་པ་ཡིད་དུ་མི་འོང་པའི་འབྲས་བུ་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་ཡུལ་རྣམས་སུ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་མཚུངས་པར་གྱུར་པ་གཞན་རྣམས་སམ། གང་ཡང་ དེ་དག་དང་འདྲ་བར་གྱུར་པ་རྣམས་ཀྱིས་གང་སྔོན་གྱི་དུས་ན་སྡིག་པའི་ལས་བྱས་པར་གྱུར་པ་རྣམས་དྲན་པར་བྱས་ནས་བཤགས་པར་བྱེད་དོ། །འགྱོད་པར་ཡང་བྱེད་དོ། །སངས་རྒྱས་ལ་རྗེས་སུ་སྟེན་པར་བྱེད་དོ། །ཇི་ལྟར་བདག་ཅག་གི་ལས་ཀྱི་འབྲས་བུ་ཉེས་པར་བྱས་པ་ 71-1-57a རྣམས་ལས་གྲོལ་བར་འགྱུར་ཞེས། དེ་དག་རྣམས་ནི་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་འགྱུར་རོ། །དེ་ནས་དེ་རྒན་པོ་ཤེས་ཉེན་དང་ལྡན་པ་དུལ་བ་ལ་སྤྲོ་བར་བྱས་ནས་ལྟུང་བ་འདི་དག་བཤགས་པར་བྱེད་དོ། །འདི་ལས་ལངས་པས་དེ་སྲིད་ཀྱི་སྡིག་པའི་ ལས་རྣམས་ཟད་པར་འགྱུར་རོ། །དེ་ལྟར་རེ་ཞིག་གང་སྔོན་གྱི་དུས་ན་ལས་བྱས་པར་འགྱུར་བ་དམ་པ་མ་ཡིན་པའི་ལས་ཉེ་བར་བྱས་པ་དེ་དག་ཕྱིས་ཡང་མི་བྱེད་དོ། །ལྡང་བར་ལ་ཡང་སྤྱོད་པར་བྱེད་དོ། །དེས་མི་དགེ་བའི་ལས་འདི་དག་ཐམས་ཅད་ནས་ཐམས་ཅད་དུ་རབ་ཏུ་ བྲལ་བར་འགྱུར་བའམ། དེ་དག་མགོ་སྨད་པར་འགྱུར་རོ། །དེ་བཞིན་དུ་ད་ལྟར་བའི་དུས་སུ་ཉེས་པར་བྱས་པའི་ལས་བྱས་པར་གྱུར་པ་ལུས་ཀྱི་དང་ངག་གི་དང་ཡིད་ཀྱིས་ཀྱང་སྟེ། རྣམ་པ་གསུམ་པོ་སེམས་ཡང་མོར་ཡོངས་སུ་འཇུག་པས་གལ་ཏེ་བྱས་པར་གྱུར་ན་ཡང ། དུས་འཇུག་པ་ཡུན་ཐུང་ངུས་དེ་མ་ཐག་ཏུ་གང་དག་སེམས་ཀྱིས་ཡོངས་སུ་བཏང་ནས་བཤགས་པར་བྱེད་དོ། །འགྱོད་པ་སྐྱེད་པར་བྱེད་ཅིང་ཕྱིས་ཡང་མི་བྱེད་དོ། །དེ་དེ་བཞིན་དུ་རབ་ཏུ་འགྱོད་པར་བྱེད་པར་གྱུར་པ་ཡིན་ན། གང་ལ་ལས་དེའི་ཕྱི་བཞིན་ལྟ་བར་བྱེད་པར་མི་ འགྱུར། སྡིག་པའི་ལས་རྣམས་ཡོད་པ་མ་ཡིན་ལྡན་པ་མ་ཡིན་ནོ། །དེ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་འགྱུར་བའམ་ཟད་པར་བྱེད་པའམ་ཉམས་སྨོད་པར་ཡང་འགྱུར་རོ། །ཇི་ལྟར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པའི་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ ཡང་དེ་དང་འདྲ་བ་རྣམས་དཔྱོད་པར་བྱེད་དེ། ཇི་ལྟར་གལ་ཏེ་བདག་གིས་ལུས་ཀྱིས་ཉེས་པར་སྤྱོད་པའམ་ངག་གིས་ཉེས་པར་སྤྱོད་པ་འདི་དག་རྣམས་བྱས་ཤིང་གོམས་པར་བྱས་པར་གྱུར་ན། དེས་བདག་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བའི་ཡུལ་རྣམས་སུ་འབྲས་བུ་ རྩུབ་པོ་འབྱུང་བར་འགྱུར་བས་ན། དེ་མི་དགེ་བའི་ལས་ཀྱི་འབྲས་བུ་མ་སྐྱེས་པ་དེ་རྣམས་མི་སྐྱེ་བར་བྱ་བའི་དོན་དུ་འབད་ཅིང་རྩོལ་ལ་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ལྟ་དེ་ལྟར་འདས་པའི་དུས་ཀྱི་ལས་ཀྱི་འབྲས་བུ་རྣམས་ལ་དད་པའི་སྟོབས་དང་ལྡན་པའི་དགེ་སྦྱོང་ངམ་བྲམ་ཟེ་ 71-1-57b རྣམས་ཀྱིས་ཀྱང་རུང་སྟེ། དེ་དག་རྣམས་ཀྱི་དམྱལ་བ་མྱོང་བར་འགྱུར་བའི་ལས་དུས་རིང་དུ་ཀུན་ཏུ་མྱོང་བར་གྱུར་པ་ཆེས་འཇིགས་པར་གྱུར་པའི་ཚོར་བ་གང་ཡིན་པ་དེ་ཡང་དུས་ཐུང་བ་དང་ཤིན་ཏུ་ཞན་པའི་ཚོར་བར་གྱུར་པའམ། ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་མེད་པར་འགྱུར་ རོ། །དེ་དེ་ལྟར་གཞན་ཡང་སྤྱོད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པས་ནི་གང་དེ་ཡི་དགས་སུ་སྐྱེ་བར་བྱེད་པའི་ལས་ངན་པ་རྣམས་དུས་རིང་དུ་མྱོང་བར་འགྱུར་བ་དང ། བཀྲེས་པ་དང་སྐོམ་པའི་རང་བཞིན་གྱིས་ཆེས་དྲག་པ་ཡོད་པ་དེ་དག་རྣམས་ དམན་པར་འགྱུར་རོ། །དུས་ཐུང་བར་འགྱུར་བའམ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་མེད་པར་འགྱུར་རོ། །དེ་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་རྣམས་དང་གང་ཡང་དེ་དག་དང་འདྲ་བར་ལས་དང་འབྲས་བུ་ལ་དད་པ་དང་ལྡན་པ་རྣམས་གང་ཡིན་པ་རྣམས། དེ་དག་ གིས་དུད་འགྲོར་སྐྱེ་བར་འགྱུར་བའི་ལས་ཆེས་འཇིགས་པ་རྣམས་བྱས་པས། དེ་དག་ཕན་ཚུན་དུ་ཟ་བར་བྱེད་པ་དུས་རིང་བར་མྱོང་བར་འགྱུར་བ་དེ་དག་རྣམས་ཀྱང་ཤིན་ཏུ་ཆུང་བ་དང ། ཕན་ཚུན་དུ་ཟ་བ་མི་མྱོང་བར་འགྱུར་བ་དང ། དུས་ཐུང་བ་དང་ཐམས་ཅད་ནས་ ཐམས་ཅད་དུ་ཡང་མེད་པར་འགྱུར་རོ། །གང་བྱས་ཤིང་བསགས་ལ་ངེས་པ་ཁོ་ནར་སོ་སོར་མྱོང་བར་འགྱུར་བའི་ལས་ཀྱི་འབྲས་བུ་གང་དང་གང་ལ་འཕེན་པར་བྱེད་པའི་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བའི་ལུས་རྣམས་ནི་མ་གཏོགས་སོ། །གཞན་ཡང་ལས་ཀྱི་ འབྲས་བུ་དེ་ཉིད་ལ་དད་པ་དང་ལྡན་པ་ཡིན་ཏེ། འདི་ལྟར་ལས་དེ་ནི་ཤིན་ཏུ་རྟོགས་པར་དཀའ་བ་དང་མཆོག་ཏུ་ཕྲ་བར་གྱུར་པའི་ལས་ཀྱི་འབྲས་བུ་རྣམས་ལ་དཔྱོད་པར་བྱེད་དོ། །དེ་ལ་མི་དགེ་བའི་ལས་རྣམ་པ་གསུམ་པོ་དེ་དག་བྱས་པར་གྱུར་པ་རྣམས་དེ་སོ་སོར་བཤགས་པར་ བྱེད་པ་དང ། ཁ་ན་མ་ཐོ་བ་དེ་དག་རྣམས་རབ་ཏུ་སྤངས་པར་བྱེད་པ་དེ་ལ། གང་ཁོ་ན་ངེས་པར་མྱོང་བར་འགྱུར་བ་རྣམས་ལས་དུད་འགྲོའི་འགྲོ་བ་མྱོང་བར་འགྱུར་བ་དེ་དག་འདི་ལྟར་སེམས་ཀྱིས་ལེགས་པར་བསྒོམས་ཤིང་ཡོངས་སུ་དག་པས་དེ་སྤོང་བར་བྱེད་དོ། །དེ་ལ་གང་དམྱལ་བ་ 71-1-58a མྱོང་བར་འགྱུར་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་མྱོང་བར་འགྱུར་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་རྣམས་སེམས་ཀྱིས་རྣམ་པར་འགྱོད་པར་བྱེད་པ་དང ། གཉེན་པོ་དཀར་པོའི་ཆོས་རྣམས་ཀྱིས་ཉེ་བར་བཅོམ་པའི་དབང་གིས་ཀྱང་རྣམ་པ་ཐམས་ ཅད་དུ་མི་འགྱུར་བའམ། ཉམས་སྨོད་པར་བྱེད་པའམ་ལས་དེ་ཉིད་ཀྱིས་གང་ཆེས་སྡུག་བསྔལ་བའི་དུད་འགྲོའི་སྐྱེ་གནས་སོ་སོར་རབ་ཏུ་མྱོང་བར་འགྱུར་བ་ཡང་རུང་སྟེ། ཉེས་པར་བྱས་པ་དེ་བཤགས་པ་ལས་ལངས་པས་སམ། ཆོས་ཤིན་ཏུ་དཀར་བར་གྱུར་པའི་ལེགས་པར་ བྱས་པའི་ལས་རྣམས་ཀྱིས་ཀྱང ། གང་དུད་འགྲོར་ཚེ་རིང་པོར་འཚེད་པར་བྱེད་པ་རྣམས་ཉེ་བར་བཅོམ་པས་དེ་ཚེ་ཐུང་ངུ་དང་སྡུག་བསྔལ་ཆུང་བར་ཡོངས་སུ་འཚེད་པའམ་ཐམས་ཅད་དུ་མེད་པར་བྱེད་དོ། །དེ་ལ་རྒྱུ་བ་འདི་དང་མཚན་མ་འདི་དག་གིས་ལས་དང་འབྲས་བུ་ལ་དད་པ་ དང་ལྡན་པ་ཉིད་དུ་བྱའོ། །དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་འདྲ་བར་གྱུར་པ་གཞན་རྣམས་ཀྱང་རུང་སྟེ། གང་ཡང་ལས་དང་འབྲས་བུ་ལ་དད་པ་དང་ལྡན་པ་དེ་ནི། ཆུ་ཀླུང་གི་ངོས་དང་བཅས་ནས་ཚད་ཡོད་པར་འཁོར་བ་ན་འཁོར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ འགྲོ་བ་ལྔ་ན་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱིས་མ་བསྐྱེད་པའི་འབྲས་བུར་གྱུར་པ་གང་ཡིན་པའི་སྐྱེ་བ་ནི་ཅུང་ཟད་ཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་བཞིན་དུ་སྐྱེས་བུའི་སྙིང་པོ་ནི་གང་ལས་དང་འབྲས་བུ་ལ་དད་པ་དང་ལྡན་པ་ཞེས་བྱ་བ་ཡིན་ཏེ། སྲོག་ཆགས་ རྣམས་ནི་ཐམས་ཅད་ཀྱང་ལས་རྣམས་ཐམས་ཅད་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་ན་བུད་མེད་དམ་སྐྱེས་པ་རྣམས་ཀྱིས་ཀྱང་རུང་སྟེ། ཐམས་ཅད་ཀྱིས་ཀྱང་རབ་ཏུ་བརྩོན་པས་ཉིན་མོ་དང་མཚན་མོར་ཡང་བདག་ཉིད་ཐམས་ཅད་ཀྱིས་ལས་དང་འབྲས་བུ་ལ་དད་པའི་ སྟོབས་བསྐྱེད་པར་བྱའོ། །འདིར་རེ་ཞིག་འཁོར་བའི་སྲོག་ཆགས་རྣམས་ལ་དེ་དག་སྙིང་པོར་གྱུར་པའོ། །ཆོས་གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེ་དང་རང་བཞིན་མཚུངས་པ་རྣམས་ཀྱིས་ཡིད་ལ་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ་མི་གནས་པས་ཉེ་བར་ 71-1-58b བཅོམ་པ་ཉིད་དོ། །མི་གནས་པས་ཉེ་བར་བཅོམ་པ་ནི་གང་གི་ཕྱིར་དགེ་སྦྱོང་ངམ་བྲམ་ཟེ་རྣམས་གང་དག་ཡིན་ཡང་རུང་སྟེ། དེ་དག་རྣམས་ནི་བློ་གྲོས་དམན་པ་རྣམས་ཡིན་ནོ། །མི་གནས་པས་ཉེ་བར་བཅོམ་པར་གྱུར་པའི་སྐྱོན་དེས་སེམས་ཆགས་པར་བྱེད་དོ། །མི་གནས་ པ་དེ་ཉིད་ཀྱིས་ཀུན་ཏུ་འཁོར་བར་བྱེད་དེ། དགེ་འདུན་གྱི་ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་གྲོང་དང་ཡུལ་དང་གྲོང་ཁྱེར་དང་གཞན་དག་ཏུ་ཡང་རུང་སྟེ། རྟག་ཏུ་ཡང་ལེ་ལོ་ཅན་དུ་འགྱུར་རོ། །དེ་དང་དེ་ཉིད་ལ་དགའ་བར་འགྱུར་རོ། །དེ་ཞི་བའི་དགོན་པ་རྣམས་དང་ཞི་བའི་ གནས་གཞན་དག་རྣམས་སུ་ཡང་མངོན་པར་དགའ་བར་མི་འགྱུར་རོ། །ལེགས་པར་འགྲོ་བའི་རང་བཞིན་ཅན་མ་ཡིན་ཏེ། འགྲོན་ལམ་དུ་འགྲོ་བའི་དབང་དུ་བྱས་པ་ན་ཡང་དེ་ནི་རབ་ཏུ་བྱུང་བ་ཡང་མ་ཡིན་ལ་ཁྱིམ་པ་ཡང་མ་ཡིན་ནོ། །དེ་ཐམས་ཅད་དུ་རིགས་མཚུངས་པར་ འགྱུར་རོ། །ཡུལ་ཕྱོགས་གཅིག་པོ་དེ་ཉིད་ལ་གནས་པས་ཀྱང་དུས་འདའ་བར་བྱེད་དོ། །དེ་གང་གི་དོན་དུ་རབ་ཏུ་བྱུང་བར་གྱུར་པའི་བསམ་གཏན་གྱིས་བདེ་བར་གནས་པར་བྱ་བ་དེ་ཉིད་ནི་མི་བྱེད་དེ། ཀུན་ཏུ་གནས་པའི་སྐྱོན་གྱིས་ཉེ་བར་བཅོམ་པའི་ཕྱིར་རོ། །གང་ཡང་མི་ ཚུགས་པའི་སྐྱོན་དེ་རིག་པར་གྱུར་ནས་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེ་དང་རང་བཞིན་འདྲ་བ་དག་ལ་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཁ་དྲག་པར་འགྱུར་རོ། །འདི་དང་ཕྲད་པའི་དོན་དུ་ཐམས་ཅད་དུ་ཉེ་བར་འོང་བར་ཡང་མི་འགྱུར་རོ། །འདི་ལ་གང་སྦྱིན་པ་པོ་དང་སྦྱིན་ བདག་རྣམས་དབང་དུ་མི་འགྱུར་བར་དབང་ཆེན་པོར་འགྱུར་རོ། །འདི་དག་གི་ཚིག་ཉན་པར་མི་འགྱུར་ཞིང ། དེ་གཙོ་བོར་བྱས་ནས་སྦྱིན་པ་རྣམས་གཏོང་བར་མི་བྱེད་དོ། །ཤིན་ཏུ་སེམས་སྟོབས་ཡང་བར་གྱུར་པ་འདུག་པའི་ས་མི་ཟིན་པས་ཉེ་བར་བཅོམ་པ་རྟག་ཏུ་འཕྲད་ པར་བྱེད་པ་རྟག་ཏུ་ཞབས་འབྲིང་བྱེད་པ་ཡིན་ནོ། །དེ་ཀུན་ཏུ་གནས་པས་ཉེ་བར་བཅོམ་པའི་སྐྱོན་གྱིས་ཉེ་བར་བཅོམ་པར་གྱུར་པ་ལ་བཞད་གད་དུ་བྱེད་དོ། །ཁྱིམ་པ་དག་ཕན་ཚུན་དུ་གླེང་བརྗོད་ཀྱང་བྱེད་དེ། ཇི་ལྟར་དགེ་སྦྱོང་ངམ་བྲམ་ཟེ་ཆེ་གེ་མོ་ཞེས་བྱ་བ་གར་ཡང་མི་ཆགས་པས་ 71-1-59a ཉེ་བར་བཅོམ་པས་དེ་དང་དེ་ཉིད་ལ་དགའོ། །དགོན་པ་ཞི་བ་རྣམས་སུ་ནི་མ་ཡིན་གྱི། རྟག་ཏུ་ཚོལ་སོག་བྱེད་པའི་རང་བཞིན་ཅན་རྟག་ཏུ་ཁྱིམ་པ་རྣམས་ལྟ་བར་འདོད་པ་དང ། ཞབས་འབྲིང་གི་དངོས་པོར་ཡང་འགྲོ་བ་དང་བྲན་བཞིན་དུ་ཁྱིམ་པ་རྣམས་ཀྱི་ གཡོག་བྱེད་དོ། །གཡོག་བྱེད་པར་གྱུར་པས་དེ་དག་གིས་ཁ་ཉེན་པར་བྱེད་དོ། །དེ་ཉིད་ཀྱིས་ཁྱིམ་པ་ཀུན་ཆུབ་པར་མི་འགྱུར་ལ། རབ་ཏུ་བྱུང་བར་ཡང་མི་འགྱུར་ཏེ་མི་གནས་པའི་སྐྱོན་གྱིས་ཉེ་བར་བཅོམ་པའི་ཕྱིར་རོ། །གང་ལ་ཡང་སྐྱོན་འདི་དག་རྣམས་མེད་པ་དེ་ནི་ སྐྱེ་བོ་རྣམས་ཐམས་ཅད་ཀྱིས་འབྱོར་བར་བྱེད་དོ། །གང་ཀུན་ཏུ་གནས་པས་ཉེ་བར་བཅོམ་པའི་སྐྱོན་གྱིས་སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཁ་མི་དྲག་པར་མི་འགྱུར་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གནས་པ་མེད་པར་ཀུན་ཏུ་ལྟ་བར་བྱེད་པའི་སྐྱོན་གྱིས་ཡང་མོར་འགྱུར་ ཞིང ། དགེ་སྦྱོང་དང་བྲམ་ཟེ་གང་འགའ་ཞིག་ཀུན་ཏུ་གནས་པས་ཉེ་བར་བཅོམ་པར་གྱུར་པ་རྣམས་ལ་ནི། ཇི་སྲིད་དུ་རྣམ་པ་དེ་ལྟ་བུ་དང་སྐྱོན་གཞན་དག་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་དེ་དག་དང་མཚུངས་པ་གཞན་རྣམས་ཀྱིས་ཀྱང་ གཅིག་བྱ་བར་བྱ་སྟེ། རྟག་ཏུ་ཆགས་པ་མེད་པའི་བློ་དང ། རྟག་ཏུ་གཅིག་པུ་མངོན་པར་དགའ་བ་དང ། ཤིང་དྲུང་པ་དང ། དུར་ཁྲོད་པ་དང ། ཕུག་གི་ནང་དུ་བསམ་གཏན་བྱེད་པ་དང ། རི་ཁྲོད་སྟེན་པ་དང ། གཅིག་ཏུ་རྣམ་པར་རྒྱུ་བས་གནས་སྐབས་ཐམས་ཅད་དུ་ཇི་ སྲིད་འཚོ་བའི་བར་དུ་མི་གནས་པས་ཉེ་བར་བཅོམ་པ་ཉིད་ཡོངས་སུ་སྤང་བར་བྱའོ། །གཅིག་པུ་ཞིག་འགའ་ཞིག་དང་ཡང་མངོན་པར་ཆགས་པར་མི་བྱའོ། །ཆགས་པ་རྣམས་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །ཆགས་པ་རྣམས་ཐམས་ཅད་ཡོངས་སུ་སྤངས་པ་ལས་ཐར་ པ་ཐོབ་པར་འགྱུར་རོ། །དེ་ནི་མི་གནས་པས་ཉེ་བར་བཅོམ་པ་ཡིན་ནོ། །དེ་ནས་དུས་དེའི་ཚེ་རྨ་བྱའི་མངའ་བདག་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། ཀུན་ནས་ཉེར་བཅོམ་དགེ་སློང་ནི། །མི་རྣམས་ཀྱི་ནི་བྲན་བཞིན་མཐོང ། །རྩཝ་བཞིན་དུ་ནི་ཡང་མོར་ 71-1-59b འགྱུར། །རང་དོན་ལས་ཀྱང་ཉམས་པར་འགྱུར། །གནས་ཀྱིས་ཉེར་བཅོམ་དགེ་སློང་ནི། །ཁྱིམ་པ་མ་ཡིན་ནགས་གནས་མིན། །བསམ་གཏན་བསྒོམ་པར་བྱ་བ་ལ། །ཡིད་ཆེས་ཉིད་ནི་རབ་མི་འཇུག་།མི་གནས་ཉེར་བཅོམ་དགེ་སློང་ནི། །རྟག་ཏུ་ཚོལ་སོག་ ལ་བརྩོན་ནོ། །ཚོལ་སོག་ལ་ནི་བྲེལ་བའི་ཡིད། །ཚེ་ཡང་ཡོངས་སུ་ཉམས་པར་འགྱུར། །སྐད་ཅིག་ཤིན་ཏུ་མྱུར་འཇུག་པའི། །གསོན་པ་གོ་བ་ཉིད་མ་ཡིན། །བདེ་བ་གཞན་དུ་ལོངས་སྤྱད་པ། །གང་བྱས་པ་ནི་རིག་པའང་མིན། །གནས་ཀྱིས་ཉེ་བར་བཅོམ་དགེ་ སློང ། །སྐྱེ་བོ་ལ་ལྟ་ཆེད་ཆེར་བྱེད། །རྟག་ཏུ་སྡིག་པས་འགྲོ་བ་ཡིན། །དེས་ཀྱང་ངན་སོང་གནས་སུ་འགྲོ། །ཡིད་ནི་མངོན་པར་ཞེན་པ་མེད། །ཆགས་པ་མེད་པའི་ལུས་ཅན་རྣམས། །ཆགས་པ་ཀུན་ལས་རྣམ་གྲོལ་བ། །དགེ་སྦྱོང་འབྲས་དང་བཅས་པར་འདོད། ། རི་ཡི་ཁྲོད་དང་ཤིང་གི་དྲུང ། །རྟག་ཏུ་བསམ་གཏན་གྱིས་གནས་པ། །དགེ་བ་རབ་ཏུ་དད་པ་དང ། །ཡེ་ཤེས་སྐྱོན་དེ་ཡོངས་སུ་སྤངས། །ཆགས་པ་ཀུན་ལས་ངེས་རྣམ་གྲོལ། །ཡུལ་རྣམས་ཀྱིས་ཀྱང་བསླུས་མིན་པའི། །སྐམ་པོའི་ཤིང་ལ་མེ་བཞིན་དུ། །དགེ་སློང་དེ་ཡིས་ ཉོན་མོངས་སྲེག་།གཅིག་པུ་དགའ་བས་དགར་གྱུར་པའི། །དགེ་སློང་དབང་པོ་ལྔ་བསྡམས་པ། །ལུས་ཀྱི་མཚན་ཉིད་དེ་ཉིད་ཤེས། །མྱ་ངན་འདས་པ་རྟོགས་པར་འགྱུར། །བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན། །རྟག་པར་སྐྱོན་རྣམས་རྣམ་པར་སྤངས། །འགྱིང་བག་ དོན་གྱི་སྐྱེད་ཚལ་བཞིན། །མྱ་ངན་འདས་པ་ལྷག་པར་འགྲོ། །མྱ་ངན་འདས་ལ་རྟག་མངོན་དགའ། །སྲིད་གསུམ་ཆུ་བོས་ཀྱང་འཇིགས་པ། །ཀུན་གནས་ཀྱིས་ནི་མ་བསླུས་པའི། །དག་པའི་བདག་ཉིད་དགེ་སློང་ཡིན། །དེ་ལྟར་མི་གནས་པས་ཉེ་བར་བཅོམ་པའི་སྐྱོན་རྣམས་ དང་ལྡན་པས་དགེ་སློང་གང་དག་ཤིན་ཏུ་ཡང་སོ་སོར་རྒྱུག་པར་བྱེད་དོ། །དེའི་ཕྱིར་གཅིག་པུ་ཉིད་སྙིང་པོར་བྱེད་པ་རྣམས་ཀྱིས་མི་གནས་པར་ཉེ་བར་བཅོམ་པ་དགེ་སྦྱོང་རྣམས་ཡོངས་སུ་སྤང་བར་བྱའོ། །ཁྱིམ་པ་རྣམས་ཀྱིས་ཤིན་ཏུ་ཆུང་བར་ཉེ་བར་བཅོམ་པ་རྣམས་དང ། དགེ་སློང་གནས་ 71-1-60a ཀྱི་ཉེ་བར་བཅོམ་པ་ལས་རེ་ཞིག་ཁྱིམ་པ་ལ་ཡང་སྐྱོན་དེ་དག་རྣམས་སུ་འགྱུར་ན། ཁྱིམ་གྱི་གནས་ནས་ངེས་པར་བྱུང་བའི་དགེ་སློང་ལ་སྐྱོན་རྣམས་ཐམས་ཅད་ཀྱི་སྐལ་བ་ཅན་དུ་འགྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། བརྟན་པས་ནི་དགེ་བའི་ཆོས་རྣམས་ ཐམས་ཅད་འཐོབ་པར་འགྱུར་རོ། །དེའི་ཕྱིར་ཀུན་ཏུ་མི་གནས་པས་ཉེ་བར་བཅོམ་པ་རབ་ཏུ་བརྩོན་པས་ཀྱང་སྤང་བར་བྱའོ། །གཞན་ཡང་དགའ་ལྡན་པ་དེ་དག་རྣམས་དང་འཐབ་བྲལ་བའི་ལྷ་དེ་དག་རྣམས་ལ། རྨ་བྱའི་མངའ་བདག་དེས་བཅོམ་ལྡན་འདས་དེ་ཉིད་ཀྱི་མདོ་ འཆད་པར་བྱེད་པ་ལ། ཇི་ལྟར་ཆོས་གཞན་ཡང་འདོད་པ་སྡུག་པ་ཡིད་དུ་འོང་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡོད་དོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ།བརྟན་པ་དང་ལྡན་པའི་དགེ་སློང་རྣམས་ནི་རིགས་ཀྱི་དགེ་བའི་ཆོས་ཀྱི་ཁུར་ཁྱེར་བར་འགྱུར་རོ། །འཇིག་རྟེན་ པ་རྣམས་ཀྱིས་ཤིན་ཏུ་ཡང་རབ་ཏུ་བསྔགས་པར་འགྱུར་རོ། །བརྟན་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་རྣམས་ལ་ཡང་རྒྱན་དུ་གྱུར་པ་ཡིན་ནོ། །སྐྱོན་རྣམས་ཐམས་ཅད་ལས་ཀྱང་རྣམ་པར་འགྲོལ་ལོ། །བརྟན་པ་སྐྱོན་ཐམས་ཅད་ལས་ངེས་པར་རྣམ་ པར་གྲོལ་བ་ཡང་གང་གི་ཕྱིར་འདི་ནི་ཐོག་མ་མེད་པའི་དུས་ནས་རབ་ཏུ་འཇུག་པའི་སྐྱོན་གྱི་དྲ་བ་རྣམ་པ་དུ་མ་རྣམས་རབ་ཏུ་འཕྲོ་བ་དམ་ཞིང་ཤིན་ཏུ་བརྟན་པོར་སེམས་ཀྱི་རྗེས་སུ་འབྲེལ་བ་དེ་དག་རྣམས་དུས་ཅུང་ཟད་ཙམ་དང ། བརྩོན་འགྲུས་ཆུང་ངུ་དང་ཏིང་ངེ་འཛིན་དང་བརྟན་པ་ ཡང་ཅུང་ཟད་ཙམ་གྱིས་གཞོམ་པར་མི་ནུས་ཤིང ། སེམས་ཀྱི་ས་གཞི་ལ་རྣམ་པར་ཞེན་ནས་གནས་པའི་སྐྱོན་གྱི་དྲ་བ་དེ་དག་རྣམས་ནི་དགེ་སློང་གིས་འཁོར་བ་ལས་འགྲོལ་བར་བྱེད་པའི་བརྟན་པ་མ་གཏོགས་པ་གཞན་རྣམས་ཀྱིས་ནི་ཆོད་པ་མ་ཡིན་ནོ། །དེ་དང་ཡང་ དག་པར་ལྡན་པའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ནི་རྐྱེན་རྣམས་ལས་ཉེ་བར་སྐྱེས་པའི་ཞེན་པ་མི་དགེ་བ་རྣམས་བློ་གྲོས་བརྟན་པོ་དག་གིས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །དེ་ལ་ཀུན་ཏུ་ཆགས་པར་ཡང་མི་བྱེད་དེ། བདག་ཉིད་ཐམས་ཅད་ཀྱིས་ཀྱང་བརྩོན་འགྲུས་བརྟན་པོར་ 71-1-60b བྱས་ནས། མི་དགེ་བའི་ཆོས་རྣམས་ཀྱི་འཇིགས་པས་འཇིགས་པའི་ཕྱིར་ཡོངས་སུ་སྤོང་བར་བྱེད་དོ། །འདོད་ཆགས་སྐྱེས་པར་གྱུར་ན་ཡང་དགེ་སློང་དག་བརྟན་པའི་བློས་མི་སྡུག་པ་སྒོམ་པར་བྱེད་དོ། །དེ་དེ་དང་ཡང་དག་པར་ལྡན་ཞིང་དཔུང་གཉེན་དུ་གྱུར་པས་ནི་མུན་ པར་གྱུར་པའི་འདོད་ཆགས་ཀྱི་རྐྱེན་གྱིས་སྐྱེ་བར་གྱུར་པའི་མི་དགེ་བའི་སེམས་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །དེས་ཀུན་ཏུ་འཁྲིད་པར་མི་འགྱུར་རོ། །དེ་བཞིན་དུ་ཞེ་སྡང་དང་ལྷན་ཅིག་འགྲོགས་པར་གྱུར་པའི་སེམས་སྐྱེས་པར་གྱུར་ན་ཡང་དེས་འཕྲོགས་པར་མི་འགྱུར་ཏེ། བརྟན་པ་དང་ལྡན་པར་གནས་པའི་བྱམས་པའི་གཉེན་པོ་གྲོགས་སུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གཏི་མུག་དང་ལྡན་པའི་སེམས་ཀུན་ཏུ་སྐྱེས་པ་རྣམས་ལ་ཡང་རྟེན་ཅིང་འབྲེལ་བར་འགྱུར་བའི་གཉེན་པོས་སྒྲུབ་པར་བྱེད་དོ། །དེ་ནས་དུས་འདིར་རྨ་བྱའི་མངའ་བདག་དེས་ ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ཀུན་གནས་པས་ཀྱང་གང་ཆགས་པ། །དེ་ནི་སྲེད་པས་རྟག་ཏུ་ཆགས། །སྲེད་པའི་འཆིང་ལས་གྲོལ་མིན་རྣམས། །འཇིག་རྟེན་འདིར་མིན་ཕ་རོལ་མིན། །དེ་ལྟར་རྨ་བྱའི་མངའ་བདག་དེས་དགའ་ལྡན་གྱི་ལྷ་དེ་དག་དང་ འཐབ་བྲལ་བ་རྟག་ཏུ་གཅིག་ཏུ་དགའ་བ་རྣམས་ལ་ཀུན་ཏུ་གནས་པའི་སྐྱོན་རྣམ་པ་དུ་མ་སྟོན་པར་བྱེད་དོ། །དེ་ནས་ལྷ་དེ་དག་འཇིག་རྟེན་གཉིས་ལ་ཕན་པའི་ཆོས་དེ་དག་རྣམས་རྣམ་པ་དུ་མར་ཉན་པར་གྱུར་ཀྱང་རྣམ་པ་ཐམས་ཅད་དུ་ངོམས་པ་མེད་པས། སླར་ཡང་རྨ་བྱའི་ མངའ་བདག་ལ་བརྗོད་པ། ཇི་ལྟར་ཁྱོད་ཀྱིས་བདག་ཅག་ལ་མཆོག་ཏུ་ངོ་མཚར་བར་གྱུར་པ་མཆོག་ཏུ་ཟབ་པའི་ཆོས་དེ་དག་རྣམས་བསྟན་པ་གང་ཡིན་པ་ནི་ཐོག་མ་དང་བར་དང་ཐ་མར་དགེ་བ་མྱ་ངན་ལས་འདས་པའི་མཐར་ཐུག་པ་རྣམ་པར་རྟོག་པ་དུ་མར་འཁོར་བ་ལ་སྐྱོ་བར་ བྱེད་པའི་ལམ་གྱི་མཆོག་དེ་སླར་ཉིད་ཀྱང་བདག་ཅག་རྣམས་ལ་རྗེས་སུ་བརྗོད་པའི་རིམ་པས་ཆོས་བསྟན་དུ་གསོལ། བདག་ཅག་ཐམས་ཅད་ཀྱང་སེམས་རྩེ་གཅིག་པས་མཉན་པར་བགྱིའོ། །རང་དང་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་ཆོས་ཀྱི་ལམ་དེ་དག་རྣམས་ལྷ་ 71-1-61a དེ་དག་གི་དྲུང་ནས་ཐོས་པར་གྱུར་ནས། སླར་ཉིད་ཀྱང་རྨ་བྱའི་བདག་པོ་དེས་ལྷ་དེ་དག་རྣམས་ཐམས་ཅད་ཉིད་ཀྱང་སེམས་རྩེ་གཅིག་ཏུ་གྱུར་པས་ཇི་ལྟ་བ་བཞིན་དུ་ཆོས་ཉན་པར་བྱེད་པའི་ལྷ་དེ་དག་རྣམས་ཀྱི་ཡིད་དེ་དག་ཀྱང་ཀུན་ཏུ་རྟོགས་པས། བདག་ གིས་ཕྱིར་ཞིང་ཉིད་ཀྱང་ཆེས་རབ་ཏུ་རངས་པར་གྱུར་པའི་ཡིད་དུ་གྱུར་པས་སླར་ཉིད་ཀྱང་དེ་དག་རྣམས་ལ་བསྟན་པར་བྱའོ། །དེ་ནས་ཕྱིར་ཡང་སེམས་རྟོགས་ནས་སླར་ཡང་ཆོས་དེ་ཉིད་རྣམ་པ་དུ་མ་རྣམས་སུ་སྒྲ་དབྱངས་བརྟན་ཞིང་རྒྱ་ཆེ་བ་དང་མཆོག་ཏུ་སྙན་པར་གྱུར་པ་དང ། གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པའི་སྙན་པས་སྟོན་པར་བྱེད་དེ། ཀྱེ་ཧེ་ལྷ་དག་གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་དང་འདྲ་བ་རྣམས་ཀྱིས་ཆོས་ཡིད་ལ་བྱ་ཞིང ། དེ་ལ་རབ་ཏུ་བརྩོན་པས་ཀྱང་འཇིགས་པར་བྱའོ། །འདི་ཡང་ གང་ཞེ་ན། འདི་ལྟ་སྟེ། གྲགས་པ་མ་ཡིན་པས་འཇིགས་པ་ཉིད་དོ། །གྲགས་པ་མ་ཡིན་པས་འཇིགས་པའི་དགེ་སློང་ནི་གཅིག་ཏུ་ངེས་པའི་བློར་འགྱུར་རོ། །དེ་སྐྱོན་འདི་དག་རྣམས་གྲགས་པ་མ་ཡིན་པ་ལ་འཇིགས་པས་སྤོང་བར་བྱེད་དེ། ཇི་ལྟར་རྩབ་ཧྲལ་ཅན་གྱི་ བུད་མེད་ཀྱི་སྐྱོན་གྱི་དྲི་མ་ཕལ་ཆེ་བར་གྱུར་པའི་ཁྱིམ་དུ་འཇུག་པར་མི་བྱེད་ཅིང་འདྲེ་བར་ཡང་མི་བྱེད་དོ། །ཆང་འཚོང་དང་ལྷན་ཅིག་ཀུན་བརྗོད་པར་མི་བྱེད་ཅིང་མི་སྲུན་པ་རྣམས་དང་མ་ཡིན་ནོ། །རྐུན་མ་དང་ཡང་མ་ཡིན་ལ་སྡིག་པ་བྱེད་པ་རྣམས་དང་མ་ཡིན་ནོ། །རྒོད་བག་ཅན་ དང་མ་ཡིན་ཞིང་ཀུན་ཏུ་འགྱེད་པ་རྣམས་དང་ཡང་མ་ཡིན་ནོ། །རྟགས་གཞན་པ་རྣམས་དང་རྟགས་གཞན་པ་ལ་སོ་སོར་འབྲང་བ་རྣམས་དང་མ་ཡིན་ནོ། །ཆོ་ལོ་བ་རྣམས་དང་མ་ཡིན་ཞིང་རྟོག་མི་རྣམས་དང་ཡང་མ་ཡིན་ནོ། །བྱིས་པ་དང་མ་ཡིན་ཞིང་བུད་མེད་ཀྱིས་འཚོ་བ་རྣམས་དང་ ཡང་མ་ཡིན་ནོ། །རྐོ་ཏྲོག་ཅན་རྣམས་དང་མ་ཡིན་ཞིང་ཁ་མི་འཚམ་པ་རྣམས་དང་མ་ཡིན་ནོ། །ཤིན་ཏུ་བརྐམ་ཆགས་ཅན་རྣམས་དང་མ་ཡིན་ཞིང་འཇལ་བ་ལ་སྒྱུ་བྱེད་པས་སླུ་བ་རྣམས་དང་ཡང་མ་ཡིན་ནོ། །འཇིག་རྟེན་པ་རྣམས་དང་འགལ་བར་གྱུར་པའི་ཚོང་པ་དང་མ་ཡིན་ཞིང་ཆུ་ཀླུང་ 71-1-61b གི་ངོས་ལ་བཅོམ་ནས་སྒྲོལ་བ་རྣམས་དང་མ་ཡིན་ནོ། །མ་ནིང་རྣམས་དང་མ་ཡིན་ཞིང་ལམ་དུའང་བུད་མེད་དང་གོམ་པ་གཅིག་ཀྱང་ལྷན་ཅིག་ཏུ་འགྲོ་བར་བྱེད་པ་མ་ཡིན་ནོ། །གླང་པོ་ཆེ་འདུལ་བ་རྣམས་དང་མ་ཡིན་ནོ། །མི་འདུལ་བ་རྣམས་དང་མ་ཡིན་ནོ། །རྟ་འདུལ་བ་རྣམས་ དང་མ་ཡིན་ནོ། །མེད་པར་སྨྲ་བ་རྣམས་དང་མ་ཡིན་ནོ། །དཀོན་མཆོག་གསུམ་ལ་ཁ་ཕྱིར་ཕྱོགས་པ་རྣམས་དང་མ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཞེ་སྡང་བར་གྱུར་པ་རྣམས་དང་མ་ཡིན་ནོ། །སྡོམ་པ་མ་ཡིན་པ་ལ་གནས་པ་རྣམས་དང་མ་ཡིན་ནོ། །རིགས་ངན་པ་རྣམས་དང་ མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་སྡིག་པའི་ལས་ཅན་རྣམས་དང་ལྷན་ཅིག་ཏུ་དགེ་སློང་གནས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷན་ཅིག་ཏུ་གནས་པའི་བྱེད་པ་གང་གི་ཕྱིར་དགེ་སློང་ཆུད་ཟ་བར་འགྱུར་ལ། དེ་བཞིན་དུ་འཇིག་རྟེན་པས་ཀྱང་གོ་བར་འགྱུར་རོ། །ཇི་ལྟར་འདིའི་ དྲི་མ་ཅན་གྱི་ལས་ཡིན་པ་དེ་ཁོ་ན་ལྟར་དགེ་སློང་ལ་ཡང་རྟོག་པར་བྱེད་དོ། །གང་ཡང་ཡིད་ཅན་རྣམས་ཐམས་ཅད་རྣམ་པ་ཅི་ལྟ་བུ་དང་ལྷན་ཅིག་ཏུ་འདྲེ་བར་བྱེད་པ་ན། དེ་དག་རྣམ་པ་དེ་ཁོ་ན་བཞིན་དུ་སྐྱེ་བོ་རྣམས་ཀྱིས་ཡང་རྟོགས་པར་འགྱུར་རོ། །དེའི་ཕྱིར་གྲགས་པ་མ་ཡིན་ པས་འཇིགས་པ་རྣམས་ཀྱིས་དྲི་མ་ཅན་གྱི་ལས་ཅན་རྣམས་དང་ལྷན་ཅིག་ཏུ་གོམ་པ་གཅིག་ཀྱང་འགྲོགས་པར་མི་བྱའོ། །དེ་ནས་དེའི་དུས་འདིར་རྨ་བྱའི་མངའ་བདག་དེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱེད་པ། ཇི་ལྟར། མ་རྣགས་རྣག་ དང་འདྲེ་བྱེད་པ། །རྣག་ཉིད་ཉེ་བར་སྐྱེ་བར་འགྱུར། །དེ་ཕྱིར་རྣག་དང་འདྲེ་མ་བྱེད། །རྣག་མེད་བྱ་བར་འོས་པ་ཡིན། །སྐྱེས་བུ་ཅི་འདྲ་བ་དག་ལ། །མཚུངས་པར་རྟེན་གྲོགས་རྟག་བྱས་ནས། །དགེ་དང་གལ་ཏེ་མི་དགེ་ཡང ། །དེ་དང་འདྲེ་ལས་དེ་འདྲར་མཐོང ། ། སྐྱེས་བུ་བདེ་དོན་གཉེར་ཀུན་གྱིས། །དགེ་བ་ཁོ་ན་རྗེས་སུ་བསྟན། །དེས་འདིར་བདེ་བ་འཐོབ་འགྱུར་གྱི། །དགེ་བས་སྡུག་བསྔལ་བྱེད་པ་མིན། །ཀུན་འདྲེས་ཡོན་ཏན་སྐྱེ་བར་མཐོང ། །འདྲེ་ལས་སྐྱོན་སྐྱེ་དེ་བཞིན་ཏེ། །ཡོན་ཏན་སྐྱོན་གྱི་མདོར་བསྡུས་པའི། །མཚན་ཉིད་ 71-1-62a འདིར་ནི་བརྗོད་པ་ཡིན། །རྟག་ཏུ་བཟང་པོ་དང་འགྲོགས་པའི། །དགེ་སློང་སྙན་གྲགས་དང་ལེགས་ལྡན། །ངན་པ་དང་ནི་འགྲོགས་པ་ནི། །སྐྱེས་བུ་ངན་པར་མྱུར་དུ་འགྲོ། །གང་དག་ངན་པ་རྣམ་སྤོང་བའི། །དེ་དག་སྙིང་པོ་རྟག་ཏུ་གྱིས། །ལེགས་ རྟག་ལྷན་ཅིག་གནས་པ་དང ། །མ་རུངས་པ་ཡང་སྤང་བར་གྱིས། །དེ་ལྟར་རྨ་བྱའི་བདག་པོ་འདིས་ལྷ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །གྲགས་པ་མ་ཡིན་པས་འཇིགས་པར་གྱུར་པའི་དགེ་སློང་རྣམས་ཀྱང་ཡོན་ཏན་བདུན་དང་ཡང་དག་པར་ལྡན་པར་འགྱུར་བ་ ལ། འདི་ལྟ་སྟེ། སྡིག་པ་ཅན་གྱི་སྐྱེ་བོ་རྣམས་ལ་མི་སྟེན་ནོ། །རྙེད་པ་དང་བཀུར་སྟི་རྣམས་ལ་མངོན་པར་དགའ་བར་མི་འགྱུར་རོ། །ཆོག་ཤེས་པ་དང་ལྡན་པ་རྣམས་ལ་སྦྱིན་པ་པོ་དང་སྦྱིན་བདག་རྣམས་རབ་ཏུ་དང་བར་འགྱུར་རོ། །རིའི་ཁྲོད་རྣམས་སུ་སྟེན་པར་འགྱུར་ རོ། །དེ་དག་ནི་དགེ་ལེགས་ཀྱི་སྐལ་བ་ཅན་དུ་འགྱུར་རོ། །མང་དུ་ཀུན་བརྗོད་པར་མི་འགྱུར་རོ། །གྲོང་དུ་རྒྱུ་བར་མི་འགྱུར་ཞིང ། འཐུང་བ་དག་གི་ཁང་པར་ཡང་མི་འཇུག་གོ། །ཉོ་བ་དང་འཚོང་བར་ཡང་མི་བྱེད་དོ། །དེ་དེ་ལྟ་བུའི་ཡོན་ཏན་རྣམས་དང་ཡང་དག་ པར་ལྡན་པ་ལེགས་པར་རྒྱུ་བའི་དགེ་སློང་ནི་ཆུད་འཛའ་བར་མི་འགྱུར་རོ། །སྐྱེ་བོའི་ཚོགས་མང་པོ་རྣམས་ཀྱང་གུས་པ་དང་བཅས་པར་འགྱུར་རོ། །དེའི་ཕྱིར་བག་མེད་པའི་རྒྱུའི་རྩེ་མོ་ནི་འདི་ཡིན་ཏེ། འདི་ལྟར་དགེ་སློང་གྲགས་པ་མ་ཡིན་པ་རྣམས་ཀྱིས་འཇིགས་པ་མེད་པའོ། ། གང་ཡང་དགེ་སློང་གྲགས་པ་མ་ཡིན་ནས་འཇིགས་པ་མེད་པ་དེ་ཁྱིམ་པ་རྣམས་ཀྱི་དྲུང་ན་ཡང་ཤིན་ཏུ་ལྷག་པ་ཡིན་ཏེ། སྐྱོན་རྣམས་ལས་དེ་ཅི་དགའ་བར་སྤྱོད་པར་བྱེད་པ་དང ། ཅི་རུང་བར་སྨྲ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང ། ཚུལ་ཁྲིམས་འཆལ་པ་མང་དུ་བྱེད་པར་ འགྱུར་རོ། །དེ་ལུས་ཞིག་པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །གྲགས་པ་མ་ཡིན་པས་འཇིགས་པ་ནི་གཅིག་པུ་རྒྱུ་བར་འགྱུར་བ་དང་ཁྱིམ་རྣམས་སུ་སྟེན་པར་མི་བྱེད་དོ། །དེ་དག་ནི་རྟག་ཏུ་ཡང་རི་དང་དགོན་པར་གནས་པར་འགྱུར་ཞིང་ཆོག་ཤེས་པར་ 71-1-62b ཡང་འགྱུར་རོ། །འདོད་པ་དང་བརྣབ་སེམས་ལ་སྟེན་པར་མི་བྱེད་དོ། །ཡུལ་ལྗོངས་ཀྱི་སྐྱོན་རྣམས་ཐམས་ཅད་སྤོང་བར་བྱེད་དོ། །ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ལ་ཡང་འཇིགས་པར་ལྟ་བར་འགྱུར་རོ། །དེ་ལྟར་འཇིག་རྟེན་ན་གྲགས་པ་མ་ཡིན་པ་རྣམས་ཀྱིས་འཇིགས་ པར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་ཡིན་ནོ། །དེ་ནི་དགེ་བའི་སྐལ་བ་ཅན་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སློང་རྣམས་ལ་གཅེས་པར་གྱུར་པའི་ཆོས་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། མངོན་པར་ཞེན་པ་མེད་པའོ། །མངོན་ པར་ཞེན་པ་མེད་པ་ཞེས་བྱ་བའི་ཆོས་ནི་མཆོག་ཏུ་དགའ་བར་གྱུར་པ་ཡིན་ནོ། །འདི་ནི་དགེ་སློང་དག་མངོན་པར་ཞེན་པ་མེད་པ་ནི་དག་པ་དང་འབའ་ཞིག་པ་དང་ཀུན་ཏུ་ཆགས་པ་མེད་པའི་བློ་དང་ལྡན་པ་དང ། གཅིག་ཏུ་ངེས་པར་རྒྱུ་བ་དང་བློ་ལེགས་པར་གནས་པར་གྱུར་པ་དང ། འཚོ་བ་དག་པ་རྣམས་མཆོག་ཏུ་མྱ་ངན་དང་བྲལ་བར་འགྱུར་བ་ཡིན་ནོ། །མཆོག་ཏུ་རྣལ་དུ་ཕེབས་པའི་ཡིད་འཛིན་པ་ཡིན་ནོ། །དེ་སྡུག་བསྔལ་བས་ཞུམ་པར་མི་འགྱུར་རོ། །ཁྲོ་བ་དང་འཁྲུག་པ་འབྱུང་བར་མི་འགྱུར་རོ། །དགའ་བ་ཡ་ཡ་བོའི་གནས་རྣམས་ལ་དགའ་བར་ ཡང་མི་འགྱུར་རོ། །འཇིགས་པའི་གནས་རྣམས་ལ་ཡང་རྣམ་པར་མི་འཇིགས་སོ། །གཉེན་བཤེས་རྣམས་ལ་སྙིང་ཉེ་བར་ཆགས་པར་གྱུར་ནས་རང་གི་དོན་རྣམས་ལས་ཡོངས་སུ་ཉམས་པ་མ་ཡིན་ནོ། །གྲོང་ཁྱེར་པ་རྣམས་ཀྱིས་བགད་པ་དང་འགྱིང་བག་བྱས་པ་དང་རྩེས་ པ་དང་ཡོངས་སུ་སྤྱད་པ་རྣམས་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། །ཉེ་བར་འགྲོ་བའི་རང་བཞིན་ཅན་མ་ཡིན་ནོ། །གྲོང་ནས་གྲོང་དང་གྲོང་ཁྱེར་ནས་གྲོང་ཁྱེར་དང ། ཚོང་འདུས་ནས་ཚོང་འདུས་རྣམས་དང ། ཁྱིམ་ནས་ཁྱིམ་ཀུན་ཏུ་ཆགས་པ་མེད་པའི་བློས་གཅིག་ཏུ་བདེ་བར་ ཉལ་བ་དང་རབ་ཏུ་སད་པར་ཡང་འགྱུར་རོ། །དེའི་བློས་མངོན་པར་ཆགས་པ་མེད་པ་དང་རྣམ་པར་དག་པ་ཡིན་ནོ། །ཀུན་ཏུ་སྤྱོད་པ་རྣམ་པར་དག་པ་དེ་ནི་བདུད་དམ་སྒྲ་དང་རེག་བྱ་དང ། རོ་དང་གཟུགས་དང་དྲི་དང་དེ་དག་གིས་ཀྱང་ཕྲོགས་པར་མི་འགྱུར་རོ། །རྙེད་པ་དང་བཀུར་ 71-1-63a སྟི་རྣམས་ལ་མངོན་པར་དགའ་བར་མི་འགྱུར་རོ། །དེས་ཐོབ་པ་རྣམས་སམ་གཞན་ཡང་ཇི་ལྟར་སྐྱེས་པའི་ཡིད་ཀྱི་རྣམ་པར་རྟོག་པ་རྣམས་འཇོམས་པར་བྱེད་དོ། །ཡོངས་སུ་སྤོང་བར་བྱེད་དོ། །མི་དགེ་བའི་རྣམ་པར་རྟོག་པ་དེ་དག་མི་སྐྱེ་བར་བྱ་བའི་དོན་ དུ་རབ་ཏུ་འབད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་པར་བྱེད་དོ། །ཇི་ལྟར་ལམ་འདི་དག་བསྐྱེད་པས་ནི་མི་དགེ་བ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་དེ་རྣམས་ཇི་ལྟར་ཕྱི་ནས་ཡང་བདག་གི་སེམས་རྣམ་པར་དཀྲུག་པའི་ངོ་བོར་མི་བྱེད་པ་དེ་ལྟར་བདག་གིས་གཞོམ་པར་བྱའོ་ཞེས་དེ་རེ་ ཞིག་རྣམ་པར་རྟོག་པའི་རྐྱེན་གྱིས་སྐྱེས་པའི་མི་དགེ་བ་གཅིག་པོ་དེ་ཉིད་མི་སྐྱེད་པར་བྱ་བའི་དོན་དུ་འབད་རྩོལ་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ན། མངོན་པར་ཞེན་པའི་ཆོས་རགས་པར་གྱུར་པ་འཇིག་རྟེན་པ་རྣམས་མི་བྱེད་པ་ལ་ལྟ་ཅི་སྨོས། གང་དག་རྣལ་འབྱོར་སྤྱོད་པར་གྱུར་ པ་རྣམས་ཀྱིས་ཆོས་གསུམ་པོ་འདི་དག་ནི་བྱ་བ་ཡིན་ནོ། །གསུམ་གང་ཞེ་ན་འདི་ལྟ་སྟེ། སེམས་ཀྱི་རྒྱུན་རབ་ཏུ་སུན་འབྱིན་པར་བྱེད་པ་སྐྱེས་པར་གྱུར་པའི་མི་དགེ་བའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་མི་སྐྱེ་བར་བྱ་བའི་དོན་དུ་དང ། མ་སྐྱེས་པ་རྣམས་མི་བསྐྱེད་པར་བྱ་བའི་དོན་ དུ་དང ། དེ་བཞིན་དུ་འདས་པའི་ཆོས་མི་དགེ་བ་རྣམས་དྲན་པར་བྱས་ལ་རབ་ཏུ་བརྩོན་པར་བྱ་སྟེ། དགེ་སློང་ཡིད་ཤིན་ཏུ་མཉམ་པར་བཞག་པ་དང་སྤྱོད་པ་རྣམ་པར་དག་པ་རྣམས་དང་རྣམ་པ་ཐམས་ཅད་དུ་བློ་མངོན་པར་ཞེན་པ་མེད་པ་རྣམས་དང ། རྣམ་པར་དག་པར་སྤྱོད་པར་བྱེད་པ་ རྣམས་དང ། གཅིག་ཏུ་སྲེད་པ་ཟད་པར་འདོད་པ་རྣམས་དང ། འདོད་ཆགས་དང་བྲལ་བར་འདོད་པ་རྣམས་དང ། བདེ་བ་འདོད་པ་རྣམས་ཀྱིས་ཀྱང་མངོན་པར་ཞེན་པ་མེད་པའི་བློ་བསྐྱེད་པར་བྱའོ། །ཡང་དགེ་སློང་གང་དག་བློ་མངོན་པར་ཆགས་པ་མེད་པར་གྱུར་པ་རྣམས་ནི། མཆོག་ཏུ་བདེ་བ་དང་ལྡན་པ་ཆེས་བདེ་བའི་གོ་འཕང་འཐོབ་པ་ཡིན་ནོ། །དེ་ནས་དུས་འདིར་རྨ་བྱའི་མངའ་བདག་དེས་འཁོར་བ་འཇིག་གིས་གསུངས་པའི་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྟག་པར་ཀུན་ཏུ་ཆགས་མེད་བློ། །བསམ་གཏན་གྱིས་ནི་རྟག་ཏུ་གནས། །ཡིད་ནི་རྟག་ 71-1-63b ཏུ་རྣམ་པར་དག་།རྩེ་གཅིག་ཡིད་ལ་མངོན་པར་དགའ། །སེམས་གང་ཤིན་ཏུ་རྩེ་གཅིག་པ། །དེ་ནི་སྐྱོན་གྱིས་འཆིང་བ་མེད། །སྐྱོན་བཅས་འཇིགས་ལས་ངེས་གྲོལ་བ། །འདི་ལ་རང་བཞིན་གནས་ཞེས་བརྗོད། །རྩེ་གཅིག་ལ་ནི་མངོན་དགའི་སེམས། །རྣམ་རྟོག་ ཉིད་ཀྱིས་སྒྲུབ་པ་མིན། །རྣམ་པར་རྟོག་ལས་རྣམ་གྲོལ་དེ། །མཛེས་པར་རང་བཞིན་གནས་པར་འགྱུར། །གང་གི་སེམས་ནི་རྟག་ཏུ་ཞི། །རྒྱུན་དུ་མྱ་ངན་འདས་མངོན་དགའ། །དེ་ནི་མི་དགེའི་རྒྱུ་རྣམས་ཀྱི། །དབང་སྐྱེས་སྐྱོན་ནི་འགྱུར་མ་ཡིན། །གང་ཡང་བསམ་ གཏན་གྱིས་བྱས་བདེ། །གང་ཡང་ཏིང་འཛིན་ལས་སྐྱེས་བདེ། །དེ་ཀུན་རྩེ་གཅིག་བློ་ཡི་ནི། །རྟག་ཏུ་ལུས་ཅན་རྣམས་ལ་འགྱུར། །རྩེ་གཅིག་དགའ་བའི་སྡོམ་བརྩོན་གྱི། །བདེ་གང་སྙིང་ལ་སྐྱེ་བ་ནི། །དེ་འདིར་བདེ་བར་རྣམ་ཤེས་ཀྱིས། །འཇིག་རྟེན་པ་ཡི་བདེན་ མིན་འདོད། །རྩེ་གཅིག་སེམས་ལ་མངོན་པར་དགའ། །རྣམ་པར་དག་པ་བྱས་ཉིད་དེ། །སྐྱོན་དྲི་ལས་ནི་རྣམ་གྲོལ་བའི། །དེས་ནི་ཞི་བ་རྟོགས་པར་འགྱུར། །རྟག་ཏུ་ཡིད་ནི་གཅིག་ཏུ་ངེས། །དབང་པོ་ལྔ་རྣམས་ཀུན་ཏུ་བསྡུས། །སྲེད་པའི་མེས་སྲེག་མི་བཟད་པ། ། བློ་ཡི་ཡེ་ཤེས་ཆུ་ཡིས་འཇོམས། །སྲེད་པ་དང་ནི་ལྡན་མིན་ཏེ། །རྣམ་པར་དག་པའི་བདེ་འདོད་པ། །ཟད་མེད་འགྲིབ་པ་མེད་ཉིད་ཀྱི། །གོ་འཕང་མདུན་ན་གནས་དང་འདྲ། །རྣམ་པར་རྟོག་པ་གྱ་གྱུའི་སེམས། །གང་དང་གང་ལ་སྐྱེ་འགྱུར་བ། །གཅིག་ལ་དམིགས་པ་དང་ ལྡན་པའི། །ཏིང་འཛིན་དེ་ཡིས་འཛིན་པར་བྱེད། །དེ་ཕྱིར་ཆོས་དེ་དག་གི་མཆོག་།མྱ་ངན་འདས་གྲོང་འགྲོ་བ་ཡི། །གང་ནི་རྩེ་གཅིག་ཡིད་བྱས་ལ། །བདུད་ཀྱི་སྒྲུབ་བྱེད་གཞོམ་པར་གྱིས། །རབ་བརྟན་ཡེ་ཤེས་འོད་ཟེར་གྱིས། །ཡིད་ཀྱི་རྟ་ནི་བཏུལ་བཟུང་ནས། །མྱ་ ངན་ཉོན་མོངས་བཅོམ་པ་ཡི། །མཆོག་གི་གནས་སུ་འགྲོར་འགྱུར་ཏེ། །སྙིང་པོ་དེ་ནི་བརྟན་རྣམས་ཀྱིས། །རྣལ་འབྱོར་མཆོག་ཏུ་འགྲོ་རྣམས་ཀྱིས། །རྩེ་གཅིག་ཡིད་ནི་གང་བྱས་པས། །གོ་འཕང་འཕོ་བ་མེད་པར་འགྲོ། །དེ་ལྟར་རྨ་བྱའི་བདག་པོ་དེས་རྣམ་པ་དུ་མར་ཆོས་སྟོན་ 71-1-64a པར་བྱེད་པ་ནི་ལྷ་དེ་དག་རྣམས་ལ་བདེ་བའི་དོན་དུ་དང་ཕན་པར་བྱ་བའི་དོན་དུ་ཡིན་ནོ། །དེ་ནས་རྨ་བྱ་རྣམས་ཀྱི་མངའ་བདག་དེས་འཐབ་བྲལ་བ་དེ་དང་དགའ་ལྡན་པ་དེ་དག་རྣམས་ལ་སླར་ཡང་ཆོས་དེ་ཉིད་སྟོན་པར་བྱེད་དེ། མ་སྐྱེས་པ་ན་དགའ་བར་བྱེད་པ་དགེ་བ་དང་མྱ་ངན་ ལས་འདས་པར་འགྲོ་བའོ། །ཡང་ཆོས་གཞན་ཡང་སྟོན་པར་བྱེད་དེ། ཀྱེ་ཧེ་ལྷ་དག་ཇི་ལྟར་ཆོས་གཞན་དག་ཉོན་དང་ཇི་ལྟར་དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི་ཉིང་ཁུ་ནི་འདི་ཡིན་ཏེ། འདི་ལྟར་གཅིག་པུ་དགའ་བའོ། །དགེ་སློང་གཅིག་པུ་ལ་དགའ་བ་ཡང་ཤིན་ཏུ་ཀུན་ནས་ བསྡམས་པར་རྒྱུ་བ་དང ། ཤིན་ཏུ་ཀུན་ནས་བསྡམས་པར་སྤྱོད་པ་དང ། ལེགས་པར་བསྡམས་པས་རྣམ་པར་གནས་པ་དང་མཆོག་ཏུ་ཞི་བ་དང་མཆོག་ཏུ་གཙང་བར་འགྱུར་རོ། །འདི་ལྟ་སྟེ། གཅིག་པུ་དགའ་བས་མངོན་པར་དགའ་བའི་དགེ་སློང་རྣམས་ནི། གཅིག་ཏུ་ཀུན་ནས་ བསྡམས་པར་ལེགས་པར་སྤྱོད་པ་དང ། ཞི་བ་དུལ་བ་ཤིན་ཏུ་བརྟན་པས་གཅིག་པུ་དགའ་བས་དགའ་བ་རྣམས་ནི་ཐམས་ཅད་དུ་དགའ་བར་འགྱུར་ཏེ། ཞི་བའི་གནས་སུ་གྱུར་པའི་རི་ཁྲོད་དག་དང་རིའི་ཕུག་དང་དུར་ཁྲོད་དང་སོག་མའི་ཕུང་པོ་རྣམས་དང་ཐམས་ཅད་ལ་ཡང་མཚུངས་ པར་བློ་ཀུན་ནས་བསྡམས་པར་འགྱུར་རོ། །གཅིག་པུ་རྣམ་པར་རྒྱུ་བ་གཅིག་པུ་དགའ་བའི་དགེ་སློང་ལ་ཡང་ཆོས་བདུན་གཅེས་པར་བྱེད་པར་འགྱུར་བ་ཡིན་ཏེ། གང་ཞེ་ན། འདི་ལྟ་སྟེ། རྟག་ཏུ་ཡིད་རབ་ཏུ་བདེ་བར་འགྱུར་རོ། །རྟག་ཏུ་ཡང་སེམས་རབ་ཏུ་དང་བར་འགྱུར་རོ། ། འཇིག་རྟེན་པ་རྣམས་ཀྱིས་ཀྱང་འདི་མཉན་པར་བྱེད་ཅིང ། ལྷ་དག་གིས་ཀྱང་འདི་མངོན་པར་སྲུང་བར་བྱེད་དོ། །དྲི་མ་རྣམས་དང་ཡང་ཡོངས་སུ་བྲལ་བར་འགྱུར་རོ། །དགེ་བའི་ཆོས་རྣམས་ཀྱང་མངོན་པར་འཕེལ་ལོ། །དེའི་སེམས་ཤིན་ཏུ་མཉམ་པར་བཞག་པའི་མཆོག་ཏུ་ འགྱུར་ཞིང ། རབ་ཏུ་དང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་རྣམས་ཀྱིས་ཐར་པའི་ལམ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དྲི་མ་རྣམས་ཀྱང་འདིས་རིང་དུ་བྱེད་པར་འགྱུར་རོ། །ཐ་མར་ཡང་འདིའི་དཀར་པོའི་ཆོས་རྣམས་ཀྱི་ཐ་སྙད་ཀྱིས་འཇིག་རྟེན་པ་རྣམས་དང་ལྷན་ཅིག་ཏུ་ 71-1-64b མངོན་པར་དགའ་བར་འགྱུར་རོ། །རྣམ་པ་དུ་མ་རྣམས་སུ་ཐོག་མ་མེད་པའི་དུས་ནས་མང་དུ་རབ་ཏུ་འཇུག་པའི་ཉོན་མོངས་པའི་དགྲ་རྣམས་ཀུན་ནས་འཇོམས་པར་བྱེད་དོ། །དེའི་ཕྱིར་གཅིག་པུ་མངོན་པར་དགའ་བའི་དགེ་སློང་ནི་ཤིན་ཏུ་ལེགས་པར་བསྡམས་པས་རྒྱུ་བ་དང ། ཉོན་མོངས་ པ་རྣམས་ཀྱིས་འཇིགས་པས་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བ་དང ། རྟག་ཏུ་བརྩོན་པ་དང་ལྡན་པ་དང ། ངེས་པར་གྲོལ་བ་དང་ཀུན་ཏུ་སྤྱོད་པ་རྣམས་ཤིན་ཏུ་དྲི་མ་མེད་པ་དང་རབ་ཏུ་ཞི་བ་ལ་དགའ་བར་འགྱུར་རོ། །དེ་ནས་དུས་དེའི་ཚེ་རྨ་བྱའི་མངའ་བདག་དེས་ ལྷ་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། མི་བཟད་པ་དང་གཡོ་དང་དྲག་།བཟོད་པར་དཀའ་དང་སྟོབས་པོ་ཆེ། །བརྟན་གང་སེམས་ལས་ངེས་རྒྱལ་བ། །འཇིག་རྟེན་པ་དེ་བདེ་ལྡན་འདོད། །གང་གིས་འཇིག་རྟེན་འདི་སྲེག་པའི། ། སྐྱོན་ནི་རྣམ་པ་གསུམ་པོ་སྤོངས། །མེ་དེ་རྣམས་ནི་ཡེ་ཤེས་ཆུས། །ཞི་བར་བྱས་པས་བདེ་བར་འགྱུར། །གང་དག་ཆོས་ནི་མི་འདོད་པའི། །མི་དེ་རྣམས་ནི་མི་མ་ཡིན། །གྲོང་ཁྱེར་མྱ་ངན་འདས་འགྲོ་བའི། །དེ་ཉིད་ལམ་ལ་གནས་པ་མིན། །ཆེན་པོར་གྱུར་པའི་བདེ་ལེགས་ གནས། །མི་ཡིས་གང་ཕྱིར་ཐོབ་པར་འགྱུར། །ཐེག་ཆེན་རྐྱལ་པ་ལ་ཞོན་པས། །སྲིད་པའི་མཚོ་ལས་སྒྲོལ་བར་འགྱུར། །གློག་དང་ཟོ་ཆུན་རྒྱུན་མོ་འདྲ། །དྲི་ཟའི་གྲོང་ཁྱེར་དང་མཚུངས་པར། །ཤིན་ཏུ་སྡུག་པ་རྟག་མྱུར་བ། །ལུས་ཅན་ཀུན་གྱི་གསོན་པ་ཡིན། །ལུས་ཞེས་ བྱ་བའི་མྱུ་གུ་ནི། །རྟག་ཏུ་སྐད་ཅིག་འཇིག་པ་ཡིན། །ཤིན་ཏུ་གཡོ་ཞིང་སྙིང་པོ་མེད། །རྒ་ཤི་འཇིགས་པ་ཆེན་པོ་ཡིས། །ནད་ཀྱིས་གྲོང་ཁྱེར་འདི་དག་རྣམས། །མྱ་ངན་ཁོར་ཡུག་ཆེན་པོ་སྟེ། །དགེ་མི་དགེ་ཡི་ཞིང་ལ་ཡང ། །ལུས་སུ་མངོན་པར་བརྗོད་པ་ཡིན། །སྦྱིན་དང་ ཚུལ་ཁྲིམས་ཡིད་ཀྱིས་གང ། །རྟག་ཏུ་ལུས་ནི་རྣམ་བརྒྱན་པ། །སེམས་ཅན་དེ་ནི་སྙིང་པོ་གཅིག་།ལུས་ནི་འབྲས་བུ་དང་བཅས་འདོད། །གང་ལ་སྙིང་པོ་བདུན་ཡོད་པ། །སངས་རྒྱས་ཡིན་པར་དེ་ཡོངས་བསྒྲགས། །བརྩོན་འགྲུས་སྦྱིན་པ་དེ་བཞིན་ཁྲིམས། །ཡེ་ཤེས་བྱམས་པ་ 71-1-65a བཟོད་དང་དུལ། །གང་ཡང་གྲངས་མེད་འགྱུར་བ་ཡི། །ཐེག་ཆེན་དང་ཡང་ཡང་དག་ལྡན། །ཕ་རོལ་ཕྱིན་དྲུག་ལས་རྒལ་བའི། །དེ་ནི་སངས་རྒྱས་ཡིན་པར་བསྒྲགས། །འདོད་པ་ཡོངས་སུ་སྤོང་བ་གང ། །དེ་དག་ས་གསུམ་སྙིང་པོ་ཡིན། །འདོད་པ་ཐམས་ ཅད་ཡོངས་བཏང་བས། །རྟག་ཏུ་བདེ་ཞེས་འདིར་བརྗོད་དོ། །འདོད་པ་རྣམས་ལ་ཆགས་ཡོད་གང ། །དེ་ཡི་སྡུག་བསྔལ་འདི་མདུན་གནས། །དེ་དག་ཉེས་དམིགས་ཤེས་བྱས་ལ། །དེ་ཕྱིར་དེ་དག་ཡོངས་སུ་སྤོངས། །དེ་ལྟར་རྨ་བྱ་རྣམས་ཀྱི་མངའ་བདག་དེས་དགའ་ལྡན་ པ་དེ་དག་རྣམས་དང་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །གཞན་ཡང་རྨ་བྱའི་མངའ་བདག་དེས་ལྷ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དེ། ཇི་ལྟར་ཆོས་གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གཅེས་པར་གྱུར་པ་ཡོད་དོ། ། འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སེམས་རྣམ་པར་གཡེང་བ་མེད་པའོ། །སེམས་རྣམ་པར་མི་གཡེང་བའི་དགེ་སློང་ཡང་བློ་ཤིན་ཏུ་མཉམ་པར་བཞག་པ་དང ། གཅིག་ཏུ་ངེས་པར་རྒྱུ་བར་བྱེད་པ་དང་རྟག་ཏུ་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བ་དང་རྟག་ཏུ་བརྩོན་པ་དང་ལྡན་ པར་ཡང་འགྱུར་རོ། །བདེ་ལེགས་རྣམས་ཐོབ་པར་འགྱུར་རོ། །ངན་སོང་གི་འཇིགས་པ་རྣམས་ཐམས་ཅད་ལས་ཀྱང་གྲོལ་བར་འགྱུར་རོ། །གཅིག་པུ་དགའ་བའི་དགེ་སློང་ནི་དབང་པོ་དྲུག་ལེགས་པར་བསྡམས་པ་དང་ཡུལ་རྣམས་ཐམས་ཅད་ཡོངས་སུ་སྤངས་པ་དང ། འཁོར་ བའི་འཇིགས་པ་རྣམས་ཀྱིས་སྐྲག་པར་གྱུར་པས་དགེ་བའི་ཆོས་རྣམས་ཐམས་ཅད་ཡོངས་སུ་སྤོང་བར་མི་བྱེད་པ་དང ། མི་དགེ་བ་རྣམས་ཐམས་ཅད་ཡོངས་སུ་སྤོང་བར་བྱེད་པ་དང ། རྟག་པ་ཉིད་དུ་ཡང་བདེ་བར་རྒྱུ་བར་འགྱུར་རོ། །གང་དག་གི་བློ་རྣམ་པར་གཡེང་བར་མ་གྱུར་པ་རྣམས་ནི་སྒྲ་ དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ལ་རྟག་པ་ཁོ་ནར་ཡང་དེའི་སེམས་མཉམ་པར་བཞག་པར་འགྱུར་རོ། །དེའི་སེམས་མཉམ་པར་བཞག་པའི་ཕྱིར་ན་དགེ་བའི་ཆོས་རྣམས་མངོན་པར་འཕེལ་བར་འགྱུར་རོ། །དེ་དག་རྣམས་ཉིད་ལ་དགའ་བར་འགྱུར་རོ། །འཁོར་ 71-1-65b བ་ལ་ནི་དགའ་བར་འགྱུར་བ་མ་ཡིན་ནོ། །རྟག་ཏུ་བརྩོན་པ་དང་ལྡན་པར་གྱུར་པས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཡིད་དེ་ལ་ལམ་མྱུར་དུ་སྐྱེ་བར་འགྱུར་རོ། །རྟག་ཏུ་ལམ་ལ་སྟེན་པར་བྱེད་ཅིང་སྒོམ་པར་ཡང་བྱེད་དོ། །ལན་མང་དུ་བྱེད་དོ། །དེ་ནི་ལམ་དེ་དག་བསྟེན་ ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པ་ལས་ལམ་མངོན་དུ་འགྱུར་རོ། །རྟག་པར་རྒྱུན་དུ་ཡང་ལམ་དེ་ཉིད་སྒོམ་པར་བྱེད་པ་ཡིན་ནོ། །དེ་ལམ་གྱི་རྗེས་སུ་རྟོགས་པའི་བློ་སྟེན་པར་བྱེད་ཅིང ། དེ་སྟེན་པར་གྱུར་པ་ལས་ཀྱང་ཀུན་ཏུ་སྦྱོར་བ་རྣམས་དང་བྲལ་བར་འགྱུར་རོ། །བག་ ལ་ཉལ་རྣམས་ནི་འདུལ་བར་འགྱུར་རོ། །འདིའི་ཀུན་ཏུ་སྦྱོར་བ་གང་དག་དང་ཡོངས་སུ་བྲལ་བར་གྱུར་ན། འདི་ལྟ་སྟེ། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང ། ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང ། མ་རིག་པའི་ཀུན་ཏུ་སྦྱོར་བ་དང ། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང ། ཕྲག་དོག་གི་ ཀུན་ཏུ་སྦྱོར་བ་དང ། སེར་སྣའི་ཀུན་ཏུ་སྦྱོར་བ་སྟེ། དེའི་ཀུན་ཏུ་སྦྱོར་བ་དེ་དག་རྣམས་དང་རབ་ཏུ་བྲལ་བ་ཡིན་ནོ། །འདི་ནི་བག་ལ་ཉལ་རྣམས་གང་དག་རུལ་བར་གྱུར་པ་ཡིན་ན། འདི་ལྟ་སྟེ། འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་བ་དང ། ཁོང་ཁྲོ་བའི་བག་ལ་ཉལ་དང ། སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང ། མ་རིག་པའི་བག་ལ་ཉལ་དང ། ང་རྒྱལ་གྱི་བག་ལ་ཉལ་དང ། ལྟ་བའི་བག་ལ་ཉལ་དང ། ཐེ་ཚོམ་གྱི་བག་ལ་ཉལ་དང་རྣམས་རུལ་ཅིང་མྱགས་པར་འགྱུར་རོ། །དེ་ལ་འགྲོ་བ་རྣམས་ཐམས་ཅད་དུ་བརྗེ་བསོར་བྱེད་པ་པོར་གྱུར་པ་ཁམས་ གསུམ་གྱིས་བསྡུས་པའི་སྟོབས་པོ་ཆེ་དེ་དག་རྣམས་ནི། རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་ནི་མི་ནུས་པ་ཡིན་ཏེ། མཐོང་བ་དང་སྒོམ་པའི་ལམ་དག་གིས་སོ། །དེ་ལྟར་ན་སེམས་རྩེ་གཅིག་ཏུ་བྱེད་པར་གྱུར་པ་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གཅེས་པ་ཡིན་ཏེ། གང་གི་ཕྱིར་ གལ་ཏེ་ན་དགེ་བར་གྱུར་པ་རྣམས་སམ། གལ་ཏེ་ན་མི་དགེ་བར་གྱུར་པ་རྣམས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་སེམས་ཀྱི་རྩ་བ་ལས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་འཇིགས་པའི་སྐྱོན་འདི་དག་རྣམས་ཀྱིས་འཇིགས་པས་དེ་ལྟར་རབ་ཏུ་བརྩོན་པས་ལམ་སྟེན་པར་བྱེད་པ་རྣམས་ 71-1-66a ཐམས་ཅད་ཀྱིས་ཀྱང་རབ་ཏུ་འབད་པས་སེམས་རྩེ་གཅིག་ཏུ་བྱའོ། །དེ་ལྟར་ན་ཉོན་མོངས་པ་རྣམས་ཟད་པར་བྱ་བར་ནུས་པ་ཡིན་གྱི། གཞན་དུ་ན་ཐོག་མ་མེད་པའི་དུས་ནས་འཇུག་པའི་ཉོན་མོངས་པའི་ཚོགས་གང་ཡིན་པ་རྣམས་གཞོམ་པར་ནུས་པ་ཡང་མ་ཡིན་ ནོ། །དེ་ནས་དུས་དེར་རྨ་བྱའི་མངའ་བདག་གིས་ཚིགས་སུ་བཅད་པ་ཐམས་ཅད་མཁྱེན་པས་གསུངས་པ་འཆད་པ། ཇི་ལྟར། ཡིད་ནི་རྩེ་གཅིག་གྱུར་པ་ཡི། །སྐྱོན་གྱིས་འཇིགས་པའི་རྣལ་འབྱོར་པ། །ཡིད་ཉིད་ཀྱི་ནི་པད་མ་བཞིན། །ཡིད་ལ་ཟག་མེད་ཆོས་རྣམས་སྐྱེ། །རྩེ་ གཅིག་གྱུར་པའི་ཡིད་ཀྱིས་ནི། །དགེ་བའི་ལམ་ནི་སྒོམ་པར་བྱེད། །ཉི་མ་ཤར་བས་མུན་བསལ་ལྟར། །མི་དགེའི་ཆོས་རྣམས་འཇོམས་པར་བྱེད། །གང་གི་ཡིད་ནི་རྩེ་གཅིག་པ། །རྟག་ཏུ་ཞི་ཞིང་མཉམ་བཞག་པས། །དུག་ལ་བྱ་ཁྱུང་ཇི་ལྟ་བར། །སྐྱོན་རྣམས་ལ་ནི་དེ་འཇིགས་ མིན། །གཡོ་བར་གྱུར་པའི་སེམས་འདི་ནི། །རླུང་ཆེན་ཤུགས་དང་འདྲ་བ་ཡིན། །འདུལ་མཁན་ཇི་བཞིན་འཛིན་པ་ཡིས། །ཇི་ལྟར་བར་ནི་བརྟན་པས་འདུལ། །ཡེ་ཤེས་ཚུལ་ཁྲིམས་ཏིང་འཛིན་གྱིས། །སྐྱོན་གྱི་ནགས་ནི་གཏན་ནས་སྲེག་།རླུང་དང་བཅས་པ་གང་གིས་ནི། ། ནགས་སྐམས་པ་ལ་མེ་བཞིན་ནོ། །དེ་ཕྱིར་ཤེས་པ་རྟག་ཏུ་སྟེན། །མི་ཤེས་པ་ཡང་ཡོངས་སུ་སྤོངས། །སྐྱེ་དང་འཆི་བ་སྤངས་པ་ཡི། །བླ་ན་མེད་པའི་གནས་སུ་འགྲོ། །སེམས་གང་རྩེ་གཅིག་འགྱུར་བ་ཡི། །དེ་ནི་རབ་ཏུ་བརྩོན་པར་གྱིས། །དེ་ནི་དུལ་བའི་དབང་གྱུར་པས། །སྐྱོན་ སྐྱེད་བྱེད་པ་མིན་པར་འདོད། །རྟག་ཏུ་གཡོ་བའི་ཡུལ་རྣམས་ནི། །བརྟན་པར་ཡོངས་སུ་བསྡུས་གྱུར་ན། །ལག་ན་རྟེན་པའི་དུག་འདྲ་བའི། །ཆགས་སོགས་ཀྱིས་ནི་གནོད་མི་འགྱུར། །དེ་ཕྱིར་བརྩོན་དང་བརྟན་སོགས་པའི། །ཡོན་ཏན་གྱིས་ནི་ཡིད་མྱུར་ཁྲིད། །སྲེད་ཆུ་ལམ་ གསུམ་འགྲོ་བ་ལས། །འགོར་བ་མེད་པར་རྒལ་བར་གྱིས། །དེ་ལྟར་རྨ་བྱ་རྣམས་ཀྱི་མངའ་བདག་དེས་གཅིག་ཏུ་སྤྱོད་པའི་དགའ་ལྡན་གྱི་ལྷ་དེ་དག་རྣམས་དང་འཐབ་བྲལ་བ་དེ་དག་རྣམས་ལ་རྣམ་པ་དུ་མ་རྣམས་སུ་ཕན་པར་གྱུར་པའི་དོན་དུ་ཡང་ཆོས་དེ་དག་སྟོན་པར་བྱེད་དོ། །ལྷ་དེ་དག་ 71-1-66b རྣམས་ཀྱང་ཡིད་ཤིན་ཏུ་ལེགས་པར་བསྡམས་པ་དང ། ཡིད་ཤིན་ཏུ་མཉམ་པར་བཞག་པས་བདེ་བའི་ཡུལ་དེ་དག་རྣམས་ཐམས་ཅད་ཡོངས་སུ་སྤངས་ནས་ཆོས་དེ་ཉིད་ཁོ་ན་ཉན་པར་བྱེད་དེ། འཁོར་བས་འཇིགས་པར་གྱུར་པ་དེ་དག་རྣམས་ཀྱི་ཡིད་དེ་དག་རྟོགས་ནས། སླར་ཉིད་ཀྱང་ ཆོས་དེ་དག་ཉིད་སྟོན་པར་བྱེད་པ་ནི་ཇི་ལྟར་འདོད་པ་སྡུག་པ་ཡིད་དུ་འོང་བ། བག་མེད་པ་རྣམས་ཐམས་ཅད་ཀྱི་ལྕགས་ཀྱུ་ལྟ་བུར་གྱུར་པའི་ཆོས་གཞན་ཡང་ཐེག་པ་ཆེན་པོ་ལ་ལེགས་པར་གནས་པ་རྣམས་ཀྱིས་ཡིད་ལ་བྱའོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། འཆི་བ་རྗེས་སུ་དྲན་ པའོ། །གང་གི་ཡིད་ལ་འཆི་བ་རྗེས་སུ་དྲན་པ་ཡོད་པར་གྱུར་ཞིང ། རྟག་ཏུ་ཡང་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་ན། ཇི་ལྟར་སྡུག་བསྔལ་འདི་དག་ནི་ལུས་ཅན་རྣམས་ཐམས་ཅད་ལ་སོ་སོར་མཚུངས་པ་ཡིན་ཏེ། ཕྱིར་བཟློག་ཏུ་མེད་པ་སྐྱེས་པ་རྣམས་ཐམས་ཅད་ལ་ནི་ ཅི་ནས་ཀྱང་འབྱུང་བར་འགྱུར་བ། བདེན་ངེས་པར་འབྱུང་བ་རྣམས་ནི་འཐུན་ཞིང་ཡིད་དུ་འོང་བ་ཐམས་ཅད་ཀྱང་ཐ་དད་དུ་འགྱུར་བ་མེད་པར་འགྱུར་བ་རྣམ་པར་འགྱེས་པ་རྣམ་པར་བྲལ་བ་རྣམ་པར་བྱེ་བར་འགྱུར་བ་ཡིན་ནོ། །བདག་ཅག་ནི་འཇིག་རྟེན་འདི་ནས་ཤི་འཕོས་པར་གྱུར་ནས་གཞན་རྣམས་ སུ་སྐྱེ་བར་འགྱུར་བ་ཡིན་ལ། གལ་ཏེ་ཤེད་ན་བདེ་བ་དང་སྡུག་བསྔལ་རྣམས་ཀུན་ཏུ་འཐོབ་པར་འགྱུར་ཏེ། ལས་ལ་ཞོན་པར་གྱུར་པའི་སེམས་ཅན་དེ་དག་རྣམས་རང་གི་ལས་ཀྱི་འབྲས་བུ་རྣམས་ཀྱི་ལམ་གྱི་ཟས་ཟ་བར་བྱེད་པས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། ། འདི་ནི་སྐྱེ་བ་དང་འཆི་བའི་དུས་བྱུང་བར་གྱུར་པ་ན་འགའ་ཞིག་ལ་ཡང་འགའ་ཞིག་གི་ཡང་གྲོགས་མེད་དོ། །དེ་ལ་དགེ་བ་དང་མི་དགེ་བའི་ལས་དེ་དག་རྣམས་གང་གི་ཕྱིར་དུས་དེ་ནི་གྲོགས་སུ་གྱུར་པ་ཡིན་ནོ། །གང་གི་ཕྱིར་ལེགས་པར་བྱས་པ་རྣམས་ཀྱིས་ནི་མ་དང་ཕ་ལྟ་བུར་གྱུར་པ་ ཡིན་ནོ། །ཉེས་པར་བྱས་པ་རྣམས་ཀྱིས་ནི་དགྲ་བོ་ལྟ་བུར་གྱུར་པས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་ལེགས་པར་སྤྱད་པ་རྣམས་ནི་རྟག་ཏུ་གྱིས་དང ། ཉེས་པར་སྤྱད་པ་རྣམས་ནི་སྤང་བར་བྱ་བ་ཡིན་ནོ། །དེས་འཆི་བ་རྗེས་སུ་དྲན་ 71-1-67a པ་གང་ཡིན་པ་དེ་དེ་ལྟར་བཤད་པ་ན། དེའི་ཚེ་ན་འདིའི་ཡིད་སྐྱོ་བར་གྱུར་པས་ཡུལ་རྣམས་ལ་ཐོག་རྡུངས་སུ་འཇུག་པ་མ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱིས་ཀྱང་འཕྲོགས་པར་མི་འགྱུར་རོ། །བུ་དང་ཆུང་མ་དང་རང་གི་སྐྱེ་བོ་རྣམས་ཀྱི་དོན་ དུ་མི་དགེ་བའི་ལས་རྣམས་མི་བྱེད་དོ། །འཆི་བའི་འཇིགས་པས་སྐྲག་པར་གྱུར་པའི་ཁྱིམ་པ་རྣམས་ཐམས་ཅད་ཀྱང་ཡིད་རབ་ཏུ་ཞི་བར་འགྱུར་ན། རབ་ཏུ་བྱུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱུང་བ་ཡང་འཆི་བ་རྗེས་སུ་དྲན་པར་བྱེད་པ་ལས་བརྒྱ་ལ་ཞིག་ལ་ཡང་ཚུལ་ ཁྲིམས་འཆལ་བར་མི་འགྱུར་རོ། །ཡུལ་རྣམས་ལ་དགའ་བར་མི་འགྱུར་རོ། །ཡུལ་ལྗོངས་རྣམས་སུ་རྒྱུ་བར་མི་བྱེད་དོ། །ལྗོངས་རྣམས་རྒྱུ་བར་བྱེད་པས་ཀྱང་སེམས་རྣམ་པར་གཡེང་བར་བྱེད་པ་ཡིན་པ་དང ། འདུ་འཛི་དེ་དག་རྣམས་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡང་བུད་མེད་ཀྱི་འགྲོ་ བ་རྣམས་ཡིན་པ་དང ། ཐམས་ཅད་ཀྱི་ཡང་སྐྱེ་མཆེད་དུ་གྱུར་པ་དེ་ནི་དགེ་སློང་འདིས་སྤོང་བར་བྱེད་དོ། །འཆི་བ་རྗེས་སུ་དྲན་པ་དེ་ལྟར་སེམས་པར་བྱེད་དོ། །ཇི་ལྟར་ལྗོངས་རྒྱུ་བ་ལ་མངོན་པར་དགའ་བ་རྣམས་ཡང་དགེ་བའི་ཆོས་རྣམས་ལས་འགའ་ཞིག་ཀྱང་སེམས་ལ་མེད་ལ། འཆི་བའི་ཡུལ་ དང་དུས་སུ་ཡང་དེ་དག་རྣམས་ཐམས་ཅད་བདག་ལ་ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པར་འགྱུར་རོ། །གང་གི་ཚེ་བདག་ལ་གྲོག་མ་པ་དང་ཁབ་ལ་སོགས་པའི་རླུང་རྣམས་ཀྱིས་འཆི་བའི་ཡུལ་དང་དུས་སུ་རབ་ཏུ་འདེབས་པར་བྱེད་པ་དེའི་ཚེ་ན་བདག་ལ་སྐྱབས་སམ་སྐྱོབ་པ་གང་ཞིག་འབྱུང་བར་འགྱུར་ བ་རང་རང་གི་ལས་ཀྱི་ཞགས་པས་ཀུན་ཏུ་བཅིངས་ནས་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཁྲིད་པར་བྱེད་པ་ན། འདི་ན་མའམ་ཕའམ་སྤུན་ཟླའམ་རང་གི་སྐྱེ་བོའམ་གྲོགས་པོ་དང་གཉེན་བཤེས་ཀྱི་ཚན་པར་གྱུར་པའི་སྐྱབས་མཆི་བའི་ཡུལ་དང་དུས་བྱུང་བར་གྱུར་པ་ནི་མེད་དོ། །དེས་འཆི་བ་རྗེས་སུ་ དྲན་པ་ཡང་དེ་ལྟར་སྒོམ་པར་བྱེད་དོ། །དེའི་ཚེ་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་ལ་མངོན་པར་དགའ་བར་འགྱུར་རོ། །དེ་ལྟར་ལེགས་པར་བྱེད་པར་གྱུར་པ་དེ་རྣམས་ཀྱི་དགེ་བའི་ལས་མངོན་པར་འཕེལ་བར་འགྱུར་རོ། །མི་དགེ་བའི་ལས་རྣམས་དང་ཡོངས་སུ་འབྲལ་བར་འགྱུར་རོ། ། 71-1-67b དེ་ལས་དེ་དག་རྣམས་ཀྱིས་ལྷ་དང་མི་རྣམས་སུ་བདེ་བ་ལ་ལོངས་སྤྱད་ནས་ཕྱི་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེའི་ཕྱིར་ན་ཡོན་ཏན་དེ་དག་རྣམས་གོ་བར་བྱས་ལ་བུད་མེད་དམ་སྐྱེས་པའམ། ཁྱིམ་པའམ་རབ་ཏུ་བྱུང་བའམ་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས་ཀྱང་རྟག་ པར་འཆི་བ་རྗེས་སུ་དྲན་པ་བསྒོམ་པར་གྱིས་ཤིག་།རྗེས་སུ་དྲན་པར་གྱུར་ན་ནི་འཆི་བདག་གི་འཇིགས་པས་འཇིགས་པའི་སྐྱེས་བུ་ནི་མི་དགེ་བའི་ལས་རྣམས་ཐམས་ཅད་མི་བྱེད་དོ། །ཡིད་ཀྱིས་ཀྱང་སྒོམ་པར་བྱེད་པ་ལ་དེ་བཞིན་དུ།སེམས་ཅན་ཐམས་ཅད་འཆི་བར་འགྱུར་ཏེ། ལྷ་ དང་མི་དང་དམྱལ་བ་དང་ཡི་དགས་ཀྱི་ཡུལ་དང་དུད་འགྲོ་རྣམས་ན་ཡང་གང་དག་འཆི་བདག་གི་དབང་དུ་མི་འགྲོ་བའི་གནས་དེ་ནི་ཡོད་པ་མ་ཡིན་ནོ། །དེ་དེ་ལྟར་སྒོམ་པར་བྱེད་པ་ན་འཇིག་རྟེན་ཕ་རོལ་གྱི་འཇིགས་པས་འཇིགས་པའི་སེམས་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་ལ་རབ་ཏུ་རྒྱུག་ པར་མི་འགྱུར་རོ། །རྟག་པ་དང་བརྟན་པ་དང་ཐེར་ཟུག་གི་བློར་ཡང་མི་འགྱུར་རོ། །དེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་ཉིད་དང་བདག་མེད་པ་རྣམས་ཀྱི་ཡང་བློར་འགྱུར་རོ། །དེ་གང་གི་ཚེ་འཆི་བ་རྗེས་སུ་དྲན་པར་གྱུར་པ་དེ་ལ་ནི་སྐྱོན་རྣམས་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་ ཞིང ། རྟག་པར་རྒྱུན་མི་འཆད་པར་ཡང་དགེ་བ་ལ་སེམས་པར་འགྱུར་རོ། །ཡིད་ལ་བྱེད་པ་རྣམས་ཀྱང་མངོན་པར་འཕེལ་བར་འགྱུར་རོ། །འཆི་བ་རྗེས་སུ་དྲན་པ་རྟག་པར་རྒྱུན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱེད་པར་གྱུར་པ་དེ་ལ་ནི་ཡིད་ལ་བྱེད་པའི་དམིགས་པ་རྟག་ཏུ་སྐྱེ་བར་ འགྱུར་རོ། །ཇི་ལྟར་འོག་དང་ཐད་ཀ་རྣམས་ན་ཡང་གང་དག་མ་ཞིག་པ་དང ། མ་ལྷུང་བ་དང ། བྱེ་བར་མ་གྱུར་པ་དང ། རྣམ་པར་འགྱུར་བའི་ཆོས་སུ་མ་གྱུར་པ་ནི་འདི་ན་གནས་ཡོད་པ་མ་ཡིན་ཏེ། རིའི་ཁྲོད་དགའ་བར་གྱུར་པ་བརྒྱ་སྟོང་རྣམས་ལས། ཇེ་ཐོག་མར་རི་ཐམས་ཅད་ཀྱི་ རྒྱལ་པོ་རི་རབ་ལྷུན་པོ་ཡང་བསྐལ་པའི་མེས་ཉེ་བར་བཅོམ་ནས་མེད་པར་འགྱུར་ན། ཨེ་མའོ་བདག་གི་ལུས་གནས་པར་འགྱུར་རམ་ཅི། མཐའ་ཡས་པའི་རྒྱ་མཚོ་ཆུ་ཀླུང་རྣམས་ཐམས་ཅད་ཀྱི་བདག་པོར་གྱུར་པ། ཀླུ་རྣམས་ཐམས་ཅད་ཀྱི་གནས་དང་ལྷ་མ་ཡིན་རྣམས་ཡང་སྟེ། ཉི་མ་བདུན་ 71-1-68a གྱིས་ངེས་པ་ཁོ་ནར་ཉེ་བར་སྐམས་པར་འགྱུར་བ་ཡིན་ན། བདག་གི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་མདོར་བསྡུ་ན་འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་དང་ཁམས་གསུམ་པོ་དེ་དག་རྣམས་ཐམས་ཅད་ཀྱང་མི་རྟག་པ་ དང་མི་བརྟན་པ་དང་ཐེར་ཟུག་མ་ཡིན་པ་དང་ཡོངས་སུ་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་ན། བདག་གི་ལུས་དང་སྲོག་ནི་མི་རྟག་པ་དང་མི་བརྟན་པ་དང་ཐེར་ཟུག་མ་ཡིན་པ་དང ། རྣམ་པར་འགྱུར་བའི་ཆོས་ཅན་དུ་འབྱུང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་གང་གི་ཚེ་དེ་ལྟར་རྟག་ པར་རྒྱུན་དུ་ཤིན་ཏུ་མཉམ་པར་བཞག་པའི་ཡིད་ཀྱིས་གཅིག་ཏུ་ངེས་པར་དགེ་བ་ཡིད་ལ་བྱེད་པར་གྱུར་པའི་བློས་དེ་དག་སྒོམ་པར་བྱེད་པ་དེའི་ཚེ་འདི་འགའ་ཞིག་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །ཀུན་ཏུ་ཆགས་པ་མེད་པར་གྱུར་པའི་བློས་ནི་འདོད་ཆགས་རྣམས་འགའ་ཞིག་གམ་ ཞེ་སྡང་གིས་ཀྱང་འཆིང་བར་མི་འགྱུར་རོ། །དེའི་འདོད་ཆགས་དང་ཞེ་སྡང་དག་རྟག་པར་རབ་ཏུ་བཅོམ་པས་གཏི་མུག་ཀྱང་མེད་པར་འགྱུར་རོ། །དེ་རྣམས་སྐྱོན་མ་ལུས་པ་ལས་གྲོལ་བར་གྱུར་པས་མཆོག་ཏུ་འཆི་བ་མེད་པ་དང་རྒ་བ་མེད་པ་དང་ཟད་པ་མེད་པའི་གོ་འཕང་ཐོབ་པར་འགྱུར་རོ། ། དེའི་ཕྱིར་ན་འཆི་བ་རྗེས་སུ་དྲན་པ་དེ་དག་ལ་དམིགས་པར་བྱའོ། །དེའི་ཕྱིར་དྲན་པ་རྣམས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་འདི་ནི། འདི་ལྟ་སྟེ། འཆི་བ་རྗེས་སུ་དྲན་པའོ། །གཞན་ཡང་འཆི་བ་རྗེས་སུ་དྲན་པ་སྒོམ་པར་བྱེད་པ་རྣམས་ལ་ཡོན་ཏན་གཞན་ཡང་ཡོད་དོ། །དགེ་སྦྱོང་ངམ་ བྲམ་ཟེ་ཡང་རུང་སྟེ། གང་གི་ཚེ་དེ་ཉིད་སྒོམ་པར་བྱེད་པ་དེའི་ཚེ། ལུས་པོ་སྡུག་བསྔལ་གྱི་སྒྲོམ་བུ་ལྟ་བུར་གྱུར་པ་ལ་སོ་སོར་རྟོག་པར་བྱེད་དོ། །ཇི་ལྟར་སྡུག་བསྔལ་རྣམས་རིག་པར་གྱུར་པ་ཡིན་ན། ཇི་ལྟར་བདག་གི་ལུས་འདི་དག་ལ་ལུས་ནི་ནད་རྣམས་ཀྱིས་དང་འཆི་བདག་ཉེ་བར་འོངས་ པས་ཀྱང་ཡིད་ཉེ་བར་འཇོམས་པར་འགྱུར་རོ། །འཆི་བདག་གི་ཞགས་པ་དེས་བདག་ཉིད་ཀུན་དུ་བཅིངས་པར་གྱུར་པས་ངས་ཅི་ཞིག་བྱར་ཡོད། །སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་ཀྱང་བདག་གིས་བསྒོམ་པར་ནི་མི་ནུས་སོ། །དེའི་ཕྱིར་ན་ཇི་སྲིད་དུ་འཆི་བདག་དེ་ཡིད་ལ་འོངས་པར་མ་ 71-1-68b གྱུར་པ་དེ་སྲིད་དུ་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་བསྒོམ་པར་བྱའོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་སྲོག་འཇོམས་པར་བྱེད་པ་པོའི་འཆི་བདག་རིང་པོ་མི་ཐོགས་པར་འོང་བར་འགྱུར་རོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་ཁོ་ན་འཆི་བ་རྗེས་སུ་དྲན་པ་གཅིག་ཏུ་སེམས་ལ་ བྱེད་པ་རྣམས་ལ་ནི། དེ་ལས་འདིའི་ཡིད་ལ་བྱེད་པ་རྣམས་འབྲས་བུ་ཡོད་པ་དང་མྱ་ངན་ལས་འདའ་བའི་མཐར་ཐུག་པར་ཡང་འགྱུར་རོ། །གཞན་ཡང་རྣམ་པ་གཞན་གྱི་སྒོ་ནས་ཀྱང་འཆི་བ་དེ་ཉིད་རྗེས་སུ་དྲན་པར་བྱེད་དེ། གང་ཞེ་ན་འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་འདི་ནི་སྟོང་པ་ཉིད་དོ། ། ལུས་འདི་ནི་སྟོང་པ་མི་རྟག་པའོ། །འདུས་བྱས་ཀྱི་ཆོས་འདི་དག་རྣམས་ཐམས་ཅད་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ཡིན་ཏེ། སྐད་ཅིག་མྱུར་བར་འཇུག་པས་ཤིན་ཏུ་གཡོ་བ་རབ་ཏུ་ཉམས་པར་འགྱུར་བའི་ཆོས་ཅན་མེད་པ་ཆད་པ་སྟོང་པ་སྙིང་པོ་མེད་པ་ཟོ་ ཆུན་འཁོར་བ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་བར་གྱུར་པའོ། །ཀྱེ་མ་ཇི་ལྟར་འདུས་བྱས་ཀྱི་ཆོས་འདི་དག་རྣམས་ཐམས་ཅད་པ་དེ་དག་དང་ལུས་འདི་དང་སྲོག་ཀྱང་དབུ་བ་དང་ཆུའི་ཆུ་བུར་དང་འདྲ་བར་སྙིང་པོ་མེད་པ་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཡིན་ནོ། །གནས་སྐབས་རྣམས་ཐམས་ཅད་ ཀྱི་ཐམས་ཅད་དུ་ཡང་བདག་འཆི་བར་འགྱུར་བའི་འཇིགས་པའི་གནས་ཆེན་པོར་དེ་དག་རྣམས་འབྱུང་ངོ ། །དེའི་ཕྱིར་ན་སྙིང་པོ་བླང་བར་གྱིས་དང་དགེ་བ་ནི་རྣམ་པ་གསུམ་མོ། །མི་དགེ་བ་ཡང་རྣམ་པ་གསུམ་ཉིད་ནི་ཡོངས་སུ་སྤང་བར་བྱའོ། །དེ་བཞིན་དུ་ཡང་འཆི་བ་རྗེས་སུ་དྲན་པར་ བྱའོ། །དེ་ནི་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ལ་གཅེས་པར་གྱུར་པ་ཡིན་ནོ། །རང་གི་སེམས་ལ་བསྒོམས་པས་ཡིད་ལ་བྱའོ། །དེ་ནས་དེའི་དུས་འདིར་རྨ་བྱའི་མངའ་བདག་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། གང་གིས་འཇིག་རྟེན་འདིར་འཇོམས་པའི། །འཇིགས་པ་ ཆེན་པོའི་དགྲ་བོ་དྲུག་།རྒ་དང་ན་དང་འཆི་བདག་དང ། །འདོད་ཆགས་ལ་སོགས་དྲི་མ་གསུམ། །དགེ་བའི་རྫས་ནི་འཕྲོག་པ་ཡི། །རྐུན་མ་ཡང་ནི་ཡུལ་ལྔ་ཡིན། །དགྲ་རྣམས་གྲོགས་པོའི་གཟུགས་ཀྱིས་ནི། །སྲིད་པའི་ངམ་གྲོག་དག་ན་རྒྱུ། །བག་མེད་པས་ནི་གང་བའི་ 71-1-69a སེམས། །ཡུལ་རྣམས་ཀྱིས་ནི་འཕེལ་བར་བྱེད། །སྐྱེས་བུ་མྱུར་དུ་གཞོམ་པ་ནི། །དམྱལ་དང་ཡི་དགས་རིགས་རྣམས་ལ། །སྡུག་བསྔལ་ལ་སོགས་བདེན་པ་ཡང ། །གང་ཚེ་ཤེས་པས་རྟོགས་པ་ཡི། །དེ་ཚེ་སྐྱེས་བུ་བླ་མེད་ཀྱིས། །བདེ་ལེགས་ཤིས་ པའི་གནས་ཐོབ་འགྱུར། །སྐྱོན་རྣམས་རྩད་ནས་གདོན་པ་དང ། །ཡོན་ཏན་སྤེལ་ལ་ཀུན་ཏུ་སྤྱོད། །སྡིག་པའི་གྲོགས་པོ་མི་བྱ་ཞིང ། །ལེ་ལོ་ཅན་ཁ་ཕྱིར་ཕྱོགས་[(]གྱིས[,]ཀྱིས[)]། །བརྩོན་འགྲུས་བརྩམས་ཤིང་དྲན་དང་ལྡན། །དགེ་སྦྱོང་ཤེས་རབ་དཔུང་གཉེན་ཅན། །རྒ་དང་འཆི་ བ་སྤངས་པ་ཡི། །བླ་ན་མེད་པའི་གནས་སུ་འགྲོ། །དབང་པོ་དང་ནི་དབང་དོན་ཡང ། །གང་ཚེ་དེ་ཉིད་ཁོ་ན་རིག་།དེ་ཚེ་ཤེས་རབ་ལ་བརྟེན་ནས། །སྲིད་པའི་རྒྱ་མཚོ་ལས་རྒལ་ལོ། །ང་རྒྱལ་ཅན་དང་ལེ་ལོ་ཅན། །ཐམས་ཅད་ལ་ནི་རྟག་དོགས་ཅན། །ཁེངས་དང་སྡིག་བློ་ཅན་ རྣམས་ནི། །མཁས་པས་གྲོགས་པོ་བྱ་བ་མིན། །ཤིན་ཏུ་བརྩོན་ལྡན་རང་བཞིན་འཇམ། །ཆོས་ལ་གནས་དང་སྐྱོན་སྤངས་པ། །ཡང་དག་ལྟ་དང་རྩབ་ཧྲལ་མེད། །གྲོགས་པོར་བསྟེན་གྱིས་མཛེས་པ་ཡིན། །སྡིག་ཅན་གྲོགས་པོའི་སྣོད་མ་ཡིན། །སྣོད་ནི་བླ་མེད་སྐྱེས་བུ་ཡིན། ། བླ་མེད་སྣོད་དུ་བྱས་པ་ན། །སྐྱོན་རྣམས་ཀྱིས་ནི་འཇིགས་པ་མེད། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང ། །ཉིན་དང་མཚན་མོ་དེ་བཞིན་དུས། །འཆི་བ་སོམས་དང་བརྟན་པ་རྣམས། །དེ་ལས་བཟློགཐབས་མེད་པ་ཡིན། །གང་འདི་འཆི་བ་འབྱུང་བ་ནི། །དྲན་པའི་མཆོག་ཏུ་རབ་ ཏུ་བསྔགས། །དེ་བསྟེན་པ་ནི་ཞི་བའི་མཆོག་།རྙོག་དང་བྲལ་བར་འགྲོ་བ་ཡིན། །འཆི་བདག་འཇིགས་པ་དྲན་ནས་ནི། །སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར། །སྐྱོན་མེད་པས་ཀྱང་དྲི་མ་རྣམས། །ཐམས་ཅད་རྟག་ཏུ་ཞི་བར་འགྱུར། །བག་ཡོད་གོ་འཕང་འདི་མཆོག་ཏུ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །གང་ཡང་འཆི་བདག་རྟག་དྲན་དང ། །མི་དགེ་རྣམས་ཀྱང་སྤང་བར་གྱིས། །ཞེས་བྱའོ། །དེ་ལྟར་རྨ་བྱ་རྣམས་ཀྱི་མངའ་བདག་དེས་དགའ་ལྡན་གྱི་ལྷ་དེ་དག་རྣམས་དང་འཐབ་བྲལ་བ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཆོས་ 71-1-69b གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གཅེས་པར་གྱུར་པ་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། གཟུགས་དང་རིགས་དང་བཙན་ཕྱུག་གི་རྒྱགས་པ་དང་ཀུན་ཏུ་བྲལ་བར་བྱེད་པའོ། །གཟུགས་དང་རིགས་དང་བཙན་ཕྱུག་གི་ རྒྱགས་པ་ལ་ཆགས་པས་ཀྱང་བྱིས་པ་རྣམས་ལུས་ཀྱིས་ཉེས་པར་སྤྱད་པ་རྣམས་སྤྱོད་དོ། །ལུས་ཇི་ལྟ་བ་དེ་བཞིན་དུ་ངག་དང་ཡིད་ཀྱིས་ཀྱང་སྤྱོད་པར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ཀྱང་ལུས་ཞིག་པར་གྱུར་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དུད་ འགྲོའི་སྐྱེ་གནས་དང་དེ་བཞིན་དུ་ཡི་དགས་ཀྱི་ཡུལ་རྣམས་ལ་ཡང་སྟེ། དེ་དང་དེ་དག་རྣམས་ལ་དེའི་སྐྱེ་བ་བརྗེ་བསོར་བྱེད་པར་གྱུར་པ་ན། རྣམ་པར་རྟོག་པ་དུ་མར་སྡུག་བསྔལ་རྣམ་པ་མང་པོ་རྣམས་སྐྱེ་བར་འགྱུར་བ་དེ་དག་རྣམས་གང་ཡིན་པའི་མིང་ཙམ་ཡང་ཤེས་པར་སླ་བ་མ་ཡིན་ནོ། ། དེའི་ཕྱིར་སྐྱོན་གྱི་འཇིགས་པ་འདི་དག་རྣམས་ཤེས་པར་གྱིས་ལ་གཟུགས་དང་རིགས་དང་དབང་ཕྱུག་གི་རྒྱགས་པ་དང་བྲལ་བར་འགྱུར་ཞིང་གྱུར་པ་གང་ཡིན་པ་དེ་ནི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པར་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པས། ལྟ་བར་བྱེད་པ་ནི་ མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་རྣམས་སུ་དང ། གསོག་གསོབ་སྙིང་པོ་མེད་པ་དང་མི་གཙང་བ་རྣམས་ཀྱི་སྣོད་དུ་གྱུར་པ་སྐྲ་དང ། སྤུ་དང ། སེན་མོ་དང ། སོ་དང ། ཁྲག་དང ། པགས་པའི་ཚོགས་ལ་སོགས་པར་གྱུར་པ་རུས་པའི་འཁྲུལ་འཁོར་ དུ་མ་དང ། རྒྱུས་པ་དང ། ཞག་དང ། གཅིན་དང ། རྟུག་པ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པའི་བདག་གི་གཟུགས་འདི་དང་པོར་གཙང་བ་མ་ཡིན། བར་དུ་མ་ཡིན། །ཐ་མར་མ་ཡིན་ཏེ། ལས་དང་ཉོན་མོངས་པ་དུ་མ་རྣམས་ཀྱིས་ཀུན་ཏུ་སྐྱེས་པ་འདི་ནི་སྙིང་པོར་གྱུར་པ་ནི་ཅུང་ཟད་ ཀྱང་ཡོད་པ་མ་ཡིན་ནོ། །རྟག་པ་ཡང་མ་ཡིན་ཞིང་བདག་དང་བཅས་པ་ཡང་མ་ཡིན་ནོ། །བདག་འཆི་བར་གྱུར་པའི་ཡུལ་དང་དུས་ཀུན་ཏུ་བྱུང་བ་ན་ལུས་འདི་གོམ་པ་གང་ཡང་འགྲོ་བ་དང་རྗེས་སུ་འགྲོ་བར་འགྱུར་བ་ཡང་མ་ཡིན་ནོ། །དུར་ཁྲོད་དུ་ཡང་མེས་སྲེག་པར་བྱེད་པ་འབྱུང་བར་ 71-1-70a འགྱུར་ཞིང ། ཀུན་ཏུ་དྲངས་ནས་བྱ་རྒོད་དང་འུག་པ་དང་ཅེ་སྤྱང་དང་ཁཝ་ཏ་ལ་སོགས་པ་རྣམས་ཀྱིས་ཀྱང་ཟ་བར་བྱེད་པར་འགྱུར་གྱིས་ཞེས་དེ་ལྟར་སྒོམ་པར་བྱེད་པའི་སྐྱེས་བུ་དམ་པ་དེའི་གཟུགས་དང་བཙན་ཕྱུག་གི་རྒྱགས་པ་གང་ཡིན་པ་འདི་དག་དེས་ཐམས་ཅད་ནས་ ཐམས་ཅད་དུ་བྲལ་བར་འགྱུར་བའམ་མགོ་གནོན་པར་འགྱུར་རོ། །གཞན་ཡང་གང་གི་ཚེ་ཇི་ལྟ་ང་ནི་བཟང་པོའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་དགེ་སྦྱོང་དང་བྲམ་ཟེ་འདི་དག་རྣམས་ལ་རིགས་ཀྱི་རྒྱགས་པ་སྐྱེས་པར་གྱུར་ན། དེའི་ཚེ་གལ་ཏེ་ན་གང་ཁོ་ན་རིགས་ཡིན་པ་ཡང་དག་པ་ཇི་ ལྟ་བ་ཁོ་ན་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། དོན་དམ་པར་ན་རིགས་ནི་ཡོད་པ་མ་ཡིན་གྱི། ཀུན་ཏུ་བརྟགས་པ་འབའ་ཞིག་ཙམ་ཁོ་ན་ལ་བྱིས་པ་རྣམས་ཀྱིས་འདི་དག་ཏུ་གོ་བར་ཟད་དོ། །ཇི་ལྟར་རིགས་འདི་དག་རྣམས་ནི་རིགས་མེད་པ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ རུས་ཀྱང་མེད་པ་ཡིན་ནོ། །དགེ་བའི་རྒྱུ་རྣམས་ཀྱིས་གཞན་ཉིད་ཁོ་ན་རིགས་ཡིན་ནོ། །གང་དག་ཞེ་ན། འདི་ལྟ་སྟེ། གང་ལ་བདེན་པ་དང་ཚུལ་ཁྲིམས་དང་སྦྱིན་པ་དང་ཤེས་རབ་དང་རབ་ཏུ་ཞི་བ་དང་དུལ་བའི་ཡོན་ཏན་རྣམས་ཡིན་ནོ། །གང་དག་རིགས་ངན་པར་གྱུར་ན་ཡང་ ཆེན་པོའི་རིགས་སུ་ལེགས་པར་སྐྱེས་པ་ཡིན་ནོ། །རྒྱུ་གང་གི་ཕྱིར་ཡོན་ཏན་རིགས་ཡིན་པའི་ཕྱིར་དང་སྐྱེ་བ་ནི་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དགེ་སྦྱོང་ངམ་བྲམ་ཟེའམ་དེའི་རིགས་ཅན་གཞན་དག་རྣམས་ཀྱིས་ཀྱང་དེ་ལྟར་སྐྱེ་བ་དང་རིགས་དང་བཙན་ཕྱུག་གིས་རྒྱགས་ པར་མི་བྱའོ། །གཞན་ཡང་དེའི་ཚེ་ན་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་གི་རིགས་ཅན་གཞན་རྣམས་ཀྱིས་ཀྱང་གཟུགས་གང་ཡིན་པ་དེ་ཁོ་ན་ཡང་དག་པ་ཇི་ལྟ་བར་རྣམ་པ་གཞན་གྱི་སྒོ་ནས་སོ་སོར་རྟོག་པར་བྱེད་དོ། །ཇི་ལྟར་བདག་གི་གཟུགས་འདི་ནི་ཇི་ལྟ་བུའི་རྣམ་པར་བདག་བྱིས་པ་ ཕྱིས་རྒན་ན་ཉལ་བར་གྱུར་པའི་རྣམ་པ་དེ་ལྟ་བུ་ནི་གོག་འགྲོས་བྱེད་པར་གྱུར་པ་ན་མ་ཡིན་ལ། གོག་འགྲོས་བྱེད་པའི་རྣམ་པ་དེ་ལྟ་བུ་ནི་ཇི་སྲིད་གཙུག་པུད་བཞག་པ་ན་མ་ཡིན་ཏེ། གཙུག་པུད་ཀྱི་དེ་ལྟར་ནི་ཇི་སྲིད་དུ་ལང་ཚོ་ལ་བབ་པའི་བདག་གི་གཟུགས་འབྱུང་བར་མི་འགྱུར་རོ། ། 71-1-70b བར་མའི་ན་ཚོད་ཀྱི་རྣམ་པ་ཇི་ལྟ་བུའི་རྣམ་པ་དེ་ལྟ་བུར་ནི་བདག་གློ་བུར་དུ་འཆི་བའི་དུས་མ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ནི་ཡུན་རིང་བ་ནི་འཆི་བ་ན་ཡང་མ་ཡིན་ནོ། །བདག་གི་གཟུགས་འདི་རོར་གྱུར་ནས་སྦྲང་མ་ལ་སོགས་པ་དག་གིས་ཟ་བར་བྱེད་པ་འབྱུང་བར་འགྱུར་རོ། །དེ་ལས་ ཀུན་ཏུ་བྱུང་བའི་འབུ་གཞན་དག་གིས་ཀྱང་ཟ་བར་བྱེད་ལ་དེ་ལྟ་བུ་རྣམས་འབྱུང་བར་འགྱུར་རོ། །རླུང་དང་ཉི་མ་དང་ཆར་པས་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་ཉམས་པར་འགྱུར་བར་འབྱུང་བ་ཡིན་ནོ། །དེ་ཡང་ཕྱོགས་བཅུ་རྣམས་སུ་ཆ་ཤས་ཐ་དད་པར་འབྱུང་བར་འགྱུར་རོ། ། གཞན་དག་རྣམས་ཀྱིས་བདག་དུར་ཁྲོད་དུ་ཀུན་ནས་དྲངས་ཤིང་ལུས་འདི་རྣམ་པ་དུ་མར་ཆ་ཤས་ཐ་དད་པར་བྱེད་པར་འགྱུར་རོ། །གཞན་དག་གིས་རུས་པ་རྣམས་དྲངས་ནས་ཁྱེར་བར་བྱེད་དོ། །གཞན་དག་གིས་ནི་མགོའི་ཐོད་པའོ། །གཞན་དག་གིས་ནི་མཇིང་པའི་རུས་པའོ། ། གཞན་དག་གིས་ནི་སྣའི་སྟེ། གཞན་དག་གིས་ནི་ལག་པའི་གྲུ་མོ། གཞན་དག་གིས་ལུས་ཀྱི་དཔུང་པ། གཞན་དག་རྣམས་ཀྱིས་ནི་སོར་མོའི་ཐུར་མ། གཞན་དག་རྣམས་ཀྱིས་ནི་སེན་མོའོ། །གཞན་དག་རྣམས་ཀྱིས་ནི་རྩིབ་ལོགས། གཞན་དག་རྣམས་ཀྱིས་ནི་རྒྱབ་ཀྱི་རུས་པ། གཞན་དག་གིས་ནི་ཨན་ཏོང་བའི་རུས་པའོ། །གཞན་དག་གིས་ནི་བརླ། གཞན་དག་གིས་ནི་རྐང་པའི་རུས་པ། གཞན་དག་གིས་ནི་རྐང་པའི་སོར་མོ་རྣམས་ཀྱི་ཚོགས་སོ། །དེ་ལྟར་བདག་ཉིད་ཀྱི་གཟུགས་དེ་ཡང་དག་པ་ཇི་ལྟ་བར་སོ་སོར་རྟོག་པར་བྱེད་པ་རྣམས་ནི་གཟུགས་ཀྱིས་རྒྱགས་ པར་མི་འགྱུར་རོ། །ཇི་ལྟར་ན་བཙན་ཕྱུག་གི་རྒྱགས་པ་རྣམས་ལ་ཡང་དག་པ་ཇི་ལྟ་བ་ཉིད་དུ་ལྟ་བར་བྱེད་པ་དང ། ཤེས་པར་བྱེད་ན་མེད་པར་འགྱུར་བ་ཡིན་ཞེ་ན། གང་གི་ཚེ་སྐྱེ་དགུ་དེ་དག་རྣམས་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། ཇི་ལྟར་འདི་དག་རྣམས་ཐམས་ ཅད་ནི་གཞན་གྱི་དབང་དུ་གྱུར་པ་དང་རང་དབང་མེད་པ་ཡིན་ནོ། །སྐྱེ་དགུ་རྣམས་ནི་རྣམ་པ་དུ་མར་ཡང་གཞན་གྱི་དབང་དུ་གྱུར་པ་ཡིན་ན། དེ་ལ་ཇི་ལྟར་ན་འདི་རང་དབང་ཅན་དུ་འགྱུར་བ་ཡིན། གཞན་གྱི་དབང་དུ་གྱུར་པའི་འདུས་བྱས་ཀྱི་ཆོས་འདི་དག་རྣམས་ནི་གཞན་གྱི་སྐྱེ་མཆེད་ཀྱིས་རབ་ 71-1-71a ཏུ་འཇུག་པ་ཡིན་ཏེ། རྒྱུ་དང་རྐྱེན་རྣམས་ལས་ཀུན་ཏུ་བྱུང་བ་ཡིན་ནོ། །ཇི་ལྟར་ཁང་པ་ལ་ཡང་རྣམ་པ་དུ་མ་རྣམས་སུ་བསྐོར་བ་ལ་སོགས་པའི་ཚོགས་པ་རྣམས་ཕན་ཚུན་གྱི་དབང་གིས་དང ། ཕན་ཚུན་ལ་ཀུན་ཏུ་བརྟེན་ནས་ཁང་པ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་ལ། དེ་བཞིན་དུ་ལུས་ཀྱི་ཐ་སྙད་ཅན་གྱི་གཟུགས་ཕུང་འདི་ཡང་པགས་པ་དང ། ཤ་དང ། རུས་པ་དང ། ཚིལ་དག་གི་ཚོགས་སུ་གྱུར་པ་དབང་ཕྱུག་མེད་པ་བྱེད་པ་པོ་རྣམས་དང ། རྣམ་པར་བྲལ་བའི་གཟུགས་ཕུང་ལ་གཟུགས་ཀྱི་ཐ་སྙད་ཡིན་ནོ། །དེ་ལ་འདིར་ཇི་ལྟར་དགེ་སྦྱོང་ངམ་བྲམ་ ཟེ་འམ་གཞན་ཡང་དེའི་རིགས་ཅན་དག་གིས་དེ་ལྟར་རྗེས་སུ་འཇལ་བ་ལ་བརྟེན་ནས་གང་དག་གཟུགས་ཡང་དག་པ་ཇི་ལྟ་བར་རྣམ་པར་ཕྱེ་བ་འདི་དག་རྣམས་ནི་གཟུགས་དང་རིགས་དང་དབང་ཕྱུག་གི་རྒྱགས་པ་དེ་ཐམས་ཅད་དང་རབ་ཏུ་བྲལ་བར་འགྱུར་བའམ་མགོ་སྨད་པར་འགྱུར་རོ། །གཞན་ ཡང་ཇི་ལྟར་བདག་ནི་མངོན་པར་མཐོ་བའི་རིགས་སུ་སྐྱེས་སོ་ཞེས་དེ་ལྟར་གང་གི་ཚེ་འདིའི་རིགས་ཀྱིས་རྒྱགས་པར་གྱུར་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མ་ཡིན་ལ། ཕྱི་ནས་ནི་ཡང་དག་པ་ཁོ་ནར་མཐོང་བ་ཡིན་ཏེ། ཇི་ལྟར་རིགས་ཞེས་བྱ་བ་ནི་ཀུན་ཏུ་བརྟགས་པ་འབའ་ཞིག་ཙམ་ ཁོ་ན་ལ་མིག་མེད་པ་རྣམས་ཀྱིས་འདི་དག་ཡོངས་སུ་རྟོགས་པར་བྱེད་པ་ཡིན་ནོ། །ཤེས་རབ་དང་ཚུལ་ཁྲིམས་དང་སྦྱིན་པ་རྣམས་ནི་མཐོང་བ་ཡིན་ཏེ། དེ་ལྟ་བུ་རྣམས་ནི་རྣམ་པར་དག་པའི་རིགས་དང་ལེགས་པར་ལྡན་པ་ཡིན་ནོ། །མེད་པ་ལ་བྱིས་པ་རྣམས་ཀྱིས་ང་རྒྱལ་དུ་བྱས་པ་ འབའ་ཞིག་ལ་འདི་དག་ཏུ་རྟོགས་པ་ཁོ་ན་ཡིན་ནོ། །དཔེར་ན་དགེ་སྦྱོང་ངམ་བྲམ་ཟེའམ་དེའི་རིགས་ཅན་གཞན་དག་རྣམས་ཀྱང་རུང་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ལྟར་རིགས་རྣམས་རྟོགས་པ་ནི། དེའི་ཚེ་འདིའི་རིགས་ཀྱི་རྒྱགས་པ་གང་ཡིན་པ་དེ་དག་རྣམས་ཐམས་ཅད་ཀྱི་ ཐམས་ཅད་དུ་རབ་ཏུ་འབྲལ་བར་འགྱུར་རོ། །མགོ་སྨད་པར་འགྱུར། དེ་ནས་དེའི་ཚེ་རྨ་བྱའི་རྒྱལ་པོ་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། གཟུགས་དང་བཙན་ཕྱུག་རིགས་རྒྱགས་པ། །ལུས་ཅན་གང་ལ་དམིགས་པ་ནི། །དེ་མྱོས་གླང་ཆེན་ 71-1-71b སྨྱོན་པ་འདྲ། །རབ་ཏུ་ལྟུང་ཞིང་མཐོང་བ་མིན། །རྒོད་པའི་སྐྱེས་བུ་ཐམས་ཅད་ནི། །བག་མེད་པས་ནི་དབང་པོ་དཀྲུགས། །ཡང་མོར་འཇིག་རྟེན་འདིར་སོང་ནས། །ཕྱི་མར་ངན་སོང་དག་ཏུ་འཚེད། །གཟུགས་དང་དབང་ཕྱུག་རྒྱགས་པ་ཡིས། །ལོང་བའི་མིག་ གང་སྡིག་བྱེད་པ། །དེ་དག་བདེ་བ་ལེགས་རྙེད་མིན། །ཕྱི་མར་ངན་སོང་རྣམས་སུ་མཐོང ། །གཟུགས་དང་དབང་ཕྱུག་རིགས་ཀྱིས་དྲིས། །གང་དེ་དེ་ཉིད་སྐལ་ལྡན་མིན། །དེ་ཉིད་རྟོགས་མིན་བྱིས་པ་རྣམས། །སྲིད་པའི་མཚོ་ལས་རྒལ་མི་འགྱུར། །གང་ཡང་རིགས་ དང་ཕུན་ཚོགས་དང ། །གཞན་ཡང་བདེ་བར་འདོད་པ་གང ། །དེ་དག་ཐམས་ཅད་མི་རྟག་པས། །དེ་ཕྱིར་འདི་ལ་བློ་མ་གཏོད། །ཤེས་རབ་ཚུལ་ཁྲིམས་ངེས་བྲལ་བའི། །རིགས་ནི་མཁས་པས་བསྔགས་པ་མིན། །གང་དག་ཤེས་རབ་དང་ཚུལ་ཁྲིམས། །དེ་ནི་ཆེན་ པོའི་རིགས་ལ་གནས། །ཤེས་རབ་དང་བྲལ་དབང་ཕྱུག་མིན། །རིགས་མིན་ལེགས་པའི་སྲོལ་ཡང་མིན། །དེ་ཕྱིར་ཤེས་རབ་འདི་རིགས་ཡིན། །ཤེས་རབ་དང་བྲལ་རིགས་མེད་ཡིན། །སྤྱོད་པ་དྲི་མེད་གང་དག་གི། །ཚུལ་ཁྲིམས་བསིལ་བའི་མཚེའུ་བཞིན་ནོ། །དེ་ནི་ ཆེན་པོའི་རིགས་སུ་སྐྱེ། །དྲི་མ་ཅན་གཞན་རིགས་མིན་ནོ། །ཚུལ་ཁྲིམས་དཀའ་ཐུབ་བསམ་གཏན་སྦྱིན། །བདེན་དང་བརྟན་དང་ཕ་རོལ་གནོན། །རིགས་གང་ཡང་དག་ལྡན་པ་དེའི། །ཆོས་གང་རྣམ་པར་སྤངས་པ་ཡི། །སྐྲ་བྲེགས་དགེ་སྦྱོང་མིན་པར་མཐོང ། །སྐྱེ་ རིགས་ཉིད་ལས་བྲམ་ཟེ་མིན། །ཤེས་རབ་ཚུལ་ཁྲིམས་རང་བཞིན་གང ། །དགེ་སྦྱོང་བྲམ་ཟེ་ཡང་དེ་ཡིན། །རྒ་བས་གཟུགས་ནི་འཇོམས་པར་བྱེད། །འཆི་བདག་མི་རྣམས་སྲོག་མཐར་བྱེད། །རྒུད་པས་ནོར་ནི་འཇོམས་བྱེད་པས། །རྟག་པ་ཉིད་དུ་རྣམ་པར་གནས། །ནད་ ཀྱང་ནད་མེད་འཇོམས་པར་ནི། །ལུས་ཅན་རྣམས་ལ་རབ་ཏུ་འཇུག་།མཁས་པའི་སྐྱེས་བུས་ཐམས་ཅད་དུ། །བཙན་ཕྱུག་རྒྱགས་པས་འདིར་མ་ལྟུང ། །འཁོར་བའི་ཉེར་འཚེ་གོ་གྱིས་ལ། །སྐྱེས་བུ་རྒྱགས་ལྡན་མ་བྱེད་ཅིག་།དེ་ཕྱིར་འདིར་ནི་སྒྲིན་པོ་ཡིས། །གཟུགས་ 71-1-72a རྒྱགས་དབང་ཕྱུག་ལ་མ་ལྟ། །ལེགས་པར་སྤྱད་པས་ཆོས་ལ་སྤྱོད། །དེ་ལྟར་སྡུག་བསྔལ་གྱིས་མི་འཇོམས། །དེ་ལྟར་རྨ་བྱ་རྣམས་ཀྱི་མངའ་བདག་འདིས་ལྷ་དེ་དག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཆོས་གཞན་ཡང་དགེ་སྦྱོང་དང་བྲམ་ཟེ་ཐེག་པ་ཆེན་ པོ་ལ་ཡང་དག་པར་རབ་ཏུ་གནས་པ་རྣམས་ཀྱིས་བྱ་བར་བྱའོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཅེས་བྱ་བའི་ཆོས་ནི་སེམས་ཅན་དུ་གྱུར་པ་རྣམས་ཐམས་ཅད་ལ་སྟེ། དགེ་སྦྱོང་དང་ བྲམ་ཟེ་དེ་དང་དེའི་རིགས་ཅན་གཞན་དག་རྣམས་ཀྱང་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །སེམས་ཅན་རྣམས་ཐམས་ཅད་ཀྱི་འཐུན་པར་བྱེད་པར་ཡང་འགྱུར་རོ། །ལུས་ཞིག་པར་གྱུར་ནས་ཀྱང་ཤི་བའི་འོག་ཏུ་ཡང་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ། །དགེ་སྦྱོང་དང་བྲམ་ཟེ་དག་ གིས་ཇི་ལྟར་ན་སེམས་ཅན་རྣམས་ཐམས་ཅད་ལ་མཉམ་པ་ཉིད་དུ་བསྒོམ་པར་བྱ་ན། གང་ཡང་དགེ་སྦྱོང་དང་བྲམ་ཟེ་དག་ཀུན་ཏུ་རྩོད་པར་བྱེད་པ་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །གང་འགའ་ཞིག་དང་ཡང་ཀུན་ཏུ་རྩོད་པར་མི་བྱེད་དོ། །ཀུན་ཏུ་རྩོད་པ་རྣམ་པར་སྤངས་པ་དེ་ནི་སེམས་ ཅན་རྣམས་ཐམས་ཅད་ལ་ཡང་ཡིད་མཉམ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རེ་ཞིག་དང་པོ་ཁོ་ནར་ཐམས་ཅད་ཀྱིས་གནས་སྐབས་ཐམས་ཅད་དུ་ཐམས་ཅད་ཀྱིས་ཀྱང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀུན་ཏུ་རྩོད་པར་བྱེད་པ་རྣམས་ཡོངས་སུ་སྤང་བར་བྱའོ། །དེ་ལྟར་ན་སེམས་ཅན་རྣམས་ ཐམས་ཅད་ལ་ཡང་མཉམ་པ་ཉིད་དུ་འགྱུར་རོ། །ཡང་གཉེན་པོ་གཞན་དག་གིས་ཀྱང་དགེ་སྦྱོང་དང་བྲམ་ཟེ་རྣམས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བློར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་ལ་རྟོག་པར་བྱེད་པ་ནི། གྲོགས་པོ་རྣམས་ལ་ ཡང་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གྲོགས་པོ་མ་ཡིན་པ་རྣམས་ལ་ཡང་སྟེ། འཁོར་བར་ཀུན་ཏུ་ཆུད་པར་གྱུར་པའི་སྲོག་ཆགས་འདི་རྣམས་ཐམས་ཅད་ཀྱང་སྐྱེ་བའི་རིགས་ཀྱི་ཆོས་རྣམས་ནི་རིགས་ཀྱི་ཆོས་ཉིད་ཀྱིས་བྲལ་བ་ཡིན་ལ། དེ་དག་གི་སྐྱེ་བ་རྣམས་བདེན་པས་ནི་རྒ་བ་དང ། ནད་དང་། 71-1-72b འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང་ངལ་དུབ་ཏུ་འགྱུར་བ་ཡིན་ནོ། །གྲང་བ་དང ། ཚ་བ་དང ། བཀྲེས་པ་དང ། སྐོམ་པ་དང ། གསོད་པ་དང ། འཆི་བ་དག་གིས་སྐྱེ་བ་ཡིན་ནོ། །མི་སྡུག་པ་རྣམས་དང་ ཕྲད་པ་དང ། སྡུག་པ་དང་བྲལ་བའི་སྡུག་བསྔལ་གྱི་ཁྱད་པར་རྣམས་འབྱུང་བར་འགྱུར་རོ། །དེ་དེ་ལྟ་བུ་ཉིད་དུ་གྲོགས་པོའི་སྡུག་བསྔལ་རྣམས་ཀྱང་ལ་འུར་ལྟ་བར་བྱེད་དོ། །དེ་ཁོ་ན་བཞིན་དུ་གྲོགས་པོ་མ་ཡིན་པ་ཡང་ངོ ། །དེ་དེ་ལྟར་སྒོམ་པར་བྱེད་པ་ན་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ ཀྱང་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བློར་འགྱུར་རོ། །གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་དག་གིས་འདི་ལྟར་སེམས་པར་བྱེད་དེ། ཀྱེ་མ་སེམས་ཅན་འདི་དག་རྣམས་ནི་སྡུག་བསྔལ་ཤིན་ཏུ་གóེམས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་གང་དག་ཞེ་ན། འདི་ ལྟ་སྟེ། ནད་ཅེས་བྱ་བའོ། །སེམས་ཅན་རྣམས་ཐམས་ཅད་ནི་ནད་ཀྱིས་འཇོམས་པར་འགྱུར་རོ། །དེ་དག་གི་ལུས་དང་ཡིད་ཀྱང་ནད་ཀྱིས་གཟིར་བར་གྱུར་པ་རྣམས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ཇི་ལྟ་བ་བཞིན་དུ་གྲོགས་པོ་ལ་སེམས་པར་བྱེད་པ་ཁོ་ན་བཞིན་ དུ་དགྲ་བོ་རྣམས་ལ་ཡང་སེམས་པར་བྱེད་དོ། །དེ་དེ་ལྟར་མཉམ་པ་ཉིད་དུ་གྱུར་པའི་བློས་སེམས་རབ་ཏུ་དང་བར་འགྱུར་རོ། །དེའི་སེམས་རབ་ཏུ་དང་བར་གྱུར་པ་ལས་བརྗོད་པ་རྣམས་ཀྱང་རབ་ཏུ་དང་བར་འགྱུར་རོ། །ཁྲག་ཀྱང་རབ་ཏུ་དང་བས་བཞིན་གྱི་མདོག་ཀྱང་རབ་ཏུ་ དང་ངོ ། །དེའི་དབང་པོ་རྣམས་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་ཀུན་ནས་རབ་ཏུ་དང་བར་འགྱུར་རོ། །འདི་ནི་དེའི་མཐོང་བའི་ཆོས་ཀྱི་འབྲས་བུ་ཡིན་ཞིང ། སྐྱེ་བོ་རྣམས་ཐམས་ཅད་ཀྱི་ཡང་འདོད་པ་སྡུག་པ་ཡིད་དུ་འོང་བར་འགྱུར་རོ། །དེ་ལྟར་ཡང་སེམས་ཅན་རྣམས་ཐམས་ ཅད་ལ་བྱམས་པར་གྱུར་པ་དེ་ནི་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་རྣམ་པ་གཞན་གྱིས་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་རྣམས་སེམས་ཅན་ཐམས་ཅད་ལ་བློ་མཉམ་པ་ཉིད་དུ་འགྱུར་བ་ནི། འདི་ལྟ་སྟེ་གྲོགས་པོ་ 71-1-73a རྣམས་ཀྱི་ལ་སེམས་པར་བྱེད་ཅིང་དེ་ཁོ་ན་བཞིན་དུ་དགྲ་བོ་རྣམས་ཀྱི་ལ་ཡང་སྟེ། ཇི་ལྟར་སྲོག་ཆགས་འདི་དག་རྣམས་ཐམས་ཅད་ནི་འཆི་བའི་ཆོས་ཅན་འཆི་བའི་ཆོས་ཉིད་ལས་རྣམ་པར་མ་གྲོལ་བ་ཡིན་ནོ། །སྐྱེ་བ་དང་བཅས་པར་གྱུར་པ་འདི་དག་རྣམས་ཐམས་ཅད་ ཀྱང་འཆི་བར་འགྱུར་བ་ཡིན་ནོ། །རང་རང་གི་ལས་རྣམས་ཀྱིས་སེམས་ཅན་འདི་དག་རྣམས་དམྱལ་བ་དང་ཡི་དགས་དང་དུད་འགྲོར་སྐྱེ་བས་སེམས་ཅན་འདི་དག་ནི། ཀྱེ་མ་རིང་བར་འགྱུར་རོ། །དེ་དེ་ལྟར་སྒོམ་པར་བྱེད་པ་དང་སེམས་ཅན་རྣམས་ཐམས་ཅད་ལ་ཡང་ཕན་པར་འདོད་པ་ དེ་ནི་མཆོག་ཏུ་ཁྲག་རབ་ཏུ་དང་བར་འགྱུར་རོ། །ཁྲག་རབ་ཏུ་དང་བར་གྱུར་པས་བཞིན་གྱི་མདོག་དང་ངོ ། །དེའི་བཞིན་གྱི་མདོག་རབ་ཏུ་དང་བས་བལྟ་ན་མཛེས་པར་འགྱུར་རོ། །དེས་སེམས་ཅན་རྣམས་ཐམས་ཅད་དགའ་བར་འགྱུར་ཏེ་མཐོང་བའི་ཆོས་ལ་ཡིན་ནོ། །རྣམ་པར་སྨིན་ པས་ནི་ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང་དགེ་སློང་རྣམས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་དབང་དུ་བྱས་ནས་དགེ་བའི་ལས་ཆེན་པོ་རྣམས་བྱེད་པར་འགྱུར་རོ། །ཡང་རིམ་པ་གཞན་གྱིས་ཀྱང་ དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་སྒོམ་པར་བྱེད་དེ། ཇི་ལྟར་སེམས་ཅན་འདི་དག་རྣམས་ཐམས་ཅད་ནི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ་ལས་བདག་གིར་བྱེད་པར་གྱུར་པས་ཇི་ལྟར་ལས་ བྱས་པར་གྱུར་པ་དགེ་བའམ་སྡིག་པ་ཅན་ཡང་རུང་སྟེ་ལས་དེ་དང་དེའི་སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །ལེགས་པར་བྱས་པ་རྣམས་ཀྱིས་ནི་ལྷ་དང་མི་རྣམས་ཀྱི་ནང་དུའོ། །ཉེས་པར་བྱས་པ་རྣམས་ཀྱིས་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །དགེ་སྦྱོང་དང་ བྲམ་ཟེའམ་གཞན་ཡང་དེའི་རིགས་ཅན་དེ་དག་རྣམས་ཀྱིས་དེ་ལྟར་སྒོམ་པར་བྱེད་པ་ན། དེའི་ཚེ་འདིའི་སེམས་ཅན་གྱི་དབང་དུ་བྱས་པའི་སེམས་རབ་ཏུ་དང་བར་གྱུར་པས་བཞིན་གྱི་ཁ་དོག་རབ་ཏུ་དང་བར་འགྱུར་རོ། །བཞིན་གྱི་མདོག་རབ་ཏུ་དང་བར་གྱུར་པས་ཀྱང་སེམས་ཅན་རྣམས་ཐམས་ཅད་ 71-1-73b ཀྱི་འདོད་པ་སྡུག་པ་ཡིད་དུ་འོང་བར་འགྱུར་རོ། །ལུས་ཞིག་ནས་ཀྱང་མཐོ་རིས་བདེ་འགྲོའི་འཇིག་རྟེན་པ་ལྷ་རྣམས་སུ་སྐྱེ་བར་འགྱུར་ལ། ཐ་མར་ཡང་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །དེའི་སེམས་རབ་ཏུ་དང་བར་གྱུར་པ་དང ། སེམས་ཅན་རྣམས་ཐམས་ཅད་ལ་མཉམ་ པ་ཉིད་དུ་གྱུར་པའི་དགེ་སྦྱོང་དང་བྲམ་ཟེ་དག་རྣམས་ཀྱི་ཡང་འབྲས་བུ་དེ་ལྟ་བུར་འགྱུར་བ་ཡིན་ནོ། །ཡང་རིམ་པ་གཞན་གྱིས་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱང་སེམས་ཅན་རྣམས་ཐམས་ཅད་ལ་མཉམ་པ་ཉིད་སྒོམ་པར་བྱེད་དོ། །གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་རྣམས་ཐམས་ ཅད་ལ་ཡང་སེམས་ཅན་རྣམས་ཐམས་ཅད་ནི་སྡུག་པ་དང་ཡིད་དུ་འོང་བ་རྣམས་དང་ཐ་དད་དུ་འབྲལ་བར་འགྱུར་རོ། །མེད་པར་འགྱུར་རོ། །རྣམ་པར་འཐོར་བར་འགྱུར་རོ། །རྣམ་པར་འབྲལ་བར་འགྱུར་རོ། །སོ་སོར་འབྱུང་བར་འགྱུར་རོ། །འཁོར་བར་གཏོགས་པའི་ སེམས་ཅན་རྣམས་ཐམས་ཅད་ལ་ཡང་སྡུག་པ་ཡིད་དུ་འོང་བ་འདོད་པ་རྣམས་ཐམས་ཅད་དང་ཡང་ལྷན་ཅིག་ཏུ་བྲལ་བར་མ་གྱུར་ཅིང་འབྲལ་བར་མི་འགྱུར་བ་རྣམས་ནི་འདི་ན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །སྡུག་པ་རྣམས་དང་རབ་ཏུ་རྣམ་པར་བྲལ་བ་ནི་ཤིན་ཏུ་ཡང་སྡུག་བསྔལ་ བ་ཡིན་ནོ། །དེ་དེ་ལྟར་སྒོམ་པར་བྱེད་པས་སེམས་རབ་ཏུ་དང་བར་འགྱུར་ཞིང་སེམས་ཀུན་ནས་རབ་ཏུ་དང་བས་གདོང་གི་མདངས་གསལ་བར་འགྱུར་རོ། །དེའི་བཞིན་གྱི་མདངས་གསལ་བར་གྱུར་པས་ཀྱང་མངོན་པར་དགའ་བའི་གཟུགས་སུ་འགྱུར་རོ། །དེའི་གཟུགས་བཟང་ བས་སྐྱེ་བོ་རྣམས་ཐམས་ཅད་རབ་ཏུ་དང་བར་འགྱུར་རོ། །འདོད་པ་དང་སྡུག་པ་དང་ཡིད་དུ་འོང་བར་ཡང་འགྱུར་རོ། །དེ་སེམས་ཅན་རྣམས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་མཐུ་སྟོབས་ཀྱི་མཐོང་བའི་ཆོས་ཀྱི་འབྲས་བུ་ནི་འདི་དག་ཡིན་ནོ། །ལུས་ཞིག་པར་གྱུར་ནས་ཀྱང་མཐོ་རིས་བདེ་ འགྲོའི་འཇིག་རྟེན་དུ་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ལས་ཀྱི་ལྷག་མ་རྣམས་ཀྱིས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཡང་རྣམ་གྲངས་གཞན་གྱིས་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་བསྒོམ་པར་བྱ་བ་ཡིན་ནོ། ། 71-1-74a གང་དག་ཞེ་ན་འདི་ལྟ་སྟེ། གང་གི་ཕྱིར་ཡང་མོར་མྱུར་དུ་འཇུག་པའི་ཕྱིར་ན་སེམས་ནི་ཀུན་ཏུ་གནས་པ་མེད་པ་ཡིན་པས་དགེ་སྦྱོང་དང་བྲམ་ཟེ་དེ་དག་རྣམས་ཡང་གལ་ཏེ་འདོད་ཆགས་དང་བཅས་པར་གྱུར་པའི་སེམས་སྐྱེས་པར་གྱུར་ན་དེས་མི་སྡུག་པ་སྒོམ་པར་བྱེད་ དོ། །གལ་ཏེ་ཞེ་སྡང་དང་བཅས་པར་གྱུར་ན་དེས་བྱམས་པ་སྒོམ་པར་བྱེད་དོ། །གལ་ཏེ་གཏི་མུག་དང་བཅས་པའི་སེམས་སྐྱེས་པར་གྱུར་ན། དེས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྒོམ་པར་བྱེད་དོ། །དེ་དེ་ལྟར་སེམས་ཀྱི་གཉེན་པོར་གྱུར་པའི་གཉེན་པོ་གསུམ་པོ་ རྣམས་སེམས་པར་བྱེད་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འགྱུར་རོ། །དེ་ནི་གྲོགས་པོ་དང་དགྲ་བོ་རྣམས་དང་རབ་ཏུ་བྲལ་བ་དང་མཉམ་པ་དང་ཡང་བ་དང་རབ་ཏུ་དང་བའི་བློ་གྲོས་ཅན་ཐམས་ཅད་དུ་དོགས་པ་མེད་པར་འགྲོ་ཞིང་རྣམ་པར་རྒྱུ་བ་དང ། མཆོག་ཏུ་རྣམ་ པར་དག་པ་བདེ་བར་གནས་པ་ཡིན་ནོ། །བདེ་བར་མཚན་མོ་ཉལ་བར་འགྱུར་བ་དང ། བདེ་བར་ཡང་ཉིན་མོ་རབ་ཏུ་སད་པར་འགྱུར་ལ། ལྷ་རྣམས་ཀྱིས་ཀྱང་འདི་དག་ལ་མངོན་པར་སྲུང་བར་བྱེད་དོ། །དེ་ནི་དབང་ཆེ་བར་ཡང་འགྱུར་རོ། །མཐུ་སྟོབས་ཆེ་བར་ཡང་འགྱུར་ རོ། །དེ་དེ་ལྟར་རབ་ཏུ་ཡིད་རབ་ཏུ་དང་བས་ཁྲག་རབ་ཏུ་དང་བར་འགྱུར་རོ། །ཁྲག་རབ་ཏུ་དང་བས་བཞིན་གྱི་མདོག་རབ་ཏུ་དང་ངོ ། །དེའི་མདོག་རབ་ཏུ་དང་བས་བལྟ་ན་མཛེས་པའི་གཟུགས་སུ་འགྱུར་རོ། །རབ་ཏུ་མཛེས་པ་དང་སྐྱེ་བོ་རྣམས་ཐམས་ཅད་ལ་འདོད་པ་དང་སྡུག་པ་དང་ འཐུན་པ་དང་ཡིད་དུ་འོང་བར་ཡང་འགྱུར་རོ། །དེ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་གྱུར་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཀུན་ཏུ་ལྷག་པར་གྱུར་པའི་ལས་ ཀྱིས་ཀྱང་ཇི་ལྟར་མོས་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་དེའི་ཚེ་རྨ་བྱའི་རྒྱལ་པོ་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། གྲོགས་དང་གྲོགས་མིན་ཐམས་ཅད་ལ། །གང་བློ་ཀུན་ཏུ་ཆགས་མེད་པར། །ཕྱོགས་འཛིན་མེད་པར་ཆོས་ཤེས་ 71-1-74b པའི། །ཤེས་ལྡན་ཐུབ་པར་བརྗོད་པ་ཡིན། །སྐྱོན་གྱི་འདམ་གྱིས་ཡིད་གང་ལ། །ནམ་ཡང་གོས་པ་མེད་པ་དང ། །གཅིག་པུར་རྒྱུ་བར་དགའ་བ་དང ། །གང་དག་ཆགས་བྲལ་ཐུབ་པར་བརྗོད། །ང་ཡིར་མེད་དང་སྤྱོད་དྲི་མེད། །རྙོག་པའི་དྲི་མ་ཀུན་དང་བྲལ། །ཡུལ་ རྣམས་ཉོན་མོངས་ཐམས་ཅད་ཀྱིས། །ཀུན་ཏུ་ཕྲོགས་མེད་ཐུབ་པར་བརྗོད། །མི་རྟག་ལ་སོགས་བདེན་པ་ནི། །ཇི་ལྟ་བཞིན་དུ་རྗེས་སུ་མཐོང ། །འཇིག་རྟེན་འཇིག་རྟེན་མུན་ཉིད་ཀྱང ། །བརྟན་པ་དེ་ནི་ཐུབ་པར་བརྗོད། །འཇིག་རྟེན་ཆོས་ཀྱིས་ནམ་ཡང་ནི། །རྗེས་སུ་སྐྱོ་ བར་འགྱུར་མ་ཡིན། །བདེ་སྡུག་མཚུངས་པའི་ཤེས་རབ་ནི། །དྲི་མེད་ཐུབ་པར་བརྗོད་པ་ཡིན། །རྟག་ཏུ་ཀུན་དགའ་མཆོག་གིས་ནི། །རྟག་ཏུ་འདོད་པ་རྣམ་པར་སྤངས། །སྲེད་པ་མེད་དང་ཉུང་ངུས་འཚོ། །གཙང་བ་འདི་ནི་ཐུབ་པར་བརྗོད། །གང་དག་དེ་དང་འགྲོགས་པ་ ཡིས། །གང་ལ་དེ་ལ་རྗེས་འགྲོ་མིན། །གཅིག་པུ་རྒྱུ་ཞིང་བློ་གྲོས་བརྟན། །བསྲུང་མཚམས་དང་ལྡན་ཐུབ་པར་བརྗོད། །འཇིགས་དང་རྒ་བ་ལས་རྣམ་གྲོལ། །སྲེད་པའི་ཤུགས་ཀྱིས་འཇོམས་མིན་གང ། །རབ་ཏུ་ཞི་བའི་དབང་དག་སེམས། །རོ་ལ་ཞེན་མེད་ཐུབ་པར་ བརྗོད། །སེམས་ཅན་རྣམས་ལ་མཉམ་ཉིད་གང ། །མི་མཉམ་པ་ལ་རྟག་ཏུ་མཉམ། །ཐམས་ཅད་ལ་ནི་མཉམ་པ་ཉིད། །ཤེས་རབ་ལྡན་པ་ཐུབ་པར་བརྗོད། །དགེ་མི་དགེ་རྣམས་ཐམས་ཅད་ཀྱི། །ལས་དང་འབྲས་བུའི་དེ་ཉིད་རིག་།དགེ་དང་མི་དགེ་ཡོངས་སྤངས་པའི། ། འཇིག་རྟེན་འདི་ནི་ཐུབ་པར་བརྗོད། །ཤིན་ཏུ་སྐྱོན་རྣམས་འཇོམས་ལ་བརྩོན། །རྟག་ཏུ་ལུས་གཏོགས་པ་ཡི་དྲན། །ཚོར་བ་ལ་སོགས་དེ་ཉིད་ཤེས། །ཤེས་རབ་ལྡན་པ་ཐུབ་པར་བརྗོད། །ཡུལ་དུས་བྱ་བར་རྩོམ་པ་དང ། །རིགས་པ་སྨྲ་ཞིང་དབང་པོ་དུལ། །འཁོར་བའི་འཇིགས་པས་འཇིགས་པ་ཡི། །རབ་ཞི་གང་ཡིན་ཐུབ་པར་བརྗོད། །དེ་ལྟར་རྨ་བྱའི་མངའ་བདག་དེས་དགའ་ལྡན་པ་དེ་དག་རྣམས་དང་འཐབ་བྲལ་བ་དེ་དག་རྣམས་ལ་རྣམ་པ་དུ་མར་ཆོས་སྟོན་པར་བྱེད་དོ། །དེ་ལ་དེ་དག་རྣམས་ཐམས་ཅད་ཀྱང་ཡིད་ཤིན་ཏུ་མཉམ་པར་བཞག་པ་ཡིན་ཏེ། 71-1-75a ཐམས་ཅད་དུ་ཡུལ་གྱི་བདེ་བ་དེ་དག་རྣམས་ཐོབ་ཀྱང་གཅིག་ཏུ་དགེ་བའི་ཆོས་ཀྱི་བཏུང་བས་ཡིད་ངོམས་པར་གྱུར་པ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཀྱི་ཡིད་ཞུ་བར་གྱུར་པ་ཉེ་བར་རྙེད་པ་དང ། གཞན་ཡང་རྨ་བྱའི་རྒྱལ་པོ་དེ་གཙུག་ལག་གི་ཆོས་ཉིད་སྟོན་ པར་བྱེད་པ་ལ་ཇི་ལྟར་ཆོས་གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པར་གྱུར་པའི་དགེ་སྦྱོང་ངམ་བྲམ་ཟེའམ་དེ་ལྟ་བུའི་རིགས་ཅན་གཞན་རྣམས་ཀྱིས་ཀྱང་ཡིད་ལ་བྱའོ། །བྱས་ནས་ཀྱང་ཀུན་ཏུ་སྤྱད་པར་བྱའོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་ཆོག་ཤེས་པའོ། ། ཆོག་ཤེས་པ་ཞེས་བྱ་བའི་ཆོས་ནི་མཆོག་ཏུ་གཅེས་པར་བྱ་བ་ཡིན་ཏེ་བདེ་བར་བྱེད་པ་ཡང་ཡིན་ནོ། །ལུས་དང་སེམས་ཐམས་ཅད་ཚིམ་པར་ཡང་འགྱུར་རོ། །ཆོག་ཤེས་པའི་གྲོགས་པོ་དང་ལྡན་པ་དང་ཆོག་ཤེས་པའི་དཔུང་གཉེན་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་རྣམས་ ནི་མཆོག་ཏུ་གྱུར་པའི་བདེ་བ་རྣམས་ལ་ལོངས་སྤྱོད་དོ། །ཐམས་ཅད་དུ་ཡང་ཐམས་ཅད་ཀྱིས་ཆོག་ཤེས་པ་དེ་དག་རྣམས་ཐམས་ཅད་ནི་བདེ་བའི་མཆོག་རྣམས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །འདོད་པ་སྡུག་པ་ཡིད་དུ་འོང་བའི་གཟུགས་དུ་མ་རྣམས་ལ་མིག་གིས་མངོན་པར་ ཞེན་པར་མི་བྱེད་དོ། །དོན་དུ་གཉེར་བར་ཡང་མི་བྱེད་ཅིང་ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །མིག་གི་ཡུལ་དུ་གྱུར་པའི་གཟུགས་དེ་དག་རྣམས་ལ་ཀུན་ཏུ་རྟོག་པར་མི་བྱེད་དོ། །སེམས་ཀྱིས་བསམས་ཏེ་སྨོན་པར་མི་བྱེད་དོ། །ཕྱིར་ཞིང་དོན་དུ་གཉེར་བར་མི་བྱེད་དོ། །འདོད་ པ་སྡུག་པ་དང་ཡིད་དུ་འོང་བར་གྱུར་པའི་འདས་པའི་གཟུགས་དེ་དག་རྣམས་ལ་ཀུན་ཏུ་རྟོག་པར་མི་བྱེད་དོ། །དེས་བྱས་པའི་འདུན་པའི་འདོད་ཆགས་སྐྱེད་པར་མི་བྱེད་དོ། །དེ་ཉིད་ལ་དྲན་པར་བྱས་ནས་སྨོན་པར་མི་བྱེད་དོ། །རྣམ་པར་འཕེལ་བར་འཆེལ་བར་མི་བྱེད་དོ། །བདག་ཉིད་ རང་གིས་བདག་ཉིད་མཆོག་ཏུ་དགའ་བར་བྱེད་པའི་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ནི་རྟག་པ་ཉིད་དུ་ཡང་སྐྱིད་པར་འགྱུར་རོ། །དེ་བཞིན་དུ་རྣ་བས་འདོད་པ་སྡུག་པ་ཡིད་དུ་འོང་བའི་སྒྲ་རྣམས་ཐོས་པར་གྱུར་པ་ན་ཀུན་ཏུ་རྟོག་པར་མི་བྱེད་དོ། །ཡིད་ཀྱིས་རབ་ཏུ་སྨོན་པར་མི་བྱེད་དོ། །འདས་ 71-1-75b པའི་ཡུལ་དེ་དག་རྣམས་ལ་འདུན་པའི་འདོད་ཆགས་སྐྱེད་པར་མི་འགྱུར་རོ། །ཀུན་ཏུ་རྟོག་པར་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པས་སྒྲ་རྣམས་ལ་སོ་སོར་རྟོག་པར་ཡང་བྱེད་དོ། །སྒྲ་འདི་དག་ནི་རྟག་པ་མ་ཡིན། བདེ་བ་མ་ཡིན། བདག་དང་བཅས་པ་མ་ཡིན་ གྱི། ཀུན་ཏུ་རྟོག་པ་འབའ་ཞིག་གིས་བཅོམ་པར་གྱུར་པའི་བྱིས་པའི་སྲོག་ཆགས་རྣམས་ཀྱིས་ཇི་ལྟར་བདེ་བར་ཀུན་ནས་སྒྱུར་བར་བྱེད་པ་པོར་དེ་ལྟར་ཡོངས་སུ་བརྟགས་ཤིང་ཞེན་པ་རྣམས་ལ་སྒྲ་རྣམས་རྣ་བའི་ཡུལ་དུ་འགྱུར་བས་སེམས་ཀུན་ནས་དཀྲུག་པར་བྱེད་པ་ཡིན་ནོ། །དེ་ལ་ཇི་ ལྟ་བ་བཞིན་དུ་རྣམ་པ་དུ་མར་ཚུལ་བཞིན་ཡིད་ལ་བྱེད་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་འདིས་ཇི་ལྟ་བ་བཞིན་དུ་ཀུན་དགའ་བར་བྱེད་པ་ན། སྒྲ་དེ་དག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། ཇི་ལྟར་སྒྲ་འདི་ནི་ཆང་པ་སྟོང་པ་དང་རྒྱུན་འཆད་པ་དང་སྙིང་པོ་མེད་ པ་ཡིན་ཏེ། འདི་ནི་སྙིང་པོ་ཅུང་ཟད་ཅིག་ཀྱང་ཡོད་པ་ནི་མ་ཡིན་གྱི། འཁོར་བར་རྟོག་པ་འབའ་ཞིག་གིས་ཀུན་ཏུ་ཕྲོགས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིན་ནོ། །དེ་གང་གི་ཚེ་སྒྲ་དེ་ཉིད་ལ་ཀུན་ཏུ་ལྟ་བར་བྱེད་པ་ན། དེའི་ཚེ་ཐམས་ཅད་ཀྱང་སྙན་པ་འདོད་པ་སྡུག་པ་ཡིད་དུ་འོང་བར་ གྱུར་པའི་ཁྱད་པར་ཐམས་ཅད་དང་ལྡན་པའི་སྒྲ་རྣམས་ཐམས་ཅད་ཀྱིས་ཀྱང་ཕྲོགས་པར་མི་འགྱུར་རོ། །ཆོག་ཤེས་པ་དེས་ནི་བདེ་བའི་མཆོག་རྣམས་ཐོབ་པར་འགྱུར་རོ། །གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་རྣམས་དང་དེའི་རིགས་ཅན་གཞན་རྣམས་ཀྱིས་ཀྱང་སྣས་དྲི་རྣམས་སྣོམ་པར་ མི་བྱེད་ཅིང་ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །ཡིད་ཀྱིས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སེམས་པར་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་སྣས་དྲི་འདི་དག་རྣམས་སྣོམ་པར་བྱེད་པ་རྣམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བར་མཐོང་བར་བྱེད་པ་ཡིན་ཏེ། ཇི་ལྟར་དྲི་འདི་དག་ རྣམས་ནི་རྟག་པའམ་བརྟན་པའམ། ཐེར་ཟུག་གམ་རྣམ་པར་མི་འགྱུར་བའི་ཆོས་ཅན་ནི་མ་ཡིན་གྱི་དྲི་གང་ལ་ཀུན་ཏུ་ཆགས་པར་བྱེད་པ་དང ། དེས་རྨོངས་པར་བྱེད་པ་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་སེམས་ཀྱི་རྒྱུན་དཀྲུགས་པ་དྲི་ལ་ཆགས་པ་གང་ཡིན་པ་རྣམས་ནི། མི་ 71-1-76a རྟག་པ་དང་འདི་དག་ནི་སྙིང་པོ་མེད་པ་དང་གསོག་དང་གསོབ་ཡིན་ནོ། །དེ་ལྟར་ཆོག་ཤེས་པར་གྱུར་པའི་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེའི་རིགས་ཅན་རྣམས་ནི་ཤིན་ཏུ་ཆོག་ཤེས་པར་གྱུར་པ་ཡིན་ནོ། །དེ་ནི་སྣའི་སྲེད་པ་དེ་དག་གིས་ཀུན་ཏུ་མི་ཕྲོགས་སོ། ། དེ་ཇི་ལྟ་ཇི་ལྟར་རྗེས་སུ་ལྟ་བར་བྱེད་པ་དེ་ལྟ་དེ་ལྟར་ཆེས་བདེ་བར་འགྱུར་ཏེ། ཆོག་ཤེས་པ་དེ་མཆོག་ཏུ་རྣམ་པར་དག་པར་གྱུར་པ་བསྟེན་ཅིང་བསྒོམས་ལ། ལན་མང་དུ་བྱས་པའི་ཕྱིར་མཆོག་ཏུ་བདེ་བར་འགྱུར་རོ། །གཞན་ཡང་དགེ་སྦྱོང་དེ་ཉིད་དམ་བྲམ་ཟེའམ་གཞན་ཡང་དེའི་ རིགས་ཅན་རྣམས་ཀྱིས་ལྕེས་རོ་མྱངས་པར་གྱུར་ནས་ཀུན་ཏུ་ཆགས་པར་མི་འགྱུར་རོ། །ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །སྔོན་གྱི་དུས་སུ་མྱངས་པར་གྱུར་པའི་རོ་སྔ་མ་དག་རྗེས་སུ་དྲན་པར་མི་བྱེད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ཀྱང་སེམས་པར་མི་བྱེད་དོ། ། ཕྱིར་ཞིང་ཡང་དང་ཡང་དུ་རོ་དེ་ཉིད་མྱང་བ་ལ་དོན་དུ་གཉེར་བར་མི་བྱེད་དོ། །ཆོག་ཤེས་པ་ཉིད་ཀྱིས་ཀུན་ཏུ་བདེ་བར་འགྱུར་རོ། །ཆོག་མི་ཤེས་པ་ཉིད་ཀྱིས་ཀུན་ཏུ་འཁྲིད་པར་མི་འགྱུར་རོ། །དེ་ལ་ནང་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བར་ཡང་རོ་དེ་ཡིད་ ཀྱིས་རྟོག་པར་བྱེད་དེ། ཇི་ལྟར་རོ་འདི་དག་རང་བཞིན་གྱིས་སྙིང་པོ་འམ་བརྟན་པའམ། ཐེར་ཟུག་གམ་རྣམ་པར་མི་འགྱུར་བའི་ཆོས་ཅན་ནི་མ་ཡིན་གྱི། འདི་ནི་ཀུན་ཏུ་རྟོག་པའི་འདོད་ཆགས་ཀྱིས་ཕྲོགས་པ་འབའ་ཞིག་གི་སེམས་ཅན་རྣམས་ཀྱིས། ཇི་ལྟར་རོ་ནི་མཛེས་པ་ཁོ་ ནའོ་ཞེས་རྟོགས་པར་ཟད་དེ། གང་གི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རོ་དེ་དག་ལ་སོ་སོར་རྟོག་པར་བྱེད་པ་ན། དེའི་ཚེ་རོ་དེ་རྣམས་ལ་ཆགས་པར་མི་འགྱུར་རོ། །རྙོག་པ་ཅན་དུ་མི་འགྱུར་ཞིང་འདིའི་ཡིད་ཀྱིས་རོའི་སྲེད་པ་ལས་བྱུང་བས་རོ་རྣམས་ལ་མྱོང་བར་མི་བྱེད་དོ། །ཆོག་ཤེས་ པ་ཉིད་ཀྱིས་དགའ་བར་འགྱུར་རོ། །དེ་ནི་རོས་ཀུན་ཏུ་འཁྲིད་པར་འགྱུར་བ་ཉིད་ཀྱང་མ་ཡིན་ནོ། །གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས་ཀྱང་རེག་བྱ་ལ་རེག་པར་གྱུར་པ་ན་ཀུན་དགའ་བས་ཆོག་ཤེས་པ་དྲན་པ་དང་ལྡན་པ་རྣམས་རེག་བྱ་ལ་རེག་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་ 71-1-76b བཞིན་དུ་ཀུན་ཏུ་ལྟ་བར་བྱེད་པ་ན། ཇི་ལྟར་རེག་བྱ་འདི་དག་རྣམས་རང་བཞིན་ཉིད་ཀྱིས་རྟག་པའམ་བརྟན་པའམ། ཐེར་ཟུག་གམ་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནི་མ་ཡིན་གྱི། འདི་དག་རྣམས་ནི་གསོག་གསོབ་སྙིང་པོ་མེད་པ་ཡིན་ཏེ། རེག་བྱ་འདི་དག་ནི་བྱུང་ནས་མེད་པར་ འགྱུར་བ་དང ། བྱུང་ནས་ཀྱང་ཕྱིར་ལྡོག་པར་འགྱུར་བ་ཡིན་ནོ། །དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རེག་བྱ་འདི་དག་རྣམས་ལ་ལྟ་བར་བྱེད་དོ། །རྣམ་པར་རྟོག་པར་མི་བྱེད་དོ། །འདས་པའི་རེག་བྱ་རྣམས་ལ་དྲན་པས་རྗེས་སུ་འབྲེལ་བར་མི་བྱེད་དོ། །སྲེད་པ་རྣམས་སྐྱེད་ པར་མི་བྱེད་ཅིང་རེག་བྱ་དེ་དག་རྣམས་ལ་ཆགས་པར་ཡང་མི་བྱེད་དོ། །ཕྱིར་ཞིང་ཡང་དང་ཡང་དུ་རེག་བྱ་གཞན་རྣམས་དོན་དུ་གཉེར་བར་མི་བྱེད་དོ། །ཅི་ཡང་རུང་བའི་རེག་བྱ་དེ་དག་གིས་ཀྱང་ཆོག་ཤེས་པར་ཡང་འགྱུར་རོ། །ཇི་ལྟ་བ་བཞིན་དུ་འདུན་པའི་འདོད་ཆགས་དང་རྣམ་པར་ བྲལ་བའི་རེག་བྱ་དག་གིས་ཆོག་ཤེས་པར་བྱེད་དོ། །འདི་ནི་རེག་བྱས་ཆོག་ཤེས་པ་ཞེས་བྱ་བར་ཡང་བརྗོད་དོ། །གཞན་ཡང་དགེ་སྦྱོང་ངམ་བྲམ་ཟེའམ་དེ་དག་གི་རིགས་ཅན་གཞན་རྣམས་ཀྱིས་ཀྱང་ཡིད་ཀྱིས་ཆོས་འདོད་པ་རྣམས་དང་མི་འདོད་པ་རྣམས་དཔྱད་པར་གྱུར་ནས་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རྗེས་སུ་ལྟའོ། །ཆོས་འདི་དག་ནི་རྟག་པའམ་བརྟན་པའམ། ཐེར་ཟུག་གམ་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནི་མ་ཡིན་གྱི། འདི་དག་རྣམས་ནི་སྟོང་པ་དང་མེད་པ་དང་སྙིང་པོ་མེད་པ་ཡིན་ནོ། །འདི་དག་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་ པ་ཡིན་ཏེ། མེད་པར་གྱུར་ནས་ཀྱང་འབྱུང་བར་འགྱུར་ལ། བྱུང་ནས་ཀྱང་ཕྱིར་ལྡོག་པར་འགྱུར་བ་ཡིན་ནོ། །དེ་དག་རྣམས་ཐམས་ཅད་ཀྱང་རྣམ་པར་ཉམས་པར་འགྱུར་བའི་ཆོས་ཅན་གྱི་འདོད་པ་དང་མི་འདོད་པའི་ཆོས་དེ་དག་རྣམས་བསམས་ནས་ཀུན་ཏུ་དགའ་བའི་མཆོག་ཏུ་གྱུར་པས་ མི་འདོད་པ་རྣམས་ཀྱིས་རྣམ་པར་ཉམས་པར་མི་འགྱུར་ཞིང ། འདོད་པ་རྣམས་ལ་ཆགས་པར་ཡང་མི་འགྱུར་རོ། །འདས་པ་རྣམས་ལ་ཡང་དྲན་པར་གྱུར་ནས་རྗེས་སུ་འབྲེལ་བར་མི་བྱེད་དོ། །འདས་པ་རྣམས་ཀྱི་རོ་མྱོང་བར་ཡང་མི་བྱེད་དོ། །དེ་ལྟར་ཡིད་ཀྱིས་ཆོས་རྣམས་ལ་ཚུལ་བཞིན་ 71-1-77a དུ་ཡིད་ལ་བྱེད་པས་མངོན་པར་ཞེན་པར་མི་བྱེད་དོ། །ཆོས་རྣམས་ཐམས་ཅད་ཀྱང་ཡིད་ཀྱིས་རོ་མྱོང་བར་མི་བྱེད་དོ། །སྲེད་པ་རྣམས་ཀྱིས་ཀྱང་ཕྲོགས་པར་མི་འགྱུར་རོ། །དེ་ལྟར་སྲེད་པ་དྲུག་གི་ཚོགས་རྣམས་ལས་ཀུན་ནས་རྣམ་པར་གྲོལ་བའི་དགེ་སྦྱོང་ངམ་ བྲམ་ཟེའམ་དེ་དག་དང་རིགས་འདྲ་བར་གྱུར་པ་རྣམས་ཀྱང་ཆོག་ཤེས་པ་ཡིན་ནོ། །དེ་ནས་དུས་དེའི་ཚེ་ན་རྨ་བྱའི་མངའ་བདག་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། སྲེད་པ་དྲུག་གི་ཡུལ་གྲོལ་བའི། །ཆོག་ཤེས་པ་ཡང་སྐྱོབ་པ་ཡིན། །སྤྲོ་མེད་རོ་ལ་ཞེན་མེད་ པའི། །མཐར་ཐུག་པ་ཡི་བདེ་བར་འདོད། །དེ་ལྟར་གྱུར་པའི་གཟུགས་ལ་ནི། །གང་གིས་མཉམ་པར་བཞག་ལྟ་བ། །གཟུགས་ཀྱི་རང་བཞིན་སྲེད་པ་རྣམས། །དེ་ཡི་སེམས་ལ་རབ་འཇུག་མིན། །རྣ་བས་སྒྲ་རྣམས་ལ་རེག་ནས། །ཡིད་ནི་རབ་ཏུ་སྦྱོར་མི་བྱེད། །དེ་ ཡི་རྣ་བའི་རང་བཞིན་གྱིས། །འདོད་ཆགས་སྙིང་ཉིད་ལ་རྒྱུག་མིན། །སྣ་ནི་ཡུལ་དང་ཡང་དག་ལྡན། །གང་ཕྱིར་དེ་ཁོ་ནར་རིག་པ། །གང་ཕྱིར་དེ་ཡི་ཡིད་ཀྱང་ནི། །སྣ་ཡང་སྐྱོན་གྱིས་འཆིང་བ་མིན། །བརྟན་པར་རོ་རྣམས་མྱངས་ནས་ཀྱང ། །ཡང་དག་པར་དེ་རྗེས་སུ་ རྟོགས། །དེ་ཡི་ཡིད་ཀྱི་ཁང་པར་ནི། །རོ་སྐྱེས་སྐྱོན་གྱིས་ཉམས་མི་བྱེད། །རྣམ་པ་སྣ་ཚོགས་རེག་བྱ་རྣམས། །ལུས་ཀྱིས་རེག་ནས་རྨོངས་མི་འགྱུར། །རེག་བྱའི་ཐབས་བླག་ཤེས་པ་དེའི། །བདེ་བ་མཐའ་ནི་ཡས་པར་འགྱུར། །འཐུན་དང་མི་འཐུན་ཡིད་གང་ལ། །འགའ་ ཞིག་ཆོས་རྣམས་ལ་བཟོད་པ། །རབ་ཏུ་བརྟན་པ་བྲག་འདྲ་བར། །དེ་ཡི་ཡིད་ནི་ཡོངས་སུ་བསྒྲགས། །ཞེས་བྱ་བའོ། །དེ་ལྟར་དགེ་སྦྱོང་དང་བྲམ་ཟེ་ཡང་སྲེད་པ་ལས་ཀུན་ནས་རྣམ་པར་གྲོལ་བ་དེ་དག་རྣམས་ནི་ཆོག་ཤེས་པར་ཡོངས་སུ་བསྒྲགས་པ་ཡིན་ནོ། །དེ་ལྟ་དེ་ལྟར་རྨ་བྱའི་ མངའ་བདག་དེ་ཉིད་ཀྱིས་འཐབ་བྲལ་བ་དེ་དག་དང་དགའ་ལྡན་པ་དེ་རྣམས་ལ་གཙུག་ལག་གི་ཆོས་རྣམས་སྟོན་པར་བྱེད་དོ། །ཆོས་གཞན་ཡང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས་ཀྱང་ཡིད་ལ་བྱའོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཡུལ་རྣམས་ 71-1-77b ལ་འཇིགས་པར་ལྟ་བ་ཞེས་བྱ་བའོ། །བདེ་བའི་མཆོག་རྣམས་འབྱུང་བར་བྱེད་པའོ། །དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཡུལ་གང་ཡིན་པ་ལས་ཀྱང་བཞིན་གཞན་དུ་ལྟ་བར་བྱེད་དོ། །གང་གི་ཚེ་མིག་གིས་གཟུགས་རྣམས་རྗེས་སུ་མཐོང་བར་གྱུར་ན། དེའི་ཚེ་མིག་གི་རྣམ་པར་ ཤེས་པ་སྐྱེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་གྱུར་པ་ན་རྣམ་པར་འབྱེད་པར་བྱེད་དེ། ཇི་ལྟར་འདིར་འོངས་པའི་ཡུལ་འདི་ལ་ནི་འདུན་པའི་འདོད་ཆགས་ཀྱང་སྤང་བར་བྱའོ། །བདག་རབ་ཏུ་འཆིང་བར་བྱེད་པ་པོའི་ཡུལ་འདི་ལ་འདུན་པའི་འདོད་ཆགས་ ལས་ཀུན་ཏུ་སྐྱེས་པའི་འཇིགས་པ་རྣམས་འབྱུང་བར་འགྱུར་བས། འདུན་པའི་འདོད་ཆགས་རབ་ཏུ་གཞོམ་པར་བྱའོ། །སྲེད་པ་རྣམས་ནི་བསྐམ་པར་བྱའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་ཡང་སྤང་བར་བྱའོ། །ཡུལ་མཐོང་བ་དང་ལྷན་ཅིག་ཉིད་དུ་ཇི་ལྟར་ཀུན་ཏུ་རྟོག་པ་ སྐྱེས་པར་གྱུར་པས་དེ་ལྟར་ཡང་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ། །དེ་ཡང་འདོད་ཆགས་དང་ལྷན་ཅིག་འགྲོགས་པར་གྱུར་པའམ། དེ་ཡང་ཞེ་སྡང་དང་ལྷན་ཅིག་ཏུ་འགྲོགས་པ་དེ་དག་འདིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་ཅན་གྱི་མཐར་ཐུག་པའི་ ཡིད་ལ་བྱེད་པ་འདི་དག་བདག་ལ་སྐྱེས་ལ། དེ་དག་གིས་ཀྱང་བདག་ལ་ཕན་པ་མ་ཡིན་པ་རྣམས་འབྱུང་བར་འགྱུར་རོ། །འཇིག་རྟེན་འདི་དང་ཕ་རོལ་ཏུ་ཡང་བདེ་བར་མི་འགྱུར་ལ། ཉོན་མོངས་པས་ནི་བདག་གི་དོན་དུ་མི་འགྱུར་ཞིང་བདེ་བར་ཡང་མི་འགྱུར་རོ། །འདི་དག་རྣམས་ ནི་སེམས་ཅན་ཐམས་ཅད་ཀྱི་འཆིང་བར་གྱུར་པ་ཡིན་ཏེ། དེ་ཡང་གང་གི་ཚེ་དགེ་སྦྱོང་ངམ་བྲམ་ཟེ་རྣམས་ཀྱིས་ཡུལ་རྣམས་དེ་ལྟར་ཡོངས་སུ་རྟོག་པར་བྱེད་པ་དེའི་ཚེ་འདིའི་སྙིང་ལ་འདུན་པའི་འདོད་ཆགས་ཀུན་ཏུ་སྐྱེས་པར་གྱུར་པ་གང་ཡིན་པ་དེ་དག་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་རབ་ཏུ་ བྲལ་བར་འགྱུར་བའམ་བསྐྱུངས་པར་འགྱུར་རོ། །དེ་ཇི་ལྟ་བ་ཁོ་ནར་མིག་གིས་གཟུགས་རྣམས་ཡང་དག་པ་ཇི་ལྟ་བར་སོ་སོར་རྟོག་པར་བྱེད་པ་དེ་ཁོ་ན་བཞིན་དུ་རྣ་བའི་སྒྲ་རྣམས་སྐྱེས་པ་ཡང་སོ་སོར་རྟོག་པར་བྱེད་དེ། རྣ་བའི་རྣམ་པར་ཤེས་པ་འདི་སྐྱེས་པ་ནི་རྣ་བའི་རྐྱེན་དང་དེ་སྐྱེད་པ་ཡིད་ལ་ 71-1-78a བྱེད་པའི་རྐྱེན་གྱིས་བདེ་བར་ཀུན་ཏུ་ཚོར་བའམ། སྡུག་བསྔལ་གྱི་ཚོར་བའམ། དེ་ལས་སྐྱེས་པའི་རྣམ་པར་ཤེས་པའི་དབང་དུ་བྱས་པ་རྣམ་པ་དེ་ལྟ་བུའི་ཡིད་ལ་བྱེད་པ་རྣམས་བདག་ལས་སྐྱེས་སོ། །འདོད་ཆགས་ལྷག་པར་གྱུར་པའམ། ཞེ་སྡང་ ལྷག་པར་གྱུར་པའམ། གཏི་མུག་ལྷག་པར་གྱུར་པ་ཡང་རུང་སྟེ། རྣམ་པར་ཤེས་པ་དེ་མར་མེའི་འོད་བཞིན་དུ་འདྲ་བར་གྱུར་པ་རྒྱུད་དང་ཀུན་ཏུ་འབྲེལ་བའི་རྣམ་པར་ཤེས་པ་གཞན་གྱིས་དེ་རྣམ་པར་ཤེས་པར་བྱེད་པ་ནི། ཇི་ལྟར་བདག་ལ་མི་དགེ་བའི་ཡིད་ལ་བྱེད་པ་འདི་སྐྱེས་སོ་ཞེས་དེས་ཡིད་ལ་བྱེད་པ་མི་དགེ་བ་དེ་དེ་ཉིད་དུ་མངོན་པར་ཤེས་སོ། །དེ་ཇི་ལྟ་བ་བཞིན་དུ་སོ་སོར་ཤེས་ཤིང་རྐྱེན་གྱིས་བྱུང་བའི་མི་དགེ་བ་རྣམས་སྤོང་བར་བྱེད་དོ། །དེ་གང་གི་ཚེ་མི་དགེ་བའི་ཆོས་རྣམས་ཡོངས་སུ་སྤོང་བར་བྱེད་པ་དེའི་ཚེ་ན་དགེ་བའི་ཆོས་གཞན་རྣམས་ ཀྱིས་ཀྱང་ཡོངས་སུ་གང་བར་ཡང་འགྱུར་རོ། །འདིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡུལ་རྣམས་ལྟ་བར་བྱེད་པ་ན་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ནི་རབ་ཀྱི་སྟོབས་དང་ལྡན་པར་འགྱུར་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྣམས་ནི་མི་འབྱུང་བར་འགྱུར་རོ། ། དགའ་བའི་འདོད་ཆགས་དང་ལྷན་ཅིག་འགྲོགས་པར་གྱུར་པ་འདིའི་སྲེད་པའི་ཡང་འབྱུང་བ་ཅན་གྱི་སྲེད་པ་དང་ལྡན་པར་མི་འགྱུར་རོ། །དེ་དེ་ཟད་པར་གྱུར་པས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་རྙོག་པ་རྣམས་དང་བྲལ་བ་དང ། དེ་མི་དགེ་བའི་དྲི་མ་རྣམས་ དང་བྲལ་བར་འགྱུར་ཞིང་ཐམས་ཅད་དུ་ཡང་བདེ་བར་འགྱུར་རོ། །དེ་དག་གི་ཕྱིར་ན་ཡང་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་དག་རྣམས་ཀྱིས་ཀྱང་དང་པོ་ཁོ་ནར་ཡུལ་རྣམས་ལ་འདུན་པའི་འདོད་ཆགས་སྐྱེས་པར་གྱུར་པའི་མི་དགེ་བ་རྣམས་རབ་ཏུ་གཞོམ་པར་བྱའོ། །དགེ་བ་རྣམས་ ཀྱང་རྟག་པར་མང་དུ་སོ་སོར་དཔྱད་པར་བྱའོ། །སྡིག་པ་མི་དགེ་བར་གྱུར་པའི་ཆོས་རྣམས་ཐམས་ཅད་ཀྱང་རབ་ཏུ་གཞོམ་པར་བྱའོ། །དེ་བཞིན་དུ་རྣ་བས་ཀྱང་སྒྲ་རྣམས་ཐོས་ནས་ཡང་དག་པ་ཇི་ལྟ་བ་ཁོ་ནར་དགེ་བའི་རྣམ་པར་ཤེས་པ་རྣམས་སོ་སོར་བསྐྱེད་པར་བྱའོ། །གཞན་ཡང་ 71-1-78b དགེ་སྦྱོང་ངམ་བྲམ་ཟེ་དང་དེ་དག་ཉིད་དང་དེའི་རིགས་ཅན་རྣམས་ཀྱིས་ཀྱང་སྣས་དྲི་རྣམས་བསྣམས་ནས་ཇི་ལྟར་ཤེས་པར་བྱེད་པ་ཡིན་ན། འདི་ན་སྣའི་རྐྱེན་དང་དྲིའི་རྐྱེན་ལས་ཀྱང་སྣའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། དེ་སྐྱེས་པའི་ཡིད་ལ་བྱེད་པའི་རྐྱེན་གྱིས་ཀྱང་གང་གི་ཚེ་མི་ དགེ་བའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པ་དེའི་ཚེ། དགེ་སྦྱོང་ངམ་བྲམ་ཟེ་འདི་དག་གིས་རྣམ་པར་ཤེས་པ་ཡིན་ཏེ། ཇི་ལྟར་མི་དགེ་བའི་ཆོས་སྡིག་པ་ཅན་འདི་དག་སྐྱེས་པར་གྱུར་ཏོ། །དེས་ཀྱང་བདག་ལ་དོན་མ་ཡིན་པ་རྣམས་འབྱུང་བར་འགྱུར་རོ། །བདེ་བ་མ་ཡིན་པ་འདི་ དག་བདག་གིས་ཡོངས་སུ་སྤང་བར་བྱའོ། །དེ་གང་གི་ཚེ་མི་དགེ་བའི་ཡིད་ལ་བྱེད་པ་དེ་དག་རྣམས་ཡོངས་སུ་སྤོང་བར་བྱེད་པ་དེའི་ཚེ། འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དོ། །དེའི་ཚེ་འདི་ལ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ལེགས་པར་སྐྱེ་བར་འགྱུར་ རོ། །དེ་ཚུལ་དང་འཐུན་པའི་ཡིད་ལ་བྱེད་པ་དེ་དང་ཡང་དག་པར་ལྡན་པས་དགའ་བའི་འདོད་ཆགས་དང་ལྡན་པའི་སྲེད་པ་རྣམས་རབ་ཏུ་འཇོམས་པར་བྱེད་དོ། །དེ་སླར་ཡང་དྲི་དེ་ཉིད་ལ་སོ་སོར་རྟོག་པར་བྱེད་དེ། དེ་ལྟར་སོ་སོར་རྟོགས་པར་གྱུར་པ་ན་དེ་ཐམས་ཅད་དུ་དྲི་རྣམས་ཐམས་ ཅད་ལ་མངོན་པར་ཆགས་པར་མི་འགྱུར་རོ། །དེ་རབ་ཏུ་བཅོམ་པ་ལས་ཀྱང་སྐྱིད་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ཡང་དག་པར་ཇི་ལྟ་བར་ཡུལ་རྣམས་མངོན་པར་ཤེས་པར་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་མཐར་ཐུག་པ་མཆོག་གི་བདེ་ལེགས་རྣམས་འཐོབ་པར་འགྱུར་རོ། །དེ་ལྟར་སྣས་ཀྱང་ དྲི་རྣམས་བསྣམས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བས་དྲི་དེ་དག་རྣམས་ལ་ཀུན་ཏུ་ཆགས་པར་མི་འགྱུར་རོ། །གཞན་ཡང་དགེ་སྦྱོང་དང་བྲམ་ཟེ་དེ་དག་རྣམས་ཉིད་ཀྱི་ལྕེས་རོ་རྣམས་མྱངས་པར་བྱས་པ་ན་ཡང ། གང་དེ་ལ་མི་དགེ་བའི་འདུན་པའི་འདོད་ཆགས་སྐྱེས་པར་གྱུར་པ་དེ་དག་ རྣམས་ཀྱང་འདིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། ཇི་ལྟར་ལྕེའི་རྐྱེན་གྱིས་དང་རོའི་རྐྱེན་གྱིས་ཀྱང་ལྕེའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང ། དེ་སྐྱེད་པའི་ཡིད་ལ་བྱེད་པའི་རྐྱེན་ལས་ཀྱང་ལྕེའི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ། །རྣམ་པ་དེ་ལྟ་བུ་རྣམས་ཀྱི་མཚན་ཉིད་ལས་ 71-1-79a སྐྱེས་པའི་ལྕེའི་རྣམ་པར་ཤེས་པ་ལ་དེ་མངོན་པར་ཞེན་པར་མི་བྱེད་དོ། །དེ་ལ་ཀུན་ཏུ་ཆགས་པར་ཡང་མི་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་ལྕེའི་རྣམ་པར་ཤེས་པ་དེ་ཤེས་སོ། །དེ་གང་གི་ཚེ་ཡང་དག་པར་ཤེས་པ་དེའི་ཚེ་རོ་ལ་དམིགས་པའི་རྣམ་ པར་ཤེས་པ་དགའ་བའི་འདོད་ཆགས་དང་ཀུན་ཏུ་ལྡན་པའི་སྲེད་པས་མི་འཆིང་ངོ ། །དེ་དེ་ལས་གྲོལ་བས་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཡུལ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པར་གྱུར་པ་ན་ཡང ། དེ་ལྟ་དེ་ལྟར་དྲི་མའི་རྙོག་མ་ རྣམས་དང་རྣམ་པར་བྲལ་བའི་མཐར་ཕྱིན་པའི་བདེ་བ་རྣམས་འཐོབ་པའོ། །དེ་ལྟར་དགའ་བའི་འདོད་ཆགས་དང་ཀུན་ཏུ་ལྡན་པའི་སྲེད་པ་རྣམས་ཀྱིས་ཀུན་ཏུ་མི་འཆིང་ངོ ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་དེས་ལྕེའི་རོ་རྣམས་ཐམས་ཅད་དང ། གནས་སྐབས་ཐམས་ཅད་དུ་ཇི་ལྟ་བ་ བཞིན་དུ་རྟོགས་ནས། ལུས་ཀྱི་རེག་བྱའི་ཡུལ་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དེ། དེ་ལ་ལུས་ཀྱི་རྐྱེན་དང་རེག་བྱའི་རྐྱེན་དང་དེ་སྐྱེད་པའི་ཡིད་ལ་བྱེད་པའི་རྐྱེན་ལས་ཀྱང་རེག་བྱའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །གསུམ་པོ་རྣམས་འདུས་པ་ལས་ནི་རེག་བྱའོ། །རེག་བྱ་དང་ ལྷན་ཅིག་འགྲོགས་ནས་ཚོར་བ་དང་འདུ་ཤེས་དང་སེམས་པའོ། །དེ་ཡང་དགེ་སྦྱོང་དང་བྲམ་ཟེ་འདི་དག་གིས་ཡང་དག་པ་ཇི་ལྟ་བར་རེག་བྱ་དེ་ཉིད་ལ་ཀུན་ཏུ་ལྟ་བར་བྱེད་དེ། རེག་བྱ་འདི་དག་ནི་རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་མ་ཡིན་ནོ། །གང་འདི་ལ་བདག་གིས་ཚུལ་བཞིན་ མ་ཡིན་པ་ཡིད་ལ་བསྐྱེད་པར་གྱུར་ན། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དེས་བདག་ལ་དོན་མ་ཡིན་པ་རྣམས་འབྱུང་བར་འགྱུར་རོ། །བདེ་བར་མི་འགྱུར་ཞིང་ཕན་པར་ཡང་མི་འགྱུར་རོ། །དེ་གང་གི་ཚེ་རེག་བྱ་དེ་ཡང་ཇི་ལྟ་བ་བཞིན་དུ་ཀུན་ནས་རྟོགས་པར་འགྱུར་ཞིང་ཚུལ་བཞིན་ དུ་ཡིད་ལ་བྱེད་པས་སོ་སོར་རྟོག་པར་བྱེད་པ་ན། དེའི་ཚེ་འདི་དགའ་བའི་འདོད་ཆགས་དང་ལྡན་པར་གྱུར་པའི་སྲེད་པས་གནོད་པར་མི་འགྱུར་རོ། །ཡུལ་གྱི་སྟོབས་ཀྱིས་ཀྱང་ཀུན་ཏུ་སྦྱོར་བར་མི་བྱེད་དོ། །ཐབས་རྣམས་ཐམས་ཅད་ཀྱིས་ལུས་ཀྱི་རེག་བྱ་རྣམས་ཇི་ལྟ་བ་བཞིན་དུ་ཀུན་ཏུ་ 71-1-79b བརྟགས་པར་གྱུར་ནས་ཡིད་ཀྱིས་ཀྱང་ཆོས་ལ་ཀུན་ཏུ་ལྟ་བར་བྱེད་དེ། ཇི་ལྟར་ཡིད་ཀྱི་ཆོས་རྣམས་ཡིན་ན། འདི་ན་ཡིད་ཀྱི་རྐྱེན་དང་ཆོས་ཀྱི་རྐྱེན་ལས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཡང་སྐྱེ་བར་འགྱུར་རོ། །དེ་ལ་གང་གི་ཚེ་མི་དགེ་བ་ ལ་དམིགས་པར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཚུལ་བཞིན་མ་ཡིན་པ་འབྱུང་བར་འགྱུར་བ་དེའི་ཚེ། རིག་པར་འགྱུར་ཏེ་ཇི་ལྟར་བདག་ལས་སྐྱེས་པ་འདི་ནི་མི་དགེ་བའི་ཆོས་ཀྱི་དབང་དུ་བྱས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་ཡིན་ལ། དགའ་བའི་འདོད་ཆགས་དང་ཀུན་ཏུ་ལྡན་ པའི་སྲེད་པ་ཡིད་ལ་བྱུང་བས་ནི་བདག་དོན་མེད་པར་འགྱུར་རོ། །ཕན་པར་མི་འགྱུར་ཞིང་བདེ་བར་ཡང་མི་འགྱུར་རོ། །གང་དེ་ཁོ་ན་ལྟར་ཆོས་རྣམས་ཀྱི་འབྱུང་བ་དཔྱོད་པར་བྱེད་ཅིང ། དེ་ལྟར་ཆོས་རྣམས་ལ་ཆོས་ཀྱིས་རྗེས་སུ་ལྟ་བས་གནས་པར་གྱུར་པ་ནི། ཆོས་རྣམས་ཐམས་ ཅད་ཀྱི་ཡང་རང་གི་མཚན་ཉིད་དང ། སྤྱིའི་མཚན་ཉིད་ལ་ཇི་ལྟ་བ་བཞིན་དུ་རྗེས་སུ་ལྟ་བས་དགའ་བའི་འདོད་ཆགས་དང་ལྷན་ཅིག་མཚུངས་པར་ལྡན་པའི་སྲིད་པ་ཡང་འབྱུང་བ་ཅན་གྱི་སྲེད་པ་རྣམས་ཀྱིས་འཆིང་བར་མི་འགྱུར་རོ། །དེ་དགའ་བའི་འདོད་ཆགས་ཀྱིས་བྱས་པའི་སྲེད་པ་དེ་ དག་རྣམས་ལས་གྲོལ་བས་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཆོས་རྣམས་ཀྱི་ཡང་འཕེལ་བ་དང་འགྲིབ་པ་ཤེས་པར་འགྱུར་རོ། །དེ་ལྟར་གང་གི་ཚེ་ཇི་ལྟ་བ་བཞིན་དུ་ཡུལ་རྣམས་ཐམས་ཅད་ལ་ཡང་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་འདི་ལ་ཡང་དག་པའི་ཤེས་པ་སྐྱེ་བར་ འགྱུར་རོ། །དེའི་ཡང་དག་པའི་ཤེས་པ་དེས་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ། །དེ་ཉོན་མོངས་པ་ཟད་པས་ཀྱང་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་དེ་དང་ཡང་དག་པར་ལྡན་པས་གོ་འཕང་གི་མཆོག་འཐོབ་པར་འགྱུར་རོ། །དེ་ལྟར་དགེ་སྦྱོང་ངམ་བྲམ་ ཟེའམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་རྟག་པ་ཉིད་དུ་ཡུལ་རྣམས་ལ་ཡིད་ཆེས་པར་མི་བྱའོ། །དགྲ་ལྟ་བུར་གྱུར་པ་ཡིན་པ་གང་གི་ཕྱིར་ཡུལ་རྣམས་ནི་བཏང་སྙོམས་སུ་གཞག་པར་བྱ་སྟེ། སྲོག་ཆགས་རྣམས་ཐམས་ཅད་ཐུལ་འོག་ཏུ་འཇུག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ 71-1-80a ཇི་སྲིད་དུ་ཟག་པ་མེད་པའི་ཡེ་ཤེས་སྐྱེས་པར་མ་གྱུར་པ་དེ་སྲིད་དུ་ཡུལ་རྣམས་ལ་ནམ་ཡང་འགའ་ཞིག་ལ་ཡང་ཡིད་ཆེས་པར་མི་བྱའོ། །རྐོ་ཏྲོག་ཅན་དེ་དག་ནི་གྲོགས་པོའི་གཟུགས་སུ་འཆོས་པའི་དགྲ་བོ་རྣམས་ཡིན་ཞིང ། འཁོར་བའི་འཆིང་བ་རྣམས་ཐམས་ ཅད་ཀྱང་དེ་དག་རྣམས་ཡིན་ནོ། །དེ་ནས་དེའི་དུས་དེར་རྨ་བྱའི་མངའ་བདག་དེས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ཡུལ་གྱི་དེ་ཉིད་མཐོང་བ་ཡིས། །ཡེ་ཤེས་ལྕགས་ཀྱུས་འཛིན་པར་བྱེད། །དེས་མ་བཟུང་བས་མི་བཟད་གཡོ། །དོན་མིན་ཐམས་ཅད་བྱེད་པར་ འདོད། །ཡུལ་གྱི་བསམ་པ་རྨོངས་པ་རྣམས། །ཀུན་ཏུ་རྟོག་པ་སྙིང་ལ་སེམས། །འཚོ་བའི་བསམ་པ་ཀུན་སྡོམ་པའི། །འཆི་བདག་ཞགས་པ་འདིར་འོང་འགྱུར། །ཡང་མོའི་སེམས་ཀྱི་སྲོག་ཆགས་རྣམས། །ཡུལ་རྣམས་ཀྱིས་ནི་ཡོངས་སུ་དྲངས། །གཏི་མུག་ གིས་ནི་ཡོངས་བསླུས་པས། །ཀུན་རྨོངས་ཀྱིས་ཀྱང་ཤེས་པ་མིན། །གཡོ་བས་ཡུལ་རྣམས་ཐམས་ཅད་ནི། །དྲི་ཟའི་གྲོང་ཁྱེར་འདྲ་བ་ཡིན། །སྡུག་བསྔལ་ཀུན་ཏུ་སྤེལ་བྱེད་དེ། །དམྱལ་བ་ཡི་ཡང་རྒྱུ་རྣམས་ཡིན། །འདོད་པས་རྣམ་རྨོངས་བྱིས་པ་རྣམས། །ཡུལ་རྣམས་ མེ་ཡིས་སྲེག་པར་བྱེད། །སྲེག་བཞིན་དུ་ཡང་མི་གོ་བར། །དེ་ཉིད་ལ་ནི་ཡོངས་སུ་འཇུག་།ཀུན་རྟོག་ལས་ནི་འདོད་ཆགས་སྐྱེ། །ཆགས་ལས་ཁོང་ཁྲོ་རབ་ཏུ་འཇུག་།ཁྲོ་བས་གཟིར་བའི་སྐྱེས་བུ་ནི། །དམྱལ་བའི་རྗེས་སུ་རྒྱུག་པར་འགྱུར། །དེ་ཕྱིར་འདོད་པ་ ཡོངས་སུ་སྤོངས། །མཁས་པས་ཁྲོ་བ་ཞི་བར་གྱིས། །གཏི་མུག་མྱུར་དུ་ཡོངས་སྤངས་ནས། །མྱ་ངན་འདས་པ་མངོན་དུ་འགྱུར། །དགྲ་བོ་བཞིན་དུ་ཡུལ་ཤེས་བྱ། །གྲོགས་པོ་དང་འདྲ་མྱ་ངན་འདས། །མྱང་འདས་ཡུལ་ཅན་བརྟན་པ་ནི། །མྱ་ངན་འདས་པ་རྟོགས་པར་ འགྱུར། །དེ་ལྟར་རྨ་བྱ་རྣམས་ཀྱི་བདག་པོ་དེས་ལྷ་དེ་དག་རྣམས་ལ་གཙུག་ལག་གི་མདོ་དེ་དག་སྟོན་པར་བྱེད་དོ། །ཆོས་གཞན་ཡང་ལེགས་པར་བསྲུང་བར་བྱ་བ་གཅེས་པར་གྱུར་པ་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། སེམས་ལ་ཡིད་ཆེས་པར་མི་བྱའོ། །འདི་ 71-1-80b ན་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་ཀྱང་ཇི་སྲིད་འཚོའི་བར་དུ་དེ་ལྟར་སེམས་ལ་ཡིད་ཆེས་པས་བགྲོད་པར་མི་བྱའོ། །དེ་དག་ཀྱང་གང་གི་ཕྱིར་ཀུན་ཏུ་གཡོ་བར་གྱུར་པ་བཟློག་ཏུ་མེད་པའི་རང་བཞིན་གྱ་གྱུས་རྣམ་པར་གནས་པ་མེད་པ་ཡུལ་རྣམས་ལ་ བརྐམ་པར་གྱུར་པ་ཡོངས་སུ་སྐྱེས་པར་བྱེད་པ་འདིས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་འགྲོ་བ་ལ་རྣམ་པ་དུ་མར་ཡོངས་སུ་འཁྱམ་པར་བྱེད་དོ། །ནམ་ཞིག་ཀྱང་འདི་དག་དང་ཡོངས་སུ་འདྲིས་པར་འབྱུང་བར་མི་འགྱུར་ཏེ། ཡུལ་ འགྱུར་ཟློག་ཅན་འདི་དག་རྣམས་ཀྱིས་ཀུན་ཏུ་རྨོངས་པར་གྱུར་པས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་ཀྱང་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་ལན་ཅིག་དང་ཕྱོགས་གཅིག་མ་ཡིན་པར་ཡོངས་སུ་འཁོར་བར་བྱེད་དོ། །དེ་ལྟ་ན་ཡང་སྐྱོ་བ་སྐྱེ་བར་ཡང་མི་འགྱུར་ རོ། །དེ་ལྟར་དེ་དག་ནི་ཐམས་ཅད་འཇིག་པར་བྱེད་པའི་དྲག་ཅིང་རྩུབ་པར་གྱུར་པའི་སྡུག་བསྔལ་ཅན་ནི་འཁོར་བ་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་མི་བཟད་ཅིང་མཆོག་ཏུ་དྲག་པར་གྱུར་པའི་སེམས་འདི་ལ་ཇི་སྲིད་དང་ཇི་སྲིད་དུ་འཕགས་པའི་རྒྱས་མ་བཏབ་པ་དེ་སྲིད་དུ་ཡིད་ཆེས་པར་མི་བྱའོ། ། ཇི་སྲིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མ་གྱུར་གྱི་བར་དུ་སྟེ། ཕྱི་ནས་ནི་ངན་སོང་གི་སྒོ་བཅད་པར་འགྱུར་རོ། །གཞན་དུ་ན་ནི་འགྲོ་བ་རྣམས་ཐམས་ཅད་དུ་རྒྱུ་བ་དང་སྡུག་བསྔལ་རྣམས་ཐམས་ཅད་དང་བཅས་པར་འགྱུར་རོ། །འཆིང་བ་རྣམས་ཐམས་ཅད་ཀྱིས་བཅིངས་པར་ གྱུར་པ་རྗེས་སུ་འབྲེལ་པ་རྣམས་ཐམས་ཅད་དང་ཀུན་ནས་ལྡན་པ་མཆོག་ཏུ་བསྒྲུབ་པར་དཀའ་བ་མཆོག་ཏུ་གདུལ་བར་དཀའ་བར་གྱུར་པ་ཡིན་ནོ། །དེའི་ཕྱིར་ཐེག་པ་ཆོན་པོ་ལ་རབ་ཏུ་གནས་པའི་དགེ་སྦྱོང་ངམ་བྲམ་ཟེའམ་གཞན་ཡང་དེའི་རིགས་ཅན་རྣམས་ཀྱིས་ཀྱང་རུང་སྟེ། བརྒྱ་ལ་ ནམ་ཞིག་ཀྱང་ཡིད་ཆེས་པར་མི་བྱའོ། །དེ་ནས་དེའི་ཚེ་རྨ་བྱ་རྣམས་ཀྱི་མངའ་བདག་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། རྒལ་དཀའ་མྱུར་དུ་དྲི་བྲལ་དང ། །སེམས་ཅན་ཀུན་ལ་འགྱུར་བ་ཆེ། །སེམས་ནི་སྐྱེ་དགུ་ཐམས་ཅད་ལ། །རྒྱལ་པོ་བཞིན་ 71-1-81a དུ་རབ་ཏུ་འཇུག་།མཐོང་བ་མེད་དང་འཇིགས་བཅས་པའི། །ལས་ཀྱིས་དམྱལ་བ་གཡོ་བ་འདི། །གང་གི་སེམས་འཛིན་དེ་ཤེས་རབ། །དེ་ནི་འགྲོ་བའི་མཆོག་ཏུ་འགྲོ། །དེ་བཞིན་བདེ་བའི་གནས་སུ་གཞོལ། །དེས་ནི་ངན་འགྲོ་དག་ཏུ་འབབ། ། དེ་ཉིད་བཏུལ་བས་དྲི་མེད་པའི། །མྱ་ངན་འདས་པ་རྟོགས་པར་འགྱུར། །བདེ་དང་སྡུག་བསྔལ་བྱེད་པ་སེམས། །དེ་བཏུལ་བ་ལས་བདེ་བ་འབབ། །ལས་རྣམས་རྣམ་པ་སྣ་ཚོགས་པ། །སེམས་ཀྱི་འཕེན་པའི་རྗེས་སུ་འཇུག་།དེ་ཕྱིར་སེམས་ནི་རྟག་ཏུ་སྲུངས། །དེ་ བཏུལ་བས་ཀྱང་བདེ་བ་འབྱུང ། །གང་གི་ཡིད་ནི་རབ་ཞི་བ། །དབང་པོ་སྤྱོད་ཡུལ་ལས་རབ་ཞི། །སྐྱེ་དང་མྱ་ངན་བྲལ་བའི་དེ། །གོ་འཕང་ནད་མེད་དག་ཏུ་སོང ། །དེ་ལྟར་རྨ་བྱ་རྣམས་ཀྱི་མངའ་བདག་དེས་འཐབ་བྲལ་གྱི་ལྷ་དེ་དག་རྣམས་དང ། དགའ་ལྡན་པ་རྣམས་ལ་བཅོམ་ ལྡན་འདས་འཁོར་བ་འཇིག་གིས་གསུངས་པའི་གཙུག་ལག་གི་མདོ་དེ་བཤད་དོ། །དེ་ནས་ལྷ་དེ་དག་ཉིད་ཐམས་ཅད་ཀྱིས་ཀྱང་དེ་ཡོངས་སུ་བསྐོར་ནས་ཀུན་ཏུ་གནས་ནས་ཆེས་རབ་ཏུ་རངས་པར་གྱུར་པའི་ཡིད་ཀྱིས་དེ་ལ་འདི་སྐད་ཅེས་བརྗོད་དོ། །ལེགས་སོ་ལེགས་སོ་སྐལ་བ་ཆེན་པོ་ ཆོས་འདི་ནི་མཛེས་པ་ལགས་སོ། །ཐོག་མ་དང་བར་དང་ཐ་མར་མཛེས་པར་གྱུར་པ་མྱ་ངན་ལས་འདས་པའི་མཐར་ཐུག་པར་གྱུར་པ་ཁྱོད་ཉིད་ཀྱིས་བདག་ཅག་ལ་བཤད་དོ། །དེ་ནས་ལྷ་དེ་དག་རྣམས་ལ་སླར་ཡང་རྨ་བྱའི་རྒྱལ་པོ་དེས་བརྗོད་པ། ཇི་ལྟར། གང་བདག་ཉིད་ཀྱིས་ལྷག་ པའི་ཆོས་ཉི་ཤུའི་ཆོས་ཀྱི་རྣམ་གྲངས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཐོས་པ་དེ་དག་བདག་གིས་ཁྱེད་ལ་བསྟན་པ་ཡིན་ཏེ། དོན་དང་ལྡན་པ་དང་ཕན་པའི་དོན་དུ་དང་བདེ་བའི་དོན་དུ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་བར་བདག་གིས་མཆོག་ཏུ་ཕན་པར་འགྱུར་བའི་ཆོས་ འདུལ་བ་འདི་ཁྱེད་རྣམས་ལ་བསྟན་པ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ཀྱིས་ཀྱང་བཤད་པ་དེ་ལ་མངོན་པར་བསྟོད་ནས། རྨ་བྱའི་རྒྱལ་པོ་དེ་མཆོད་ཅིང་མངོན་པར་ཕྱག་འཚལ་བར་གྱུར་ནས་ཡང ། གང་དག་འཐབ་བྲལ་བ་དེ་དག་རྣམས་ནི་ནགས་དང་ཉེ་བའི་ནགས་ 71-1-81b དང་རྫིང་བུ་དང་པད་མའི་རྫིང་བུ་རྣམས་སུ་རྩེད་མོའི་དོན་དུ་རབ་ཏུ་ཞུགས་པར་གྱུར་ཏོ། །དགའ་ལྡན་གྱི་ལྷ་གང་ཡིན་པ་དེ་དག་རྣམས་ཀྱང་ནམ་མཁའི་དབྱིངས་ནས་གང་ན་དགའ་ལྡན་གྱི་ལྷ་རྣམས་ཡོད་པ་དེར་དེ་དག་རྣམས་ཕྱིར་སོང་ངོ ། །ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་གཉིས་པར་ གྱུར་པ་རྫོགས་སོ།། ་་་།།དེ་ནས་འཐབ་བྲལ་གྱི་ལྷ་དེ་དག་རྣམས་ནགས་དང་ཉེ་བའི་ནགས་དེ་དག་ལ་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་ངེས་པར་མྱོང་བར་འགྱུར་བའི་ལས་རྣམས་ཟད་པར་མ་གྱུར་གྱི་བར་དེ་སྲིད་དུ་དགའ་བར་བྱེད་རྩེ་བར་བྱེད་དོ། །དེ་ནས་རང་ གིས་བྱས་པའི་ལས་ལ་ལོངས་སྤྱོད་པས་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །ཡང་གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་སུ་སྐྱེས་པར་གྱུར་ན། དེ་རྟག་ཏུ་ཆོས་ལ་གནས་པར་འགྱུར་ཞིང་ཆེན་པོའི་རིགས་དང་མདངས་དང ། དབང་ཕྱུག་གི་ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་གྱུར་པའི་ཡུལ་བཟང་པོ་རྣམས་སུ་རྒྱལ་པོའམ་རྒྱལ་པོའི་བློན་པོར་ཡང་ལེགས་པར་བྱས་པའི་ལས་དེའི་རྒྱུ་འཐུན་པས་འགྱུར་རོ། །གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་འཐབ་བྲལ་བའི་ལྷ་རྣམས་ཀྱི་ས་ ལ་ཀུན་ཏུ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་པས་སམ་ལྷའི་མིག་གིས་ཇི་ལྟར་ཡོད་པའི་འཐབ་བྲལ་བ་རྣམས་ཀྱི་ས་མཐོང་བར་གྱུར་པ་ནི་རཱ་ཛ་ནི་ན་རྒྱུ་བ་ཞེས་བྱ་བའོ། །ས་དེ་ལ་ལས་གང་དག་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང་དེས་མཐོང་བ་ནི། སེམས་ཅན་ཆེན་ པོ་སྐྱེས་བུ་དམ་པ་དགེ་ལེགས་སུ་སྤྱོད་པ་དྲང་པོ་དྲང་པོའི་རིགས་ཅན་གང་དག་གིས་རྟག་ཏུ་ཡང་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ཡོངས་སུ་སྤངས་པར་གྱུར་པ་ནི་སྔ་མ་བཞིན་ཏེ། འདོད་པ་ལ་ལོག་པར་གཡེམ་པ་ཡང་ཡོངས་སུ་སྤངས་པར་གྱུར་པ་ ནི་བུད་མེད་ཀྱི་ཡུལ་རྣམས་ལ་རྩིག་པ་ལས་གྱུར་པ་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་བག་ཙམ་ཅིག་ཀྱང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པར་གྱུར་པ་འདོད་ཆགས་དང་ལྷན་ཅིག་འགྲོགས་པས་ཀུན་ཏུ་ལྟ་བར་མི་བྱེད་དོ། །གཞན་དག་བྱེད་པར་གྱུར་པ་རྣམས་ཀྱང་རབ་ཏུ་འགོག་པར་ 71-1-82a བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་པར་བྱེད་དོ། །ཆོས་རྣམས་ཀྱང་ལན་ཅིག་དང་ལན་ཅིག་མ་ཡིན་པར་སྟོན་པར་བྱེད་དོ། །དེ་དག་ལ་ཡང་རབ་ཏུ་འགོད་པར་བྱེད་དོ། །སེམས་ཅན་རྣམས་ཐམས་ཅད་ལ་ཡང་འདོད་པ་ལ་ལོག་པར་གཡེམ་པའི་སྐྱོན་རྗོད་ པར་བྱེད་དོ། །ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྟོན་པར་བྱེད་དོ། །ཇི་ལྟར་གང་འགའ་ཞིག་འདོད་པ་ལ་ལོག་པར་གཡེམ་པར་གྱུར་པའི་སེམས་ཅན་དམན་པ་དེ་དག་ནི་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ན་དམྱལ་བའི་ ལས་ཀྱི་རྣམ་པར་སྨིན་པ་མཆོག་ཏུ་རྩུབ་པ་ཤིན་ཏུ་སྡུག་བསྔལ་བ་རྣམས་ཡིད་ལ་གྱིས་ལ། འདོད་པ་ལོག་པར་གཡེམ་པར་མ་བྱེད་ཅིག་ཕྱི་ནས་འགྱོད་པར་མ་བྱེད་ཅིག་།སྡུག་བསྔལ་རྣམས་ཀྱང་ནི་དྲག་པ་དང་རྩུབ་པ་དང་ཚ་བར་གྱུར་པ་ཡིན་ནོ་ཞེས་དེ་ལྟར་འདོད་པ་ལ་ལོག་པར་ གཡེམ་པའི་རྣམ་པར་སྨིན་པ་རྣམས་གཞན་དག་ལ་ཡང་སྟོན་པར་བྱེད་དོ། །དེ་དག་ལ་ཡང་སོ་སོར་ཀུན་ཏུ་འཇུག་པར་བྱེད་དེ། ངན་འགྲོ་རྣམས་སུ་འགྲོ་བར་འགྱུར་བའི་འཇིགས་པ་རྣམས་ཀྱིས་སྐྲག་པར་བྱེད་དོ། །དགེ་ལེགས་སུ་གྱུར་པའི་སེམས་ཅན་དེ་རང་དང་གཞན་ལ་ཕན་ པ་ལ་རབ་ཏུ་ཞུགས་པ། ཚུལ་ཁྲིམས་དང་ལྡན་པ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ཚུལ་ཁྲིམས་དེ་ཉིད་ལ་ཀུན་ཏུ་བརྟེན་ནས་ཇི་སྲིད་འཚོའི་བར་དུ་མ་ཉམས་པ་དང་རྒྱུན་མ་ཆད་པ་དང་མ་རྡོལ་བར་འཛིན་པར་བྱེད་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་ འཐབ་བྲལ་གྱི་ལྷ་རྣམས་ཀྱི་ནང་གི་རཱ་ཛ་ནི་ན་རྒྱུ་བའི་སར་སྐྱེ་བར་འགྱུར་རོ། །དེར་ཉེ་བར་སྐྱེས་པ་ན་ཡང་འདིའི་བདེ་བ་མཉམ་པ་མེད་པ་རྣམས་ཕུན་སུམ་ཚོགས་ཤིང་མཚུངས་པ་མེད་པའི་ལོངས་སྤྱོད་རྣམས་དང་ཡང་དག་པར་ལྡན་པ་ལ་བདེ་བ་འདི་དག་རྣམས་ཡིན་ཏེ། རཱ་ཛ་ནི་ན་ ཞེས་བྱ་བའི་རྫིང་བུ་དཔག་ཚད་ལྔ་བརྒྱ་པར་གྱུར་པ། བསིལ་བའི་ཆུ་རབ་ཏུ་དང་བ་ལྟེམ་པར་གྱུར་པའི་ཆུའི་འོད་ཀྱིས་ཡུལ་འགའ་ཞིག་དུ་ཡང་གསལ་བར་བྱས་པ། ཉེ་འཁོར་དག་ན་ཡང་གསེར་དང་བཻ་ཌཱུརྱའི་རང་བཞིན་ལ་གསེར་བཙོ་མའི་འདབ་མ་དང་ཨིན་དྲ་ནཱི་ལའི་རང་བཞིན་གྱི་ 71-1-82b ཡལ་གས་ཡོངས་སུ་གང་བའི་ཤིང་ལྗོན་པ་རྣམས་ཀྱིས་ཉེ་འཁོར་ཡོངས་སུ་གང་བ། དཔག་ཚད་ལྔ་བརྒྱར་གྱུར་པའི་རྫིང་བུ་པད་མ་རྣམས་ཀྱིས་ཡང་ཉེ་འཁོར་ཀུན་ཏུ་གང་བ་རྣམས་ལ་བཻ་ཌཱུརྱའི་ཡུ་བ་ཅན་རྣམས་ལ་ནི་གསེར་གྱི་འདབ་མ་རྣམས་སོ། །གསེར་གྱི་ཡུ་བ་ཅན་རྣམས་ལ་ནི་ བཻ་ཌཱུརྱའི་ཟེ་བ་རྣམས་སོ། །པད་མ་གཞན་འགའ་ཞིག་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་ཡིན་ཏེ། རྣམ་པ་སྣ་ཚོགས་ཤིང་རྣམ་པར་བཀྲ་བའི་པད་མ་རྣམས་ཀྱིས་ཀྱང་ཐམས་ཅད་ནས་ཡོངས་སུ་ཁྱབ་པར་གྱུར་པའོ། །རྫིང་བུ་དེའི་ཉེ་འཁོར་རྣམས་ན་ཡང་བྱ་ཁ་དོག་རྣམ་པ་སྣ་ཚོགས་ པ་དང་ལྡན་པར་གྱུར་པ། རིན་པོ་ཆེ་བདུན་དང་ཆ་འདྲ་བའི་ཁ་དོག་གི་ལུས་ཅན་གྱི་བྱ་རྣམས་ཀྱིས་ཀུན་ནས་ཉེ་བར་མཛེས་པ་མཆོག་ཏུ་སྙན་པར་འགྱུར་བའི་དབྱངས་ཀྱིས་ཀུན་ཏུ་གང་བ་ཡིན་ཏེ། རཱ་ཛ་ནི་ནའི་རྫིང་བུ་དེ་ཡང་ལྷ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བར་གྱུར་པ་ཡིན་ཏེ། འདི་ གང་ཡིན་པ་ལ་ལྷ་ཉིད་བརྒྱ་ཕྲག་དུ་མ་རྣམས་ཀྱིས་ཀྱང་ཡོངས་སུ་མ་བསྐོར་བའི་ལྷ་རྣམས་ནི་མེད་དོ། །ལྷ་མོ་དེ་དག་རྣམས་དང་ལྷ་དེ་དག་རྣམས་ཀྱང་ལྷན་ཅིག་ཏུ་རྔ་སྐད་ཡན་ལག་ལྔ་དང་ལེགས་པར་ལྡན་པས་རྫིང་བུ་དེ་ན་དགའ་དགུར་སྤྱོད་ཅིང་རྩེ་བར་བྱེད་པས་རང་གི་ལས་ཀྱི་འབྲས་བུ་ རྣམས་ཟ་བར་བྱེད་དོ། །གཞན་ཡང་རྫིང་བུ་དེ་ཉིད་ཀྱི་འགྲམ་ན་ཡོངས་སུ་བསྐོར་བའི་ཉེ་འཁོར་རྣམས་ན་མཆོག་ཏུ་དགའ་བར་གྱུར་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཡིད་དགའ་བ་ཞེས་བྱ་བའི་ནགས་ཀུན་ཏུ་གནས་སོ། །དེ་ན་ཡང་ དགའ་བར་གྱུར་པའི་བྱའི་ཚོགས་རྣམས་ཀྱིས་མངོན་པར་དགའ་བར་གྱུར་པའི་འབབ་ཆུ་བརྒྱ་སྟོང་ཕྲག་དུ་མས་ཀུན་ཏུ་བརྒྱན་པ། རིན་པོ་ཆེའི་ཁམས་རྣམས་ཀྱིས་རྣམ་པར་བརྒྱན་པར་གཞན་དག་ལྷན་ཅིག་སྤྱོད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དཔེ་མེད་པའི་ལྷ་རྫས་ཀྱི་དབང་པོ་ ལྔ་མངོན་པར་དགའ་བའི་ཡུལ་རྣམས་དང་ཡང་དག་པར་ལྡན་པས་ཡིད་དགའ་བའི་ནགས་དེ་ན་ལྷ་རྣམས་དགའ་བར་བྱེད་དོ། །ལྷ་དེ་དག་རྣམས་ཀྱང་རཱ་ཛ་ནི་ནའི་རྫིང་བུར་ཡང་རྩེད་མོ་སྣ་ཚོགས་པ་རྣམས་ཀྱིས་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །དེ་ནས་ལྷ་གང་དག་ལེགས་པར་བྱས་པའི་ 71-1-83a ལས་ཀྱིས་དེར་སྐྱེས་པ་དེ་དག་རྣམས་འདི་ལྟར་འགྱུར་ཏེ། སྔ་ན་མེད་པའི་གླུའི་སྒྲ་དེ་དག་ཐོས་པའི་དཔེ་མེད་པ་དེ་དག་གིས་དྲངས་པར་གྱུར་པས། ཀླུང་དུ་སྐྱེས་པའི་ཤིང་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱི་ནགས་དེ་དག་གི་ནང་གང་ན་ཡོད་པ་དེར་ ལེགས་པར་ཉེ་བར་འགྲོ་བར་བྱེད་དོ། །དེ་ནས་ལྷ་གཞན་གང་དག་ལྷའི་རིགས་དེ་ནས་འཆི་འཕོས་པར་གྱུར་ནས་རཱ་ཛ་ནི་ན་རྒྱུ་བའི་ས་དེར་སྐྱེས་པར་གྱུར་པའི་ལྷ་གསར་དུ་སྐྱེས་པ་དེ་དག་ལྷ་རྫས་ཀྱི་ཕྲེང་བས་ཀུན་ཏུ་བརྒྱན་པའི་ལྷའི་བུ་མོ་གང་ཡིན་པ་དེ་དག་རྣམས་ཀྱིས་མངོན་པར་མཐོང་ ཞིང ། རྗེ་དཔོན་དེ་མངོན་པར་མཐོང་བར་གྱུར་ནས་ཀྱང་མངོན་པར་རྒྱུག་གོ། །ལྷའི་རིགས་དེར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་དག་ནི་ཇི་ལྟར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་རྣམ་པར་སྤངས་པས་དེ་ལ་སྐྱེ་བར་འགྱུར་བ་ཡིན་ནོ། །འདོད་ པ་ལ་ལོག་པར་གཡེམ་པ་རྣམ་པར་སྤངས་པས་དེ་དག་རྣམས་ཀྱི་ལྷ་མོ་ནི་གཞན་ལ་མི་འཕོའོ། །མ་སྤངས་པ་དེ་དག་རྣམས་ཀྱི་ནི་ལྷ་མོ་རྣམས་ནི་གཞན་ལ་ཀུན་ཏུ་ཉེ་བར་འཕོ་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་སུམ་ཅུ་རྩ་གསུམ་པ་རྣམས་ནི་ལྷ་གང་དག་གིས་འདོད་པ་ལ་ ལོག་པར་གཡེམ་པ་ཡོངས་སུ་མ་སྤངས་པར་གྱུར་པ་རྣམས་ནི། དེ་ལས་འཆི་འཕོ་བར་གྱུར་པ་ན་ལྷ་གཞན་དེ་དག་ལྷ་མོ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་དག་རྣམས་ཀྱིས་ཀྱང་འོད་ཉམས་པར་གྱུར་པའི་མར་མེ་དང་འདྲ་བའི་ཚེ་འགག་པར་འགྱུར་བ་སྤངས་ནས་གསར་དུ་སྐྱེས་པའི་ལྷ་དེ་ དག་ལ་སྟེན་པར་བྱེད་དོ། །དེ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ནས་འཆི་འཕོ་བར་གྱུར་པའི་ལྷ་གང་ཡིན་པ་འདི་ལ་འཆི་འཕོ་བར་འགྱུར་བས་བྱས་པའི་ཕྲག་དོག་གིས་དེ་ལ་སྡུག་བསྔལ་སྐྱེ་བར་འགྱུར་རོ། །འདི་ནི་དམྱལ་བའི་ཡང་ སྡུག་བསྔལ་ཆེན་པོ་ཡིན་ཏེ། སེམས་ཀྱི་སྐྱོན་ཕུལ་དུ་ཕྱིན་པ་དེས་དམྱལ་བར་སྐྱེ་བར་འགྱུར་རོ། །ལྷ་དེ་འཆི་འཕོ་བ་དེའི་འབྲས་བུ་རྣམ་པར་སྨིན་པ་འདི་ནི་འཐབ་བྲལ་བའི་ལྷ་རྣམས་ལ་མེད་པ་ཡིན་ཏེ། དེ་དག་ནི་ཕལ་ཆེར་འདོད་པ་ལ་ལོག་པར་གཡེམ་པ་རྣམས་མ་སྤངས་པ་རྣམས་ 71-1-83b དེ་དག་ཏུ་སྐྱེ་བར་འགྱུར་རོ། །རྒྱུ་མཚན་དེས་ན་ལྷ་གསར་དུ་སྐྱེས་པ་དེ་སྔུན་གྱི་ལྷ་མེད་པར་ལྷ་མོ་དེ་དག་རྣམས་ཀྱིས་ལྷ་གསར་དུ་སྐྱེས་པ་དེ་ལ་ཉེ་བར་སྙེན་པར་བྱེད་དོ། །ཉེ་བར་འདྲེས་ནས་ཀྱང་ཀུན་ནས་དེ་ཡོངས་སུ་བསྐོར་ཅིང་གང་ན་ནགས་ཆེན་པོ་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དོ། ། རྒྱགས་པ་ལ་དོན་གཅིག་པས་བདེ་བར་རྒྱུ་བས་དེ་དག་རྣམས་ཐམས་ཅད་ཀྱང་གང་ན་ལྷའི་ཚོགས་དེ་དག་ཡོད་པ་དེར་ལེགས་པར་ཉེ་བར་འགྲོའོ། །དེ་ནས་ལྷའི་ཚོགས་དེ་དག་རྣམས་ཀྱིས་ལྷ་གསར་དུ་སྐྱེས་པ་དེ་མངོན་པར་མཐོང་ནས་ཆེས་རབ་ཏུ་དགའ་བར་གྱུར་པའི་ཡིད་ཀྱིས་ལྷན་ ཅིག་སྤྱོད་པའི་འཁོར་རྣམས་དང་བཅས་ནས་རྫིང་བུ་དེ་ཉིད་དུ་ཕྱིན་པར་གྱུར་ཏོ། །བརྒྱ་ཕྲག་དང་དེ་ནས་སྟོང་ཕྲག་རྣམས་སུ་ཡང་སྟེ་ནགས་དང་ཉེ་བའི་ནགས་རྣམས་དང་ལྡན་པ་དང ། དཔག་བསམ་གྱི་ཤིང་རྣམས་དང་ལྡན་པ་ལ་བྱའི་ཚོགས་རྣམ་པ་དུ་མས་ཡོངས་སུ་གང་བ་རྣམས་དང་ པད་མའི་རྫིང་བུ་བརྒྱ་སྟོང་གིས་རབ་ཏུ་བརྒྱན་པ་རྣམས་དང ། རྒྱགས་པའི་ཀ་རཎྜ་བ་དང ། ངང་ངུར་དག་གིས་ཉེ་བར་མཛེས་པ་རྣམས་དང ། ཡོན་ཏན་དུ་མ་བརྒྱ་སྟོང་འདི་དག་རྣམས་ཀྱིས་བརྒྱན་པས་དགའ་བར་འགྱུར་བའི་རྫིང་ཆེན་པོ་དེར་དེ་དག་རྣམས་དུས་རིང་དུ་སྟེ། རྔ་སྐད་ཡན་ལག་ ལྔ་པ་དང་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔས་དུས་ཤིན་ཏུ་རིང་བར་ཡུལ་རྣམས་ལ་རྗེས་སུ་ལོངས་སྤྱད་ནས་སླར་ཡང་ཡུལ་དེ་དག་ཉིད་ཀྱིས་ངོམས་པར་མ་གྱུར་པས་ནགས་དེ་ཉིད་དུ་རྣམ་པར་རྒྱུ་བར་བྱེད་པ་ལས། གང་ན་ཉེ་འཁོར་ཀུན་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་རི་བོ་ཡོད་པ་དེར་ ལེགས་པར་ཉེ་བར་འགྲོའོ། །བདེ་བར་རྒྱུ་བའི་དོན་གྱིས་གར་བྱེད་པར་གྱུར་པ་དང ། རྒོད་པར་གྱུར་པས་པད་མའི་རྫིང་བུ་ནས་པད་མའི་རྫིང་བུ་རྣམས་དང ། ནགས་ནས་ནགས་རྣམས་སུ་དང ། ཉེ་བའི་ནགས་ནས་ཉེ་བའི་ནགས་རྣམས་སུ་དང ། འབབ་ཆུ་ནས་འབབ་ཆུ་ རྣམས་སུ་དང ། རིའི་མཐོ་ས་ནས་རིའི་མཐོ་ས་རྣམས་སུ་དང ། རིའི་བང་རིམ་ནས་རིའི་བང་རིམ་རྣམས་ལ་དང ། རིའི་གསེབ་ནས་རིའི་གསེབ་རྣམས་སུ་དང ། འཁྲི་ཤིང་གི་ཚང་ཚིང་ནས་འཁྲི་ཤིང་གི་ཚང་ཚིང་རྣམས་ལ་དང ། མེ་ཏོག་གི་ནགས་ནས་མེ་ཏོག་གི་ནགས་རྣམས་སུ་ 71-1-84a དང ། འབབ་ཆུ་ནས་འབབ་ཆུ་རྣམས་སུ་དང ། ཆུ་ཀླུང་དང་ཚང་ཚིང་ནས་ཆུ་ཀླུང་དང་ཚང་ཚིང་རྣམས་སུ་དང ། དཔག་བསམ་གྱི་ཤིང་གི་ནགས་ནས་དཔག་བསམ་གྱི་ཤིང་གི་ནགས་རྣམས་སུ་དང ། འཁྲི་ཤིང་གི་ཁང་པ་ནས་འཁྲི་ཤིང་གི་ཁང་པ་རྣམས་དང ། རིན་པོ་ཆེའི་ཁམས་སྣ་ཚོགས་པ་རྣམས་དང་ལྡན་པའི་རིའི་གསེབ་ནས་རིའི་གསེབ་རྣམས་སུ་རྩེད་མོ་རྩེ་བར་གྱུར་པས་ཐམས་ཅད་ཀྱང་རྔ་སྐད་ཡན་ལག་ལྔ་དང་ལྡན་ཞིང་དཔེ་མེད་པར་གྱུར་པའི་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱང་རང་གི་ལས་ཀྱི་འབྲས་བུ་རྣམས་དང་འདྲ་བར་ཡང་དག་ པར་ལྡན་པས་ཐམས་ཅད་ཀྱང་ཉེ་འཁོར་ཀུན་ནས་སྣང་བ་ཞེས་བྱ་བའི་རི་བོ་འདི་གང་ན་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དོ། །གླུའི་སྒྲ་དེ་དག་ཐོས་ནས་ངོ་མཚར་བ་ཀུན་ཏུ་སྐྱེས་པའི་ཡིད་ཀྱིས་ལྷ་དེ་དག་རྣམས་མྱུར་བར་རི་བོ་དེ་གང་ན་ཡོད་པར་འཁོད་དེ། དེ་ཀུན་ཏུ་ལྟ་བ་ལ་ཆེད་ཆེར་གྱུར་ པའི་ཕྱིར་རོ། །དེ་ནས་རིའི་མཆོག་དེ་ལ་འཁོད་པར་གྱུར་པའི་ལྷ་དེ་དག་རྣམས་གང་ཡིན་པ་རྣམས་ཀྱིས་ཉེ་འཁོར་རྣམས་ལས་ཀུན་ཏུ་སྣང་བར་བྱེད་པའི་རིའི་མཆོག་དེ་ལ་ལེགས་པར་གནས་ནས་ལྷ་དེ་དག་གིས་མངོན་པར་མཐོང་བར་གྱུར་ཏོ། །མཆོག་ཏུ་དགའ་བར་གྱུར་པས་ སླར་ཡང་བྱ་བཞིན་དུ་ནམ་མཁའི་དཀྱིལ་དུ་འཕགས་ཏེ་རྒྱན་དང་ཆ་བྱད་དུ་མ་རྣམས་དང ། རང་གི་འོད་ཀྱིས་འབར་བར་གྱུར་པས་ཕན་ཚུན་དུ་ལྟ་བ་ལ་ཆེད་ཆེར་བྱེད་པར་འགྱུར་ཞིང་འདྲེས་པར་གྱུར་པས་དེ་དག་ཐམས་ཅད་ཀྱང་རི་བོའི་མཆོག་དེ་ན་དགའ་བར་གྱུར་པའི་ཆུ་ཀླུང་དང་འབབ་ཆུ་དང་ རྫིང་བུ་དང་པད་མའི་ཚལ་དང་འཁྲི་ཤིང་གི་ཁང་པ་དང་དཔག་བསམ་གྱི་ཤིང་རྣམས་རིན་པོ་ཆེ་བདུན་རབ་ཏུ་འབར་བའི་འོད་དང་ལྡན་པ་དེ་དང་དེ་ན་ལྷ་རྣམས་ཐམས་ཅད་རཱ་ཛ་ནི་ན་རྒྱུ་བ་ན་དགའ་བར་བྱེད་པ་དང་རྩེ་བར་བྱེད་དེ། ཁ་ཅིག་ནི་པད་མའི་ཚལ་དུའོ། །ཁ་ཅིག་ནི་ཆུ་ཀླུང་དང་ཚང་ཚིང་ དུའོ། །ཁ་ཅིག་ནི་ཨུད་པ་ལའི་ཚལ་དུའོ། །ཁ་ཅིག་ནི་དཔག་བསམ་གྱི་ཤིང་གི་ནགས་སུའོ། །ཁ་ཅིག་ནི་རིའི་ཁོང་པ་ནའོ། །ཁ་ཅིག་ནི་ནམ་མཁའི་དཀྱིལ་དུ་ཀུན་ནས་འཕགས་ནས་གང་ན་ལྷ་གཞན་རྣམས་ཡོད་པ་དེར་འགྲོ་བར་བྱེད་དོ། །ཁ་ཅིག་ནི་གླུ་མཁན་དང་བཅས་ 71-1-84b པས་རྒྱགས་པ་ལ་དོན་གཅིག་པའི་བུད་མེད་རྣམས་ཀྱིས་ཡོངས་སུ་བསྐོར་ནས་མྱོས་བྱེད་ཀྱི་བཏུང་བ་ཀུན་ཏུ་སྟེན་པར་བྱེད་དེ། མྱོས་པའི་སྐྱོན་རྣམས་དང་བྲལ་བར་གྱུར་པ་རབ་ཏུ་དགའ་བའི་ལྷ་རྣམས་ཕྱིར་ཞིང་ཕྱིར་ཞིང་དེ་ཉིད་ཀྱིས་རབ་ཏུ་དགའ་བ་ཀུན་ཏུ་སྐྱེད་པར་བྱེད་པ་འབའ་ཞིག་ ཡིན་ནོ། །ཡོན་ཏན་དེ་ལྟ་བུ་རྣམས་དང་ལྡན་པའི་ཡུལ་གྱིས་རབ་ཏུ་དགའ་བའི་དུ་བ་དང་མེས་སླར་ཡང་ཉིས་འགྱུར་དུ་སྲེག་པར་བྱེད་དོ། །དེ་ནས་དེ་ལྟར་ཀུན་ཏུ་གནས་པའི་ལྷ་དེ་དག་རྣམས་ལ། དེ་ཁོ་ན་ཉིད་རིག་པ་ཞེས་བྱ་བའི་བྱས་ཚིགས་སུ་བཅད་པ་འདོན་པར་བྱེད་པ་ལ། ཇི་ལྟར། འབར་བ་ལྔ་ལ་རབ་ཆགས་པའི། །སྲེད་པའི་རླུང་གིས་བདས་པ་ཡི། །བག་མེད་མེ་ཡིས་ལྷ་རྣམས་ནི། །འདོད་པས་རྨོངས་ནས་སྲེག་པར་བྱེད། །སྔ་མའི་ལས་ནི་ཟད་པར་འགྱུར། །གསར་པ་ཉིད་ཀྱང་ཉེར་མི་སྤེལ། །དེ་ཟད་ནས་ནི་ལྟུང་བར་ཡང ། ། ལྷ་རྣམས་ཐམས་ཅད་མཐོང་བ་ཡིན། །འཆི་བའི་དུས་ནི་ཉེར་བྱུང་ན། །སྡུག་བསྔལ་གྱིས་ནི་སེམས་ཉེར་བཅོམ། །གང་ཡང་དགེ་བ་མ་གཏོགས་པ། །སྐྱབས་གཞན་རྣམས་ནི་ངས་མ་མཐོང ། །བུད་མེད་ཆེད་ཆེར་ལྟ་བ་དང ། །རྙེད་དང་ལོངས་སྤྱོད་ལ་རབ་ཆགས། ། རང་གི་སེམས་ཀྱིས་བསླུས་པ་ཡི། །ཐ་མའི་གནས་སུ་མྱུར་འགྲོ་འགྱུར། །གསོན་པ་འཆི་བའི་མཐའ་ཡིན་པ། །དེ་དག་རྣམས་ཀྱིས་གོ་འམ་ཅི། །འདོད་པ་རྣམས་ནི་རབ་འཇིག་ཅིང ། །རྟག་པ་ལ་ཡང་འཐད་པ་མེད། །ཡུལ་གྱིས་རྣམ་པར་བཤིག་པ་དང ། ། རང་ལས་ཀྱིས་ཀྱང་བསླུས་པ་ཡིན། །སྲེད་པས་ཉེ་བར་བཅོམ་པའི་སེམས། །ལྷ་རྣམས་ཚེ་ནི་འགྲོ་བ་ཡིན། །རྩིག་པ་ཞིག་པ་ཇི་བཞིན་དུ། །རི་མོའི་ལས་ཀུན་རབ་ཏུ་འཇིག་།ལས་རྣམས་ཟད་པས་དེ་བཞིན་དུ། །ལྷ་རྣམས་འཇིག་པར་འགྱུར་བ་ཡིན། ། དབང་པོ་རྣམས་ཀྱང་ཡུལ་རྣམས་ཀྱིས། །ངོམས་པ་ནམ་ཡང་ཡོད་མ་ཡིན། །མར་སར་བླུགས་པར་གྱུར་པ་ཡི། །འབར་བའི་རིམ་པ་ཇི་བཞིན་ནོ། །དེ་ལྟར་བྱ་དེས་ལྷ་དེ་དག་རྣམས་ཀྱི་བག་མེད་པའི་ཡིད་འཇོམས་པ་ཆོས་དང་ལྡན་པས་ཀུན་ཏུ་རྟོགས་པར་བྱེད་པའི་ཚིགས་སུ་ 71-1-85a བཅད་པ་རྣམས་བྱས་པ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་དེ་དག་ཐམས་ཅད་རྩིས་བཏབ་མ་བྱས་པར་བག་མེད་པས་རྣམ་པར་རྨོངས་པའི་ཕྱིར། ལྷ་མོ་དེ་དག་ཉིད་ཀྱིས་ཡོངས་སུ་བསྐོར་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་སྡེ་ཚན་དུ་གྱུར་པའི་ཚོགས་རྣམས་ ཀྱིས་ནི་ཁ་ཅིག་གོ། །ཁ་ཅིག་ནི་རང་གི་འཁོར་རྣམས་དང་ངོ ། །ཁ་ཅིག་ནི་ནམ་མཁའི་དཀྱིལ་དུ་འཕགས་པར་གྱུར་ནས་རི་དེ་ལ་འཁོད་པར་བྱེད་དོ། །དེ་དག་རྣམས་འཁོད་པར་གྱུར་པ་ནི་ཉི་མ་བརྒྱ་སྟོང་བས་ཆེས་ལྷག་པར་གྱུར་པའི་གཟི་བརྗིད་ཀྱི་འོད་དང་ལྡན་པའི་རི་ དེའི་ཉེ་འཁོར་རྣམས་ན་རིན་པོ་ཆེའི་འོད་ཟེར་གྱིས་ཀུན་ནས་སྣང་བར་བྱས་པའི་རྩེ་མོ་རྣམས་ནི་ཆེས་མཆོག་ཏུ་ཡང་འོད་ཀྱིས་ཀུན་ནས་རབ་ཏུ་གསལ་བར་བྱེད་དོ། །རི་དེ་ལ་ནགས་དུ་མ་རྣམས་ཡོད་པ་ཡང་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་ཤིང་ལྗོན་པས་ཉེ་བར་མཛེས་པར་གྱུར་པ་ དེ་དག་རྣམས་ཀྱིས་ཀྱང་ཤིན་ཏུ་ཆེས་བླ་ལྷག་པར་ལྷ་དེ་དག་གི་འོད་ཟེར་རྣམས་བཅུ་འགྱུར་དུ་སྐྱེད་པར་བྱེད་དོ། །ཡང་ལྷ་གཞན་གང་དག་ནགས་རྣམས་དང་པད་མའི་ཚལ་རྣམས་དང་འཁྲི་ཤིང་གི་ཁང་པ་རྣམས་དང་རིན་པོ་ཆེ་སྣ་ཚོགས་པའི་འོད་ཟེར་གྱིས་གསལ་བར་གྱུར་པ། དེ་ དག་རྣམས་ལ་རྩེ་བར་བྱེད་ཅིང་དགའ་དགུར་ཀུན་ཏུ་སྤྱོད་པར་བྱེད་པ་ན། དེས་ཀྱང་འོད་དེ་དག་མཐོང་ནས་མཆོག་ཏུ་ངོ་མཚར་བ་དང་ལྡན་པར་གྱུར་ཏེ། དེ་ན་རི་བོའི་མཆོག་འདི་ཇི་ལྟ་བ་བཞིན་དུ་མཛེས་པར་གྱུར་པའི་ཕྱིར་རོ། །དེ་ནས་ནགས་དང་ཉེ་བའི་ནགས་དེ་དག་རྣམས་ན་རྩེ་ བར་བྱེད་པ་གང་ཡིན་པ་དེ་དག་རྣམས་ཀྱང་འདི་དག་རྣམས་ནས་འོངས་ནས་རཱ་ཛ་ནི་ནའི་རྫིང་ཆེན་པོ་དེའི་རིའི་མཆོག་གི་རི་བོ་དེ་ལ་རྩེ་བར་འདོད་པ་ཡིན་ཏེ། དེ་དག་ཐམས་ཅད་མཉམ་དུ་འགྲོགས་ནས་ཕན་ཚུན་དུ་གྲོགས་སུ་གྱུར་ཅིང ། ཕན་ཚུན་དུ་རྫི་བ་མེད་པར་སྙིང་ལ་བདེ་བ་རྣམས་ ལེགས་པར་སྐྱེས་པས་ཕན་ཚུན་དུ་བདེ་བ་བསྐྱེད་པ་ཉེ་བར་འབྱིན་པས་འཐུན་པར་གྱུར་པས། རིན་པོ་ཆེ་བདུན་གྱི་འོད་ཕྲེང་བས་ཀུན་ཏུ་སྣང་བར་བྱས་པའི་རི་དེ་ལ་དལ་བུ་དལ་བུས་ཀུན་ཏུ་འཁོད་པར་བྱེད་དེ་རོལ་མོ་སྣ་ཚོགས་པ་རྣམས་དང ། གླུ་དང་གར་དང་རྒོད་པ་དང་འགྱིང་བ་དང་རྩེ་བ་དང་ 71-1-85b བཅས་པར་འགྱུར་ཞིང ། ནད་ཀྱི་འཇིགས་པ་དང་མྱ་ངན་གྱི་འཇིགས་པ་དང་ལྐོག་ཏུ་གྱུར་པའི་སྐྱོན་རྣམས་དང་བྲལ་བ་དང་རང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་དང་རྒྱུ་བར་བྱེད་པ་མཆོག་ཏུ་བདེ་བ་དང་ལྡན་པར་གྱུར་པ་རྣམས་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་གར་བྱེད་པར་གྱུར་ པས་རི་ཆེན་པོ་དེ་ལ་ཇི་ལྟར་འདོད་པའི་ཁ་ཟས་རྩི་དག་འཐུང་བར་བྱེད་དོ། །བདུད་རྩི་ཡང་མིད་པར་གྱུར་པས་ནི་མཆོག་ཏུ་དགའ་བ་དང་ལྡན་པ་སྐྱེས་པར་གྱུར་ནས་དགེ་བར་བྱེད་དེ། རང་གི་ལས་དང་འདྲ་བའི་བདེ་བ་རྣམས་དང་ཡང་དག་པར་ལྡན་པར་གྱུར་པས། དེ་དེ་ལྟར་ དགའ་བར་གྱུར་ནས་དེ་ཁོ་ན་བཞིན་དུ་བདེ་བ་ལ་ལོངས་སྤྱོད་པར་གྱུར་པ་ལས་དུས་ནམ་ཞིག་ན་གང་ན་མཐོང་ན་ཀུན་དགའ་བ་ཞེས་བྱ་བའི་པད་མའི་རྫིང་བུ་དེར་ཉེ་བར་འགྲོ་བར་བྱེད་དོ། །པད་མའི་རྫིང་བུ་དེ་ཡང་དཔག་ཚད་བཅུར་ཡངས་པ་དཔག་ཚད་ལྔར་རྒྱ་ཆེ་བར་གྱུར་པ་མཆོག་ཏུ་ཉེ་ འཁོར་ཀུན་ནས་དགའ་བ་རྣམས་ལ་པད་མའི་རྫིང་བུ་འདིའི་དགའ་བ་དེ་ཉིད་ནི་ངང་པ་དང་ཀཱ་རཎྜ་བ་དང་ངང་ངུར་རྣམས་ཀྱིས་ཉེ་བར་མཛེས་པ་འདིའི་ཉེ་འཁོར་རྣམས་ན་ཡང་གསེར་བཙོ་མའི་མདོག་གི་པད་མས་ཉེ་བར་མཛེས་པར་གྱུར་པ། འདིའི་ཉེ་འཁོར་རྣམས་ཀུན་ནས་ཡང་དགའ་བར་ གྱུར་པའི་གསེར་རྣམས་དང་བཻ་ཌཱུརྱ་དང་སྔོན་པོ་དང་སྔོན་པོ་ཆེན་པོ་དང་པད་མ་རཱ་གའི་རང་བཞིན་དུ་གྱུར་པའི་སྡུག་པ་དག་གིས་ཉེ་བར་མཛེས་པར་སྤྲས་པས་ཤིན་ཏུ་ཡང་མཛེས་པར་གྱུར་པ་ཀླུང་དུ་སྐྱེས་པའི་ཤིང་ལྗོན་པ་རྣམས་ཀྱིས་ཀྱང་ཉེ་འཁོར་ཀུན་ནས་མཛེས་པ་རྫིང་བུ་དེ་ཡོངས་སུ་ བསྐོར་ནས་ཀུན་ཏུ་གནས་པ་ལ་འདི་ལྟ་སྟེ། གསེར་གྱི་རང་བཞིན་ལ་དངུལ་གྱི་འདབ་མ་དང་དངུལ་གྱི་རང་བཞིན་གྱི་ཡལ་ག་རྣམས་ལ་ནི་གསེར་གྱི་འདབ་མའོ། །ིན་དྲ་ནཱི་ལའི་ཡལ་ག་རྣམས་ལ་ནི་པད་མ་རཱ་གའི་འདབ་མའོ། །ཤེལ་གྱི་རང་བཞིན་གྱི་ཡལ་ག་རྣམས་ལ་ནི་ བཻ་ཌཱུརྱ་དང་གསེར་དང་ཨིན་དྲ་ནཱི་ལའི་རང་བཞིན་གྱི་འདབ་མ་རྣམས་སོ། །བཻ་ཌཱུརྱའི་སྡོང་བུ་ཅན་རྣམས་ལ་ནི་གསེར་དང་དངུལ་དང་ཨིན་དྲ་ནཱི་ལའི་རང་བཞིན་གྱི་འདབ་མའོ། །སྔོན་པོ་ཆེན་པོའི་རང་བཞིན་གྱི་སྡོང་བུ་རྣམས་ལ་ནི་ཤེལ་དང་ཨིན་དྲ་ནཱི་ལའི་ཡལ་ག་རྣམས་ལ་གསེར་བཙོ་ 71-1-86a མའི་རང་བཞིན་གྱི་ལོ་མའོ། །གསེར་གྱི་སྡོང་བུ་དང་སྡོང་བུ་ཕྱེད་བཻ་ཌཱུརྱ་རྣམས་ལ་ནི་སྔོན་པོ་ཆེན་པོའི་ཡལ་ག་རྣམས་ལའོ། །གསེར་བཙོ་མ་དང་མུ་ས་རའི་འདབ་མའོ། །ཁ་ཅིག་ནི་ཐམས་ཅད་དུ་གསེར་གྱི་སྡོང་བུ་དང་གསེར་གྱི་འདབ་མ་དང་གསེར་གྱི་ཡལ་ག་དང་ལྡན་པ་ཉི་མ་ བས་ལྷག་པར་གཟི་བརྗིད་ཀུན་ཏུ་སྣང་བར་བྱེད་དོ། །ཤིང་ལྗོན་པ་གཞན་ཁ་ཅིག་ལ་ནི་བཻ་ཌཱུརྱའི་ཡལ་ག་དང་བཻ་ཌཱུརྱའི་འདབ་མ་དང་ལྡན་པ་ཡིན་ཏེ། སྤྲིན་གྱི་ཕུང་པོ་དང་འདྲ་བར་ཐེན་འཁོར་ཀུན་ནས་རྣམ་པར་མཛེས་པར་བྱེད་དོ། །ཁ་ཅིག་ནི་གསེར་བཙོ་མའི་རང་བཞིན་གྱི་སྡོང་བུ་ དང་གསེར་བཙོ་མའི་རང་བཞིན་གྱི་ཡལ་ག་དང་གསེར་བཙོ་མའི་རང་བཞིན་གྱི་འདབ་མ་སྤེལ་བའི་མེའི་ཕུང་པོའི་མདོག་དང་མཚུངས་པར་ཀུན་ནས་སྣང་བར་བྱེད་དོ། །ཁ་ཅིག་ནི་དངུལ་གྱི་འདབ་མ་དང་དངུལ་གྱི་ཡལ་ག་དང་དངུལ་གྱི་སྡོང་བུ་རྣམས་ཀྱིས་ཟླ་བ་དང་འདྲ་བར་ཀུན་ཏུ་སྣང་བར་ བྱེད་དོ། །ཁ་ཅིག་ནི་ཨིན་དྲ་ནཱི་ལའི་རང་བཞིན་གྱི་སྡོང་བུ་དང་ཨིན་དྲ་ནཱི་ལའི་རང་བཞིན་གྱི་འདབ་མ་ལ་ཨ་ག་རུ་ནག་པོའི་དུ་བའི་མདོག་ཏུ་ཀུན་ནས་སྣང་བར་བྱེད་དོ། །ལྗོན་ཤིང་གཞན་ཁ་ཅིག་ནི་འཁྲི་ཤིང་སྣ་ཚོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡིན་ཏེ། གང་དག་གསེར་བཙོ་མའི་ རང་བཞིན་ཡིན་པ་དེ་དག་ནི་སྔོན་པོ་མཆོག་ཏུ་གསལ་བའི་ཁ་དོག་དང་ལྡན་པའི་ཨིན་དྲ་ནཱི་ལའི་རང་བཞིན་གྱི་འཁྲི་ཤིང་གིས་ཉེ་བར་བཏུད་ནས་ལམ་མེ་སྣང་བར་བྱེད་དོ། །ལྗོན་ཤིང་གཞན་ཁ་ཅིག་ནི་གསེར་དང་དངུལ་གྱི་རང་བཞིན་དུ་གྱུར་པ་རྣམས་སོ། །ལྗོན་ཤིང་གཞན་ཁ་ཅིག་ནི་མེ་ ཏོག་ཕུན་སུམ་ཚོགས་པ་རྣམས་ཀྱི་ཁ་དོག་སྣ་ཚོགས་པའི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པའོ། །ལྗོན་ཤིང་གཞན་ཁ་ཅིག་ནི་མན་དཱ་ར་བའི་རང་བཞིན་ནོ། །གཞན་དག་རྣམས་ཁ་ཅིག་ལ་ནི་པད་མ་ཀུ་ཤེ་ཤ་ཡའི་འདབ་མ་ཀུན་ཏུ་སྣང་བར་གྱུར་ཏོ། །ལྗོན་ཤིང་གཞན་དག་ རྣམས་ཁ་ཅིག་ལ་ནི་དྲིལ་བུ་གཡེར་ཀའི་དྲ་བས་ཀུན་ནས་སྦྲེལ་བ་རྣམས་ཀྱི་སྒྲ་འཁྲོལ་བར་གྱུར་པ་གསེར་དང་དངུལ་གྱི་རང་བཞིན་གྱི་འཁྲི་ཤིང་གིས་ཉེ་བར་ཕུབ་པར་གྱུར་པའོ། །ལྗོན་ཤིང་གཞན་དག་རྣམས་ཁ་ཅིག་ལ་ནི་ཤེལ་གྱི་རང་བཞིན་དང་གསེར་དམར་པོའི་རང་བཞིན་གྱི་འཁྲི་ཤིང་གིས་ 71-1-86b ཕུབ་པར་གྱུར་པའོ། །ལྗོན་ཤིང་གཞན་དག་རྣམས་ཁ་ཅིག་ལ་ནི་པད་མ་རཱ་གའི་རང་བཞིན་དང་དངུལ་གྱི་རང་བཞིན་གྱི་འཁྲི་ཤིང་དག་གིས་ཡོངས་སུ་བསྐོར་ནས་གནས་པའོ། །ལྗོན་ཤིང་གཞན་དག་རྣམས་ཁ་ཅིག་ལ་ཡང་དྲིལ་བུ་གཡེར་ཀའི་དྲ་བ་བརྒྱངས་པའི་སྒྲ་འཁྲོལ་བའོ། ། ལྗོན་ཤིང་གཞན་དག་རྣམས་ཁ་ཅིག་ལ་ནི་ཤིང་ཐོག་རྣམས་སྨིན་པར་འགྱུར་བ་ལ་འདི་ལྟ་སྟེ། ཁུ་བའི་འབྲས་བུ་རྣམས་ལས་ནི་འབྲས་བུ་དེ་དག་རྣམས་ལས་རྣམ་པ་དེ་ལྟ་བུའི་ཁུ་བ་དག་རབ་ཏུ་འབབ་པར་འགྱུར་བ་གང་ཡིན་པའི་ཁྱད་པར་གྱིས་ལྷ་རྫས་ཀྱི་མྱོས་བྱེད་དེ་དག་རྣམས་ཀྱི་རོ་ཡང་ ཅུང་ཟད་ཀྱང་མ་ཡིན་ནོ། །ལྗོན་ཤིང་གཞན་དག་འགའ་ཞིག་ནི་མེ་ཏོག་གི་ཤིང་ཡིན་ཏེ། གང་དག་གི་དྲི་རྣམས་ཇི་སྲིད་དུ་དཔག་ཚད་བརྒྱར་ཡང་རླུང་གིས་རབ་ཏུ་འདེབས་པར་བྱེད་དོ། །ལྗོན་ཤིང་གཞན་དག་རྣམས་ཁ་ཅིག་ནི་སྒྲའི་ཤིང་ཡིན་ཏེ། གང་དག་རླུང་འཇམ་ པོས་རབ་ཏུ་བསྐྱོད་པར་གྱུར་པ་རྣམས་རྣམ་པ་དེ་ལྟ་བུའི་འདབ་མ་ཀུན་ཏུ་བསྐྱོད་པ་ལས་སྐྱེས་པའི་མཆོག་ཏུ་སྙན་པར་གྱུར་པ་གླུ་མཁན་གྱི་ལས་ཆེས་ལྷག་པར་གྱུར་པའི་སྒྲར་འགྱུར་རོ། །ལྗོན་ཤིང་གཞན་འགའ་ཞིག་ནི་གཅིག་ཏུ་ལྟ་བ་མངོན་པར་དགའ་བ་ཡིན་ནོ། །གང་དག་རྣམ་པ་དེ་ ལྟ་བུའི་གཟུགས་དག་ཡིན་ཏེ། གང་དག་གི་ཁྱད་པར་གྱིས་ཁ་དོག་སྣ་ཚོགས་པ་རྣམས་ཀྱིས་རྣམ་པར་བཀྲ་བའི་ནགས་ཀྱི་རྒྱལ་པོ་དག་གིས་ཀྱང་བཅུ་དྲུག་ཁོ་ནའི་ཆ་འབའ་ཞིག་ཏུ་ཆོག་པ་ཡང་མ་ཡིན་ནོ། །བདུག་པའི་ཤིང་ལྗོན་པ་གཞན་ཁ་ཅིག་ནི་རྣམ་པ་སྣ་ཚོགས་པའི་བདུག་པའི་ དྲི་རྣམས་གང་དག་གིས་འཐུལ་བར་བྱེད་པ་སྟེ། མཆོག་ཏུ་དྲི་ཞིམ་པར་གྱུར་པའི་དྲི་གང་གིས་བསྣམས་པ་ན་ལྷ་རྣམས་ཀྱང་དགའ་བར་བྱེད་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་ཤིང་ལྗོན་པ་ཡོན་ཏན་མཚུངས་པ་མེད་པ་གཞན་དག་རྣམས་ཀྱིས་ཀྱང་པད་མའི་རྫིང་བུ་མཐོང་ན་ཀུན་དགའ་བ་ཞེས་བྱ་ བ་ཡོངས་སུ་ཁྱབ་པར་གྱུར་པ་ཡིན་ནོ། །དེ་ནས་ལྷ་དེ་དག་རྣམས་ཀྱིས་རྣམ་པ་དེ་སྲིད་མངོན་པར་མཐོང་བར་གྱུར་ཏེ། ངོ་མཚར་བ་རྣམས་མཐོང་ཞིང་མཚུངས་པ་མེད་པར་ཉེ་བར་ལོངས་སྤྱོད་པར་བྱ་བ་རྣམས་མངོན་དུ་ལེགས་པར་མཐོང་ནས། རཱ་ཛ་ནི་ན་རྒྱུ་བའི་ལྷ་དེ་དག་རྣམས་ཁ་ཅིག་ནི་ 71-1-87a འབྲས་བུ་རྣམས་ཟ་བ་ཡིན་ནོ། །ཁ་ཅིག་ནི་འབྲས་བུའི་ཁུ་བ་རྣམས་འཐུང་ངོ ། །ཁ་ཅིག་ནི་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ནས་མེ་ཏོག་གི་རྩེད་མོ་བྱེད་དོ། །ཁ་ཅིག་ནི་ནགས་ཀྱི་ནང་གི་ས་དག་ལ་ཉེ་བར་གནས་ནས་རྣམ་པ་སྣ་ཚོགས་པའི་མྱོས་བྱེད་རྣམས་ འཐུང་ཞིང་གླུ་ཡང་ལེན་པར་བྱེད་དོ། །ཁ་ཅིག་ནི་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ནས་གླུ་དབྱངས་དག་ལེན་པར་བྱེད་དོ། །ཁ་ཅིག་ནི་གར་བྱེད་དོ། །ཁ་ཅིག་ནི་པད་མའི་རྫིང་བུ་ལ་འབོག་པར་བྱེད་དོ། །ཁ་ཅིག་ནི་བདུད་རྩི་མིད་པར་བྱེད་དོ། །ཁ་ཅིག་ནི་ལྷན་ཅིག་ སྤྱོད་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ནམ་མཁའི་དཀྱིལ་དུ་འཕགས་སོ། །གཞན་དག་ཁ་ཅིག་ནི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ཁང་བུར་ཞུགས་ནས་ལྷའི་བུ་མོའི་ཚོགས་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ནས་རྣམ་པ་སྣ་ཚོགས་པའི་འདོད་པའི་ལོངས་སྤྱོད་ལ་རྗེས་སུ་སྤྱོད་ པར་བྱེད་དོ། །དེ་ལྟར་ལྷ་དེ་དག་རྣམས་པད་མའི་རྫིང་བུ་དེ་ན་དགའ་བར་བྱེད་དོ། །འདོད་པའི་ཡོན་ཏན་ལྔ་དང་ཡང་དག་པར་ལྡན་པས་དགའ་བར་བྱེད་པ་དང་རྩེ་བར་བྱེད་ཀྱང་ཡུལ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པས་ངོམས་པར་ཡང་མི་འགྱུར་རོ། །སྲེད་པ་དང་ལྡན་པ་རྣམས་ནི་ ངོམས་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་མར་གྱིས་ལེགས་པར་བཏབ་པར་གྱུར་པའི་ཤིང་རྣམས་ཀྱིས་མེ་ལ་ངོམས་པའི་མཐར་ཐུག་པ་མེད་དོ། །དེ་བཞིན་དུ་སྲེད་པ་དང་ལྡན་པའི་མི་རྣམས་ཀྱང་ཡུལ་རྣམས་ཀྱིས་ཡིན་ནོ། །དེ་ནས་རྫིང་བུ་དེའི་པད་མའི་ངོས་ཀྱི་དབུས་ ཀྱི་པད་མའི་ནགས་མཆོག་ཏུ་དགའ་བ་དང་མཆོག་ཏུ་བདེ་བ་དང་མཆོག་ཏུ་རྒྱ་ཆེ་བར་གྱུར་པ་སྣ་ཚོགས་པའི་བྱའི་ཚོགས་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ་ན། རང་གི་སྨོན་ལམ་གྱིས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དུས་བཟངས་ཞེས་བྱ་བའི་ངང་པའི་རྒྱལ་པོ་ངང་པ་བརྒྱ་སྟོང་གིས་ ཡོངས་སུ་བསྐོར་བར་གྱུར་པ་ནི། ཇི་ལྟར་འཛམ་བུའི་གླིང་གི་གཟའ་དང་སྐར་མ་རྣམས་ཀྱིས་ཟླ་བ་ལ་བཞིན་ནོ། །དེ་བཞིན་དུ་དེ་ཡང་ཉེ་འཁོར་རྣམས་ཀུན་ཏུ་སྣང་བར་བྱེད་དོ། །པད་མའི་ཚལ་རྣམས་ཀྱང་བུང་བའི་ཚོགས་རྣམས་ཀྱིས་ཀུན་ནས་ཉེ་བར་མཛེས་པར་གྱུར་པའོ། །ཉེ་འཁོར་ 71-1-87b ཀུན་ནས་ཡོངས་སུ་བསྐོར་བའི་ལྷ་དེ་དག་རྣམས་ལེགས་པར་མངོན་པར་མཐོང་ནས་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། འགྲོ་བ་དང་ནི་གནས་ཉིད་དང ། །རྩེ་བ་དང་ནི་རྒོད་པ་ཡང ། །བཟོད་པར་མི་ནུས་ཤུགས་པོ་ཆེ། །མི་ བཟད་པ་ཡི་འཆི་བདག་འབྱུང ། །གང་ལ་འདི་ཡིས་མི་སྒྲུབ་པའི། །འདི་དང་ཕྱི་མར་གནས་དེ་མེད། །དེ་ལྟ་ན་ཡང་ཀུན་རྨོངས་པས། །འགྲོ་བ་འདི་དག་གིས་མི་རྟོགས། །དབུལ་པོ་དང་ནི་དབུལ་མིན་དང ། །གཞོན་པ་དང་ནི་གནས་བརྟན་དང ། །ཁྱིམ་པ་ དང་ནི་ཁྱིམ་པ་མིན། །གང་ཡང་འདི་ཡིས་མི་འཇོམས་མེད། །སྐྱིད་དེན་པ་དང་སྡུག་ཕོངས་དང ། །ཡོན་ཏན་ཅན་དང་དེ་ལས་གཞན། །སྤོང་ལ་གནས་དང་སྤོང་གནས་མིན། །གང་ཡང་འདི་ཡིས་མི་འཁྲིད་མེད། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་ལྡན། ། ཤེས་རབ་ཅན་དང་རྨོངས་པ་དང ། །རྒྱལ་པོ་དང་ནི་དེ་ལས་གཞན། །གང་དག་འདིས་ནི་མི་འཁྲིད་མེད། །ལྷ་རྣམས་དང་ནི་དམྱལ་བའམ། །ཡི་དགས་དུད་འགྲོ་སྐྱེས་དེ་བཞིན། །བག་མེད་པ་དང་བག་ཡོད་དང ། །གང་དག་འདི་ཡིས་མི་འཁྲིད་མེད། །འདོད་ པའི་ཁམས་སུ་སྐྱེས་པའམ། །གཟུགས་ཀྱི་ཁམས་ཀྱང་དེ་བཞིན་དེ། །གཟུགས་མེད་པར་ཡང་སྐྱེས་པའམ། །གང་དག་འདི་ཡིས་མི་འཁྱེར་མེད། །ལས་ཀྱི་ཞགས་པས་རྒ་བའི་ཆད། །ནད་ཀྱི་ལུས་སོ་སྟོབས་པོ་ཆེ། །སྲིན་པོ་ལྟ་བུའི་འཆི་བདག་འདིས། ། སེམས་ཅན་བླངས་ནས་འགྲོ་བ་ཡིན། །དེ་ལྟར་འཇིགས་སུ་རུང་བ་ཡི། །འཆི་བདག་མཆོག་ཏུ་མི་བཟད་པ། །འདོད་པས་རྣམ་པར་རྨོངས་པའི་ལྷ། །ངུ་བར་འོས་ལ་དགའ་བར་བྱེད། །ཇི་ལྟ་ཇི་ལྟར་བསྟེན་བྱས་པ། །འདོད་པ་སྡུག་བསྔལ་རྒྱུ་རྣམས་ནི། །དེ་ ལྟ་དེ་ལྟར་རྣམ་འཕེལ་བ། །མར་བླུགས་པ་ཡི་མེ་ཇི་བཞིན། །མི་དགེ་དེ་དག་སླུ་བྱེད་ཡིན། །བྱས་པ་ཆུད་གཟོན་སྡུག་བསྔལ་རྒྱུ། །དང་པོར་མངར་བར་འདོད་པ་ནི། །ཡོངས་སུ་སྨིན་ནས་མི་བཟད་པ། །འདོད་པས་དང་པོར་བདེ་ལེགས་དང ། །བར་དང་ཐ་མར་ 71-1-88a བྱེད་པའང་མིན། །ཞི་ཡིད་རྗེས་སུ་ཐོབ་པར་མིན། །ཉམས་དང་ཞི་བའི་རྒྱུ་རྣམས་ནི། །དབང་པོ་དང་ནི་དབང་དོན་ལ། །རྨོངས་ནས་རྣམ་པ་ཐ་དད་པར། །བྱིས་པའི་ཡིད་འཕྲོག་འདོད་པ་འདིས། །དམྱལ་བར་འགྲོ་བར་བྱེད་པ་ཡིན། །གང་དང་ ལྷན་ཅིག་བྱིས་པ་དགའ། །དེ་ཉིད་འདི་ནི་མི་བཟད་མཆོག་།དགྲ་བོ་གྲོགས་པོའི་གཟུགས་ཀྱིས་ནི། །ཁྱད་པར་གྱིས་ནི་རབ་ཏུ་རྒྱུ། །དེ་ལྟར་དུས་བཟངས་དེས་བག་མེད་པ་བག་མེད་པར་སྤྱོད་པ་རྣམས་མངོན་པར་མཐོང་ནས་ཚིགས་སུ་བཅད་པ་བརྗོད་དོ། །དེ་ནས་ ལྷ་དེ་དག་འདོད་པ་དེ་དག་གིས་རྣམ་པར་རྨོངས་པའི་ཕྱིར་ཕན་པར་འགྱུར་བ་གང་ཡིན་པ་དེ་བརྗོད་པ་ན་ཀུན་ཏུ་མི་རྟོགས་སོ། །དེ་ནས་སླར་ཉིད་ཀྱང་པད་མའི་རྫིང་བུ་དེ་ཉིད་ཀྱི་འགྲམ་དུ། རཱ་ཛ་ནི་ན་རྒྱུ་བའི་ལྷ་དེ་དག་རྣམས་ནགས་དང་ཉེ་བའི་ནགས་རྣམས་དང ། པད་མའི་རྫིང་བུ་དག་དང་འཁྲི་ཤིང་འཕྱར་བར་ལེགས་པར་ཀུན་ཏུ་གཡོགས་པའི་མཆོག་ཏུ་དྲི་ཞིམ་པའི་འཁྲི་ཤིང་གི་ཁང་པ་རྣམས་ལ་བུང་བ་བརྒྱ་སྟོང་དུ་མ་སྐད་སྙན་པ་རྣམས་འདོན་པས་རྣ་བར་སྙན་པ་རྣམས་ལ། ལྷ་དེ་དག་རྣམས་ལྷའི་བུ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དགའ་བར་བྱེད་ ཅིང་རྩེ་བར་བྱེད་དེ། །རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ཤིན་ཏུ་སྙན་པ་དང་བརྒྱུད་མར་དམའ་ཞིང་སྙན་པ་དང ། མཐོན་པོར་འཇམ་ཞིང་སྙན་པའི་སྒྲ་དང་ཡང་དག་པར་ལྡན་པར་དཔེ་མེད་པ་རྣམས་ཀྱིས་དགའ་བར་བྱེད་དོ། །གཞན་དག་ནི་ཁང་བུའི་སྟེང་ན་ཀུན་ཏུ་གནས་ཏེ་མཆོག་ཏུ་ དགའ་བའི་པད་མའི་རྫིང་བུ་དེ་ཉིད་ལ་ཀུན་ཏུ་ལྟ་བར་བྱེད་དོ། །རཱ་ཛ་ནི་ན་རྒྱུ་བའི་ལྷ་དེ་དག་རང་གི་ལས་ལ་སྤྱོད་པས་རྗེས་སུ་འབྲང་བ་རྣམས་དང་བཅས་པས་ཉེ་འཁོར་ཀུན་ཏུ་ལྟ་བར་བྱེད་དོ། །དེ་ནས་ཀུན་ཏུ་ལྟ་བར་བྱེད་པ་དེ་དག་རྣམས་ལ་གཞན་ཡང་དུས་བཟངས་དེ་འདི་སྙམ་དུ་སེམས་ ཏེ། ལྷ་དེ་དག་རྣམས་ཀྱི་ཡིད་ལ་ཅི་ཞིག་ཡོད་པར་གྱུར་ན། ངེས་པར་ཉམས་སུ་མྱོང་བར་འགྱུར་བའི་སྡུག་བསྔལ་འབྱུང་བར་འགྱུར་བ་རྣམས་གང་ཡིན་པ་གང་དག་གིས་གོ་བར་མི་འགྱུར་བ། ལྷ་རྣམས་འཆི་བའི་དུས་ན་འཇིགས་པ་ནི་ལྔ་ཡོད་དེ། ལྔ་པོ་རྣམས་གང་ཞེ་ན། 71-1-88b འདོད་པ་སྡུག་པ་འཐུན་པ་ཡིད་དུ་འོང་བའི་བུད་མེད་རྣམས་ཐམས་ཅད་དང ། ལྷའི་རིགས་ཀྱི་སྐལ་བ་འཐུན་པ་དེ་ཉིད་དུ་སླར་ཡང་ཀུན་ཏུ་མི་ཕྲད་པ་སྟེ། དེ་ལ་འདི་ནི་རྣམ་པར་འབྲལ་བས་བྱས་པའི་སྡུག་བསྔལ་ཆེན་པོ་དང་པོ་ཡིན་ནོ། །གཞན་ཡང་ལྷ་རྣམས་འཆི་འཕོ་བར་གྱུར་ པའི་དུས་ན་སྡུག་བསྔལ་གཉིས་པ་འདི་ལྟ་སྟེ། འདོད་པ་སྡུག་པ་ཡིད་དུ་འོང་བའི་ལྷ་རྫས་ཀྱི་ཡུལ་རྣམས་དང་ཕྱི་ནས་ཡང་མི་ཕྲད་པ་ཞེས་བྱ་བ་འདི་ནི་ལྷ་རྣམས་འཆི་འཕོ་བའི་དུས་ན་སྡུག་བསྔལ་ཆེན་པོ་གཉིས་པ་ཡིན་ནོ། །གཞན་ཡང་ལྷ་རྣམས་ལ་སྡུག་བསྔལ་གསུམ་པ་ ཡོད་དེ། ལྷ་གཞན་གང་དག་དང་རྩེ་བར་བྱེད་པ་ན་དེ་དག་གིས་འདིའི་མངོན་སུམ་དུ་གྱུར་པ་གང་གི་ཚེ། སྣུམ་ཟད་པའི་མར་མེ་འཆི་བ་བཞིན་དུ་མཐོང་བར་འགྱུར་རོ། །དེའི་ཚེ་དེ་ལ་སྡུག་བསྔལ་གང་དག་སྐྱེ་བར་འགྱུར་བ་དེ་དག་འདི་ལྟར་འབྱུང་བ་ཡིན་ཏེ། ངེས་པའི་ལས་ ཀྱི་རླུང་གིས་བདག་ངེས་པར་བརླག་པར་འགྱུར་བ་ཡིན་ནོ་ཞེས་དེ་ལ་རྣམ་པར་འབྲལ་བར་བྱས་པའི་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་དམྱལ་བའི་སྡུག་བསྔལ་གྱིས་ཀྱང་ཆར་མི་བཟོད་དོ། །གཞན་ཡང་ལྷ་རྣམས་ཀྱི་སྡུག་བསྔལ་བཞི་པ་ཡོད་དེ། གང་གི་ཚེ་འཆི་འཕོ་བར་གྱུར་པ་ དང་ཉེ་བར་གྱུར་པ་ན། འགྲོ་བ་གང་ནས་སྐྱེ་བར་འགྱུར་བ་དང ། གང་ལ་འདི་སྐྱེ་བ་འབྱུང་བར་འགྱུར་བ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ཀྱི་འགྲོ་བ་དེ་དེས་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་པ་ན། དེའི་ཚེ་འདི་འགྱོད་པར་གྱུར་པས་བྱས་པའི་མེར་འོས་པ་རྣམ་པ་དུ་མའི་ སྡུག་བསྔལ་འབྱུང་བར་འགྱུར་རོ། །གཞན་ཡང་ལྷ་རྣམས་ལ་སྡུག་བསྔལ་ཆེན་པོ་ལྔ་པ་ཡོད་དེ། གང་དག་དགེ་བའི་བཤེས་གཉེན་དུ་གྱུར་པ་རྣམས་ཀྱིས་ཆོས་བསྟན་པར་གྱུར་པ་ན་དེ་ཡང་ཉན་པར་མི་བྱེད་པ་དང ། དམ་པའི་ཆོས་རྗེས་སུ་སྒྲུབ་པར་མི་བྱེད་པར་བག་མེད་པས་ བག་མེད་པར་རྒྱུ་བ་ཡུལ་གྱིས་ཀུན་ནས་ཕྲོགས་པར་གྱུར་པའི་སེམས་ཀྱིས་ཏེ། འཆི་འཕོ་བར་འགྱུར་བའི་དུས་དེའི་ཚེ་དེ་ཡང་རྗེས་སུ་དྲན་ནས། ཧཱ་མི་བཟད་པའི་སྡུག་བསྔལ་ངས་ཅི་ཞིག་བྱས་ན། ཆོས་གང་ཡིན་པ་ནི་མ་མཉན་ནོ། །ཚུལ་ཁྲིམས་ལ་ཡང་རྗེས་སུ་མ་བསྒྲུབས་ 71-1-89a པས་ཤེས་རབ་ཀྱང་གོམས་པར་མ་བྱས་པ་དེའི་སེམས་དང་པོ་ཁོ་ནར་རྣམ་པར་འགྱོད་པར་འགྱུར་བའི་མེས་སྲེག་པར་བྱེད་དོ། །རང་ལས་ཀྱི་ཞགས་པ་དེས་དབང་མེད་པར་ངེས་པར་བཅིངས་ནས་བག་མེད་པའི་དགྲས་བསླུས་པ་ཡིན་ཏེ། ལྷ་རྣམས་ལ་ སྡུག་བསྔལ་ཆེན་པོ་ལྔ་པོ་འདི་རྣམས་ཡོད་དོ། །སྡུག་བསྔལ་དེ་དག་རྣམས་ལྷ་རྣམས་ཀྱིས་མི་ཤེས་ཏེ། བག་མེད་པའི་དགྲ་རྣམས་ཀྱིས་ཅོ་དྲིས་པའི་ཕྱིར་དང ། བསླུས་པའི་ཕྱིར་དང་རྣམ་པར་ཉམས་པར་བྱས་པའི་ཕྱིར་རོ། །དེ་ནས་དེ་ལྟར་རིག་ནས་ངང་པ་རྣམས་ ཀྱི་མངའ་བདག་དེ་གཅིག་ཏུ་ངེས་པའི་བློ་དང་ལྷན་ཅིག་ཏུ་ངེས་པར་བློ་བཞག་པར་གྱུར་ནས་ཐབས་རྣམས་གང་ཡིན་པ་དཔྱོད་པར་བྱེད་དེ། གང་གིས་འདི་དག་ལེགས་པར་བྱེད་པར་འགྱུར་བའི་ཐབས་གང་དག་གིས་ལྷ་འདི་དག་རྣམས་ལ་བདག་གིས་ཆོས་བསྟན་པར་བྱ། དེ་ ནས་དེ་ལྟར་དུས་རིང་བ་ན་རྟོགས་ནས་ངང་པ་རྣམས་ཀྱི་བདག་པོ་དེ་གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པས། སེམས་ཅན་དེ་དག་རྣམས་ལ་ཕན་པར་བྱ་བའི་དོན་དུ་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་ལྡན། །སེམས་ཅན་ཐམས་ཅད་ལ་རྗེས་ བརྩེ། །ཀུན་ཏུ་བསམས་པ་ཐམས་ཅད་འགྲུབ། །དེ་ཕྱིར་ཚུལ་ཁྲིམས་མཆོག་ཡིན་ནོ། །བྱམས་དང་སྙིང་རྗེ་དང་ལྡན་ཞིང ། །འདོད་པ་ཟད་པའི་ལུས་ཅན་རྣམས། །གཞན་དག་རྗེས་སུ་འཛིན་ལྡན་པའི། །ལུས་འགྲུབ་པ་ནི་རྟག་ཏུ་གནས། །ཆོག་ཤེས་པ་དང་ བག་ཡོད་པའི། །སེམས་ཅན་ཀུན་ལ་ཕན་པར་འདོད། །འདོད་ཆགས་ཞེ་སྡང་ལས་རྣམས་གྲོལ། །ལུས་འགྲུབ་པ་ནི་རྟག་ཏུ་གནས། །གྲོགས་དང་དགྲ་དང་བྲལ་བ་དང ། །ལུས་ཅན་རྣམས་ལ་སྙོམས་པའི་སེམས། །ངན་སོང་འགྲོ་བས་འཇིགས་པ་ཡི། ། ལུས་འགྲུབ་པ་ནི་རྟག་ཏུ་གནས། །བསླུ་བ་མེད་དང་བརྟན་པ་དང ། །ཆོས་སྦྱིན་པ་ལ་དགའ་བ་དང ། །སེར་སྣ་ཕྲག་དོག་རྣམ་གྲོལ་བའི། །ལུས་འགྲུབ་པ་ནི་རྟག་ཏུ་གནས། །སྡོམ་ལ་གནས་དང་ཞི་བ་དང ། །བླ་མ་མཆོད་ལ་དགའ་བ་དང ། །དོན་དང་དོན་མིན་ 71-1-89b ཐབས་བླག་ཤེས། །དོན་གྲུབ་པ་ནི་རྟག་ཏུ་གནས། །གཡོ་མེད་ཤིན་ཏུ་མཁས་པ་དང ། །རྟག་པར་ཡང་ནི་སྙན་པའི་ངག་།མགོན་མེད་རྣམས་ལ་སྡོམ་བརྩོན་ལྡན། །དོན་གྲུབ་པ་ནི་རྟག་ཏུ་གནས། །ཡུལ་དུས་རྣམ་པར་ཤེས་པ་ཡི། །བསྒྲུབ་དང་སྒྲུབ་ མིན་རྣམ་པར་ཤེས། །སྡིག་པའི་སྦྱང་ཐབས་ཤེས་ནུས་པའི། །ལུས་འགྲུབ་པ་ནི་རྟག་ཏུ་གནས། །དེ་ལྟར་ངང་པ་རྣམས་ཀྱི་མངའ་བདག་དེས་རིག་པར་གྱུར་ནས། ཇི་ལྟར་འདི་དག་རྣམས་ཆོས་བྱེད་དུ་འགྱུར་བ་དང ། ཆོས་སྟོན་པར་འགྱུར་བར་ཡང་བྱེད་དེ། གཞན་ དག་རྗེས་སུ་འཛིན་པར་བྱེད་པ་ལ་སྦྱོར་བ་གང་ཡིན་པ་དེ་དག་རྣམས་ནི། ཀུན་ཏུ་བསམས་པ་རྣམས་ཐམས་ཅད་འགྲུབ་པར་དེས་རིག་པའི་ཕྱིར་རོ། །དེ་ནས་ལྷ་དེ་དག་རྣམས་བག་མེད་པ་བག་མེད་པར་རྒྱུ་བས་རྣམ་པར་རྒྱུ་བར་བྱེད་པ་ཡིན་ན། དེ་ལ་གང་གིས་འདི་དག་རྣམས་ ཀྱི་བག་མེད་པ་དང་འབྲལ་བར་འགྱུར་བར་ཇི་ལྟར་བདག་གིས་དེ་དག་རྣམས་ལ་ཆོས་བསྟན་པར་བྱ། དེ་ནས་ཡེ་ཤེས་སྟོབས་པོ་ཆེས་ལེགས་པར་སྤྱད་པ་རྣམས་རིག་ཅིང་སྐྱེ་བ་གཞན་དྲན་པ་དང་དྲན་པར་གྱུར་ན། ཇི་ལྟར་སྔོན་བདག་མིར་གྱུར་ནས་འཛམ་བུའི་གླིང་དུ་སྐྱེས་པ་ན། བཅོམ་ལྡན་འདས་གསེར་ཐུབ་ཀྱི་སྤྱན་སྔར་ཆོས་ཐོས་པར་གྱུར་པ་དེའི་དུས་ནི་ཆུང་ངུ་ན་ཡང་ངེས་པར་འདི་ཡིན་ལ། བཅོམ་ལྡན་འདས་དེས་ནི་དུས་འདི་དག་མཁྱེན་ནས་བདག་ལ་ཆོས་བསྟན་པ་ཡིན་ཏེ། ཇི་ལྟར་ཚོང་དཔོན་གཙོ་བོའི་བུ་ཨུད་པ་ལ་སྦྱིན་ཞེས་བྱ་བ་འདི་ཤི་བར་གྱུར་ནས། འཐབ་བྲལ་བའི་ལྷ་རྣམས་ཀྱིས་རཱ་ཛ་ནི་ན་རྒྱུ་བར་ངང་པར་སྐྱེ་བ་གཞན་ལ་སྐྱེ་བར་འགྱུར་རོ། །དེས་བདག་གི་ཆོས་འདི་དག་རྣམས་བག་མེད་པས་བག་མེད་པར་རྣམ་པར་རྒྱུ་བར་བྱེད་པའི་ལྷ་དེ་དག་རྣམས་ལ་སྟོན་པར་བྱེད་དོ་ཞེས་བྱ་བ་ཆོས་དེའི་དུས་དེ་ནི་དེ་རིང་འདིར་བྱུང་བ་ཡིན་པས། ཅི་ནས་ཀྱང་བདག་གིས་ཆོས་དེ་དག་བསྟན་པར་བྱ་བ་ཡིན་ནོ། །ངང་པ་རྣམས་ཀྱི་མངའ་བདག་དེས་དེ་ལྟར་རིག་ནས། གཞན་ལ་ཕན་པ་ལ་རབ་ཏུ་ཞུགས་པ་སྙིང་རྗེ་དང་ལྡན་པར་གྱུར་ཅིང ། བྱམས་པ་དང་སྙིང་རྗེ་མང་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ 71-1-90a ལ་བྱས་ནས། གང་ན་རྔ་སྐད་ཡན་ལག་ལྔ་དང་ལྡན་པས་ལྷ་དེ་དག་རྣམས་རྩེ་བར་བྱེད་པ་དེར་ཉེ་བར་འགྲོའོ། །ངང་པའི་ཚོགས་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཉེ་བར་ཕྱིན་པར་གྱུར་ནས་མཐོང་བ་ནི། ལྷ་དེ་དག་རྣམས་ཁ་ཅིག་ནི་ནགས་ཚལ་གྱི་ གསེབ་ལ་རྩེ་བར་བྱེད་དོ། །ཁ་ཅིག་ནི་པད་མའི་རྫིང་བུ་རྣམས་ལའོ། །ཁ་ཅིག་ནི་འཁྲི་ཤིང་གི་ཁང་པ་རྣམས་སུའོ། །ཁ་ཅིག་ནི་ནམ་མཁའི་དཀྱིལ་ན་ཁང་བུ་ལ་ལེགས་པར་ཀུན་ཏུ་གནས་ནས་རྩེ་བར་བྱེད་དོ། །ཁ་ཅིག་ནི་ལྷན་ཅིག་སྤྱོད་པ་རྣམས་དང་བཅས་ནས་བདུད་རྩི་ཟ་བར་བྱེད་ དོ། །དེ་ནས་དུས་བཟངས་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བག་མེད་པས་བག་མེད་པར་རྒྱུ་བ་འདི་དག་རྣམས་ཉིད་ལ་ཆོས་བསྟན་པའི་དབང་དུ་བྱས་པའི་དུས་ནི་འདི་ཡིན་ཏེ། གང་ཐ་མར་གྱུར་ཡང་བདག་གིས་རྣམ་པ་ཇི་ལྟ་བུའི་དབྱངས་སྙན་པའི་དབྱངས་རྣམས་ཀྱིས་ཆོས་ཀྱི་ཚིགས་སུ་ བཅད་པའི་དབྱངས་ཀྱིས་འདི་དག་ལ་བསྙད་པར་བྱ་སྟེ། བདག་གིས་དབྱངས་ཀྱི་གདངས་ཤིན་ཏུ་སྙན་པ་གང་ཡིན་པས་ལྷ་དེ་དག་རྣམས་ཀྱི་དང་ལྷ་མོ་དེ་དག་རྣམས་ཀྱིསྙན་པ་དང་ལྡན་པའི་གླུ་དབྱངས་དེ་དག་ཐམས་ཅད་ཉེ་བར་བཅོམ་ནས། ངའི་དབྱངས་དེ་ལ་ཀུན་ཏུ་གནས་པ་ཁོ་ནས་ ལྷ་དེ་དག་རྣམས་དབྱངས་ཀྱིས་ཀུན་ཏུ་ཕྲོགས་པས་རྣ་བའི་རྣམ་པར་ཤེས་པ་གཏད་ནས་ཉན་པར་འགྱུར་རོ། །གཞན་དུ་ན་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་བག་མེད་པས་ཉན་པར་མི་འགྱུར་རོ། །དེ་ནས་དེ་དག་ལ་བློ་ཀུན་ནས་གནས་པར་བྱས་ནས། ངང་པའི་རྒྱལ་པོ་དེས་ཚངས་པའི་ དབྱངས་དེ་ཡིད་ལ་བྱས་ཤིང ། སངས་རྒྱས་ཀྱི་ཡོན་ཏན་དེ་དག་རྣམས་ཀྱང་རྗེས་སུ་དྲན་པར་བྱས་ཏེ། བྱམས་པ་དང་སྙིང་རྗེའི་བློ་མང་དུ་བསྐྱེད་པར་གྱུར་ནས། རིན་པོ་ཆེ་བདུན་གྱིས་རྣམ་པར་བརྒྱན་པའི་རིའི་རྩེ་མོ་ལ་མངོན་པར་གནས་ཏེ། ངང་པ་དེ་དག་རྣམས་ཉིད་དང་ལྷན་ཅིག་ ཏུ་དཔག་ཚད་བརྒྱ་སྟོང་ཕྲག་བཅུར་ཁྱབ་པར་གྱུར་པ་དང ། མཚུངས་པ་མེད་པའི་དབྱངས་སྙན་པ་རྣམས་ཀྱིས་ཚིགས་སུ་བཅད་པ་བཤད་པ། ཇི་ལྟར། གསོན་པ་རེ་བ་རྣམ་འཇིག་པའི། །འཆི་བ་ཇི་སྲིད་མ་བྱུང་བ། །ཕྱི་ནས་འགྱོད་པར་མི་འགྱུར་བར། །དེ་སྲིད་དུ་ནི་བསོད་ 71-1-90b ནམས་ཀྱིས། །རྟག་ཏུ་བག་མེད་སྟེན་པ་གང ། །འདི་ནི་འཆི་བདག་གོ་འཕང་ཡིན། །བག་ཡོད་པ་ནི་ངེས་བསྟེན་པས། །འཆི་བ་མེད་པའི་གོ་འཕང་མཆོག་།གང་དག་བག་མེད་པས་རྨོངས་པའི། །ལམ་འདི་ཤིས་པར་རབ་བརྗོད་མིན། །བག་ཡོད་པ་ལ་ མཉམ་རྟེན་ནས། །མཁས་པ་མྱ་ངན་འདས་པར་འགྲོ། །གནས་དེ་དག་ནི་ཆུད་གཟོན་པའི། །བག་མེད་པ་ལ་དགའ་མ་བྱེད། །ཞི་མིན་གོ་འཕང་བླངས་ནས་ནི། །དམྱལ་བར་རྗེས་སུ་རྒྱུག་ལ་རེ། །རབ་ཞིག་རབ་ཏུ་ཆུད་ཟོས་གང ། །ལུས་ཅན་རབ་ཏུ་ཆུད་འཛར་ འགྱུར། །དེ་དག་བག་མེད་སྐྱོན་ཡིན་པར། །དེ་བཞིན་གཤེགས་པ་གསུང་བར་མཛད། །དེ་ཕྱིར་ཐམས་ཅད་ཀྱིས་ཐམས་ཅད། །བརྩོན་པ་ཀུན་གྱིས་ཐམས་ཅད་ཀྱི། །བག་མེད་ཡོངས་སུ་སྤོང་བ་ཡི། །ལྷ་རྣམས་འདིར་ནི་ཞི་བར་བརྗོད། །དེ་ལྟར་ངང་པ་རྣམས་ཀྱི་ མངའ་བདག་དེ་རིའི་རྩེ་མོ་དེ་ལ་ལྷག་པར་གནས་ནས་རྣམ་པ་དེ་ལྟ་བུའི་དབྱངས་ཀྱིས་རྗོད་པར་བྱེད་དོ། །དེ་ལྟ་བུར་སྙན་པ་དང་དེ་ལྟ་བུར་གསལ་བ་དང་དེ་ལྟ་བུར་ཡིད་འཕྲོག་པའི་དབྱངས་གང་གི་ཁྱད་པར་གྱིས་ནི་ལྷ་དེ་རྣམས་ཀྱི་གླུའི་དབྱངས་དེ་དག་གིས་ཐམས་ཅད་དུ་སྐྱོ་བ་སྐྱེ་བར་འགྱུར་རོ། ། དེ་ནས་ལྷ་དེ་དག་རྣམས་ཐམས་ཅད་ཀྱང་སྒྲ་དེས་དྲངས་པར་གྱུར་ནས་གང་ན་རི་དེའི་རྩེ་མོ་ཡོད་པ་དེར་ཉེ་བར་འགྲོ་བར་བྱེད་དེ། མཆོག་ཏུ་སྙན་པ་ཤིན་ཏུ་རྒྱ་ཆེ་བར་གྱུར་པའི་རྣམ་པ་ཇི་ལྟ་བུའི་དབྱངས་དེ་ལྷ་རྣམས་ཀྱིས་ནམ་ཡང་སྔར་མ་ཐོས་པའི་བློ་ལྷ་དེ་དང་དེ་དག་རྣམས་ལ་སྐྱེ་སྟེ། ཇི་ལྟར་ གླུའི་སྒྲ་འདི་དག་རྣམས་འདོད་པར་གྱུར་པས་དེ་དག་ཀུན་ཏུ་དྲངས་པ་ཡིན་གྱི་ཆོས་ལ་གུས་པ་ནི་མ་ཡིན་ནོ། །དེ་ནས་རིའི་རྩེ་མོ་དེ་ལ་འཁོད་ནས་མཐོང་བར་གྱུར་པ་ངང་པའི་རྒྱལ་པོ་དུས་བཟངས་དེས་ཚིགས་སུ་བཅད་པ་རྗོད་པར་བྱེད་པ་ནི་ཇི་ལྟར་སྔར་བཞིན་ནོ། །དེ་ནས་ལྷ་དེ་དག་དང་ ལྷ་མོ་དེ་དག་རྣམས་ཐམས་ཅད་ཀྱང་སྙན་པ་དང་རྒྱ་ཆེ་བར་གྱུར་པ་མཆོག་གི་དབྱངས་དེས་བཀུག་པའི་ཕྱིར་ཐམས་ཅད་ཀྱིས་ཀྱང་དུས་བཟངས་དེ་ཡོངས་སུ་བསྐོར་ནས་གནས་ཏེ། རབ་ཏུ་དང་བ་རྩེ་གཅིག་པའི་ཡིད་ཀྱིས་དབྱངས་དེ་འབའ་ཞིག་ཉན་པར་བྱེད་དོ། །ཚིགས་སུ་བཅད་པ་ 71-1-91a འདི་དག་རྣམས་ལས་སྙན་པར་གྱུར་པའི་ཚིག་རྣམས་ཉེ་བར་འཛིན་པར་བྱེད་དོ། །དེ་ནས་ལྷ་དེ་དག་རྣམས་ཀྱི་ཡིད་རྩེ་གཅིག་ཏུ་གྱུར་པ་ངང་པའི་རྒྱལ་པོ་དེས་རིག་ནས། དེ་མིར་གྱུར་པ་ན་ཇི་ལྟར་གཙོ་བོར་གྱུར་པའི་བུའི་མིང་ཡང་ཨུད་པ་ལ་སྦྱིན་དུ་གྱུར་ཅིང ། གྱུར་པ་ན་བཅོམ་ལྡན་འདས་གསེར་ཐུབ་ཀྱི་སྤྱན་སྔར་ཐོས་པའི་ཆོས་དེ་གང་ཡིན་པ་འདི་ལས་བརྩམས་ནས་སྙན་ཞིང་མཆོག་ཏུ་རྒྱ་ཆེ་བར་གྱུར་པའི་དབྱངས་དེ་ཉིད་ཀྱིས་ཡིད་རྩེ་གཅིག་ཏུ་གྱུར་པ་རྣམས་ཉིད་ལ་རང་དང་འདྲ་བར་སྟོན་པར་བྱེད་པ་ཡིན་ཏེ། དེ་ལྟར་ལྷ་མོའི་ཚོགས་རྣམས་ ཀྱིས་ཡོངས་སུ་བསྐོར་བའི་ལྷ་དེ་དག་རྣམས་ལ། ཇི་ལྟར་བག་མེད་པས་བག་མེད་པར་རྣམ་པར་མི་རྒྱུ་བར་ལྷ་དག་གིས་གནས་པར་བྱ་བ་དང ། ཆོས་ཀྱང་བག་ཡོད་པས་ཉན་པར་བྱ་བ་དང ། སྐྱེས་བུ་དམ་པ་ཕན་པར་བྱེད་པ་རྣམས་ཀྱི་དྲུང་དུ་དམ་པའི་ཆོས་ཉན་པར་གྱུར་པ་ན། དམ་པའི་ཆོས་སྒྲོགས་པ་ལ་གུས་པ་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །དགའ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །ཟག་པ་རྣམས་ཟད་པར་འགྱུར་རོ། །འཇིག་རྟེན་གཉིས་པོ་འདི་དག་ཏུ་སྐྱེས་བུ་དམ་པས་ ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་རོ། །ཚུལ་བཞིན་དུ་གྱུར་པས་ཀྱང་འཛིན་པར་བྱེད་དོ། །ཟག་པ་དག་ཟད་པར་བྱེད་དོ། །དེ་ལ་གང་ཡང་དམ་པར་བྱས་ཏེ། ཆོས་སྟོན་པར་བྱེད་པ་དང ། གང་ཡང་དམ་པའི་ཆོས་ཏེ་ཉན་པར་བྱེད་པ་གང་གིས་དེ་ལ་དེ་དག་མ་དང་ ཕ་གཉིས་དང་མཚུངས་པར་འགྱུར་བ་ཡིན་ན། གང་དག་འཁོར་བ་ནས་ངེས་པར་འབྱུང་བར་འགྱུར་བར་ཆོས་སྟོན་པར་བྱེད་པས་ཏེ། མཐར་ཐུག་པ་དང་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་བའི་ཆོས་སྟོན་པ་པོ་དེ་ནི་ཆོས་ཉེ་བར་འཕེལ་བ་དེ་ཡིས་མ་དང་ཕ་དང་མཚུངས་པར་འགྱུར་ རོ། །དེ་ལ་དམ་པའི་ཆོས་སྟོན་པར་བྱེད་པ་ནི་ཆོས་སྟོན་པ་པོ་སྦྱིན་པ་པོ། ཆོས་ཀྱི་སྦྱིན་བདག་དུ་གྱུར་པ། ཉན་པ་པོ་རྣམས་ལ་ཆོས་སྒྲོགས་པས་ཉན་པར་བྱེད་དུ་འཇུག་པ་སྟེ་ཆོས་སྒྲོགས་པར་བྱེད་པ་པོ་ཡིན་ནོ། །དེ་ལ་ཆོས་བསྒྲགས་པ་ཉན་པ་རྣམས་ཀྱིས་ནི་རབ་ཏུ་བརྩོན་པ་དང་ 71-1-91b ལྡན་པ་དང ། སེམས་དྲང་པོའི་རང་བཞིན་དུ་གྱུར་པ་དང ། དམ་པའི་ཆོས་ལ་གུས་པ་དང་ལྡན་པས་ཆོས་སྒྲོགས་པ་རྣམས་ལས་ཆོས་ཉན་པར་འདོད་པ་ནི་ཡོན་ཏན་སུམ་ཅུ་ཐམ་པ་དང་ཡང་དག་པར་ལྡན་ནོ། །སུམ་ཅུ་ཐམ་པ་པོ་གང་དག་རྣམས་དང་ལྡན་ཞེ་ན། ཆོས་སྒྲོགས་ པ་པོ་ཆོས་སྨྲ་བ་པོ་གཅིག་ཏུ་ཆོས་ཀྱི་སྦྱིན་བདག་ཏུ་གྱུར་པ་མ་དང་ཕ་དང་མཚུངས་པ་འཁོར་བའི་རྒྱུ་མ་ཡིན་པའི་དྲུང་ནས་ནི། འདི་ལྟ་སྟེ། མ་ཐོས་པའི་ཆོས་རྣམས་ཐོས་པར་འགྱུར་བ་དང ། ཐོས་པ་རྣམས་སོ་སོར་རིག་པར་བྱེད་པ་དང ། སོ་སོར་རིག་པར་བྱས་པས་ཀྱང་རྣམ་ པར་དཔྱོད་པར་བྱེད་པ་དང ། རྣམ་པར་དཔྱད་ནས་ཀྱང་རབ་ཏུ་སྒྲུབ་པར་བྱེད་པ་དང ། རབ་ཏུ་ཞུགས་པར་གྱུར་ནས་བདག་ཉིད་རབ་ཏུ་གནས་པར་བྱེད་དོ། །རབ་ཏུ་གནས་པར་གྱུར་ནས་གཞན་དག་རྣམས་ཀྱང་རབ་ཏུ་འགོད་པར་བྱེད་དོ། །དེ་དང་ལྷན་ཅིག་ཏུ་ཆོས་ཉན་པར་གྱུར་པ་ལས་ རྣམ་པར་དཔྱོད་པར་བྱེད་དོ། །རྒུད་པར་གྱུར་པས་ཀྱང་ཀུན་ནས་རབ་ཏུ་གཡོ་བར་མི་འགྱུར་རོ། །དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ལ་སྐྱེད་པར་བྱེད་པ་དང་གོང་དུ་རྣམ་པར་སྨིན་པར་བྱེད་དོ། །ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱེད་དོ། །ལོག་པར་ལྟ་བ་ཅན་རྣམས་ཡང་དག་པའི་ ལྟ་བ་ཅན་དུ་བྱེད་དོ། །སྐྱེས་པར་གྱུར་པའི་མི་དགེ་བའི་རྣམ་པར་རྟོག་པ་རྣམས་སོ་སོར་འཇོམས་པར་བྱེད་དོ། །དགེ་བའི་སེམས་ཀུན་ཏུ་སྐྱེས་པ་རྣམས་ལེགས་པར་འཕེལ་བར་བྱེད་དོ། །རྐྱེན་ཀྱིས་བྱུང་བའི་མི་དགེ་བ་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །བག་དང་ལྡན་པར་ འགྱུར་རོ། །སྐྱེས་བུ་དམ་པ་རྣམས་ལ་རྗེས་སུ་སྟེན་པར་བྱེད་དོ། །གཡོ་དང་སེར་སྣ་རྣམས་དང་བྲལ་བར་བྱེད་དོ། །མ་དང་ཕ་ལ་གུས་པ་དང་ལྡན་པར་འགྱུར་རོ། །ལས་དང་འབྲས་བུ་རྣམས་ཀུན་ཏུ་ཤེས་སོ། །འདིས་ནི་ཚེ་རིང་བ་འཕེལ་བར་བྱེད་པའི་ལས་རྣམས་ཡང་མངོན་ པར་འཕེལ་བར་བྱེད་དོ། །འཇིག་རྟེན་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་འདི་དག་མངོན་པར་སྲུང་བར་བྱེད་དོ། །འདིས་ཀུན་ཏུ་བསམས་པ་རྣམས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །ཆོས་དང་ལྡན་པའི་ལོངས་སྤྱོད་དག་ཐོབ་པར་འགྱུར་རོ། ། 71-1-92a ལེ་ལོ་མེད་པར་ཡང་འགྱུར་རོ། །བརྩོན་འགྲུས་བརྩམས་པ་དང་བྱས་པ་ཤེས་པར་ཡང་འགྱུར་རོ། །རྟག་པར་རྒྱུན་དུ་ཡང་འཆི་བ་རྗེས་སུ་དྲན་པ་སྒོམ་པར་བྱེད་དོ། །འཆི་བའི་དུས་ན་འགྱོད་པ་མེད་པར་ཡང་འགྱུར་རོ། །མཐར་ཡང་ཡོངས་སུ་མྱ་ངན་ ལས་འདས་པར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་སུམ་ཅུ་ཐམ་པ་ཡིན་ཏེ། ཆོས་དང་ལྡན་པའི་འཆད་པ་པོ་མ་དང་ཕ་དང་མཚུངས་པར་གྱུར་པའི་ཆོས་ཀྱི་སྦྱིན་བདག་ཆོས་སྒྲོགས་པ་པོའི་དྲུང་ནས་ཆོས་ཐོས་པ་ལས་ཡིན་ནོ། །དེ་ནི་མཐར་ཐུག་པ་དང་མཐའ་ཡས་པའི་ཕན་པ་བྱེད་པའི་ ཕྱིར་ཕ་ཡིན་ཏེ། གང་གིས་རྙོག་པ་མེད་པ་དང ། ཡིད་རབ་ཏུ་རྣམ་པར་དང་བར་གྱུར་པ་དང ། ཕན་པ་བྱེད་པ་དང ། ངེས་པར་རྟོགས་པར་བྱེད་པས་ཀྱང་ཆོས་སྟོན་པར་བྱེད་པ་དེ་ནི། དོན་དེ་ལས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བྱ་བ་བྱེད་པ་ཡིན་ནོ། །འཁོར་ བ་ལས་སྒྲོལ་བར་བྱེད་དོ། །འདི་ན་ཆོས་སྒྲོགས་པ་པོ་ཆོས་བརྗོད་པའི་དྲུང་ནས་གང་གི་ཚེ་ཆོས་ཉན་པར་བྱེད་པ་ན། དང་པོ་ཉིད་དུ་དེ་འཁོར་བ་ཐོག་མ་མེད་པའི་དུས་ནས་འཇུག་པ་ལས། གལ་ཏེ་ཤེད་ན་འགའ་ཞིག་ལས་ཆོས་ཐོས་པར་འགྱུར་ཏེ། དེ་ཆོས་སྒྲོགས་པ་དེའི་ དྲུང་ནས་མ་ཐོས་པའི་ཆོས་རྣམས་ཐོས་པར་གྱུར་ནས་ངོ་མཚར་བ་སྐྱེ་བར་འགྱུར་རོ། །ཇི་ལྟར་སྐྱེས་པ་ནས་ལོང་བར་གྱུར་པའི་མིག་གི་ཉེས་པ་རྣམས་སྨན་པ་ཆེན་པོས་གང་གི་ཚེ་ཀུན་ནས་བསལ་བར་གྱུར་པ་ན། དེས་དུ་མ་སྣ་ཚོགས་པར་གྱུར་པའི་ས་གཞི་འདི་མཐོང་ནས་མཆོག་ཏུ་དགའ་ ཞིང་རངས་པར་འགྱུར་རོ། །སྔ་ན་མེད་པ་དང་སྔར་མ་ཐོས་པ་རྣམ་པ་སྣ་ཚོགས་པའི་དགའ་བར་གྱུར་པའི་གཟུགས་མངོན་པར་མཐོང་བར་འགྱུར་རོ། །དེ་བཞིན་དུ་འདིའི་ཐོག་མ་མེད་པའི་དུས་ནས་རབ་ཏུ་ཞུགས་པ་རྣམས་ཀྱང་དམ་པའི་ཆོས་སྒྲོགས་པ་རྣམས་འཛིན་པའི་དོན་གྱིས་ གང་གི་ཚེ་བྱང་ཆུབ་ཀྱི་ཡན་ལག་གི་ས་གཞི་སྣ་ཚོགས་པའི་དགེ་བའི་སྙིང་པོ་དགའ་བར་གྱུར་པ་སྔ་ན་མེད་པའི་མདོའི་དོན་རྣམས་རྗོད་པར་བྱེད་པས་གསལ་བར་གྱུར་པ་མཐོང་བར་འགྱུར་རོ། །དེའི་ཚེ་ཤིན་ཏུ་བར་ཡང་རབ་ཏུ་རངས་པར་འགྱུར་ཏེ། དམུས་ལོང་བཞིན་དུ་གཟུགས་རྣམས་ 71-1-92b མངོན་པར་མཐོང་ནས་རབ་ཏུ་དགའ་བར་འགྱུར་རོ། །འདི་ནི་ཡོན་ཏན་དང་པོ་ཡིན་ནོ། །དམ་པའི་ཆོས་སྒྲོགས་པར་བྱེད་པ་རྣམས་ལས་དེས་ཐོས་ནས་ཆོས་དེ་དག་རྣམས་རབ་ཏུ་རིག་པར་འགྱུར་རོ། །དམ་པའི་ཆོས་ཉན་པར་བྱེད་པས་ཆོས་དེ་དག་ཐོས་པར་གྱུར་ནས་ཡིད་ཀྱིས་ རབ་ཏུ་རྟོགས་པར་བྱེད་དོ། །བཤད་པ་དེའི་དོན་ཅི་ཞིག་ཡིན་པ་ཡང་གང་གི་ཚེ་བདག་ཉིད་ཀྱིས་ཀུན་ནས་མ་རིག་པ་ན་དེ་གཞན་དག་རྣམས་ལ་ཡོངས་སུ་འདྲི་བར་བྱེད་དོ། །བཤད་པ་དེ་དག་གི་དོན་ཅི་ཡིན་ཞེས་བྱ་བར་དེ་དག་དང་གཞན་དག་རྣམས་ཀྱི་དྲུང་ནས་ཀྱང་དེ་ཐོས་ནས་ཡིད་ ཀྱིས་རབ་ཏུ་རིག་པར་བྱེད་དོ། །སེམས་པར་བྱེད་དོ། །སྒོམ་པར་བྱེད་དོ། །ལན་མང་དུ་བྱེད་དོ། །སྔ་མ་དང་ཕྱི་མའི་དོན་དག་དང་བཤད་པ་དེ་དག་སྦྱོར་བར་བྱེད་དོ། །ཡིད་ལ་བྱེད་དོ། །ཡིད་ལ་བྱས་ནས་ཀྱང་ཡང་དང་ཡང་དུ་དོན་རྣམས་ལ་ཀུན་ཏུ་ལྟ་བར་ཡང་བྱེད་དོ། ། ཀུན་ཏུ་བལྟས་པས་ཀྱང་དགའ་བ་ཐོབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཀུན་ཏུ་ལྟ་བར་བྱེད་པ་ན་ཡང ། དེ་ལྟ་དེ་ལྟར་དོན་ཟབ་མོ་རྣམས་ཀྱང་ཡིད་ཀྱིས་སོ་སོར་རྣམ་པར་ཕྱེད་པར་འགྱུར་རོ། །འདི་ནི་ཆོས་སྒྲོགས་པ་ལ་ཉན་པ་རྣམས་ཀྱིས་མ་ཐོས་པ་དག་ལེགས་པར་བཤད་པ་ཡིད་ལ་ བྱས་པའི་ཡོན་ཏན་གཉིས་པ་ཡིན་ནོ། །གཞན་ཡང་ཡོན་ཏན་གསུམ་པ་ཡོད་པ་ནི། ཆོས་སྒྲོགས་པ་རྣམས་ཀྱང་སོ་སོར་རིག་པར་བྱས་ནས་རྣམ་པར་དཔྱོད་པར་བྱེད་དོ། །འདིའི་དོན་ནི་འདི་ཡིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། དགོངས་པ་འདི་དག་གིས་བཤད་པ་ཡིན་ནོ། ། དེ་དག་གིས་སྤྱིའི་དོན་ནི་འདི་དག་ཏུ་རིགས་པ་ཡིན་ཏེ། གདུལ་བྱ་རྣམས་ཀྱི་དབང་གིས་དོན་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དོན་དེ་དག་རྣམས་ཐོས་ནས་དཔྱོད་པར་བྱེད་དོ། །འདི་དག་དང་ལྷན་ཅིག་ཏུ་བཅས་ནས་གང་དག་གིས་སེམས་པར་བྱེད་པ་ཡིན་ནོ། །སྔ་ཕྱི་ དེས་རྣམ་པར་སྤྱོད་པར་བྱེད་པ་ནི་གཅེས་པར་གྱུར་པ་ཡིན་ནོ། །མྱ་ངན་ལས་འདས་པའི་མཐར་ཐུག་པར་ཡང་བྱེད་དོ། །འདི་ནི་དམ་པའི་ཆོས་སྒྲོགས་པར་བྱེད་པ་ལ་ཉན་པའི་ཡོན་ཏན་གསུམ་པ་ཡིན་ནོ། །གཞན་ཡང་ཡོན་ཏན་བཞི་པ་ཡོད་པ་ནི། དམ་པའི་ཆོས་བསྒྲགས་པ་རྣམས་རྣམ་ 71-1-93a པར་དཔྱོད་པར་གྱུར་པ་ན་བཤད་པ་དེའི་སྔ་མ་དང་ཕྱི་མའི་དོན་དེ་དག་རྣམས་ཕྱི་ནས་རིག་པར་གྱུར་ནས་སྒྲུབ་པར་བྱེད་དོ། །བསྒྲུབ་པ་ཞེས་བྱ་བ་ཡང་ཇི་ལྟར་བཤད་པ་དེའི་དོན་ཡིན་པ་ལས། ཇི་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། དགེ་བ་རྣམ་པ་གསུམ་བྱེད་པ་ཡིན་ནོ། །སྒོམ་པར་བྱེད་དོ། །ལན་མང་དུ་བྱེད་དོ། །བཤད་པ་དེ་ལ་རབ་ཏུ་སྒྲུབ་པར་བྱེད་དོ། །བློ་རབ་ཏུ་དང་བར་གྱུར་པས་ཚིག་ནས་ཚིག་རྣམས་དང་དབང་སྐལ་ནས་དབང་སྐལ་རྣམས་དང ། འབྲེལ་བ་ནས་འབྲེལ་བ་རྣམས་སུ་རྣམ་པར་ དཔྱོད་པར་བྱེད་དོ། །དེས་ཇི་ལྟ་ཇི་ལྟར་རྣམ་པར་དཔྱད་པར་འགྱུར་བ་དེ་ལྟ་དེ་ལྟར་དོན་ལས་མི་ཉུང་བར་འགྱུར་རོ། །དེས་སྔ་ན་མེད་པའི་དོན་རྣམས་རྙེད་པར་འགྱུར་བའི་ཕྱིར་ཉོན་མོངས་པ་རྣམས་ལ་འབད་པར་བྱེད་དོ། །དེ་ཀུན་ཏུ་སྦྱོར་བ་རྣམས་དང་རྗེས་སུ་འབྲེལ་བ་རྣམས་ལ་ ཡང་འབད་པར་བྱེད་པ་དང ། ཡོན་ཏན་དུ་མ་རྣམས་དང་ཚུལ་ཁྲིམས་དང་ཤེས་རབ་དང་སྦྱིན་པ་ལ་དེ་ལྟ་དེ་ལྟར་རྗེས་སུ་སྒྲུབ་པར་ཡང་བྱེད་དོ། །གལ་ཏེ་ན་བསམ་པའི་ཁྱད་པར་གྱིས་དང ། སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་རྣམས་ལ་སྟེ། འདི་ནི་དམ་པའི་ཆོས་སྒྲོགས་པ་ བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པའི་ཡོན་ཏན་བཞི་པ་ཡིན་ནོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་ལ་ལེགས་པར་ཉན་ཅིང་ལེགས་པར་རབ་ཏུ་ཞུགས་པར་གྱུར་པའི་ཡོན་ཏན་ལྔ་པ་ཡོད་དེ། ལས་རྣམ་པ་གསུམ་པོ་རྣམས་ཀྱིས་ཕྱི་ནས་བདག་ཉིད་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ ནོ། །ཆོས་འདུལ་བ་དེ་ལ་རབ་ཏུ་འགོད་པར་བྱེད་དོ། །ཇི་ལྟར་ཡང་དགེ་སྦྱོང་ངམ་བྲམ་ཟེའམ་ཁྱིམ་པ་རྣམས་ཀྱིས་ཀྱང་འདི་ལྟར་རྗོད་པར་བྱེད་དེ་ཇི་ལྟར་རིགས་ཀྱི་བུ་ཆེ་གེ་མོ་ཞིག་ཆོས་འདུལ་བ་ལ་ལེགས་པར་གནས་པར་གྱུར་ཏེ། དེ་ནི་ཇི་སྐད་བརྗོད་པ་དེ་ལྟར་བྱེད་པ་ཡིན་ནོ་བྱ་བའོ། ། དེ་ལྟར་བདག་ཉིད་དང་གཞན་དག་ཀྱང་ཆོས་འདུལ་བ་དེ་ལ་རབ་ཏུ་གནས་པར་བྱེད་དོ། །དེས་ཇི་ལྟ་ཇི་ལྟར་རབ་ཏུ་འགོད་པར་བྱེད་པ་དེ་ལྟ་དེ་ལྟར་འཁོར་བའི་སྐྱེ་བ་བརྒྱ་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་དང ། བསྐལ་པ་བརྒྱ་སྟོང་ཕྲག་བྱེ་བ་ནས་བྱེ་བ་རྣམས་འཇོམས་པརབྱེད་དོ། །འཇིག་པར་ 71-1-93b བྱེད་དོ། །སྐྱེ་བ་གཞན་གང་དག་བརྒྱ་སྟོང་རྣམས་སུ་དམྱལ་བ་དང་ཡི་དགས་རྣམས་སུ་སྐྱེ་བར་འགྱུར་བ་རྣམས་འགོག་པར་བྱེད་དོ། །འདི་ཡང་དམ་པའི་ཆོས་བསྒྲགས་པ་ཉན་ཅིང་བསྟེན་པ་ལ་བསྒོམས་ཤིང་རྣམ་པར་དཔྱད་པ་རྣམས་ཀྱི་ཡོན་ཏན་ཆེན་པོ་གཞན་ཡིན་ནོ། །ཆོས་ ཉན་པར་བྱེད་པ་རྣམས་ལ་དམ་པའི་ཆོས་སྒྲོགས་པ་རྣམས་ནི་ཤིན་ཏུ་གཅེས་པར་གྱུར་པ་ཡིན་ནོ། །མྱ་ངན་ལས་འདས་པ་ཉེ་བར་སྟོན་པར་བྱེད་པའི་ཕྱིར་ན་དོན་གྱིས་ན་སངས་རྒྱས་ཡིན་ནོ། །གང་གིས་ཆོས་ཀྱི་དབང་དུ་བྱས་ནས་རབ་ཏུ་འགོད་པར་བྱེད་པའི་དམ་པའི་ཆོས་སྨྲ་བ་པོ་ དེ་ལ་བླ་ལྷག་ཏུ་འཐུན་པར་འཛིན་པ་དང་གུས་པ་ཆེན་པོ་དང་རབ་ཏུ་དང་བར་གྱུར་པ་རྣམས་གཡོ་མེད་པས་སྟོན་པ་བཞིན་དུ་བྱའོ། །འདི་ནི་དམ་པའི་ཆོས་ཉན་པའི་ཡོན་ཏན་ལྔ་པ་ཡིན་ནོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པའི་ཡོན་ཏན་དྲུག་པ་འདི་དག་ཀྱང་གང་ཞེ་ན། འདི་ ལྟ་སྟེ། རང་རབ་ཏུ་གནས་པར་གྱུར་ནས་གཞན་ཡང་རབ་ཏུ་གནས་པར་བྱེད་ཅིང ། གཞན་དག་རྣམས་ཀྱང་རབ་ཏུ་དད་པར་བྱེད་དོ། །གང་དག་གི་སྐྱེ་བ་གཞན་བརྒྱ་སྟོང་དུ་དམྱལ་བ་དང་ཡི་དགས་སུ་སྐྱེས་པར་གྱུར་པའི་སྡུག་བསྔལ་དུ་མ་རྣམས་བཅོམ་ནས་སྣོད་དུ་བྱེད་དོ། ། འཁོར་བ་ལས་སྐྱོ་བ་སྐྱེད་པར་བྱེད་དོ། །བདེ་ལེགས་ཡང་དག་པར་སྟོན་པར་བྱེད་དོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་རྣམས་ཀྱི་གཏམ་བྱེད་དོ། །དེ་གཉིས་ཀའི་རྒྱུད་ལས་བསོད་ནམས་རབ་ཏུ་འབྱུང་བར་བྱེད་དོ། །དེ་རང་གི་རྒྱུད་ལ་ཡང་སྟེ། དེ་ནི་བདག་ གཞན་ལ་ཕན་པར་བྱེད་པ་ཡིན་པས་བསོད་ནམས་ཆེན་པོ་རབ་ཏུ་འབྱུང་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དམ་པའི་ཆོས་སྒྲོགས་པ་ཉན་པར་བྱེད་པ་དེ་ལྟ་དེ་ལྟར་ཤེས་རབ་མངོན་པར་འཕེལ་བར་འགྱུར་རོ། །དེ་ལྟ་དེ་ལྟར་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ། །དེ་ཉོན་མོངས་པ་རྣམས་ ཟད་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དམ་པའི་ཆོས་སྒྲོགས་པའི་ཡོན་ཏན་ནི་དེ་དག་རྣམས་ཡིན་ནོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པའི་ཡོན་ཏན་བདུན་པ་ཡོད་དོ། །འདི་ཡང་ཞེ་ན། འདི་ལྟ་སྟེ། རྒུད་པས་ 71-1-94a སེམས་ཞུམ་པར་མི་འགྱུར་རོ། །ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་ཐོས་ནས་རྒུད་པས་ཞུམ་པར་མི་འགྱུར་རོ། །བྱ་བ་མ་ཡིན་པ་རྣམས་མི་བྱེད་དོ། །བརྗོད་པར་བྱ་བ་མ་ཡིན་པ་རྣམས་རྗོད་པར་ཡང་མི་བྱེད་དོ། །བསམ་པར་བྱ་བ་མ་ཡིན་པའི་བསམ་ ཁྲལ་རྣམས་སེམས་པར་མི་བྱེད་དོ། །འདིའི་སེམས་ཀྱི་དཔའ་རབ་ཏུ་ཉམས་པར་ཡང་མི་འགྱུར་རོ། །འདི་ནི་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་བདུན་པ་ཡིན་ནོ། །གཞན་ཡང་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་བརྒྱད་པ་ནི། ཡང་གཞན་དག་ལ་ཤེས་པའམ་ཐོས་པའམ་ཚུལ་ ཁྲིམས་སམ་ཤེས་རབ་བམ་ལུང་གིས་ལྷག་པ་མཐོང་བར་གྱུར་ནས་ང་རྒྱལ་དང་ལྡན་པར་མི་བྱེད་པར་དེ་དག་དང་ལྷན་ཅིག་ཏུ་ཆོས་ཀྱི་མཚན་ཉིད་ལ་རྣམ་པར་དཔྱོད་པར་བྱེད་དོ། །བཤད་པ་དེ་དང་དེ་དག་གི་དོན་རྣམ་པར་འདྲེས་པར་འགྱུར་བ་རྣམས་ཀྱང་གསལ་བར་བྱེད་དོ། །འདི་ ནི་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་བརྒྱད་པ་ཡིན་ནོ། །དགེ་བའི་རྩ་བ་མ་སྐྱེས་པ་རྣམས་སྐྱེད་པར་བྱེད་དེ། གང་གི་ཕྱིར་དམ་པའི་ཆོས་བསྒྲགས་པ་ཐོས་པར་གྱུར་ནས་དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་སྐྲུན་པར་བྱེད་དོ། །དམ་པའི་ཆོས་སྒྲོགས་པ་རྣམས་འདོད་པས་དགེ་ བའི་རྩ་བ་རྣམས་སྐྱེད་པར་བྱེད་པ་ནི་འདི་ལྟ་སྟེ། ཞིང་གི་རྣང་ལ་ས་བོན་ཀུན་ནས་སོ་སོར་བཏབ་པར་གྱུར་པས་མྱུ་གུ་རྣམས་རབ་ཏུ་སྐྱེ་བར་ནུས་པར་འགྱུར་རོ། །དེ་ཁོ་ན་བཞིན་དུ་བརྩོན་འགྲུས་དྲག་པ་རྣམས་ཀྱི་དགེ་བའི་རྩ་བ་ཡང་ཆོས་ཉན་པ་པོ་རྣམས་ཀྱིས་ཆོས་སྒྲོགས་པར་ཕྱིན་ཞིང་ ཆོས་སྨྲ་བའི་དྲུང་ནས་དགེ་བའི་རྩ་བའི་ས་བོན་རྣམས་རྣ་བའི་བུ་ག་ནས་ཞུགས་ནས་ཡིད་ཀྱི་ཞིང་རྣང་ལ་ལེགས་པར་སྐྱེའོ། །ཆོས་ཀྱི་ས་བོན་རྣ་བའི་ཞིང་རྣང་ལ་རྗེས་སུ་ཞུགས་པ་དེ་དུས་གཞན་དུ་འབྲས་བུ་རྣམ་པར་རྒྱས་པར་གྱུར་པས་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བའི་སྡུག་བསྔལ་ གྱི་མུ་གེའི་འཇིགས་པ་རྣམས་ལས་ཡོངས་སུ་སྐྱོབ་པར་བྱེད་དོ། །དེའི་ཕྱིར་དེ་དག་རྣམས་ལས་ཡོངས་སུ་བསྐྱབ་པར་བྱས་ཤིང་སྡུག་བསྔལ་དེ་དག་རྣམས་ཐམས་ཅད་ཀྱང་རབ་ཏུ་གཞོམ་པར་བྱས་ལ། ངམ་གྲོག་རྣམས་ཐམས་ཅད་ཀྱང་བཅད་ཅིང་འཇིགས་པ་རྣམས་ཐམས་ཅད་ལས་ 71-1-94b གྲོལ་བར་བྱས་ནས། ཞི་བའི་གོ་འཕང་བླ་ན་མེད་པར་གྱུར་པའི་བར་དུ་འཇུག་པར་བྱེད་དོ། །དེ་ནས་ནི་མྱ་ངན་ལས་འདས་པར་ཞུགས་པར་འགྱུར་བ་ཡིན་ནོ། །དམ་པའི་ཆོས་སྒྲོགས་པར་བྱེད་པ་དེ་ནི་དོན་དེ་དག་གི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་བྱས་པ་ཡིན་ནོ། །དེའི་ ཕྱིར་དམ་པའི་ཆོས་སྒྲོགས་པར་བྱེད་པ་དེའི་ཡོན་ཏན་གཞན་འདི་དག་ཡིན་ཏེ། གང་དམ་པའི་ཆོས་རྟག་ཏུ་སྒྲོགས་པ་ལ་འགྲོ་བ་དང་བསྙེན་བཀུར་བྱེད་པ་དང་སྒྲུབ་པར་བྱེད་པ་དེ་དག་རྣམས་ནི་སྐྱབས་ཡིན་ཞིང་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པའི་སྒོ་ཡིན་ནོ། །དམ་པའི་ ཆོས་སྒྲོགས་པར་བྱེད་པ་རྣམས་ལ་ནི་ཡོན་ཏན་གཞན་དག་ཀྱང་ཡོད་དོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་གོང་དུ་སྐྱོང་བར་བྱེད་པའོ། །དགེ་བའི་རྩ་བ་རྣམས་རྒྱ་ཆེན་པོར་གོང་དུ་ཡོངས་སུ་སྨིན་པར་བྱེད་དོ། །གང་འགའ་ཞིག་ཆོས་སྒྲོགས་པ་ལ་རྟག་ཏུ་ཉན་དུ་འགྲོ་བར་ བྱེད་པའི་བརྩོན་འགྲུས་དྲག་པོ་དང་ལྡན་པ་དེའི་དགེ་བའི་རྩ་བ་རྣམས་ནི་ཕྱི་ནས་ཡོངས་སུ་སྨིན་པར་འགྱུར་རོ། །དཔེར་ན་ཞིང་གི་རྣང་ལ་ས་བོན་རབ་ཏུ་བཏབ་པར་གྱུར་པ་ལས་དུས་ཕྱིས་ཉི་མའི་འོད་ཟེར་གྱིས་དང་དུས་ཀྱི་འགྱུར་བ་ལས་ཡོངས་སུ་སྨིན་པར་འགྲོའོ། །དེ་བཞིན་དུ་ཕྱི་ནས་དགེ་ བའི་རྩ་བ་རྣམས་ཤེས་རབ་ཀྱི་ཉི་མས་ཡོངས་སུ་སྨིན་པར་བྱེད་དོ། །དེའི་ཕྱིར་རྟག་པར་རྒྱུན་མི་འཆད་པར་དམ་པའི་ཆོས་བསྒྲགས་པར་འགྱུར་རོ། །མཉན་པར་ཡང་བྱའོ། །དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ། ཡོངས་སུ་སྨིན་པ་ངེས་པར་གྲོལ་བར་བྱེད་དོ། །གང་གི་ཚེ་སེམས་ལ་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ། འདི་ཁོ་ན་ལ་རྟག་ཏུ་འགྲོ་བ་དང་འཛིན་པ་དང་རྣམ་པར་དཔྱོད་པ་དང་སྒྲུབ་པར་བྱེད་པའི་རྒྱུས་སེམས་ཀྱི་རྒྱུད་དེ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་ཉོན་མོངས་པ་རྣམས་ འཇོམས་པར་བྱེད་དོ། །ཉོན་མོངས་པ་རྣམས་ཟད་པས་ཡོངས་སུ་འགྲོལ་བར་འགྱུར་རོ། །ངེས་པར་རྣམ་པར་གྲོལ་བ་རྣམས་ནི་ཆགས་པ་མེད་པར་འགྱུར་བས། དེ་འདི་སྙམ་དུ་སེམས་ཏེ་བདག་གི་སྐྱེ་བ་རྣམས་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་རྣམས་ནི་བྱས་སོ། ། 71-1-95a བདག་གི་སྲིད་པ་གཞན་རྣམས་ནི་རབ་ཏུ་མི་ཤེས་སོ། །དེ་ལ་ཡོན་ཏན་དེ་དག་རྣམས་ཐམས་ཅད་ཀྱང་དམ་པའི་ཆོས་བསྒྲགས་པ་ལས་ཡིན་ནོ། །དེའི་ཕྱིར་ན་རྒྱུན་མི་འཆད་པར་ཆོས་མཉན་པར་བྱའོ། །ཡང་ཐབས་གཞན་གྱིས་ངེས་པར་གྲོལ་བར་བྱེད་པའི་རྒྱུའི་ ཡོན་ཏན་གཞན་ཡོད་དོ། །འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ལོག་པའི་ལྟ་བ་ཅན་རྣམས་ཡང་དག་པའི་ལྟ་བ་ཅན་དུ་བྱེད་དོ། །གང་ཡང་ཐོག་མ་མེད་པའི་དུས་ནས་འཁོར་བའི་བྱ་བ་ངན་པ་རྣམས་ཀྱིས་ཕྱིན་ཅི་ལོག་ལ་རབ་ཏུ་ཞུགས་པའི་འགྲོ་བ་རྣམས་ཐོས་པ་ངན་པ་ རྣམས་ལ་ཀུན་ཏུ་འཇུག་པར་འགྱུར་བ་ཡིན་ནོ། །ཐོས་པ་ངན་པས་ཀྱང་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བ་རྣམས་སུ་སྐྱེ་བར་འགྱུར་བ་ཡིན་ནོ། །གང་གི་ཚེ་དམ་པའི་ཆོས་ཉན་པར་བྱེད་པ་དང ། དམ་པའི་ཆོས་སྒྲོགས་པ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་ གྱུར་པ་ན། དེའི་ཚེ་ལོག་པར་ལྟ་བ་དེ་དག་སྟེན་ཅིང་སྒོམ་ལ་ལན་གྲངས་མང་དུ་བྱེད་པར་ཡང་མི་འགྱུར་རོ། །དེའི་ཚེ་འདི་ལ་བདེ་བ་རྣམས་ཀྱི་མཆོག་ཏུ་གྱུར་པ་དང ། སླུ་བ་མེད་པའི་ཡང་དག་པའི་ཡེ་ཤེས་འཆར་བར་འགྱུར་རོ། །དེའི་ཕྱིར་ན་དམ་པའི་ཆོས་བསྟེན་ཅིང་བསྒོམས་ལ་ ལན་མང་དུ་བྱས་པར་གྱུར་པའི་ཡོན་ཏན་གཞན་ཡང་འདི་དག་ཡོད་དོ། །འདི་ཡང་གཞན་གང་དག་ཞེ་ན། འདི་ལྟ་སྟེ། སྐྱེས་པར་གྱུར་པའི་མི་དགེ་བའི་རྩ་བའི་རྣམ་པར་རྟོག་པ་རྣམས་སོ་སོར་འཇོམས་པར་བྱེད་དོ། །ཡང་དམ་པའི་ཆོས་བསྒྲགས་པ་བསྟེན་ཅིང་བསྒོམས་ལ་ལན་ མང་དུ་བྱས་པའི་ཡོན་ཏན་འདི་དག་ནི་གཞན་ཡིན་ནོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བའི་རྣམ་པར་རྟོག་པ་ཉུང་ངུ་ཙམ་ཞིག་ཡིད་ལ་སྐྱེས་པར་གྱུར་ཀྱང ། དེའི་ཚེ་མི་དགེ་བ་གཉེན་པོས་ངེས་པར་འཇོམས་པར་བྱེད་པ་ལ་འདི་ལྟ་སྟེ། གང་གི་ཚེ་འདོད་ཆགས་ཀྱི་རྣམ་པར་རྟོག་ པ་སྐྱེས་པར་གྱུར་ན་ནི། དེའི་ཚེ་མི་སྡུག་པའི་གཉེན་པོས་ངེས་པར་འཇོམས་པར་བྱེད་དོ། །གང་གི་ཚེ་ཞེ་སྡང་གི་རྣམ་པར་རྟོག་པ་སྐྱེས་པར་གྱུར་པ་ན། དེའི་ཚེ་བྱམས་པའི་གཉེན་པོས་འཇོམས་པར་བྱེད་དོ། །གལ་ཏེ་གཏི་མུག་གི་རྣམ་པར་རྟོག་པ་སྐྱེས་པར་གྱུར་ན་ནི། དེའི་ཚེ་རྟེན་ཅིང་ 71-1-95b འབྲེལ་པར་འབྱུང་བའི་གཉེན་པོས་འཇོམས་པར་བྱེད་དོ། །དེ་ལ་གཉེན་པོ་དེ་དག་རྣམས་ནི་དམ་པའི་ཆོས་སྒྲོགས་པ་ལ་ཉན་པ་ལས་ཡིན་ནོ། །དེ་ལ་མ་ཐོས་པ་རྣམས་ཀྱིས་ནི་རེ་ཞིག་མི་དགེ་བའི་རྩ་བ་གསུམ་པོ་རྣམས་ཀྱི་རྣམ་པར་རྟོག་པ་ཡང་རྣམ་པར་འཇོམས་པར་བྱེད་པ་མ་ཡིན་ནོ། ། གང་དག་ཕྲ་བར་གྱུར་པ་ཉེ་བའི་ཉོན་མོངས་པ་གཞན་དེ་དག་རྣམས་ཀྱི་སོ་སོར་འཇོམས་པར་འབྱུང་བར་མི་འགྱུར་བ་ལ་ལྟ་སྨོས་སུ་ཅི་ཞིག་ཡོད་ནས། དེའི་ཕྱིར་དམ་པའི་ཆོས་སྒྲོགས་པའི་ཡོན་ཏན་འདི་ཡང་གཞན་ཡིན་ནོ། །དམ་པའི་ཆོས་ཀྱིས་ཀྱང་མི་དགེ་བའི་རྣམ་པར་རྟོག་པ་ རྣམས་སོ་སོར་འཇོམས་པར་བྱེད་དོ། །གང་གི་ཚེ་ཉི་མས་མུན་པ་རྣམས་འཇོམས་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཤེས་རབ་ཀྱིས་ཀྱང་ཉོན་མོངས་པའི་མུན་པ་རྣམས་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ཏེ། དམ་པའི་ཆོས་ཀྱི་ཕྱོགས་ནི་སྟོབས་དང་ལྡན་པ་ཡིན་ལ། ཉོན་མོངས་ པའི་ཕྱོགས་ནི་སྟོབས་ཞན་པ་ཡིན་པའི་ཕྱིར་རོ། །དེ་ཡང་དམ་པའི་ཆོས་སྒྲོགས་པ་མ་གཏོགས་པའི་གཞན་རྣམས་ཀྱིས་ནི་གཞོམ་པར་མི་ནུས་སོ། །འདི་ནི་དམ་པའི་ཆོས་སྒྲོགས་པའི་ཡོན་ཏན་གཞན་ཡིན་ནོ། །དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། ། འདི་ཡང་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་སེམས་སྐྱེས་པ་རྣམས་འཕེལ་བར་བྱེད་པའོ། །འདི་ནི་དམ་པའི་ཆོས་སྒྲོགས་པའི་ཡོན་ཏན་གཞན་ཡིན་ཏེ། མི་དགེ་བ་རྣམས་རབ་ཏུ་འཇོམས་པར་བྱེད་པ་འབའ་ཞིག་ནི་མ་ཡིན་གྱི། དགེ་བའི་རྣམ་པར་རྟོག་པ་སྐྱེས་པ་རྣམས་འཕེལ་བར་ བྱེད་དོ། །གང་གི་ཚེ་འདི་ལ་དགེ་བའི་རྣམ་པར་རྟོག་པ་རྣམས་སྐྱེས་པར་གྱུར་པ་དེའི་ཚེ་འཕེལ་བར་བྱེད་པ་ནི་འདི་ལྟར་ཤེས་རབ་ཀྱིས་ཡིན་ནོ། །དཔེར་ན་མེ་ཆུང་ངུ་ཙམ་ཞིག་སྐྱེས་པར་གྱུར་པ་ལ། གང་གི་ཚེ་རྩཝ་དང་ཤིང་བུ་ལ་སོགས་པ་རྣམས་དང་རླུང་དང་བཅས་པར་གྱུར་ཅིང་ལྷན་ ཅིག་ཏུ་འདུས་ཤིང་ཚོགས་པར་གྱུར་པ་དེའི་ཚེ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་དགེ་བའི་རྩ་བ་ཆུང་ངུ་སྐྱེས་པར་གྱུར་པ་ཡང་ཤེས་རབ་ཀྱིས་ཀུན་ཏུ་འཕེལ་བར་བྱེད་དེ། དམ་པའི་ཆོས་བསྒྲགས་པ་རྣམས་ལས་གང་དག་ཐོས་པའི་དོན་དང་ལྡན་པར་གྱུར་པའི་དགེ་བའི་སེམས་བསྐྱེད་པ་ 71-1-96a གཅིག་ཀྱང་བསྐལ་པ་བརྒྱ་སྟོང་དུ་མ་རྣམས་སུ་ཡང་ཆུད་ཟ་བར་མི་འགྱུར་རོ། །མི་སྐྱེ་བར་བྱ་བའི་དོན་ཡང་བྱེད་དོ། །དེའི་ཕྱིར་ཡོན་ཏན་དེ་དག་གོ་བར་གྱིས་ལ་རབ་ཏུ་བརྩོན་པས་ཀྱང་ཆོས་ཉན་པར་བྱའོ། །ཆོས་ལས་སྐྱོབ་པར་བྱེད་པ་གཞན་ནི་མེད་དོ། །ཆོས་ཐོས་པ་ ལས་སྦྱིན་པ་བཏང་བར་གྱུར་པས་སྦྱིན་བདག་ཏུ་འགྱུར་བ་ཡིན་ནོ། །ཆོས་རྣམས་ཐོས་ནས་ཆོས་བསྲུངས་པ་ལས་མཁས་པར་འགྱུར་བ་ཡིན་ནོ། །ཆོས་ཐོས་ནས་ཤེས་རབ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་ཡོན་ཏན་དེ་དག་རྣམས་ཐོས་ཤིང་ལེགས་པར་མཐོང་བར་གྱུར་ནས་འཁོར་ བ་ཐམས་ཅད་ལས་ངེས་པར་འབྱུང་བའི་རྒྱུར་གྱུར་པའི་ཆོས་ལ་རབ་ཏུ་བརྩོན་པས་ཀྱང་ཇི་སྲིད་འཚོའི་བར་དུ་རབ་ཏུ་བརྩོན་པས་མཉན་པར་བྱའོ། །དེ་དག་ནི་སྐྱོབ་པ་རྣམས་ཀྱི་མཆོག་ཡིན་ཞིང ། དམ་པའི་ཆོས་སྒྲོགས་པ་གང་ཡིན་པས་ནི་སྲིད་པའི་སྡུག་བསྔལ་རྣམས་ལས་ངེས་པར་འབྱུང་ བར་བྱེད་པའི་ཕྱིར་དེ་དག་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །ཡང་དམ་པའི་ཆོས་སྒྲོགས་པ་ལ་ནི་ཡོན་ཏན་གཞན་ཡོད་དོ་འདི་ཡང་གང་ཞེ་ན་འདི་ལྟ་སྟེ། མི་དགེ་བ་རྣམས་ཡོངས་སུ་སྤོང་བའོ། །རྐྱེན་གྱི་མི་དགེ་བ་རྣམས་འོངས་པར་གྱུར་ན་ཡོངས་སུ་སྤོང་བར་བྱེད་དོ། །གང་གི་ཚེ་མི་དགེ་བའི་ རྐྱེན་གྱིས་སྐྱེས་པར་གྱུར་པ་ན། དེའི་ཚེ་ངན་སོང་གི་འཇིགས་པ་རྣམས་ཀུན་ནས་མཐོང་བར་གྱུར་ནས་ཡོངས་སུ་འདོར་བར་བྱེད་དོ། །ཡོངས་སུ་སྤྱོད་པར་བྱེད་པ་པོ་འཁོར་བའི་འཇིགས་པ་རྣམས་ཀྱིས་འཇིགས་པར་གྱུར་པ་དེ་ཁོ་ན་ཉིད་ཡོངས་སུ་རྟོག་པ་པོས་རྐྱེན་གྱིས་མི་དགེ་བ་སྐྱེས་པ་ རྣམས་ཀྱང་ཡོངས་སུ་སྤོང་བར་བྱེད་དོ། །དེ་ལ་འཇུག་པར་མི་བྱེད་དོ། །དེ་མི་སྐྱེད་པར་བྱ་བའི་དོན་དུ་དེ་དག་ལ་ཚུལ་ཁྲིམས་དང་ལྡན་པ་དང་ཤེས་རབ་དང་ལྡན་པར་འགྱུར་རོ། །གང་གི་ཚེ་རྙེད་པ་དང་བཀུར་སྟི་ལ་དད་པ་ཆེ་བར་གྱུར་པ་ན། དེ་སྦྱིན་པས་རབ་ཏུ་འཇོམས་པར་བྱེད་དོ། ། སེར་སྣའི་དྲི་མ་རྣམས་ནི་འདོད་པ་མེད་པས་རབ་ཏུ་འཇོམས་སོ། །ཀུན་ཏུ་མི་ཤེས་པ་ནི་ཤེས་རབ་ཀྱིས་སོ། །རྣམ་པར་རྟོག་པ་རྣམས་ནི་ཡང་དག་པ་ཇི་ལྟ་བའི་དོན་མཐོང་བས་སོ། །མུ་སྟེགས་པའི་ངག་རྣམས་ནི་རིགས་པ་དང་ལྡན་པའི་ངག་གིས་སོ། །ཡང་དག་པ་མ་ཡིན་པའི་རྣམ་པར་ 71-1-96b རྟོག་པ་རྣམས་ནི་ཡང་དག་པའི་རྣམ་པར་རྟོག་པས་སོ། །བདེ་བའི་རྣམ་པར་རྟོག་པ་རྣམས་ནི་སྡུག་བསྔལ་གྱི་རྣམ་པར་རྟོག་པས་སོ། །སྟོང་པ་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་ནི་སྟོང་པའི་རྣམ་པར་རྟོག་པས་སོ། །བདག་གི་རྣམ་པར་རྟོག་པ་རྣམས་ནི་བདག་མེད་པའི་རྣམ་པར་རྟོག་ པས་སོ། །དེ་ལྟར་ཡང་དག་པར་གྱུར་པའི་གཉེན་པོར་གྱུར་པ་རྣམས་ཀྱི་གཉེན་པོའི་རྣམ་པར་རྟོག་པར་འགྱུར་བ་དེ་རྣམས་ཀྱིས་ཡོངས་སུ་སྤོང་བར་བྱེད་དོ། །རྐྱེན་ལས་བྱུང་བའི་ཡང་ཤིན་ཏུ་ཕྲ་བའམ་རགས་པའམ་བར་མ་ཡང་ཡོངས་སུ་སྤོང་བར་བྱེད་དོ། །དེ་ཐམས་ཅད་ལ་གནས་ སྐབས་ཐམས་ཅད་དུ་མི་དགེ་བའི་རྐྱེན་རྣམས་དམ་པའི་ཆོས་ཐོས་ནས་སྤོང་བར་བྱེད་ཀྱི་མ་ཐོས་པར་ནི་མ་ཡིན་ནོ། །དམ་པའི་ཆོས་བསྒྲགས་པ་ནི་བདེ་ལེགས་རྣམས་ཐམས་ཅད་ཀྱི་གཞིར་གྱུར་པ་ལྟ་བུ་ཡིན་ནོ། །ཡང་དམ་པའི་ཆོས་བསྒྲགས་པ་ལ་ཡོན་ཏན་གཞན་ཡོད་དོ། །འདི་ ཡང་གང་ཞེ་ན་འདི་ལྟ་སྟེ། བག་ཡོད་པར་གྱུར་པའོ། །གང་གི་ཚེ་རྣམ་པར་རྟོག་པ་རྣམས་ཡོངས་སུ་སྤོང་བར་བྱེད་པ་དེའི་ཚེ་བག་ཡོད་པར་འགྱུར་རོ། །དེས་ནི་བདེ་ལེགས་རྣམས་ཐམས་ཅད་འཐོབ་པར་འགྱུར་རོ། །བག་མེད་པ་དེ་ཡང་གང་གིས་མེད་པར་འགྱུར་བ་ཡིན་ན། དམ་པའི་ ཆོས་བསྒྲགས་པ་འབའ་ཞིག་གིས་ཡིན་ཏེ། གང་གི་ཕྱིར་བག་མེད་པའི་སྐྱོན་རྣམས་ཐོས་ནས་ཡོངས་སུ་སྤོང་བར་བྱེད་དོ། །དམ་པའི་ཆོས་བསྒྲགས་པ་ལས་གྱུར་པས་བག་ཡོད་པ་དེའི་དབང་པོ་ལྔ་པོ་རྣམས་དབང་དུ་འགྱུར་རོ། །དབང་པོ་ལྔ་ཀུན་ཏུ་བསྡུས་པ་དེའི་བློ་ནི་ཚུལ་བཞིན་མ་ཡིན་ པ་ཡིད་ལ་བྱེད་པས་གནོད་པར་མི་འགྱུར་རོ། །རྟག་པར་རྒྱུན་དུ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་སྟེན་པར་བྱེད་དོ། །དེས་ཚུལ་བཞིན་ཡིད་ལ་བྱེད་པ་དེ་མགུ་བར་བྱས་པར་གྱུར་ན་མཆོག་ཏུ་བདེ་བར་གྱུར་པ་རྣམས་འཐོབ་པར་འགྱུར་རོ། །གང་གི་ཕྱིར་བག་མེད་པའི་རྩ་བ་ལས་ཉོན་མོངས་པའི་ ཚོགས་རྣམས་ཐམས་ཅད་ཡིན་ནོ། །དེ་བཞིན་དུ་བག་ཡོད་པའི་གཞི་ལས་ཀྱང་རྣམ་པར་བྱང་བའི་ཕྱོགས་རྣམས་ཡོད་དོ། །དེའི་ཕྱིར་བག་མེད་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཡིན་པས་དམ་པའི་ཆོས་ཅི་ནས་ཀྱང་བསྒྲགས་པར་བྱ་བ་ཁོ་ན་ཡིན་ནོ། །ཡང་དང་ཡང་དུ་བསྒོམ་པར་བྱའོ། །ལན་ 71-1-97a མང་དུ་བྱའོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་ཡོད་དོ། །འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་དམ་པ་ལ་ཉེ་བར་སྟེན་པར་བྱེད་པའོ། །དམ་པའི་ཆོས་ཐོས་ནས་ཀྱང་སྐྱེས་བུ་དམ་པ་ཉིད་ལ་སྟེན་པར་བྱེད་དོ། ། དགའ་བར་ཡང་སྐྱེས་བུ་དམ་པ་དང་བྱེད་དོ། །སྐྱེས་བུ་དམ་པ་རྣམས་དང་ལྷན་ཅིག་ཏུའོ། །དགའ་བར་གྱུར་པ་རྣམས་ཀྱི་ནི་མཆོག་འདི་ལྟ་སྟེ། སེམས་མཉམ་པ་ཉིད་དོ། །ཡོན་ཏན་གྱི་མཆོག་རྣམས་སྐྱེས་བུ་དམ་པ་དང་བསྟེན་པ་ལས་འབྱུང་བར་འགྱུར་རོ། །སྐྱེས་བུ་ དམ་པ་དང་སྟེན་པ་ནི་ཡོན་ཏན་རྣམས་ཀྱི་མཆོག་ཡིན་ནོ། །དེ་བཞིན་དུ་སྐྱོན་རྣམས་ཀྱི་ཡང་རྩེ་མོ་ནི་སྐྱེས་བུ་དམ་པ་མ་ཡིན་པ་དང་འགྲོགས་པ་ཡིན་ནོ། །སྐྱེས་བུ་དམ་པ་ལ་སྟེན་པར་བྱེད་པ་དེ་ཡང་དམ་པའི་ཆོས་ལ་སྟེན་པ་མ་གཏོགས་པ་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ནི་ ཚངས་པར་སྤྱོད་པའི་མཆོག་ཡིན་ཏེ། འདི་ལྟར་སྐྱེས་བུ་དམ་པ་ལ་སྟེན་པར་བྱེད་པའོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། གཡོ་དང་སེར་སྣ་རབ་ཏུ་འཇོམས་པར་བྱེད་པའོ། །སྐྱེས་བུ་དམ་པ་ལ་རྗེས་སུ་སྟེན་པར་བྱེད་པ་ རྣམས་ཀྱི་ཡོན་ཏན་གང་དག་འཐོབ་པར་འགྱུར་བ་ཡིན་ན། གལ་ཏེ་ཡང་སྐྱེས་བུ་དམ་པ་ལ་བསྟེན་པས་ཡོན་ཏན་དུ་མ་རྣམས་ཡོད་པ་ཡིན་གྱིས་ཀྱང ། ཡོན་ཏན་འདི་ནི་རབ་ཏུ་ཁྱད་པར་དུ་འཕགས་པ་ཡིན་ཏེ། འདི་ལྟ་སྟེ། ཆོས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཐོས་པར་གྱུར་ནས་གཡོ་ དང་སེར་སྣ་རབ་ཏུ་འཇོམས་པར་བྱེད་པའོ། །འདིའི་གཡོ་དང་སེར་སྣ་དག་གིས་ཇི་ལྟར་འགྱུར་བ་ཡིན་ན། དེའི་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ངན་སོང་ལོག་པར་ལྷུང་ནས་ཡི་དགས་སམ་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེས་གལ་ཏེ་དམ་པའི་ཆོས་བསྒྲགས་པ་ལས་ ལས་རྣམས་ཀྱི་འབྲས་བུ་ཐོས་པར་གྱུར་ནས་གཡོ་དང་སེར་སྣ་མང་བར་གྱུར་པ་ཡིན་ན་དེས་རབ་ཏུ་འཇོམས་པར་བྱེད་དོ། །སྨེ་བར་བྱེད་དོ། །གལ་ཏེ་ཐ་མལ་པ་ཡིན་པར་གྱུར་ན་སྨོད་པར་བྱེད་ཅིང་སྨེ་བར་བལྟའོ། །བཤགས་པར་བྱེད་དོ། །གཞན་དག་གཡོ་དང་སེར་སྣ་དང་ལྡན་པར་ 71-1-97b གྱུར་ན་ཡང་རབ་ཏུ་འགོགས་པར་བྱེད་དོ། །སྨོད་པར་བྱེད་དོ། །བཤགས་སུ་འཇུག་གོ། །དགེ་ཞིང་ལེགས་པའི་ལམ་དམ་པར་འགོད་པར་བྱེད་དོ། །དེ་ལ་ཡོན་ཏན་དེ་དག་རྣམས་ནི་དམ་པའི་ཆོས་བསྒྲགས་པ་དང་ཉན་པ་ལས་ཡིན་ནོ། །དེའི་ཕྱིར་ན་མི་རྣམས་ ཀྱི་སྙིང་པོ་ནི་གང་དམ་པའི་ཆོས་སྒྲོགས་པར་བྱེད་པ་དེ་དག་ཡིན་ནོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་ཡོད་དོ། །འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ། མ་དང་ཕ་ལ་གུས་པ་དང་ལྡན་པར་གྱུར་པའོ། །དམ་པའི་ཆོས་ཐོས་པར་གྱུར་པ་གང་གི་ཕྱིར་ ལས་རྣམས་ཀྱི་རྣམ་པར་སྨིན་པ་དང་ཞིང་གི་ཡོན་ཏན་རྣམས་ཀུན་ཏུ་རིག་པར་འགྱུར་ཏེ། ཇི་ལྟར་མཆོག་ཏུ་གྱུར་པའི་ཞིང་དེ་དག་ནི། འདི་ལྟ་སྟེ། མ་དང་ཕ་དག་ཡིན་ནོ། །དེ་གང་གི་ཚེ་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པ་མངོན་པར་སྐྱེས་པར་གྱུར་ན་དེའི་ཚེ་སེམས་ལ་བསྒོམས་ནས་ མ་དང་ཕ་དག་ལ་མཆོད་པར་བྱེད་དོ། །རབ་ཏུ་ཕལ་ཆེ་བར་གྱུར་པའི་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་རྣམས་ཀྱིས་ལེགས་པར་སྦྱོར་བར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་མ་དང་ཕ་དག་ལ་མཆོད་པར་བྱེད་པར་གྱུར་པ་དེ་ལྟ་དེ་ལྟར་ཚངས་པའི་བསོད་ནམས་འབྱུང་བར་འགྱུར་རོ། །དེ་དག་གིས་མྱ་ངན་ ལས་འདས་པ་ཐོབ་པར་འགྱུར་རོ། །དམ་པའི་ཆོས་བསྒྲགས་པ་ལས་མ་དང་ཕ་ལ་མཆོད་པ་བྱེད་པར་གྱུར་ན་ཡོན་ཏན་གཞན་འདི་ཡང་ཡོད་དེ། སྐྱེ་བོ་རྣམས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བའོ། །མཐོང་བའི་ཆོས་ཉིད་ལ་མ་དང་ཕ་ལས་བསྔགས་པར་གྱུར་ལ། ལུས་ ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོ་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །རྒྱུ་དེ་ཉིད་དང་རྐྱེན་དེ་དག་གིས་ཀྱང་མཐར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཕྱིར་ཡོན་ཏན་དེ་དག་མངོན་པར་མཐོང་བར་གྱུར་པའི་སྐྱེས་བུ་མཁས་པ་རྣམས་ནི་ཇི་སྲིད་འཚོའི་བར་ དུ་མ་དང་ཕ་དག་ལ་གུས་པར་འགྱུར་རོ། །བློ་གཞན་མ་ཡིན་པ་དང ། སྤྱོད་པ་གཞན་མ་ཡིན་པ་དང ། བློ་གྲོས་མཉམ་པར་བཞག་པར་གྱུར་པས་སྤྱོད་པ་རྣམས་ཀྱང་བསྡམས་པར་འགྱུར་རོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། ། 71-1-98a འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ལས་ཀྱི་འབྲས་བུ་ཀུན་ཏུ་རིག་པའོ། །ལས་དང་འབྲས་བུའི་དེ་ཁོ་ན་ཉིད་གང་ཟག་གིས་མཐོང་བར་འགྱུར་བ་ནི་དམ་པའི་ཆོས་སྒྲོགས་པ་མ་གཏོགས་པ་གཞན་གྱིས་མ་ཡིན་ནོ། །དེ་ལ་གང་གི་ཚེ་མི་དགེ་བའི་སེམས་ དང་ལྡན་པའི་མི་དགེ་བ་ལ་དམིགས་པར་གྱུར་ན་དེའི་ཚེ་མི་དགེ་བའོ། །ཞེས་སོ་སོར་མངོན་པར་ཤེས་སོ། །གང་གི་ཚེ་དགེ་བའི་སེམས་ཀུན་ཏུ་སྐྱེས་པར་གྱུར་པ་ན། དེའི་ཚེ་དགེ་བའོ་ཞེས་སོ་སོར་རབ་ཏུ་ཤེས་པར་འགྱུར་རོ། །དེས་ཇི་ལྟ་བ་བཞིན་དུ་ལས་ཀྱི་འབྲས་བུ་རྣམས་ཀུན་ ཏུ་ཤེས་སོ། །ཇི་ལྟ་བ་ཉིད་དུ་མི་དགེ་བའི་སེམས་བདག་ལ་སྐྱེས་པར་གྱུར་པའི་མི་དགེ་བའི་སེམས་དེ་དག་གིས་ནི་ཕྱི་ནས་མི་འདོད་པ་མི་སྡུག་པའི་འབྲས་བུ་རྣམ་པར་སྨིན་པ་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་བདག་ལ་འབྱུང་བར་འགྱུར་རོ། །གང་གི་ཚེ་ངག་གི་ཉེས་པར་སྤྱོད་ པ་རྣམས་བྱས་པར་གྱུར་པ་དེའི་ཚེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཇི་ལྟར་མི་དགེ་བའི་ལས་སྐྱེས་པ་འདི་དག་རྣམས་ཀྱིས་བདག་ལ་མི་འདོད་པ་དང ། མི་སྡུག་པ་དང་ཡིད་དུ་མི་འོང་བ་དང་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་འབྱུང་བར་འགྱུར་རོ། །གང་གི་ཚེ་ལུས་ཀྱི་ཉེས་པར་ སྤྱོད་པར་བྱེད་པ་རྣམས་བྱེད་པར་གྱུར་པ་དེའི་ཚེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་མི་དགེ་བའི་ལས་སྐྱེས་པ་དང་བྱས་པ་འདི་དག་གིས་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་བདག་ལ་རྣམ་པར་སྨིན་པ་མི་འདོད་པ་རྣམས་འབྱུང་བར་འགྱུར་རོ། །དེ་ལ་ལས་ཀྱི་རྣམ་པར་སྨིན་པ་རྣམ་པ་ གསུམ་པོ་འདི་དག་རྣམས་ཀྱང་དམ་པའི་ཆོས་སྒྲོགས་པ་མ་གཏོགས་པ་གཞན་གྱིས་ནི་ཤེས་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་ན་སྐྱེས་བུ་དམ་པ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་དམ་པའི་ཆོས་སྒྲོགས་པ་དང་མཉན་པར་ཡང་བྱའོ། །གང་གི་ཚེ་དམ་པའི་ཆོས་སྒྲོགས་པ་རྣམས་ རྗེས་སུ་ཉན་པར་བྱེད་པ་དེ་ནི་ལེགས་པར་སྤྱོད་པར་བྱེད་པ་ཡིན་ནོ། །ཉེས་པར་སྤྱོད་པ་རྣམས་ནི་ཡོངས་སུ་སྤོང་བར་བྱེད་དོ། །གཞན་ཡང་དམ་པའི་ཆོས་སྒྲོགས་པར་བྱེད་པ་ལ་ཡོན་ཏན་ཡོད་དོ། །འདི་ཡང་གང་ཞེ་ན། འདི་ལྟ་སྟེ། ཚེ་རིང་པོ་ཀུན་ཏུ་འཕེལ་བར་བྱེད་པའི་ 71-1-98b ལས་རྣམས་ཀྱང་འདི་ལ་མངོན་པར་འཕེལ་བར་འགྱུར་ཏེ། དེ་གང་གི་ཚེ་དམ་པའི་ཆོས་སྒྲོགས་པར་བྱེད་པ་ལ་ཆེད་ཆེར་གྱུར་པ་ན། དེའི་ཚེ་ལས་ཀྱི་འབྲས་བུའི་དེ་ཁོ་ན་ཉིད་མཐོང་བར་གྱུར་ནས་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་རྣམས་མི་བྱེད་དོ། །རྒྱུན་དུ་ཡང་དགེ་བའི་ལས་ རྣམས་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱེད་པར་ཡང་འགྱུར་རོ། །དེ་དགེ་བའི་ལས་དེ་དག་གི་རྣམ་པར་སྨིན་པས་ལྷ་དང་མི་རྣམས་སུ་ཚེ་རིང་བར་འགྱུར་ཏེ། དེས་དེ་ལྟར་དམ་པའི་ཆོས་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་དམ་པའི་ཆོས་བསྒྲགས་པའི་ ཡོན་ཏན་འདི་ནི་གཞན་ཡིན་ཏེ། འདི་ལྟ་སྟེ་ཚེ་རིང་པོར་འགྱུར་བའི་ལས་འདིས་ཀུན་ཏུ་སྤེལ་བར་བྱེད་པའོ། །དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་གྱི་རྒྱུ་འདིས། དེ་དག་ཐོས་ནས་ཀྱང་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་རོ། །མིའི་འཇིག་རྟེན་དུ་སྐྱེས་པར་གྱུར་ནས་ཀྱང་དེ་གལ་ཏེ་ལྷ་ རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ན་ཚེ་རིང་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཁྱད་པར་དུ་ཡང་མདོག་དང་གཟུགས་དང་འོད་དང་རྩེད་མོས་རྣམ་པར་རྒྱུ་བ་དང་ལྡན་པར་འགྱུར་རོ། །དམ་པའི་ཆོས་བསྒྲགས་པ་དེས་གལ་ཏེ་མི་རྣམས་སུ་སྐྱེས་པར་གྱུར་ན་ཡང ། དེའི་རིགས་ དང་གཟུགས་དང་ཕུན་སུམ་ཚོགས་པ་དང་ཡོན་ཏན་དང་ཚེ་ཡང་རིང་བར་འགྱུར་རོ། །ཡུལ་ལྗོངས་བཟང་པོར་ཡང་འདི་སྐྱེ་བར་འགྱུར་རོ། །དེ་ཡང་དག་པའི་ལྟ་བ་ཅན་དུ་ཡང་འགྱུར་རོ། །དམ་པའི་ཆོས་དེ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་འདི་ནི་སྡུག་བསྔལ་ལས་ངེས་པར་ འབྱུང་བ་གཞན་ཡིན་ཏེ། འདི་ལྟ་སྟེ་རབ་ཏུ་དང་བའི་ཡིད་ཀྱིས་དམ་པའི་ཆོས་བསྒྲགས་པ་ལ་གོམ་པ་འདོར་བས་ཚངས་པའི་བསོད་ནམས་རབ་ཏུ་འབྱུང་ངོ ། །དམ་པའི་ཆོས་སྒྲོགས་པ་ལས་གང་དག་གིས་དམ་པར་བྱས་ཏེ་འགྲོ་བར་བྱེད་པ་ན། དེ་དག་ནི་ལུས་ཀྱི་ལེགས་པར་སྤྱོད་ པ་རྣམས་ལ་ཡང་དག་པར་སྦྱོར་བ་ཡིན་ནོ། །གང་དག་གིས་ཐོས་པའི་བློ་དེས་དེ་དག་གིས་ལེགས་པར་སྤྱོད་པ་དང་ཡང་དག་པར་ལྡན་པར་འགྱུར་རོ། །གང་ཐོས་པར་གྱུར་ནས་ཡིད་རབ་ཏུ་དད་པ་སྐྱེས་པར་གྱུར་པས་ནི། དེས་ཡིད་ཀྱིས་ལེགས་པར་སྤྱོད་པ་རྣམས་དང་ཡང་དག་པར་ལྡན་པར་ 71-1-99a འགྱུར་རོ། །དེ་ལྟར་ཆོས་བསྒྲགས་པ་རྣམས་ལེགས་པར་སྤྱོད་པ་གསུམ་དང་ཡང་དག་པར་ལྡན་པར་གང་གི་ཚེ་གྱུར་པ་ན། དེའི་ཚེ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ནས་མཆོག་ཏུ་སྐྱིད་པར་འགྱུར་རོ། །ཚེ་རིང་བ་དང་ལྡན་པར་ཡང་འགྱུར་རོ། །དེ་ཡོངས་སུ་མྱ་ངན་ལས་ འདའ་བར་ཡང་འགྱུར་རོ། །ཡོན་ཏན་རྣམས་ཐམས་ཅད་ནི་ཆོས་བསྒྲགས་པས་འཐོབ་པར་འགྱུར་གྱི་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་བདེ་ལེགས་རྣམས་ཀྱི་རྩེ་མོ་རྣམས་སུ་འགྱུར་བ་ནི་གང་དམ་པའི་ཆོས་བསྒྲགས་པ་ལས་ཡིན་ནོ། །གཞན་ཡང་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་ ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། འཇིག་རྟེན་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་བ་ཡིན་ནོ། །ཐམས་ཅད་ཀྱང་ཆོས་བསྒྲགས་པ་ལས་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་མང་དུ་ཐོས་པ་དང་རྣམ་པར་དུལ་བ་དང་བློ་གྲོས་རྒྱ་ཆེན་པོར་གྱུར་པ་དང་སྐྱེ་བོ་ རྣམས་ཐམས་ཅད་ཀྱིས་ཀྱང་མངོན་པར་བརྗོད་པར་བྱ་བ་དང ། ཕྱག་འཚལ་བ་དང་སྙན་པར་སྨྲ་བའི་རང་བཞིན་དུ་འགྱུར་བ་དང་དྲང་པོ་དང་དྲང་པོའི་རང་བཞིན་ཅན་དུ་འགྱུར་བ་དང་ཐམས་ཅད་ཀྱང་ཆོས་སྒྲོགས་པ་ལས་ཡིན་ནོ། །དེ་ཡོན་ཏན་དེ་ལྟ་བུ་རྣམས་དང་ལྡན་པ་ནི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་ འཇིགས་པར་ལྟ་བའི་ཕྱིར་སྐྱེ་བོ་རྣམས་ཐམས་ཅད་ཀྱང་གྲོགས་པོར་འགྱུར་རོ། །ཐམས་ཅད་ཀྱིས་ཀྱང་འདི་རབ་ཏུ་བསྔགས་པར་བྱེད་དོ། །འདི་ལ་འཇིགས་པའམ་སྡུག་བསྔལ་བྱུང་བ་རྣམས་ཐམས་ཅད་ཀྱིས་ཀྱང་གྲོགས་བྱེད་པར་འགྱུར་རོ། །དེ་ལྟར་དམ་པའི་ཆོས་སྒྲོགས་པར་བྱེད་པ་རྣམས་འཇིག་རྟེན་ པས་རབ་ཏུ་བསྔགས་པར་འགྱུར་རོ། །དེ་ལྟར་དམ་པའི་ཆོས་སྒྲོགས་པར་བྱེད་པ་དེ་དག་རྣམས་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། ལྷ་རྣམས་ཀྱིས་འདི་དག་ལ་མངོན་པར་སྲུང་བར་བྱེད་པ་ཡིན་ནོ། །དེ་ལ་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་པའི་ཆོས་སྒྲོགས་པ་པོ་ ནི་ལུས་ཀྱིས་ལེགས་པར་སྤྱོད་པ་རྣམས་དང་ཡང་དག་པར་ལྡན་པའི་ཕྱིར་ན་ལྷ་རྣམས་ཀྱིས་མངོན་པར་སྲུང་བར་བྱེད་དོ། །ཇི་ལྟར་འདི་ཡོན་ཏན་དང་ལྡན་པར་གྱུར་པ་དང་འདི་དག་རྣམས་ཀྱིས་མངོན་པར་བསྲུངས་པས་སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱིས་ཀྱང་ཡོན་ཏན་བྱེད་པར་འགྱུར་རོ། །སྐྱེ་བོའི་ཚོགས་ཆེན་ 71-1-99b པོ་རྣམས་ཀྱིས་འདིའི་བར་དུ་གཅོད་པ་ཡང་ནུབ་པར་འགྱུར་ལ། དེ་བདུད་ཀྱི་ཕྱོགས་རྣམས་ཀྱིས་མི་འཛིན་ལ་གཟུང་དུ་མེད་པར་ཡང་འགྱུར་རོ། །དམ་པའི་ཆོས་ཀྱི་ཕྱོགས་རྣམས་ནི་ཤིན་ཏུ་མཐོང་བར་འགྱུར་བ་ཡིན་ནོ། །རྒྱུ་འདི་དང་ཡང་དག་པར་ལྡན་པ་མངོན་པར་མཐོང་ནས་ཀྱང་འདི་དག་ལྷ་རྣམས་ ཀྱིས་བསྲུང་བར་འགྱུར་ཏེ། ཉིན་མོ་དང་མཚན་མོ་དང་སྒྲོགས་པ་ན་ཡང་ཕྱི་བཞིན་ཀུན་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །དགོས་པ་གང་འགའ་ཞིག་རྗེས་སུ་རྩོམ་པར་བྱེད་པ་ན་ནི་འདིའི་དེ་དང་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་ཏེ། ལྷ་དེ་དག་རྣམས་རབ་ཏུ་དད་པར་གྱུར་པས་དང་ལེགས་ པར་བྱས་པའི་ལས་རྣམས་ཀྱིས་ཀྱང་ངོ ། །ཕན་ཚུན་རྒྱུར་གྱུར་པའི་ཕྱིར་ན་གང་གི་ཚེ་དེའི་དོན་རྣམས་གྲུབ་པར་གྱུར་པ་ན་དེའི་ཚེ་ཤིན་ཏུ་ཕྱིར་ཞིང་ཆེས་དགེ་བར་བྱེད་དོ། །དེ་ལྟ་དེ་ལྟར་ཡང་འདིའི་ལེགས་པར་བྱས་པའི་ལས་རྣམས་ཀྱིས་ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་མངོན་པར་འགྲུབ་ པར་གྱུར་པ་དེ་ལྟ་དེ་ལྟར་རབ་ཏུ་ཕལ་ཆེ་བར་གྱུར་པའི་ལེགས་པར་སྤྱོད་པ་རྣམས་བྱེད་དོ། །དེ་ལྟར་འདི་བདེ་བ་བརྒྱུད་པས་འཇིག་རྟེན་གཉིས་སུ་ཕན་པ་རྣམས་སུ་བྱེད་པར་འགྱུར་རོ། །ས་གཞི་ལྟ་བུར་གྱུར་པའི་དམ་པའི་ཆོས་བསྒྲགས་པ་འདིའི་ཡོན་ཏན་རྣམས་ནི་དེ་ལྟ་བུ་ཡིན་ནོ། །དེའི་ཕྱིར་བདེ་ ལེགས་ཀྱི་མཆོག་ཏུ་གྱུར་པའི་གཏེར་དེ་དག་ནི་འདི་ལྟ་སྟེ། དམ་པའི་ཆོས་སྒྲོགས་པ་ཡིན་ནོ། །དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་དག་ཀྱང་གང་ཞེ་ན་འདི་ལྟ་སྟེ། འདིའི་ཀུན་ཏུ་བསམས་པ་ཡང་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ལྟ་དེ་ལྟ་བུར་གྱུར་པའི་ཆོས་ དང་ལྡན་ཞིང་ཆོས་ལ་རབ་ཏུ་རྗེས་སུ་ཞུགས་པ་ཤེས་པ་དང་ལྡན་པ་དང་ཚུལ་ཁྲིམས་དང་ལྡན་པ་དང་སྦྱིན་པ་དང་ལྡན་པར་གྱུར་པ་ནི་མཐོང་བའི་ཆོས་ཀྱི་ཀུན་ཏུ་བསམས་པ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །འདིའི་རྩོམ་པ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པར་མི་འགྱུར་བ་གང་དག་ འདིའི་བརླག་པར་འགྱུར་བའི་དོན་དེ་དག་རྣམས་ཐམས་ཅད་ཀྱང་དེའི་རབ་ཏུ་བརྩོན་པ་ཉིད་ཀྱིས་རབ་ཏུ་འགྲུབ་པར་འགྱུར་རོ། །ཉོན་མོངས་པར་མ་ཡིན་ཞིང་ཆོས་དང་ལྡན་པར་ཡང་འགྱུར་ལ། དོན་ལ་རྗེས་སུ་ཆགས་པའི་འཇིགས་པ་ལྔ་ཡོངས་སུ་སྤངས་པ་དང་ཡང་དག་པར་ཉེ་བར་འཚོ་བ་དང་ཐུན་མོང་ 71-1-100a མ་ཡིན་པར་འགྱུར་བ་དང ། ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་ཡང་བདེ་འགྲོ་ལྷར་སྐྱེ་བར་འགྱུར་རོ། །དམ་པའི་ཆོས་བསྒྲགས་པ་འདིའི་ཡོན་ཏན་གཞན་ཡིན་ཏེ། འདི་ཡང་གང་དག་ཞེ་ན་འདི་ལྟ་སྟེ། འདི་ཡང་ཆོས་དང་ལྡན་པའི་ལོངས་སྤྱོད་ཅན་དུ་འགྱུར་བའོ། ། དེ་ལྟ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཆོས་སྒྲོགས་པ་སྐྱེ་བོ་གང་ཚུལ་ཁྲིམས་དང་བཅས་པ་དེ་ལ་ཉེ་བར་སྟེན་པར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱིས་ཕན་ཚུན་དུ་ཆ་སྐལ་སྦྱིན་པར་བྱེད་དོ། །དེ་དག་ཀྱང་གཞན་རྗེས་སུ་བཅོམ་པ་མ་ཡིན་ཞིང་གཞན་རྣམས་ངོ་མཚར་བར་བྱས་པ་མ་ཡིན་པར་ཆོས་པ་ རྣམས་ཀྱི་དྲུང་ནས་རྙེད་པའི་སྐལ་བ་དེ་ཆོས་པ་དག་ལ་རབ་ཏུ་སྦྱིན་པར་བྱེད་པས་དེ་དག་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འཕེལ་བར་འགྱུར་རོ། །འཇིག་རྟེན་གཉིས་ལ་ཕན་པ་དང་འཇིག་རྟེན་གཉིས་སུ་བདེ་བར་ཡང་འགྱུར་རོ། །འདི་ནི་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་གཞན་ཡིན་ལ། དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། ལེ་ལོ་མེད་པར་གྱུར་པའོ། །མཁས་པའི་རང་བཞིན་གྱི་སྐྱེས་བུ་དག་གང་གི་ཚེ་ཆོས་བསྒྲགས་པ་ཉན་པར་བྱེད་པ་དེའི་ཚེ་ལེ་ལོའི་སྐྱོན་གྱིས་ཉན་པར་བྱེད་ན། གང་གི་ཚེ་གང་འཇིག་རྟེན་པ་དང་ འཇིག་རྟེན་ལས་འདས་པའི་དོན་མི་འགྲུབ་པའོ། །དེ་དག་ཐམས་ཅད་ཀྱང་ལེ་ལོའི་སྐྱོན་གྱིས་ཡིན་ལ། ལེ་ལོའི་སྐྱོན་ཐོས་པར་གྱུར་ནས་ཡོངས་སུ་སྤོང་བར་བྱེད་དོ། །བརྩོན་འགྲུས་བརྩམས་པ་དང་དྲན་པ་དང་ལྡན་པར་འགྱུར་བ་དང་ཤེས་བཞིན་དང་ལྡན་པ་དང་དོན་རྣམས་ཐམས་ཅད་ལ་ཡང་ལེ་ལོ་ དང་རྣམ་པར་བྲལ་བས་མྱུར་བར་བྱེད་པ་དང་དུས་སུ་བྱེད་པར་འགྱུར་བ་དང་སྡིག་པ་མེད་པར་བྱེད་པ་དང་འདོར་བ་མེད་པར་བྱེད་པ་ནི་དོན་རྣམས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་གཉིས་ལ་ཕན་པར་བྱེད་པ་པོ་ལེ་ལོ་དང་བྲལ་བ་པོ་རྟག་ཏུ་གྲིམས་པར་གྱུར་པ། བརྩོན་འགྲུས་ བརྩམས་པ་རྣམས་ནི་དོན་རྣམས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །རྩོམ་པ་ཐམས་ཅད་ཀྱང་ཡང་དག་པར་འཛིན་པར་བྱེད་དོ། །གལ་ཏེ་ཡང་འདི་ལ་བརྒྱ་ཞིག་ལ་ལེ་ལོས་སྙིང་ལ་ཞུགས་པར་གྱུར་ན་དམ་པའི་ཆོས་བསྒྲགས་པ་གང་ཡིན་པ་དེ་དེས་ཐོས་ནས། ལེ་ལོའི་སྐྱོན་དེ་དག་རྣམས་དེས་ 71-1-100b དྲན་པས་རྟག་ཏུ་ཡོན་ཏན་འཛིན་པར་འགྱུར་ཞིང་སྐྱོན་རྣམས་ལ་རྣམ་པར་སྡང་བས་ལེ་ལོ་མེ་བཞིན་དུ་སྤོང་བར་བྱེད་དོ། །མཚོན་ཆ་བཞིན་དུ་ཡང་ཡོངས་སུ་སྤོང་བར་བྱེད་དོ། །ཡང་ཇི་ལྟར་འགའ་ཞིག་གི་དོན་རྣམས་ཉམས་པ་ཉེ་བར་འབྱུང་ན་ཡང་ཐམས་ཅད་ལེ་ལོའི་སྐྱོན་གྱིས་ཡིན་ནོ། །ལེ་ལོ་ མེད་པ་དེའི་ཐོས་པའི་དོན་དང་ཐོས་པའི་དོན་རྣམས་འགྲུབ་པའོ། །འདི་ནི་དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་གཞན་ཡིན་ནོ། །དམ་པའི་ཆོས་བསྒྲགས་པའི་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། བྱས་པ་ཤེས་པར་གྱུར་པའོ། །ཆོས་གཞན་ ཡང་གཞན་རྣམས་ཐོས་པར་གྱུར་ནས་བྱས་པ་རིག་པ་དང་དེ་ཁོ་ན་ཉིད་ཤེས་པ་དང་བྱས་པ་ཤེས་པའི་ཡང་ཡོན་ཏན་རྣམས་ཐོས་ནས་ཆོས་སྒྲོགས་པ་ལས་རྟག་པ་ཉིད་དུ་བྱས་པ་ཤེས་པར་འགྱུར་རོ། །བྱས་པ་ཤེས་པ་བྱས་པ་རིག་པར་གྱུར་པ་དེའི་གྲོགས་པོ་ཐམས་ཅད་ཤིན་ཏུ་བརྟན་ པར་འགྱུར་རོ། །སྐྱེས་བུ་གང་དག་གིས་འདི་ལ་ཡང་གྲོགས་པོར་ཁས་མ་བླངས་པར་གྱུར་པ་དེ་དག་རྣམས་ཐམས་ཅད་ཀྱང་གྲོགས་པོ་ཉིད་དུ་འགྱུར་རོ། །ཡོན་ཏན་དང་ལྡན་པ་འདི་ཞེས་བྱས་ནས་གང་དག་ལ་འདི་ལ་ཕན་པ་ཆུང་ངུས་བྱས་པར་གྱུར་པ་དེ་ཡང་དྲན་པར་བྱེད་དོ། །དེ་ བྱས་པ་ཤེས་པ་དེ་དང་ལྡན་པར་གྱུར་པས་ཡོན་ཏན་ཆེན་པོ་རྣམས་ཐོབ་པར་འགྱུར་ཏེ་ཐམས་ཅད་མཁྱེན་པ་ཉིད་དོ། །དམ་པའི་ཆོས་བསྒྲགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་དག་ཞེ་ན་འདི་ལྟ་སྟེ། རྟག་ཏུ་འཆི་བ་རྗེས་སུ་དྲན་པར་བྱེད་པའོ། །རྗེས་སུ་དྲན་པ་དེ་ དག་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་འདི་ལྟ་སྟེ། འཆི་བ་རྗེས་སུ་དྲན་པའོ། །འཆི་བ་དཔྱད་པས་ཟིལ་གྱིས་མནན་པས་ནི་སེམས་ཅན་རྣམས་ཐམས་ཅད་འཇིགས་པ་དང་བཅས་པར་འགྱུར་རོ། །འཇིགས་པ་དང་བཅས་པར་གྱུར་ནས་ནི་དོན་མ་ཡིན་པ་རྣམས་ནི་མི་བྱེད་དོ། །མིག་གིས་གཟུགས་ རྣམས་མཐོང་ནས་ཀུན་ཏུ་ཆགས་པར་མི་བྱེད་དོ། །ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །རྣ་བས་སྒྲ་རྣམས་ཐོས་པར་གྱུར་ནས་ཀུན་ཏུ་ཆགས་པར་མི་བྱེད་དོ། །ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །ལྕེས་རོ་རྣམས་མྱངས་པར་གྱུར་ནས་ཀུན་ཏུ་ཆགས་པར་མི་འགྱུར་ཞིང་ཀུན་ཏུ་རྟོག་པར་ཡང་མི་བྱེད་ 71-1-101a དོ། །ལུས་ཀྱིས་རེག་བྱ་རྣམས་ལ་རེག་པར་གྱུར་ནས་ཀུན་ཏུ་ཆགས་པར་མི་འགྱུར་ཞིང་ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །ཡིད་ཀྱིས་ཆོས་རྣམས་རིག་པར་གྱུར་ནས་ཀུན་ཏུ་ཆགས་པར་མི་བྱེད་ལ་ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །དེ་ལྟར་སྲིད་པའི་དྲ་བ་འདི་དག་རྣམས་ ཐམས་ཅད་ཀྱང་ཀུན་ཏུ་གཅོད་པར་བྱེད་དོ། །སྐྱེས་བུ་འཆི་བའི་འཇིགས་པས་འཇིགས་པར་འགྱུར་བ་དེས་འཇིགས་ན་འདི་དག་རྣམས་ཐམས་ཅད་ལ་ཡང་སྙིང་པོ་ཐམས་ཅད་མེད་པར་མཐོང་ངོ ། །ཐམས་ཅད་ཀྱང་སྡུག་བསྔལ་དུ་མཐོང་ངོ ། །ཐམས་ཅད་བདག་མེད་པར་མཐོང་ངོ ། ། ཐམས་ཅད་སྟོང་པར་མཐོང་ངོ ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེས་འགའ་ཞིག་ལ་ཡང་ཆགས་པ་མེད་པས་ལྷའི་འཇིག་རྟེན་རྣམས་ལ་ཆགས་པ་དང་མི་ལྡན་ནོ། །མིའི་འཇིག་རྟེན་རྣམས་ལ་ཡང་ཆགས་པར་མི་འགྱུར་རོ། །ཅིའི་ཕྱིར་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་ ལ་འབྱུང ། དེ་ནི་འགྲོ་བ་ལྔ་ལས་ཆགས་པ་རྣམས་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཐམས་ཅད་ལས་ངེས་པར་བྱུང་བ་ཐམས་ཅད་ལ་འཇིགས་པ་འཆི་འཕོ་དང་སྐྱེ་བས་བྱས་པའི་སྡུག་བསྔལ་རྣམས་ཀྱིས་ཡིད་འབྱུང་བར་འགྱུར་རོ། །འདོད་ཆགས་དང་རྣམ་པར་བྲལ་བ་དེ་རྣམ་པར་གྲོལ་བར་འགྱུར་ རོ། །རྣམ་པར་གྲོལ་བ་ལས་ཀྱང་རྣམ་པར་གྲོལ་བའི་ཡེ་ཤེས་ཉིད་འབྱུང་བ་ཡིན་ཏེ། ཇི་ལྟར་ངའི་ཚངས་པར་སྤྱོད་པ་ནི་སྤྱད་དོ་བྱ་བ་ནི་བྱས་སོ། །བདག་གི་སྲིད་པ་གཞན་ནི་རབ་ཏུ་མི་ཤེས་སོ། །དེ་ལྟར་བསྟན་པའི་ཡོན་ཏན་དེ་དག་རྣམས་ཇི་ལྟར་ངའི་ཚངས་པར་སྤྱོད་པ་ནི་སྤྱད། བྱ་བ་རྣམས་ནི་ དམ་པའི་ཆོས་ཉན་པ་དང་དགེ་བའི་བཤེས་གཉེན་སྟེན་པར་བྱེད་པ་མ་གཏོགས་པར་གཞན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱིས་རབ་ཏུ་བརྩོན་པ་ཐམས་ཅད་ཀྱིས་གནས་སྐབས་ཐམས་ཅད་དུ་དམ་པའི་ཆོས་སྒྲོགས་པ་མཉན་པར་བྱའོ། །འཁོར་བ་ན་འཇིག་རྟེན་གཉིས་སུ་ཕན་པ་དེ་ དག་རྣམས་ཐམས་ཅད་ནི་འདི་ལྟ་སྟེ། དམ་པའི་ཆོས་སྒྲོགས་པ་རྣམས་དང་དགེ་བའི་བཤེས་གཉེན་བསྟེན་པ་ཡིན་ལ། འདི་དག་གཉིས་སྲིད་པ་གཉིས་སུ་བདེ་ལེགས་རྣམས་འཐོབ་པར་འགྱུར་རོ། །དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་དག་ཞེ་ན་འདི་ལྟ་སྟེ། 71-1-101b འཆི་བའི་དུས་ན་ཡང་འགྱོད་པ་མེད་པར་འགྱུར་བའོ། །དམ་པའི་ཆོས་སྒྲོགས་པ་ཐོས་པའི་དོན་གྱིས་སྐྱེས་བུ་དམ་པ་རྣམས་ཐམས་ཅད་ཀྱང་འཆི་བ་རྗེས་སུ་དྲན་པ་སྒོམ་པར་བྱེད་དོ། །སྐྱོན་གང་དག་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བའི་སྐྱོན་དེ་ཡོངས་སུ་སྤང་བར་བྱ་བ་འདོད་ ཆགས་དང་ཞེ་སྡང་དང་གཏི་མུག་དང་དྲི་མ་གསུམ་པོ་དེ་དག་ཀྱང་འཁོར་བའི་རྒྱུ་རྣམས་ཡིན་ནོ། །དེ་དག་རྣམས་ཡོངས་སུ་བཅད་པར་གྱུར་ན་ནི་སླར་ཡང་མི་སྐྱེའོ། །འཆི་བར་མི་བྱེད་དོ། །འཆི་འཕོ་བར་མི་འགྱུར་རོ། །ངེས་པར་སྐྱེ་བར་མི་འགྱུར་རོ། །དེ་ལ་ཡོན་ཏན་དེ་དག་རྣམས་ ནི་དམ་པའི་ཆོས་ཉན་པ་ལས་མ་གཏོགས་པར་གཞན་དག་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་མཆོག་ཏུ་བདེ་ལེགས་ཀྱི་རྩ་བ་ཁོ་ནར་གྱུར་པ་དུས་བཟངས་འདིས་བཅོམ་ལྡན་འདས་གསེར་ཐུབ་ཀྱིས་གསུངས་པའི་མདོ་ལྷ་དེ་དག་རྣམས་ལ་བཤད་དོ། །དམ་པའི་ཆོས་སྒྲོགས་པ་དང་ལྡན་པ་ལ་དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། འཆི་བའི་དུས་སུ་མི་འགྱོད་པའོ། །གང་ཡང་དམ་པའི་ཆོས་བསྒྲགས་པ་ཐོག་མའི་དོན་དང་ལྡན་པ་དང་དེ་བྱེད་པ་དང་དེ་དག་ཀྱང་འཆི་བའི་དུས་ན་འགྱོད་པར་མི་འགྱུར་རོ། །གང་འགའ་ཞིག་གིས་ལེགས་པར་ བྱ་བ་བྱས་པར་གྱུར་པ་དེ་དག་ནི་འཆི་བའི་དུས་ན་རབ་ཏུ་རྣམ་པར་འགྱོད་པར་མི་འགྱུར་རོ། །གང་དང་གང་གིས་དམ་པའི་ཆོས་བསྒྲགས་པ་འདིའི་དོན་འདི་ཐོས་པར་གྱུར་པ་དེ་ཡང་གང་གི་ཚེ་འདི་ལ་མངོན་དུ་འགྱུར་རོ། །དེའི་ཚེ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་དག་མངོན་པར་མཐོང་ནས་སངས་རྒྱས་དང་ ཆོས་དང་དགེ་འདུན་རྣམས་ལ་ཕྱིར་ཞིང་ཉིད་ཀྱང་ཤིན་ཏུ་ལྷག་པར་ཀུན་ནས་རབ་ཏུ་དང་བར་འགྱུར་རོ། །དེ་ལ་འདིའི་སེམས་རབ་ཏུ་དང་བར་གྱུར་པས་མཆོག་ཏུ་ཁྲག་ཀུན་ནས་རབ་ཏུ་དང་བར་འགྱུར་རོ། །དེ་རབ་ཏུ་དང་བར་གྱུར་པས་བཞིན་གྱི་མདོག་རབ་ཏུ་དང་བར་འགྱུར་རོ། །དེའི་སེམས་རབ་ཏུ་དང་བར་ གྱུར་པས་ལུས་ཀྱང་རབ་ཏུ་དང་བར་མཐོང་ངོ ། །གང་དག་སྣང་བ་ཁོ་ནར་མཐོང་བ་དེ་དག་ནི་དཀར་པོ་ནས་དཀར་པོ་སྣང་བ་དགའ་བར་འགྱུར་བའི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེས་དེ་དག་རྣམས་མངོན་པར་མཐོང་ནས་ཕྱིར་ཉིད་ཀྱང་ཤིན་ཏུ་ལྷག་པར་ཇི་ལྟ་བར་རབ་ཏུ་དང་བར་འགྱུར་ཏེ། ཇི་ལྟ་ཇི་ 71-1-102a ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་རབ་ཏུ་དང་བར་གྱུར་པ་དེ་ལྟ་དེ་ལྟར་ཆེས་ལྷག་པའི་ལྷའི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་རྒྱལ་ཆེན་བཞིར་སྐྱེ་བ་ཀུན་ཏུ་འཕེན་པར་འགྱུར་བའི་ལས་བྱས་པར་གྱུར་ན། དེའི་སེམས་རབ་ཏུ་དང་བར་གྱུར་པ་ཉིད་ལས་ སུམ་ཅུ་རྩ་གསུམ་པ་རྣམས་སུ་སྐྱེ་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་བྱས་པར་གྱུར་ན། དེ་འཐབ་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་དགའ་ལྡན་དུ་སྐྱེ་བར་འགྱུར་བའི་ལས་བྱས་པར་གྱུར་ན་དེ་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་དུ་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་སེམས་ཀྱི་འཕེན་པ་དང་རབ་ཏུ་དང་བར་གྱུར་པའི་དབང་གིས་ཇི་སྲིད་དུ་དེས་ཤིས་པའི་གནས་འདི་དག་རྣམས་འཐོབ་པར་འགྱུར་རོ། །དེ་དག་རྣམས་ཐམས་ཅད་ཀྱང་ཐོས་པ་ ལས་ཡིན་གྱི་མ་ཐོས་པས་ནི་མ་ཡིན་ནོ། །ཐོས་པ་དེ་ཡང་དམ་པའི་ཆོས་བསྒྲགས་པ་ལས་ཡིན་གྱི། གཞན་རྣམས་ལས་ནི་མ་ཡིན་ནོ། །འདི་ནི་ཡོན་ཏན་གཞན་ཡིན་ཏེ། དམ་པའི་ཆོས་སྒྲོགས་པ་ནི་འཆི་བའི་དུས་ན་སྐྱོབ་པར་གྱུར་པ་དང་སྐྱབས་སུ་གྱུར་པ་དང་ངེས་པར་འབྱུང་བར་འགྱུར་བ་ རྣམས་ནི་དམ་པའི་ཆོས་སྒྲོགས་པ་ལས་ཡིན་ནོ། །དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །འདི་ཡང་གང་ཞེ་ན་འདི་ལྟ་སྟེ། མཐར་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ། །ཡོན་ཏན་གཞན་རྣམས་ཐམས་ཅད་ཀྱི་སྟེང་དུ་འཕགས་པ་ཡིན་ནོ། །འདི་ཡང་གང་ཞེ་ན་ འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའོ། །ཆོས་ཐོས་པ་དེ་ཉིད་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ཇི་སྐད་བརྗོད་པ་དེ་བཞིན་དུ་བྱེད་པར་འགྱུར་བས་ལེགས་པར་རང་བཞིན་དུ་གནས་པར་གྱུར་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ངེས་པ་ཁོ་ནར་ཉོན་མོངས་པ་རྣམས་ཟད་པར་བྱས་ནས་མྱ་ ངན་ལས་འདས་པ་ཀུན་ཏུ་ཐོབ་པར་འགྱུར་རོ། །དེ་ལྟར་ངང་པ་རྣམས་ཀྱི་མངའ་བདག་དུས་བཟངས་འདིས་བག་མེད་པ་རྣམས་ཀྱིས་བག་མེད་པར་རྒྱུ་བའི་ལྷ་དེ་དག་རྣམས་ཀྱང་ངོ་མཚར་བར་བྱེད་པའི་དབྱངས་མཚུངས་པ་མེད་པར་གྱུར་པས་གཙུག་ལག་གི་ཆོས་སྟོན་པར་བྱེད་དོ། །དེ་ནས་ལྷ་དེ་ 71-1-102b དག་རྣམས་ཀྱིས་གཙུག་ལག་གི་ཆོས་དེ་ཐོས་པར་གྱུར་ནས། རབ་ཏུ་རྣམ་པར་དང་བར་གྱུར་པའི་ཡིད་ཐམས་ཅད་ལ་སྐྱེས་ནས་དེ་ལ་དེ་དག་རྣམས་ཀྱིས་འདི་སྐད་ཅེས་བརྗོད་དེ། ཡང་ཇི་ལྟར་ཁྱོད་ཁོ་ན་འདི་ན་ལྷ་ཡིན་ཏེ། གང་ལ་ཡང་རྣམ་པ་འདི་འདྲ་བའི་བློ་དང་སྒྲུབ་པ་མེད་པའི་ཕྱིར་རོ། ། བདག་ཅག་རྣམས་ནི་དུད་འགྲོ་ཡིན་ཏེ་བག་མེད་པས་རྣམ་པར་བཅོམ་པ་དང་ཡུལ་རྣམས་ལ་དཔུང་གཉེན་དུ་བྱེད་པས་རྟག་ཏུ་ཡང་སྲེད་པས་ཉེ་བར་བཅོམ་པའི་སེམས་གང་ལ་ཡང་རྣམ་པ་དེ་ལྟ་བུ་ཉིད་ནི་མེད་དེ། བདག་ཅག་རྣམས་ཐམས་ཅད་ཀྱིས་གུས་པ་ཐམས་ཅད་ཀྱིས་གླུ་བླངས་པར་ གྱུར་ཀྱང་རྣམ་པ་ཇི་སྲིད་པར་གྱུར་པའི་དབྱངས་དེ་དག་རྣམས་ནི་མི་འབྱུང་ངོ ། །དེ་ནས་དེའི་དུས་འདིར་ངང་པ་རྣམས་ཀྱི་མངའ་བདག་དེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ། ཇི་ལྟར། དམ་ཆོས་བྱིན་རླབས་དང་ལྡན་པ། །ཆོས་བསྒྲགས་གནས་པའི་དབང་ཇི་བཞིན། །དམ་ཆོས་ བསྒྲགས་པ་ཐོས་ནས་ནི། །སྡིག་པ་རྣམ་སྤོང་སྐྱེས་བུ་དེ། །དགའ་བས་ལེགས་པར་རབ་ཏུ་བསྒྲུབ། །རྟག་པར་ཡང་ནི་སྐྱེད་པར་བྱེད། །དམ་ཆོས་བསྒྲགས་པ་ཐོས་ནས་ནི། །ཡིད་ནི་ཚིམ་པར་འགྱུར་བ་ཡིན། །དགེ་བའང་ཤིན་ཏུ་ཆེན་པོ་ནི། །རྒྱུད་ལ་ཀུན་ནས་རབ་ཏུ་འཇོག་། ཐོས་ནས་ཆོས་ནི་འཛིན་པར་འགྱུར། །ཐོས་ནས་སྡིག་པ་མི་བྱེད་དོ། །ཐོས་ནས་ལས་དང་འབྲས་བུ་ཤེས། །དེ་ནི་མྱ་ངན་འདས་པར་འགྲོ། །ཐོས་ནས་ཆོས་ལ་རྟོགས་པ་དང ། །ཐོས་ནས་སངས་རྒྱས་ལ་རབ་དང ། །ཐོས་ནས་སྡུག་བསྔལ་རྣམ་གྲོལ་བའི། །མི་གང་དེ་ནི་མཁས་པ་ ཡིན། །ཆོས་བསྒྲགས་དེ་ཉིད་ཤེས་པ་ནི། །ཐོས་པས་ཡིད་ཅན་རྣམས་ལ་འགྱུར། །དེ་ཕྱིར་རབ་འབད་ཐོས་པའི་བློ། །རབ་ཏུ་བརྩོན་པས་བྱ་བར་གྱིས། །ཐོས་ནས་འཁོར་བ་ལས་ཁ་ཕྱིར། །གཏམ་ནི་བདེ་བར་གཤེགས་པས་གསུངས། །སྲིད་པ་རྣམ་པ་གསུམ་བཅོམ་ནས། །གོ་འཕང་ ཉམས་པ་མེད་པར་འགྲོ། །རབ་ཏུ་བརྩོན་པ་རྣམ་བཞི་ཡིས། །སྐྱེ་འགག་མེད་པའི་ཆོས་རྣམས་ནི། །ཐོས་ནས་ས་བོན་ཐམས་ཅད་པ། །དེ་ཐོས་སྐྱེས་བུས་རྣམ་པར་བསྒོམ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱི། །གང་ཕྱིར་མཚན་ཉིད་དེ་གཉིས་དག་།ཐོས་ནས་ཀྱང་ནི་ཐམས་ཅད་ཤེས། །དེ་ཕྱིར་ཤེས་ 71-1-103a རབ་མཆོག་ཡིན་ནོ། །གང་ཡང་འཁོར་བར་ཀུན་འཆིང་བའི། །རབ་ཀྱི་སྟོབས་ལྡན་སྐྱོན་དེ་དག་།དམ་ཆོས་ཐོས་པ་རྣམས་ཀྱིས་ནི། །དེ་ནི་ལྷག་མ་མེད་པར་འཇོམས། །སྐད་ཅིག་མ་ལུས་པར་རབ་འཇུག་།ལྷག་མ་མ་ལུས་པར་ཡང་ལྡོག་།ཐོས་དང་ལྡན་པས་རབ་ཏུ་ ཤེས། །དེ་ཕྱིར་ཐོས་པ་བླ་ན་མེད། །འཆི་བའི་དུས་སུ་ཕྱིན་པ་ཡི། །ཚོར་བས་གཟིར་བའི་ལུས་ཅན་རྣམས། །ཇི་ལྟར་ཐོས་པ་ལ་དམིགས་ཏེ། །ཅུང་ཟད་སྙིང་ལ་སྐྱེས་པ་ཡིན། །ཐོས་པའི་མེ་ཡིས་མ་ལུས་ཀུན། །ཉོན་མོངས་ཤིང་ནི་གང་བསྲེགས་པའི། །དེ་དག་སླར་ཡང་འབྱུང་བ་ནི། ། ནམ་ཡང་དམིགས་པ་མ་ཡིན་ནོ། །བག་ཡོད་པ་ཡིས་བསྲེགས་པའི་ཡང ། །བདེ་ལས་བདེ་བ་ཐམས་ཅད་འབྱུང ། །ཐོས་པའི་གཞི་ལས་བདེ་ལེགས་ཡིན། །དེ་ཕྱིར་ཐོས་པ་མཆོག་ཡིན་ནོ། །དམ་ཆོས་བསྒྲགས་པ་མཉན་ནས་ནི། །སྤེལ་ལ་ཉེར་བསྟེན་མཁས་པ་ཡང ། །རྒ་དང་འཆི་ བ་སྤངས་པ་ཡི། །བླ་ན་མེད་པའི་གནས་སུ་འགྲོ། །ཐོས་པས་སྡིག་པ་མི་བྱེད་ཅིང ། །ཐོས་པས་ཆོས་ལ་འཇུག་པར་བྱེད། །ཐོས་ནས་སྡུག་བསྔལ་ལས་རྣམ་གྲོལ། །དེ་ཕྱིར་ཐོས་པ་གཙོ་བོ་ཡིན། །ལུས་ངག་ཡིད་གསུམ་དག་པ་ནི། །ལུས་ཅན་རྣམས་ཀྱི་ཐོས་པས་ཡིན། །དེ་ཕྱིར་ལེགས་ པར་དག་འདོད་གང ། །དེས་ནི་གུས་པར་མཉན་པར་བྱ། །ཐོས་པའི་གྲུ་ལ་ལེགས་བརྟེན་ནས། །བརྩོན་འགྲུས་བརྟན་པོས་ཕ་རོལ་གནོན། །རྣམ་པ་སྣ་ཚོགས་ཆེ་རྒྱས་པར། །སྐྱེས་བུ་མྱུར་དུ་སྒྲོལ་བར་འགྱུར། །ཐོས་པས་ཕྱུག་པའི་སྐྱེས་བུ་ནི། །ནོར་རྣམས་ཀུན་ཏུ་ལྡན་པར་བརྗོད། ། ཐོས་མེད་དོན་གྱི་ནོར་ལྡན་པ། །དེ་དབུལ་རབ་ཏུ་སངས་རྒྱས་གསུང ། །དམ་ཆོས་ནོར་ནི་ཉམས་པ་དང ། །བླ་མ་ཡང་ནི་སྤངས་པ་ཡི། །གསོན་པའི་འབྲས་བུ་མེད་པ་དང ། །སྡིག་པས་ཀྱང་ནི་བཅོམ་པར་འདོད། །བག་མེད་པ་དང་ལེ་ལོ་ཅན། །སྡིག་པའི་གྲོགས་ཀྱི་ལུས་ཅན་རྣམས། །གསོན་ པ་འབྲས་མེད་མིག་གི་ནི། །འབྲས་བུ་གཞན་གྱིས་བཏོན་པ་བཞིན། །ཐོས་པའི་མིག་དང་རྣམ་བྲལ་བ། །དམུས་ལོང་ཞེས་ནི་མངོན་པར་བརྗོད། །གང་ཡང་ཆོས་ནི་ཡོངས་བོར་ནས། །ཆོས་མིན་པ་ལ་རྗེས་གནས་པ། །དེ་ནི་སྨན་རྣམས་ཡོངས་བོར་ནས། །ནད་ཉིད་ཉེ་བར་སྟེན་པ་ 71-1-103b ཡིན། །བསྟེན་པ་ཉིད་ཀྱང་སྐྱེས་བུ་དེས། །ཆོས་ནི་རྣམ་པ་དུ་མར་སྤེལ། །ཆར་རྣམས་དང་ནི་ཚོགས་པ་ལས། །ཆུ་ཀླུང་རབ་ཏུ་འཇུག་པ་ལྟར། །ཆོས་ལ་སྤྱོད་པ་རབ་ཞིའི་བདག་།དུས་སུ་ལྡང་དང་མཉམ་པར་བཞག་།ངེས་པར་བདེ་བའི་སྐལ་ལྡན་འགྱུར། །བག་མེད་ པས་ཀྱང་བསླུས་པ་མིན། །དེ་ཕྱིར་ཤེས་རབ་ཡོན་ཏན་དུ། །ཤེས་ཀྱིས་མཁས་པས་ཤེས་རབ་སྟེན། །ཤེས་མིན་གང་དག་ལེགས་ལྡན་པའི། །བདེ་བའི་སྐལ་ལྡན་སྐྱེ་འགག་མེད། །དེ་ལྟར་དུས་བཟངས་དེས་ལྷ་དེ་དག་རྣམས་ཀྱི་དགེ་བའི་རྩ་བ་དེ་སྙིང་ལ་ལེགས་པར་ འཇུག་པར་བྱེད་དོ། །རབ་ཏུ་འགོད་པར་བྱེད་དོ། །ལན་ཅིག་དང་ཕྱོགས་གཅིག་མ་ཡིན་པར་ཡང་ཕན་པར་གྱུར་པ་རྣམས་ཉེ་བར་སྡུག་པར་བྱེད་ལ། མི་ཕན་པ་རྣམས་དང་བྲལ་བར་བྱེད་དོ། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་གཙུག་ལག་གི་ཆོས་རྣམས་སྟོན་ པར་བྱེད་དོ། །དེ་ནས་ལྷ་དེ་དག་གིས་དེའི་དྲུང་ནས་ཆོས་དེ་དག་ཐོས་པར་གྱུར་ནས་གུས་པ་ལེགས་པར་སྐྱེས་པས་ཚིམ་པར་གྱུར་པའི་ཡིད་ཀྱིས་སླར་ཉིད་ཀྱང་བག་མེད་པ་ཞེན་པར་གྱུར་པའི་ལུས་ལྷན་ཅིག་པའི་སྐྱོན་གྱིས་རྩེད་མོ་རྩེ་འདོད་པས་གཞན་དུ་འགྲོ་བར་བྱེད་དོ། །དུས་བཟངས་ཀྱང་ བཅོམ་ལྡན་འདས་གསེར་ཐུབ་ཀྱིས་གསུངས་པའི་དམ་པའི་ཆོས་སྒྲོགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ཡོན་ཏན་དུ་མ་དང་ལྡན་པ་དེ་བཤད་ནས་ཡུལ་གཞན་ལ་ཆོས་ཁོ་ན་སེམས་པར་བྱེད་པས་ཀུན་ཏུ་གནས་སོ། །བཅོམ་ལྡན་འདས་གསེར་ཐུབ་ཀྱིས་གསུངས་པའི་མདོ་ཡོན་ཏན་སུམ་ཅུ་དང་ ཡང་དག་པ་ལྡན་པའི་དམ་པའི་ཆོས་སྒྲོགས་པའི་སྙིང་པོ་ཞེས་བྱ་བ་རྫོགས་སོ།། ་་་།།འཐབ་བྲལ་བ་རྣམས་ཀྱི་ས་རཱ་ཛ་ནི་དེ་ན་རྒྱུ་བར་བྱེད་པའི་ལྷ་དེ་དག་རྣམས་ཀྱང་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བ་བྱས་ཤིང་བསགས་པར་གྱུར་པའི་ལས་དེ་ཟད་པར་མ་གྱུར་གྱི་བར་དེ་ སྲིད་དུ་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་དང་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔས་དགའ་བར་བྱེད་དོ། །གང་གི་ཚེ་དེ་དག་ཟད་པར་གྱུར་པ་དེའི་ཚེ་ཉེས་པར་བྱས་པའི་ལས་རྣམས་ཀྱིས་སླར་ཉིད་ཀྱང་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་ཡང་མི་ 71-1-104a རྣམས་དང་སྐལ་བ་འཐུན་པར་གྱུར་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མིར་སྐྱེས་པར་གྱུར་ན། དེ་ཕུན་སུམ་ཚོགས་པར་གྱུར་ལ་མཆོག་ཏུ་སྐྱིད་པའི་སྐལ་བ་ཅན་དང ། མཆོག་ཏུ་བདེ་བར་གྱུར་པ་དང ། རྒྱུན་དུ་དམ་པའི་ཆོས་ རྣམས་མཉན་པར་འདོད་པ་དང ། ཆོས་པའི་མཆོག་ཏུ་གྱུར་པ་དང ། ཡིད་གཞུངས་པ་དང ། ཡང་དག་པའི་ལྟ་བ་ཅན་དང ། རྒྱལ་པོའམ་རྒྱལ་པོའི་བློན་པོར་ཡང་ལས་དེའི་རྒྱུ་འཐུན་པས་འགྱུར་རོ། །རཱ་ཛ་ནི་ན་རྒྱུ་བ་ཞེས་བྱ་བའི་ས་རྫོགས་སོ།། ་་་།། གཞན་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱིས་ལ་ཀུན་ཏུ་ལྟ་བར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་རང་བཞིན་གྱི་ཤེས་རབ་ཀྱིས་འཐབ་བྲལ་བའི་ལྷ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བ་ཞེས་བྱ་བ་ཇི་ལྟར་ཡོད་ པ་དེ་མཐོང་ངོ ། །ས་དེར་ཡང་ལས་གང་གིས་སེམས་ཅན་རྣམས་སྐྱེ་བར་འགྱུར་བ་ཡང ། དེས་ཇི་ལྟ་བ་བཞིན་དུ་མཐོང་བ། སྐྱེས་བུ་དམ་པ་གང་གིས་དགེ་ལེགས་བྱེད་པར་གྱུར་པས། ལུས་དང ། ངག་དང ། ཡིད་ཀྱི་ལས་རྣམས་དགེ་བ་ལ་རབ་ཏུ་ཞུགས་པ་ ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང ། གཞན་གྱིས་བཀྲི་བར་མི་འགྱུར་བ་དང ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་འཚོ་བ་དང་ལྡན་པས་ཉེ་འཁོར་ཀུན་ནས་མཆོག་ཏུ་དྲི་མ་མེད་པར་སྤྱོད་པར་གྱུར་ཅིང ། དྲང་པོ་དང་དྲང་པོའི་རང་བཞིན་ཅན་དུ་གྱུར་པས། སེམས་ ཅན་རྣམས་ལ་མངོན་པར་ཞེན་པར་གྱུར་པའི་བློར་གྱུར་པས། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་རྣམས་ནི་སྤངས་པར་གྱུར་ཅིང ། འདོད་པ་ལ་ལོག་པར་གཡེམ་པ་ཡང་སྤངས་པར་གྱུར་པ་ལ་འདི་ལྟ་སྟེ། རྨི་ལམ་ན་ཡང་བུད་མེད་མཐོང་བར་གྱུར་ནས་མངོན་པར་ཞེན་པར་མི་ བྱེད་དོ། །དེ་དང་ལྷན་ཅིག་ཏུ་བགྲོད་པར་ཡང་མི་བྱེད་དོ། །ཉིན་མོ་ཡང་གཞན་རྣམས་དང་ཡིད་ཀུན་ཏུ་རྙོག་པ་དང་བཅས་པས་ཡོངས་སུ་རྣམ་པར་རྟོག་པར་མི་བྱེད་དོ། །ཇི་ལྟ་བར་བདག་གིས་འདོད་པ་རྣམས་ལ་ལོག་པར་གཡེམ་པ་དག་དེ་ལྟར་ཡོངས་སུ་སྤང་བར་བྱས་པར་ 71-1-104b གྱུར་ན། ཇི་ལྟར་མཆོག་ཏུ་རྣམ་པར་དག་པའི་འབྲས་བུ་རྣམས་བདག་ལ་འབྱུང་བར་འགྱུར་ཏེ། ང་ཉིད་ཀྱིས་འདོད་པ་ལོག་པར་གཡེམ་པ་འདི་རྣམ་པར་སྤངས་པའི་རྒྱུས་བདག་ལྷར་ཡང་འགྱུར་ལ་ལྷ་གཞན་དག་རྣམས་སུ་ཡང་རུང་སྟེ། དེས་ལྷའི་བུ་མོའི་ ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་བར་བདག་འབྱུང་བར་འགྱུར་ཞིང ། ལྷའི་ཡང་བུད་མེད་ཀྱི་མཆོག་རྣམས་ལ་བདག་ཉེ་བར་ལོངས་སྤྱོད་པར་འགྱུར་གྱི་མིའི་ནི་མ་ཡིན་ནོ། །དེ་ལྷའི་བུ་མོ་རྣམས་གང་ཡིན་པ་ཁོ་ནའི་བསམ་པས་དེ་ནི་རྙོག་པ་དང་བཅས་པའི་ཚངས་ པར་སྤྱད་པ་སྤྱོད་པར་འགྱུར་རོ། །ཇི་ལྟར་བདག་ལ་ལྷ་དེ་ཉིད་ཀྱིས་ཀྱང་བྱ་བ་མེད་ཀྱི། གལ་ཏེ་འདིར་བདག་གིས་འདོད་པ་ལ་ལོག་པར་གཡེམ་པ་རྣམ་པར་སྤངས་པར་མ་གྱུར་པ་ནི། ཇི་ལྟར་གང་དག་གིས་བུད་མེད་རྣམས་དང ། སྔོན་ཡང་ལྷན་ཅིག་ཏུ་བགད་ཅིང་ བསྒྱིངས་ལ་རྩེས་པ་དང་ཡོངས་སུ་སྤྱོད་པ་དེ་དག་རྣམས་ནི་ཡང་དག་པའི་འགྲོ་བར་སྐྱེ་བར་འགྱུར་བའི་ལེགས་པ་མ་ཡིན་ནོ། །དེ་གང་གི་ཚེ་སྔོན་བུད་མེད་རྣམས་དང་ཉེ་བར་ལོངས་སྤྱད་པར་གྱུར་པའི་ལྷན་ཅིག་ཏུ་བགད་པ་དང་བསྒྱིངས་པ་དང་རྩེས་པ་དེ་ཡང་ཡིད་ཀྱིས་རོ་མྱོང་བར་མི་ བྱེད་དོ། །ཀུན་ཏུ་རྟོག་པར་ཡང་མི་བྱེད་དོ། །འདུན་པའི་འདོད་ཆགས་ཡིད་ལ་སྐྱེས་པར་གྱུར་ན་ཡང་འགོག་པ་ལ་བརྩོན་པར་བྱེད་དོ། །དེའི་ཚེ་འབད་པར་བྱེད་དེ། བགད་པ་དང་བསྒྱིངས་པ་དང་ཡོངས་སུ་སྤྱོད་པར་གྱུར་པའི་རྣམ་པར་རྟོག་པ་རྙིང་པ་གང་ཡིན་པ་བདག་ལ་སྐྱེས་ པ་རྣམས་དང ། སོ་སོར་ཉེ་བར་ལོངས་སྤྱད་པའི་བུད་མེད་རྙིང་པ་རྣམས་ལ་ཡང་རྣམ་པར་རྟོག་པས་རྟོག་པར་མི་བྱེད་དེ། སྐྱེས་པ་རྣམས་ལ་ཡང་ངེས་པར་བརྩོན་པར་བྱེད་དོ། །སྐྱེས་བུ་དམ་པ་དེ་ལས་དེ་དག་གིས་ལུས་ཞིག་པར་གྱུར་ནས་ཤི་བའི་འོག་ཏུ་མཐོ་རིས་བདེ་འགྲོའི་འཇིག་རྟེན་ འཐབ་བྲལ་གྱི་ལྷ་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་རྣམ་པར་བཀྲ་བའི་ས་ལ་སྐྱེ་བར་འགྱུར་རོ། །དེར་སྐྱེས་པ་འདི་ཡང་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་སྤྱོད་པར་གྱུར་པའི་ལེགས་པར་སྨིན་པའི་དགེ་བའི་ལས་རྣམས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པས། འདོད་པའི་ཡོན་ཏན་ལྔ་ 71-1-105a དང་ཡང་དག་པར་ལྡན་པ་ཇི་ལྟར་གང་ཁོ་ནར་ལྷ་དེ་སྐྱེས་པར་གྱུར་པ་རྣམས་ལས། རེ་ཞིག་དང་པོ་ཁོ་ནར་ཐམས་ཅད་ནས་རིན་པོ་ཆེའི་འོད་ཟེར་གྱིས་ཐམས་ཅད་རྣམ་པར་བཀྲ་བར་གྱུར་པ་དེའི་མཐོ་རིས་ཀྱི་ཡུལ་དེ་དག་ཡིན་ནོ། །དེ་ལ་ལྷ་དེའི་ལེགས་པར་བྱས་པའི་ལས་ ཀྱིས་གསར་དུ་རིན་པོ་ཆེ་འདི་དག་རྣམས་རབ་ཏུ་འབྱུང་བ་ཡིན་ནོ། །འདི་ལྟ་སྟེ། ཉེ་འཁོར་རྣམས་ན་རྡོ་རྗེ་རྣམ་པ་དུ་མ་དང ། རིའི་རྩེ་མོ་ལ་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་རྣམས་ལ། ཇི་ལྟར་བཻ་ཌཱུརྱ་དང་སྔོན་པོ་དང་སྔོན་པོ་ཆེན་པོ་དང་ཤེལ་དང་མུ་སཱ་ར་གལྦ་དང་པད་ མ་རཱ་ག་དང་མ་ར་ག་ཏ་མཆུ་ལྟུང་བ་རྣམས་དང ། དེ་བཞིན་དུ་གཞན་དག་ཀྱང་ལྷ་རྫས་ཀྱི་ལས་ཀྱི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་སྐྱེས་པར་གྱུར་པའི་རིན་པོ་ཆེའི་རྣམ་པ་བརྒྱ་སྟོང་ཕྲག་རྣམས་ཀྱི་འོད་ཀྱིས་གནས་དེར་ཤིན་ཏུ་ཡང་ཁྱབ་པར་གྱུར་ཏོ། །དེ་རེ་ཞིག་དང་པོ་ཉིད་ཁོ་ནར་ཁ་དོག་སྣ་ ཚོགས་པའི་འོད་རྣམ་པར་རྒྱས་པ་རྣམས་ཡང་དག་པར་མངོན་པར་མཐོང་ནས་མིག་གི་རྣམ་པར་ཤེས་པ་ཀུན་ཏུ་འཇུག་པར་བྱེད་དོ། །གང་དག་དེས་སྔོན་ནམ་ཡང་མ་མཐོང་བ་དེ་ལ་དེའི་མིག་གི་རྣམ་པར་ཤེས་པ་ཤིན་ཏུ་འཕེན་པར་བྱེད་དོ། །དེའི་རྗེས་ཐོགས་ལ་རྣམ་པ་སྣ་ཚོགས་པར་གྱུར་པ་མཚུངས་པ་ མེད་པའི་ལྷ་རྫས་རྣམས་ཀྱི་གླུ་དང་རྔ་དང་རོལ་མོའི་སྒྲ་རྣམས་ཀྱི་སྒྲ་ཉན་པར་བྱེད་དོ། །དེའི་རྗེས་ཐོགས་ལ་འདི་ལྷ་རྫས་ཀྱི་དྲི་རྣམ་པ་སྣ་ཚོགས་པ་དཔེ་མེད་པའི་རྣམ་པ་རྣམས་ལ་སྣ་ཀུན་ཏུ་འཇུག་པར་ཡང་བྱེད་དོ། །དང་པོར་སྐྱེས་པ་དེ་གསུམ་གྱིས་ཐོག་མ་ཁོ་ནར་ཀུན་ཏུ་གཡེང་བར་ཤེས་པར་བྱ་སྟེ། སྔ་ན་མ་ མཐོང་བ་དང་མཚུངས་པ་མེད་པ་རྣམས་ཀྱིས་བག་མེད་པའི་ས་ལ་ཀུན་ནས་འཇུག་པར་བྱེད་དོ། །དེ་དག་རྣམས་མངོན་པར་མཐོང་ནས་གང་དག་ལྷ་ཉིད་དུ་གྱུར་པ་དེ་དག་ནི་སྐལ་བ་དང་ལྡན་པ་ཡིན་པས་ལེགས་པར་བྱས་པའི་ལས་ཀྱིས་རྩེ་མོར་གྱུར་པ་དེ་དག་ནི་ནགས་ཀྱི་ནང་གི་གསེབ་དག་ནས་ཀུན་ཏུ་འོང་ བར་བྱེད་དོ། །ནགས་དེ་ཡང་འོད་སྣང་བ་ཞེས་བྱ་བ་སྟེ་ཉེ་འཁོར་ཀུན་ན་འོད་ཟེར་རྣམ་པ་སྣ་ཚོགས་པ་མཚུངས་པ་མེད་པ་རྣམས་རབ་ཏུ་སྣང་བར་བྱེད་དོ། །ནགས་དེ་ལ་ལྷ་དེ་དག་གིས་ཀུན་ནས་བགྲོད་ནས་གང་ན་ལྷ་གསར་དུ་སྐྱེས་པ་ཡོད་པ་དེར་ཉེ་བར་རྒྱུགས་པར་བྱེད་པ་རྣམས་ནི། ཆ་བྱད་སྣ་ 71-1-105b ཚོགས་པ་འཆང་བ་གཟུགས་སྣ་ཚོགས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་པའི་གླུ་དང་རྔ་སྒྲ་དང་རོལ་མོའི་སྒྲ་སྙན་པ་རྣམས་དང་གླུ་ཀུན་ཏུ་སྒྲོགས་པར་བྱེད་པ་དང་གླུ་དབྱངས་སྙན་པ་དཔེ་མེད་པ་དགའ་བར་གྱུར་པ་རྣམས་ཉེ་བར་བྱུང་ནས་སྐད་རྣམས་ཀུན་ཏུ་འདོན་ནོ། །དེ་ནས་ལྷ་དེ་ཡང་དེ་དག་ རྣམས་མངོན་པར་མཐོང་བ་དང་ཐོག་མ་མེད་པའི་དུས་ནས་གོམས་པར་གྱུར་པའི་འདོད་ཆགས་ཀྱི་བློས་ཀུན་ནས་འཕངས་པས། གང་ན་ལྷ་དེ་དག་ཡོད་པ་དེར་རབ་ཏུ་དགའ་བའི་ཡིད་ཀྱིས་འདྲེ་བར་བྱེད་དོ། །དེ་དག་རྣམས་ཀྱང་གང་ན་ལྷ་འདི་ཡོད་པ་དེར་ཉེ་བར་རྒྱུ་སྟེ། ཁ་ཅིག་ནི་ནམ་ མཁའི་དཀྱིལ་དུ་ཤིན་ཏུ་འཕགས་པར་གྱུར་ནས་པི་བང་ལག་ན་ཐོགས་པས་གླུ་ལེན་པར་གྱུར་པས་སོ། །གཞན་དག་ཁ་ཅིག་ནི་ཁང་བུའི་སྟེང་ན་ཆེས་རབ་ཏུ་རྒོད་པར་བྱེད་པའི་མིག་གིས་མེ་ཏོག་ཀུན་ཏུ་སྦྲེལ་བས་མཚུངས་པ་མེད་པ་རྣམས་ཀྱི་དྲི་སྣོམ་པར་བྱེད་དོ། །ལྷ་གཞན་དག་རྣམས་ ཁ་ཅིག་ནི་ས་གཞི་ཉིད་ལ་ཚོགས་པ་འདུས་པ་རྣམས་ཀྱིས་སྣ་ཚོགས་པའི་རོལ་མོ་དང་ལག་ན་མེ་ཏོག་ཐོགས་པར་གྱུར་པས་གང་ན་ལྷ་འདི་ཡོད་པ་དེར་རྒྱུག་པར་བྱེད་དོ། །ལྷ་གཞན་དག་ཁ་ཅིག་ནི་ལག་ན་མེ་ཏོག་རྣམས་ཐོགས་པས་གང་ན་ལྷའི་བུ་འདི་ཡོད་པ་དེར་ཉེ་བར་རྒྱུག་པར་བྱེད་དོ། །ལྷ་གཞན་ དག་ཁ་ཅིག་གིས་ནི་སྣ་ཚོགས་པའི་ཁ་དོག་དང་རོ་དང་དྲི་ཕུན་སུམ་ཚོགས་པར་གྱུར་པའི་མྱོས་བྱེད་མྱོས་པའི་སྐྱོན་དང་བྲལ་བ་དག་ཐོགས་ནས་གང་ན་ལྷ་འདི་ཡོད་པ་དེར་ཉེ་བར་རྒྱུག་པར་བྱེད་དོ། །དེ་ནས་ལྷ་གང་དག་གིས་མྱོས་བྱེད་དེ་བཟུང་ནས་རྒྱུག་པར་བྱེད་དེ་བཟུང་ནས་རྒྱུག་པར་བྱེད་པ་དེ་དག་གི་ལག་ པ་དག་ལ་དེས་ཀུན་ཏུ་འཇུས་ནས་ལྷ་འདི་མྱོས་བྱེད་དེ་དག་བླངས་ནས་ལྷའི་ཁ་དོག་དང་རོ་ཕུན་སུམ་ཚོགས་པར་གྱུར་པ་རྣམས་འཐུང་བར་བྱེད་དོ། །དེ་ནས་འཐུངས་པར་གྱུར་ནས་དེ་བཅུ་འགྱུར་གྱི་བླ་ལྷག་པར་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ། །དེ་ཡུལ་བཞི་པས་ཀྱང་རྣམ་པར་གཡེངས་པ་ཡིན་ ཏེ། སྔར་ནི་གཟུགས་དང་སྒྲ་དང་དྲི་རྣམས་ཀྱིས་ཡིན་ལ་ཕྱི་ནས་ནི་རོས་ཀྱང་ཀུན་ནས་གཡེངས་པར་གྱུར་ཏོ། །ལུས་ཀྱིས་ཀྱང་རྣམ་པ་སྣ་ཚོགས་པར་གྱུར་པའི་མཆོག་ཏུ་བདེ་བ་དང་ལྡན་པའི་ཡིད་ཀྱི་རྗེས་སུ་འཐུན་པར་བྱེད་པའི་རེག་བྱ་རྣམས་ལ་རེག་པར་བྱེད། ཡིད་ཀྱིས་ཀྱང་གང་ཁོ་ན་ཀུན་ཏུ་རྟོག་པར་བྱེད་པ་ 71-1-106a དེ་ཁོ་ན་འབད་པ་མེད་ཅིང་ངལ་བ་མེད་པའི་ཕུན་སུམ་ཚོགས་པར་ལྷན་ཅིག་ཉིད་དུ་འབྱུང་བར་འགྱུར་རོ། །དེ་ལྟར་ལྷ་གསར་དུ་སྐྱེས་པ་དེ་སྲེད་པའི་ཚོགས་དྲུག་གིས་རྣམ་པར་འབྱེད་པར་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་ལྷ་དེ་དག་རྣམས་དང་ལྷན་ཅིག་ཏུ། གང་ན་ལྷ་གཞན་དག་ འདོད་པའི་ཡོན་ཏན་ལྔ་དང་བཅས་ཤིང་ཡང་དག་པར་ལྡན་པར་གྱུར་པས་དགའ་བར་བྱེད་པ་འདོད་པ་རྣམས་ཐམས་ཅད་རྗེས་སུ་འཐུན་པའི་ནགས་ཞེས་བྱ་བའི་ནགས་དེར་ལྷ་འདི་ཉེ་བར་འདྲེ་བར་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པར་གྱུར་པ་དེ་ལྷ་དེ་དག་གིས་ཡོངས་སུ་བསྐོར་བ་ཉིད་ཀྱིས་རྣམ་པ་ སྣ་ཚོགས་པའི་རྩེད་མོ་རྣམས་ཀྱིས་རྩེ་བར་གྱུར་པའི་ལྷ་དེ་དག་རྣམས་ཉིད་མཐོང་བ་ལ། ཁ་ཅིག་ནི་པད་མའི་རྫིང་བུ་རྣམས་ན་རྩེ་བར་བྱེད་དོ། །ཁ་ཅིག་ནི་འཁྲི་ཤིང་གི་གསེབ་ཏུ་སོང་ནས་རྩེ་བར་བྱེད་དོ། །ཁ་ཅིག་ནི་རིའི་རྩེ་མོ་རྣམས་ཀྱི་གསེབ་ཏུ་སོང་ནས་རྔ་སྐད་ཡན་ལག་ལྔ་དང་ལྡན་པ་རྣམས་ཀྱིས་ རྩེ་བར་བྱེད་དོ། །ལྷ་གཞན་ཁ་ཅིག་ནི་སྲེད་པ་དྲུག་གི་ཚོགས་རྣམས་ཀྱིས་རྣམ་པར་འབྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པར་གྱུར་པ་དེ་ལྷ་དེ་དག་རྣམས་དང་ལྷན་ཅིག་ཏུ་གྱུར་པས། གང་ན་ལྷ་གཞན་དག་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་ནམ་མཁའི་དཀྱིལ་ན་ཁང་ བུའི་རྒྱབ་ཏུ་སོང་ནས་སྣ་ཚོགས་པའི་རིན་པོ་ཆེ་རྣམས་ཀྱིས་རྣམ་པར་བརྒྱན་པའི་ལུས་ཅན་རྣམས་རྩེ་བར་བྱེད་པ་དང ། ལྷ་གཞན་དག་ཁ་ཅིག་ནི་ལྗོན་ཤིང་གི་ཡལ་ག་ལ་ཀུན་དུ་བབས་ནས་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་གར་དག་བྱེད་པ་དང་རྒོད་པར་ཡང་ བྱེད་པ་དང་རྔ་སྐད་ཡན་ལག་ལྔ་པས་འགྱིང་བར་ཡང་བྱེད་དོ། །དེ་ནས་ལྷ་གསར་དུ་སྐྱེས་པ་དེས་ལྷ་དེ་དག་རྣམས་མངོན་པར་མཐོང་བར་གྱུར་ནས་རབ་ཏུ་ཆེས་དགའ་བར་གྱུར་པའི་ཡིད་ཀྱིས། ལྷ་དེ་དག་རྣམས་ཉིད་ཁོ་ནས་ཡོངས་སུ་བསྐོར་ནས་རྣམ་པར་འདྲེ་བར་འགྱུར་རོ། །ལྷ་དེ་རྣམས་ དང་ལྷ་དེ་དག་ཀྱང་ཕན་ཚུན་དུ་ལྷན་ཅིག་ཏུ་གྱུར་ཅིང་ལྷ་དེ་དག་རྣམས་དང་ལྷན་ཅིག་ཏུ་གྱུར་པ་གང་ཡིན་པའི་ལྷ་དེ་དག་རྣམས་དང་ལྷ་གསར་དུ་སྐྱེས་པ་དེ་དང་བཅས་པ་རྣམས་ནགས་དེར་རྗེས་སུ་ཞུགས་པར་གྱུར་ཏོ། །དེ་དེ་ལ་བདེ་བར་རྣམ་པར་རྒྱུ་བར་གྱུར་པས་རྔ་སྐད་ཡན་ལག་ལྔ་དང་ལྡན་ 71-1-106b པ་དང་འདོད་པའི་ཡོན་ཏན་ལྔ་པོ་རང་གི་ལས་དང་འདྲ་བ་རྣམས་ལ་དུས་རིང་དུ་རྩེ་བར་བྱེད་ཅིང་དགའ་བར་ཡང་བྱེད་དོ། །དེ་ནས་དུས་ཤིན་ཏུ་རིང་དུ་ནགས་དེ་ལ་བགྲོད་པར་གྱུར་ནས་འབབ་ཆུ་རྣམ་པ་སྣ་ཚོགས་པ་དང་ལྡན་པ་ཞེས་བྱ་བའི་རི་རིན་པོ་ཆེ་བདུན་གྱིས་རྣམ་པར་བཀྲ་བར་ བྱས་པ་ལ་རྩེ་བར་གྱུར་པས་ལྷག་པར་འཁོད་པར་བྱེད་དོ། །དེ་ལྟར་ཕན་ཚུན་དུ་མྱོས་པ་ལ་གྲོགས་སུ་གྱུར་པ་རྣམས་རང་གི་ལས་ཀྱི་འབྲས་བུ་རྣམས་ལ་ལོངས་སྤྱོད་པ་རྣམས་དེ་དང་དེ་ལ་ཡང་རྩེ་བར་བྱེད་པ་ཡིན་ཏེ། ལྗོན་ཤིང་རྣམས་ཀྱི་བར་དག་ཏུ་གྱུར་པའི་འབབ་ཆུ་རྣམས་ལ་དང ། རྣམ་པ་སྣ་ཚོགས་པའི་རྡོ་རིན་པོ་ཆེ་རྣམས་ཀྱིས་རྣམ་པར་བརྒྱན་པ་རྣམས་དང ། རབ་ཏུ་དང་ཞིང་བསིལ་བར་གྱུར་པ་རྣམས་ལ་དང ། མཆོག་ཏུ་བསིལ་བའི་དྲི་མ་མེད་པར་གྱུར་པའི་རིའི་འབབ་ཆུ་སྣ་ཚོགས་པ་དང་ལྡན་པ་དེ་དག་རྣམས་ལ་ཡང་དགའ་བར་བྱེད་དོ། །དེ་ནས་ལྷ་བག་ མེད་པ་དེ་དག་རྣམས་ནི་མངོན་པར་མཐོང་བར་གྱུར་ནས། འབབ་ཆུ་ལ་རྒྱུ་བ་ཞེས་བྱ་བ་ལྷ་རྣམས་རྩེ་བར་བྱེད་པའི་བྱ་དག་གིས་ཚིགས་སུ་བཅད་པ་བརྗོད་པ། ཇི་ལྟར། ལས་རྣམས་གང་ཕྱིར་རྣམ་དག་གི། །འབྲས་བུ་བདེ་བར་ཀུན་ནས་གནས། །དེ་ཟད་ནས་ནི་སླར་ལྟུང་བར། །ལྷ་ཡི་ འཇིག་རྟེན་ལ་འབྱུང་འགྱུར། །བདེ་བ་ད་ལྟ་བས་རྨོངས་ནས། །མདུན་གྱི་འཇིགས་པ་མཐོང་བ་མིན། །ལས་ཟད་སྡུག་བསྔལ་ཀུན་ཐོབ་པ། །ཕྱི་ནས་ཤེས་པར་འགྱུར་བ་ཡིན། །བདེ་མིན་བདེ་བའི་གཟུགས་ཀྱིས་ནི། །བག་མེད་ཀུན་ནས་རབ་ཏུ་འཇུག་།ལས་ཟད་ནས་ནི་རྣམ་ལྟུང་བ། ། དེ་ནི་ཕྱི་ནས་ཡོངས་གདུང་འགྱུར། །ལས་གང་ཆུད་ཟ་བར་འཇུག་པའི། །བག་མེད་དུག་བཞིན་དུ་ནི་སྤོངས། །བག་མེད་པས་ནི་ཉེར་བཅོམ་ལྷ། །ཕྱི་ནས་དམྱལ་བའི་སྐལ་ལྡན་ཡིན། །འདུ་བ་ལ་ནི་བློ་དགའ་ཞིང ། །བྲལ་བ་ལ་ཡང་རྗེས་སུ་གདུང ། །འདུས་པའི་མཐའ་ནི་འབྲལ་ འགྱུར་བར། །ཆོས་ཉིད་འདི་ནི་རྣམ་པར་གནས། །ཤེས་གང་འཇིག་པར་མི་འགྱུར་བའི། །གནས་དེ་དམིགས་པ་མ་ཡིན་ནོ། །རྣམ་པར་འཇིག་དང་འབྱུང་བ་ཉིད། །ཆོས་རྣམས་བྱུང་ཞིང་འཇིག་པ་ཡིན། །ཇི་ལྟ་ཇི་ལྟར་ལྷ་རྣམས་ཀྱང ། །བདེ་བ་རྒྱུ་བར་མཐོང་བ་ཡང ། །དེ་ལྟ་དེ་ལྟར་ 71-1-107a བག་མེད་པའི། །དུག་གིས་རྨོངས་ནས་རབ་ཆུད་འཛའ། །བག་མེད་ལྷ་རྣམས་ཐམས་ཅད་ཀྱིས། །སྔར་ནི་དགའ་བ་བཞིན་དུ་མཐོང ། །ཕྱི་ནས་སྡུག་བསྔལ་མཐོང་ནས་ནི། །མི་རྣམས་ལ་ནི་དགྲ་བཞིན་སྐྱེ། །བུད་མེད་དང་འདྲེ་བློ་ལྡན་གྱིས། །བག་མེད་རྣམས་ལས་ ལྷག་པར་བརྗོད། །དེ་དང་འདྲེ་ལས་ལྷ་རྣམས་འཇིག་།ལྷ་མིན་ལྟོ་འཕྱེ་ཆེན་པོ་ཡང ། །བུད་མེད་དང་འབྲེལ་ཆང་འཐུང་དང ། །རྩེད་མོ་ཡུལ་དང་ལྷན་ཅིག་ཏུ། །རྩབ་ཧྲལ་དེ་ནས་ལེ་ལོ་དང ། །དེ་དག་བག་མེད་མྱུ་གུ་ཡིན། །དེ་དག་བྱ་དེས་ལྷ་དེ་དག་རྣམས་མངོན་པར་མཐོང་ནས་རྗེས་ སུ་འདོམས་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་བརྗོད་དོ། །དེ་ནས་ལྷ་དེ་དག་ལ་དེ་ལྟར་ཕན་པ་རྣམས་བརྗོད་པར་གྱུར་པ་ན་ཡང་རྟོགས་པར་མི་འགྱུར་བར། ཡུལ་རྣམས་ཀྱིས་ཉེ་བར་བཅོམ་ནས་དེ་ཁོ་ན་བཞིན་དུ་གར་བྱེད་པར་གྱུར་ཅིང་རྒོད་པར་གྱུར་པ་དང་རྩེ་བར་ཡང་གྱུར་ པས། སླར་ཡང་འཁྲི་ཤིང་ལྗོན་ཤིང་གིས་ཀུན་ནས་ཁྱབ་པའི་ནགས་འོད་སྣང་བ་དེ་ཉིད་དུ་རབ་ཏུ་འཇུག་པར་བྱེད་དོ། །ནགས་དེ་ན་ནི་མཆོག་ཏུ་དགའ་བར་གྱུར་པ་རྣམ་པ་སྣ་ཚོགས་པའི་ཤིང་དང་འཁྲི་ཤིང་དང་ལྗོན་ཤིང་དང་པད་མའི་རྫིང་བུ་དང་ཁྲུས་ཀྱི་རྫིང་བུ་དང་འབབ་ཆུ་རྣམས་ལ་ དགའ་བ་རྣམ་པ་སྣ་ཚོགས་པའི་བྱའི་ཚོགས་བརྒྱ་ཕྲག་གི་སྒྲ་འབྱིན་པ་རྣམས་དང ། མེ་ཏོག་བརྒྱ་སྟོང་ཕྲག་ཁ་བྱེ་བས་དགའ་བར་གྱུར་པ་མན་དཱ་ར་བ་ཀུན་ནས་དུད་པའི་ལྗོན་ཤིང་དང་མྱུ་གུ་ལ་ལྷ་བརྒྱ་ཕྲག་གིས་གང་བས་དགའ་བ། ལྷ་རྫས་ཀྱི་རྔ་སྐད་ཡན་ལག་ལྔ་པའི་སྒྲ་སྒྲོགས་པར་གྱུར་པའི་ སྒྲས་ལྷ་དེ་དག་ལྷ་གསར་དུ་སྐྱེས་པ་དེ་དང་ཡང་དག་པར་ལྡན་པས་རྩེ་བར་བྱེད་ཅིང་དགའ་བར་ཡང་བྱེད་དོ། །དེ་ལ་ལྷ་གང་དག་སྐྱེས་ནས་རིང་དུ་ལོན་པ་དེ་དག་རྣམས་ལན་ཅིག་དང་ལན་ཅིག་མ་ཡིན་པར་རྣམ་པ་དུ་མར་ནགས་དེ་དག་དང་ནགས་ཀྱི་བཀོད་པ་དག་རྣམས་ལ་དང་འཇུག་ངོས་དེ་དག་ དང་པད་མའི་རྫིང་བུ་དེ་དག་དང་ས་གཞིའི་ཆ་དེ་དག་དང་འཁྲི་ཤིང་གི་ཁང་པ་དེ་དག་དང ། ནགས་ཀྱི་གསེབ་དེ་དག་དང་དཔག་བསམ་གྱི་ཤིང་དེ་དག་དང་ནགས་ཁྲོད་ཀྱི་གསེབ་རིན་པོ་ཆེ་བདུན་གྱི་འོད་ཀུན་ནས་འབར་བའི་འོད་ཟེར་དང་ལྡན་པ་དང་ཁང་བུ་སྔ་ན་མ་མཐོང་བ་དེ་དག་རྣམས་ཀྱིས་དེ་ལྟར་ 71-1-107b ཀུན་དུ་འཁྲིད་པར་བྱེད་དོ། །དེ་བཞིན་དུ་ལྷ་གསར་དུ་སྐྱེས་པ་འདི་ཡང་ཐམས་ཅད་དུ་རྣམ་པར་ལྟ་བར་གྱུར་པས་ཀུན་དུ་འགྲོ་བར་བྱེད་དོ། །ངོ་མཚར་བས་ཡིད་ཀུན་དུ་གཡོས་པར་གྱུར་པའི་བློས་ལྷ་དེ་དག་ཉིད་ཀྱིས་ཡོངས་སུ་བསྐོར་ནས། དེ་ཡུལ་གསར་པ་རྣམས་ཀྱི་སྲེད་པས་གདུངས་པའི་ འདོད་པའི་མེ་དང་བག་མེད་པའི་དུད་པས་བསྲེགས་པར་གྱུར་པས་གྱུར་ཅིང་ཡང་དང་ཡང་དུ་བསྲེགས་པར་གྱུར་པས་ལྷ་དེ་དག་རྣམས་ཉིད་ཀྱིས་ཡོངས་སུ་བསྐོར་ནས། ནགས་ཀྱི་ནང་གི་གསེབ་ཏུ་ཡུལ་རྣམས་ཀྱི་སྲེད་པའི་ཤུགས་དུ་མས་བསྲེགས་པར་གྱུར་པས་རྟག་པར་རྒྱུན་དུ་འགྲོ་བར་བྱེད་དོ། །དུས་ རིང་དུ་རྒྱུ་བར་གྱུར་པ་ལས་དེ་གལ་ཏེ་ཤེད་ན་ལྷ་དེ་དག་གིས་ཡོངས་སུ་བསྐོར་ནས་གང་ན་རྣམ་པ་སྣ་ཚོགས་པར་བཀྲ་བ་ཞེས་བྱ་བའི་པད་མའི་རྫིང་བུ་ཡོད་པ་དེར་ཀུན་དུ་འགྲོ་བར་བྱེད་དོ། །རྣམ་པ་སྣ་ཚོགས་པར་བཀྲ་བའི་པད་མའི་རྫིང་བུ་དེའི་ཡང་མཚུངས་པ་མེད་པར་གྱུར་པའི་མཛེས་པ་འདི་དག་ཡིན་ཏེ། དཔེར་ན་པད་མ་དེ་ལྟ་བུའི་གཟུགས་རྣམ་པར་བཀྲ་བར་གྱུར་པ་རྣམས་ལ་འདི་ལྟ་སྟེ། བཻ་ཌཱུརྱའི་འདབ་མ་དང་གསེར་གྱི་ཡུ་བ་དང ། པད་མ་རཱ་ག་དང ། གསེར་བཟང་པོའི་སྙིང་པོ་དང ། དངུལ་གྱི་མདོག་དང་མཚུངས་པའི་ཟེ་འབྲུ་དང་ལྡན་པ་རྣམས་ལ་ཨིན་དྲ་ནཱི་ལའི་རང་བཞིན་གྱི་བུང་བ་རྣམས་ ཀྱིས་ཉེ་བར་མཛེས་པར་གྱུར་པ་དང ། པད་མ་གཞན་ཁ་ཅིག་ནི་དངུལ་གྱི་རང་བཞིན་གྱི་ཡུ་བ་དང ། ིན་དྲ་ནཱི་ལའི་འདབ་མ་དང ། གསེར་གྱི་ཟེ་འབྲུ་ལ་མུ་ས་ར་གལྦ་དང ། ཤེལ་དང ། གསེར་གྱི་མདོག་གི་བུང་བ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །པད་མ་གཞན་ཁ་ཅིག་ནི་གསེར་ གྱི་ཡུ་བ་ལ་ཨིན་དྲ་ནཱི་ལའི་འདབ་མ་དང་པད་མའི་ཟེ་འབྲུ་དངུལ་གྱི་སྙིང་པོ་ལ་པད་མ་རཱ་ག་དང་མདོག་མཚུངས་པའི་བུང་བ་རྣམས་ཀྱིས་ཉེ་བར་མཛེས་པའོ། །པད་མ་གཞན་ཁ་ཅིག་ནི་ཡུ་བ་དང ། འདབ་མ་དང ། ཟེ་འབྲུ་དང ། སྙིང་པོ་རྣམས་ཐམས་ཅད་དམར་པོ་ཡིན་ཏེ། དེ་བཞིན་དུ་བུང་བ་ ཡང་དམར་པོ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །གཞན་ཡང་པད་མ་གཞན་དག་ནི་ཡུ་བ་དང ། འདབ་མ་དང ། ཟེ་འབྲུ་དང ། སྙིང་པོ་རྣམས་ཐམས་ཅད་ཀྱང་དངུལ་དང་མཚུངས་པར་གྱུར་པ་ལ་བུང་བ་རྣམས་ཀྱང་ཁ་དོག་གཅིག་པའོ། །པད་མ་གཞན་ཁ་ཅིག་ནི་ཨུད་པ་ལ་ 71-1-108a དང་ཆ་འདྲ་བ་དང ། ཡུ་བ་དང ། འདབ་མ་དང ། ཟེ་འབྲུ་དང ། སྙིང་པོ་རྣམས་ཐམས་ཅད་ནས་སྔོན་པོར་གྱུར་པ་ལ་བུང་བའི་ཚོགས་རྣམ་པར་སྒྲོགས་པ་རྣམས་ཀྱིས་ཉེ་བར་མཛེས་པའོ། །གཞན་ཡང་པད་མ་གཞན་རྣམས་རྣམ་པར་མཛེས་པར་གྱུར་པ་པད་མའི་རྫིང་བུ་ དེ་ཉིད་ན་ཁ་དོག་རྣམ་པར་བཀྲ་བའི་པད་མ་རྣམས་ལ་འདི་ལྟ་སྟེ། པད་མ་གཅིག་ཀྱང་རིན་པོ་ཆེ་བདུན་གྱི་རང་བཞིན་གྱིས་རྣམ་པར་བཀྲ་བ་དང་དབྱིབས་རྣམ་པ་སྣ་ཚོགས་པ་དང་རྣམ་པ་སྣ་ཚོགས་པར་རབ་ཏུ་སྐྱེས་པར་གྱུར་པའི་པད་མ་རྣམས་ཡིན་ཞིང ། རྣམ་པ་སྣ་ཚོགས་པའི་དྲི་དང་ལྡན་པ་དང་ འདབ་མ་ཁ་དོག་སྣ་ཚོགས་པས་ཉེ་བར་མཛེས་པར་གྱུར་པ་རྣམས་ལ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དཀར་པོ་དང ། དམར་པོ་དང ། ནག་པོ་དང ། རྣམ་པར་འདྲེས་པའི་འདབ་མས་ཉེ་བར་མཛེས་པར་བྱས་པའི་པད་མའི་རྫིང་བུ་ལས་སྐྱེས་པ་ལས་བུང་བའི་ཚོགས་རྣམས་ཀྱིས་ མཛེས་པར་གྱུར་པའོ། །རྣམ་པ་དེ་སྲིད་པ་རྣམས་ཉིད་ཀྱིས་ཉེ་བར་མཛེས་པར་གྱུར་པས་པད་མའི་གསེབ་རྣམས་རབ་ཏུ་གསལ་ལོ། །རྣམ་པ་དེ་ལྟ་བུར་རྣམ་པར་བཀྲ་བར་གྱུར་པའི་པད་མའི་རྫིང་བུ་དེ་ན་མཆོག་ཏུ་དགའ་བར་གྱུར་པ་རབ་ཏུ་དང་བའི་ཆུ་བསིལ་ཞིང་མངར་བའི་ཆུ་ལ་མཆོག་ཏུ་དགའ་བའི་ ལྷ་རྫས་ཀྱི་མདོག་དང ། དྲི་དང ། དབྱིབས་དང་ལྡན་པའི་པད་མས་ཉེ་བར་མཛེས་པར་གྱུར་པ་འདི་ན། ལྷ་གསར་དུ་སྐྱེས་པ་དེ་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་ལྷན་ཅིག་ཏུ་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ནས་རྔ་སྐད་ཡན་ལག་ལྔ་པས་རྩེ་བར་བྱེད་ཅིང་རྒོད་ པར་བྱེད་དོ། །རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བའི་པད་མའི་རྫིང་བུ་དེའི་མཐའ་མ་ན་ཡང ། ལྷ་རྫས་ཀྱི་འགྲམ་ནས་སྐྱེས་པར་གྱུར་པའི་ལྗོན་ཤིང་གི་རིགས་ཡོད་པ་རྣམས་ནི་གང་དག་གིས་པད་མའི་རྫིང་བུ་དེ་བརྒྱ་འགྱུར་དུ་ཡང་རྣམ་པར་མཛེས་པར་བྱེད་པ་སྟེ། ནམ་ཟླ་ཐམས་ཅད་དུ་རབ་ཏུ་ཁ་ བྱེ་བར་གྱུར་པའི་མེ་ཏོག་གི་ཚན་ཀ་ཀུན་ནས་དུད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་རྣམས་ལ་འདི་ལྟ་སྟེ། ཤིང་གི་ཚོགས་སུ་གྱུར་པ་རྣམས་ལ་ཤིང་གང་དག་གི་མཛེས་པ་འདི་དག་ཡིན་ཏེ། འདི་ལྟར་རྩ་བ་ནས་བཟུང་ནས་སྔོན་པོ་དང ། སེར་པོ་དང ། དཀར་པོ་དང ། ནག་པོ་དང ། དམར་ 71-1-108b པོའི་མདོག་གི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པ་དང་ལྡན་པའི་ལྗོན་ཤིང་རྣམས་ཡིན་ནོ། །པད་མའི་རྫིང་བུ་དེ་ན་གང་དག་ཡོན་ཏན་བརྒྱ་འགྱུར་དུ་གྱུར་པའི་འོད་དང་ལྡན་པའི་བྱའི་ཚོགས་རྣམས་ཀྱིས་དཔག་ཚད་བཅུར་ཉེ་བར་མཛེས་ཤིང་སྐད་སྙན་པ་རྣམས་ཀྱིས་ཉེ་འཁོར་ཀུན་ནས་རྣམ་པར་ མཛེས་པར་བྱེད་དོ། །གཞན་ཡང་པད་མའི་རྫིང་བུ་དེ་ཉིད་ན་ཤིང་ལྗོན་པ་འགྲམ་ནས་སྐྱེས་པ་གཞན་དག་ཁང་བུའི་ཤིང་ལྗོན་པ་རྣམས་ཡོད་པ་འདི་དག་ནི་ལྟ་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱི་གཟི་བརྗིད་ཡིན་ནོ། །གང་གི་ཚེ་ལྷ་དེ་དག་པད་མའི་རྫིང་བུ་དེ་ན་རྩེ་བར་བྱེད་པ་དེའི་ཚེ་གལ་ཏེ་ ན་ཤིང་ལ་རྣམ་པར་འཛེག་པར་གྱུར་ནས་འདི་ལྟར་སེམས་པར་བྱེད་དོ། །ཇི་ལྟར་ཁང་བུ་རྣམས་ཀྱང་བདག་ཅག་ལ་འདིར་བྱུང་བར་གྱུར་ན་རུང་སྙམ་པ་དེའི་ཚེ་ཁང་བུའི་ཤིང་དེ་དག་རྣམས་ལ་བུང་བ་རྣམས་ཚིམ་པར་བྱེད་པའི་མེ་ཏོག་རྣམས་དང་བརྗོད་པ་པ་དང ། དེ་དག་རྣམས་ཐམས་ཅད་ ཀྱང་ལྷ་དེ་དག་གི་ལེགས་པར་བྱས་པའི་ལས་ཀྱིས་ཏེ། རིན་པོ་ཆེ་བདུན་གྱི་འོད་རྣམས་དང་ལྡན་པ་དང་རབ་ཏུ་ཕལ་ཆེ་བར་གྱུར་པའི་ཆུ་ཀླུང་དང ། རྫིང་བུ་དང ། ནགས་དང ། ཉེ་བའི་ནགས་དང ། རིའི་རྩེ་མོ་རྣམས་དང ། རིན་པོ་ཆེ་བདུན་གྱིས་ཉེ་བར་སྤྲས་པ་དང་བཅས་པ་རྣམས་གང་ ཡིན་པ་དེ་དག་ཁང་བུའི་ནང་དུ་ཕུན་སུམ་ཚོགས་པར་འབྱུང་ངོ ། །དེ་དག་ཁང་བུར་ཞུགས་པར་གྱུར་ཅིང་རྣམ་པ་སྣ་ཚོགས་པའི་རྒྱན་དང ། ཆ་བྱད་ཅན་གྱི་ལྷ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྩེ་བར་གྱུར་ཅིང་རྒོད་པར་གྱུར་ལ་གླུ་ཡང་ལེན་པར་གྱུར་པས། ནམ་མཁའི་དཀྱིལ་དུ་ འཕགས་ནས་འཐབ་བྲལ་བའི་ལྷ་རྣམས་ཀྱིས་གཞན་ལ་ཇི་ལྟར་འདོད་པར་ཀུན་དུ་ལྟ་བར་བྱེད་དོ། །ཡོན་ཏན་དེ་ལྟ་བུ་རྣམས་དང་ལྡན་པའི་འགྲམ་སྐྱེས་ཀྱི་ཤིང་ཞེས་བྱ་བ་གང་དག་ཁང་བུའི་ལྗོན་ཤིང་འདི་དག་རྣམས་ཀྱི་མཐུ་ཡིན་ནོ། །གཞན་ཡང་པད་མའི་རྫིང་བུ་དེ་ཉིད་ཀྱི་འགྲམ་ན་ཡོད་པའི་ཤིང་ལྗོན་ པ་རྣམས་ལ། རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བའི་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བའི་བྱ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པས་རྣམ་པར་གསལ་བར་གྱུར་པ་ཡིན་ནོ། །ནོར་བུའི་སྒྲ་ཞེས་བྱ་བ་གང་དག་གི་མཐུ་སྟོབས་ནི་འདི་ཡིན་ཏེ། གང་གི་ཚེ་ལྷ་དེ་དག་ 71-1-109a རྣམས་པད་མའི་རྫིང་བུ་དེ་ཉིད་ན་རྩེ་བར་བྱེད་པ་ན་དེའི་ཚེ་ཤིང་དེ་དག་རླུང་འཇམ་པོ་རྣམས་ཀྱིས་རབ་ཏུ་བསྐྱོད་པར་གྱུར་པས་ཕན་ཚུན་དུ་འདྲུད་པར་བྱེད་དོ། །ཀུན་དུ་འདྲུད་པར་གྱུར་པ་དེ་དག་རྣམས་ཀྱི་ཕན་ཚུན་དུ་སྙན་པར་གྱུར་པ་དང་ཕན་ཚུན་དུ་ཡིད་དུ་འོང་བ་དང་སྒྲ་རྒྱ་ཆེན་པོ་རྣམ་ པ་སྣ་ཚོགས་པ་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །ལྷ་རྫས་ཀྱི་ནོར་བུའི་ཕུང་པོ་ཡང་མཆོག་ཏུ་ཡང་བར་གྱུར་པ་དག་མེ་ཏོག་བཞིན་དུ་རབ་ཏུ་འབབ་པའོ། །གང་དག་ནོར་བུ་རྣམས་ཀྱིས་དེའི་ཚེ་ན་ནམ་མཁའ་མ་ལུས་པར་ཀུན་དུ་སྣང་བར་བྱེད་པ་རྣམས་ལ། དཔེར་ན་ཉི་མ་དང་ཟླ་བ་འདི་དག་ གིས་འཛམ་བུའི་གླིང་རབ་ཏུ་སྣང་བར་བྱེད་པ་དེ་བཞིན་དུ་ནོར་བུ་དེ་དག་རྣམས་ཀྱིས་རབ་ཏུ་གསལ་བར་བྱེད་དོ། །དེའི་ཚེ་ནམ་མཁའི་རང་བཞིན་རབ་ཏུ་གསལ་བར་བྱེད་པ་ཡང་ཡིན་ནོ། །ལྗོན་ཤིང་གཞན་ཡང་པད་མའི་རྫིང་བུ་དེ་ཉིད་ཀྱི་ངོས་ན་ཡོད་པ་རྣམས་ལ། འདི་ལྟ་སྟེ་སྐྱེ་བོ་མི་གཡོ་བ་ ཞེས་བྱ་བའི་ཤིང་ལྗོན་པའོ། །པད་མའི་རྫིང་བུ་དེ་དག་ཉིད་ན་ལྷ་དེ་དག་རྣམས་རྩེ་བར་བྱེད་པ་ན། དེའི་ཚེ་ལྗོན་ཤིང་དེ་དག་ལས་ལྷ་དེ་དག་རྣམས་ཉིད་ཀྱིས་ལེགས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་ཁ་དོག་དཀར་བར་གྱུར་པའི་ཁུ་བའི་རྩི་ལྷ་རྫས་ཀྱི་དྲི་དང་རོ་དང་ཁ་དོག་དང་རེག་བྱ་ཅན་ དེ་དག་རབ་ཏུ་འབྱུང་ངོ ། །དེའི་ཚེ་ལྷ་དེ་དག་རྣམས་འཐུང་བར་བྱེད་དོ། །དེས་བཅུ་འགྱུར་གྱིས་ཀྱང་ལྷག་པར་ཡིད་ཆེས་རབ་ཏུ་རངས་པར་འགྱུར་རོ། །མྱོས་པའི་སྐྱོན་རྣམས་དང་ནི་བྲལ་བ་ཡིན་ནོ། །ལྷན་ཅིག་སྤྱོད་པར་བྱེད་པ་དེ་དག་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གར་དང་རྒོད་ པར་ཡང་བྱེད་དོ། །བཟའ་བ་ཡང་བདུད་རྩིའི་རང་བཞིན་རྣམས་རབ་ཏུ་ཟ་བར་བྱེད་དོ། །དེ་ལྟར་ཤིང་དེ་དག་རྣམས་ཉིད་ལས་ལྷ་དེ་དག་རྣམས་ཀྱི་ལས་ཇི་ལྟ་བུ་རྣམས་དང་འདྲ་བར་འགྱུར་རོ། །གཞན་ཡང་པད་མའི་རྫིང་བུ་དེ་ཉིད་ན་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བའི་དྲི་དང་ཁ་དོག་ཅེས་བྱ་ བ་འགྲམ་ན་སྐྱེས་པའི་ཤིང་ལྗོན་པ་གཞན་དག་ཡོད་དོ། །གང་གི་ཚེ་ན་ལྷ་དེ་དག་རྣམས་པད་མའི་རྫིང་བུ་དེ་ན་རྩེད་མོ་རྩེ་བར་བྱེད་པ་ན། དེའི་ཚེ་ལྷ་དེ་དག་རྣམས་ཉིད་ཀྱི་ལེགས་པར་བྱས་པའི་ལས་ཀྱིས་བདེ་བའི་རེག་པའི་རླུང་འཇམ་པོ་རབ་ཏུ་འཕྱུར་རོ། །རླུང་དེ་དག་གིས་ཀྱང་ལྗོན་ཤིང་དེ་ 71-1-109b དག་རྣམས་ཀྱི་འདབ་མ་དེ་དག་འདྲུད་པར་བྱེད་དོ། །ཕན་ཚུན་ཀུན་དུ་འདྲུད་པར་གྱུར་པ་དེ་དག་རྣམས་ལས་མཆོག་ཏུ་ཡིད་དུ་འོང་བར་གྱུར་པའི་སྒྲ་རབ་ཏུ་འབྱུང་བ་རྣམས་ལ། འདི་ལྟ་སྟེ་ལྷ་དེ་དག་རྣམས་ཉིད་ཀྱི་རོལ་མོར་གྱུར་པ་མཉམ་པ་དང་ཆགས་པར་འགྱུར་བ་དང་སྙན་པར་གྱུར་ པའི་རྣམ་པ་དེ་ལྟ་བུ་རྣམས་ལས་རབ་ཏུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་པད་མའི་རྫིང་བུ་རྣམ་པ་སྣ་ཚོགས་པར་རྣམ་པར་བཀྲ་བ་དེ་ཉིད་ན་འགྲམ་ན་སྐྱེས་པའི་ཤིང་ལྗོན་པ་གཞན་དག་ཡོད་པ་ནི་བྱས་དགའ་བ་ཞེས་བྱ་བའོ། །དེ་དག་གི་མཐུ་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟར་བྱ་གང་ དག་ཡིན་པ་དེ་དག་ལྗོན་ཤིང་དེ་དག་རྣམས་ལ་སོ་སོར་གནས་སོ། །ཇི་ལྟར་ལྷ་དེ་དག་རྣམས་སོང་བར་གྱུར་ནས་པད་མའི་རྫིང་བུ་དེ་ཉིད་དུ་ཡུན་རིང་དུ་རྩེད་མོ་རྣམས་བྱས་ཤིང་རྔ་སྐད་ཡན་ལག་ལྔ་པས་དགའ་བར་བྱས་ནས། ལྗོན་ཤིང་དེ་དག་རྣམས་ལ་ལྷག་པར་འཁོད་པར་བྱེད་ པ་དང ། དགའ་བར་གྱུར་པ་རྣམས་ལ་ལྟ་བར་འདོད་པའི་ཕྱིར་བྱ་དེ་དག་རྣམས་ཀྱི་ཡང་རྒྱབ་ཏུ་ཞོན་པར་བྱེད་དེ། གང་གིས་རྣམ་པ་ཇི་ལྟ་བུ་དག་གིས་ནམ་མཁའི་དཀྱིལ་དུ་འཕགས་ནས་ས་རྣམས་ཇི་ལྟ་བ་བཞིན་དུ་ཀུན་དུ་བལྟ་བར་འདོད་པའི་རྣམ་པ་དེ་ལྟ་བུར་བྱ་དེ་དག་ལྷ་རྣམས་ཀྱི་སེམས་བསྐྱེད་ པ་ཙམ་གྱིས་འགྱུར་རོ། །ཡང་ན་དེར་ཁང་བུ་དག་འགྱུར་ཞིང་ཕལ་ཆེ་བར་གྱུར་པའི་འབབ་ཆུ་དང ། རྫིང་བུ་དང ། ནགས་དང ། ཉེ་བའི་ནགས་དང ། འཁྲི་ཤིང་གི་ཁང་བུ་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་པར་བལྟ་ན་མཛེས་པར་གྱུར་པའི་བཞོན་པ་རྣམས་ལ་ཞོན་ནས་ལྷ་རྣམས་ཀྱི་ས་ལ་ དེ་དག་ཀུན་དུ་ལྟ་བར་བྱེད་དོ། །གཞན་ཡང་བྱ་གཞན་དག་གིས་ཚིགས་སུ་བཅད་པའི་དབྱངས་བརྗོད་པ། ཇི་ལྟར། ཚུལ་ཁྲིམས་བསྲུངས་པའི་མི་རྣམས་འཆི་བ་མཆོག་ཡིན་གྱི། །ཁྲིམས་འཆལ་རྣམས་ནི་ཡུན་རིངས་གསོན་པའང་འདིར་མཆོག་མིན། །མི་ཡིས་ཡོངས་སུ་ཟིལ་གྱིས་ མནན་ནས་གནས་ཕྱིར་མིན། །འཆི་འཕོས་ན་ཡང་མ་ཡིན་དམྱལ་བ་རྣམས་སུ་གནས། །སྔ་ཕྱི་རིམ་པར་བློ་ལྡན་རྣམས། །སྐད་ཅིག་རེ་རེ་ཉུང་ངུ་ན་ཉུང ། །གར་པ་དང་ནི་ཁྲུས་མཁན་ཡང ། བྱི་དོར་འབྲས་བུའི་བདག་ཉིད་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ནཱ་ལ་ 71-1-110a ཏིའི་བྲམ་ཟེའི་གྲོང་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ངས་བཤད་པར་བྱ་སྟེ། དང་པོར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་ འབའ་ཞིག་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ་ངས་བཤད་པར་བྱའོ། །འདི་ལྟ་སྟེ་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དེ་ལེགས་པར་རབ་ཏུ་ཡིད་ལ་བྱས་ཏེ་ཉོན་ཅིག་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་ སྩལ་པ་དང ། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །དེ་དག་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ལུས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡང་གང་དག་ཡིན་ཞེ་ན། འདི་ལྟ་སྟེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་པའི་དགེ་སློང་ནི་བདུད་ཀྱི་ཡུལ་ལ་མི་གནས་སོ། །ཉོན་མོངས་པ་རྣམས་ཀྱང་སྤོང་བར་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་མཐོང་ངོ ། །ཡེ་ཤེས་མངོན་སུམ་དུ་བྱས་པར་གྱུར་ནས་མྱ་ངན་ལས་འདས་པ་ཡང་མཐར་བྱེད་པར་ང་གསུང་ངོ ། །འདི་ན་དགེ་སློང་ལུས་ལ་ཡང་དག་ པར་ལྟ་བར་བྱེད་པ་རྣམས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་མི་འཕྲོགས་པ་དང ། ཀུན་ནས་ཉོན་མོངས་པ་རྣམས་དང་ཡང་བྲལ་བར་འགྱུར་རོ། །ནང་གི་བདག་ཉིད་ཀྱི་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། ཕྱི་རོལ་གྱི་གཟུགས་དང ། རོ་དང ། དྲི་དང ། རེག་བྱ་དང ། སྒྲ་དང ། ཆོས་རྣམས་ཀྱང་ལུས་ཡིན་ནོ། །ནང་གི་བདག་ཉིད་ཀྱིས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་གྱུར་ན་མཐར་མྱ་ངན་ལས་འདས་པར་འགྱུར་རོ། །འདི་ན་དགེ་སློང་དག་མིག་གིས་གཟུགས་རྣམས་མཐོང་བ་ན་ཀུན་དུ་རྟོག་པར་མི་བྱེད་ཅིང ། དགའ་བའི་ འདོད་ཆགས་དང་མཚུངས་པར་ལྡན་པའི་སེམས་ཀྱིས་ཡང་དག་པ་ཉིད་དུ་ལྟ་བར་མི་བྱེད་ཀྱིས། ལུས་འདི་ལ་ཡོད་པ་རྣམས་ནི་སྐྲ་དང ། སྤུ་དང ། སེན་མོ་དང ། སོ་དང ། རུས་པ་དང ། པགས་པ་དང ། ཁྲག་དང ། རྒྱུས་པ་དང ། ཟས་དང ། སྨིན་པ་དང ། བད་ཀན་དང ། མཁྲིས་ 71-1-110b པ་དང ། རླུང་དང ། རྒྱུ་མ་དང ། གཉེ་མ་དང ། བཤང་བ་དང ། གཅི་བ་དང ། གློ་བ་དང ། མཁལ་མ་དང ། ཤ་དང ། ཚིལ་དང ། ཁུ་ཆུ་དང ། ཆུ་སེར་དང ། སྣབས་དང ། གླད་རྒྱས་དང ། གླད་པ་རྣམས་སོ། །དེ་གང་གི་ཚེ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་འབྲེལ་བར་དྲན་པར་གྱུར་པ་ན། དེའི་ ཚེ་གཟུགས་དང ། རོ་དང ། དྲི་དང ། རེག་བྱ་དང ། སྒྲ་དང ། ཆོས་དང་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་ཀྱང་འཕྲོགས་པར་མི་འགྱུར་རོ། །མིག་གིས་ཀྱང་གཟུགས་རྣམས་དང་པོ་ཉིད་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནང་གི་ བདག་ཉིད་ཀྱི་མིག་ཤའི་གོང་བུ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཇི་ལྟར་མཐོང་བ་ཡིན་ན། ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་འདི་དག་ལ་གང་ཅུང་ཟད་ཅིག་སྲ་ཞིང་མཁྲང་བར་གྱུར་པ་ཟིན་པར་གྱུར་པ་དེ་དག་ཉེ་བར་ལེན་པ་འདི་ནི། ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་གི་སའི་ཁམས་ ཞེས་བརྗོད་དོ། །དེ་ལ་ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་འདི་དག་ཉིད་སོ་སོའི་བདག་ཉིད་ལ་ཆུ་དང་ཆུ་རྣམས་ནི་དེ་དག་རླན་ཞིང་རླན་པར་འབབ་པ་དེ་ལ་བརྟེན་ནས་གཤེར་བར་གྱུར་པ་ཟིན་པར་གྱུར་པ་ཉེ་བར་ལེན་པ་འདི་ནི། ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་གི་ཆུའི་ ཁམས་ཞེས་བརྗོད་དོ། །དེ་ལ་ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་འདི་ཉིད་སོ་སོའི་བདག་ཉིད་ལ་མེར་གྱུར་པ་ནི་དྲོ་བ་དང་དྲོ་བར་གྱུར་པ་ཟིན་པར་གྱུར་པ་ཉེ་བར་ལེན་པ་འདི་ནི། ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་གི་མེའི་ཁམས་ཞེས་བརྗོད་དོ། །དེ་ལ་ནང་གི་བདག་ཉིད་ཀྱི་ཤའི་ གོང་བུའི་མིག་འདི་ཉིད་སོ་སོའི་བདག་ཉིད་ལ་རླུང་དང་རླུང་དུ་གྱུར་པ་རྣམས་ནི་ཡང་ཞིང་ཀུན་དུ་གཡོ་བ་ཉིད་དུ་གྱུར་པ་འདི་ནི། ནང་གི་བདག་ཉིད་ཀྱི་ཤའི་གོང་བུའི་མིག་གི་རླུང་གི་ཁམས་ཞེས་བརྗོད་དོ། །ཇི་ལྟར་མིག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེ་ལྟར་ ན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་རྣམས་ལ་ཡང་སོ་སོར་རྟོག་པར་བྱེད་ཅིང ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དགེ་སློང་ནི། དགའ་བའི་འདོད་ཆགས་དང་ལྷན་ཅིག་གནས་པའི་སྲེད་པས་འཆིང་བར་མི་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ 71-1-111a ཞིང་གནས་ཏེ། ངའི་ལུས་འདི་ནི་སྐད་ཅིག་དང་སྐད་ཅིག་ལ་སྐྱེ་བ་དང ། རྒས་པ་དང ། འཆི་བ་དང ། ཤི་འཕོ་བ་དང ། སྐྱེ་བར་ཡང་འགྱུར་བས། འདི་ནི་སྒྱུ་མ་ལྟ་བུ་དང་གསོག་གསོབ་སྙིང་པོ་མེད་པ་དབུ་བ་དང་ཆུ་བུར་རྡོས་པ་ལྟ་བུར་གྱུར་པ་སྡུག་བསྔལ་དང ། སྡུག་བསྔལ་རྣམས་སྐྱབས་གནས་སུ་གྱུར་པ་དང ། སྡུག་བསྔལ་གྱི་སྐྱེ་གནས་ཀྱི་ལུས་ཡིན་ནོ། །སྡུག་བསྔལ་མ་ཡིན་པར་འགྱུར་བའམ། མི་རྟག་པ་མ་ཡིན་པ་དང ། ཡོངས་སུ་འགྱུར་བའི་ཆོས་ཉིད་མ་ཡིན་པ་དང ། འཇིག་པའི་ཆོས་ཉིད་མ་ཡིན་པ་གང་ཡིན་པའི་གནས་ སྐབས་ནི་ལུས་འདི་ལས་ཅུང་ཟད་ཅིག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། སྐྱབས་ནི་གང་ཡིན་སྐྱོབ་པ་ནི་གང་ཡིན། འདི་ན་ནི་ཇི་ལྟར་ཞེས་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་རྟོག་པར་བྱེད་དོ། །དེ་དག་ནི་ འདི་ལྟར་ཡིན་ཏེ། ལུས་འདི་ནི་ལས་ཀྱི་རྩ་བ་ལས་ཡིན་ཞིང་ལས་ཀྱི་སྐྱབས་གནས་པ་ལས་ཀྱི་སྐྱོབ་པ་ཡིན་པས། དགེ་བའི་ལས་རྣམས་དང་ལྡན་ན་ལྷ་དང་མི་རྣམས་སུའོ། །མི་དགེ་བའི་ལས་རྣམས་དང་ལྡན་ན་དམྱལ་བ་ཡི་དགས་དུད་འགྲོ་རྣམས་སུའོ། །ལུས་འདི་ལ་ནི་རྫས་སམ་ གཙང་བའམ་སྙིང་པོའམ་རྟག་པའམ། བརྟན་པར་གྱུར་པ་ནི་མེད་དོ་ཞེས་དེས་འདི་ཡང་དག་པར་སོ་སོར་རྟོག་པར་བྱེད་པ་གང་ཡིན་པ་ལས་དགའ་བའི་འདོད་ཆགས་དང་ལྷན་ཅིག་གནས་པའི་སྲེད་པ་ཡང་འབྱུང་བ་ཅན་གྱི་སྲེད་པ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་ སྤྱོད་པ་མིག་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་ཀྱི་མིའི་མིག་གིས་གཟུགས་རྣམས་སྣང་བ་དང ། ནམ་མཁའ་དག་ལས་རྗེས་སུ་འཐུན་པ་མཐོང་བར་འགྱུར་བ་དེ་ཁོ་ན་བཞིན་དུ་གནས་གཞན་ན་གནས་པའི་མིའི་མིག་གིས་གཟུགས་རྣམས་ མཐོང་བ་ཡིན་ནམ་ཞེས་བྱ་བར་ཏེ། དེ་ནས་ལེགས་པར་བསམས་ཤིང་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་ཀྱང་ཀུན་དུ་ལྟ་བར་བྱེད་པ་ལ་ཇི་ལྟར་འཛམ་བུའི་གླིང་པ་རྣམས་ཀྱི་མིག་དང་གཟུགས་དང་སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པའི་རྐྱེན་དེ་དག་རྣམས་ལས་གཟུགས་རྣམས་ 71-1-111b ལེགས་པར་མཐོང་བ་ཡིན་ནོ། །དེ་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་སྐྱེས་བུ་སོང་ཞིང་ནམ་མཁའ་ལ་གནས་ནས་གཟུགས་རྣམས་མཐོང་བ་ཡིན་ཏེ། དཔེར་ན་ཆུ་ན་ཆུ་ལ་སྤྱོད་པའི་ཉ་ལ་སོགས་པ་རྣམས་ཀྱི་གཟུགས་མཐོང་བ་དེ་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་རིས་བསྒྲིབས་པར་ གྱུར་པའི་གཟུགས་རྣམས་ཀྱང་མཐོང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་པ་བདག་ཉིད་འཛམ་བུའི་གླིང་པའི་ལུས་ཀྱིས་བྱང་གི་སྒྲ་མི་སྙན་པའི་ལུས་ལ་སོ་སོར་རྟོག་པར་བྱེད་དེ། ཇི་ལྟ་བུ་ཁོ་ནར་བདག་གི་རྣ་བས་མི་འདོད་པའི་སྒྲ་དང་རབ་ཏུ་གསལ་བ་རྣམས་ཐོས་ལ། བར་ཆོད་པ་རྣམས་ནི་མ་ ཡིན་ཞིང་དེ་བཞིན་དུ་སྒྲ་ཆེན་པོ་རྣམས་ནི་བདག་ཅག་གིས་ཐོས་པ་ཡིན་ན། དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཡིན་ནམ་ཅི་སྟེ་མ་ཡིན་ཞེས། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣ་བས་སོ་སོར་རྟོག་པར་བྱེད་དེ། ཐག་ཉེ་བ་རྣམས་དང ། རྒྱང་རིང་བ་རྣམས་དང ། དམན་པ་རྣམས་ དང ། སྙན་པ་རྣམས་དང ། མི་སྙན་པའི་སྒྲ་རྣམས་ཀྱང་ཆོས་ཉིད་ཀྱི་ཁྱད་པར་གྱིས་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུས་ཐོས་པ་ཡིན་ཏེ།ཇི་ལྟར་ཉི་མས་ཐག་ཉེ་བ་དང ། རྒྱང་རིང་བ་དང ། ཕལ་ཆེ་བ་དང ། གཟུགས་དམན་པ་དང ། གཙང་བ་དང ། མི་གཙང་བ་རྣམས་ཀྱང་གསལ་ བར་བྱེད་དོ། །དེ་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ཀྱིས་ཀྱང་སྒྲ་ཐོས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་སྣའི་དབང་པོ་དེ་ཁོ་ན་བཞིན་དུ་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ཡང་ཡིན་ནམ་ཅི་སྟེ་མ་ ཡིན་ཞེས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་སོ་སོར་རྟོག་པར་བྱེད་དེ། སྣས་དྲི་ཞིམ་པོ་རྣམས་ནི་སྣོམ་པར་བྱེད་ལ་དྲི་ཞིམ་པོ་མ་ཡིན་པ་རྣམས་སྣོམ་པར་མི་བྱེད་དེ་ཆོས་ཉིད་ཀྱི་ཁྱད་པར་གྱིས་ཇི་ལྟར་འོ་མ་དང་ཆུ་དག་འདྲེས་པར་གྱུར་པ་ལ་ངང་པས་ཆུ་མི་འཐུང་བར་འོ་མ་འཐུང་ བར་བྱེད་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ཀྱིས་དྲི་ཞིམ་པོ་སྣོམ་པར་བྱེད་ཅིང་དྲི་མི་ཞིམ་པ་རྣམས་ནི་མི་སྣོམ་མོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་རོ་མྱོང་བར་བྱེད་པ་དེ་ཁོ་ན་བཞིན་ 71-1-112a དུ་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་ཡིན་ནམ་ཅི་སྟེ་ན་མ་ཡིན་ཞེས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་རྣམ་པར་དག་པས་མཐོང་བར་གྱུར་པ། འཛམ་བུའི་གླིང་པ་རྣམས་ཀྱི་ལུས་ནི་རྣམ་པ་དུ་མ་རྣམས་སུ་དམན་པ་དང་བར་མ་དང་ཁྱད་པར་དུ་འཕགས་པའི་ཟས་ ཅན་ཡིན་ལ། དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ནི་མ་ཡིན་ཏེ། དེ་དག་རྣམས་ནི་ངའི་བ་མེད་པ་དང་རྟག་པ་ཁོ་ནར་དགེ་བའི་ལས་རྣམས་སྤྱད་པས་ཀྱང་དེ་དག་རྣམས་ནི་ངའི་བ་མེད་པ་དང་རོ་རྣམས་ཀྱང་གཅིག་པ་ཡིན་གྱི། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལྟར་ནི་མ་ཡིན་ ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལུས་ཀྱི་གཟུགས་རྣམ་པ་དུ་མ་ཡིན་པ་དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་ཡང་ཡིན་ནམ་ཅི་སྟེ་མ་ཡིན་ཞེས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ ལྷའི་མིག་གིས་མཐོང་བར་གྱུར་པ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་ཀྱི་ལུས་ནི་རྣམ་པ་དུ་མ་ཡིན་གྱི། དེ་ལྟར་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་གང་གི་ཕྱིར་ལས་མཚུངས་པ་རྣམས་ཀྱིས་ལྷན་ཅིག་ཏུ་འོངས་པ་རྣམས་ཡིན་པའི་ཕྱིར་ལུས་མཉམ་པ་ཁ་དོག་ མཉམ་པ་འཛམ་བུ་ཆུ་བོའི་གསེར་འདྲ་བ་དེ་དག་རྣམས་ནི་རྒྱ་ཆེ་ཞིང་གྱོང་བ་ནི་མ་ཡིན་ལ། འཇམ་ཞིང་མཛེས་པའི་ལུས་ཅན་རྣམས་ཡིན་ནོ། །དེ་ལྟར་འཛམ་བུའི་གླིང་པའི་མི་རྣམས་ནི་མ་ཡིན་ཏེ། འདི་དག་རྣམས་ནི་ལས་གཅིག་གིས་ཉེ་བར་འགྲོ་བ་མ་ཡིན་ཞིང་ལུས་གཅིག་ཀྱང་མ་ཡིན་ལ་ གཟུགས་གཅིག་གིས་འགྲོ་བ་པ་མ་ཡིན་ནོ། །དེ་མིའི་གནས་གཉིས་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བར་གྱུར་ནས། མིའི་གནས་གསུམ་པར་གྱུར་པ་ཤར་གྱི་ལུས་འཕགས་པོ་ཞེས་བྱ་བ་ལ་རྣམ་པར་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་ པ། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་དང་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་སྐྱེ་མཆེད་ཡིན་པ་དེ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་ཀྱང་སྟེ། དེ་དག་རྣམས་ཀྱི་མིག་གིས་གཟུགས་མཐོང་བ་ནི་ཇི་ལྟར་འཛམ་བུའི་གླིང་པའི་སྣང་བ་ལ་རྒྱུ་བའི་ཁྱི་དང ། སྟག་དང ། སྲིན་བྱ་དང་། 71-1-112b བྱི་ལ་ལ་སོགས་པ་རྣམས་འཇིགས་པས་སྣང་བ་མེད་པར་མཐོང་བ་ཡིན་ལ། དེ་ལྟར་ཤར་གྱི་ལུས་འཕགས་པོའི་སྐྱེས་བུ་རྣམས་ཀྱིས་ཀྱང་མུན་པ་ལ་གཟུགས་མཐོང་བ་ཡིན་ཏེ། ཕྲ་བ་དང་རགས་པ་རྣམས་དང ། ཇི་ལྟར་མིག་གི་ཡུལ་དུ་འགྲོ་བ་རྣམས་སོ། །གཞན་ཡང་རྣལ་འབྱོར་ སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱིས་སྒྲ་ཉན་པར་བྱེད་པ་ནི་སྔར་བཞིན་ཏེ། དེ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་ཀྱི་ཡང་ཡིན་ནམ་ཅི་སྟེ་མ་ཡིན་ཞེས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་ནས་ རྣམ་པར་ལྟ་བར་བྱེད་དེ། ཇི་ལྟར་འཛམ་བུའི་གླིང་པ་དང་བྱང་གི་སྒྲ་མི་སྙན་པའི་མི་རྣམས་སྒྲ་ཉན་པར་བྱེད་པ་དེ་ལྟར་ཤར་གྱི་ལུས་འཕགས་པོ་དེ་དག་རྣམས་ནི་མ་ཡིན་ཏེ། ཤར་གྱི་ལུས་འཕགས་པོ་དེ་དག་ནི་མདའ་ལྟུང་བའི་ཚད་ཙམ་ཅིག་ཏུ་རྣ་བའི་རྣམ་པར་ཤེས་པས་སྒྲ་ལ་འཇུག་ གི་ཆོས་ཉིད་ཀྱི་ཁྱད་པར་གྱིས་ལྷག་པར་སྒྲ་འཛིན་པ་ནི་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་མིའི་གནས་གསུམ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་དང་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱིས་སྣའི་རྣམ་པར་ཤེས་པ་དྲི་ལ་འཇུག་པར་ འགྱུར་བ་དེ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་ཀྱི་ཡང་ཡིན་ནམ་ཅི་སྟེ་མ་ཡིན་ཞེས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤར་གྱི་ལུས་འཕགས་པོའི་མི་རྣམས་ནི་ཆོས་ཉིད་ཀྱི་ཁྱད་པར་གྱིས་ཉིན་མོ་སྣའི་རྣམ་པར་ཤེས་པས་དྲི་ རྣམས་སྣོམ་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་དང་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་ལྕེའི་རྣམ་པར་ཤེས་པ་ཀུན་དུ་འཇུག་པར་འགྱུར་བ་དེ་ལྟར་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ལྕེའི་རྣམ་ པར་ཤེས་པ་ཀུན་ནས་འཇུག་པ་ཡིན་ནམ་ཅི། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤར་གྱི་ལུས་འཕགས་པོའི་མི་རྣམས་ནི། སཱ་ལུ་ཀའི་ཟས་གཅིག་ཟོས་པས་འདི་དག་རྣམས་ཞག་གསུམ་དུ་ལུས་འཚོ་བར་འགྱུར་རོ། །ཆོས་ཉིད་ཀྱི་ཁྱད་ 71-1-113a པར་གྱིས་དེ་དག་རྣམས་ལ་མི་འཆི་བའི་བར་དུ་ནད་ཀྱང་མེད་པ་ཡིན་ལ། དུས་གང་གི་ཚེ་ཉི་མ་ལྔ་ན་འཆི་བ་འབྱུང་བར་འགྱུར་བའི་དུས་དེའི་ཚེ་ན་ནད་འོང་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་ དང་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་ལུས་ཡིན་པ་དེ་ཁོ་ན་བཞིན་དུ་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ཡང་ཡིན་ནམ་ཅི། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ལུས་ནི་ནྱ་གྲོ་དྷ་དང་ཆ་འདྲ་བའི་ཉེ་འཁོར་ ཀུན་ནས་ཡོངས་སུ་འགྲིབས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མིའི་གནས་གསུམ་པོ་རྣམས་ཡང་དག་པར་སོ་སོར་བརྟགས་ནས། སྐྱེས་བུའི་གནས་བཞི་པར་གྱུར་པ་བ་ལང་སྤྱོད་ཅེས་བྱ་བ་ལ་སོ་སོར་ཀུན་ནས་རྟོག་པར་བྱེད་དོ། །ཇི་ ལྟར་བ་ལང་སྤྱོད་པ་རྣམས་ཀྱི་མིག་འཇུག་པར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བ་ལང་སྤྱོད་པའི་མི་རྣམས་ནི་ནམ་མཁའ་མེད་པར་ཡང་མིག་གིས་རྣམ་པར་ཤེས་པ་འཇུག་པ་ཡིན་ཏེ། རིས་ཀྱང་སྒྲིབ་པར་མི་འགྱུར་ཏེ། ཇི་ ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱིས་ཤེལ་གྱིས་བསྒྲིབས་པའི་གཟུགས་རྣམས་མཐོང་བར་འགྱུར་བ་དེ་བཞིན་དུ་ཆོས་ཉིད་ཀྱི་ཁྱད་པར་གྱིས་བ་ལང་སྤྱོད་པ་རྣམས་ཀྱིས་རིས་བསྒྲིབས་པའི་གཟུགས་རྣམས་ཀྱང་མཐོང་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་དང་བྱང་གི་སྒྲ་མི་སྙན་པ་རྣམས་དང ། ཤར་གྱི་ལུས་འཕགས་པོ་རྣམས་ཀྱི་སོ་སོར་རྣ་བའི་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་དེ་ཁོ་ན་བཞིན་དུ་བ་ལང་སྤྱོད་པའི་མི་རྣམས་ཀྱི་ཡང་ཡིན་ནམ་ཅི། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་ གིས་མཐོང་བར་གྱུར་པ་དེ་ནི་མིག་ཉིད་ཀྱིས་ཐོས་པ་ཡིན་ཏེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་ཀྱི་མིག་གིས་ཐོས་པསྦྲུལ་ཡིན་པ་དེ་བཞིན་དུ་བ་ལང་སྤྱོད་པའི་མི་རྣམས་ཀྱི་མིག་ཉིད་ཀྱིས་ཐོས་པ་ཡིན་ཞིང ། ཇི་ལྟར་རིས་བསྒྲིབས་པའི་གཟུགས་རྣམས་ཉིད་མཐོང་བ་དེ་བཞིན་དུ་སྒྲ་རིས་བསྒྲིབས་པར་ 71-1-113b གྱུར་པ་ཡང་ཐོས་པ་ཡིན་ཏེ། ཆོས་ཉིད་ཀྱི་ཁྱད་པར་གྱིས་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པ་རྣམས་དང་བྱང་གི་སྒྲ་མི་སྙན་པ་རྣམས་དང་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་སྣའི་རྣམ་པར་ཤེས་པ་འཇུག་པར་ འགྱུར་བས་མི་རྣམས་ཀྱི་གནས་གསུམ་ན་མིག་ལ་སོགས་པ་རྣམས་སོ་སོར་ཐ་དད་པར་འཇུག་པ་ཡིན་པ་དེ་ཁོ་ན་བཞིན་དུ་བ་ལང་སྤྱོད་པ་རྣམས་ཀྱི་སྣའི་རྣམ་པར་ཤེས་པ་ཡང་འཇུག་པ་ཡིན་ནམ་ཅི། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དེས་ན་གང་ དག་མེ་ཏོག་རྣམས་སམ་གཞན་ཡང་རུང་སྟེ། དངོས་པོ་མིག་གིས་མཐོང་བ་རྣམས་དེས་དྲི་ཡང་འཛིན་པར་བྱེད་དོ། །འདི་ལྟ་སྟེ། ཆོས་ཉིད་ཀྱི་ཁྱད་པར་གྱིས་མཐོང་བའི་དངོས་པོ་རྣམས་ཀྱི་དྲི་འཛིན་པར་བྱེད་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ ལྟར་བ་ལང་སྤྱོད་པ་རྣམས་ཀྱི་ལྕེའི་རྣམ་པར་ཤེས་པ་འཇུག་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ་དག་ན་སཱ་མ་ཀཱའི་ཟས་ཟ་བ་དང་བ་ལང་གི་འོ་མ་དང་ཞོ་དང་དར་བ་རྣམས་ཀྱིས་རྟག་ཏུ་ཡང་སྐོམ་གྱི་བྱ་བ་བྱེད་དེ། ཇི་ལྟར་འཛམ་བུའི་གླིང་པ་ རྣམས་བུ་རམ་ཆང་དང་རྒུན་ཆང་དང་མངར་ཆང་དང་ཟན་ཆང་རྣམས་ཡིན་པ་དེ་ལྟར་བ་ལང་སྤྱོད་པ་རྣམས་ཀྱི་བ་ལང་གི་འོ་མ་དང་ཞོ་དང་དར་བ་རྣམས་ཡིན་ནོ། །ཇི་ལྟར་འབྲས་ཤ་ལི་ཡིས་ཚིམ་པར་གྱུར་པ་དེ་ལྟར་བ་ལང་སྤྱོད་པ་རྣམས་སཱ་མ་ཀཱ་ཡིས་ཚིམ་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་ པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བ་ལང་སྤྱོད་པ་རྣམས་ཀྱི་ལུས་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ་ནི་ཏ་ལ་ཙམ་དུ་མཐོ་བར་གྱུར་པ་ཡིན་ཏེ། རང་གི་ལས་ཀྱིས་ཡིན་པས་ཇི་ལྟར་ལས་རྣམས་དང་འདྲ་བའི་གཟུགས་ ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པས་སྐྱེས་བུའི་གནས་བཞི་ན་མཚུངས་ཤིང་འདྲ་བར་གྱུར་པའི་ཡིད་དང་མཚུངས་ཤིང་འདྲ་བར་གྱུར་པའི་སྐྱེ་བ་དང་མཚུངས་ཤིང་འདྲ་བར་གྱུར་པའི་རྟེན་རྣམས་ཀྱང་ཕན་ཚུན་དུ་བལྟས་པར་གྱུར་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་ 71-1-114a གིས་ཤེས་པས་ཀྱང་སྐྱེས་བུ་གཅིག་ཀྱང་ཡོད་པར་མ་མཐོང་ངོ ། །སྐྱེས་བུའི་གནས་བཞི་པའི་རྣམས་ན་གང་དག་ཕན་ཚུན་དུ་མཚུངས་ཤིང་འདྲ་བར་གྱུར་པའི་ཡིད་དང་མཚུངས་ཤིང་འདྲ་བར་གྱུར་པའི་སྐྱེ་བ་དང་མཚུངས་ཤིང་འདྲ་བར་གྱུར་པའི་རྟེན་རྣམས་ཐམས་ཅད་ཀྱང་འདྲ་བར་གྱུར་པ་ མ་ཡིན་པ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཅི་སྐྱེས་བུའི་གནས་བཞི་པོ་འདི་དག་རྣམས་ན་སྐྱེས་བུ་གང་དག་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང ། ལས་ཀྱི་སྐྱེ་གནས་པ་དང ། ལས་ཀྱི་སྐྱབས་ གནས་པའི་ཆོས་སུ་གྱུར་པ་མ་ཡིན་པ་ཕན་ཚུན་གྱི་གནས་དང ། གྲོང་རྡལ་རྣམས་ན་འགའ་ཞིག་ཡོད་དམ། ལས་ཀྱི་སྐྱེ་གནས་པ་དང ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང ། ལས་བརྟན་པར་བྱས་པར་གྱུར་པ་མ་ཡིན་པ་གང་ཡིན་པའི་སྐྱེས་བུ་དེ་ནི་གཅིག་ཀྱང་མ་མཐོང་ངོ ། །དགེ་བའམ་ སྡིག་པར་གྱུར་པ་ཡང་རུང་སྟེ་ལས་གང་དག་བྱེད་པར་འགྱུར་བ་དེ་དང་དེ་དག་ཉིད་ཀྱི་ལས་རྣམས་ཀྱི་བགོ་སྐལ་ལ་སྤྱོད་པར་འགྱུར་རོ། །གང་ཡང་མཛའ་བོ་དང ། མཛའ་བོ་མ་ཡིན་པ་དང ། བར་མའི་ཕུང་པོ་རྣམས་སུ་མ་གྱུར་པ་ནི་མེད་དོ། །དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣལ་ འབྱོར་སྤྱོད་པ་གནས་པ་ཡིན་ནོ། །ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པའི་ལྷ་རྣམས་ཀྱི་ལུས་ནི་ཇི་ལྟ་བུ་ཡིན་ཞིང ། ཇི་ལྟར་ན་ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་གྱུར་ཅིང་ཡང་དག་པར་ལྡན་པས་ལྷ་རྣམས་གནས་པ་ཡིན་ནོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷར་སྐྱེས་པའི་སེམས་ཅན་རྣམས་ལྷ་རྫས་ཀྱི་ལྷའི་འདོད་པའི་ཡོན་ཏན་ལྔ་དང་བཅས་ཤིང་ཡང་དག་པར་ལྡན་པ་རྣམས་ལ་འདི་ལྟ་སྟེ། ལྷ་རྣམས་ཀྱི་མིག་ལྷ་རྫས་ཀྱི་གཟུགས་རྣམས་ཀྱིས་ཚིམ་པར་མི་འགྱུར་བའི་ ལྷ་རྫས་ཀྱི་གཟུགས་ཕྲ་བ་དང་རགས་པ་རྣམས་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ལྷའི་མིག་གིས་དཔག་ཚད་སྟོང་ཕྲག་བཅུར་མཐོང་ངོ ། །གལ་ཏེ་རྫུ་འཕྲུལ་བྱས་ནས་མིག་འཕྲུལ་བར་གྱུར་ན་ནི་དེས་དཔག་ཚད་སྟོང་ཕྲག་རབ་ཏུ་མང་པོ་རྣམས་རབ་ཏུ་མཐོང་བར་འགྱུར་རོ། །དེ་ལྟར་དགེ་སློང་ 71-1-114b གིས་ལེགས་པར་བྱས་པའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པའི་མཐུ་སྟོབས་དང་ལྡན་པའི་ལྷ་རྣམས་ཀྱི་ནང་ནས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་གང་ཡིན་པ་མཐོང་སྟེ། དེ་དག་ཀྱང་འདོད་པ་དང ། དགའ་བ་དང ། ཡིད་དུ་འོང་བར་མཐོང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་ པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་རྣ་བས་སྒྲ་ཐོས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ལྷ་རྣམས་ཀྱིས་སྒྲ་གང་དང་གང་དག་ཁོ་ན་ཐོས་པ་དེ་དང་དེ་དག་རྣམས་ནི་ འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམས་ཐོས་པ་ཡིན་ཏེ། ལྷན་ཅིག་སྐྱེས་པར་གྱུར་པའི་རྣ་བས་ནི་དཔག་ཚད་སུམ་སྟོང་གི་སྒྲ་རྣམས་ཐོས་སོ། །གལ་ཏེ་རྫུ་འཕྲུལ་བྱས་ནས་རྣ་བ་སྤྲུལ་པར་གྱུར་ན་ནི་དེས་དཔག་ཚད་སྟོང་ཕྲག་ཉི་ཤུར་ཐོས་པར་འགྱུར་ཏེ། གང་དག་ཐོས་པར་འགྱུར་བ་དེ་དག་ རྣམས་ཀྱང་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣམས་ཐོས་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་སྣས་དྲི་སྣོམ་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་ གིས་མཐོང་བར་གྱུར་པ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་སྣས་ནི་དྲི་དཔག་ཚད་ཉིས་བརྒྱར་དྲི་རྣམས་སྣོམ་པར་བྱེད་དོ། །གལ་ཏེ་རྫུ་འཕྲུལ་བྱས་ཏེ་སྣ་སྤྲུལ་པར་གྱུར་ན་ནི་དཔག་ཚད་སྟོང་ཕྲག་བརྒྱའི་བར་དུ་དེས་དྲི་འཛིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་ཏེ། ཇི་ལྟར་ལྷ་རྣམས་ཀྱིས་ལྕེའི་དབང་པོ་རོས་ཚིམ་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་ལྕེའི་དབང་པོས་ནི་མི་དམན་པ་དང་ཡིད་དུ་འོང་ཞིང་ཡིད་དུ་འོང་བའི་རོ་རྣམས་ཀྱི་བདེ་བ་ དང་ལྡན་པ་ཡིན་ཏེ། རོ་རྣམས་ནི་ཇི་ལྟར་ལེགས་པར་བྱས་པའི་ལས་བྱས་པ་རྣམས་ཀྱིས་ལྷ་རྣམས་རོས་ཚིམ་པ་མེད་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཕྲ་བ་དང ། རགས་པ་དང ། མྱུར་བ་ཉིད་དུ་ཡང་འགྱུར་བའི་ལྷ་རྣམས་ཀྱི་བདག་ཉིད་ཀྱི་ 71-1-115a དངོས་པོའི་ལྷ་རྣམས་ཀྱི་ལུས་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ། པད་མ་གཅིག་ཉིད་ལ་ལྷ་ལྔ་བརྒྱ་གནས་པར་གྱུར་ན་ཡང་ཕན་ཚུན་ལུས་ཀུན་དུ་ཐུག་པར་འགྱུར་བ་དང ། གཟེར་ཟུག་ཀྱང་འབྱུང་བར་ མི་འགྱུར་བ་དེ་སྲིད་དུ་ལུས་རྣམས་ཤིན་ཏུ་ཕྲ་བར་གྱུར་པ་ཡིན་ཏེ། གང་གི་ཕྱིར་ལྷ་རྣམས་ཀྱི་ལྷ་རྫས་ཀྱི་གཟི་བརྗིད་ཡིན་པའི་ཕྱིར་རོ། །དཔེར་ན་ཁང་པ་གཅིག་གི་ནང་དུ་མར་མེ་ལྔ་བརྒྱ་ལེགས་པར་སྦར་བར་གྱུར་ཀྱང ། འོན་ཀྱང་མར་མེའི་འོད་རྣམས་ཕན་ཚུན་དུ་ཟུག་གཟེར་དུ་གྱུར་པ་ ནི་མེད་པ་ཡིན་ལ། ཀུན་དུ་རེག་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་ལྟར་ལྷ་རྣམས་ཀྱི་གཞལ་ཡས་ཁང་གི་མཆོག་ན་གནས་པ་རྣམས་ལ་ཕན་ཚུན་དུ་གནོད་ཟུག་མེད་པ་ཡིན་ཞིང་ཐུག་པ་ཡང་མེད་པ་ཡིན་ནོ། །གལ་ཏེ་ཡང་ལྷ་རྣམས་རགས་པའི་ལུས་སྤྲུལ་པར་བྱེད་ན། དེས་དཔག་ ཚད་བརྒྱ་ཕྲག་མང་པོ་རྣམས་སུ་གྱུར་པའི་གཟུགས་བྱེད་པ་དང ། བལྟ་ན་སྡུག་པའམ། བལྟ་ན་མི་སྡུག་པའམ། འཇིགས་པར་བྱེད་པའམ། འཇིགས་པར་མི་བྱེད་པ་རྣམས་ཀྱང་བྱེད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལྷ་རྣམས་ཇི་ལྟར་ན་མགྱོགས་པར་འགྲོ་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལྷ་རྣམས་ཀྱང་རེ་ཞིག་མགྱོགས་པར་འགྲོ་བ་ཡིན་ནོ། །རྫུ་འཕྲུལ་བྱས་པར་གྱུར་ན་གང་དག་མིག་བཙུམས་པ་ཙམ་ལ་ཡང་དཔག་ཚད་བརྒྱ་སྟོང་ཕྲག་ མང་པོ་རྣམས་སུ་འགྲོ་བར་བྱེད་ཅིང་སླར་ཡང་འོང་བར་འགྱུར་བ་ཡིན་ནོ། །གང་དང་གང་ལ་ལྷ་རྣམས་འགྲོ་བར་འདོད་པར་གྱུར་པ་དེ་དང་དེ་དག་རྣམས་ཉིད་ལ་ཀུན་དུ་ཐོགས་པ་མེད་པར་འགྲོ་བར་འགྱུར་རོ། །ལྷ་རྣམས་འདོད་པ་གང་དང་གང་དག་དོན་དུ་གཉེར་བར་གྱུར་པ་དེ་དག་རྣམས་ ཉིད་དེ་བཞིན་དུ་འདིར་ཕུན་སུམ་ཚོགས་པར་འགྱུར་ཏེ། ཐོབ་པ་རྣམས་ནི་གཞན་གྱིས་ཕྲོགས་པར་མི་ནུས་པ་དང ། དབང་དུ་གྱུར་པ་ཡང་ཡིན་ནོ། །ཐོབ་པར་གྱུར་པའི་རང་གི་དོན་རྣམས་ལ་ཕྱིས་ཡང་འདི་དག་རྣམས་གཞན་དག་འགའ་ཞིག་ལ་འཇིགས་པར་འགྱུར་བ་ཡང་མ་ཡིན་ནོ། ། 71-1-115b མཐོ་འཚམ་པ་ཡང་མེད་དོ། །རང་གི་ཡུལ་གྱི་ལྷ་རྫས་རྣམས་ཀྱིས་ཉིན་དང་མཚན་དུ་འཕེལ་བར་བྱེད་དོ། །ལེགས་པར་བྱས་པའི་ལས་བྱས་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔ་འབྱོར་ཞིང་རྫོགས་པ་རབ་ཏུ་ལྡན་པར་གྱུར་པ་ཡིན་ཏེ། དེ་དག་རྣམས་ནི་ཐམས་ཅད་དུ་འགྱུར་བ་ཡིན་ནོ། །དེ་ལྟརརྣལ་ འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལུས་ཡིན་ཞིང་ཡུལ་རྣམས་ལ་ཡང་ཇི་ལྟར་འཇུག་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ བམ་ལྷའི་མིག་གིས་མཐོང་བར་གྱུར་པ།ཇི་ལྟར་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ཡུལ་གྱི་བདེ་བ་དེ་དག་རྣམས་ལས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པར་གྱུར་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ནི་སྟོང་འགྱུར་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་དྲུང་ན་སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ནི་ཤིན་ཏུ་འདོད་པར་གྱུར་པ་དང ། ཤིན་ཏུ་ཕལ་ཆེ་བ་དང ། རབ་ཏུ་དགའ་བར་གྱུར་པ་དང ། མཆོག་ཏུ་ཡིད་དུ་འོང་བ་དང ། ཁྱད་པར་དུ་འཕགས་པའི་ལས་རྣམས་སུམ་ཅུ་རྩ་གསུམ་པའི་ལྷས་བྱས་པའི་ ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ལེགས་པར་བྱས་པའི་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་ན་རྒྱལ་ཆེན་རིས་བཞི་པ་རྣམས་ཀྱིས་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བདེ་བའི་དབང་དུ་བྱས་ནས་མཉམ་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་ པ་ཞིབ་མོར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་དམྱལ་བ་པའི་སྐྱེ་བོ་རྣམས་ཀྱི་ལུས་ཡིན་ན། ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བ་དང ། མནར་མེད་པ་དང ། དམྱལ་བ་ཆེན་པོ་རྣམས་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མི་འདོད་པ་དང ། མི་སྡུག་པ་དང ། ཡིད་དུ་མི་འོང་བར་གྱུར་པའི་ལས་རྣམ་པ་གསུམ་པོ་ལུས་ཀྱིས་དང་ངག་ 71-1-116a གིས་དང་ཡིད་ཀྱིས་བྱས་ཤིང་བསགས་པས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་གི་ཕྱིར་བྱས་ཤིང་བསགས་པའི་ཉེས་པར་བྱས་པའི་ལས་རྣམས་མ་མྱོང་གི་བར་དུ་འགྲོལ་བར་འགྱུར་བ་ནི་མེད་དོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། ལས་གང་དག་གིས་དམྱལ་བ་འདི་དག་རྣམས་གང་དུ་སྐྱེ་བར་འགྱུར་བ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ།ལྷའི་མིག་གིས་མཐོང་བར་གྱུར་པ་སྲོག་གཅོད་པ་ཤིན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པས་ནི་དམྱལ་བ་ཡང་སོས་སུ་སྐྱེ་བར་འགྱུར་རོ། །སྲོག་ གཅོད་པ་དང་མ་བྱིན་པར་ལེན་པ་ཡང་ཤིན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པའི་ཉིས་འགྱུར་གྱི་ལས་ཀྱིས་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་རྣམས་ཤིན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་ པས་ན། དམྱལ་བ་ཆེན་པོ་བསྡུས་འཇོམས་སུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལ་ལོག་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་རྣམས་ཤིན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པར་གྱུར་པས་ནི་ངུ་འབོད་དུ་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ ལེན་པ་དང་འདོད་པ་ལོག་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་དང་འབྲུ་དང་བཅོས་པའི་ཆང་སྡོམ་པ་འཛིན་པ་ལ་སྐོམ་དུ་བྱིན་པར་གྱུར་ན་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང་འབྲུ་དང་བཅོས་པའི་ཆང་སྡོམ་པ་ བཟུང་བ་ལ་སྐོམ་དུ་བྱིན་པར་གྱུར་པ་དང་ལོག་པར་ལྟ་བ་ཅན་དུ་གྱུར་ན་ཚ་བའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་དང་འབྲུ་དང་བཅོས་པའི་ཆང་སྡོམ་པ་འཛིན་པ་ལ་འཐུང་དུ་བཅུག་པ་རྣམས་དང་ལོག་ པར་ལྟ་བ་དང་སྡོམ་པ་འཛིན་པའི་དགེ་སློང་དང་དགེ་སློང་མ་ཡང་རུང་སྟེ་སུན་ཕྱུང་བར་གྱུར་པས་ནི་རབ་ཏུ་ཚ་བའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དམྱལ་བ་ཆེན་པོ་ཀུན་ནས་འགྲུབ་པར་གྱུར་པའི་ལས་ལྔས་མནར་མེད་པར་སྐྱེ་བར་འགྱུར་བ་ནི་འདི་ལྟ་སྟེ། ཕ་དང་མ་དང་དགྲ་ 71-1-116b བཅོམ་པ་རྣམས་སྲོག་གཅོད་པར་བྱེད་པ་དང་དགེ་འདུན་འབྱེད་པར་བྱེད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་པ་དང་ལས་དེ་རྣམས་ཀྱིས་མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །དེས་དམྱལ་བ་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་རྣམས་ ལ་བསམས་ནས་སེམས་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེས་ཡི་དགས་ཀྱི་འགྲོ་བར་གཏོགས་པའི་སེམས་ཅན་རྣམས་ཇི་ལྟར་མཐོང་བ་ཡིན་ཞེ་ན། གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སེར་སྣ་རྣམ་པ་དུ་མས་སྐྱེས་པའི་ཡི་དགས་རྣམས་སམ་དཔག་ཚད་ལྔ་བརྒྱའི་ས་འོག་ཉིད་དུ་སྐྱེས་པར་གྱུར་པ་རྣམས་ལ་རྣམ་པ་དུ་མར་ཡང་ཟས་མེད་པ་ཤིན་ཏུ་སྨེ་བར་ གྱུར་པ་ཕན་ཚུན་དུ་ཟས་སུ་གྱུར་པ་ལྟོགས་པ་དང་སྐོམ་པས་ཉམ་ཐག་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་རྣམས་མེའི་ཆར་འབབ་པས་སྲེག་པར་བྱེད་པ་རྣམས་ནི། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང་ལས་ཀྱི་སྐྱབས་གནས་པ་རྣམས་ཡིན་ཏེ། ཤིན་ཏུ་ ཡང་སྡུག་བསྔལ་བར་གྱུར་པའི་ཡི་དགས་དེ་དག་རྣམས་མཐོང་ནས། གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་དུད་འགྲོའི་འགྲོ་བར་གཏོགས་པ་རྣམས་ལ་ཀུན་དུ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ མཐོང་བར་གྱུར་པ་ལ། རྣམ་པ་དུ་མར་གྱུར་པ་རྣམས་མཐོང་བ་ཡིན་ནོ། །མདོར་བསྡུ་ན་གནས་གསུམ་ན་རྒྱུ་བ་རྣམས་ལ་འདི་ལྟ་སྟེ། ཆུ་ལ་རྒྱུ་བར་བྱེད་པ་རྣམས་ནི་ཉ་ལ་སོགས་པའོ། །ཐང་ལ་རྒྱུ་བར་བྱེད་པ་རྣམས་ནི་གླང་པོ་ཆེ་དང ། རྟ་དང ། བ་ལང་དང ། མ་ཧི་ཥ་དང ། རི་དགས་དང ། ཕག་པ་ལ་སོགས་པ་རྣམས་སོ། །ནམ་མཁའ་ལ་རྒྱུ་བ་རྣམས་ཀྱང་རྣམ་པ་དུ་མའོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། མཐོང་བ་དང་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ཇི་ལྟར་སྐྱེ་གནས་ལས་སྐྱེ་བའི་ 71-1-117a དུད་འགྲོ་རྣམས་མཐོང་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་སྐྱེ་གནས་བཞི་ལས་སྐྱེ་བར་འགྱུར་བའི་དུད་འགྲོ་རྣམས་མཐོང་སྟེ། མངལ་ལས་སྐྱེ་བ་ནི་ཕག་པ་དང ། བ་ལང་དང ། མ་ཧི་ཥ་དང ། གླང་པོ་ཆེ་དང ། རྟ་ལ་སོགས་པ་རྣམས་ སོ། །སྒོ་ང་ལས་སྐྱེ་བ་ནི་སྦྲུལ་དང ། ངང་པ་དང ། བྱ་ལཱ་བ་ཀཱ་དང ། ཁྱིམ་བྱ་དང ། བྱ་རོག་ལ་སོགས་པ་རྣམས་སོ། །དྲོད་གཤེར་ལས་སྐྱེ་བ་ནི་ཤིག་དང་འདྲེ་ཤིག་པ་ལ་སོགས་པ་རྣམས་སོ། །བརྫུས་ཏེ་སྐྱེ་བ་ནི་ཕལ་ཆེར་གདོང་རིངས་ཀྱི་ཀླུ་ལ་སོགས་པ་རྣམས་སོ། །དེས་ དུད་འགྲོ་རྣམས་གང་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །དེ་ལ་གནས་སྐབས་གསུམ་པོ་ཐམས་ཅད་ན་ཡང་འདོད་པ་དང་ཡིད་དུ་འོང་བ་རྣམས་ཐ་དད་དུ་འགྱུར་བ་དང ། མེད་པར་འགྱུར་བ་དང ། འབྲལ་བར་འགྱུར་བ་དང ། འགྱེས་པར་འགྱུར་བ་རྣམས་སུ་གང་དག་མི་འགྱུར་ བའམ་གང་ལ་སྲོག་ཆགས་རྣམས་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་ཏུ་མཛའ་བོ་དང ། མི་མཛའ་བ་དང ། བར་མའི་ཕུང་པོ་རྣམས་ཐམས་ཅད་རྣམ་པར་གཞག་པ་བྱས་པར་མ་གྱུར་པའམ། གང་ལ་ཡང་འཆི་འཕོ་བ་དང་སྐྱེ་བར་འགྱུར་བ་རྣམས་བྱས་ཤིང་བྱས་པར་མ་གྱུར་པ་ནི། དམྱལ་བའི་གནས་རྣམས་དང་ཡི་དགས་ཀྱི་གནས་རྣམས་དང ། དུད་འགྲོའི་གནས་རྣམས་དང ། གནས་ཀྱིས་བསྡུས་པ་རྣམས་ན་ཅུང་ཟད་ཀྱང་མེད་དོ། །དགེ་སློང་དག་འཁོར་བ་འདི་ནི་འདོད་པར་བྱ་བ་མ་ཡིན་ནོ། །ཇི་སྲིད་དུ་དགའ་བ་མ་ཡིན་པ་དེ་ལྟར་ཡིད་དུ་འོང་བ་མ་ཡིན་ཏེ། དེ་ ལྟར་མི་འཐུན་པ་དང་དེ་ལྟ་དེ་ལྟར་སླུ་བ་དང་དེ་ལྟར་རབ་ཏུ་འཇིག་པའི་ཆོས་ཅན་དང་།དེ་ལྟར་སེམས་ཅན་རྣམས་ཐམས་ཅད་ནི་ཐུན་མོང་མ་ཡིན་པར་སྡུག་བསྔལ་བར་གྱུར་པ་ཡིན་ནོ། །དེའི་ཕྱིར་དགེ་སློང་དག་འཁོར་བའི་གནས་ལ་འདོད་ཆགས་དང་བྲལ་བར་གྱིས་ཤིག་།དོན་མེད་པ་སླུ་ བ་རྣམ་པར་འཇིག་པའི་ཆོས་ཅན་མི་རྟག་པ་སྡུག་བསྔལ་བ་མུན་ནག་ཏུ་བྱེད་པ་མནོག་ཆུང་བ་འདི་དག་ལས་ཤིན་ཏུ་མྱུར་བར་རྣམ་པར་གྲོལ་བར་གྱིས་ཤིག་།དེ་ལྟར་ནཱ་ལ་ཏིའི་གྲོང་གི་བྲམ་ཟེ་དང ། ཁྱིམ་བདག་རྣམས་དང ། དགེ་སློང་རྣམས་ཀྱང་ནང་གི་བདག་ཉིད་ཀྱི་ལུས་ཀྱིས་ཕྱི་རོལ་ 71-1-117b གྱི་ལུས་ཀྱང་ཡང་དག་པ་ཉིད་དུ་རྣལ་འབྱོར་སྤྱོད་པས་མཐོང་ནས། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཡང་ཇི་ལྟར་ན་ནཱ་ལ་ཏིའི་གྲོང་གི་བྲམ་ཟེ་དང ། ཁྱིམ་བདག་དང ། དགེ་སློང་རྣམས་ཀྱང་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ན། འདི་ན་ཡང་ དག་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་ནང་གི་བདག་ཉིད་ཀྱི་ལུས་ལས་ཡང་གང་དག་ལུས་ཀྱི་ནང་དུ་ཞ་བར་གྱུར་པའི་མི་གཙང་བའི་ཡན་ལག་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་རྣམ་པར་དཔྱོད་ལ་སོ་སོར་རྟོག་པར་བྱེད་པས་ལན་ཅིག་མ་ཡིན་པར་མགོ་བོ་ནས་ཇི་སྲིད་དུ་རྐང་པའི་བར་ དུ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དོ། །རྣལ་འབྱོར་སྤྱོད་པ་དེ་དང་པོ་ཁོ་ནར་སོ་སོར་རྟོག་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཐོད་པའི་སྲུབས་བཞིར་གྱུར་པའི་རུས་པའི་མགོ་བོ་གླད་ཕོར་གྱི་དུམ་བུ་བཞིའི་ཡིན་ཞིང་དེ་ ལ་སྲིན་བུ་ཀུན་དུ་རྒྱུ་བ་ཡིན་ཏེ། དེའི་རིགས་ཅན་དུ་གྱུར་པ་རྣམས་ཟས་གླད་ཕོར་ལ་རྒྱུ་བ་ཡིན་ལ། གཉིས་པ་གླད་ཕོར་ལ་རྒྱུ་བ་ཞེས་བྱ་བའི་སྲིན་ནི་གླད་པ་ཟ་བར་རྒྱུ་བར་བྱེད་པ་སྟེ། དེ་ལ་ཡང་སོ་སོར་གནས་པ་དང་དེའི་རིགས་ཅན་དང ། གླད་པ་ཟ་བར་བྱེད་པ་ཡིན་ནོ། །གང་གླད་ཕོར་གྱི་རུས་ པའི་གསེབ་ན་འགྲོ་བའི་སྲིན་རྣམས་ནི་མགོའི་གླད་ཕོར་གྱི་གསེབ་ན་སོ་སོར་གནས་སོ། །དེའི་རིགས་ཅན་དང་དེའི་ཟས་སུ་གྱུར་པ་ཡང་ཡིན་ནོ། །སྐྲ་ཟ་བ་ཞེས་བྱ་བའི་སྲིན་ནི་གླད་ཕོར་གྱི་ཕྱི་རོལ་ན་ཡོད་དེ། དེ་སྐྲ་ལོའི་རྩ་བའི་ཟས་ཅན་དེ་ཟས་ཕལ་ཆེ་བར་གྱུར་ན་ནི་མགོ་བོ་སྐྲ་རྗེན་དུ་འགྱུར་རོ། ། རྣ་བ་ལ་སྤྱོད་པ་ཞེས་བྱ་བའི་སྲིན་ནི་རྣ་བ་གཉིས་ཀྱི་ནང་ན་སོ་སོར་གནས་ཏེ། དེ་ལས་སྐྱེས་ཤིང་ཟས་ཀྱང་ཡིན་ལ་དེ་ཁྲོས་པར་གྱུར་ན་ནི་རྣ་བ་གཟེར་བ་དང་ནད་དུ་འགྱུར་རོ། །སྣབས་ལ་འཇུག་པ་ཞེས་བྱ་བའི་སྲིན་ནི་སྣ་བུག་ན་གནས་ཏེ། དེ་ལས་སྐྱེས་པ་དང་ཟས་ཀྱང་ཡིན་ལ་དེ་ ཁྲོས་ན་ནི་གང་དག་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ཟ་བར་བྱེད་དོ། །དེ་ངའི་སྣ་འདི་ལས་གླད་རྒྱས་ལ་འཕོས་ནས་ཟ་བར་བྱེད་དེ། དེའི་སྐྱོན་གྱིས་བདག་གི་དང་ཀ་མི་བདེ་བར་འགྱུར་རོ། །ཚིལ་གྱི་ནང་ན་སྤྱོད་པ་ཞེས་བྱ་བའི་སྲིན་ནི་ངའི་མགོ་ 71-1-118a ལ་གནས་ཏེ། དེ་ལས་སྐྱེས་ཤིང་དེ་ཟ་བར་བྱེད་པ་དེ་ཁྲོས་པར་གྱུར་ན་ནི་མགོ་ལ་ལྷང་ཀྱོག་འོང་ངོ ། །ཚིགས་ཀྱི་གསེབ་ན་རྒྱུ་བ་ཞེས་བྱ་བའི་སྲིན་ནི་ངའི་ལུས་ལ་སོ་སོར་གནས་ཏེ། འགྲམ་པའི་བར་ན་དང་དེ་ལས་སྐྱེས་པ་དང་དེ་ཟ་བར་ཡང་བྱེད་ལ། དེ་རྣ་བའི་ ཕྱི་རོལ་གྱི་བར་རྣམས་ལ་ཀུན་དུ་འགྲོ་བར་བྱེད་དེ། དེ་ཁྲོས་ནས་ཟ་བར་གྱུར་ན་ནི་ཁབ་ཀྱིས་བཞིན་དུ་འབིགས་པར་བྱེད་དོ། །ལུད་པ་ཟ་བ་ཞེས་བྱ་བའི་སྲིན་ནི་ཟས་ཀྱི་རོ་རྣམས་འབབ་པའི་སྦུབས་དང་ལྕེའི་རྩ་བ་ན་གནས་ཏེ། དེ་ལས་སྐྱེས་པ་དང་དེ་ཟ་བར་བྱེད་པ་དང་དེ་ཁྲོས་པར་ གྱུར་ན་ནི་བདག་གི་ཁ་སྐམ་པར་འགྱུར་རོ། །སོ་རྣམས་ཀྱི་རྩ་བ་ན་སྲིན་སོ་སོར་གནས་ཏེ། སོའི་རྩ་བ་ཟ་བར་བྱེད་པ་ཞེས་བྱ་བ་གང་ཡིན་པ་ཁྲོས་པར་གྱུར་ན་ནི་སོ་གཟེར་བར་འགྱུར་རོ། །དེ་ལྟར་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣལ་འབྱོར་སྤྱོད་པ་གནས་པ་ཡིན་ ནོ། །བདག་གི་མགོ་བོ་ལ་སྲིན་བུའི་རིགས་བཅུ་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་མགོའི་རུས་པ་དང ། ཤ་དང ། ནང་གི་བདག་ཉིད་སོ་སོ་རྣམས་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མགོ་བོའི་རུས་པ་དང་ཤ་རྣམས་ཀྱང་ཇི་ཙམ་ཅིག་ཡོད་པ་ཡང་དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། མགོའི་གླད་ཕོར་ནི་དུམ་བུ་བཞིའོ། །མཁུར་ཚོས་ཀྱི་ལྡང་རུས་པ་ནི་གསུམ་མོ། །ོག་སྐོའི་རུས་པ་ནི་གཅིག་གོ། །སོའི་རྩ་བའི་རུས་པ་རྣམས་ནི་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་ཡང་ངའི་རྐན་གྱི་རུས་པ་ནི་གཉིས་ སོ། །མཇིང་པའི་རུས་པ་རྣམས་ནི་བཅཝ་ལྔའོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་ཉིད་ཀྱི་མགོ་བོ་ལ་ཤ་ཡོད་པ་དང་མགོའི་ཤ་ཟས་རྣམས་ཀྱིས་འཕེལ་བ་ནི་ཅི་ཙམ་ཞིག་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་གླད་ཕོར་ལ་ནི་ཤའི་དུམ་བུ་བཞིའོ། །འགྲམ་པ་ལ་ནི་གཉིས་སོ། །ཐོད་པ་དག་གི་བར་ན་ནི་གཅིག་གོ། །མགྲིན་པ་དང ། སྣ་དང ། ལྕེ་རྣམས་ལ་དུམ་བུ་རེ་རེའོ། །མཆུ་གཉིས་ལ་ནི་དུམ་བུ་གཉིས་སོ། །རྣ་བའི་པགས་པའི་ 71-1-118b ལེབ་མའི་དུམ་བུ་གཉིས་ཏེ། ཤའི་གོང་བུ་དེ་དག་རྣམས་དང་ཉེ་བར་ལྡན་ཞིང་བདག་གི་ཟས་ཀྱི་དབང་གིས་ཉེ་བར་འཕེལ་བ་དང་ཕྱིར་ཞིང་རྒྱས་པ་དང་ཤིན་ཏུ་རྒྱས་པར་ཡང་འགྱུར་རོ། །གཞན་ཡང་སྲིན་གྱི་རིགས་བཅུས་མགྲིན་པ་རླུགས་པར་བྱེད་པ་རྣམས་ནི། འདི་ལྟ་སྟེ་ཟས་སུ་ཁའི་ལྗན་ལྗིན་ རྣམས་ཟ་བར་བྱེད་པ་དང ། མཆིལ་མ་འབྱུང་བར་བྱེད་པ་དང ། སྐྱུག་པར་བྱེད་པ་ནི་ཁུ་བ་མགྲིན་པའི་རྩ་བཅུའི་ནང་རྣམས་ལ་རྒྱུ་བར་བྱེད་པ་ཡིན་ནོ། །མངར་མྱོས་ཀྱིས་མྱོས་པ་དང ། རབ་ཏུ་མྱོས་པ་དང ། རོ་དྲུག་ལ་སྲེད་པ་དང ། གྷུར་གྷུར་ར་བ་དང ། རོ་ལ་རབ་ཏུ་སྡང་བ་དང ། ཉལ་བ་ལ་ཤིན་ཏུ་དགའ་བ་དང ། སྦོམ་པོ་རྣམས་སོ། །དེ་ལ་དགེ་སློང་དག་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་བྱེད་དེ། ངའི་སྲིན་བུ་དག་གིས་ལུས་འདིའི་ཡུལ་ཕྱོགས་གང་དག་ཏུ་ནད་དུ་གྱུར་པའམ། ནད་མེད་པར་གྱུར་པའི་ཡང་ལས་ཅི་དག་བྱེད་པ་ཡིན་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁ་ཆུ་ཟ་བར་བྱེད་པའི་སྲིན་བུ་ནི་མགྲིན་པའི་ཡུལ་ཕྱོགས་དང་པོ་ན་རབ་ཏུ་གནས་ཏེ། དེ་བདག་གིས་ཟས་སོའི་རང་ཐག་གིས་ཕྱེ་མར་བརྣལ་ན་ས་འོག་ཏུ་གསུས་པར་རབ་ཏུ་ལྟུང་བར་གྱུར་ན་སྐད་ཅིག་ལ་ སྐྱུག་པར་བྱེད་པ་དང་འདྲ་བའི་ལྗན་ལྗིན་རྣམས་ཀྱིས་གཡོགས་པ་ཡིན་པས་དེ་གླད་རྒྱས་ལས་རབ་ཏུ་འབབས་པར་འགྱུར་རོ། །སྣབས་དེ་དང་དེ་དག་རྣམས་ཀུན་དུ་གཡོགས་པར་གྱུར་པའི་ལྗན་ལྗིན་དང་འདྲེས་པ་མིད་པར་བྱེད་དོ། །དེས་ཀྱང་རྒྱས་པར་གྱུར་ནས་གལ་ཏེ་ན་ཤིན་ཏུ་སྦོམ་པར་ སོང་བར་གྱུར་ན་ནི། དེས་བདག་བད་ཀན་གྱིས་ལུ་བར་བྱེད་དོ། །སྣུམ་པ་མངར་བ་དང ། ཤིན་ཏུ་མངར་བར་གྱུར་པ་དང ། ཤིན་ཏུ་སྐྱུར་བ་མ་ཡིན་པ་དང ། ཤིན་ཏུ་བསིལ་བའི་ཟས་རྣམས་ཀྱིས་མགྲིན་པའི་ཡུལ་ཕྱོགས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མཆིལ་མ་འབྱུང་བར་བྱེད་པའི་སྲིན་གྱིས་བདག་གི་ལུས་སོ་གསོད་པར་བྱེད་པའམ། སོ་མི་གསོད་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། མཆིལ་མ་འབྱུང་བར་བྱེད་ 71-1-119a པའི་སྲིན་ནི་ངའི་མགྲིན་པའི་གསེབ་ན་སོ་སོར་གནས་ཏེ། དེ་གལ་ཏེ་རང་བཞིན་དུ་གནས་པར་གྱུར་ན་དེའི་ཚེ་སྔར་བཤད་པའི་ངའི་ཟས་རྣམས་སྐྱུག་རླུག་ཏུ་མི་འགྱུར་རོ། །ཡང་དག་པར་བདེ་བར་གྱུར་པས་ཀྱང་ཁུ་བ་རྒྱུ་བའི་རྒྱུན་བཅུར་མངོན་པར་འབབས་སོ། །དཔེར་ ན་འདི་ནི་བད་ཀན་ཆེ་བར་གྱུར་ན་ནད་མེད་པར་མི་འགྱུར་རོ། །སྲིན་གྱིས་བད་ཀན་ཆུ་སྐྱགས་སམ་སྙིང་ལ་ལྡག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་ པ། སྐྱུག་བྱེད་ཅེས་བྱ་བའི་སྲིན་བུས་བདག་ལ་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པར་ཅི་ཞིག་བྱེད་པ་ཡིན་ཞིང ། ཟས་ཀྱང་ཅི་དག་གིས་ངའི་ལུས་ལ་སོ་སོར་གནས་པ་ཡིན་ན། རབ་ཏུ་སྐྱུག་བྱེད་ནི་ཁུ་བ་རྒྱུ་བ་བཅུའི་རྒྱུན་ནང་དུ་ཞུགས་པར་གྱུར་ནས་མགྲིན་པའི་ སྦུབས་ཀྱི་ཡུལ་ཕྱོགས་སུ་རྒྱུན་ལས་སྐད་ཅིག་ཉིད་ལ་སྟེང་དུ་འཕོས་ནས་འབྱུང་བར་བྱེད་དོ། །ཟོས་པ་ན་ཡང་རུང་སྟེ་དེས་བདག་ལ་སྐྱུག་པར་བྱེད་པ་རྣམ་པ་ལྔ་སྐྱེད་པར་བྱེད་དེ། རླུང་དང ། མཁྲིས་པ་དང ། བད་ཀན་དང ། འདུས་པ་དང ། སྦྲང་བུས་བྱས་པ་རྣམས་སོ། །ཅི་སྟེ་རང་གི་ གནས་ན་གནས་པར་གྱུར་ན་སྔར་བཤད་པའི་གསུས་པའི་ཞབས་སུ་བབས་ནས་བདག་གི་ཟས་རྣམས་ལེགས་པར་འགྱུར་བ་དང ། དེ་ནི་མཆིལ་མའི་ཟས་ཅན་ཡང་ཡིན་ནོ། །རབ་ཏུ་སྐྱུག་པར་བྱེད་པའི་སྲིན་གྱིས་ཇི་ལྟར་རླུང་གིས་སྐྱུག་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་ རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་ཡང་བ་དང་བསིལ་བ་དང་རྩུབ་པ་དང ། རྒྱུན་ཅུང་ཟད་བསྡམས་པ་དང ། གཉིད་མ་ལོག་པ་ལས་བདག་ལ་འབྱུང་བར་འགྱུར་རོ། །དེ་ངའི་མགུལ་པའི་སྦུ་གུ་ལ་རབ་ཏུ་ཞུགས་པས་རླུང་འབྱུང་བ་ཡིན་ཏེ། ངའི་སྲིན་རབ་ཏུ་ སྐྱུག་བྱེད་དེ་གནས་ལས་འཕོ་བར་འགྱུར་བའི་སྐྱོན་གང་ཡིན་པས་བདག་ལ་རླུང་གིས་སྐྱུགས་པ་འབྱུང་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ངའི་སྲིན་རབ་ཏུ་སྐྱུག་བྱེད་ཀྱིས་མཁྲིས་པ་ལས་སྐྱུག་པར་བྱེད་པ་ཡིན་ན། དེས་ཐོས་པ་ 71-1-119b ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཚ་བ་དང ། དྲོ་བ་དང ། ལན་ཚཝ་དང ། འགྱུར་བྱེད་ཀྱི་ཚཝ་དང་ལྡན་པའི་ཟས་གང་གི་ཚེ་མང་དུ་ཟོས་པར་གྱུར་ན། བདག་གི་དྲོ་བ་ལ་སོགས་པ་དེ་དག་གི་སྐྱོན་དེ་དག་གིས་སྐྱུག་བྱེད་ཀྱི་སྲིན་ཐོ་བཙམས་པར་གྱུར་ནས་གནས་ ལས་སྟེང་དུ་གྱུར་པས། དེས་བདག་མཁྲིས་པའི་སྐྱུག་པ་སྐྱེད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བད་ཀན་གྱིས་རབ་ཏུ་སྐྱུག་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་ གྱུར་པ། མངར་བར་གྱུར་པ་དང ། བསིལ་བ་དང ། ལྕི་བ་དང ། སྣུམ་པ་དང ། འཇམ་པ་དང ། ཉིན་མཚན་དུ་ཉལ་བ་རྗེས་སུ་བསྟེན་པ་ལས། བད་ཀན་རབ་ཏུ་འཁྲུགས་པར་གྱུར་ལ་དེས་ངའི་སྐྱུག་བྱེད་ཀྱི་སྲིན་ཤིན་ཏུ་ཚོ་བར་གྱུར་ནས། དེས་ངའི་མགྲིན་པར་ནད་བྱེད་པར་འགྱུར་ བ་དང་སྐྱུག་པར་ཡང་བྱེད་དོ། །དེ་ལས་བདག་ལ་བད་ཀན་གྱིས་སྐྱུག་པ་སྐྱེད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བདག་གི་སྲིན་རབ་ཏུ་སྐྱུག་བྱེད་ཀྱིས་འདུས་པའི་སྐྱུག་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ཡང་བ་དང ། བསིལ་བ་དང ། རྩུབ་པ་དང ། ཚ་བ་དང ། སྐྱུར་བ་དང ། ལན་ཚཝ་དང ། འཇམ་པ་དང ། གྲང་བ་དང ། མངར་མོ་དང ། སྣུམ་པ་རྣམས་ཤིན་ཏུ་བསྟེན་པར་གྱུར་པས་བདག་གི་སྲིན་རབ་ཏུ་སྐྱུག་བྱེད་ཀྱིས་མགུལ་པའི་ཡུལ་ དུ་རྣམ་པར་འཇོམས་པར་བྱེད་དོ། །དེས་སྐྱོན་གསུམ་གྱིས་བདག་སྐྱུག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བདག་ལ་སྦྲང་བུས་བྱས་པའི་སྐྱུག་པར་གྱུར་པ་སྐྱུག་བྱེད་ཀྱི་སྲིན་གྱིས་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ བམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྦྲང་བུའི་རྟུག་པའི་སྐྱོན་གྱིས་རབ་ཏུ་སྐྱུག་བྱེད་ཀྱི་སྲིན་མགུལ་པའི་ཡུལ་དུ་གཡོ་བར་འགྱུར་རོ། །དེའི་སྐྱོན་གྱིས་བདག་ལ་སྐྱུག་པ་སྐྱེ་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཐོས་པ་ལས་བྱུང་བའི་ 71-1-120a ཤེས་རབ་དག་གིས་སམ་ལྷའི་མིག་གིས་དེས་མཐོང་བར་གྱུར་པ། ངའི་སྲིན་མངར་མྱོས་ནི་ལྕེའི་རྩེ་མོ་ནས་བཟུང་ནས་ཀུན་ལ་རྒྱུ་བར་བྱེད་ཅིང་ཇི་སྲིད་དུ་སྲོག་རྒྱུ་བའི་རྩའི་ནང་ན་ཀུན་དུ་རྒྱུ་ཞིང་གནས་སོ། །ཤིན་ཏུ་ཕྲ་བ་དང་རྐང་པ་མེད་པ་དང་སྲེ་བར་གྱུར་པ་ཡིན་ནོ། །གལ་ཏེ་ བདག་འདོད་པར་གྱུར་པའི་ཟས་རྣམས་ཟ་བར་གྱུར་ན། བདག་འདོད་པར་གྱུར་པའི་ཟས་དེས་སྲིན་མངར་མྱོས་དགའ་བར་འགྱུར་ལ་མི་འདོད་པ་རྣམས་ཀྱིས་ནི་རྒུད་པར་འགྱུར་རོ། །དེའི་ཟས་རྣམས་ནི་ཇི་ལྟར་མེ་ཏོག་གི་ནང་ན་རྒྱུ་བར་གྱུར་པའི་བུང་བ་རྣམས་ཤིན་ཏུ་ཕྲ་བར་གྱུར་པའི་རྩི་ རྣམས་འཐུང་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མངར་མྱོས་ཀྱི་སྲིན་ཡང་ཟས་རྣམས་ལས་ཤིན་ཏུ་ཕྲ་བར་གྱུར་པའི་ཟས་རྣམས་ཀྱིས་རངས་པ་ཡིན་ལ་དེ་དག་གིས་ཀྱང་འདི་ཚིམ་པར་འགྱུར་རོ། །ཡང་ཟས་གང་དག་ལ་མངར་མྱོས་ཀྱི་སྲིན་ཀུན་དུ་མྱོང་བར་བྱེད་པ་དེ་ཉིད་ཁོ་ན་ལ་ང་ཡང་མྱོང་བར་ བྱེད་པ་ཡིན་ནོ། །ཡང་ཟས་གང་དག་ལ་སྲིན་དད་པར་གྱུར་པའི་ཟས་དེ་དང་དེ་དག་རྣམས་ལ་བདག་ཀྱང་དད་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཡང་བདག་ཟས་ཟ་བར་མི་བྱེད་ན་ངའི་སྲིན་མངར་མྱོས་དེ་ནད་པར་འགྱུར་རོ། །མི་དགའ་བར་གྱུར་པའི་རིགས་ཅན་གྱིི་སྲིན་མངར་མྱོས་དེ་ལ་སོ་སོར་ རྟོག་པར་བྱེད་པ་ཡིན་ནོ། །བདག་གི་སྲིན་རབ་མྱོས་ཀྱིས་ཀྱང་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཇི་ཙམ་ཅིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རབ་མྱོས་ཀྱི་སྲིན་ནི་མིག་ཕོར་གཉིས་ཀྱི་རྩེ་མོ་ལ་ རབ་ཏུ་གནས་སོ། །གལ་ཏེ་ཡང་ལྟག་ཚིགས་པ་ལ་འགྲོ་བར་བྱེད་ན་ནི་དེས་བདག་ཁྲོ་བ་སྐྱེ་བར་འགྱུར་བའམ་མི་དགའ་བར་ཡང་བྱེད་དོ། །མགུལ་པ་ལ་ཤ་སྐྱེ་བར་དང་མགུལ་པ་ལ་ཡང་གྲོག་མ་བཞིན་དུ་ཞུགས་ནས་དབང་ཕྱུག་ཏུ་ཡང་བྱེད་དོ། །གལ་ཏེ་ཡང་རང་གི་གནས་ན་གནས་པར་ གྱུར་ན་ནི། དེས་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་རབ་མྱོས་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་ནས་རོ་དྲུག་ལ་ཤིན་ཏུ་སྲེད་པར་གྱུར་པའི་སྲིན་ལ་སོ་སོར་རྟོག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། སྐྱེས་བུ་ཞེན་པར་ 71-1-120b བྱེད་པའི་སྲིན་གྱིས་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པའི་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ། ལྷའི་མིག་གིས་མཐོང་བར་གྱུར་པ། རོ་དྲུག་ལ་ཞེན་ཅིང་སྲེད་པ་ཞེས་བྱ་བའི་སྲིན་རྣམས་གང་དག་ཁོ་ན་ལ་མངོན་པར་སྲེད་པར་གྱུར་པའི་རོ་དེ་ དང་དེ་དག་རྣམས་ཁོ་ན་ལ་བདག་ཀྱང་དད་པར་འགྱུར་བ་ཡིན་ནོ། །རོ་གང་དང་གང་གིས་རང་བཞིན་ལ་རོ་དྲུག་ལ་མངོན་པར་སྲེད་པའི་སྲིན་རྣམས་འདོད་པར་མི་འགྱུར་བའི་རོ་དེ་དང་དེ་དག་རྣམས་ལ་བདག་ཀྱང་མངོན་པར་སྲེད་པར་མི་འགྱུར་རོ། །ཡང་གང་གི་ཚེ་བདག་ཚད་རིམས་ཀྱིས་ བཏབ་པར་གྱུར་ན་ནི། དེའི་ཚེ་བདག་གི་སྲིན་ཆེས་སྔ་བར་ཚད་རིམས་ཀྱིས་ཟིལ་གྱིས་མནན་པར་འགྱུར་རོ། །སྐྱོན་དེ་དག་གིས་བདག་ཟས་སྙིང་དུ་མི་སྡུག་པ་ཉིད་དུ་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གྷུར་གྷུར་ཀ་ ཞེས་བྱ་བའི་སྲིན་ངའི་མིག་ཕོར་གཉིས་ཀྱི་འོག་ཏུ་གྱུར་པ་ན་རབ་ཏུ་གནས་པ་ཡིན་ཞིང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་གྷུར་གྷུ་ར་ཀ་རབ་ཏུ་ཁྲོས་པར་གྱུར་ན། དེས་བདག་གི་མགོ་བོ་གང་དུ་གནས་པར་བྱ་བ་བྱེད་དོ། །མིག་ ཕོར་དང་མགུལ་པར་ལྷང་ཀྱོག་འབྱུང་བ་དང ། མགྲིན་པར་འཐོག་པ་དང ། རླུང་གིས་ཀྱང་བདག་གི་མགྲིན་པའི་ཡུལ་དུ་ལྟིགས་པར་འགྱུར་རོ། །དེས་བདག་ལ་འཆི་བ་ཙམ་དུ་སྡུག་བསྔལ་སྐྱེད་པར་བྱེད་དོ། །གྷུར་གྷུ་ར་ཀའི་སྲིན་དང་མགུལ་པ་ན་གནས་པའི་སྲིན་རྣམས་ཐམས་ ཅད་ལྷན་ཅིག་ཏུ་འགལ་བར་འགྱུར་རོ། །ཡང་གང་གི་ཚེ་འགལ་བར་གྱུར་པ་དེའི་ཚེ་ན་ནད་དེ་དག་རྣམས་འབྱུང་བར་འགྱུར་རོ། །གྷུར་གྷུ་ར་ཀའི་སྲིན་ནི་རྟག་ཏུ་མཆིལ་མས་གཡོགས་པར་འགྱུར་བ་དང ། སྲིན་འདི་དག་གི་ཁ་དང་རྐང་པ་ཐུང་བར་གྱུར་པ་ཡིན་ནོ། །གཞན་ཡང་རྣལ་ འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་དེས་མཐོང་བར་གྱུར་པ་ལ། རོ་ལ་རབ་ཏུ་སྡང་བ་ཞེས་བྱ་བའི་སྲིན་མགོ་བོའི་མགུལ་པའི་གཞི་དང་མིག་ཕོར་གཉིས་ལ་རབ་ཏུ་གནས་སོ། ། 71-1-121a དེས་བདག་ལ་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། རོ་ལ་རབ་ཏུ་སྡང་བ་ཞེས་བྱ་བའི་སྲིན་ནི་རོ་གཅིག་འདོད་པ་ཡིན་གྱི་རོ་ལྷག་མ་རྣམས་ལ་ནི་རབ་ཏུ་སྡང་བ་ཡིན་ནོ། །དེ་ཡང་ན་མངར་བ་འདོད་པར་གྱུར་ན་ནི་རོ་ལྷག་མ་ རྣམས་ལ་རབ་ཏུ་སྡང་བར་འགྱུར་རོ། །དེ་ཡང་ན་སྐྱུར་བ་འདོད་ན་ནི་རོ་ལྷག་མ་རྣམས་ལ་སྡང་བར་འགྱུར་བ་ཡིན་ནོ། །དེ་ཡང་ན་ཚ་བ་འདོད་པར་གྱུར་ན་ནི་རོ་ལྷག་མ་རྣམས་ལ་རབ་ཏུ་སྡང་བར་འགྱུར་རོ། །དེ་ཡང་ན་ལན་ཚཝ་འདོད་པར་གྱུར་ན་ནི་རོ་ལྷག་མ་རྣམས་ལ་རབ་ཏུ་སྡང་བར་ འགྱུར་རོ། །དེ་ཡང་ན་ཁ་བ་འདོད་པར་གྱུར་ན་ནི་རོ་ལྷག་མ་རྣམས་ལ་རབ་ཏུ་སྡང་བར་འགྱུར་རོ། །རབ་ཏུ་སྡང་བར་གྱུར་པའི་སྲིན་དེ་རོ་རྣམས་གང་དང་གང་དག་མངོན་པར་མི་འདོད་པ་དེ་དང་དེ་དག་རྣམས་ཉིད་ང་ཡང་མི་འདོད་པ་ཡིན་ནོ། །རོ་རྒྱུ་བ་ཞེས་བྱ་བའི་བདག་གི་ལྕེའི་རྩེ་མོའི་ སྦུབས་ལ་རོ་སྣང་བའི་རྗེས་སུ་འཐུན་པས་དེ་འབྱུང་སྟེ། བདག་གི་ལྕེའི་རྩེ་མོ་སྐམ་པར་འགྱུར་རོ། །བདག་གི་ལྕེ་ཡང་དེ་ཁྲོས་པར་གྱུར་ན་འབྲབ་གཟེར་དུ་བྱེད་པ་དང་ལྕི་བར་འགྱུར་རོ། །མགུལ་པ་ཟིལ་གྱིས་གནོན་པར་གྱུར་ན་ནི་མ་ཁྲོས་པ་ཡིན་ནོ། །ཁྲོས་པར་མ་གྱུར་ན་ནི་ ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་མི་འབྱུང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། ཉལ་བ་ལ་དགའ་བ་ཞེས་བྱ་བའི་ངའི་སྲིན་ཕྲ་བར་ གྱུར་པ་ཉི་ཟེར་གྱི་རྡུལ་གྱི་ཚད་ཙམ་ཡིན་ནོ། །ཐམས་ཅད་ཀྱིས་མ་ཞུགས་པ་གང་ཡིན་པའི་རྒྱུན་རྣམས་སུ་དེ་མངོན་པར་རྒྱུག་པར་བྱེད་པ་ཡིན་ཏེ། གནད་དང་ལྷ་བའི་གསེབ་རྣམས་དང་ཤའི་གོང་བུའི་གསེབ་རྣམས་དང་མགོ་བོའི་གླད་ཕོར་གྱི་གསེབ་རྣམས་དང་འགྲམ་པའི་རུས་པའི་གསེབ་རྣམས་ དང་སོའི་རྩ་བའི་གསེབ་རྣམས་དང་མགུལ་པའི་གསེབ་རྣམས་དང་མགྲིན་པའི་སྦུ་གུའི་གསེབ་རྣམས་དང་རྣ་བའི་གསེབ་རྣམས་དང་མིག་གི་གསེབ་རྣམས་དང་སྣའི་གསེབ་རྣམས་དང་སྐྲ་དང་ཁ་སྤུའི་གསེབ་རྣམས་སུ་རླུང་བཞིན་དུ་རྒྱུ་བར་བྱེད་དོ། །ཉལ་བ་ལ་དགའ་བའི་སྲིན་དེ་གང་གི་ཚེ་ཉིན་ 71-1-121b མོ་ནད་པར་འགྱུར་བ་དང་ངལ་བར་ཡང་འགྱུར་རོ། །དེ་མཚན་མོ་སྙིང་གི་རྩ་བ་ལ་ཀུན་དུ་འབྱར་བར་འགྱུར་རོ། །སྙིང་གི་པད་མའི་དབྱིབས་དེ་ནི་ཉིན་མོ་འབྱུང་བ་ཡིན་ནོ། །མཚན་མོ་ནི་འཁུམ་པར་འགྱུར་ཏེ་ཉི་མའི་འོད་ཟེར་མེད་པའི་ཕྱིར་རོ། །དེའི་ཚེ་ན་སྙིང་ལ་ཀུན་དུ་ཞུམ་པར་འགྱུར་རོ། ། དེ་ལ་སྙིང་གི་པད་མའི་དབྱིབས་འཁུམ་པར་འགྱུར་རོ། །དེས་ཀྱང་བདག་སྲེད་པ་མེད་པར་འགྱུར་རོ། །དུས་གང་གི་ཚེ་ཉལ་བ་ལ་དགའ་བའི་སྲིན་མི་བརྩོན་པར་གྱུར་པ་ན་དུས་དེའི་ཚེ། རང་གི་ཡུལ་རྣམས་ལ་དབང་པོ་རྣམས་དུབ་པར་གྱུར་ནས་ངལ་སོ་བར་བྱེད་དོ། །དེས་སྲོག་ཆགས་དེ་ དག་རྣམས་ཐམས་ཅད་གཉིད་དུ་འགྱུར་རོ། །གལ་ཏེ་ཡང་ཉིན་མོ་ཡང་ཆད་པར་འགྱུར་ནའོ། །ཉལ་བ་ལ་དགའ་བར་འགྱུར་བའི་སྲིན་འདི་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་ཅིང་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལ་སྲིན་སྦོམ་པོ་ཞེས་བྱ་བ་ངའི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། མགོ་བོ་དང་མགྲིན་པའི་ཡང་ཁྲག་གི་ནང་དུ་རྒྱུ་བར་བྱེད་པ་དང་ཚིལ་རྣམས་ཀྱི་གསེབ་དུ་རྒྱུ་བར་བྱེད་པ་ཡིན་པས། དེ་གང་ དང་གང་ལ་ཕྲ་བར་གྱུར་ནས་ངའི་ཁྲག་རྣམས་འཐུང་བར་བྱེད་པ་ན་དེ་དང་དེ་དག་ཉིད་རྣམས་སུ་ལུས་སྐྲང་བར་འགྱུར་བ་དང་རྐོ་རློག་ཏུ་ཡང་བྱེད་དེ། ངའི་ཁའི་ཐོ་ཡུལ་ལམ་སྐྲའི་ཐོ་ཡུལ་ལམ་ལྟག་ཚིགས་ཀྱི་ཡུལ་ལམ་ཡུལ་གཞན་རྣམས་ལ་ཡང་རུང་ངོ ། །གལ་ཏེ་ཡང་རྒྱུ་བར་མི་བྱེད་ ན་ནི་རྒྱུས་པའི་གསེབ་ཏུ་གནས་པར་གྱུར་ཅིང ། དེས་ཇི་སྐད་དུ་བཤད་པའི་ནད་དེ་དང་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །གང་ཡང་ན་ལ་ཏིའི་གྲོང་གི་བྲམ་ཟེ་དང ། ཁྱིམ་བདག་འདི་དག་རྣམས་ཉིད་དང ། རྣལ་འབྱོར་སྤྱོད་པའི་དགེ་སློང་རྣམས་ཀྱང་རུང་སྟེ། ཇི་སྲིད་དུ་ལུས་ལ་ ཉེ་བར་འཇུག་པའི་སྲིན་བུའི་རིགས་སུ་གྱུར་པ་རྣམས་མགྲིན་པ་ལ་འཇུག་པ་རྣམས་དང་ལྕེ་ལ་ཞུགས་པ་རྣམས་དང ། ལྟག་ཚིགས་ལ་ཞུགས་པ་རྣམས་དང ། བ་སྤུའི་ཁུང་བུ་ལ་ཞུགས་པ་རྣམས་དང ། བད་ཀན་ལ་ཞུགས་པ་རྣམས་དང ། རུས་པ་ལ་ཞུགས་པ་རྣམས་དང་། 71-1-122a ཁྲག་གི་གསེབ་ཏུ་ཞུགས་པ་རྣམས་དང ། རྒྱུས་པའི་གསེབ་ཏུ་ཞུགས་པ་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །རྣམ་པར་ཤེས་པར་འགྱུར་རོ། །ལྕེར་གཏོགས་པ་རྣམས་རོར་གྱུར་པ་རྣམས་ལ་འདི་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིའི་རོ་ལ་ སྲེད་པ་ཡང་འབྱུང་བ་ཅན་གྱི་སྲེད་པ་རྣམས་རབ་ཏུ་འཇོམས་པར་འགྱུར་རོ། །ཀུན་དགའ་བོ་འདི་ནི་སྲེད་པའི་ཀུན་དུ་སྦྱོར་བ་བཅིངས་པར་གྱུར་པའི་སེམས་ཅན་རྣམས་ཀྱི་རོའི་རྒྱ་མཚོ་ཡིན་པས་དེ་དག་རྣམས་ལས་འདི་འདོད་ཆགས་དང་བྲལ་བར་འགྱུར་རོ། །དེ་འདོད་ཆགས་དང་བྲལ་བར་གྱུར་ པས། དེ་ཟས་སུ་གྱུར་པའི་སྲེད་པ་དག་གིས་མི་འཆིང་ངོ ། །སྦྱིན་པ་པོ་དང་སྦྱིན་བདག་རྣམས་ཀྱི་ཁྱིམ་དག་ཏུ་རྒྱུ་བར་མི་བྱེད་ཅིང་ཞབས་འབྲིང་བར་མི་འགྱུར་རོ། །ནོར་དང་ཉེ་བར་མཁོ་བ་རྣམས་རབ་ཏུ་ཕལ་ཆེ་བ་མ་ཡིན་ནོ། །ནས་སྲན་གྱི་ཐུག་པ་ཙམ་གྱི་ཟས་ཀྱིས་ཀྱང་ཆོག་ཤེས་ པར་འགྱུར་རོ། །རྙེད་པ་དང་བཀུར་སྟིའི་རྒྱུས་གཞན་དག་རྣམས་ལ་རབ་ཏུ་ཞེ་སྡང་བར་མི་བྱེད་དོ། །ཚོགས་འདུས་པ་འདུ་བར་བྱེད་པ་ལ་མངོན་པར་དགའ་བ་མ་ཡིན་ནོ། །རྒྱགས་པའི་གཙུག་ལག་ཁང་དང་ཀུན་དགའ་ར་བ་རྣམས་མ་ཡིན་ནོ། །ལུས་རྒྱགས་པས་རྒྱགས་པར་ མི་འགྱུར་རོ། །གཟུགས་ཀྱི་རྒྱགས་པས་རྒྱགས་པ་མ་ཡིན་ནོ། །གོས་ཀྱིས་རྒྱགས་པ་མ་ཡིན་ནོ། །ལྷུང་བཟེད་ཀྱིས་རྒྱགས་པ་མ་ཡིན་ནོ། །ཆོས་གོས་ཀྱིས་རྒྱགས་པ་མ་ཡིན་ནོ། །ཕྱི་བཞིན་འབྲང་བའི་དགེ་སློང་ཡོངས་སུ་འཛིན་པས་རྒྱགས་པ་མ་ཡིན་ནོ། །གྲོང་དུ་འཇུག་ པའི་རྒྱགས་པས་མ་ཡིན་ནོ། །ཉེ་འབྲེལ་ལ་ལྟ་བས་རྒྱགས་པ་མ་ཡིན་ནོ། །གཅིག་པུར་གྱུར་པ་དང ། འདོད་པ་ལ་མི་བརྐམ་པ་དང ། རྙོག་པ་མེད་པ་དང ། སྡིག་པ་རྣམས་བཅོམ་པར་གྱུར་པ་ནི་དགེ་སྦྱོང་གི་ཡུལ་ལ་རབ་ཏུ་གནས་པ་ཡིན་ནོ། །མྱ་ངན་ལས་འདས་པའི་མཐའ་ལ་རབ་ ཏུ་གནས་སོ། །དེའི་ཕྱིར་ན་རོའི་རྒྱ་མཚོས་གང་དག་ཁྲིད་པར་གྱུར་པ་དེ་དག་རྣམས་དང་གང་དག་རོའི་རྒྱ་མཚོ་ལ་མངོན་པར་སྲེད་པར་གྱུར་པ་རྣམས་ནི་བདུད་ཀྱི་དྲུང་ན་རབ་ཏུ་གནས་སོ། །མྱ་ངན་ལས་འདས་པ་ལས་རིང་བར་གྱུར་ནས་གནས་པ་ཡིན་ནོ། །དེའི་ཕྱིར་ན་ལུས་ལ་གནས་པའི་ 71-1-122b སྲིན་རྣམས་བསྒོམས་པར་གྱུར་ནས་རོ་རྣམས་ལས་རྣལ་འབྱོར་སྤྱོད་པ་འདོད་ཆགས་དང་འབྲལ་ལོ། །འདོད་ཆགས་དང་བྲལ་བ་དེས་ཟས་ཀྱིས་ཀུན་དུ་འཁྲིད་པ་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ནས། རྒྱབ་ལ་སོ་ སོར་རྟོག་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་པ། རྒྱབ་ཏུ་གྱུར་པའི་རུས་པ་རྣམས་ནི་ལྔ་བཅུ་རྩ་བཞིའོ། །བྲང་གི་ནི་བཅུ་བཞིའོ། །འདུས་པའི་བཅུ་གཉིས་སོ། །ལོགས་གཅིག་ལ་ནི་བཅུ་ གཉིས་སོ། །ལོགས་གཅིག་ལ་ཇི་ཙམ་པ་གཉིས་པ་ཡང་དེ་ཙམ་ཁོ་ནའོ། །ཐང་བ་ཡང་ཇི་ཙམ་པ་དེ་ཙམ་སྟེ། རུས་པའི་གོང་བུ་རྣམས་སླར་ཡང་རུས་པའི་ཕུང་པོའི་ལུས་སུ་བྱས་ནས་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །མགྲིན་པ་ནས་བཟུང་ནས་ ཇི་སྲིད་འཕོངས་ཀྱི་བར་དུ་སོ་སོར་རྟོག་པར་བྱེད་དེ། ཤའི་དུམ་བུ་ཇི་ཙམ་ཅིག་ཡོད་པ་ཡིན་ན། ངོས་གཅིག་ལ་ཇི་ཙམ་པ་གཉིས་པ་ལ་ཡང་དེ་ཙམ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་དག་རྣམས་རྒྱུས་པ་ཇི་སྙེད་ ཅིག་སྦྲེལ་བ་ཡིན་ན་མགྲིན་པ་ནས་བཟུང་ནས་ཇི་སྲིད་མཇུག་མའི་བར་དུ་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་རྒྱུས་པས་སྦྲེལ་བ་རྣམས་ནི་མགྲིན་པ་ནས་བཟུང་ནས་མཇུག་མའི་བར་དུ་ངོས་གཅིག་ལ་བརྒྱ། ངོས་གཞན་ལ་ཡང་བརྒྱ་ཉིད་ཡིན་ ཏེ་རྒྱུས་པ་ཕྲ་མོ་རྣམས་ནི་མ་གཏོགས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ཚིལ་གྱི་ཚད་ཇི་ཙམ་ཞིག་ཡིན་ཞེས་མགྲིན་པ་ལ་སོགས་མཇུག་མའི་བར་དུ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་ གིས་མཐོང་བ་ནི། ཟས་བསོད་པའི་དབང་གིས་ཚིལ་རྣམས་འཕེལ་བར་འགྱུར་རོ། །འགྲིབ་པ་ཡང་སྟེ་བདག་གི་རྣམ་པ་ཐམས་ཅད་བྱས་པ་ལ་ཡང་མ་ག་དྷཱའི་སྲང་ལྔ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ངའི་ལུས་ཀྱི་ཆུའི་ཚད་ནི་ 71-1-123a ཅི་ཙམ་ཡིན་ཞེས་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། རང་གི་སྙིམ་པའི་ཚད་ཀྱི་ངའི་ཆུ་ནི་སྙིམ་པ་དག་བཅུ་ཡིན་ནོ། །དེ་འཇིམ་པར་གྱུར་པའི་སྒོ་ནི་བ་སྤུའི་ཁུང་བུ་རྣམས་སོ། །རྔུལ་དུ་གྲགས་པ་རྣམས་ནི་ལུས་ཀྱི་བ་སྤུའི་ སྒོ་ནས་འབྱུང་ངོ ། །ཆུ་སེར་དུ་གྲགས་པ་རྣམས་ནི་རྨའི་སྒོ་ནས་སོ། །མྱ་ངན་སྐྱེས་པའི་དུས་ན་ནི་མིག་དག་ནས་མཆི་མ་འབྱུང་བར་འགྱུར་རོ། །ས་གཞི་ལ་རྒྱུ་བའི་སྲོག་ཆགས་རྣམས་ཉམས་པར་འགྱུར་རོ། །དེ་ནི་ངའི་རླན་གྱིས་ཟས་རྣམས་ཡོངས་སུ་སྨིན་པར་གྱུར་པའི་ཁུ་བ་རྣམས་ འཕེལ་བའི་རྡུལ་ཕྲ་རབ་གང་དག་འབྱུང་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ངའི་བཤང་བའི་ཚད་ནི་ཅི་ཙམ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་ཉིད་ ཀྱི་སྙིམ་པ་བདུན་ནི་བཤང་བ་ཡིན་ལ། དྲུག་ནི་བད་ཀན་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ངའི་མཁྲིས་པ་དང་གཅིན་གྱི་ཚད་ཀྱང་ཇི་ཙམ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་ བར་གྱུར་པ། མཁྲིས་པ་ནི་སྙིམ་པ་ལྔ་ཡིན་ལ་བཞི་ནི་གཅིན་ཡིན་ཏེ། འཕེལ་བ་དང་འགྲིབ་པར་འགྱུར་བ་ནི་མ་གཏོགས་སོ། །ནད་མེད་པ་དང་ནད་ཀྱིས་བྱས་པ་ཡང་མ་གཏོགས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ ཏེ། དྲོད་དང ། ཁུ་ཆུ་དང ། སྟོབས་ཀྱི་ཚད་ཇི་ཙམ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། དྲོད་ནི་སྙིམ་པ་གཉིས་སོ། །ཁུ་ཆུ་ནི་གཅིག་གོ། །སྟོབས་ནི་སྙིམ་པ་གཅིག་གོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གི་ཚད་ནི་ཇི་ཙམ་ཅིག་ཡིན་ན་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཆུང་བའི་ཚད་ནི་སྙིམ་པ་གསུམ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་ 71-1-123b སུ་ལྟ་ཞིང་གནས་ཏེ། ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ཡང་དག་པར་བདེ་བར་སྨིན་པར་གྱུར་ནས་འཚོ་བར་བྱེད་པའི་རྩ་རྒྱུན་བདག་གི་ལུས་ལ་ཇི་ཙམ་ཅིག་ཡོད་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྩའི་རྒྱུན་བཅུ་ གསུམ་མོ། །ཡུར་བའི་ཆུ་གང་གིས་ཞིང་རྒྱས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལུས་འདི་ཉིད་དེ་དག་རྣམས་ཉིད་ཀྱིས་རྒྱས་པར་བྱེད་དོ། །འདི་ལྟ་སྟེ་སྲོག་རྒྱུ་བའི་རྒྱུན་དང་མཐར་རྒྱུ་བའི་རྒྱུན་དང ། ཆུ་རྒྱུ་བའི་རྒྱུན་དང ། རྔུལ་རྒྱུ་བའི་རྒྱུན་དང ། གཅིན་རྒྱུ་བའི་རྒྱུན་དང ། རྟུག་པ་རྒྱུ་བའི་རྒྱུན་དང ། དངས་མ་རྒྱུ་བའི་རྒྱུན་དང ། ཁྲག་རྒྱུ་བའི་རྒྱུན་དང ། ཤ་རྒྱུ་བའི་རྒྱུན་དང ། ཚིལ་རྒྱུ་བའི་རྒྱུན་དང ། རུས་པ་རྒྱུ་བའི་རྒྱུན་དང ། ལྷ་བ་རྒྱུ་བའི་རྒྱུན་དང ། ཁུ་ཆུ་རྒྱུ་བའི་རྒྱུན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྩའི་རྒྱུན་ དེ་དག་རྣམས་ཀྱིས་གཞི་ཅི་ལས་ལུས་ཀྱི་ཁམས་གང་དག་རྒྱས་པར་བྱེད་ཅིང ། སྲིན་རྣམས་ཀྱང་བདག་གི་ལུས་ཀྱི་ཡུལ་ཕྱོགས་དང ། ཡུལ་ཕྱོགས་རྣམས་ལ་ཀུན་དུ་རྒྱུ་བ་རྣམས་ཀྱིས་ཀྱང་འགལ་བའམ་འཚོ་བར་བྱེད་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་ གིས་མཐོང་བར་འགྱུར་བ། སྲོག་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་སྙིང་གི་གཞི་ལས་སོ། །མཐར་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་རྩིབ་ལོགས་ཀྱི་གཞི་ལས་སོ། །ཆུ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་ལོང་ཀ་དང་གློ་བ་དང་བད་ཀན་རྣམས་ཀྱི་གཞི་ལས་སོ། །རྔུལ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་སྤུའི་ཁུང་བུ་ རྣམས་དང་ཚིལ་གྱི་གཞི་ལས་སོ། །གཅིན་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་ལྒང་པག་དང་ཕོ་མཚན་གྱི་གཞི་ལས་སོ། །རྟུག་པ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་ཕོ་བ་དང་ཚིལ་ཁྲ་དང་གཞང་རྣམས་ཀྱི་གཞི་ལས་སོ། །བདག་གི་དངས་མ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་མཇིང་པའི་རྩ་བཅུ་དང་མཆིན་པ་དང་ སྙིང་རྣམས་ཀྱི་གཞི་ལས་སོ། །ཁྲག་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་བདག་གི་མཆེར་པ་དང་མཆིན་པའི་གཞི་ལས་སོ། །ཤ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་པགས་པ་དང་ཆུ་རྒྱུས་ཀྱི་གཞི་ལས་སོ། །ཚིལ་རྒྱུ་བའི་རྒྱུན་རྣམས་ཀྱིས་ནི་མཁལ་མ་དང་ཞག་རྣམས་ཀྱི་གཞི་ལས་ཏེ། གཞུག་རུས་ཀྱི་གཞི་ 71-1-124a ལས་དང་བདག་གི་རུས་པ་རྒྱུ་བའི་རྒྱུན་རྣམས་ཀྱི་གཞི་ལས་ནི་ལོགས་དང་ཟས་ཀྱི་གནས་དང་པོ་དང་གློ་བ་རྣམས་ལས་ཡིན་ལ། ལྷ་བ་དང་ཁུ་ཆུ་རྒྱུ་བའི་རྒྱུན་དག་གིས་ནི་མཚམས་ཐམས་ཅད་དང་རུས་པ་རྣམས་ཀྱི་གཞི་ལས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་ གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་སྲིན་གང་དག་གིས་གཞུག་མའི་ཡུལ་ཕྱོགས་ནས་བཟུང་བའི་ཐམས་ཅད་དུ་ཡང་རྩའི་རྒྱུན་གང་དག་ལ་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་དག་བྱེད་པར་འགྱུར་ན། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མངལ་ནས་སྐྱེས་པར་གྱུར་པའི་སྲིན་བཅུ་དག་གིས་བདག་གི་མཆེར་པ་དང་མཆིན་པ་དག་གི་གནས་སུ་སོང་བར་གྱུར་ནས་ནད་རྣམས་སྐྱེད་པར་བྱེད་དོ། །འདི་ལྟ་སྟེ་སྲིན་སྤུ་ཟ་བ་དང་འབིགས་བྱེད་དང ། ཛན་ཏུ་མཱན་ ད་རཿ ་དང་ཨཽ་དུམ་བ་རཿ ་དང་ཀུན་དུ་འཛིམ་པ་དང་སྤུའི་གླིང་དང་ཁྲག་ལ་རབ་ཏུ་ཁྲོ་བ་དང་ཁྲག་ཟ་བ་དང་རབ་རབ་བྱེད་པ་ཨམ་བྱ་ཀས་རྣམས་སོ། །སྲིན་བུ་འདི་དག་རྣམས་ནི་རྐང་པ་མེད་པ་དང་རང་དགར་འཇུག་པ་དང་རྡུལ་ཕྲ་རབ་ཙམ་གྱི་དབྱིབས་དང་ཤིན་ཏུ་ཕྲ་བར་གྱུར་པ་དང་མིག་མེད་ པ་དང་ཟ་འཕྲུག་གི་མཚན་ཉིད་དང་ནད་ཀྱི་མཚན་ཉིད་ཅན་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པས། ངའི་སྲིན་རེ་རེས་ཀྱང་ལས་རེ་རེ་བྱེད་པར་འགྱུར་བ་རྣམས། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་ མིག་གིས་མཐོང་བར་འགྱུར་བ། སྤུ་ཟ་བ་ཞེས་བྱ་བའི་སྲིན་རབ་ཏུ་ཁྲོས་པར་གྱུར་ན་སྨིན་མ་དང་མིག་གཉིས་ཀྱིའམ་ཁ་སྤུ་དང་བ་སྤུ་ལ་སོགས་པ་རྣམས་ཟ་བར་བྱེད་དོ། །དེའི་སྐྱོན་གྱིས་མཛེར་འགྱུར་རོ། །དེ་ལ་འདིར་འབིགས་བྱེད་ཅེས་བྱ་བའི་སྲིན་རབ་ཏུ་ཁྲོས་པར་གྱུར་ན། དེ་ཁྲག་རྒྱུ་བའི་ རྒྱུན་དུ་སོང་ནས་ལུས་ཐམས་ཅད་འཁྲུག་པར་བྱེད་དོ། །ཛན་ཏུ་མཱན་ད་ར་ཞེས་བྱ་བའི་སྲིན་དེས་ནི་ཁྲག་རྒྱུ་བའི་རྒྱུན་རྣམས་དྲི་ངན་པར་སྐྱེད་པར་བྱེད། ཁ་དང་སྣ་བུག་གཉིས་སུ་ཨཽ་དུམ་བ་ར་ཞེས་བྱ་བའི་སྲིན་གྱིས་ཏེ། དེ་ནི་ཁྲག་གི་སྲིན་ཡིན་པས་དེ་ཁྲག་ལ་རབ་ཏུ་ཁྲོ་ཞིང་རྣམ་པར་སྡང་བས་ 71-1-124b འབྲུམ་བུ་དང ། འབྲུམ་བུ་ཕྲ་མོ་དང ། སྐེལ་ཕོལ་དུ་བྱེད་དོ། །ཀུན་དུ་འཛིམ་བྱེད་ཅེས་བྱ་བའི་སྲིན་དེ་ནི་ཁྲག་གི་རྒྱུན་དུ་རབ་ཏུ་ཁྲོས་པར་གྱུར་ན་མཆིན་པ་དང་ཁྲག་དང་མཁྲིས་པ་སྐྱེད་དོ། །སྤུའི་གླིང་ཞེས་བྱ་བའི་སྲིན་དེ་ཁྲག་གི་རྒྱུན་དུ་སོང་བར་གྱུར་ནས་ཤིན་ཏུ་ཁྲོས་པས་ནད་འདི་དག་རྣམས་ ཕུལ་དུ་བྱེད་དོ། །འདི་ལྟ་སྟེ་གཡན་པ་དང་མིག་སེར་དང་འབྲུམ་བུ་དང་མོ་དྱཱ་ལང་རྣམས་སོ། །ཁྲག་ལ་རབ་ཏུ་ཁྲོ་བ་ཞེས་བྱ་བའི་སྲིན་དེ་ཁྲག་གི་རྒྱུན་དུ་སོང་བར་གྱུར་ནས་ནད་འདི་དག་རྣམས་བྱེད་དོ། །འདི་ལྟ་སྟེ་མཛེར་གྱུར་པ་དང་འདོད་ཆགས་ཀྱི་ནད་གཞན་ཡང་བུད་མེད་ལ་ཡང་ཁྲག་གིས་ གཡའ་བར་གྲགས་པ་དང་ཁྱེམ་རྣམས་སོ། །ཁྲག་ཟ་བ་ཞེས་བྱ་བའི་སྲིན་དེ་ཁྲག་གི་ནད་འདི་དག་རྣམས་བྱེད་དོ། །འདི་ལྟ་སྟེ་མགོ་འཁོར་བ་དང་སྐེ་འགུལ་བ་དང་གཞང་སྨིན་པར་བྱེད་པའོ། །རབ་རབ་བྱེད་པ་ཞེས་བྱ་བའི་སྲིན་དེ་ཁྲག་གི་རྒྱུན་གྱི་གསེབ་ཏུ་སོང་བར་གྱུར་ནས་ནད་འདི་ རྣམས་བྱེད་དོ། །འདི་ལྟ་སྟེ་ངལ་བ་དང་རེངས་པ་དང་རྒྱུན་དྲག་ཏུ་འབྱུང་བ་དང་དང་ཀ་མི་བདེ་བ་རྣམས་སོ། །གང་ཡང་དེ་དག་རྣམས་ནི་ཁྲག་ལ་རབ་ཏུ་གནས་པའི་སྲིན་འཁོར་དང་བཅས་པ་རྣམས་ཐམས་ཅད་ཀྱིས་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། སྲིན་གྱི་རིགས་བཅུ་ནི་ཤ་ལ་གནས་པ་ཡིན་ནོ། །འདི་ལྟ་སྟེ་རྨས་ཀུན་ནས་སློང་བ་དང་ཙུན་ཙུར་ཀཿ དང་རྒྱུས་པ་སྒུལ་བ་དང་རྩ་སྒུལ་བ་དང་པགས་པ་ཟ་བར་བྱེད་པ་དང་དྲོད་སྒུལ་བ་དང་འཕེལ་བྱེད་དང་དྲི་ངན་པ་དང་རྔུལ་ལ་རྒྱུ་བ་དང་རྣམ་པར་སྲེག་བྱེད་རྣམས་ སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ངའི་ཤ་ལ་གནས་པའི་སྲིན་གང་དག་གིས་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་ འགྱུར་བ། ངའི་སྲིན་རྨས་ཀུན་ནས་བསླང་བ་ཞེས་བྱ་བ་ནི་ཡུལ་ཕྱོགས་གང་དུ་རྨ་ཀུན་ཏུ་འབྱུང་བར་འགྱུར་བ་དེའི་ཡུལ་ཕྱོགས་སུ་རྨས་ཀུན་ནས་བསླང་བར་གྱུར་པའི་སྲིན་འཁོར་མང་པོར་གྱུར་ནས་རྨ་རྣམས་ཟ་བར་བྱེད་པ་དང་ཟ་འཕྲུག་དང་རྨ་དག་ཀྱང་བདག་ལ་སྐྱེད་དོ། །ཙུན་ཙུར་ཀ་ཞེས་བྱ་བའི་ 71-1-125a ངའི་སྲིན་གྱིས་ཀྱང་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཙུན་ཙུར་ཀའི་བདག་གི་སྲིན་གལ་ཏེ་ལྟོགས་པར་གྱུར་ན། དེས་གནད་རྣམས་དང་བཤང་ བ་དག་ཀྱང་རབ་ཏུ་འབྱེད་པར་བྱེད་དོ། །དེས་མཉམ་པར་ཤིན་ཏུ་འཁྲུ་བར་འགྱུར་རོ། །ངའི་མེ་དྲོད་ཉམས་པར་བྱེད་དོ། །དེས་བདག་གི་ཁ་སྐམས་པར་འགྱུར་རོ། །བདག་གི་ལུས་རྙིངས་པར་འགྱུར་བ་དང་གཟེར་ཟུག་དག་འབྱུང་བར་བྱེད་དོ། །བདག་གི་བཤང་བ་དང་ཆུ་འདྲེས་པར་བྱེད་ དེ། ཉིན་མོ་དང་མཚན་མོར་ཡང་གཉིད་འབྱུང་བར་མི་འགྱུར་རོ། །སྲིན་ཙུན་ཙུར་ཀས་ནི་རྟག་ཏུ་ཡང་བདག་གི་སྨིན་མའི་གནས་སུ་བཤང་བ་ཚོལ་བར་བྱེད་དོ། །དེ་བདག་གི་རྟུག་པའི་གཏེར་ལ་བརྟེན་ནས་རླུང་དང་རྔུལ་དང་གཅིན་དང་བད་ཀན་རྣམས་དང་ལྷན་ཅིག་འགྲོགས་པར་གྱུར་པའི་ཤིན་ ཏུ་འཁྲུ་བར་བྱེད་དོ། །དེས་བདག་གི་དང་ཀ་མི་བདེ་བ་སྐྱེད་པར་འགྱུར་ཞིང་ལྐུགས་པར་ཡང་བྱེད་དོ། །གལ་ཏེ་མྱ་ངན་བྱེད་པར་གྱུར་ན་དེས་ངའི་སྲིན་ཙུན་ཙུར་ཀཿ ཤིན་ཏུ་དགའ་བར་འགྱུར་རོ། །དེ་ཤིན་ཏུ་ཡང་བདག་ལ་སྟོབས་དང་ལྡན་པར་འགྱུར་ཞིང་མཉམ་ཞིང་ཤིན་ཏུ་རྒྱ་ཆེ་བར་ཁྲག་ཏུ་གྱུར་པའི་རྩ་རྣམས་ སུན་འབྱིན་པར་བྱེད་དོ། །དེས་ང་ཤིན་ཏུ་ཡང་འཁྲུ་བར་འགྱུར་རོ། །བད་ཀན་བེའུ་སྣབས་ཤིན་ཏུ་འཁྲུས་པས་རླུང་ལྷག་པར་འགྱུར་རོ། །ཙུན་ཙུ་ར་ཀའི་སྲིན་ལ་སོ་སོར་བརྟགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ངའི་སྲིན་རྒྱུས་པ་སྒུལ་བ་ཞེས་བྱ་བ་རྟག་ཏུ་རྒྱུས་པ་སྦོམ་པའམ་ཕྲ་བ་རྣམས་ཀྱི་ཡང་གསེབ་ཏུ་རྒྱུ་བར་བྱེད་དོ། །དེ་བདག་ལ་ཁྲོས་པར་གྱུར་ན་དེས་ངའི་རྒྱུས་ པ་རྣམས་ན་བར་འགྱུར་རོ། །གལ་ཏེ་ལྟོགས་པར་མ་གྱུར་ན་ནི་དེས་ངའི་རྒྱུས་པར་གྱུར་པ་རྣམས་ན་བར་མི་འགྱུར་རོ། །བདག་གི་རྒྱུས་པས་སྦྲེལ་བར་གྱུར་པའི་རུས་པའི་སྒལ་ཚིགས་རྣམས་ཐམས་ཅད་མ་ལུས་པ་ནས་ཐུག་ཏུ་མཐོང་བར་གྱུར་པས་དེས་བདག་གི་ལུས་ལ་རྒྱུས་པ་ལས་གྱུར་པའི་ཚོར་ 71-1-125b བ་རྣམས་སྐྱེད་པར་བྱེད་དོ། །ངས་ཟས་དང་བྲལ་བར་གྱུར་པས་གལ་ཏེ་ནང་ལྟོགས་པར་གྱུར་ན། དེ་བདག་གི་རྒྱུས་པ་ལ་གནས་པའི་ཁྲག་རྣམས་འཐུང་བར་བྱེད་དོ། །དེས་ངའི་རྩོལ་བ་རབ་ཏུ་ཉམས་པར་འགྱུར་རོ། །གལ་ཏེ་ཤ་ཟ་བར་བྱེད་ན་དེས་བད་ཀན་སྨུག་པོ་ང་ལ་སྐྱེད་དོ། །གཞན་ ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱུས་པ་སྒུལ་བ་ཞེས་བྱ་བའི་སྲིན་དེ་ངའི་རྩ་ཀུན་ཐམས་ཅད་ཀྱི་མཐར་རྒྱུ་ཞིང་གསེབ་ཏུ་རྒྱུ་བར་བྱེད་པ་ཕྲ་བར་གྱུར་པས་ཤིན་ཏུ་ ཐོགས་པ་མེད་པར་འགྲོ་བ་ཡིན་ནོ། །དེ་གལ་ཏེ་ངའི་ཟས་རྣམས་ཀྱི་སྟོབས་ཀྱིས་རྩ་རྣམས་འཇོམས་པར་བྱེད་དོ། །དེས་བདག་གི་ལུས་པོ་ཀུན་དུ་སྐམ་པར་འགྱུར་བའམ་ཡི་ཀ་མི་བདེ་བ་འབྱུང་བར་འགྱུར་རོ། །གལ་ཏེ་ཡང་ཆུ་རྒྱུ་བའི་རྩ་རྣམས་ལ་གནོད་པ་བྱེད་པར་གྱུར་ན། དེས་ངའི་རྐན་ སྐམས་པར་འགྱུར་རོ། །གལ་ཏེ་ཡང་རྔུལ་རྒྱུ་བའི་རྩ་རྣམས་ལ་གནོད་པ་བྱེད་པར་གྱུར་ན་དེས་ཀྱང་ངའི་བ་སྤུའི་ཁུང་བུ་རྣམས་ནས་རྔུལ་ཀུན་དུ་འབྱུང་བར་འགྱུར་རོ། །ཡང་གལ་ཏེ་ཆུ་ངན་རྒྱུ་བའི་རྩ་རྣམས་ཀྱི་གསེབ་ཏུ་སོང་བར་གྱུར་ནས་སུན་འབྱིན་པར་བྱེད་ན་གཅིན་སྡོམ་པར་འགྱུར་རོ། །ཁུ་ ཆུ་སུན་འདོན་པར་བྱེད་ན་ཡང་ཤིན་ཏུ་སྡུག་བསྔལ་མི་བཟད་པར་འགྱུར་རོ། །གལ་ཏེ་ཡང་རྟུག་པ་རྒྱུ་བའི་རྩ་རྣམས་ཀྱི་ནང་དག་ཏུ་རྒྱུ་བར་བྱེད་ཅིང་ཁྲོས་པར་གྱུར་ན་ནི་དེས་བདག་གི་རྟུག་པའི་གནས་རྣམས་སྡོམ་པས་འཆི་བ་ཙམ་གྱི་སྡུག་བསྔལ་བྱེད་དོ། །རྩ་སྒུལ་བར་བྱེད་པའི་སྲིན་དེ་ལ་སོ་ སོར་བརྟགས་པར་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། པགས་པ་སྐྱོད་པར་བྱེད་པ་ ཞེས་བྱ་བའི་སྲིན་པགས་པ་དྲུག་གི་གསེབ་ན་གནས་པ་རྣམས་གལ་ཏེ་ངའི་ཟས་ཀྱི་སྐྱོན་གྱིས་ཁྲོས་པར་གྱུར་ན་ནི། དེས་བདག་གི་པགས་པ་རྣམས་ཁ་དོག་ངན་པར་འགྱུར་རོ། །རྩུབ་པར་འགྱུར་བའམ་གཡེམ་པའམ་པགས་པ་རྣམས་དམར་བ་ཉིད་དམ་སྐྱ་བ་ཉིད་དམ་སྔོ་བ་ཉིད་དམ་རྡོལ་ 71-1-126a བར་འགྱུར་བའམ་སེན་མོ་དང་སྐྲ་དང་ཁ་སྤུ་དང་བ་སྤུ་རྣམས་དང་སྐྱི་རྣམས་ཉིལ་བར་འགྱུར་རོ། །འབྲུམ་བུ་ཐུག་ཐུག་པོའམ་མཛེར་འགྱུར་བའམ་པགས་པ་དང་ཤ་དང་དྲོད་བྱེ་བྲལ་དུ་འགྱུར་རོ། །དེས་པགས་པ་སྐྱོད་པར་བྱེད་པའི་སྲིན་རྣམས་ལ་སོ་སོར་བརྟགས་པར་ གྱུར་པས་ཀྱང་ལུས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་གྱུར་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བ་ནི། ཚིལ་རྒྱུ་བར་གྱུར་པའི་ རྒྱུན་རྣམས་ཀྱི་གསེབ་ན་གནས་པའི་ཚིལ་སྒུལ་བ་ཞེས་བྱ་བའི་སྲིན་བདག་གི་ལུས་ལ་གནས་པར་གྱུར་པ་དེས་མཐོང་བར་གྱུར་ཏོ། །ཡང་དེ་གལ་ཏེ་ན་ཉལ་བའི་སྐྱོན་གྱིས་སམ་ཟས་ཀྱི་སྐྱོན་གྱིས་ཀྱང་རུང་སྟེ་རབ་ཏུ་འཁྲུགས་པར་གྱུར་པ་སྐྱེས་ན། དེས་ང་ལ་འཁྲུ་སྐྱུག་གམ་འབྲུམ་བུའམ་ སྐྱ་བོར་སྣང་བའམ་ཐིག་ལེའི་རིགས་སུ་གྱུར་པ་རྣམས་སྐྱེད་པར་བྱེད་དོ། །སྐེ་ལ་ལྦ་བར་གྱུར་པའམ་རྒྱུས་པ་ཡང་རུལ་བ་དང་སྟོབས་ཟད་པ་དང་ལུས་རྗུད་པ་དང་བདག་ཟས་ཟ་བར་བྱེད་པར་གྱུར་ན་རྟག་ཏུ་རྔུལ་བ་ཉིད་དུ་ཡང་བྱེད་དོ། །ཚིལ་སྒུལ་བར་བྱེད་པའི་སྲིན་དེ་ལ་སོ་སོར་བརྟགས་པར་ གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རིག་གོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཕེལ་བྱེད་ཅེས་བྱ་བའི་སྲིན་ལུས་ལ་ རབ་ཏུ་གནས་པ་ཡིན་ལ། དེས་བདག་ལ་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པར་གྱུར་པ་ཅི་དག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི། ངའི་སྲིན་འཕེལ་བྱེད་རྣམ་པ་གཉིས་ཀྱིས་ལུས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་དེ་ཟིན་ པ་དང་མ་ཟིན་པའོ། །དེ་ལ་ཟིན་པ་ཡང་ལུས་ཕྱེད་དྲོད་དང་ཁྲག་དང་ཤ་དང་རུས་པ་དང་ལྷ་བ་དང་མཁྲིས་པ་དང་ཁུ་ཆུའོ། །མ་ཟིན་པ་ཡང་ཇི་ལྟར་ལུས་ལ་སྐྲ་དང་བ་སྤུ་དང་སེན་མོ་དང་ཁ་སྤུ་དང་སོ་རྣམས་སོ། །ཉེ་བར་འཕེལ་བྱེད་ཀྱི་སྲིན་དེས་ཀྱང་བདག་གི་ལུས་ལ་རྣམ་པ་གཉིས་སུ་འཕེལ་བར་ 71-1-126b བྱེད་པ་ཡིན་ཏེ། གལ་ཏེ་ཡང་ངའི་ཟས་ཀྱི་སྐྱོན་གྱིས་འཕེལ་བྱེད་ཀྱི་སྲིན་རྣམས་རབ་ཏུ་རྒྱས་པར་མ་གྱུར་ན་ནི་དེས་ང་སྤྲོ་བ་དང་རྣམ་པར་བྲལ་བར་འགྱུར་རོ། །འགྲོ་བ་དང་འོང་བ་ལ་ཡང་བདག་བདེ་བར་གནས་པར་འགྱུར་རོ། །མྱུར་ཞིང་བརྟད་པར་གཉིད་ཀྱི་རྒྱུན་འབྱུང་བར་འགྱུར་རོ། ། དེ་ལས་ཀྱང་བདག་གི་སྟོབས་རབ་ཏུ་འཕེལ་བར་འགྱུར་ཏེ། བདག་གི་པགས་པ་དང ། ཁྲག་དང ། ཚིལ་དང ། ལྷ་བ་དང ། རུས་པ་དང ། ཁུ་ཆུ་དང ། སྟོབས་རྣམས་སྐྱེ་བར་འགྱུར་རོ། །དེས་འཕེལ་བྱེད་ཀྱི་སྲིན་ལ་སོ་སོར་བརྟགས་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་གོ། ། གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། ངའི་སྲིན་དྲི་ངན་པ་ཞེས་བྱ་བ་ཤ་དང་བཤང་བ་དང་གཅིན་གྱི་གསེབ་ན་གནས་པ་ཡིན་ལ། གལ་ཏེ་ཟས་ཀྱི་སྐྱོན་ གྱིས་ཁྲོས་པར་གྱུར་ནངའི་ཟས་དེ་དག་གི་སྐྱོན་གྱིས་དེས་ཕྱི་ས་དང་གཅིན་དང་མཆིལ་མ་དང་སྣབས་རྣམས་དྲི་མི་ཞིམ་པར་འགྱུར་རོ། །སྣའི་རྣག་དང་མིག་གི་རྣག་དག་ཀྱང་འབྱུང་ངོ ། །སྲིན་རྣམས་དང་ལྷན་ཅིག་ཀུན་དུ་ཚོགས་པར་འགྱུར་བ་དེ་དང་དེ་དག་རྣམས་ཀྱང་སྲིན་གྱིས་དྲི་ངན་པ་རྣམས་ སུ་སྐྱེད་པར་བྱེད་དོ། །གང་ཡང་གོས་སམ་མལ་ཆ་དང་ནམ་ཟས་ཀྱི་རིགས་སུ་གྱུར་པ་རྣམས་ཀྱང་རུང་སྟེ་སོའི་གསེབ་ཏུ་སོང་བར་གྱུར་ན། དེ་དག་རྣམས་སྲིན་དེ་ཡིས་དྲི་ངན་པ་དང་ཆེས་དྲི་ངན་པར་འགྱུར་བར་བྱེད་དོ། །མཚན་མོ་ཉལ་བར་གྱུར་པའི་སྐྱོན་གྱིས་ཀྱང་ལྕེའི་དྲི་མ་དེ་ཤིན་ཏུ་དྲི་མི་ཞིམ་ པར་འགྱུར་རོ། །ལྕེའི་དྲི་མ་རྣམས་ཤིན་ཏུ་སྐྱ་བར་འགྱུར་བ་དང་ལུས་དྲི་ངན་པ་དང་དྲི་མ་ཅན་དུ་ཡང་འགྱུར་རོ། །དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དྲི་ངན་པའི་སྲིན་དེ་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རབ་ཏུ་རིག་པར་འགྱུར་རོ། །གཞན་ཡང་ རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྔུལ་ལ་རྒྱུ་བ་ཞེས་བྱ་བའི་སྲིན་གཤུལ་ཤའི་གསེབ་ན་རྒྱུ་བ་ཡིན་ཏེ། དེ་གལ་ཏེ་ངའི་ཟས་ཞུ་བར་གྱུར་ན། དེས་བདག་ 71-1-127a གི་རུ་ཤིང་གི་ཡུལ་ཕྱོགས་ཀྱི་རུས་པ་གསུམ་གྱི་བུ་གུ་གང་ཡིན་པར་ངའི་བཤང་བ་དྲངས་ནས་འཕོངས་ཀྱི་མདོར་འཇུག་གོ། །རུས་པ་གཞན་གསུམ་གྱི་བུ་གུ་རླན་པར་བྱས་ཤིང་བདག་གི་ཆུ་ངན་གྱིས་རླན་པར་བྱས་ནས་རྟུག་པའི་བྱིངས་ཆེན་པོ་རྣམས། ཨན་ཏོང་རུས་པའི་ཡུལ་ ཕྱོགས་སུ་བྱས་ནས་ངའི་གཅིན་འབྱུང་བར་འགྱུར་རོ། །དེས་རྔུལ་ལ་རྒྱུ་བའི་སྲིན་ལ་རབ་ཏུ་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྲིན་གྱི་རིགས་བཅུ་དག་གི་མཁྲིས་པ་ལ་གནས་པ་དེ་ལས་སྐྱེས་པར་གྱུར་པ། ལུས་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་པ་རྣམས་ནི་འདི་ལྟ་སྟེ། ཙུ་རུ་བཿ དང་སྒུལ་བྱེད་དང་རྫས་ཀྱིས་རྒྱས་པ་དང་ཆེན་པོའི་རིགས་དང་ནག་ པ་པ་དང ། ཟས་ཆེན་པོ་དང་དྲོ་བ་ལ་རྒྱུ་བ་དང་རྣམ་པར་སྲེག་བྱེད་དང་མེ་དྲོད་ཉམས་པར་བྱེད་པ་དང་མེ་ཆེན་པོ་དང་སྟེ། སྲིན་གྱི་རིགས་བཅུ་པོ་དེ་དག་རྣམས་ནི་མཁྲིས་པ་ལ་རྒྱུ་བ་དེ་དང་དེ་ལས་སྐྱེས་པར་གྱུར་པ་ལུས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་རྣམས་ཡིན་ནོ། །བདག་གི་སྲིན་གང་ དག་གིས་ངའི་ལུས་ལ་རང་བཞིན་དུ་གནས་པའམ་རང་བཞིན་དུ་མི་གནས་པ་ཅི་བྱེད་པར་འགྱུར་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བ་ལ། ཙུར་བ་ཞེས་བྱ་བའི་སྲིན་ལུས་ལ་རབ་ཏུ་གནས་སོ། །དེ་གལ་ཏེ་བདག་གི་ཟས་ཀྱི་སྐྱོན་གྱིས་ཁྲོ་བ་ཀུན་ནས་ སྐྱེས་པར་གྱུར་ན། དེས་ངའི་མིག་གཉིས་ཀྱི་རྫི་མ་དག་ཟ་བར་འགྱུར་རོ། །དེས་ང་ལ་འབྲུམ་བུ་དང་གཡན་པ་དག་སྐྱེ་བར་འགྱུར་རོ། །གལ་ཏེ་རྫི་མ་གཞན་རྣམས་ལ་ཟ་བར་འགྲོ་ན་མིག་ལས་གྱུར་པའི་མཆི་མ་རབ་ཏུ་ཕལ་ཆེ་བ་ཡང་རབ་ཏུ་འབྱུང་ངོ ། །གལ་ཏེ་མིག་ལ་རྒྱུ་བར་གྱུར་ ན་དེས་བདག་གི་མིག་ལ་ནད་དྲག་པོ་རྣམས་སྐྱེད་པར་བྱེད་དེ། མཐོང་བ་རྣམ་པར་ཉམས་པའམ་མིག་ཉེ་བར་སྡོམ་པར་ཡང་འགྱུར་རོ། །དེ་བདག་གི་མིག་གི་ནང་ན་རྒྱུ་ཞིང་ཤའི་གོང་བུར་གྱུར་པའི་མིག་གི་ཐ་སྙད་དུ་བྱས་པ་ལ་འགལ་བར་བྱས་ནས། མིག་ལ་གནས་པའི་ནུར་ནུར་པོ་ལ་ 71-1-127b གནས་པར་བྱེད་དོ། །དེས་ངའི་མིག་འབྲས་སུ་གཏོགས་པའི་གཡོགས་མ་དང་དམར་པོར་སྣང་བ་ཡང་སྐྱེད་པར་བྱེད་དོ། །སྲིན་འདིས་ནི་རྟག་པར་རྒྱུན་དུ་ནད་ཆེན་པོ་རྣམས་བྱེད་དོ། །དེས་ཙུར་བའི་སྲིན་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྒུལ་བྱེད་ཞེས་བྱ་བའི་སྲིན་ལུས་ལ་གནས་ཏེ། མཁྲིས་ པའི་ནང་ན་རྒྱུ་བ་དང་ལུས་ཐམས་ཅད་ལ་ཡང་ཐོགས་པ་མེད་པར་འགྲོ་བར་བྱེད་པ་དང ། མཁྲིས་པ་ཉིད་ཀྱིས་ལུས་གཡོགས་པ་ཡིན་ནོ། །དེས་གང་གིས་ཁོ་བོའི་རུས་པ་བསྲེགས་པར་གྱུར་པ་ཤར་གཏོགས་པ་ཡང་ཤིན་ཏུ་ཚ་བར་འགྱུར་བའམ། བདག་གི་ཡན་ལག་རྣམས་ཀྱང་ དྲོན་མོར་འགྱུར་རོ། །བདག་གི་ལག་པ་དང་རྐང་པ་གཉིས་ཀྱང་ཤིན་ཏུ་རྣམ་པར་བསྲེགས་པར་གྱུར་པ་ནི་ཉིན་མོ་དང་མཚན་མོ་ཡང་རབ་ཏུ་ཞི་བར་མི་འགྱུར་རོ། །གལ་ཏེ་པགས་པ་ལ་འགྲོ་བར་གྱུར་ན་བདག་ལ་རྔུལ་འབྱུང་བར་འགྱུར་རོ། །དེས་སྒུལ་བྱེད་ཀྱི་སྲིན་ལ་སོ་སོར་བརྟགས་ པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་སྲིན་ རྫས་ཀྱིས་རྒྱས་པ་ཞེས་བྱ་བ་མཁྲིས་པའི་ནང་ན་རྒྱུ་བར་གྱུར་པ་མཆུ་ཤིན་ཏུ་རྣོ་བ་རྐང་པ་ཐུང་བ་མེའི་ལྟོ་དང་ནད་ཆེན་པོར་གྱུར་པའོ། །དེ་གལ་ཏེ་ཤེད་ན་ལུས་ཀྱི་ཡུལ་ཕྱོགས་གཞན་ན་གནས་པར་གྱུར་ན། ངའི་ཟས་ཀྱི་སྐྱོན་གྱིས་ལྟོགས་པར་གྱུར་ནས། ཡུལ་ཕྱོགས་དེ་དང་དེ་དག་ཏུ་ལུས་ སྲེག་པར་འགྱུར་རོ། །ཁྲག་འགྲིམ་པར་འགྱུར་རོ། །ཁྲག་སྐྱུག་པར་འགྱུར་བ་དང ། བདག་གི་ལུས་ཐམས་ཅད་ཀྱང་རང་བཞིན་དུ་མི་གནས་པར་མེ་བཞིན་དུ་སྲེག་པར་བྱེད་དོ། །བདག་གི་ལུས་ཀྱི་པགས་པ་རྣམས་ཐམས་ཅད་མེའི་ཡུལ་དུ་འགྱུར་ཞིང་རྐང་པ་དག་ལ་ཡང་འབྲུམ་བུའི་ 71-1-128a ཐིག་ལེ་དང་ལུས་རྣམས་མེ་དང་མཚུངས་པར་སྐྱེད་དོ། །རྫས་ཀྱིས་རྒྱས་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་པ་ན། དེའི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རིགས་ཆེན་པོ་ཞེས་བྱ་བའི་སྲིན་ལུས་ཀྱི་ནང་ན་རྒྱུ་བར་གྱུར་པ་མཁྲིས་པའི་གསེབ་ན་རྒྱུ་བ་ཡིན་ནོ། །དེ་གལ་ཏེ་ངའི་ཟས་ཀྱི་སྐྱོན་གྱིས་ཁྲོ་བ་སྐྱེས་པར་གྱུར་ན། དེས་ང་རང་བཞིན་དུ་གནས་ པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རིགས་ཆེན་པོའི་སྲིནངའི་ལུས་ཀྱི་ནང་ན་རྒྱུ་བར་གྱུར་པས་མགོ་ནས་བཟུང་ནས་ཇི་སྲིད་དུ་རྐང་པའི་བར་དུ་ཐོགས་པ་མེད་པར་འགྲོ་ བ་ཡིན་ཏེ། དེ་བདག་ལ་ཁྲོས་ནས་ལུས་ཐམས་ཅད་ལ་ཁྲག་མཁྲིས་ཀྱི་འབྲུམ་ཐུག་བྱེད་པ་དང ། འདིས་མཁྲིས་པ་དང་ཁྲག་དག་གིས་རྣ་བ་དང་སྣ་བུག་གི་ནང་དག་ནས་ཁྲག་མཁྲིས་འཛག་པར་བྱེད་པས་འཆི་བའི་གནས་སྐབས་དང་འདྲ་བར་བྱེད་དོ། །སྔོན་པོར་བྱེད་ཅིང་མིག་སེར་དུ་ཡང་བྱེད་དོ། ། དེས་ཁ་ཁ་བར་ཡང་བྱེད་དོ། །དེས་རིགས་ཆེན་པོའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་ རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ནག་པ་ཞེས་བྱ་བའི་སྲིན་མཁྲིས་པ་སྐྱོན་ཅན་རྣམས་དྲངས་ནས་ལུས་ལ་ཀུན་ཏུ་རྒྱུ་བར་བྱེད་དོ། །དེ་གལ་ཏེ་བདག་གི་ཟས་ཀྱི་སྐྱོན་གྱིས་ཁྲོ་བ་སྐྱེས་པར་གྱུར་ནས་ལུས་ཀུན་ལ་སྙོམས་པར་ཏིལ་འདྲ་བའི་ཐིག་ལེ་ནག་པོ་རྣམས་བྱེད་པ་དང ། ཤ་འབྲུམ་ པར་བྱེད་པའམ་ལུས་ལ་ཡང་ནག་པོ་དང་སེར་པོར་འགྱུར་བའམ། དམར་པོའི་དྲི་རླུང་དང་རླུང་དག་དང་མཚུངས་པར་འཇུག་པར་བྱེད་པའམ། བདག་གི་མཁྲིས་པའམ་གཞང་འཇོམས་པར་འགྱུར་རོ། །དེས་ནག་པོའི་སྲིན་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ལུས་རབ་ཏུ་ 71-1-128b ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཟས་ཆེན་པོ་ཞེས་བྱ་བའི་སྲིན་ལུས་ལ་གནས་ཏེ་དེས་ལུས་རང་བཞིན་དུ་གནས་པའམ། རང་ བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི་ཟས་ཆེན་པོ་ཞེས་བྱ་བའི་སྲིན་ཟས་ཀྱི་སྐྱོན་གྱིས་གལ་ཏེ་ཁྲོས་པར་གྱུར་ན་དེ་ངའི་མཁྲིས་པའི་ནང་ན་གནས་པས་ཟས་ཟོས་པ་དང་དེ་ལྟར་ཚ་བ་སྐྱེད་པར་བྱེད་དོ། །དེ་ཆེན་པོར་གྱུར་པས་ བདག་གི་ལུས་རླན་པར་འགྱུར་ཞིང་ཞིམ་པར་གྱུར་ནས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་དང ། མིག་དང ། རྣ་བ་དང ། སྣ་དང ། བདག་གི་ལྕེའི་དབང་པོ་རྣམས་ཀྱང་ཉམས་པར་འགྱུར་རོ། །རང་དང་རང་གི་ཡུལ་རྣམས་ལ་ཡང་ལྟ་བར་མི་ནུས་པར་འགྱུར་བ་དང ། ཟས་ཀྱི་སྐྱོན་གྱིས་ བདག་གི་དབང་པོ་ལྔ་པོ་རྣམས་ལམ་ངན་པ་ལ་རབ་ཏུ་གནས་པར་ཡང་འགྱུར་རོ། །དེས་ཟས་ཆེན་པོའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དྲོ་བ་ལས་རྒྱུ་བ་ཞེས་བྱ་བའི་སྲིན་ནི་རྟག་ཏུ་ཟས་དྲོ་བ་ལ་དགའ་བར་གྱུར་པ། ཟས་གྲང་བ་རྣམས་ལ་རབ་ཏུ་སྡང་བ་ཡིན་ནོ། །དེས་བདག་ལ་རང་བཞིན་དུ་གནས་པའམ་རང་ བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་བདག་ཟས་སུ་གྱུར་པ་དག་གམ་བཟའ་བ་དང ། བཏུང་བ་དང ། བཅའ་བ་དང ། མྱང་བ་ཡང་རུང་སྟེ་གྲང་མོ་དག་ཟ་བར་གྱུར་ན་དེ་ང་ལ་ ཁྲོས་པར་གྱུར་ནས་ངའི་ཁ་ལ་ལྡག་པར་བྱེད་པའམ། ལུས་རླན་པའམ། ལྕི་བའམ། ཉམ་ཆུང་བའམ། འགག་པའམ། སྙིང་ལ་ཡང་ལྡག་པའམ། ལུས་ཐམས་ཅད་ཀྱི་སྐྱོན་དུ་གྱུར་པ་སྟེ། དེས་ལུད་པ་དམར་པོར་བྱེད་པའམ། མགྲིན་པ་ལ་ལྡག་པར་ཡང་བྱེད་དོ། ། 71-1-129a དེས་དྲོ་བ་ལས་རྒྱུ་བའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་བརྟགས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྣམ་པར་སྲེག་བྱེད་ཅེས་བྱ་བའི་སྲིན་ལུས་ཀྱི་མཁྲིས་པའི་གནས་ལ་རབ་ཏུ་གནས་པ་ཡིན་ལ། དེས་ང་ལ་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་ གིས་མཐོང་བར་གྱུར་པ་སྲེག་བྱེད་ཀྱི་སྲིན་བདག་གི་ལུས་ལ་གནས་པ་ལས། གལ་ཏེ་ངས་ཟས་ལྕི་མོ་གང་དག་ཟོས་པར་གྱུར་ནངའི་ཟས་དེ་དག་གི་སྐྱོན་གྱིས་རྣམ་པར་སྲེག་བྱེད་ཀྱི་སྲིན་གྱིས་མེས་སྲེག་པར་བྱེད་དོ། །སྟོབས་ལྷག་པ་ཉིད་དང་རྩེའུ་ཆུང་ལ་གནོད་པར་འགྱུར་བ་དང་ཟས་ཀྱི་ཁམ་ཤིན་ཏུ་ ཆེ་བས་མགྲིན་པར་འཐོག་པར་ཡང་འགྱུར་རོ། །བདག་གི་བཤང་བ་ཡང་སྐྱ་བོར་འགྱུར་ཞིང་ཆུ་ངན་ཡང་ཇི་ལྟ་བར་ཏེ། བདག་གྲང་བ་ལ་དགའ་བ་ཉིད་དུ་ཡང་མི་འགྱུར་རོ། །ཟས་མངར་མོ་རྣམས་ལ་འདོར་བར་ཡང་མི་འགྱུར་རོ། །དེས་རྣམ་པར་སྲེག་བྱེད་ཀྱི་སྲིན་ལ། སོ་སོར་ བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མེ་དྲོད་ཉམས་ པར་བྱེ་བ་ཞེས་བྱ་བའི་སྲིན་ངའི་ལུས་ལ་མཁྲིས་པ་དང་ལྷན་ཅིག་སྐྱེས་ནས་གནས་ཏེ། དེ་ལ་དགའ་བ་དང་དེ་གྲང་བའི་དུས་ན་ནི་དགའ་བར་འགྱུར་རོ། །དྲོ་བའི་དུས་ན་ནི་རྒུད་པར་འགྱུར་རོ། །གྲང་བའི་དུས་ན་ཡང་རབ་ཏུ་དགའ་བར་གྱུར་ནས་བདག་ཟས་འདོད་པར་བྱེད་དོ། །དྲོ་བའི་དུས་ན་ནི་ མེ་དྲོད་ཉམས་པར་བྱེད་དོ། །གྲང་བའི་དུས་ན་ཡང་ངའི་མཁྲིས་པ་ལེགས་པར་སྒྲུབ་པར་བྱེད་ཅིང་དྲོ་བའི་དུས་ན་ནི། སུན་འདོན་པ་ཡིན་ནོ། །དེའི་སྐྱོན་གྱིས་ནི་མེ་དྲོད་ཉམས་པར་བྱེད་དོ། །དེས་མེ་དྲོད་ཉམས་པར་བྱེད་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ 71-1-129b ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་མེ་ཆེན་པོ་ཞེས་བྱ་བའི་སྲིན་ལུས་ལ་གནས་ཏེ། དེས་ང་ལ་ རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི།ངའི་སྲིན་མེ་ཆེན་པོ་ཞེས་བྱ་བ་ནི་ཟས་འགལ་བ་ཟོས་པ་རྣམས་ཐམས་ཅད་འདོད་པར་འགྱུར་རོ། །གལ་ཏེ་ཡང་ རང་ལྟོགས་པར་གྱུར་ན་ནི། དེས་ངའི་ལུས་ཀྱི་གསེབ་ཏུ་གྱུར་པའི་སྲིན་རྣམས་ཟ་བར་བྱེད་དོ། །སྲིན་དེའི་སྐྱོན་གྱིས་བདག་ལ་འདིར་ལྷང་ཀྱོག་འབྱུང་བར་འགྱུར་རོ། །རྒྱབ་ཏུ་གཟེར་བར་འགྱུར་བའམ། ལག་པ་ལ་ཟུག་གཟེར་ཡང་རུང་སྟེ། ཡུལ་ཕྱོགས་གང་དུ་སྲིན་རྣམས་ཟ་ བར་བྱེད་པའི་ཡུལ་ཕྱོགས་དེ་དང་དེ་དག་རྣམས་སུ་གཟེར་ཟུག་སྐྱེ་བར་འགྱུར་རོ། །དེས་མཁྲིས་པ་ལ་གནས་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། རུས་པ་ལས་གྱུར་པའི་དང་ཚིལ་ལ་གནས་པའི་སྲིན་གྱི་རིགས་འདི་ལྟ་སྟེ། རུས་པ་ལ་ལྡག་པ་དང ། ཤིན་ཏུ་འབྲུད་བྱེད་དང་ཚིགས་པ་གཅོད་ ཅིང་རྒྱུ་བ་དང ། དྲི་མི་ཞིམ་པ་དང ། རུས་པའི་རྣག་གི་རིགས་དང ། ཁ་དམར་བ་དང ། མྱོང་བར་བྱེད་པ་དང ། པགས་པ་ཟ་བ་དང ། གྲོག་མ་དང ། སྤུ་གྲིའི་ཁ་དང་རྣམས་སོ། །དེ་ལ་ངའི་རུས་པ་ལས་གྱུར་པའི་སྲིན་རྣམས་ཀྱིས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་ གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། རུས་པ་ལ་ལྡག་པར་བྱེད་པ་ཞེས་བྱ་བའི་སྲིན་ནི་ཕྱི་རོལ་གྱི་རུས་པའི་རྐང་རྣམས་ལ་རབ་ཏུ་གནས་སོ། །འདི་ལྟ་སྟེ་དཔུང་པའི་རྐང་ལ་གནས་པ་དང ། བརླའི་རྐང་ལ་གནས་ 71-1-130a པ་དང་རྒྱབ་ཀྱི་སྒལ་བ་ལ་གནས་པ་རྣམས་ཡིན་ཏེ། རུས་པ་རྣམས་ཐམས་ཅད་ཀྱི་ཡང་གནད་རྣམས་ཀྱི་གསེབ་ན་རྒྱུ་བ་ཡིན་ནོ། །གལ་ཏེ་ཡང་དེ་ཟས་ཀྱི་སྐྱོན་རྣམས་ཀྱིས་ཁྲོ་བ་སྐྱེས་པར་གྱུར་ན་དེས་ངའི་རུས་པར་གྱུར་པའི་ལྷང་ཀྱོག་རྣམས་དང ། ལུས་ཀྱི་ མདོག་དང་རེག་པ་ཡང་ངན་པར་བྱེད་དོ། །རུས་པ་རྣམས་སམ་ཤ་རྣམས་ཀྱང་རུང་སྟེ་རུས་པས་བསྡུས་པ་རྣམས་ཟ་བར་བྱེད་དོ། །དེས་ངའི་རུས་པ་ལས་གྱུར་པའི་ཚོར་བ་ཆེན་པོ་མཆོག་ཏུ་མི་བཟད་པ་རྣམས་སྐྱེད་དོ། །གལ་ཏེ་ཡང་དེ་ལྟོགས་པར་མ་གྱུར་ན་ནི་དེ་ཇི་སྐད་དུ་བཤད་ པའི་ངའི་ཚོར་བ་རྣམས་དང་འབྲལ་བར་འགྱུར་རོ། །རུས་པ་ལ་ལྡག་པར་བྱེད་པ་ཞེས་བྱ་བའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤིན་ཏུ་འདྲུད་བྱེད་ཅེས་བྱ་བའི་སྲིན་རུས་པ་རྣམས་ཐམས་ཅད་ལ་གནས་པ་ཡིན་ནོ། །དེས་གལ་ཏེ་ཤིན་ཏུ་རུས་པ་དྲུད་པར་བྱེད་ན་ནི། །དེས་བདག་གི་ཁམས་རྣམས་ཐམས་ཅད་སྐམ་པོ་ཏྲོག་ ཏྲོག་ཏུ་འགྱུར་རོ། །ཚད་པ་དང་སྐད་འགག་པ་དང་བཤང་བ་འཁྲུ་བར་བྱེད་དོ། །དེ་རྣམས་བདག་ལ་མེད་ན་རྩིབ་ལོགས་ཀྱི་ནད་དང་སྐྱུག་པ་དང་ཡི་ག་མི་བདེ་བར་འགྱུར་རོ། །གལ་ཏེ་རུས་པའི་ཚིགས་སུ་གྱུར་པ་རྣམས་ཐམས་ཅད་ཀྱི་ཡང་རུས་པ་རྣམས་མི་འདྲུད་ན་ནི། ཇི་སྐད་དུ་བཤད་པར་ གྱུར་པའི་ནད་རྣམས་ང་ལ་འབྱུང་བར་འགྱུར་བ་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཚིགས་པ་གཅོད་ཅིང་རྒྱུ་བ་ཞེས་ བྱ་བའི་སྲིན་ལུས་ལ་གནས་པ་ཡིན་ནོ། །དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི། ཚིགས་གཅོད་ཅིང་རྒྱུ་བ་ཞེས་བྱ་བའི་སྲིན་ནི་གལ་ཏེ་ཡང་ 71-1-130b ཟས་ཀྱི་སྐྱོན་གྱིས་ལྟོགས་པར་གྱུར་ན་བདག་གི་ལག་པ་འཁུམ་པར་བྱེད་དོ། །ལུས་ཀྱི་ཡན་ལག་རྣམས་འབྲུལ་བར་འགྱུར་བའམ། སྙིང་གི་ནད་དུ་གྱུར་པའམ། གྲོང་ཁྱེར་གནས་པ་རྣམས་ཀྱང་སྟོངས་པར་མཐོང་བར་འགྱུར་རོ། །སྣབས་ཀྱང་འཁྲུག་པར་འགྱུར་རོ། །རྟག་ཏུ་ ཡང་ཡི་མུག་པ་དང ། རེག་བྱ་དང ། གཟུགས་རྣམས་ལ་བློ་ཀུན་དུ་དགའ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚོར་བ་རབ་ཏུ་སྟོབས་དང་ལྡན་པའི་ཕྱིར་རོ། །དེ་ཚིགས་པ་གཅོད་བྱེད་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། དྲི་ངན་པ་ཞེས་བྱ་བའི་སྲིན་ལུས་ལ་གནས་པ་ཡིན་ཏེ། དེས་རང་བཞིན་ དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ལས། དྲི་ངན་པ་ཞེས་བྱ་བའི་སྲིན་གལ་ཏེ་ཡང་ཟས་ཀྱི་སྐྱོན་གྱིས་ཁྲོ་བ་སྐྱེས་པར་གྱུར་ན། དེས་བདག་ལ་རྣམ་པར་སྲེག་པ་དང་ལྕི་ བ་དང ། ལུས་རྨར་གྱུར་པ་མྱུར་དུ་སོས་པ་རྣམས་ཀྱང་རིང་ཞིག་འགོར་བ་དང ། ཤ་བཀྲ་ཡང་བདག་གི་ལུས་ཀྱི་དཀྱིལ་འཁོར་ལ་འབྱུང་བར་འགྱུར་རོ། །སྐྱ་བོར་གྱུར་པ་ཡང་ལུས་ལ་རྒྱ་ཆེན་པོར་འགྱུར་རོ། །ཐམས་ཅད་དུ་མ་བྱུང་བར་འགྱུར་ན་ཉལ་བ་ཇི་ལྟ་བ་བཞིན་དུ་ལུས་འགྱུར་ རོ། །མཛེ་ཡང་བདག་ལ་འབྱུང་ངོ ། །རྣག་གི་དངོས་པོར་གྱུར་པ་བདག་གིས་ལུས་རྣམས་ཐམས་ཅད་ལ་རྒྱས་པར་འགྱུར་རོ། །དེའི་ནད་དེ་དག་རྣམས་རབ་ཏུ་ཞི་བར་མི་འགྱུར་རོ། །དེས་དྲི་ངན་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ།རུས་པའི་རྣག་གི་རིགས་ཀྱི་སྲིན་རྣམས་བདག་གི་ལུས་ལ་གནས་པ་ 71-1-131a ཡིན་ཏེ། དེས་བདག་ལ་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བ་ནི། བདག་གི་སྲིན་རུས་པའི་རྣག་གི་རིགས་རྣམས་གལ་ཏེ་ཟས་ཀྱི་སྐྱོན་གྱིས་ ཁྲོས་པ་སྐྱེས་པར་གྱུར་ན། དེ་གལ་ཏེ་ལོའམ་ལོ་གཉིས་སམ་ལོ་མང་པོ་ན་ཡང་རུང་བདག་བྱིས་པར་གྱུར་པ་ཙམ་ན་ཡང་རུང་སྟེ་ལུས་ལ་གལ་ཏེ་བརྒྱབ་ཅིང་བསྣུན་པ་རབ་ཏུ་ཞི་ཞིང་སྔོན་སོས་པར་གྱུར་པ་ལས་དེ་དག་བདག་གིས་སྲིན་དེ་ཁྲོས་ནས་སླར་ཡང་རྙིང་པ་ལ་རྒྱུ་བར་བྱེད་དེ། ཇི་སྲིད་དུ་རྒས་པར་གྱུར་གྱི་བར་དུ་ཡང་ཁྲོས་པ་སྐྱེ་བར་འགྱུར་རོ། །རུས་པའི་རྣག་གི་རིགས་ཀྱི་སྲིན་འདི་ནི་ཤིང་པ་ལ་ཀྵོ་དང་དུམ་བ་རའི་འབྲས་བུ་དང་འདྲ་བའི་ཐིག་ལེ་དྲི་མི་ཞིམ་པ་སྐྱེད་པར་བྱེད་དོ། །དེ་ཡང་གཡན་པ་མང་བར་འགྱུར་ཞིང་མང་དུ་འཛག་པ་རྣམས་ཀྱང་སྐྱེ་བར་འགྱུར་ རོ། །སྨིན་མ་འདྲ་བ་ཡང་སྐྱེ་བར་འགྱུར་ཞིང་ཚད་སྦྲང་དང་ཤ་སྦྲང་རྣམས་ཀྱང་འབབས་པར་འགྱུར་རོ། །དེས་རུས་པའི་རྣག་གི་རིགས་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་ པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཁ་དམར་བ་ཞེས་བྱ་བའི་སྲིན་རུས་པ་ལ་གནས་པ་ཡིན་ཏེ། དེས་བདག་ལ་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་ པ་ཅི་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བ་ནི། བདག་གི་ཁ་དམར་བ་ཞེས་བྱ་བའི་སྲིན་གང་གི་ཚེ་ཟས་དག་གི་སྐྱོན་གྱིས་ལྟོགས་པར་གྱུར་པ་ན། དེས་བདག་ལ་མེ་དབལ་འདྲ་བའི་ནད་ཆེན་པོ་མེ་དང་མཉམ་པར་འགྱུར་བ་ཁྲག་གི་ མཐར་ཐུག་པར་འབྱུང་བ་ཆུ་སེར་དང་རྣག་མང་པོར་གྱུར་ནས་ཉིན་མོ་དང་མཚན་མོ་མེད་པར་ཡང་རབ་ཏུ་ཉེ་བར་ཞི་བར་མི་འགྱུར་རོ། །ཁོང་རྨ་ཞེས་བྱ་བའི་ནད་རབ་ཏུ་བྱེད་པར་འགྱུར་རོ། །ཁ་དམར་བའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་རིག་པར་ 71-1-131b བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། མྱོང་བར་བྱེད་པ་ཞེས་བྱ་བའི་སྲིན་བདག་གི་རུས་པ་ལ་སྤྱོད་པ་ཡིན་ཏེ། དེས་ ང་ལ་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ནི། མྱོང་བར་བྱེད་པ་ཞེས་བྱ་བའི་སྲིན་ཟས་དག་གི་སྐྱོན་གྱིས་གལ་ཏེ་ལྟོགས་པར་གྱུར་ན། དེས་ང་ལ་འབྲུམ་བུ་ རྣམས་སུ་བྱེད་དོ། །ལུས་ཐམས་ཅད་ཀྱི་ཡན་ལག་དང་ཉིང་ལག་རྣམས་ལ་ཀུན་དུ་རྒྱུ་བར་བྱེད་པ་ཡིན་ཏེ། དེ་ལུས་གང་དག་ཉིད་ཁོ་ན་ལ་ཀུན་དུ་རྒྱུ་བར་བྱེད་པ་དེ་དག་ཉིད་ཁོ་ནར་བདག་རེངས་པར་འགྱུར་རོ། །སྙིང་སྟོང་པ་དང་ལུས་ལ་ཚོར་བ་མེད་པར་ཡང་འགྱུར་རོ། །ལྒང་ བ་དང་བཤང་བ་འགག་པར་ཡང་འགྱུར་རོ། །གཉིད་མེད་པར་ཡང་འགྱུར་རོ། །གྲོག་མ་དང་འདྲ་བར་ཡན་ལག་དང་ཉིང་ལག་རྣམས་ལ་རྒྱུག་པར་ཡང་བྱེད་དོ། །བདག་ཤིན་ཏུ་སྐོམ་པར་ཡང་འགྱུར་རོ། །བདག་ལ་མུན་པ་ཀུན་དུ་འབྱུང་བར་འགྱུར་བ་དང་གྲང་བའི་ཚད་པ་དང་ སྐྲང་བར་ཡང་འགྱུར་རོ། །གལ་ཏེ་ཡང་མྱོང་བར་བྱེད་པའི་སྲིན་ལྟོགས་པར་མ་གྱུར་ན་ནི། ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རབ་ཏུ་ཞི་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། པགས་པ་ཟ་བ་ཞེས་བྱ་བའི་སྲིན་ལུས་ལ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་པ་ཡང་དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་བམ། ལྷའི་མིག་གིས་མཐོང་བ་ནི་པགས་པ་ཟ་བ་ཞེས་བྱ་བ་རུས་པ་ལ་གནས་པ་ཡིན་ཏེ། དེ་གལ་ཏེ་ལྟོགས་པར་གྱུར་ན་ནི་དེས་ངའི་མཆུ་སྐྲང་བར་བྱེད་པའམ། ཁ་སྐྲང་བར་བྱེད་པའམ། མིག་སྐྲང་བར་བྱེད་པའམ། རྣག་གི་ཐོར་པའམ། རྒྱུས་པ་འཁུམ་པར་ 71-1-132a གྱུར་པའི་ཚོར་བ་དང ། སྐོམ་དད་ཆེ་བ་དང ། མགྲིན་པ་སྐམས་པ་དང ། རྣ་བ་སྐྲང་བ་དང ། མཇིང་པ་རེངས་པའམ། ཐོད་པ་རྐོ་རློག་ཏུ་གྱུར་པའམ། དུས་མ་ཡིན་པར་སྐྲ་དཀར་པོ་རྣམས་འབྱུང་བར་འགྱུར་བའམ། གྲེ་བ་འཇོམས་པའམ། དུས་མ་ཡིན་ པར་གཉིད་དང་མི་འཐུན་པའི་ཟས་རྣམས་ལ་དགའ་བའམ། གནས་གཅིག་ལ་མི་དགའ་བར་འགྱུར་བ་དང ། གནས་དང་ཀུན་དགའ་ར་བ་སྟོང་པ་རྣམས་ལ་དགའ་བའམ། སེམས་རྣམ་པར་གཡེངས་པར་གྱུར་པའམ། གང་ཅུང་ཟད་ཀྱིས་མང་དུ་སྨྲ་བར་བྱེད་པའམ། རྟག་ པར་རྒྱུན་དུ་ཡན་ལག་དང་ཉིང་ལག་རྣམས་ལ་སེན་མོས་འཕྲུག་པས་ཀྱང་བདག་གི་ལུས་ཐལ་ཚུབ་དང་འདྲ་བར་འགྱུར་ཏེ། པགས་པ་ཟ་བར་བྱེད་པའི་སྲིན་རྣམས་ཀྱི་སྐྱོན་གྱིས་ཡིན་ནོ། །དེ་གལ་ཏེ་ལྟོགས་པར་མ་གྱུར་ན་ནི་དེའི་ཚེ་ཇི་སྐད་དུ་བཤད་པའི་ནད་རྣམས་འཁྲུག་པར་མི་ འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གྲོག་མ་པ་ཞེས་བྱ་བའི་སྲིན་བདག་གི་རུས་པའི་གསེབ་ན་རྒྱུ་བ་ཡིན་ཏེ། ཡང་ གལ་ཏེ་བདག་ཉིད་ལྟོགས་པར་གྱུར་ན་ཡང་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གྲོག་མ་པ་ཞེས་བྱ་བའི་བདག་གི་སྲིན་ཡང་གལ་ཏེ་ཟས་ཀྱི་སྐྱོན་ གྱིས་ཁྲོས་པར་གྱུར་ན། དེའི་ངའི་གནད་རྣམས་ལ་སྦྲུལ་བཞིན་དུ་ཀུན་དུ་སྐྲག་པར་བྱེད་པའི་ཡིད་ཀྱིས་ཚོར་བ་འབྱུང་བར་བྱེད་དོ། །འདི་ལྟ་སྟེ་སྤྱི་བོ་དང་འགྲམ་པ་དག་དང་སྙིང་དང་རྒྱུ་ཞབས་དང་གཞང་དང་ལག་པ་དང་རྐང་པའི་མཐིལ་དང་སེན་མོའི་གསེབ་རྣམས་སུ་སོང་ནས་ཁབ་བཞིན་དུ་གཏུར་ བར་བྱེད་དོ། །རྒྱུན་རྣམས་ཀྱང་སྒུལ་བར་བྱེད་དོ། །སྣ་ལ་སྣབས་རྣམས་ཆུད་ཟ་བར་བྱེད་དོ། །མིག་དང་ཁ་དང་ལུས་རྣམས་ཀྱང་སྒུལ་བར་ཡང་བྱེད་དོ། །བདག་ཟས་རྣམས་ལ་ཞེ་སྡང་བར་གནས་པར་འགྱུར་རོ། །དེ་ཡང་ལྟོགས་པར་གྱུར་ན་སྲིན་དུ་གྱུར་པའི་སྲིན་གཞན་གསེབ་ན་རྒྱུ་ 71-1-132b བ་རྣམས་ལ་རྩིས་མེད་པར་ལུས་ལ་མཐོ་འཚམ་པར་བྱེད་པས་ཉིན་མཚན་ཀུན་དུ་གནས་སོ། །དེའི་ཚོར་བས་བདག་ཟིལ་གྱིས་མནན་པས་གཉིད་འབྱུང་བར་མི་འགྱུར་རོ། །གལ་ཏེ་དེ་ལྟོགས་པར་མ་གྱུར་ན་ནི། ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །གྲོག་མ་ པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་ མཐོང་བར་གྱུར་པ། སྤུ་གྲིའི་ཁ་ཞེས་བྱ་བའི་སྲིན་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ནི། ངའི་སྲིན་སྤུ་གྲིའི་ ཁ་ནི་སྐྱེ་གནས་ཀྱི་སྒོ་ནས་འབྱུང་བར་འགྱུར་བའི་དང་པོ་ཉིད་དུ་འབྱུང་བར་འགྱུར་ཏེ། ཆོས་ཉིད་ཀྱི་ཁྱད་པར་གྱིས་དེ་དང་ལྷན་ཅིག་ཏུ་སྐྱེ་བས་སྐྱེས་པ་ཡིན་ནོ། །མངལ་གྱི་ནང་དུ་འབྱུང་བར་འགྱུར་བའི་སྲིན་རྣམས་ནི་ཐམས་ཅད་ཉིད་ཚེའི་འདུ་བྱེད་འགོག་པ་ཡིན་ལ་མའི་ནུ་མ་དང་ཟས་ཀྱི་ཁྱད་ པར་ལས་བདག་སྐྱེས་པར་གྱུར་ནས་ཇི་སྐད་དུ་བཤད་པའི་སྲིན་རྣམས་འབྱུང་ངོ ། །དེས་སྤུ་གྲིའི་ཁའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །རུས་པའི་གསེབ་ན་རྒྱུ་བའི་སྲིན་གྱི་རིགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ ནས་དེས་རུས་པར་གྱུར་པའི་ལུས་ལ་དྲན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་མཐོང་སྟེ། རབ་རིབ་མེད་པའི་མིག་སོ་སོའི་སྐྱེ་བོ་ལས་ཤིན་ཏུ་འདས་པར་གྱུར་པ་ཉོན་མོངས་པ་མེད་པ་ངའི་བ་མེད་པ་སོམ་ཉི་མེད་པ་མྱ་ངན་མེད་པ་རྣམ་པར་དག་པར་གྱུར་པ། གཞན་མུ་སྟེགས་ཅན་རྣམས་ཀྱི་ ལྟ་བའི་ལམ་ནས་མ་ཡིན་པས་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁྱད་པར་དུ་ཤེས་པར་གྱུར་པ་རྣམས་ནི་མྱ་ངན་ལས་འདས་པའི་མཐར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ 71-1-133a ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་སྲིན་གྱི་རིགས་བཅུ་བདག་གི་རྟུག་པ་ལ་རྒྱུ་བར་བྱེད་པ་རྣམས་ནི་འདི་ལྟ་སྟེ། བེའུ་སྣབས་པ་དང་ཁབ་ཀྱི་ཁ་དང་ཕི་སྤི་སྐྱེས་པ་དང་རྐང་པ་མེད་པ་དང་བཤང་བ་རྣམ་པར་འཐོར་བྱེད་དང་སྐོམ་པས་གདུང་བ་དང་རྒྱུ་མ་འབྱེད་བྱེད་དང་ རྣམ་པར་རེངས་བྱེད་དང་མདོག་བཟངས་དང་གཞང་སྨིན་བྱེད་དང ། སྲིན་གྱི་རིགས་བཅུ་བདག་གི་རྟུག་པ་ལ་རྒྱུ་བ་རྣམས་ལ་སོ་སོར་རྟོག་པར་བྱེད་དེ། བདག་གི་སྲིན་གང་དག་གིས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་ པ་ལས་བྱུང་བའི་ཤེས་རབ་བམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི། བེའུ་སྣབས་པ་ཞེས་བྱ་བའི་སྲིན་བཤང་བ་ལ་རྒྱུ་བར་བྱེད་པ་ཡིན་ཏེ། གལ་ཏེ་ལུས་འདིའི་མེ་དྲོད་ཉམས་པར་གྱུར་ན་ནི་དེས་བདག་གི་ལུས་ཀྱི་མེ་དྲོད་ཤིན་ཏུ་ཡང་ཉམས་པར་བྱེད་དོ། །དེས་ཤ་སྐྱེས་ པར་བྱེད་དེ་བཤང་བ་རྣམས་འཇིག་པས་མདོག་སྐྱ་བོར་འགྱུར་རོ། །བདག་འདིར་འཕེལ་བར་འགྱུར་བ་ཡང་མ་ཡིན་ནོ། །ངའི་ཁ་གདོང་སྐྱ་བོར་ཡང་འགྱུར་རོ། །དེས་བེའུ་སྣབས་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་ བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཁབ་ཀྱི་ཁ་ཞེས་བྱ་བའི་བདག་གི་སྲིན་ཡིན་ཏེ། དེ་ནི་ངའི་བཤང་ བའི་ནང་ན་སྤྱོད་པ་དང་སྦོམ་པ་དང་རིང་བ་དང་ཕོ་བ་དང་ལོང་ཀ་དག་ན་རྒྱུ་བ་ཡིན་ཏེ། སྲིན་རྣམས་ཐམས་ཅད་ཀྱིས་གཟུང་བར་མི་ནུས་པ་ཡིན་ནོ། །དེའི་ངའི་ཕོ་བ་དང་ལོང་ཀ་དག་ཀྱང་གྱེན་ལ་བཟློག་ནས་བད་ཀན་དང་ལྷན་ཅིག་ཏུ་ཁར་འབྱིན་པར་བྱེད་དོ། །བདག་གི་སྙིང་ལ་ཡང་ལྡག་ པར་བྱེད་དོ། །ལྐུགས་པའམ་མེ་དྲོད་ཉམས་པར་ཡང་བྱེད་དོ། །ཡང་གང་དག་ལུས་ཀྱི་ཕྱི་རོལ་དུ་འགྲོ་བར་འགྱུར་བ་རྣམས་ནི་མེ་ཏོག་དང་ལྷན་ཅིག་ཏུ་ཡུད་ཙམ་ཅིག་འཚོ་བར་འགྱུར་རོ། །དེས་ཁབ་ཀྱི་ཁའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་ 71-1-133b དུ་ལུས་ལ་སོ་སོར་རྟོག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཕི་སྤི་སྐྱེས་ཞེས་བྱ་བའི་སྲིན་ཡིན་ཏེ། བཤང་ བའི་ནང་ན་རྒྱུ་བར་བྱེད་པ་དང ། སྐྱ་བོ་དང ། ལུས་ཐུང་བ་དང ། འཁོར་མང་བར་གྱུར་པ་དང ། རྟག་པར་ཡང་ལྗན་ལྗིན་གྱི་ཁུ་བ་ལ་རྒྱུ་བ་དང ། དྲི་ངན་པ་དང ། རྟག་ཏུ་ཡང་བྲོ་བར་གྱུར་པས་བཤང་བ་དང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །བདག་གི་ལུས་ལས་སྦྲང་བུ་དགའ་ བའི་བཤང་བ་དང་མཉམ་དུ་འབྱུང་བར་འགྱུར་རོ། །བདག་གི་བཤང་བ་ཤིན་ཏུ་མང་བ་རྣམས་འབྱིན་པར་བྱེད་དོ། །བདག་ཟས་ཡིད་དུ་མི་འོང་བར་འགྱུར་རོ། །དེས་ཕི་སྤི་སྐྱེས་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་ནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་ དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། རྐང་པ་མེད་པ་ཞེས་བྱ་བའི་སྲིན་ངའི་ལུས་ལ་གནས་པ་ཡིན་ཏེ། དེ་རང་བཞིན་ དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བ་ནི་རྐང་པ་མེད་ཅེས་བྱ་བའི་ངའི་སྲིན་དེ་དག་གལ་ཏེ་ཟས་ཀྱི་སྐྱོན་གྱིས་ལྟོགས་པར་གྱུར་ན། དེ་རླུང་གིས་བཏབ་པར་གྱུར་ པས་ངའི་རྒྱུན་རླུག་པར་བྱེད་དོ། །འདི་ལྟ་སྟེ་གཅིན་གྱི་རྒྱུན་རླུག་པའམ་བཤང་བའི་རྒྱུན་རླུག་པའམ། གང་གི་ཚེ་ཡང་ལོང་ཀར་སོང་བར་གྱུར་ན་དེས་སྒྲའི་རྒྱུན་རླུག་པར་བྱེད་དོ། །གློ་ལུ་བའི་རྒྱུན་རླུག་པ་དང་ལྟོགས་པའི་རྒྱུན་འབྱུང་བར་བྱེད་པ་དང་ངལ་བའི་དབུགས་ཀྱི་རླུང་ གི་རྒྱུན་འབྱུང་བ་དང་སྐོམ་པའི་རྒྱུན་འབྱུང་བར་ཡང་བྱེད་པ་སྟེ། རྒྱུན་འབྱུང་བ་དེ་དག་རྣམས་ཀྱིས་བདག་ལ་རྣམ་པ་སྣ་ཚོགས་པར་གྱུར་པའི་ནད་རྣམས་འཁྲུག་པར་བྱེད་པ་རབ་ཏུ་སྐྱེད་དོ། །དེས་རྐང་མེད་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་ 71-1-134a སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། བཤང་བ་རྣམ་པར་འཐོར་བྱེད་ཅེས་བྱ་བའི་ སྲིན་ལུས་ལ་གནས་པ་ཡིན་ཏེ། དེ་དག་གི་ཟས་རྣམས་ལས་གང་དག་ཉིད་ཁོ་ན་ཞུ་བར་གྱུར་པའི་བཤང་བ་རྒྱུ་བའི་སྦུབས་རྣམས་ཐམས་ཅད་དུ་དེས་ཡན་ལག་དང་ཉིང་ལག་རྣམས་བཅུག་པར་གྱུར་ནས་བཤང་བ་དང་ལྷན་ཅིག་ཏུ་བདག་གི་ལུས་ཐམས་ཅད་ལ་ཡང་རྒྱུ་བར་བྱེད་པ་ཡིན་ནོ། ། ཇི་སྲིད་དུ་རྐང་པ་ལ་སོགས་པའི་ལུས་ཀྱི་ཡུལ་ཐམས་ཅད་ལ་ཡང་ཡིན་ཏེ། གང་དག་དེ་དག་རྣམས་ཀྱིས་ནི་བདག་གི་ལུས་གསེར་གྱི་མདོག་ཏུ་མཚོན་པར་བྱེད་དོ། །དེ་དག་རྣམས་ནི་བཤང་བས་བྱས་པ་ཡིན་ནོ། །དེས་བཤང་བ་བྱེད་པ་པོའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། སྐོམ་པས་གདུངས་པ་ཞེས་བྱ་ བའི་སྲིན་བདག་གི་ལུས་ལ་གནས་པ་ཡིན་ཏེ། དེ་གང་གི་ཚེ་བདག་ཚ་བ་སྐྱེས་པར་གྱུར་པ་དེས་དྲི་མ་སུན་འབྱིན་ནོ། །བདག་གི་ཕོ་བ་ཡང་སུན་འདོན་པར་བྱེད་དོ། །མེ་ཤིན་ཏུ་མྱུར་བར་སུན་འདོན་ནོ། །དྲི་རྣམས་ཀྱང་ཀུན་དུ་སུན་འདོན་ནོ། །ཚད་པ་དང་ཀུན་དུ་ཚ་བར་གྱུར་པ་ དེས་བདག་གི་ལུས་དང་ཡན་ལག་རྣམས་ལ་སྲིན་རྣམས་ཀུན་དུ་རྒྱུག་པར་བྱེད་དོ། །རྔུལ་ཚད་དང་ཚན་མོ་དེ་ཡིས་ཀུན་དུ་གདུངས་པར་གྱུར་པས་ཁུ་བ་རྣམས་རྒྱུ་བའི་སྦུབས་སྐམ་པར་འགྱུར་རོ། །དེ་བདག་ལ་ཁྲོས་པར་གྱུར་པས་ཀྱང་སྐོམ་པ་དང་མགོ་བོའི་ནད་ཀྱང་བྱེད་དོ། །དེས་ སྐོམ་པས་གདུངས་པའི་སྲིན་ལ་སོ་སོར་བརྟགས་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། 71-1-134b ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱུ་མ་འབྱེད་པར་བྱེད་པ་ཞེས་བྱ་བའི་སྲིན་ལུས་ལ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བདག་ལ་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་ མཐོང་བར་གྱུར་པ་གང་དང་གང་དག་ངས་བཟའ་བར་བྱ་བ་དང ། བཏུང་བར་བྱ་བ་དང ། བཅའ་བ་དང ། མྱང་བ་རྣམས་མིད་པར་གྱུར་པ་ན། དེ་ནང་གི་གསེབ་ཏུ་སོང་བར་གྱུར་ནས་ཀུན་དུ་མནེར་བར་བྱེད་དོ། །དེ་ཡིས་རྒྱུ་མ་རྣམས་འབྱེད་པར་བྱེད་དོ། །བདག་གི་གསུས་ པ་འཆང་བར་བྱེད་པའམ། རླུང་གི་གསུས་པར་འགྱུར་བའམ། མཁྲིས་པའི་གསུས་པར་འགྱུར་བའམ། བད་ཀན་གྱི་གསུས་པར་འགྱུར་བར་སྐྱེད་པར་བྱེད་དོ། །གཞི་དེ་ལས་དེ་རང་ངམ་གཟེར་ཟུག་གཞན་རྣམས་ཀྱང་བདག་ལ་འབྱུང་ངོ ། །རྒྱུ་མ་འབྱེད་པར་བྱེད་ པའི་སྲིན་དེས་ནི་བཤང་བ་རྣམས་སུན་འདོན་པར་བྱེད་དོ། །དེས་རྒྱུ་མ་འབྱེད་པར་བྱེད་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ངའི་སྲིན་རྣམ་པར་རེངས་བྱེད་ཞེས་བྱ་བ་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་བདག་ལ་ཅི་ཞིག་བྱེད་པ་ཡིན་ པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི། བདག་གི་རྣམ་པར་རེངས་བྱེད་ཅེས་བྱ་བའི་སྲིན་བཤང་བའི་ནང་ན་རྒྱུ་བར་བྱེད་པ་ཡིན་ཏེ། གང་དག་བདག་མིད་པར་བྱེད་པའི་རོ་དེ་དང་དེ་དག་རྣམས་མཉམ་དུ་མིད་པར་གྱུར་ ནས་རྣམ་པར་རེངས་པར་བྱེད་དེ་ཆོས་ཉིད་ཀྱི་ཁྱད་པར་གྱིས་ཡིན་ནོ། །དེས་ངའི་སྲོག་རྒྱུ་བའི་སྦུབས་འབྱིན་པར་ཡང་བྱེད་དོ། །ཟས་དང་ལྷན་ཅིག་པའི་མེ་དེའི་སྐྱོན་གྱིས་བདག་རྣམ་པར་རེངས་པ་ཀུན་དུ་སྐྱེད་པ་དང ། རྒྱུ་མ་རྣམས་ཀུན་དུ་འཁུམ་པའམ། ན་ཚ་བར་འགྱུར་ 71-1-135a བའམ། སྙིང་གི་གཟེར་ཟུག་གམ་ཕོ་ཚེའི་གཟེར་ཟུག་ཡང་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ། ལྷའི་མིག་གིས་མཐོང་བར་གྱུར་པ། མདོག་ བཟངས་ཞེས་བྱ་བའི་སྲིན་བདག་གི་ལུས་ལ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པར་གྱུར་པའམ། རང་བཞིན་དུ་མི་གནས་པར་བདག་ལ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལ། མདོག་བཟངས་ ཀྱི་སྲིན་ནི་ནས་ཐུག་གམ་མི་བསོད་པ་རྣམས་སམ་ལྕི་བའི་ཟས་བདག་ལ་ཕན་པ་མ་ཡིན་པ་རྣམས་ཀྱང་རུང་སྟེ་གང་དག་བདག་གིས་ཟ་བར་བྱེད་པ་དེ་དག་རྣམས་བདག་གི་སྲིན་མདོག་བཟངས་ཀྱིས་ཡན་ལག་དང་ཉིང་ལག་རྣམས་ཀྱི་ཁམས་ལ་ཡང་ཕན་པའི་ཟས་སུ་བྱས་ནས་ ཁྱབ་པར་བྱེད་ཅིང་བདེ་བར་བྱས་ནས་ཀྱང་འཕེན་པར་བྱེད་དོ། །ནད་རབ་ཏུ་ཞི་བར་གྱུར་པ་ཡང་འཕེན་པར་བྱེད་དོ། །སྟོབས་རྣམས་ཀྱང་འབྱུང་བར་བྱེད་དོ། །སྐྱོན་རྣམས་དང་ཡང་འབྲལ་བར་བྱེད་དོ། །སྲིན་འདི་ནི་ལུས་ཀྱི་ནང་ན་རབ་ཏུ་གནས་པ་ཡིན་ནོ། །དེ་གལ་ཏེ་རབ་ ཏུ་སྟོབས་ཆེ་བར་གྱུར་ན་ཆོས་ཉིད་ཀྱི་ཁྱད་པར་གྱིས་དེས་བདག་མདོག་བཟང་བ་དང་སྟོབས་དང་ལྡན་པར་འགྱུར་རོ། །གལ་ཏེ་སྟོབས་རབ་ཏུ་ཆེ་བར་མ་གྱུར་ན་ནི། དེས་བདག་གི་ལུས་རིད་པ་ཉིད་དུ་འགྱུར་རོ། །དེས་མདོག་བཟངས་ཀྱི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། གཞང་སྨིན་པར་བྱེད་པའི་སྲིནངའི་ལུས་ ལ་རབ་ཏུ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པར་གྱུར་པ་འམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ན། གཞང་སྨིན་པར་བྱེད་པ་ཞེས་བྱ་བའི་སྲིན་དེ་གལ་ཏེ་ལྟོགས་པར་གྱུར་ 71-1-135b ན། དེས་བདག་ལ་རྣམ་པ་སྣ་ཚོགས་པར་གཞང་སྨིན་པར་བྱེད་པའི་ནད་རྣམས་སྐྱེད་པར་བྱེད་དོ། །འདི་ལྟ་སྟེ་རློན་པ་དང ། སྐམ་པ་དང ། ལྷན་ཅིག་སྐྱེས་པ་དང ། སྔོན་གྱི་དུས་ན་སྐྱེས་པ་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་ པ་དང ། གསུམ་གྱི་སྐྱོན་ལས་སྐྱེས་པའི་འདུས་པ་ལས་གྱུར་པའོ། །དེ་གལ་ཏེ་ལྟོགས་པར་གྱུར་ན་ངའི་བཤང་བ་རྒྱུ་བར་གྱུར་པའི་སྦུབས་སུན་འདོན་པར་བྱེད་དོ། །ཁྲག་རྒྱུ་བར་གྱུར་པའམ། ཁུ་བ་རྒྱུ་བར་གྱུར་པ་ཡང་རུང་སྟེ། བདག་གི་མེ་དྲོད་ཀྱང་ཉམས་པར་བྱེད་དོ། །བདག་ གི་མེ་དྲོད་ཉམས་པ་དེས་གཞང་སྨིན་པར་བྱེད་པའི་སྲིན་ཁྲོ་བ་རབ་ཏུ་སྐྱེ་བར་འགྱུར་ཏེ། དེས་ངའི་གཞང་རྣམ་པ་སྣ་ཚོགས་པ་རྣམས་སུ་སྨིན་པར་བྱེད་དོ། །དེས་གཞང་སྨིན་པར་བྱེད་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་རིག་ པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། སྲིན་གྱི་རིགས་བཅུ་ལྷ་བ་ལ་རྒྱུ་བ་རྣམས་འདི་ལྟ་སྟེ། སྤུ་ལ་ཡོད་པ་དང ། ཁ་ནག་པ་དང ། སྤྲོ་བ་མེད་པ་དང ། ལུ་བའི་གཟེར་ཟུག་ཆེན་པོ་དང ། རྨོངས་པར་བྱེད་པ་དང ། མེ་མདོག་ཅན་དང ། འོག་ཏུ་འགྲོ་བ་དང ། ཽ་ཊྷིང་གཱ་དང་ཀུན་དུ་རྟོག་པ་དང ། དགའ་བ་པ་དང་རྣམས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། སྤུ་ལ་ཡོད་པ་ཞེས་བྱ་བའི་ལུས་ཐམས་ཅད་ཀྱི་སྤུ་ལ་གནས་པ་ཡིན་ཏེ། དེ་གལ་ཏེ་ལྷ་བ་ངན་པར་གྱུར་ན་སྙོམས་པར་ལྷ་བ་རྣམས་སུན་འདོན་ནོ། །ལམ་དུ་འགྲོ་བར་ཡང་ གྱུར་ནས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀྱི་བདག་གི་ལྷ་བ་རྣམས་སུན་ཕྱུང་ནས་ཟ་བར་བྱེད་དོ། །དེའི་སྐྱོན་གྱིས་བདག་མདོག་ངན་པ་དང ། མཛེ་དང་རུས་པའི་གཟེར་བ་དང ། སྟོབས་ཟད་པར་ཡང་འགྱུར་རོ། །དེས་སྤུ་ལ་ཡོད་པའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ 71-1-136a ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཁ་ནག་ པ་ཞེས་བྱ་བའི་སྲིན་བདག་གི་ལྷ་བའི་གསེབ་ན་རྒྱུ་བར་བྱེད་པ་དང ། ཡན་ལག་དང ། ཉིང་ལག་རྣམས་ཐམས་ཅད་ལ་ཡང་ཐོགས་པ་མེད་པར་འགྲོ་བ་ཡིན་ནོ། །དེ་གལ་ཏེ་ལྟོགས་པར་གྱུར་ན་དེས་ངའི་ལྷ་བ་བཞུ་བར་བྱེད་དོ། །དེས་བདག་གི་རུས་པ་འབྱེད་པ་དང ། མདོག་ངན་པ་དང ། སྒལ་བ་འབྱུང་བ་དང ། སྤུངས་ཆུང་བ་དང ། ཉེ་སར་བགྲོད་པ་དང ། སྒུར་ནས་འགྲོ་བ་དང ། རྣམ་པར་ཉམས་པར་འགྱུར་རོ། །ཁ་ནག་གི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། སྤྲོ་བ་མེད་པ་ཞེས་བྱ་བའི་སྲིནངའི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་ནི་ལྷ་བ་ཟ་བར་བྱེད་པ་ཡིན་པས་གལ་ཏེ་ལྷ་བས་ཚིམ་པར་གྱུར་ན། དེས་ བདག་སྤྲོ་བ་མེད་པ་ཉིད་དུ་སྐྱེད་པར་བྱེད་པ་དང་རང་ཡང་རུང་སྟེ། དེ་གལ་ཏེ་ལྷ་བ་ལ་རྒྱུ་བར་གྱུར་པའི་སྲིན་གཞན་རྣམས་ཀྱིས་ཐོ་བཙམས་པར་གྱུར་ན་ནི། དེས་ང་ལ་མཆོག་ཏུ་མི་བཟད་པར་གྱུར་པའི་ལྷང་ཀྱོག་སྐྱེད་པར་བྱེད་དོ། །དེས་སྤྲོ་བ་མེད་པའི་སྲིན་ལ་རྣམ་པར་བལྟས་ པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་མཐོང་བར་གྱུར་ཏོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཟུག་ གཟེར་ཆེན་པོ་བྱེད་པ་ཞེས་བྱ་བའི་སྲིན་ནི་ལྷ་བའི་ནང་ན་རྒྱུ་བར་གྱུར་པ་རྟག་ཏུ་ཡང་རྒྱུ་བར་གྱུར་པ། ཁམས་གསུམ་པོ་རྣམས་ཐམས་ཅད་ཟད་པར་བྱེད་པ་ནད་རྣམས་ཐམས་ཅད་ཀྱི་རྒྱུར་གྱུར་པ། མཐར་ཐུག་པར་གྱུར་ན་ཡང་ངའི་ཆུ་སེར་དང་གཉིད་ཡར་བར་ཡང་བྱེད་དོ། །དེས་ཟུག་གཟེར་ 71-1-136b ཆེན་པོའི་སྲིན་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་ མཐོང་བར་གྱུར་པ། རྨོངས་པར་བྱེད་པ་ཞེས་བྱ་བའི་སྲིན་ངའི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་ནི་བདག་གི་ཡིད་རྒྱུ་བར་གྱུར་པའི་སྦུབས་ལ་རྣམ་པར་རྒྱུ་བར་བྱེད་པ་དང ། ཤིན་ཏུ་ཕྲ་བར་ཡང་གྱུར་ནས་ངའི་ཡིད་རངས་པའི་རྒྱུན་གང་ཡིན་པ་དེ་ཡང་དཀྲུགས་པར་བྱེད་དོ། །དེ་དག་རྣམས་ བསྐྱོད་པར་གྱུར་པས་ཀྱང་བདག་ལ་སྙིང་གི་ནད་ཀུན་དུ་སྐྱེད་པར་བྱེད་དོ། །དེས་ཀྱང་བདག་བརྒྱལ་བར་འགྱུར་རོ། །མདོག་ངན་པ་དང་སྙིང་སྟོངས་པར་ཡང་འགྱུར་རོ། །དང་ཀ་མི་བདེ་བ་དང ། ཚད་པ་སྐྱེ་བ་དང ། སྙིང་གཟེར་བ་དང ། འཆད་པར་འགྱུར་བ་དང ། སྙིང་འཚིར་ བ་དང ། ཕྱི་རོལ་དུ་སྲིན་མཐོང་བར་གྱུར་ནས་ཀྱང་བདག་ཡིད་འབྱུང་བར་འགྱུར་རོ། །དེས་རྨོངས་བྱེད་ཀྱི་སྲིན་མཐོང་བར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། འོག་ཏུ་འགྲོ་བ་ཞེས་བྱ་བའི་སྲིན་ཁུ་ཆུ་ལ་རྒྱུ་བའི་རྩ་རྣམས་ཀྱི་ནང་ན་རྒྱུ་བ་ཡིན་ཏེ། གལ་ཏེ་ཕན་པར་གྱུར་པའི་བཟའ་བ་དང ། བཏུང་བ་དང ། བཅའ་བས་བདག་གི་ ཁུ་ཆུ་ལྷག་པར་འགྱུར་རོ། །དེ་བདག་གི་གཅིན་གྱི་སྦུབས་སུ་ལྷུང་བར་གྱུར་ནས་གཅིན་དང་ལྷན་ཅིག་ཏུ་འབྱུང་བར་འགྱུར་རོ། །འོག་ཏུ་འགྲོ་བའི་སྲིན་དེ་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ།ཽ་ཊྷིང་གཱ་ཞེས་བྱ་བའི་སྲིན་ལྒང་པག་ལ་རབ་ཏུ་གནས་སོ། །གང་གི་ཚེ་གཅིན་གྱིས་བདག་གི་ལྒང་པག་གང་བར་གྱུར་ན་དེའི་ཚེ་དགའ་བར་ 71-1-137a འགྱུར་རོ། །དགའ་བར་གྱུར་པས་ཀྱང་གཅིན་གྱི་སྟོབས་ཀྱིས་ཁུ་ཆུ་རྒྱུ་བའི་གནས་གཞིའི་སྐྱེ་མཆེད་རྣམས་རྩུབ་མོར་བྱེད་དེ། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་སྒོ་ནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཀུན་དུ་རྟོག་པར་དགའ་བ་ཞེས་བྱ་བའི་སྲིན་བདག་གི་ལུས་ལ་གནས་པ་ཡིན་ཏེ། དེས་རང་བཞིན་དུ་གནས་པའམ། རང་བཞིན་དུ་མི་གནས་པ་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་ པ་ལས་བྱུང་བའི་ཤེས་རབ་བམ། ལྷའི་མིག་གིས་མཐོང་བ་ནི། ཀུན་དུ་རྟོགས་པ་ལ་དགའ་བ་ཞེས་བྱ་བའི་བདག་གི་སྲིན་དེ་གལ་ཏེ་ལྟོགས་པར་གྱུར་ན། དེས་ང་ཉལ་བར་གྱུར་པ་ན་དགེ་བའམ། མི་དགེ་བ་རབ་ཏུ་ཕལ་ཆེ་བ་རྣམས་བདག་གིས་མཐོང་བར་གྱུར་ཏེ། དེ་ནི་བདག་གི་ སྲིན་གྱི་སྐྱོན་གྱིས་ཡིན་ཏེ་བདག་གི་ཡིད་རྒྱུ་བའི་སྦུབས་ནས་རྒྱུ་བར་གྱུར་པའི་སྲིན་གྱི་སྟོབས་ཀྱིས་བདག་ཉལ་བ་ན་ཡང་འགྱུར་རོ། །དེ་ལྟར་ནཱ་ལ་ཏིའི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང ། རྣལ་འབྱོར་སྤྱོད་པའི་དགེ་སྦྱོང་རྣམས་ཀྱིས་ཀྱང་ལུས་ལས་གྱུར་པའི་དྲན་པ་ཉེ་བར་གཞག་པས་ ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། ཅི་ལུས་འདི་ལ་རྟག་པའམ། ཐེར་ཟུག་གམ། ཡོངས་སུ་མི་འགྱུར་བའི་ཆོས་ཀྱི་བདེ་བའམ། གཙང་བའམ། བདག་དང་བཅས་པའམ། བྱེད་པ་པོས་བྱིན་གྱིས་བརླབས་པར་གྱུར་པ་ཡིན་ནམ། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ལུས་འདི་ལ་ཡང་ཕྲ་བ་དང ། རགས་པར་གྱུར་པ་དང ། ཕྲ་བར་གྱུར་པའི་ཡང་ལུས་ཀྱི་རིགས་སུ་གཏོགས་པ་དམིགས་པར་འགྱུར་བའམ་གང་ཡང་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། ཡོངས་ སུ་མི་འགྱུར་བའི་ཆོས་ཀྱི་བདེ་བར་འགྱུར་བའམ། བདག་དང་བཅས་པར་སྐྱེ་བའམ། བྱེད་པ་པོ་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་པ་ནི་མེད་དོ། །དཔེར་ན་ཉི་མ་མུན་པ་ལ་རག་ལས་པ་མ་དམིགས་སོ། །ཕྲ་བ་ཡང་མ་དམིགས་སོ། །དེ་བཞིན་དུ་ལུས་ལ་ཡང་རྟག་པ་དང ། བདེ་ 71-1-137b བ་དང ། གཙང་བ་དང ། བྱེད་པ་པོ་དང ། ཤེས་པ་པོ་ཡང་མ་དམིགས་སོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དེས་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་བདུད་ཀྱི་དྲུང་ན་གནས་པར་མི་འགྱུར་རོ། །མྱ་ངན་ལས་འདས་པའི་མཐར་འགྱུར་རོ། །དགའ་བའི་འདོད་ཆགས་ དང་ལྷན་ཅིག་ཏུ་གྱུར་པའི་སྲེད་པ་རྣམས་ཀྱིས་ཀྱང་མི་འཆིང་ངོ ། །སྲིད་པ་ཡང་འབྱུང་བ་ཅན་གྱི་ཉོན་མོངས་པས་གནོད་པར་མི་འགྱུར་རོ། །དེས་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ནས། གཞན་ཡང་ནང་གི་བདག་ཉིད་ཀྱི་ལུས་དེ་ཉིད་ལ་རྣམ་པ་གཞན་གྱིས་སོ་སོར་རྟོག་པར་བྱེད་ དེ། ལུས་སུ་གཏོགས་པ་རྣམས་ཀྱི་རླུང་དུ་གྱུར་པ་རྣམས་ཀྱི་བྱ་བ་རྣམས་ལ་ཡང་སོ་སོར་རྟོག་པ་བྱེད་དེ། ཇི་ལྟར་བདག་གི་ལུས་རླུང་གིས་འཛིན་པར་བྱེད་པ་དང ། བྱ་བ་བྱེད་པ་དང ། འགྲོ་བར་བྱེད་པ་དང ། གནས་པར་བྱེད་པ་དང ། སྐུམ་པར་བྱེད་པ་དང ། རྐྱོང་བར་བྱེད་པ་རྣམས་ཀྱི་ བྱ་བ་ཐམས་ཅད་ནུས་པར་འགྱུར་བ་ཡིན་ཞིང ། བྲལ་བར་ཡང་རླུང་གི་དབང་གིས་འགྱུར་བ་ཡིན་ཞེ་ན། དེས་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་ཁ་ལ་རྟེན་པར་གྱུར་པའི་ རླུང་ཡིན་ལ་དེས་བདག་ལ་ལས་ཅི་ཞིག་བྱེད་པར་གྱུར་པ་ཡིན་པ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི་བདག་གི་ཁ་ལས་རྟེན་པའི་རླུང་གི་མཐུ་སྟོབས་ཀྱིས་ནི་རབ་ཏུ་འཕེལ་བར་བྱེད་དེ། ལག་པ་དང་རྐང་པ་དག་དང་སེན་མོ་རྣམས་ཀྱང་འཕེལ་བར་ བྱེད་པར་འགྱུར་རོ། །རླུང་དེའི་མཐུ་སྟོབས་ཀྱིས་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་སེམས་དང་པོ་དམིགས་པ་ནི་སེན་མོའི་རྩེ་མོ་རྣམས་ལ་ཡིན་ནོ། །རླུང་འདིས་ནི་ལུས་ཀྱི་རྣམ་པར་ཐར་པའི་བསམ་གཏན་གྱིས་གནས་པ་རྣམས་ཤིན་ཏུ་བདེ་བར་ཡང་བྱེད་པ་ཡིན་ནོ། །དེ་ལ་ལྷག་པར་གྱུར་པས་ཀྱང་པགས་ པ་དང་སེན་མོ་དང་ལག་པ་དང་རྐང་པ་དག་ལྷག་པར་འགྱུར་རོ། །ཤིན་ཏུ་མྱུར་བར་སྐྱེན་པར་ཡང་འགྱུར་རོ། །ཁ་ལ་རྟེན་པའི་རླུང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ 71-1-138a ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ལྟ་བར་བྱེད་དེ། བདག་གི་རྐང་པའི་ལོགས་ལ་རྟེན་ནས་གནས་པའི་རླུང་དེས་ལས་ཅི་ཞིག་བྱེད་པ་ཡིན་ཞིང ། བདག་གི་རྐང་པའི་ལོགས་ ལ་ཡང་ཇི་ལྟར་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་རྐང་པའི་ལོགས་ལ་རྟེན་པའི་རླུང་དེས་ཅི་ཞིག་བྱེད་ཅིང་ཇི་ལྟར་ཡང་བདག་གི་རྐང་པ་ལ་གནས་ན་གཡན་པ་སྐྱེད་པར་བྱེད་དོ། །གཡན་པས་བྱས་པར་གྱུར་པའི་ འབྲུམ་པ་ཅན་དུ་བདག་གི་རྐང་པ་གཉིས་འགྱུར་རོ། །བདག་ལམ་དུ་འགྲོ་བར་གྱུར་ན་ཡང་རླུང་རྡོལ་པའི་སྒྲ་འབྱུང་བར་འགྱུར་རོ། །བདག་གི་རྐང་པ་བརྟན་པར་གྱུར་པ་ཡང་འགྲོ་བ་ན་རུས་པ་འཁྲོལ་བར་འགྱུར་རོ། །བདག་གི་རྐང་པའི་ལོགས་ལ་རྟེན་པའི་རླུང་གིས་མིག་ལ་མིག་གི་ རྒྱུས་པས་ཀུན་ནས་སྦྲེལ་བའི་ལམ་ནས་གྲང་བ་དང་དྲོ་བ་རྣམས་དང་ལྷན་ཅིག་ཏུ་འགྱུར་གྱི། འདི་དག་བསྐུམ་པར་གྱུར་པས་ཀྱང་བདག་གི་མིག་དག་ཚིམ་པར་ཡང་བྱས་པར་ཡང་ནི་མི་འགྱུར་རོ། །དེས་རྐང་པའི་ལོགས་ལ་གནས་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སེམས་མེད་པར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་ངའི་པུས་ མོར་གཏོགས་པའི་པགས་པར་གྱུར་པ་ལ་རབ་རབ་བྱེད་པར་འགྱུར་རོ། །དེ་དང་འགལ་བར་གྱུར་པས་ནི་ངའི་པུས་མོ་གཉིས་ལ་གྲོག་མ་བཞིན་དུ་མཆེད་པར་བྱེད་དོ། །གང་གི་ཚེ་ཟུག་གཟེར་དུ་མ་གྱུར་པ་དེའི་ཚེ་རྩའི་གསེབ་ཏུ་རྒྱུ་བར་བྱེད་པས་རང་བཞིན་དུ་གནས་པ་ཡིན་ནོ། །བདག་ལ་གྲོག་མ་ དང་འདྲ་བར་འཕེལ་བར་བྱེད་དོ། །དེས་སེམས་མེད་པར་གྱུར་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་ཡང་དག་པར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་ 71-1-138b རླུང་གང་གིས་ལས་ཅི་དག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རུས་པ་གཅོག་པར་བྱེད་པ་ཞེས་བྱ་བའི་རླུང་ཡིན་ཏེ། དེས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ ནི། རུས་པ་གཅོག་པར་བྱེད་པ་ཞེས་བྱ་བའི་རླུང་དེས་བདག་ཉིན་མོ་སྤྱོད་པའི་སར་འགྲོ་བ་ནའམ་ཀུན་དགའ་ར་བར་འགྲོ་བ་ནའམ་ལམ་དུ་ཞུགས་པར་གྱུར་པ་ནའམ་ངལ་དུབ་ཏུ་གྱུར་པ་ནའམ་གནས་པར་གྱུར་པ་ན་ཡང་རུས་པ་འབིགས་པར་བྱེད་དོ། །ལྷང་ཀྱོག་སྐྱེད་པར་བྱེད་དོ། །གཉིད་ ཡར་བར་བྱེད་དོ། །བདག་གིས་བསྐུམ་པ་དང་བརྐྱང་བར་ཡང་བྱེད་མི་ནུས་པར་འགྱུར་རོ། །ཇི་སྲིད་དུ་རང་བཞིན་དུ་གནས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུའོ། །དེས་རུས་པ་གཅོག་པ་ཞེས་བྱ་བའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་དེ། བདག་གི་རླུང་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། འགྲོ་བ་འཇོམས་ པར་བྱེད་པ་ཞེས་བྱ་བའི་རླུང་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་བདག་གི་ལུས་སུ་གཏོགས་པའི་ནད་དུ་གྱུར་པའི་ནད་པའི་ལུས་རྣམས་རྣམ་པར་དཀྲུག་པར་བྱེད་དོ། །བདག་གིས་འགྲོ་བ་དང་འོང་བར་བྱེད་ནུས་པར་ཡང་མི་འགྱུར་རོ། །འོན་ཀྱང་བདག་གི་འགྲོ་བ་རྣམ་པར་འཇོམས་པར་ཡང་མི་ འགྱུར་རོ། །དེས་འགྲོ་བ་འཇོམས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་ལུས་ལ་རླུང་གཞན་གང་གིས་ ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་ལོང་བུའི་ཚིགས་པ་འབྱེད་པ་ཞེས་བྱ་བའི་རླུང་ཡོད་དེ། དེས་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ 71-1-139a མཐོང་བར་འགྱུར་ཏེ། ལོང་བུའི་ཚིགས་པ་འབྱེད་པ་ཞེས་བྱ་བའི་རླུང་གལ་ཏེ་བད་ཀན་དང་བཅས་པར་གྱུར་ན། དེས་བདག་གི་རྒྱུས་པ་དང་རུས་པ་དང་ཤའི་གསེབ་ན་ཡང་སོང་ནས་རལ་གྲིའི་ལྷང་ཀྱོག་ཇི་ལྟ་བ་བཞིན་དུ་འབྱུང་ངོ ། །རང་གི་གནས་སུ་སོང་བར་གྱུར་ ནས་བརླ་ཡང་དང་ཡང་དུ་ན་བར་བྱེད་དོ། །བརླ་མ་གཏོགས་པ་ལུས་ཐམས་ཅད་ལས་ཀྱང་ནི་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་རླུང་གཞན་རྣམས་ཀྱིས་ལུས་ཀྱི་རྗེས་སུ་གསེབ་ཏུ་སོང་ནས་ ལས་ཅི་ཞིག་བྱེད་པ་ཡིན་ན།དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལྗང་ངར་འབྱེད་པར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་ཡོད་དེ། དེས་ལས་ཅི་ཞིག་བྱེད་པ་ཡིན་ན། དེ་བདག་གི་ལྗང་ངར་ལ་བརྟེན་པར་གྱུར་ནས་བཤང་བ་རྒྱུ་བར་གྱུར་པའི་ རྩ་དེ་དག་རྣམས་ཐམས་ཅད་སྦོམ་པོར་བྱེད་དོ། །འཁུམ་པར་བྱེད་དོ། །ཕན་ཚུན་རྣམས་འབྱར་བར་ཡང་བྱེད་དོ། །ལྕི་བར་ཡང་བྱེད་དོ། །ལྗང་ངར་ལ་རྟེན་པར་གྱུར་པའི་ཤ་ལ་ཡང་གཟེར་ཟུག་ཆེན་པོར་བྱེད་དོ། །ལྗང་ངར་གཉིས་པོ་དག་ཕན་ཚུན་དུ་མི་འདྲ་བར་བྱེད་དོ། །རྒྱུས་པའི་དྲ་བས་ གཡོགས་པར་ཡང་ལྗང་ངར་གཅིག་གི་ཡུལ་ཕྱོགས་སུ་བྱེད་དོ། །དེས་ལྗང་ངར་འབྱེད་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ ལྟ་ཞིང་གནས་པ་ན། བདག་གི་རླུང་གཞན་དག་གིས་བདག་གི་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཚིགས་པ་འབྱེད་པར་བྱེད་པའི་རླུང་ཡིན་ཏེ། དེས་ངའི་ལུས་ལ་ལས་ཅི་དག་བྱེད་པ་ཡིན་ན་ཡང་དེས་ མཐོང་བ་ནི་ཚིགས་པ་རྣམས་ཀྱི་གསེབ་ཏུ་སོང་བར་གྱུར་ནས་ཚིགས་པ་ལ་ཟུག་གཟེར་བྱེད་དོ། །འདི་ལྟ་སྟེ་མགོ་བོའི་བཞི་དང་འགྲམ་པའི་གཉིས་ཀྱི་ཚིགས་པ་གསུམ་དང་དཔྲལ་བའི་ཚིགས་པ་གཉིས་ན་བར་བྱེད་དོ། །བདག་གི་མགྲིན་པའི་ཚིགས་པ་གཅིག་དང་ཨོག་སྐོའི་ཚིགས་པ་གཅིག་དང་ 71-1-139b སུམ་ཅུ་ནི་སོ་གཏུན་ཁུང་གི་ཚིགས་པ་དང ། རྐན་གྱི་ཚིགས་པ་གཅིག་དང་མ་རྐན་གྱི་ཚིགས་པ་གཉིས་སོ། །སྐེ་བའི་ཚིགས་པ་བཅོ་ལྔའོ། །ཚིགས་པ་གཅིག་ལ་ཡང་ཚིགས་པ་གཉིས་སུ་གྱུར་པ་ནི་བྲང་ངོ ། །ཚིགས་ཚིགས་མ་ཡིན་པ་ལ་འབྲེལ་བར་གྱུར་པ། ཚིགས་མ་ཡིན་པའི་ ཚིགས་ལ་འབྲེལ་བར་གྱུར་པ་ནི་དཔུང་པའི་ཚིགས་གཉིས་དང་གྲུ་མོའི་ཚིགས་པ་དང་བཅས་པའི་ཚིགས་པ་གཞན་གཉིས་སོ། །མིག་རུས་ཀྱི་ཚིགས་པ་ནི་བཞི་བཞིའོ། །ལག་མགུལ་གྱི་ཚིགས་པ་གཉིས་དང ། ལག་མཐིལ་གྱི་ཚིགས་པ་གཉིས་དང་ལྔ་བཅུ་རྩ་ལྔ་ནི་རྒྱབ་དུ་གྱུར་ པའི་ཚིགས་པ་རྣམས་སོ། །གཞོགས་ངོས་གཅིག་ལ་ནི་ཚིགས་པ་བཅུ་གཉིས་སོ། །དེ་བཞིན་དུ་གཉིས་པ་ལ་ཡང་ངོ ། །ཐང་བའི་ཚིགས་པ་བཅུ་གཉིས་སོ། །ཤའི་དུམ་བུའི་ཚིགས་པ་བཅུ་གཉིས་སོ། །ཆུ་སོའི་ཚིགས་པ་གཅིག་གོ། །འཕོངས་ཚོས་ཀྱི་རུས་འབྲས་ ཚིགས་པ་གཉིས་སོ། །མོ་མཚན་གྱི་ཚིགས་པ་གཅིག་གོ། །བརླའི་ཚིགས་པ་གཉིས་སོ། །ལྗང་ངར་གྱི་མཐིལ་གྱི་ཚིགས་པ་གཉིས་སོ། །ལོང་བུ་ནི་ཚིགས་པ་གཉིས་སོ། །སྒལ་མཐིལ་གྱི་ཚིགས་པ་དྲུག་ཅུའོ། །རྐང་པ་དང་ལག་པའི་སོར་མོའི་ཚིགས་པ་དང་སེན་མོའི་ཚིགས་ པ་རྣམས་ནི་ཉི་ཤུའོ། །འདི་དག་རྣམས་ཡིན་ཏེ་ཚིགས་པ་འབྱེད་པར་བྱེད་པའི་རླུང་དེ་དག་རྣམས་ལ་རྟེན་པ་ཡིན་ནོ། །དེ་དག་ལ་གནས་པར་གྱུར་ནས་གང་གི་ཚེ་བདག་ལ་འཁྲུག་པ་སྐྱེད་པར་གྱུར་ན་དེས་འཆི་བར་ཡང་འགྱུར་བའམ། འཆི་བ་ཙམ་གྱི་སྡུག་བསྔལ་ཡང་འབྱུང་བར་ འགྱུར་རོ། །དེས་ཚིགས་པ་འབྱེད་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་ གང་དག་གིས་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། བྱིན་པ་ལ་ཉལ་བར་བྱེད་པའི་བདག་གི་རླུང་ཡོད་དེ། བདག་གི་ལུས་ལ་ལས་ཅི་དག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ 71-1-140a ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། བྱིན་པ་ལ་ཉལ་བ་པོའི་བདག་གི་རླུང་འཁྲུགས་པར་གྱུར་ན། དེའི་ཚེ་བདག་གི་བྱིན་པ་འཁུམས་པར་གྱུར་ནས་བདག་གིས་རྐྱོང་བར་མི་ནུས་སོ། །བརྐྱང་བར་གྱུར་ནས་ཀྱང་བདག་གིས་བསྐུམ་པར་མི་ནུས་སོ། ། ཤིང་ལྟ་བུར་བདག་གིས་རིག་པར་གྱུར་ནས་ཀྱང་ཕན་ཚུན་ཀུན་དུ་བདག་གི་འབྲེལ་བར་ཡང་མི་འགྱུར་རོ། །བདག་གིས་འགྲོ་བ་དང་འོང་བ་ཡང་ནུས་པར་མི་འགྱུར་ཏེ། རླུང་དེའི་སྐྱོན་གྱིས་ཡིན་ནོ། །དེས་ལྗང་ངར་ལ་ཀུན་དུ་ཉལ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་ལུས་ལ་གནས་པའི་རླུང་གཞན་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྤྲོ་བར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་གནས་པ་ཡིན་ཏེ། དེ་བདག་ལ་གང་གི་ཚེ་བདག་ལ་འཁྲུགས་པར་གྱུར་པ་ན་དེའི་ཚེ་ལས་ཅི་ཞིག་བྱེད་པ་ཡིན་ཞིང ། ཡང་གང་གི་ཚེ་འཁྲུགས་པར་མ་གྱུར་པ་དེའི་ཚེ་ནད་ཅི་དག་བྱེད་ པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ཡིན་ཏེ། གང་དག་བདག་གི་ལུས་ཀྱི་བྱ་བའི་ཁམས་ལ་གནས་པར་གྱུར་པ་རྣམས་ཀྱིས་ནི་འདི་དག་བྱེད་པ་ཡིན་ཏེ། ལུས་ཐམས་ཅད་ལ་ཡང་འགྲོ་བ་དང་བྲལ་བར་བྱེད་པ་དང་དབུགས་ གྱེན་དུ་འབྱུང་བ་དང ། ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ཀྱིས་བསྐྱེད་པའི་ལུས་མདོག་བཟང་པོར་བྱེད་དོ། །བདག་གི་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་རྣམས་ཀྱི་རང་རང་གི་ཡུལ་རྣམས་ལ་རབ་ཀྱི་སྟོབས་དང་ ལྡན་པར་འགྱུར་རོ། །ཟོས་པ་རྣམས་ཀྱང་ལེགས་པར་སྨིན་པར་བྱེད་དོ། །གང་གི་ཚེ་འཁྲུག་པར་འགྱུར་བ་དེའི་ཚེ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལུས་ལ་གནས་པར་གྱུར་པའི་ཟོས་པ་དང་འཐུངས་ 71-1-140b པ་དང ། འཆོས་པ་དང ། མྱངས་པ་རྣམས་ཐམས་ཅད་ཀྱང་བདག་གིས་བདེ་བར་འཇུ་བར་མི་འགྱུར་རོ། །ལུས་ཀྱི་མདོག་ཀྱང་བཟང་བར་མི་འགྱུར་རོ། །ལྟོ་རྣམ་པར་འགྱུར་བར་བྱེད་དོ། །སྤྲོ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་ སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱུས་པ་སྐྱོད་པར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་དེ་འཁྲུགས་ པར་གྱུར་པ་དང་མ་འཁྲུགས་པ་ན་ཡང་ལས་ཅི་ཞིག་བྱེད་པ་ཡིན་ན། ཉལ་བ་དང་སད་པ་དང་དབང་པོ་ཡིད་གཞན་གང་དག་གི་ལུས་ལ་གནས་པར་གྱུར་པའི་བྱ་བ་དེ་དག་རྣམས་ཐམས་ཅད་ཀྱང་འདིས་བྱེད་དོ། །རྒྱུས་པ་དང་ལྡན་པའི་རླུང་གིས་བྱིན་གྱིས་རློབ་པར་མི་བྱེད་ན་ནི་བདག་གི་ལུས་ འཁྲུགས་པར་མི་འགྱུར་རོ། །བདག་གི་ལུས་ལ་ཚོར་བས་གཟིར་བར་ཡང་མི་འགྱུར་རོ། །ཞ་བོར་ཡང་མི་འགྱུར་ཏེ། དེའི་རླུང་འཁྲུགས་པར་མ་གྱུར་ནའོ། །གལ་ཏེ་ཡང་རྒྱུས་པ་སྐྱོད་བྱེད་ཀྱི་རླུང་འཁྲུགས་པར་གྱུར་ན་ནི། ཉལ་བ་དང་སད་པ་དང་ཡིད་གཞན་དུ་གྱུར་ཅིང་དབང་པོ་ གཞན་ལ་ཡེངས་པར་གྱུར་པའི་བདག་གི་ལུས་ཀྱི་བྱ་བ་དེ་དག་རྣམས་ཐམས་ཅད་ནི་བདག་གིས་བརྗོད་པར་མི་ནུས་ཏེ་རླུང་དེའི་མཐུ་ལས་གྱུར་པ་ཡིན་ནོ། །དེས་རྒྱུས་པ་སྐྱོད་བྱེད་ཀྱི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་ རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ལུས་ལ་གནས་པར་གྱུར་པའི་རླུང་གཞན་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འགྲོ་བ་རྣམ་པར་ཟློག་ པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་གནས་པ་ཡིན་ན། འཁྲུགས་པར་གྱུར་པ་ནའམ་འཁྲུགས་པར་མ་གྱུར་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ་ན། ལུས་སུ་གྱུར་པ་ཐམས་ཅད་ཀྱི་ལུས་ཀྱི་ལམ་གང་ 71-1-141a ཡིན་པ་དེ་དག་རྣམས་ལ་འདིས་གེགས་བྱེད་དོ། །དེ་རབ་ཏུ་འཁྲུགས་པར་གྱུར་ན་བདག་གི་གཅིན་སྡོམ་པར་འགྱུར་རོ། །བདག་ལ་ལྒང་པག་གི་ནད་འབྱུང་བར་འགྱུར་རོ། །བདག་ལ་རླིག་པའི་ནད་ཀྱང་འབྱུང་ངོ ། །ཟས་མི་འདོད་པར་ཡང་འགྱུར་རོ། །མི་གཙང་ བས་གསུས་པ་ཀུན་དུ་རྒྱས་པར་བྱས་པས་བདག་སྡུག་བསྔལ་བར་བྱས་ནས་ཆུ་ངན་གྱི་ལམ་ནས་འབྱིན་ཏོ། །བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་སྲིན་བུ་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཁོང་བའི་ནད་ཀྱང་འབྱུང་བར་འགྱུར་རོ། །བདག་གི་ཡན་ལག་དང་ ཉིང་ལག་རྣམས་ཐམས་ཅད་རྒྱས་པར་ཡང་འགྱུར་རོ། །བདག་གི་རྩ་སྡོམ་པར་ཡང་འགྱུར་རོ། །གལ་ཏེ་འཁྲུགས་པར་མ་གྱུར་ན་ནི་དེས་ཇི་སྐད་དུ་བཤད་པའི་བདག་གི་ནད་རྣམས་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ། །དེས་འགྲོ་བ་རྣམ་པར་ཟློག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་ པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གང་ཞིག་འཁྲུགས་པར་གྱུར་ན་ཡང་ལས་ཅི་དག་བྱེད་པ་ཡིན་ན།དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འགྲོ་བའི་འབྲེལ་རྣམ་པར་གཡེང་བ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་ཏེ། དེ་གལ་ཏེ་འཁྲུགས་པར་གྱུར་པའམ། འཁྲུགས་པར་མ་གྱུར་པས་བདག་ལ་ནད་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་འབྲེལ་པར་འགྲོ་བ་དཀྲུག་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་གསུས་པ་ལ་གནས་པའི་རླུང་གི་སྐྲན་བྱེད་དོ། །རྟུག་པ་འབྱུང་བར་འགྱུར་བའི་གེགས་བྱས་པས་བདག་ཐོ་བཙམས་པར་གྱུར་ནས་ལག་ པ་དག་གིས་དྲུད་པས་རབ་ཏུ་འཁྲུག་པ་སྐྱེད་དོ། །ཁམས་འཁྲུགས་པར་གྱུར་པ་ཡང་བདག་ལ་འབྱུང་ངོ ། །བདག་ལ་མི་བཟད་པའི་གེགས་བྱས་པར་གྱུར་པས་མགོའི་ནད་དུ་འགྱུར་རོ། །བདག་གིས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རྣམས་ཡང་དག་ 71-1-141b པར་བདེ་བར་སྨིན་པར་ཡང་མི་འགྱུར་རོ། །བདག་གི་ལུས་ལ་འབྲུམ་བུ་ཉེ་བར་སྐྱེ་བར་ཡང་འགྱུར་རོ། །བདག་ལ་ཚད་པ་ཡང་འབྱུང་ངོ ། །གལ་ཏེ་བདག་གི་འགྲོ་བའི་འབྲེལ་རྣམ་པར་དཀྲུག་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི་དེ་ཇི་སྐད་དུ་བཤད་པའི་བདག་གི་ནད་ རྣམས་བདག་ལ་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་འགྲོ་བའི་འབྲེལ་རྣམ་པར་དཀྲུག་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྤུ་དང ། སེན་མོ་དང ། རྟུག་པ་རྣམས་འབྱེད་པར་བྱེད་པ་ཞེས་བྱ་བའི་རླུང་བདག་ གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་བདག་ལ་འཁྲུགས་པར་གྱུར་པ་དང་།འཁྲུགས་པར་མ་གྱུར་པ་ཡང་ལས་ཅི་ཞིག་བྱེད་པ་ཡིན་ན། གལ་ཏེ་བདག་གི་སྤུ་དང ། སེན་མོ་དང ། རྟུག་པ་རྣམས་འབྱེད་པར་བྱེད་པའི་རླུང་བདག་གི་ལུས་ལ་འཁྲུགས་པར་གྱུར་ ན། དེས་བདག་གི་དབང་པོ་རྣམས་མནེར་བར་གྱུར་ནས་རིད་པ་ཉིད་དུ་བྱེད་པ་ཡིན་ནོ། །བདག་གི་ཁ་དང ། སྣ་བུག་དང ། རྣ་བ་རྣམས་ཀྱི་ཕྱེད་ཟུག་གཟེར་གྱིས་གཟེར་བར་བྱེད་དོ། །མིག་ལ་ཡང་རབ་རིབ་ཏུ་འགྱུར་རོ། །བདག་གི་སྣས་ཀྱང་དྲི་འཛིན་པར་མི་འགྱུར་ རོ། །བདག་གི་ཁ་ཡང་སྐྱ་བོར་འགྱུར་རོ། །བདག་རང་བཞིན་དུ་གནས་པར་བསྡད་ཀྱང་སྐྱུག་པར་འགྱུར་རོ། །བདག་གི་བསམ་གཏན་གྱི་བདེ་བ་ལ་ཡང་གནོད་པར་འགྱུར་རོ། །བདག་གི་སེམས་ཀྱི་རྒྱུན་གཅིག་ཏུ་གནས་པར་ཡང་མི་འགྱུར་རོ། །ལུས་རང་བཞིན་དུ་ གྱུར་པ་རྣམས་ནི་སེམས་རང་བཞིན་དུ་གནས་པར་འགྱུར་བ་ཡིན་ནོ། །ལུས་ལ་ནི་ཕུང་པོ་ལྔར་བརྟེན་པ་ཡིན་ཏེ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་དང་རྣམས་སོ། །ལུས་ཀྱི་རྗེས་སུ་འགྲོ་བའི་འདུ་བྱེད་རྣམས་ཐམས་ཅད་ 71-1-142a རིག་པར་གྱུར་ནས། རྣལ་འབྱོར་སྤྱོད་པ་དེས་འཕེལ་བ་དང་འགྲིབ་པའི་ཆོས་རྣམས་ཤེས་པར་འགྱུར་རོ། །དེས་སྤུ་དང ། སེན་མོ་དང ། རྟུག་པ་རྣམས་འབྱེད་པར་བྱེད་པའི་རླུང་རིག་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རིག་པར་གྱུར་ནས། གཞན་ ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལུས་ལས་གྱུར་པའི་ལས་ཅི་དག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁུ་ཆུ་རྣམ་ པར་རླུག་བྱེད་ཅེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལ། ཆུའི་ཆུ་བུར་འདྲ་བར་ཁུ་ཆུ་རྣམ་པར་རླུག་བྱེད་ཅེས་བྱ་བའི་བདག་གི་རླུང་ ཡོད་དོ། །དེས་བདག་གི་གཅིན་གྱི་ལམ་ནས་རྣམ་པར་རྟོག་པ་མ་བྱས་པར་གྱུར་དུ་ཟིན་ཀྱང་གཅིན་དང་ལྷན་ཅིག་ཏུ་ཁུ་བ་རབ་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། ཡུངས་ཀར་གྱི་ཚད་ཙམ་དང ། ནས་ཙམ་དུ་འཐས་པར་བྱས་ནས་བདག་གི་ལུས་ལ་འབབ་པའོ། །བཤང་ བའི་གནས་ཀྱང་དེས་ཟུག་གཟེར་དུ་བྱེད་པར་འགྱུར་རོ། །དེ་ནི་ནད་དང་མཐོ་འཚམ་པའི་རིགས་ཅན་ཡིན་ཏེ། བདག་གི་སེམས་ཀྱི་རྒྱུན་གཅིག་ཏུ་གནས་པར་ཡང་མི་འགྱུར་རོ། །དེས་ཁུ་བ་རྣམ་པར་རླུག་བྱེད་ཀྱི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ལུས་རབ་ཏུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ལུས་ལ་གནས་པར་གྱུར་པའི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང ། མི་འཁྲུག་པ་ན་ལས་ཅི་དག་བྱེད་པ་ཡིན་ ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་རྒན་གོག་ཏུ་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གང་དང་གང་དུ་བདག་ལ་རྒྱས་པར་འགྱུར་བ་དེ་དང་དེ་དག་གིས་བདག་གི་འདུ་བྱེད་རྣམས་རྙིངས་ 71-1-142b པར་འགྱུར་ཞིང་རྒན་གོག་ཏུ་འགྱུར་རོ། །འགྲོ་བ་དང་འོང་བའི་གནས་རྣམས་ལ་ཡང་སྟོབས་དང་ལྡན་པར་མི་འགྱུར་རོ། །བདག་ཡུད་ཙམ་ཅིག་ཉེ་བར་བསྡད་པས་ཀྱང་ནད་པར་འགྱུར་རོ། །བདག་མལ་སྟན་གྱི་གནས་སུ་ཕྱིན་ན་ཡང་ནད་པར་འགྱུར་རོ། །ཡན་ལག་དང་ཉིང་ ལག་རྣམས་ལ་ཡང་བདག་དབང་སྒྱུར་ནུས་པ་ཡང་མི་འགྱུར་རོ། །བདག་ཉིད་མང་བར་ཡང་འགྱུར་རོ། །གལ་ཏེ་ཡང་བདག་གི་རྒན་གོག་ཏུ་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་རྒས་ འཁོགས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ལུས་ལ་གནས་པའི་རླུང་གང་དག་གིས་ འཁྲུགས་པ་དང་མ་འཁྲུགས་པའི་ལས་ཅི་དག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལྒང་པག་རེངས་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་ པ་ན་བདག་ལ་ལས་ཅི་ཞིག་བྱེད་པར་གྱུར་པ་ཡིན་པ་ཡང ། དེས་མཐོང་བ་ནི་ལྒང་པག་རེངས་པ་ཞེས་བྱ་བའི་རླུང་དེ་གལ་ཏེ་འཁྲུགས་པར་གྱུར་ན། བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་ཡང་འཕྲོ་བར་བྱེད་དོ། །དབུགས་རྔུབ་པར་བྱེད་པ་དང ། སྙིང་གི་ནད་དང ། ལྒང་པག་ཏུ་གྱུར་པ་ཡང་གཡེང་བར་བྱེད་པ་དང ། བདག་གི་རྟུག་པ་དང་གཅིན་རྣམས་ཐམས་ཅད་ཀྱང་རེངས་པར་བྱེད་པའམ། རེངས་པར་མི་བྱེད་པ་ཡང་རུང་སྟེ། བདག་གི་རྟུག་པ་བདེ་བར་མི་ཐོན་ནོ། །ཅོ་འདྲི་བར་བྱེད་པ་དང་ཟུག་གཟེར་དུ་བྱེད་དོ། །སེམས་ཀྱི་རྒྱུན་རྣམ་པར་ གཡེང་བར་བྱེད་པར་འགྱུར་རོ། །བདག་གི་རྣམ་པར་ཤེས་པ་སྟོབས་དང་ལྡན་པར་ཡང་མི་འགྱུར་རོ། །ཆོས་ཀྱི་དབང་དུ་བྱས་ནས་སེམས་རབ་ཏུ་དང་བར་འགྱུར་བ་དང ། ལས་ལ་མངོན་པར་འདོད་པ་ཡང་མ་ཡིན་ཏེ། ལུས་སྡུག་བསྔལ་བར་གྱུར་ན་ཆོས་ལ་མངོན་པར་འདོད་པར་མི་ 71-1-143a འགྱུར་རོ། །གལ་ཏེ་ལྒང་པག་རེངས་པར་བྱེད་པའི་རླུང་མི་འཁྲུགས་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་ལྒང་པག་རེངས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། བཤང་བ་སྐམ་པོར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་ཏེ། དེ་བདག་ལ་འཁྲུགས་པ་དང ། མ་འཁྲུགས་པ་ན་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ ལྷའི་མིག་གིས་མཐོང་བར་གྱུར་པ་ལ། བདག་གི་བཤང་བ་ཀུན་དུ་སྐམས་པར་བྱེད་པ་ཞེས་བྱ་བའི་རླུང་གལ་ཏེ་འཁྲུགས་པར་གྱུར་ན། དེས་བདག་གལ་ཏེ་རབ་ཏུ་ཕལ་ཆེ་བའི་བཟའ་བར་བྱ་བ་དང ། བཅའ་བར་བྱ་བ་རྣམས་བསོད་པར་གྱུར་པའི་འདུ་ཤེས་སུ་བྱས་ནས་མང་དུ་ཟས་ སྐོམ་རྣམས་མིད་པར་གྱུར་པ་ན། དེ་ལུས་ཀྱི་གསེབ་ཏུ་སོང་བར་གྱུར་ནས་དང ། འགྲམ་སོའི་གསེབ་ཏུ་སོང་བར་གྱུར་ནས་དང ། ལུས་ཀྱི་གསེབ་ན་གནས་པ་དང ། མནན་པའི་བར་དུ་གནས་པ་དང ། ལུས་ཐམས་ཅད་ཀྱི་གསེབ་ཏུ་སོང་བར་གྱུར་ནས་ཀྱང་བདག་ལ་ལྷང་ ཀྱོག་དུ་བྱེད་དོ། །ངའི་བཤང་བ་ཡང་སྐམ་པར་བྱེད་དོ། །ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིར་ཡང་བདག་གི་རྟུག་པ་གཏང་བར་མི་ནུས་སོ། །གལ་ཏེ་བདག་གིས་ནུས་པར་གྱུར་ན་ཡང་ཚོར་བ་ཆུང་ངུ་བདག་ལ་འབྱུང་བར་འགྱུར་རོ། །གལ་ཏེ་ཡང་ བདག་གི་བཤང་བ་སྐམས་པར་བྱེད་པའི་རླུང་དེ་འཁྲུགས་པར་མ་གྱུར་ན་ནི། ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་འགྱུར་རོ། །བཤང་བ་ཀུན་དུ་སྐམ་བྱེད་ཀྱི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་ 71-1-143b དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། རྩིབ་ལོགས་ ན་བར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ལ་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་མཐོང་བ་ནི་རྩིབ་ལོགས་ན་བར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་དེ་གལ་ཏེ་འཁྲུགས་ པར་གྱུར་ན། དེས་བདག་གི་ལོགས་ཀྱི་རུས་པ་ལ་གནས་ནས་ལོགས་ཀྱི་གསེབ་ཏུ་རྒྱུ་བར་བྱེད་པ་ལོགས་ཀྱི་ཁྲག་རྣམས་རབ་ཏུ་སྐམས་པར་བྱེད་པས་བདག་ལ་འཇིགས་སུ་རུང་བ་དང ། རྩུབ་པ་དང ། མི་བཟད་ཅིང་དྲག་པོར་གྱུར་པའི་ཚོར་བ་རྣམས་སྐྱེད་པར་བྱེད་དོ། །གལ་ ཏེ་རླུང་དེ་བདག་ལ་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་ལོགས་ན་བར་བྱེད་པའི་རླུང་རིག་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་ གྱུར་པ། བུ་ག་དགུའི་ནད་ཅེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ལ་འཁྲུགས་པ་དང ། མ་འཁྲུགས་པ་ན་ལས་ཅི་ཞིག་བྱེད་པར་གྱུར་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ལས་བུ་ ག་དགུ་ན་བར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་གལ་ཏེ་འཁྲུགས་པར་གྱུར་ན། དེས་བདག་གི་བུ་ག་དགུ་པོ་རྣམས་མ་ལུས་པར་འཆུམ་པར་བྱེད་དོ། །བུ་ག་བདུན་མགོ་བོ་ལ་གནས་པ་དང ། གཉིས་བཤང་བ་དང ། གཅི་བའི་ཡིན་ཏེ་སྤྱིར་ཡོའམ། གལ་ཏེ་རེ་རེ་ 71-1-144a ཡང་རླུང་བཀག་པར་གྱུར་ན་ཡང་དེས་ལུས་མཉམ་པར་ན་བར་བྱེད་དོ། །དབུགས་རྔུབ་པ་དང་འབྱུང་བ་ཡང་འདིས་ཤིན་ཏུ་སྡོམ་པར་བྱེད་དོ། །སྣ་བུག་ན་ཡོད་པའི་རླུང་གིས་ནི་ལུས་རྣམས་ཐམས་ཅད་ལེགས་པར་འཛིན་པར་བྱེད་པ་དང ། བདག་གི་ལུས་ཀྱི་གོང་ བུ་འདི་ནི་རླུང་གི་དབང་དུ་གྱུར་པ་ཡིན་ཞིང་རླུང་ཡང་འཁྲུལ་འཁོར་བཞིན་ཏེ། རླུང་ནི་རླུང་ཉིད་ཀྱིས་སྐྱོད་པར་བྱེད་ཀྱི་གཞན་དག་འགའ་ཞིག་ཀྱང་ནི་མ་ཡིན་ནོ། །དེས་བུ་ག་དགུ་ན་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་ སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་ པ། ཡན་ལག་དང་ཉིང་ལག་ཐུང་བར་བྱེད་པ་ཞེས་བྱ་བའི་བདག་གི་རླུང་ཡིན་ན། དེ་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་ བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐུང་བར་བྱེད་པའི་རླུང་འཁྲུགས་པར་གྱུར་ན་དེས་སོར་མོ་རྣམས་འཁུམ་པར་བྱེད་དོ། །གནད་རྣམས་འབིགས་པར་བྱེད་དོ། །དམན་ཞིང་ཐུང་བར་བྱེད་དོ། །རྐང་པ་དང་ལག་པ་ཡང་ཀུན་དུ་འཁུམ་པར་བྱེད་དོ། །སྟེང་གི་རུས་པ་རྣམས་ གཟེར་ཟུག་བྱེད་དོ། །བརླའི་རྒྱུས་པ་རྣམས་འཁུམ་པར་བྱེད་དོ། །འོན་ཀྱང་རྒྱུ་མ་ལ་གནས་པ་རྣམས་སྦོམ་པོར་ཡང་མི་བྱེད་དོ། །སྐྲང་བ་དང་ལུས་རྣམས་ངལ་དུབ་སྐྱེད་པར་བྱེད་དོ། །ནད་འདི་དག་རྣམས་ནི་ཡན་ལག་དང་ཉིང་ལག་ཐུང་བར་བྱེད་པའི་བདག་གི་རླུང་གིས་བྱེད་དོ། ། གལ་ཏེ་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །ཡན་ལག་དང་ཉིང་ལག་ཐུང་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་ 71-1-144b སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། མེ་དྲོད་ཀུན་དུ་སུན་འབྱིན་པ་ཞེས་བྱ་བའི་རླུང་བདག་ གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ལ་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡང་དེས་མཐོང་བར་གྱུར་པ། གལ་ཏེ་མེ་དྲོད་སུན་འབྱིན་པར་བྱེད་པའི་རླུང་ལུས་ལ་འཁྲུགས་པར་གྱུར་ན། དེས་བདག་གི་ལུས་ལ་གནས་པར་ གྱུར་པའི་མེ་དྲོད་རྣམས་རང་གི་གནས་ནས་འཕོ་བར་བྱས་ནས་ཉམས་པར་བྱེད་དོ། །དེས་བདག་མེ་དྲོད་ཉམས་པར་གྱུར་ནས་ཟས་རྣམས་སྨིན་པར་མི་འགྱུར་རོ། །སྐོམ་ཡང་བདག་གིས་འཇུ་བར་མི་འགྱུར་རོ། །དེས་པགས་པར་གྱུར་པ་རྣམས་ཀྱང་མདོག་ངན་པར་འགྱུར་རོ། །ཁྲག་ རྣམས་ཀྱང་སྐམ་ཞིང་ཤ་དག་ཀྱང་ཡོངས་སུ་ཉམས་པར་བྱེད་དོ། །རྒྱུས་པ་རྣམས་འཁུམ་པར་འགྱུར་བ་སྐྱེད་པར་བྱེད་དོ། །ཚིལ་རྣམས་མེད་པར་འགྱུར་རོ། །བདག་གི་རུས་པ་རྣམས་ཀྱང་སྐམ་པར་འགྱུར་རོ། །ལྷ་བ་ཀུན་ཀྱང་སྲབ་མོར་འགྱུར་རོ། །བདག་གི་ལུས་ཐམས་ཅད་ ལས་གྱུར་པའི་ཁུ་ཆུ་དག་དང་སྟོབས་རྣམས་ཀྱང་ཉམས་པར་བྱེད་དོ། །སྙིང་ལ་བརྟེན་པའི་རླུང་གིས་ནི་རྟོགས་པར་མི་བྱེད་དོ། །གལ་ཏེ་ཡང་མེ་དྲོད་ཀུན་དུ་སུན་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །གཞན་ཡང་ རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་ ཐམས་ཅད་གྲང་བར་བྱེད་པ་ཞེས་བྱ་བའི་རླུང་ཡིན་ཏེ། དེས་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བ་ནི། །བདག་གི་ལུས་ཐམས་ཅད་གྲང་མོར་བྱེད་པའི་ 71-1-145a རླུང་གལ་ཏེ་འཁྲུགས་པར་གྱུར་ན། ལུས་ལ་ཁ་ཆུ་སྐྱེད་པ་དང་རླན་པར་ཡང་འགྱུར་རོ། །འདི་ལྟ་སྟེ། ཉལ་བར་གྱུར་པ་ན་རྩུབ་པ་དང་གྱོང་བའི་ཁ་དོག་དང་འཁུམ་པར་ཡང་བྱེད་དོ། །སྙོམས་པར་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་ཧྲུད་ཧྲུད་པོར་འགྱུར་རོ། །བདག་ གི་ལུས་ཀྱི་བ་སྤུ་རྣམས་ལངས་པར་ཡང་ལུས་འགྱུར་རོ། །ལབ་ལེབ་མང་ཞིང་མི་མཉམ་པར་གྱུར་པར་ལུས་ཀྱི་ཡུལ་འགའ་ཞིག་ཏུ་སྐྱེད་པར་འགྱུར་རོ། །འཛད་པར་འགྱུར་བ་སྐྱེད་པ་དང་གཡན་པའི་ངོ་བོར་གྱུར་པའི་ཆུ་སེར་ཁྲག་གི་རྒྱལ་པོ་ཡང་སྐྱེད་དོ། །སྤུ་རྣམས་ཀྱང་སེར་པོར་ འགྱུར་རོ། །ཚད་པས་གདུངས་པར་ཡང་འགྱུར་རོ། །སྦོམ་པ་ཉིད་དུ་གྱུར་ཅིང་ལུས་ཀྱི་ཡུལ་རྣམས་མི་མཉམ་པར་ཡང་འགྱུར་རོ། །སྐྱ་བོ་ཉིད་དུ་ཡུལ་དེ་དག་རྣམས་འགྱུར་རོ། །བདག་གི་ལུས་པོ་ལ་ཡང་པགས་པ་མཐུག་པོ་ཀབ་ཀོབ་མང་དུ་འགྱུར་རོ། །གླང་པོའི་པགས་ པ་དང་འདྲ་བར་ཡང་འགྱུར་རོ། །བདག་གི་དཀའ་བླས་ཀྱིས་བདག་གིས་ལངས་ནུས་པར་འགྱུར་རོ། །རྣག་གི་དྲི་རྣམས་ཀྱང་བདག་གི་ལུས་ལས་འབྱུང་བར་འགྱུར་རོ། །ཇི་སྲིད་དུ་ཟས་ཀྱང་རྩུབ་པའི་རྡག་རྡོག་ཅན་དུ་འགྱུར་རོ། །བདག་གི་ལུས་ཀྱི་ཕྱོགས་གཅིག་ནས་གླང་པོ་ཆེའི་ པགས་པ་དང་འདྲ་བར་འགྱུར་རོ། །འབྲུམ་འཇུར་དང་སྙེ་བ་ཡང་བདག་གི་ངོས་གཅིག་ཏུ་འགྱུར་རོ། །སྐྱེས་བུ་ལག་པ་དང་རྐང་པ་དག་ལ་རྨ་ཡང་ཀུན་དུ་སྐྱེ་བར་བྱེད་དོ། །བདག་འགྲོ་བ་དང་འོང་བར་གྱུར་པ་ན་ཡང་ངལ་ཞིང་དུབ་པར་འགྱུར་རོ། །གཡན་པ་ཡང་བདག་གི་ལུས་ ཀྱི་ཕྱོགས་གཅིག་ཏུ་ཀུན་ནས་སྐྱེ་བར་བྱེད་དོ། །རྣམ་པར་སྲེག་པར་བྱེད་པ་ཡང་རྟག་ཏུ་སྐྱེད་དོ། །བདག་གི་ལུས་རེག་བྱ་ངན་པར་ཡང་ཀུན་དུ་སྐྱེ་བར་བྱེད་དོ། །རྣག་གི་ཐུམ་པོ་སྐྱེས་པ་རྣམས་རྣམ་པར་འཕེལ་བར་བྱེད་དོ། །རྣམ་པར་རྨས་པར་བྱེད་དོ། །སོ་ལ་ཡང་བདག་ ཆགས་པ་དང་བྲལ་བར་འགྱུར་རོ། །བདག་གི་སྣ་ཡང་ཟུག་གཟེར་ཆེན་པོར་འགྱུར་རོ། །བདག་གི་མིག་གཉིས་ཀྱི་རྫི་མ་ཕྲ་མོ་རྣམས་འབྲུལ་བར་འགྱུར་རོ། །སོར་མོ་དང་རྐང་པའི་སོར་མོ་རྣམས་ཀྱང་རྣམ་པར་འབྲུལ་བར་འགྱུར་རོ། །སྐད་རྣམས་ཀྱང་གྲག་ཡར་མེད་པར་འགྱུར་རོ། ། 71-1-145b སྲིན་བུ་ཡང་ཕྱི་རོལ་དུ་རྒྱུ་བར་གྱུར་པར་རབ་ཏུ་འབྱུང་བར་འགྱུར་རོ། །བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀྱི་སྤུ་རྣམས་ཉིལ་བར་འགྱུར་རོ། །སྐྱེ་བོ་རྣམས་ཐམས་ཅད་ཀྱང་བདག་ལ་སྐྱུག་ལྡོག་པར་འགྱུར་རོ། །སྦྱིན་པ་པོ་དང་སྦྱིན་བདག་གི་ཁྱིམ་དུ་ཡང་བདག་སྨོད་པར་ བྱ་བའི་གནས་སུ་འགྱུར་རོ། །སྦྲང་བུ་རྣམས་ཀྱང་བདག་གི་ལུས་ལ་རྟག་ཏུ་རྒྱུག་པར་འགྱུར་རོ། །ཆོས་གོས་ཀྱང་བདག་གི་ལུས་ལ་མི་བཟོད་དོ། །བདག་གི་སེན་མོ་རྣམས་ཀྱང་རྣམ་པར་ཉིལ་བར་འགྱུར་རོ། །བདག་ཉལ་བར་གྱུར་པ་ན་ཡང་ངར་ངར་པོའི་དབུགས་རྣམས་ཀུན་དུ་ འབྱུང་ངོ ། །བདག་སྡུག་བསྔལ་བར་གྱུར་པས་ཀྱང་ཟས་ལ་སྲེད་པར་འགྱུར་རོ། །འོན་ཀྱང་འཇུ་བ་མ་ཡིན་ནོ། །བདག་གིས་བཏུང་བ་རྣམས་འཐུངས་པས་ཀྱང་ཁྱད་པར་དུ་ཚད་པ་སྐྱེད་པར་བྱེད་དོ། །བདག་གི་ལྕེ་ཡང་རྣམ་པར་འགྱུར་བ་སྐྱེད་དོ། །དེ་ལྟར་ཡན་ལག་དང་ཉིང་ལག་རྣམས་ ཐམས་ཅད་ལ་གྲང་བར་བྱེད་པའི་རླུང་དག་གིས་དམན་པར་གྱུར་པས་ལུས་རྣམས་འཛག་པར་འགྱུར་རོ། །གལ་ཏེ་ཡང་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གྲང་བར་བྱེད་པའི་རླུང་རབ་ཏུ་རྒྱས་པར་མ་གྱུར་ན་ནི་གྲང་བ་མ་ཡིན་པའི་རླུང་དེས་ལུས་མདོག་བཟང་བ་དང ། མཁྲེགས་ པ་དང ། འཇམ་ཞིང་སྣུམ་བག་ཅན་དང ། དཀར་བ་དང ། མཉེན་པ་དང ། སྐྱེ་བོ་རྣམས་ཐམས་ཅད་དགའ་བར་འགྱུར་རོ། །རྔུལ་བ་རྣམས་ཐམས་ཅད་ནི་དྲོ་བར་འགྱུར་བ་ལ་རིགས་པས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་དང ། བ་སྤུའི་ཁུང་བུ་རྣམས་ནས་འབྱུང་བར་འགྱུར་རོ། ། ཇི་སྐད་དུ་བཤད་པར་གྱུར་པའི་ནད་རྣམས་ཀྱང་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གྲང་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བརྟན་པ་འཇིག་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་འཁྲུགས་པར་ 71-1-146a གྱུར་ན། དེས་བདག་འཇིགས་པ་ཆུང་ངུ་ལ་ཡང་བདག་གི་སྙིང་དངངས་པར་འགྱུར་རོ། །ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་ཡང་ལྷང་ཀྱོག་འབྱུང་ངོ ། །རེངས་པར་འགྱུར་བ་དང ། དངང་བར་ཡང་འགྱུར་རོ། །རྨོངས་པར་ཡང་འགྱུར་རོ། །བདག་གི་ དབུགས་ཀྱང་སྟོབས་ཤིན་ཏུ་ཕུལ་དུ་ཕྱིན་པར་འགྱུར་རོ། །འོན་ཀྱང་དབུགས་ཀྱང་ཕྱིར་རྔུབ་པར་ཡང་མི་ནུས་པར་འགྱུར་རོ། །བདག་གིས་ཆོས་གོས་ཀྱང་མི་བཟོད་དོ། །བདག་ལ་མགོ་བོའི་ནད་རྣམས་འབྱུང་བར་འགྱུར་རོ། །བསམ་གཏན་ལ་གནས་པར་གྱུར་པ་ན་ ཡང་སེམས་ཀྱི་དམིགས་པ་གཅིག་ཏུ་མི་འགྱུར་རོ། བདག་གིས་རྨི་ལམ་དུ་ཡང་རྣམ་པར་འགྱུར་བ་རྣམས་མཐོང་བར་འགྱུར་རོ། །བདག་ལ་སྐྱུག་པ་ཡང་འབྱུང་བར་འགྱུར་རོ། །བདག་གིས་ཞི་བར་འགྱུར་བའི་གཟུགས་རྣམས་ཀྱང་དྲག་པོར་གྱུར་པར་མཐོང་ངོ ། །ཐག་ཉེ་ བར་གྱུར་པའི་གཟུགས་རྣམས་ཀྱང་བདག་གིས་རྒྱང་རིང་བར་མཐོང་བར་འགྱུར་རོ། །བདག་གི་སྲེད་པ་ཡང་རབ་ཏུ་ཆེ་བར་འགྱུར་རོ། །གལ་ཏེ་ཡང་བརྟན་པ་འཇིག་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། ། དེས་བརྟན་པ་འཇིག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ།ལུས་ཐམས་ཅད་ལ་འཕར་བ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་ཡིན་ཏེ། དེས་བདག་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་ པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་བདག་གི་ལུས་ཐམས་ཅད་ལ་འཕར་བ་ཞེས་བྱ་བའི་རླུང་ལུས་ལ་འཁྲུགས་པར་གྱུར་ན་དེས་བདག་འཕར་བར་བྱེད་དོ། །རྣ་བ་འུར་འུར་བྱེད་ཅིང་རྣམ་པར་འཕར་བར་བྱེད་དོ། །རླུང་ 71-1-146b གིས་འཕར་བར་ཡང་བྱེད་དོ། །ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་ཡང་འཕར་བར་བྱེད་དོ། །ནང་དུ་རྒྱུ་བར་ཡང་འགྱུར་རོ། །ཡུལ་དང་ཡུལ་རྣམས་སུ་སྡོམ་པར་ཡང་བྱེད་དོ། །འོན་ཀྱང་ནད་ནི་མི་སྐྱེད་དོ། །གལ་ཏེ་ལུས་ཐམས་ཅད་ལ་རྒྱུ་བའི་རླུང་དེ་འཁྲུགས་པར་ མ་གྱུར་ན་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་ཡན་ལག་ཐམས་ཅད་འཕར་བའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རྟོགས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྲེག་པར་བྱེད་པའི་རླུང་བདག་གི་ལུས་ལ་གནས་པ་ཡིན་ཏེ། དེས་བདག་ ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡང ། དེས་མཐོང་བར་གྱུར་པ་སྲེག་བྱེད་ཀྱི་རླུང་འཁྲུགས་པར་གྱུར་ན་ནི་དེས་བདག་གིས་མིད་པར་གྱུར་པའི་ཟས་རྣམས་མགུལ་པའི་སྦུ་གུ་ལ་རབ་ཏུ་བརྟེན་པར་བྱས་ནས་མྱུར་དུ་སྲེག་པར་བྱེད་དོ། །ཟས་ལ་གནས་ པར་གྱུར་པས་བདག་གི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་མི་འགྱུར་རོ། །བཟའ་བར་བྱ་བ་དང་བཅའ་བར་བྱ་བ་ཟོས་པར་གྱུར་པ་རྣམས་ཀྱང་རྣམ་པ་གཉིས་སུ་འགྱུར་བ་ཡིན་ཏེ། རབ་ཏུ་དང་བར་གྱུར་པ་དང ། རྙོག་པར་གྱུར་པའོ། །དེ་ལ་རབ་ཏུ་དང་བར་གྱུར་པ་རྣམས་ཀྱིས་ནི་འབྱུང་བ་ཆེན་པོ་ རྣམས་རྒྱས་པར་བྱེད་དོ། །རྙོག་པར་གྱུར་པས་ནི་ནད་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །བདག་གི་སྲེག་བྱེད་ཀྱི་རླུང་དེ་འཁྲུགས་པར་གྱུར་ན་ཕལ་ཆེར་ཟས་ཀྱི་རིགས་རྣམས་རྙོག་པ་ཅན་དུ་བྱེད་དོ། །ཉུང་ངུ་ཉུང་ངུ་ཙམ་ཞིག་རབ་ཏུ་དང་བར་འགྱུར་རོ། །དེས་བདག་གི་ནད་རྣམས་རབ་ཏུ་ འཁྲུགས་པར་བྱེད་དོ། །གལ་ཏེ་ཡང་སྲེག་བྱེད་ཀྱི་རླུང་འཁྲུགས་པར་མ་གྱུར་ན་ནི་དེས་བདག་གི་ཟས་རྣམས་རྣམ་པ་གཉིས་སུ་བྱེད་དོ། །རབ་ཏུ་དང་བར་གྱུར་པ་དང་རྙོག་པ་སྟེ། དེས་ཀྱང་ངའི་འབྱུང་བ་ཆེན་པོ་རྣམས་སྙོམས་པར་འགྱུར་རོ། །ནད་རྣམས་དཀྲུག་པར་ཡང་མི་འགྱུར་རོ། །དེས་སྲེག་ 71-1-147a བྱེད་ཀྱི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྲིན་ལ་ཀུན་དུ་འཇུག་པར་བྱེད་པའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྲིན་རྣམས་སོ་སོར་འདྲེ་བར་བྱེད་དོ། །རྣམ་པར་འདྲེ་བར་བྱེད་དོ། །ཀུན་དུ་འགལ་ བར་བྱེད་དོ། །རྣམ་པར་འགལ་བར་བྱེད་དོ། །ཀུན་དུ་སྒུལ་བར་བྱེད་དོ། །སྟེང་འོག་ཏུ་བྱེད་པར་འགྱུར་རོ། །མགོ་བོ་ནས་ཇི་སྲིད་དུ་རྐང་པའི་བར་དུ་དང ། གླད་པ་ལ་རྒྱུ་བར་བྱེད་པ་དེ་གླད་པ་ལ་རྒྱུས་ནས་དེ་གླད་རྒྱས་ལ་རྒྱུ་བར་གྱུར་ནས་ཐོད་པ་ལ་རྒྱུ་བར་བྱེད་ཅིང་གསེབ་ཏུ་སོང་ནས་སྐྲ་ཟ་བར་བྱེད་པ་ དང ། རྣ་བ་ལ་རྒྱུ་བ་དང་སྣབས་ཤིན་ཏུ་འཕེལ་བར་བྱེད་པ་དང ། ཚིལ་ལ་རྒྱུ་བར་བྱེད་པ་དང ། ཚིགས་པ་རྣམས་དང ། འགྲམ་པར་གྱུར་པ་དང ། དཔྲལ་བ་ཟ་བ་དང ། སོའི་རྩ་བ་རྣམས་ཟ་བ་དང ། སྐྱུག་བྱེད་ཀྱི་སྲིན་གྱི་རིགས་གཞན་བཅུ་མགྲིན་པ་དང་མགུལ་པ་ལ་གནས་པ་རྣམས་ལ་འདི་ལྟ་སྟེ། ཟས་སུ་ངར་སྣབས་ཟ་བ་དང ། མཆིལ་མ་རྣམས་ཤིན་ཏུ་འགྲིམ་པར་བྱེད་པ་དང ། རབ་ཏུ་སྐྱུག་བྱེད་དང་རྣམས་སོ། །ཁུ་བ་རྒྱུ་བ་བཅུའི་རྩ་རྣམས་ཀྱི་ནང་ན་རྒྱུ་བ་མངར་མྱོས་དང ། རབ་མྱོས་དང ། རོ་དྲུག་ལ་སྲེད་པ་དང ། གྷུར་གྷུར་ར་བ་དང ། རོ་ལ་རབ་ཏུ་སྡང་བ་དང ། ཉལ་བ་ལ་ཤིན་ཏུ་མངོན་པར་དགའ་ བ་དང ། སྦོམ་པོ་དང་རྣམས་སོ། །ཁྲག་ལས་སྐྱེས་པར་གྱུར་པའི་སྲིན་གྱི་རིགས་བཅུ་ཤ་དང་ལྷན་ཅིག་གནས་པ་རྣམས་འདི་ལྟ་སྟེ། སྤུ་ཟ་བ་དང ། སོ་སུ་ར་དང ། ཛན་ཏུམཱན་ད་ར་དང ། ཽ་དུམ་བ་རཾ་དང ། ཀུན་དུ་འཛིམ་པ་དང ། སྤུའི་གླིང་དང ། ཁྲག་ལ་རབ་ཏུ་ཁྲོ་བ་དང ། ཁྲག་ཟ་བ་དང ། རབ་ རབ་བྱེད་པ་དང ། སྐྱུར་པོ་དང་རྣམས་ཏེ། རྐང་པ་མེད་པ་དང ། ཐུང་ངུ་དང ། འཕེལ་བའི་དབྱིབས་ཅན་དང ། ཁྲག་ལས་སྐྱེས་པའི་སྲིན་དུ་གྱུར་པ་མིག་མེད་པ་དང ། གཡན་པའི་མཚན་ཉིད་དང ། འབིགས་བྱེད་ཀྱི་མཚན་ཉིད་དང་ལྡན་པ་རྣམས་ཡིན་ནོ། །ཤ་ལ་གནས་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ 71-1-147b ནི་འདི་ལྟ་སྟེ། རྨ་ཀུན་ནས་སློང་བ་དང ། ཙུན་ཙུ་ཀ་བ་དང ། རྒྱུས་པ་སྒུལ་བ་དང ། རྩ་འབིགས་པ་དང ། པགས་པ་ཟ་བ་དང ། ཚིལ་སྒུལ་བ་དང ། འཕེལ་བྱེད་དང ། དྲི་ངན་དང ། རྔུལ་ལ་རྒྱུ་བ་དང ། སྲེག་བྱེད་དང་རྣམས་སོ། །མཁྲིས་པ་ལ་གནས་པར་གྱུར་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི་འདི་ལྟ་ སྟེ། ཙུ་ར་བ་ཐ་དང ། སྒུལ་བྱེད་དང ། རྫས་ཀྱིས་རྒྱས་པ་དང ། ཆེན་པོའི་རིགས་དང ། ནག་པ་པ་དང ། ཟས་ཆེན་པོ་དང ། དྲོ་བ་ལ་རྒྱུ་བ་དང ། རྣམ་པར་སྲེག་བྱེད་དང ། མེ་དྲོད་ཉམས་བྱེད་དང ། མེ་ཆེན་པོ་དང་རྣམས་ཡིན་ནོ། །ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྲིན་རྣམས་ ནི་འདི་ལྟ་སྟེ། རུས་པ་ལ་ལྡག་པ་དང ། ཤིན་ཏུ་འདྲུད་བྱེད་དང ། ཚིགས་པ་གཅོད་ཅིང་རྒྱུ་བ་དྲི་མི་ཞིམ་པ་དང ། རུས་པའི་རྣག་གི་རིགས་དང ། ཁ་དམར་བ་དང ། མྱོང་བར་བྱེད་པ་དང ། པགས་པ་ཟ་བ་དང ། གྲོག་མ་དང ། སྤུ་གྲིའི་ཁ་དང་རྣམས་སོ། །བཤང་བ་ལ་རྒྱུ་བའི་སྲིན་གྱི་རིགས་ བཅུ་པོ་རྣམས་ནི་འདི་ལྟ་སྟེ། དངས་མ་པ་དང ། ཁབ་ཀྱི་ཁ་དང ། ཕི་སྤི་སྐྱེས་དང ། རྐང་པ་མེད་པ་དང ། བཤང་བ་རྣམ་པར་འཐོར་བྱེད་དང ། སྐོམ་པས་གདུངས་པ་དང ། བཤང་བ་འབྱེད་པ་དང ། རྣམ་པར་རེངས་བྱེད་དང ། མདོག་བཟངས་དང ། གཞང་སྨིན་བྱེད་དང་རྣམས་སོ། །ལྷ་བ་ལ་ རྒྱུ་བར་བྱེད་པའི་སྲིན་གྱི་རིགས་བཅུ་པོ་རྣམས་ནི་འདི་ལྟ་སྟེ། སྤུ་ལ་གནས་པ་དང ། སྤྲོ་བ་མེད་པ་དང ། ཁ་ནག་དང ། གཟེར་ཟུག་ཆེན་པོར་བྱེད་པ་དང ། རྨོངས་པར་བྱེད་པ་དང ། མེ་མདོག་ཅན་དང ། འོག་ཏུ་འགྲོ་བ་དང ། ཽ་ཊྷིང་གཱ་དང ། ཀུན་དུ་རྟོག་པ་དང ། དགའ་བ་པ་དང་ རྣམས་སོ། །འདི་དག་རྣམས་ནི་ཇི་ལྟར་འདོད་པ་བཞིན་དུ་ལུས་ལ་རྒྱུ་བར་བྱེད་པ་ཡིན་ནོ། །ཁམས་ཐམས་ཅད་ལ་འཇུག་པ་དང ། སྐྱོན་རྣམས་ཐམས་ཅད་ལ་འཇུག་པར་བྱེད་པའི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྲིན་དེ་དག་རྣམས་ལ། སྲིན་རྣམས་ལ་ཀུན་དུ་ འཇུག་པར་བྱེད་པའི་རླུང་གིས་སྲིན་རྣམས་ཐམས་ཅད་ལུས་ཀྱི་ནང་དུ་རྒྱུ་བས་ཇི་ལྟར་འདོད་པ་བཞིན་དུ་རླུང་གིས་འབེབས་པར་བྱེད་པ་ཡིན་ཏེ། བདག་གི་ལུས་དང་པོ་དང་སྲོག་སྲིན་རྣམས་ཐམས་ཅད་ཀྱང་ངོ ། །དེས་སྲིན་བུ་རྣམས་ལ་ཀུན་དུ་འཇུག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ 71-1-148a ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྟེང་འོག་ཏུ་བྱེད་པ་ཞེས་བྱ་བའི་ རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི་སྟེང་དང་འོག་གི་རླུང་གལ་ཏེ་བདག་ལ་འཁྲུགས་པར་གྱུར་ན། དེ་རྣམ་ པ་ལྔར་ལམ་ལྔ་ལ་རྗེས་སུ་རྟེན་པར་འགྱུར་རོ། །གནས་ལྔ་ལ་གནས་པ་ཡིན་ནོ། །གནས་ལྔ་ལ་གནས་པར་གྱུར་ནས་ཀྱང་ལས་གང་དག་བྱེད་པ་ཡིན་ན། དབུགས་འབྱུང་བ་དང་རྔུབ་པ་རྣམས་ཀུན་དུ་རྒྱུ་བར་བྱེད་དོ། །དེ་ལ་འཇིག་རྟེན་འདི་ན་སྲོག་ཅེས་བརྗོད་དོ། །དེ་མགོ་བོ་དང་བྲང་ལ་ཀུན་དུ་བརྟེན་ ནས་དེ་དག་གི་ནང་ན་རྒྱུ་བར་བྱེད་པ་ལུས་ཐམས་ཅད་ལ་སྟོབས་དང་ལྡན་པར་འཕྲོ་བར་བྱེད་པ་ཡིན་ནོ། །དེ་ཡང་གང་གི་ཚེ་མི་བཟད་པར་གྱུར་པ་ན་དེས་ལུས་ཀྱི་འཁྲུལ་འཁོར་རྣམ་པར་འཇིག་པར་བྱེད་དོ། །དེའི་ལས་ནི་ལུད་པ་དང་གློ་ལུ་བ་འོག་ཏུ་སོང་བར་གྱུར་ནས་ཟས་ཁའི་ལམ་ནས་ སྟེང་དུ་བྱེད་དོ། །དེའི་ལས་ཀྱིས་དབུགས་དབྱུང་བ་དང་རྔུབ་པ་འདི་དག་གི་ཆ་གཉིས་པ་བྲང་དང་སྙིང་ལ་ལེགས་པར་བརྟེན་ནས་ཤིན་ཏུ་དགའ་བར་བྱེད་དོ། །གང་གི་ཚེ་ཡང་སྟེང་དུ་རྒྱུ་བར་གྱུར་ན་དགའ་བ་དང་བྲལ་བར་ཡང་འགྱུར་ཏེ། དེ་མགྲིན་པའི་སྦུ་གུའི་གསེབ་ནས་སྟེང་དུ་ འབྱུང་བར་འགྱུར་ཞིང་མགོ་བོ་རབ་ཏུ་བརྟོལ་བར་གྱུར་ནས་ལྕེའི་རྩ་བར་འགྲོའོ། །དེ་ལྕེ་ལ་བརྟེན་པར་གྱུར་པ་ན་དེ་མ་ཐག་པའི་ཡིད་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་དང་ཕྲད་པས་ཡི་གེའི་བརྗོད་པ་རྣམ་པ་སྣ་ཚོགས་པ་རྟོགས་པ་དང་སྤྱོད་པ་དང་ལྡན་པ་རྣམས་རྗོད་པར་བྱེད་དོ། །ཆ་གསུམ་ པས་ཀྱང་རྟག་པར་རྒྱུན་དུ་ལུས་ཀྱི་མེ་དྲོད་འཕེལ་བར་བྱེད་དོ། །སྐྱོན་ཡང་དེས་འདུག་པར་བྱེད་དོ། །བཞི་པས་ནི་རང་གི་ལུས་ལ་ཁྱབ་པར་གྱུར་ནས་ངེས་པར་གནས་སོ། །རྟག་ཏུ་མིག་འཛུམས་པ་དང་འབྱེད་པར་བྱེད་པ་པོ་དེ་ལ་བརྟེན་ནས་རྐེད་པ་དང ། རྒྱུ་ཞབས་དང ། བརླ་དང ། རླིག་ 71-1-148b པ་དང ། རྣམས་ལ་རྟེན་ཅིང་བཤང་བའི་ལམ་ལ་རྟེན་པར་བྱེད་དོ། །དེས་ཀྱང་ལྟོ་རྒྱས་པར་བྱེད་དེ་བུད་མེད་རྣམས་ནི་འགྲིབ་པར་བྱེད་དོ། །ན་ཏོང་རུས་པ་ལ་བརྟེན་ནས་གང་གི་ཚེ་བུད་མེད་དག་ཁུ་ཆུ་དང་ཁྲག་རྣམས་ཀུན་དུ་སྦྱོར་བར་གྱུར་པ་ན། བུད་མེད་ཀྱི་རྒྱུ་ཞབས་ཀྱི་གནས་ སུ་ཤུགས་དང་ལྡན་པར་ཀུན་དུ་རྒྱུག་པར་གྱུར་ནས་དེས་ཁུ་ཆུ་དང་ཁྲག་ཀུན་དུ་འདྲེ་བར་བྱེད་དོ། །སླ་མོ་རྣམས་ནི་ཡང་བར་བྱེད་དོ། །གང་གི་ཚེ་ཟས་རྣམ་པར་འཇུ་བར་བྱེད་པ་ན་ཆ་གསུམ་པ་འདོད་པའི་མེའི་བྱ་བས་གསལ་བར་བྱས་ནས་རྣམ་པར་འབྱེད་པར་བྱེད་དོ། །རྣམ་པར་རྟོག་ པས་ལུས་རིང་བ་དང ། ཐུང་བ་དང ། ཟླུམ་པོ་དང ། གྲུ་བཞི་ཡང་བྱེད་དོ། །རླུང་དེས་ཇི་ལྟ་ཇི་ལྟར་ལུས་མངོན་པར་གསལ་བ་དང ། ཚད་དང ། དབྱིབས་རྣམས་མངོན་པར་འབྲེལ་བར་བྱེད་པ། དེ་བཞིན་དུ་རྣམ་པར་ཤེས་པ་ཡང ། རྣམ་པ་སྣ་ཚོགས་པའི་མཚན་ཉིད་དུ་ འབྲེལ་བར་འགྱུར་རོ། །དཔེར་ན་ཞོ་སྐ་མོ་དང་ཆུ་བུད་མེད་ཀྱིས་བུམ་པར་སྡུད་པར་བྱེད་དོ། །བསྲུབས་པས་སྐ་མོ་དབུ་བ་རྡོས་པར་འགྱུར་རོ། །དབུ་བ་རྡོས་ནས་འཐས་པར་འགྱུར་རོ། །འཐས་པ་ལས་མར་སར་དུ་འགྱུར་རོ། །དེ་ཁོ་ན་བཞིན་དུ་རླུང་ཡང་ལུས་ལ་ཉོན་མོངས་པ་རྣམས་ ཐམས་ཅད་དང་བཅས་ནས་ཀུན་དུ་མངོན་པར་འཇུག་གོ། །ཆ་ལྔ་པས་ནི་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པར་གྱུར་པ་རྣམས་གང་གི་ཚེ་ལྕེའི་རྩེ་མོ་དང་སྦུ་གུ་ལ་རབ་ཏུ་བརྟེན་པར་གྱུར་པའི་ཟས་རྣམས་དེས་སྐྲ་རྣམས་ཀྱི་མཐའ་ནས་བཟུང་ནས་ཇི་སྲིད་དུ་སེན་མོ་རྣམས་ ལ་བརྩོན་འགྲུས་ཀྱིས་རྣམ་པར་འབྱེད་པར་བྱེད་དོ། །རོ་དང ། ཁ་དོག་དང ། དྲི་རྣམས་ཀྱང་ལུས་ཐམས་ཅད་ལ་བྱེད་དོ། །གང་གི་ཚེ་ཡང་ཟས་སྟེང་དུ་བྱེད་པར་གྱུར་པའི་རླུང་འཁྲུགས་པར་གྱུར་ན་ནི་དེས་རྣམ་པ་ལྔར་ཆགས་པ་དང་བྲལ་བར་འགྱུར་བའི་ལས་ལྔ་བྱེད་པ་ཡིན་ཏེ། སྟེང་དུ་ དབུགས་འབྱུང་བར་འགྱུར་བའི་དབུགས་མི་འབྱུང་བར་བྱེད་དོ། །དེས་ལུས་ཀྱི་ཁམས་རྣམས་ཐམས་ཅད་ལ་ལྷང་ཀྱོག་ཆེན་པོ་འབྱུང་བར་འགྱུར་རོ། །ལྷང་ཀྱོག་གིས་ཀྱང་ལུས་ཡོངས་སུ་བཏང་ནས་འཁྲུགས་པར་གྱུར་པའི་ལས་གསུམ་པ་བྱེད་དོ། །དབང་པོ་རྣམས་ཐམས་ཅད་དང་ 71-1-149a ཤེས་པ་རྣམས་ཐམས་ཅད་ཀྱང་རྣམ་པར་དཀྲུག་པར་བྱས་ནས་ལུས་ཀྱང་འདོར་བར་བྱེད་དོ། །ལུས་ཡོངས་སུ་དོར་བས་ཀྱང་གསུམ་འཇོམས་པར་འགྱུར་ཏེ། སྲོག་དང་དྲོད་དང་དེ་ནས་ནི་རྣམ་པར་ཤེས་པའོ། །འདི་ལ་ཚིགས་སུ་བཅད་པ། སྲོག་དྲོད་དེ་ནས་རྣམ་པར་ཤེས། །གང་ཚེ་ལུས་ འདི་བཏང་བ་ན། །ཇི་ལྟར་ཤིང་བཞིན་ས་ལ་ནི། །འགྱེལ་ནས་དེ་ཚེ་ཉལ་བ་ཡིན། །འཁྲུགས་པར་གྱུར་པའི་ལས་གཉིས་པ་ཡང་བྱེད་དོ། །དབུགས་ཐུང་ངུ་ན་འབྱུང་བར་བྱེད་ཀྱི་དབུགས་རིང་པོ་འབྱུང་བར་ནི་མི་བྱེད་དེ། དེ་ལས་ཀྱང་ལུས་རྣམས་ཐམས་ཅད་ལ་རྒྱུག་པའི་ཟུག་གཟེར་ཆེན་པོ་འབྱུང་ བར་འགྱུར་རོ། །ཟུག་གཟེར་གྱིས་ཀྱང་ལུས་ཡོངས་སུ་བཏང་བར་འགྱུར་རོ། །འཁྲུགས་པར་འགྱུར་བའི་ལས་གསུམ་པ་རྣམས་བྱེད་དེ། དབང་པོ་རྣམས་ཐམས་ཅད་དང་ཤེས་པ་རྣམས་ཐམས་ཅད་ཀྱང་རྣམ་པར་གཡེང་བར་བྱས་པས་འདུ་ཤེས་མེད་པར་ཡང་བྱས་ནས་ལུས་འདོར་བར་ཡང་བྱེད་ དོ། །འཁྲུགས་པར་འགྱུར་བའི་ལས་བཞི་པ་བྱེད་པ་ཡིན་ཏེ། བརྒྱལ་ན་དབུགས་འབྱུང་བ་སྟོབས་དང་ལྡན་པར་གྱུར་པས་སམ། གལ་ཏེ་ཤེད་ན་དམན་པར་གྱུར་པས་ཀྱང་ལུས་འདོར་བར་བྱེད་པའམ། མ་ཡིན་པའམ་ཉལ་བའི་འདུ་ཤེས་ཀྱི་དབུགས་དང་ལྡན་པར་གྱུར་པས་འཚོ་བ་འཛིན་ པར་བྱེད་དོ། །དེས་སྟེང་འོག་གི་རླུང་རྣམས་རིག་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་ན་ལས་ཅི་ ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཀུན་རྫོགས་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་ཏེ་ཚོ་བར་གྱུར་པ་དང་རྗུད་པར་ཡང་བྱེད་དོ། །སེམས་ཀྱི་རྒྱུད་བརྟན་པར་ཡང་བྱེད་དོ། །གལ་ཏེ་འཁྲུགས་པར་གྱུར་ན་ནི་དེས་ ཀྱང་སེམས་ཀྱི་རྒྱུན་རྩབ་ཧྲལ་ཅན་དུ་བྱེད་དོ། །རྣམ་པར་ཤེས་པ་གོམས་པར་བྱས་པ་ཡང་ཉམས་པར་བྱེད་དོ། །ཐོས་པ་རྣམས་ཀྱང་གཞན་དུ་བྱེད་དོ། །དེས་མཐོང་བར་གྱུར་པ་རྣམས་ཀྱང་མི་མཐོང་བར་བྱེད་དོ། །དེ་བཞིན་དུ་རྣ་བས་ཀྱང་སྒྲ་རྣམས་མི་ཐོས་པར་བྱེད་དོ། །དེ་བཞིན་དུ་དྲི་སྣོམ་པར་མི་བྱེད་ 71-1-149b ཅིང་དེ་བཞིན་དུ་རོ་མྱོང་བར་མི་བྱེད་ལ་དེ་བཞིན་དུ་ལུས་ཀྱི་རེག་བྱ་རྣམས་འཛིན་པར་མི་བྱེད་དོ། །དེ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་མི་ཤེས་སོ། །བདག་ཉིད་རང་དང་གཞན་རྣམས་ཤེས་པར་མི་འགྱུར་རོ། །དེས་ཀུན་རྫོགས་པར་བྱེད་པའི་རླུང་རིག་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གང་དག་གིས་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སེམས་ཀྱི་རྒྱུད་ ཀུན་དུ་སུན་འབྱིན་པའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་ན། བདག་ལ་ལས་ཅི་ཞིག་བྱེད་པ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ན། གལ་ཏེ་བདག་ལ་སེམས་ཀྱི་རྒྱུད་ ཀུན་ནས་སུན་འབྱིན་པའི་རླུང་འཁྲུགས་པར་གྱུར་ན། དེ་བདག་གི་སེམས་རྒྱུ་བར་བྱེད་པའི་ལམ་ཀུན་དུ་སུན་འབྱིན་པར་བྱེད་དོ། །སྐྱོད་པར་བྱེད་དོ། །རེངས་པར་བྱེད་དོ། །ཤིན་ཏུ་སྐམ་པར་བྱེད་དོ། །རྣམ་པར་གཡེང་བར་ཡང་བྱེད་དོ། །ཀུན་དུ་རྨོངས་པར་ཡང་བྱེད་དོ། །བདག་གིས་ཟོས་པར་ གྱུར་པ་རྣམས་ཀྱང་ལམ་ནས་ཡང་དག་པར་ཡོངས་སུ་བཞུ་བར་མི་འགྱུར་རོ། །དེས་རང་གི་སེམས་རྣམ་པར་གཡེང་བར་འགྱུར་རོ། །དེ་ཡིས་བདག་གི་སེམས་དགེ་བའི་ཆོས་རྣམས་ལ་མངོན་པར་དགའ་བར་མི་བྱེད་དོ། །རྟག་ཏུ་ཡང་བདག་གི་ལུས་ལས་རྔུལ་ཀུན་དུ་འབྱུང་ངོ ། །བདག་གི་ཁ་ནས་ལྦུ་བ་ཡང་ འབྱུང་བར་འགྱུར་རོ། །གྲང་མོར་གྱུར་པའི་རེག་བྱ་རྣམས་ཀྱང་བདག་གིས་མི་བཟོད་དོ། །གང་ཡང་བདག་གིས་གཟུགས་རྣམས་མཐོང་བར་གྱུར་པ་དེ་དག་རྣམས་ནི་མི་གསལ་བར་ཡོངས་སུ་འཛིན་ཏོ། །བདག་གི་ལུས་པོ་དག་ལྕི་བར་ཡང་འགྱུར་རོ། །འོན་ཀྱང་བདག་ལ་དེ་དག་ལ་མཐུ་སྟོབས་ཡང་མེད་ དོ། །བདག་གི་ལུས་ཤིན་ཏུ་རྒུད་པར་འགྱུར་རོ། །དེས་སེམས་སུན་འབྱིན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ།བདག་གི་ 71-1-150a རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཁྲུགས་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་འཁྲུགས་པར་གྱུར་ན། བདག་གིས་རྨི་ལམ་ན་རྨི་ལམ་གྱི་བྱ་བ་རྣམས་བྱེད་པར་མཐོང་ངོ ། །བདག་ཉལ་བར་གྱུར་པ་ཡང་རྣམ་པར་འཁྲུལ་བར་བྱེད་དོ། །བདག་གི་དྲོད་རྣམས་ཐམས་ཅད་ཤིན་ཏུ་གྲང་བའི་སྟོབས་དང་ལྡན་པར་འགྱུར་རོ། །གྲོང་ཁྱེར་དང་ཁང་པ་རྣམས་ཀྱང་བདག་གིས་ཤིན་ ཏུ་སྟོང་པར་མཐོང་ངོ ། །བདག་གི་མདོག་སྐྱ་བོར་འགྱུར་རོ། །བདག་གི་ལུས་ངག་གི་བྱེད་པ་རྣམས་ཉུང་བར་འགྱུར་རོ། །མལ་སྟན་ལ་བདག་གི་བདེ་བ་རྙེད་པར་མི་འགྱུར་རོ། །གང་ཡང་བདག་གིས་ཆོས་རྣམས་མངོན་སུམ་དུ་བྱས་པ་དེ་དག་རྣམས་ཀྱང་བདག་ཤིན་ཏུ་མངོན་པར་འདོད་པར་ མི་འགྱུར་རོ། །བདག་གི་འབྱུང་བ་ཆེན་པོ་རྣམས་ཐམས་ཅད་ཀྱང་ཀུན་དུ་འཁྲུགས་པར་བྱེད་དོ། །ཟོས་པར་གྱུར་པའི་བདག་གི་འབྱུང་བ་ཆེན་པོ་རྣམས་ཐམས་ཅད་དང ། བརྗོད་པ་རྣམས་ཀྱང་བདག་གི་སྙིང་གི་ཕྱོགས་ན་ཀུན་དུ་གནས་པར་འགྱུར་བ་དང ། བདག་གློ་བུར་དུ་ཚོར་བ་མེད་པར་ ཡང་འགྱུར་རོ། །བདག་གིས་ཐལ་བའི་ཕུང་པོ་ཡང་གློ་བུར་དུ་མཐོང་བར་འགྱུར་རོ། །གལ་ཏེ་ཡང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་ཀུན་དུ་འཁྲུགས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་ པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མིག་འབྱེད་པ་དང་འཛུམས་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་འཁྲུགས་པར་གྱུར་ན་དེས་བདག་གི་མིག་འབྱེད་པ་དང་འཛུམས་པར་ཡང་མི་བྱེད་དོ། །དེ་ལྟར་ཡན་ལག་དང་ཉིང་ལག་རྣམས་ 71-1-150b ཐམས་ཅད་ལ་རྒྱུ་བ་དང་རྩ་རྣམས་ཐམས་ཅད་ལ་རྒྱུ་བ་དང་དབང་པོ་རྣམས་ཐམས་ཅད་རྨོངས་ཤིང་ཞེན་པར་བྱེད་པའི་རླུང་མྱུར་བ་ནི་བདག་གིས་གཅིག་ཀྱང་མ་མཐོང་ངོ ། །འབྱེད་པ་དང་འཛུམས་པར་བྱེད་པའི་རླུང་གལ་ཏེ་འཁྲུགས་པར་མ་གྱུར་ན་ནི། ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་ འགྱུར་རོ། །འབྱེད་པ་དང་འཛུམས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རྟོགས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ་བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་ གྱུར་པའམ་འཁྲུགས་པར་མ་གྱུར་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཕན་ཚུན་ཀུན་དུ་དཀྲུག་པར་བྱེད་པའི་རླུང་ལྔ་བདག་ལ་འཆི་བའི་དུས་ན་འབྱུང་བར་འགྱུར་ཏེ། དེ་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན། བདག་འཆི་བར་གྱུར་པའི་དུས་ན་ལས་ཅི་ཞིག་བྱེད་པར་འགྱུར་བ་ཡིན་ན། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་རྣམས་ཀུན་དུ་འགག་པར་བྱེད་དོ། །རང་རང་གི་ཡུལ་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་རྣམས་ཀྱང་སྟེ་གལ་ཏེ་འཁྲུགས་པར་མ་གྱུར་ན་ནི་དེས་བདག་ མྱུར་བར་འཆི་བར་བྱེད་པར་མི་འགྱུར་རོ། །དེས་ཕན་ཚུན་འཁྲུགས་པར་བྱེད་པར་ལྔའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མངལ་ཀུན་དུ་ཆགས་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ དང་པོ་མངལ་དུ་སྐྱེ་བར་གྱུར་པ་ན། གལ་ཏེ་ཐ་མལ་པའི་ལས་ཀྱི་རྐྱེན་གྱིས་བདག་ནུར་ནུར་པོའི་ནང་དུ་དེས་སྲོག་དང་འབྲལ་བར་བྱེད་དོ། །ནུར་ནུར་པོ་ལ་གནས་པར་གྱུར་པ་ན། གལ་ཏེ་ཡང་སྲོག་དང་བྲལ་བར་མ་གྱུར་ན་མེར་མེར་པོ་ལ་གནས་པ་ན་འབྲལ་བར་མི་བྱེད་དོ། །ནར་ནར་པོ་ལ་གནས་པར་གྱུར་ན་ཡང་ 71-1-151a འབྲལ་བར་མི་བྱེད་དོ། །དེས་ལུས་ཀྱི་ཆ་ཤས་རྣམས་ཐམས་ཅད་དོད་པ་ན་འབྲལ་བར་བྱེད་དོ། །ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་འགྱུས་པ་ལ་ནི་སྲོག་འཕྲོག་པར་མི་བྱེད་དོ། །དེས་བདག་གི་དབང་པོ་རྣམས་དོད་པར་བྱས་ནས་འཕྲོག་པར་བྱེད་དོ། །སྐྱེ་བ་གཞན་གང་ཡང་རུང་བ་ རྣམས་ལ་ཇི་ལྟ་ཇི་ལྟར་སྲོག་གཅོད་པ་ཤིན་ཏུ་ལྕི་བ་རྣམས་བྱས་པར་གྱུར་ན། དེ་ལྟ་དེ་ལྟར་འདིའི་མངལ་ནས་བཟུང་ནས་ཤིན་ཏུ་མྱུར་བར་སྲོག་དང་བྲལ་བར་བྱེད་དོ། །གལ་ཏེ་ཡང་འདིས་སྐྱེ་བ་གཞན་གང་ཡང་རུང་བ་རྣམས་སུ་སྲོག་གཅོད་པ་མ་བྱས་པར་གྱུར་ན་ནི་འཆི་བར་འགྱུར་བ་ཇི་སྐད་དུ་བཤད་ པ་དེ་དག་རྣམས་ཤིན་ཏུ་མྱུར་བར་འབྱུང་བར་མི་འགྱུར་རོ། །དེས་མངལ་འཕེལ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མངལ་འཇིག་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་ཡིན་ཏེ་དེ་འཁྲུགས་ པའམ་མ་འཁྲུགས་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་བདག་གི་མངལ་འཇིག་པར་བྱེད་པའི་རླུང་འཁྲུགས་པར་གྱུར་ན། འདོད་པས་ལོག་པར་གཡེམ་པའི་རྐྱེན་དང་ལྡན་པས་རང་བཞིན་སུན་འབྱིན་པར་ བྱེད་པ་ཡིན་ཏེ། བདག་སྐྱེས་པར་གྱུར་ནས་མངལ་ན་གནས་པ་ལས་དེས་བུད་མེད་དམ་མ་ནིང་དུ་ཡང་བྱེད་དོ། །ཐམས་ཅད་དུ་ཡང་མངལ་འཕོ་བར་བྱེད་པ་ཡིན་ཏེ། ཉེས་པར་བྱས་པའི་ལས་ཅན་རྣམས་ལའོ། །གལ་ཏེ་ཡང་མངལ་འཇིག་པར་བྱེད་པའི་རླུང་སྔོན་ཉེས་པར་བྱས་པའི་ལས་ རྣམས་ཀྱི་རྐྱེན་དང་ལྡན་པར་གྱུར་པས་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་མངལ་གྱི་རྣམ་པར་འགྱུར་བའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་མངལ་འཇིག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་རབ་ཏུ་རིག་པར་ 71-1-151b བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་ བར་གྱུར་པ། གལ་ཏེ་བདག་འགྲོ་བ་དང ། འོང་བ་དང ། རྒྱུག་པ་དང ། མཆོང་བར་བྱེད་པའི་རླུང་འཁྲུགས་པ་དང་མ་འཁྲུགས་པར་གྱུར་པ་ན་སྟེ། དེས་བདག་ཀྱོག་པོར་འགྱུར་རོ། །ལག་པ་དག་ཀྱང་འཁུམ་པར་འགྱུར་རོ། །སྒུར་པོར་ཡང་འགྱུར་རོ། །གནས་དང་གནས་སུ་ཡང་འགྲོ་བར་མི་ནུས་སོ། ། བདག་གི་ཟས་དང་གནས་དང་ཀུན་དགའ་ར་བ་རྣམས་སུ་ཡང་འགྲོ་བར་མི་ནུས་སོ། །བདག་གི་ལུས་ཀྱི་དབང་པོའི་བློ་རྣམས་དང་ཡིད་ཀྱང་རབ་ཏུ་དང་བར་མི་འགྱུར་རོ། །གལ་ཏེ་འཁྲུགས་པར་མ་གྱུར་ན་ནི་དེས་བདག་གི་ལུས་འགྲོ་བ་དང་འོང་བ་རྣམས་ནུས་པར་འགྱུར་རོ། །བདག་གིས་ རྒྱུག་པ་དང ། མཆོང་བ་དང ། འཛེག་པ་རྣམས་ཀྱང་ནུས་པར་འགྱུར་རོ། །དེས་འགྲོ་བ་དང ། འོང་བ་དང ། རྒྱུག་པ་དང ། མཆོང་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་ གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་རྣམས་ཀྱི་སོ་སོར་ལས་བྱེད་པའི་རླུང་ལྔ་པོ་རྣམས་སོ་སོར་རྒྱུ་བར་བྱེད་དོ། །དེ་ལ་རླུང་གཅིག་ནི་མིག་དང་ལྷན་ཅིག་ཏུ་གྱུར་པའི་འབྱུང་བ་བཞི་ལས་ཤིན་ཏུ་གཡོ་བར་བྱེད་པས་ན་རླུང་ཡིན་ཏེ། དེས་ན་འདི་ལ་ནི་རླུང་ཞེས་བརྗོད་དོ། །དེས་གལ་ཏེ་བདག་གི་མིག་ རབ་ཏུ་དང་བར་བྱེད་པར་གྱུར་ན་ནི་གང་གིས་བདག་གི་འབྱུང་བ་ཆེན་པོ་རྣམས་རབ་ཏུ་དང་བར་བྱས་པས་གཟུགས་རྣམས་ལྟ་བར་བྱེད་པ་ལ་ནུས་པ་དང་ལྡན་པར་འགྱུར་རོ། །རྣ་བ་ལ་ཡང་བདག་གི་རླུང་གཞན་རབ་ཏུ་གནས་པ་ཡིན་ཏེ། དེས་སྒྲ་རྣམས་འཛིན་པར་བྱེད་པ་ལ་བདག་ནུས་པ་དང་ལྡན་པར་ 71-1-152a འགྱུར་རོ། །དེ་བཞིན་དུ་སྣས་དྲི་རྣམས་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟར་སྣས་ནུས་པར་འགྱུར་བ་ཡིན་ནོ། །དེ་ལྟར་བདག་གི་ལྕེས་ཀྱང་རོ་རྣམས་མྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་བདག་གི་ལུས་ཀྱིས་ཀྱང་རེག་བྱ་རྣམས་འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཡང་རླུང་ལྔ་པོ་རྣམས་ ཤེས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གལ་ཏེ་ཡང་རླུང་དེ་དག་རྣམས་ཀྱང་འཁྲུགས་པར་གྱུར་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ཡུལ་དེ་དག་རྣམས་ལ་དབང་པོ་རྣམས་ནུས་པ་མེད་པར་འགྱུར་རོ། །དེས་མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་རྣམས་ལ་གནས་པར་གྱུར་པའི་རླུང་ལྔ་པོ་རྣམས་ཤེས་པར་གྱུར་པ་དག་གིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་ལུས་ལ་རབ་ཏུ་ གནས་པ་ཡིན་ལ་དེ་བདག་ལ་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གྲོག་མ་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་ཏེ། དེས་འཁྲུགས་པ་དང་མ་ འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་གྲོག་མ་པའི་རླུང་བདག་འཆི་བའི་དུས་སུ་གྱུར་པ་ན་ཤིན་ཏུ་འཁྲུགས་པ་སྐྱེས་པར་གྱུར་ན་ནི་དེས་བདག་གི་པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་ དང ། རུས་པའི་འདུ་ཤེས་དང ། ཁུ་ཆུ་ཡང་སྟེ། ཁམས་དེ་དག་རྣམས་ཐམས་ཅད་ཀྱང་སྐམས་པར་བྱེད་དོ། །ཀུན་དུ་སྒུལ་བར་འགྱུར་རོ། །འཇུག་པར་འགྱུར་རོ། །ཀུན་དུ་སྐམས་པར་གྱུར་ནས་ཀྱང་བདག་འཆི་བའི་དུས་ཀྱི་ཚེ་ན་དེ་ལྟར་ཚོར་བ་རྣམས་བྱེད་པར་འགྱུར་རོ། །རབ་ཏུ་འབར་བར་གྱུར་པའི་ ལྕགས་ཀྱི་རང་བཞིན་གྱི་གྲོག་མ་སྟོང་ཕྲག་རྣམས་གལ་ཏེ་ལུས་ལ་བཅུག་པར་གྱུར་ན་ཡང་དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །གལ་ཏེ་ཡང་བདག་འཆི་བར་གྱུར་པའི་དུས་ན་ཤིན་ཏུ་སྟོབས་ཆེ་བར་འཁྲུགས་པར་མ་གྱུར་ན་ལེགས་པར་བྱས་པའི་ལས་རྣམས་ཀྱི་རང་བཞིན་གྱིས་དེས་བདག་ལ་ 71-1-152b ཤིན་ཏུ་མི་བཟད་པའི་ཚོར་བ་རྣམས་འབྱུང་བར་མི་འགྱུར་རོ། །དེས་གྲོག་མ་པར་གྱུར་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁབ་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་འཁྲུགས་པ་དང་མ་འཁྲུགས་ པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་དག་གིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་འཆི་བར་གྱུར་པའི་དུས་སུ་ཁབ་ལྟ་བུའི་རླུང་དེ་འཁྲུགས་པར་གྱུར་ན། དེས་བདག་གི་ལུས་སུ་གྱུར་པ་རྣམས་ཐམས་ཅད་དང ། ཚིགས་ སུ་གྱུར་པ་རྣམས་ཐམས་ཅད་དང ། གནད་དུ་གྱུར་པ་རྣམས་ཐམས་ཅད་དང ། རྒྱུས་པར་གྱུར་པ་རྣམས་ཐམས་ཅད་དང ། རྒྱུས་པའི་གསེབ་ཏུ་གྱུར་པ་རྣམས་ཐམས་ཅད་དང ། ཁོག་པར་གྱུར་པ་རྣམས་ཐམས་ཅད་དང ། སྤུའི་ཁུང་བུར་གྱུར་པ་རྣམས་ཐམས་ཅད་དང ། ཤའི་དུམ་བུར་གྱུར་ པ་རྣམས་ཐམས་ཅད་དང ། ལྷ་བར་གྱུར་པ་རྣམས་ཐམས་ཅད་དང ། རུས་པར་གྱུར་པ་རྣམས་ཐམས་ཅད་ལ་ཡང་རབ་ཏུ་འབར་བར་འགྱུར་ཞིང་ཁབ་དང་འདྲ་བར་གྱུར་པ་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་དེ། དེས་དེ་བཞིན་དུ་བདག་ལ་ཚོར་བ་རྣམས་བྱེད་པར་འགྱུར་རོ། །དཔེར་ན་ཁབ་བརྒྱ་ སྟོང་ཕྲག་མང་པོ་རབ་ཏུ་འབར་བར་གྱུར་པ་རྣམས་ལུས་ཐམས་ཅད་ལ་རབ་ཏུ་བཙུགས་པར་གྱུར་པས་ཀྱང་བཅུ་དྲུག་གི་ཆར་ཡང་ཆོག་པར་ཡང་མི་འགྱུར་རོ། །གལ་ཏེ་ཡང་སྔོན་ལེགས་པར་བྱས་པའི་ལས་རྣམས་ཀྱི་གཟི་བརྗིད་ཀྱིས་བདག་འཆི་བའི་དུས་ཀྱི་ཚེ་ན་ཁབ་ལྟ་བུའི་རླུང་ཤིན་ཏུ་སྟོབས་ ཆེ་བར་མི་འགྱུར་ལ། དེས་ཇི་སྐད་དུ་བཤད་པར་གྱུར་པའི་ཚོར་བ་རྣམས་མི་བཟད་པར་མི་འགྱུར་རོ། །དེས་ཁབ་ལྟ་བུའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་ 71-1-153a རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལུས་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མཁྲིས་པ་ཀུན་ནས་སུན་ འབྱིན་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་ཏེ། དེས་འཁྲུགས་པར་གྱུར་ན་ཡང་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་མཁྲིས་པ་ཀུན་ནས་སུན་འབྱིན་པ་ཞེས་བྱ་བའི་རླུང་འཁྲུགས་ པར་གྱུར་ན། དེས་བདག་གི་གསུས་པ་ན་གནས་པར་གྱུར་པའི་མཁྲིས་པ་སུན་ཕྱུང་ནས་ཁ་སྐམས་པར་བྱེད་པ་ཡིན་ནོ། །ལུས་ཐམས་ཅད་ནི་སེར་སྐྱར་བྱེད་པ་དང ། སེན་མོ་དང ། མིག་དང ། ཁ་དང་རྣམས་ཀྱང་སེར་པོར་བྱས་ནས་གསུས་པ་ཐང་བར་བྱེད་དོ། །སྔོན་པོ་དང་ སེར་པོའི་རྩ་རྣམས་བདག་གི་གསུས་པའི་སྟོད་དུ་སྐྱེ་བར་བྱེད་དོ། །བདག་སྤྲོ་བ་མེད་པར་ཡང་འགྱུར་རོ། །ཟོས་པ་རྣམས་ཀྱང་ཤིན་ཏུ་འཇུ་བར་མི་འགྱུར་བ་དང ། བདག་གི་ཁ་ཁ་བར་ཡང་འགྱུར་རོ། །བདག་གི་ཆུ་ངན་ཡང་སེར་པོར་འགྱུར་རོ། །ལུས་ཐམས་ཅད་ སྐམ་པོར་སྐྱེད་པར་བྱེད་དོ། །བདག་གིས་གཟུགས་རྣམས་ཐམས་ཅད་ཀྱང ། སྔོན་པོ་དང ། སེར་པོ་དང ། སྔོ་བསངས་སུ་མཐོང་བར་འགྱུར་རོ། །འོན་ཀྱང་བདག་གིས་ལངས་ནུས་པར་ཡང་མི་འགྱུར་རོ། །རྟག་ཏུ་ཡང་བདག་གི་གསུས་པ་སྒྲ་དང་བཅས་པར་ཡང་འགྱུར་རོ། ། གལ་ཏེ་ཡང་བདག་གི་མཁྲིས་པ་ཀུན་དུ་སུན་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི། ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རྒྱས་པར་མི་འགྱུར་རོ། །དེས་མཁྲིས་པ་ཀུན་དུ་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་ བ་བཞིན་དུ་ལུས་སོ་སོར་རྟོགས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་གང་ཞིག་བྱེད་པ་ཡིན་ན། དེས་ཐོས་ 71-1-153b པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱུ་མ་འབྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་རྒྱུ་མ་འབྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ལས། དེ་གལ་ཏེ་འཁྲུགས་པར་གྱུར་ན། དེས་ཀྱང་བདག་གིས་ཟོས་པར་གྱུར་ནས། ལྕེའི་མཐར་སོང་བ་ན་ཡང་རུང་སྟེ། ཤིན་ཏུ་བར་ཡང་འདས་ ཤིང་རུས་པའི་ཀྲེང་ཏོར་རམ་ལུས་ཀྱི་གྲེ་བ་འབིགས་པར་བྱེད་དོ། །དེ་ཡིས་ཟས་ཀྱི་རོ་རྣམས་ལུས་ཀྱི་གསེབ་ཏུ་ངེས་པར་འགྲོའོ། །ངེས་པར་ཟས་ཀྱི་རོ་རྒྱུ་མའི་གསེབ་ཏུ་སོང་བར་གྱུར་པས་ཀྱང་བདག་གི་གསུས་པ་འཕེལ་བར་ཡང་འགྱུར་རོ། །དེས་བདག་ཆེས་སྦོམ་པར་བྱེད་དོ། ། བཟའ་བ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་རབ་ཏུ་ཕལ་ཆེ་བར་གྱུར་པ་རྣམས་བདག་གིས་ཉེ་བར་སྤྱད་པར་ཡང་མི་ནུས་སོ། །བདག་ཟས་དང་བྲལ་བར་གྱུར་པ་དེ་ཡིས་སྤྲོ་བ་ཡོངས་སུ་ཉམས་པར་འགྱུར་རོ། །བདག་གི་ལག་པ་དང ། རྐང་པ་དག་ཀྱང་ སྐྲང་བར་གྱུར་པ་ཀུན་དུ་སྐྱེད་པར་བྱེད་དོ། །བདག་གི་གསང་བའི་གནས་ཀྱང་སྲེག་པར་བྱེད་དོ། །རྣམ་པར་སྲེག་པ་ཡང་རྒྱུན་གྱིས་འཇུག་པར་འགྱུར་རོ། །ལུས་ཐམས་ཅད་དང་ཁ་ཡང་སྐམ་པར་འགྱུར་རོ། །བདག་གིས་དགའ་བར་གྱུར་པའི་རྨི་ལམ་རྣམས་ཀྱང་མི་མཐོང་ ངོ ། །རླུང་གིས་རྒྱུ་མ་རྣམས་ཡུད་ཙམ་ཡང་གནས་པར་མི་འགྱུར་རོ། །གལ་ཏེ་ཡང་རྒྱུ་མ་འབྱེད་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ཇི་སྐད་བཤད་པའི་ནད་རྣམས་དེ་དག་རྣམས་ཀྱིས་རྒྱས་པར་མི་འགྱུར་རོ། །དེས་རྒྱུ་མ་འབྱེད་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་ གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ 71-1-154a ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བད་ཀན་ཀུན་ནས་སུན་འབྱིན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་བདག་གི་བད་ཀན་སུན་འབྱིན་པ་ཞེས་བྱ་བའི་རླུང་འཁྲུགས་པར་གྱུར་ན་ནི་དེས་བདག་གི་ཁ་མངར་པོར་བྱེད་དོ། །སྙིང་འཕར་བ་དང ། དང་ཀ་མི་བདེ་བ་དང ། བསམ་གཏན་ལ་འགྲོ་བར་གྱུར་པ་ན་ཡང་གཉིད་དང་ རྨུགས་པ་སྐྱེད་པར་བྱེད་དོ། །ལྕེ་ཡང་ལྕི་མོར་བྱེད་པ་དང་བདག་གི་མགུལ་པ་ལ་ཡང་ན་ཚ་སྐྱེད་པར་བྱེད་དོ། །ཁར་བླུག་པར་གྱུར་པ་རྣམས་ཀྱང་སྐད་ཅིག་ལ་མགྲིན་པའི་སྤུའི་ཡུལ་ཕྱོགས་ཀྱི་སྟེང་དུ་འོངས་པར་གྱུར་ན་དྲི་མི་ཞིམ་ཞིང་ཚོར་བ་དང་བཅས་པས་ཁ་ནས་ཀུན་དུ་འབྱུང་བར་འགྱུར་རོ། ། ལྟོགས་པ་དང་སྐོམ་པ་དག་ཀྱང་སྟོབས་དང་ལྡན་པར་འགྱུར་རོ། བདག་གི་མགྲིན་པར་ཡང་འཁྱིག་པར་བྱེད་དོ། །གལ་ཏེ་ཡང་བདག་གི་བད་ཀན་ཀུན་དུ་སུན་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་རབ་ཏུ་རྒྱས་པར་མི་འགྱུར་རོ། ། བད་ཀན་ཀུན་དུ་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་བདག་གི་རླུང་གང་དག་འཁྲུགས་པར་ གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལྷ་བ་ཀུན་དུ་སུན་འབྱིན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་འཁྲུགས་པར་གྱུར་ན་དེས་བདག་ འདར་བར་འགྱུར་བ་དང ། ལས་ཅུང་ཟད་ཙམ་གྱིས་ཀྱང་ངལ་བར་འགྱུར་རོ། །རྟག་ཏུ་བདག་ནད་པར་འགྱུར་རོ། །བདག་གི་ངོ་བཞིན་མཛེས་པར་ཡང་མི་འགྱུར་ཞིང་བདག་གི་ལུས་ལ་རྐོ་རློག་ཏུ་བྱེད་པ་དང ། བདག་གིས་མང་དུ་སྨྲ་བར་ཡང་མི་ནུས་སོ། །བདག་གི་ཡིད་ཀྱང་བརྟན་པ་མ་ 71-1-154b ཡིན་པར་འགྱུར་རོ། །ཉིན་མཚན་མེད་པར་ཡང་རུས་པའི་གསེབ་རྣམས་ལས་གྱུར་པའི་བདག་གི་ཚོར་བ་རྣམས་འཇི་བར་ཡང་འགྱུར་རོ། །བདག་གི་ལུས་པོ་རྣམས་ལ་རྟག་ཏུ་བ་སྤུ་ལངས་པར་ཡང་འགྱུར་རོ། །དབང་པོ་རྣམས་ཐམས་ཅད་ཀྱང་ནད་དང་བཅས་པར་འགྱུར་རོ། །བདག་ གི་མགོ་བོ་ལ་ཡང་ཚོར་བ་རྣམས་རྒྱུན་གྱིས་འཇུག་པར་ཡང་འགྱུར་རོ། །བདག་གི་མགོ་བོ་ལ་ཀུན་དུ་སྤྱོད་པར་བྱེད་པའི་སྲིན་རྣམས་ཀྱང་རྟག་ཏུ་རླུང་གིས་མགོ་བོའི་ནང་དུ་སོང་བར་གྱུར་ནས་རྣམ་པར་སྐྱོད་པར་བྱེད་དོ། །དེ་རྣམ་པར་སྐྱོད་པར་གྱུར་པས་ཀྱང་ཁབ་བཞིན་དུ་བདག་གི་མགོ་བོ་ འབིགས་པར་བྱེད་དོ། །གལ་ཏེ་ཡང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པའི་ནད་དེ་དག་རྣམས་རབ་ཏུ་འབྱུང་བར་མི་འགྱུར་རོ། །དེས་ལྟ་བ་ཀུན་དུ་སུན་འབྱིན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་བདག་གི་རླུང་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་ པ། པགས་པ་ཀུན་དུ་སུན་འབྱིན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་པགས་ པ་ཀུན་ནས་སུན་འབྱིན་པའི་རླུང་ལུས་ལ་རབ་ཏུ་གནས་པ་འཁྲུགས་པར་གྱུར་ན་ཡང་དེ་ཡིས་བདག་གི་པགས་པའི་མདོག་རྣམས་དང་བྲལ་བར་འགྱུར་རོ། །ལུས་ཐམས་ཅད་ཀྱང་རྩུབ་མོ་ཧྲུད་པོར་འགྱུར་ཞིང་གླང་པོའི་པགས་པའི་ཀབ་ཀོབ་པོ་རྣམས་དང་འདྲ་བར་པགས་པའི་ ཡུལ་ཀུན་ལ་ཐིག་ལེ་དུ་མ་ཉེ་བར་སྐྱེས་པར་འགྱུར་རོ། །ཡན་ལག་རྣམས་ལས་ཐོགས་པ་མེད་ཅིང་མྱུར་བར་རྔུལ་ཡང་འབྱུང་བར་འགྱུར་རོ། །ཉལ་བར་གྱུར་པ་ན་བདག་གི་ལུས་རྣམས་རྩུབ་པར་འགྱུར་རོ། །བདག་གི་ལུས་རྐྱོང་བར་ཡང་མི་ནུས་ལ་བསྐུམས་པར་གྱུར་པ་ན་ཡང་ 71-1-155a བདག་གིས་རྐྱོང་བར་བྱེད་མི་ནུས་སོ། །དོང་རྣམས་དང་གཡང་སར་གྱུར་པ་དང་རྩུབ་པའི་མདོག་རྣམས་རྨི་ལམ་དུ་ཡང་བདག་གིས་མཐོང་བར་འགྱུར་རོ། །བཟའ་བར་བྱ་བ་རྣམས་དང་བཅའ་བར་བྱ་བ་རྣམས་དྲོན་མོར་གྱུར་པ་མིད་པ་ཡང་ཐམས་ཅད་གྲང་ མོར་ཡང་བདག་གིས་རྟོགས་སོ། །བདག་གི་ལྕེ་ཡང་རྡོལ་བར་འགྱུར་ཞིང ། བདག་གི་ཟས་རྣམས་མིད་པར་ཡང་མི་ནུས་སོ། །གལ་ཏེ་ཡང་པགས་པ་ཀུན་ནས་སུན་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་ འབྱུང་བར་མི་འགྱུར་རོ། །དེས་པགས་པ་ཀུན་དུ་འཇོམས་བྱེད་ཀྱི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་གྱུར་ པ་ན། གཞན་དག་གི་རླུང་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁྲག་ཀུན་ནས་སུན་འདོན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་ རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་འཁྲུགས་པར་གྱུར་ན་དེས་བདག་གི་མཆིན་པའི་གནས་ཀྱི་ནང་གི་གསེབ་ན་རྒྱུ་བར་གྱུར་པའི་ཁྲག་རྣམས་གཉིས་སུ་རྣམ་པར་འབྱེད་པར་བྱེད་དེ། མ་འགྲུངས་པ་སྟེང་དུ་འགྲོ་བ་དང་འོག་ཏུ་འགྲོའོ། །དེ་ལ་སྟེང་དུ་འགྲོ་བ་རྣམས་ནི་སྣ་ བུག་དང ། མིག་དང ། རྣ་བ་རྣམས་སུ་རྒྱུ་བར་བྱེད་ཅིང་ཁྲག་རྒྱུ་བའི་རྒྱུན་རྣམས་ཀུན་དུ་སུན་འདོན་ནོ། །དེ་སུན་བཏོན་པར་གྱུར་པས་ཀྱང་ནང་གི་ཁམས་རྣམས་ཐམས་ཅད་འཁྲུགས་པར་བྱེད་དོ། །དེ་ཡིས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀྱང་རྩོལ་ བ་མེད་པར་འགྱུར་རོ། །རྣ་བ་ལས་སུ་མི་རུང་བ་དང་འགྲོ་བ་དང་འོང་བ་ཡང་བདག་གིས་མི་ནུས་པར་འགྱུར་རོ། །རྟག་ཏུ་ཡང་བདག་གི་སྣ་བུག་གཉིས་དྲི་མི་ཞིམ་པར་འགྱུར་རོ། །ཚངས་པར་སྤྱོད་པར་འགྱུར་བ་བདག་ཉིན་མོ་སྤྱོད་པའི་སར་འགྲོ་བ་ན་མངོན་པར་སྤྲོ་བར་མི་འགྱུར་བ་ 71-1-155b དང་ཀུན་དུ་འདྲེ་བར་ཡང་མི་བྱེད་དོ། །གལ་ཏེ་ཡང་འོག་ཏུ་འགྲོ་བར་འགྱུར་བའི་ཁྲག་རྣམ་པར་འབྱེད་པར་བྱེད་ན། དེ་གཞང་དང་ཕོ་མཚན་དག་རྣམ་པར་འཇིག་པར་བྱེད་དེ། དེས་ཀྱང་བདག་གི་ཁྲག་རྣམས་མཚན་མ་ནས་ཤིན་ཏུ་རབ་ཏུ་རྒྱུ་བར་བྱེད་དོ། །བདག་གི་གཞང་ཡང་ཁྲོ་གཉེར་ གསུམ་དུ་སུན་འབྱིན་པར་བྱེད་ལ། བཤང་བ་རྒྱུ་བར་གྱུར་པའི་སྦུབས་ཀུན་དུ་སུན་ཕྱུང་བར་ཡང་གྱུར་ཅིང་ཁུ་བས་ཀྱང་བདག་ལ་གཞང་འབྲུམ་སྐྱེད་པར་གྱུར་ནས་དེས་བདག་ཤིན་ཏུ་ཡང་ན་ཚ་བར་བྱེད་དོ། །དེས་ཡང་ན་ཁྲག་གིས་ཤིན་ཏུ་ཡང་འཁྲུ་བར་བྱེད་དོ། །དེས་ཁྲག་ཀུན་དུ་སུན་ འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་ འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤ་ཀུན་ནས་སུན་འདོན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་བདག་ལ་འཁྲུགས་པ་དང་མ་འཁྲུགས་ པ་ན་ལས་ཅི་ཞིག་བྱེད་ཅེ་ན། གལ་ཏེ་ཤ་ཀུན་ནས་སུན་འདོན་པར་བྱེད་པའི་རླུང་བདག་ལ་རབ་ཏུ་འཁྲུགས་པར་གྱུར་ན་དེ་ཡིས་བདག་རྩུབ་པ་དང ། སྣུམ་བག་ཅན་མ་ཡིན་པ་དང ། མདོག་ངན་པ་དང ། ཧྲུད་ཧྲུད་པོ་དང ། ནད་ཆེན་པོར་གྱུར་པ་དང ། དྲི་མི་ཞིམ་པ་དང ། ལུས་ སུ་གྱུར་པ་རྣམས་ཐམས་ཅད་ལ་ཡང་ཀབ་ཀོབ་ཏུ་གྱུར་པའི་ཐིག་ལེ་རྣམས་སྐྱེད་དོ། །ཀུན་དུ་སྐྱེས་པར་གྱུར་པ་རྣམས་ཀྱང་དྲི་མི་ཞིམ་པར་འགྱུར་རོ། །བདག་ཤིན་ཏུ་ཡང་ཆུ་ངན་མང་བར་འགྱུར་བ་དང ། གྲང་བ་རྣམས་བཟོད་པ་དང ། དྲོ་བ་རྣམས་དང་ཆུ་དྲོན་གྱི་གཏམ་ཙམ་ཡང་བཟོད་ པར་མི་འགྱུར་བ་དང ། རོ་ཚ་བར་གྱུར་པ་རྣམས་མི་བཟོད་པ་དང ། བསིལ་བ་དང ། མངར་བ་དང ། ཡང་བ་རྣམས་བཟོད་པར་འགྱུར་རོ། །བདག་གི་ལུས་ཐམས་ཅད་ཀྱི་ཤ་ཡང་འདྲུལ་བ་དང ། དྲི་མི་ཞིམ་པ་དང ། རྣག་འཛག་པར་ཡང་འགྱུར་རོ། །དེས་ཤ་སུན་འདོན་པར་བྱེད་པའི་ 71-1-156a རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་རྣམས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་གྱུར་པ་ན། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་ གནས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཚིལ་ཀུན་ནས་སུན་འདོན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་ཏེ། དེ་བདག་ལ་འཁྲུགས་པར་གྱུར་ན་ནད་གང་དག་སྐྱེད་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་གི་ཚིལ་ཀུན་དུ་མ་རུངས་པར་བྱེད་པའི་རླུང་དེས་བདག་གི་ཚིལ་རྣམས་ཤིན་ཏུ་ཕུལ་དུ་བྱུང་བ་སྐྱེད་པར་གྱུར་ནས་བདག་གི་ལུས་ཀྱི་གནས་རྣམས་ལས་ཁ་ཅིག་ནི་ཚིལ་གྱིས་གནོན་པར་བྱེད་དོ། །ལ་ལ་ནི་སྐྲང་བར་བྱེད་པར་ འགྱུར་རོ། །འགའ་ཞིག་ནི་མ་རུངས་པའི་གནས་སུ་བྱེད་དོ། །འགའ་ཞིག་ནི་དམའ་བར་བྱེད་དོ། །བརྒྱ་ལ་ནི་ཤིན་ཏུ་སྲ་བར་ཡང་བྱེད་དོ། །འགའ་ཞིག་ནི་སྐྱ་བོར་ཡང་འགྱུར་རོ། །འགའ་ཞིག་ནི་རྣམ་པ་ཐམས་ཅད་དུ་སེམས་མེད་པར་འགྱུར་རོ། །གལ་ཏེ་འཁྲུགས་པར་མ་གྱུར་ ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་ཚིལ་ཀུན་དུ་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་གོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རུས་པ་ཀུན་དུ་སུན་འདོན་པ་ཞེས་བྱ་བའི་རླུང་ལུས་ ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ཞེ་ན། དེས་རུས་པའི་ལྷང་ཀྱོག་རྣམས་ཀུན་ནས་སྐྱེད་པར་བྱེད་དོ། །མུར་འགྲམ་འབྱེད་པར་ཡང་འགྱུར་བ་དང ། གཉིད་མེད་པར་ཡང་བྱེད་དེ། ཉིན་མཚན་མེད་པར་གཉིད་མེད་ 71-1-156b པར་ཡང་འགྱུར་རོ། །བདག་གི་རྐང་མར་ཡང་ཤིན་ཏུ་སྡུག་བསྔལ་བར་བྱེད་ཅིང་བདག་གི་ལུས་ཐམས་ཅད་ཀྱང་སློ་སློ་བོར་ཀུན་དུ་སྐྱེད་པར་བྱེད་དོ། །རྒྱུས་པ་ཡང་རབ་ཏུ་རྒྱས་པར་མི་འགྱུར་བ་དང་སྲ་བ་ཡང་མ་ཡིན་ནོ། །སྔོ་བར་གྱུར་པ་དང ། རྟག་པར་ཉེ་བར་དགའ་བ་མ་ཡིན་པའི་ཚོར་ བ་རྣམས་ཀྱིས་ཁྱབ་པར་བྱེད་པས་ངལ་བར་གྱུར་པ་རྣམས་བཞིན་དུ་བདག་གི་ལུས་ཀྱང་རྟག་ཏུ་འགྱུར་རོ། །སྐད་ཅིག་ཙམ་ཡང་མིག་བཙུམ་ཙམ་དུ་ཡང་བདག་གིས་བདེ་བ་རྙེད་པར་མི་འགྱུར་རོ། །དེས་རུས་པ་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་ པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་འཁྲུགས་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁུ་ཆུ་ཀུན་དུ་སྐམས་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་ རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་ཁུ་ཆུ་སྐམ་བྱེད་ཀྱི་རླུང་བདག་ལ་འཁྲུགས་པར་གྱུར་ན། དེས་བདག་འཁྲུལ་བར་བྱེད་དོ། །མཚན་མོ་ཡང་མལ་ན་བུ་མོ་དག་གི་རྨི་ལམ་གྱི་རྣམ་པར་འགྱུར་བ་ཀུན་དུ་སྟོན་པར་བྱེད་དོ། །རྣམ་པར་འགྱུར་བ་ནི་ཀུན་དུ་ རྣམ་པར་རྟོག་པ་ལས་གྱུར་པའི་སོ་སོའི་སྐྱེ་བོ་རྣམས་འདོད་པར་གྱུར་པས་བརྫུན་པོས་འདོད་པ་ལ་སྤྱོད་པར་བྱེད་པ་སྟེ། རླུང་དེས་དམིགས་པར་གྱུར་པ་ནི་སྲིན་པོ་རྒྱུ་བའི་བུ་མོ་བརྫུན་པ་བདེན་པ་དང་རྣམ་པར་བྲལ་བ་ཞེས་བྱ་བ་དེས་བདག་ལ་ཅོ་འདྲི་བར་བྱེད་འདོད་པ་ཡིན་ནོ། །བདག་གི་ཟས་ ཀྱང་སྨིན་པར་མི་འགྱུར་རོ། །དེས་ཁུ་ཆུ་ཀུན་ནས་སུན་འདོན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་ 71-1-157a གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མཐུག་ཀོབ་ཏུ་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་ པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་མཐུག་ཀོབ་ཏུ་བྱེད་པ་ཞེས་བྱ་བའི་རླུང་འཁྲུགས་པར་གྱུར་ན་དེས་བདག་གི་རྐང་པའི་གསེབ་ཏུ་གྱུར་པ་དང ། རྐང་པའི་མཐིལ་གྱི་ གསེབ་ཏུ་གྱུར་པ་དང ། པུས་མོའི་ལྷ་ངའི་གསེབ་ཏུ་གྱུར་པ་དང ། མཇུག་མའི་གསེབ་ཏུ་གྱུར་པ་དང ། རྒྱབ་ཀྱི་གསེབ་ཏུ་གྱུར་པ་དང ། གློའི་གསེབ་ཏུ་གྱུར་པ་དང ། ནུ་མའི་གསེབ་ཏུ་གྱུར་པ་དང ། སྐེའི་གསེབ་ཏུ་གྱུར་པ་དང ། དཔུང་བའི་གསེབ་ཏུ་གྱུར་པ་དང ། མགོ་བོའི་ གསེབ་ཏུ་གྱུར་པ་དང ། རྣ་བའི་གསེབ་ཏུ་གྱུར་པ་དང ། སྨིན་མའི་གསེབ་ཏུ་གྱུར་པ་དང ། ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀྱི་གསེབ་ཏུ་གྱུར་པའི་བདག་གི་ལུས་རྣམས་ལ་མཐུག་པོ་ཀབ་ཀོབ་ཏུ་སྐྱེད་དོ། །ཀུན་དུ་དཀྲིག་པར་བྱེད་ཅིང་རབ་ཏུ་འཕེལ་བར་བྱེད་དོ། །ཀུན་དུ་འཁུམ་པར་བྱེད་པ་དང་འཁྲུལ་བར་བྱེད་དོ། །རྐང་པ་དག་རྡོལ་བར་ཡང་བྱེད་དོ། །གལ་ཏེ་ཡང་བདག་གིས་མར་སར་དང་མར་ནག་དག་གིས་བྱུག་པ་བྱས་པར་གྱུར་ན་དེས་བདག་གིས་བསྐུས་པ་རྣམས་སྐམ་པར་བྱེད་དོ། །རྙིངས་པར་བྱེད་དོ། །དེས་མཐུག་ཀོབ་ཏུ་བྱེད་པའི་རླུང་ལ་སོ་ སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ལས་ཅི་ཞིག་བྱེད་པར་གྱུར་པ་ཡིན་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་སྐྲ་དཀར་པོར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ལ། དེ་བདག་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། གལ་ཏེ་སྐྲ་དཀར་པོར་བྱེད་པའི་རླུང་ 71-1-157b བདག་གི་ལུས་འཁྲུགས་པ་སྐྱེས་པར་གྱུར་ན། དེས་བདག་གཞོན་པ་ལང་ཚོ་ལ་བབ་པ་ཡིན་ཡང་སྐྲ་དཀར་ཀུན་དུ་སྐྱེད་པར་བྱེད་དོ། །གཞོན་པ་ལང་ཚོ་ལ་བབ་པར་གྱུར་པ་ཡང་རྗུད་པ་ཉིད་དུ་སྐྱེད་པར་བྱེད་དེ་དེ་ནི་ཇི་ལྟར་རྒན་པོ་བཞིན་ནོ། །གལ་ཏེ་ཡང་བྱིས་པ་སོ་སོའི་སྐྱེ་བོ་གཞན་ དག་རྣམས་ལ་ཡང་ཟས་ཀྱིས་སྐྱེད་པར་བྱེད་དོ། །དེ་དག་ཀྱང་བུའི་རིམ་པ་ཇི་ལྟ་བས་རྒན་པོ་རྣམས་སུ་འགྱུར་རོ། །གཞོན་པ་ལང་ཚོ་ལ་བབ་པར་གྱུར་པ་དེ་དག་རྣམས་ཀྱང་ངེས་པར་ཡང་ཀུན་དུ་འབྲེལ་པར་བྱེད་དོ། །དེ་དག་རྣམས་ཀྱང་གཞན་གང་དག་བྱིས་པ་རྣམས་ལ་ཡིན་པ་ ལས་དེ་དག་ཀྱང་རྒྱུན་གྱི་རིམ་པས་རྒས་པ་དང་ཤིན་ཏུ་འབྲེལ་པར་བྱེད་དོ། །གསར་པ་ལང་ཚོ་ལ་བབ་པ་རྣམས་ཀྱང་སྐྲ་དཀར་པོར་བྱེད་པའི་རླུང་གི་མཐུ་སྟོབས་ཀྱིས་གསར་པ་ལང་ཚོ་ལ་བབ་པ་རྣམས་ཀྱང་རྒས་པ་རབ་ཀྱི་སྟོབས་དང་ལྡན་པར་འགྱུར་རོ། །སྐྲ་དཀར་དུ་བྱེད་པའི་རླུང་དེ་ ཡང་བཟང་ལྡན་གྱི་དུས་ན་མི་འབྱུང་ངོ ། །རྩོད་ལྡན་གྱི་དུས་ན་ཡང་ཇི་ལྟར་ཆོས་མ་ཡིན་པ་ལ་ཕལ་ཆེར་སྐྱེ་དགུ་རྣམས་གནས་པར་གྱུར་པ་དེ་ལྟ་དེ་ལྟར་སྐྲ་དཀར་དུ་བྱེད་པའི་རླུང་རབ་ཏུ་འཕེལ་བར་འགྱུར་རོ། །དེ་ལྟར་ཡང་ཆོས་མ་ཡིན་པ་ལ་གནས་པའི་སེམས་ཅན་རྣམས་ཕལ་ཆེ་བར་ འགྱུར་རོ། །དེས་སྐྲ་དཀར་དུ་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་ ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཐུན་པ་སུན་འདོན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་བདག་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ དེས་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་ལ་འཁྲུགས་པར་གྱུར་པས་ནི་དང་ཀ་མི་བདེ་བར་བྱེད་དོ། །སྡུག་པ་དང་འཐུན་པ་རྣམས་ལ་ཞེ་སྡང་བར་འགྱུར་རོ། །དེ་ཉིན་མོ་ཉལ་བ་ན་འཁྲུགས་ 71-1-158a པར་འགྱུར་ཏེ། ཟས་མངར་མོ་རྣམས་ཀྱང་བདག་གིས་མིད་པར་མི་ནུས་སོ། །བདག་ཚ་བ་དང་སྐྱུར་བའི་ཟས་རྣམས་འདོད་པར་འགྱུར་རོ། །རྩུབ་མོ་དེ་དག་རྣམས་ཀྱིས་ཀྱང་བདག་གི་ཡིད་རབ་ཏུ་ཁྲོ་བ་སྐྱེད་པར་བྱེད་དོ། །ཉིན་མོ་སྤྱོད་པའི་སར་མ་ཕྱིན་ན་ཡང་ལུས་ངལ་ བར་འགྱུར་རོ། །དེས་འཐུན་པ་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་ བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གཅིན་ལྷག་མ་སུན་འདོན་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་གི་གཅིན་ཀུན་ནས་སུན་འདོན་པར་བྱེད་པའི་རླུང་རབ་ཏུ་འཁྲུགས་པར་གྱུར་ན། དེ་ཡིས་ཉིན་མོ་དང་མཚན་མོ་མེད་པར་ཡང་བདག་གི་ཕོ་ མཚན་ལ་གནས་པའི་ཚོར་བ་རྣམས་རབ་ཏུ་ཞི་བར་མི་འགྱུར་རོ། །རྟག་ཏུ་ཡང་བདག་ཆུ་ངན་གཏོང་འདོད་པར་འགྱུར་རོ། །བདག་གི་ཆུ་ངན་གཏང་བར་ཡང་མི་ནུས་སོ། །བདག་གི་ལུས་ཀྱང་རྟག་པར་ཀུན་དུ་སྤྲོ་བ་མེད་པར་འགྱུར་རོ། །བདག་གི་དབུགས་འབྱིན་པ་ན་རྫོགས་པར་ཡང་ མི་འགྱུར་རོ། །དེ་རབ་ཏུ་སྟོབས་ཆེ་བར་གྱུར་ན་བདག་ཤིན་ཏུ་ཡང་སྐྱ་བོར་སྐྱེད་པ་དང ། རྫུད་པར་ཡང་བྱེད་དོ། །དེས་གཅིན་ལྷག་མ་ཀུན་ནས་སུན་འདོན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་ རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པར་གྱུར་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཟས་དང་ལྡན་པ་ཞེས་བྱ་བའི་རླུང་བདག་གི་ 71-1-158b ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་བདག་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་ཟས་དང་ལྡན་པའི་རླུང་རབ་ཏུ་འཁྲུགས་པར་གྱུར་ན་རང་བཞིན་ དུ་གནས་པར་གྱུར་པའི་ཟས་ལས་དེ་ཡང་གང་གི་ཚེ་ཟས་བཞི་འགྱུར་རམ་ལྔ་འགྱུར་དུ་ཡང་ཟ་བར་བྱེད་དོ། །དེ་བདག་ལ་རབ་ཏུ་འཁྲུགས་པར་གྱུར་ན་ཟས་དང་བཅས་པར་གྱུར་དུ་ཟིན་ཀྱང་སྤྲོ་བ་འཇིག་པར་བྱེད་དོ། །བདག་གིས་མིག་འབྱེད་པ་དང་འཛུམས་པར་བྱེད་ཀྱང་མི་ནུས་སོ། ། རླུང་དེ་སྟོབས་དང་ལྡན་པར་གྱུར་པས་བདག་གི་ཡིད་ལ་ཆོས་རྣམས་སྲིད་པར་ཡང་མི་འགྱུར་རོ། །དེས་ཟས་དང་ལྡན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྟེང་དུ་འགྲོ་བར་བྱེད་པ་ཞེས་ བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་སོ་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་གྱུར་ན་ནི་དེས་བདག་གི་སོ་ལ་ལྷང་ཀྱོག་ དང ། སོ་འཇིག་པ་དང ། སོ་རྣམས་རྩ་བ་ནས་འབྲུལ་བ་དང ། སོ་རྣམས་རྙིལ་སྐྲང་བ་དང ། ཁ་སྐྲང་བ་དང ། མཆུ་སྐྲང་བ་དང ། རྐན་ཡང་སྔོན་པོར་བྱེད་དོ། །དེས་སོ་འབྱིན་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་ རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ལུས་ལ་རླུང་གཞན་གང་དག་རབ་ཏུ་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལྕེའུ་ཆུང་ 71-1-159a དག་ལ་རབ་ཏུ་སྲེག་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་མཐོང་བར་གྱུར་པ་ནི་ལྕེའུ་ཆུང་ལ་རབ་ཏུ་སྲེག་པར་བྱེད་པ་ཞེས་བྱ་བའི་རླུང་བདག་ ལ་རབ་ཏུ་འཁྲུགས་པར་གྱུར་ན། དེས་བདག་གི་མགྲིན་པ་ལ་ཟུག་གཟེར་དང ། མགྲིན་པ་ལ་ཤ་འབྲས་དང ། མགྲིན་པ་སྦོམ་པོར་ཡང་བྱེད་དོ། །འུར་འུར་ཞེས་ཀྱང་བྱེད་དོ། །དེས་ལྕེའུ་ཆུང་ལ་སྲེག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འོག་ཏུ་འགྲོ་བ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་བདག་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། འོག་ཏུ་འགྲོ་བར་བྱེད་པའི་རླུང་དེ་འཁྲུགས་པར་གྱུར་ན་ཡང་དེས་ བདག་གི་ཟས་རྣམས་ལས་མང་དུ་ནི་སུན་བཏོན་པར་གྱུར་ནས་ཤིན་ཏུ་ཉུང་བ་ཞིག་དངས་པར་འགྱུར་རོ། །དེ་ལ་ཟས་རྣམས་དངས་པར་གྱུར་པས་ནི་པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། ཁུ་ཆུ་དང ། ལྷ་རྐང་རྣམས་ཀྱང་འཕེལ་བར་བྱེད་དོ། །རྙོག་པར་གྱུར་པས་ ནི་རླུང་དང ། མཁྲིས་པ་དང ། བད་ཀན་རྣམས་རབ་ཏུ་འཁྲུགས་པར་འགྱུར་རོ། །བདག་གི་སྟེང་དང་འོག་ཏུ་བྱེད་པའི་རླུང་དེ་གལ་ཏེ་འཁྲུགས་པར་གྱུར་ན་ནི་དེས་ཆེས་མང་དུ་ཟས་དང་བརྩོན་འགྲུས་རྣམས་སུན་འབྱིན་པར་བྱེད་དོ། །ཤིན་ཏུ་ཉུང་བ་ཞིག་དང་བར་བྱེད་དོ། །དེས་འོག་ཏུ་འགྲོ་ བའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ 71-1-159b ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྟེང་དུ་འགྲོ་བར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེས་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན། བདག་ལ་ ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། སྟེང་དུ་འགྲོ་བར་བྱེད་པའི་རླུང་ནི་བདག་གི་སྤྱི་བོ་ལ་བརྟེན་ནས་སྤྱི་བོའི་ཐོད་པ་ཕུག་པར་གྱུར་ནས་དུ་བ་ལྟ་བུ་སྤྱི་བོ་ནས་བྱུང་སྟེ་འགྲོ་བར་བྱེད་དོ། །བདག་ཚ་བར་གྱུར་ པའི་ནང་ན་འགྲོ་བར་གྱུར་ན་སྤྱི་བོ་བརྟོལ་ནས་དུ་བ་ཉིད་དུ་རྒྱུ་བར་བྱེད་དོ། །དེ་ནི་གཙུག་ཕུད་ནས་མཐོང་བར་འགྱུར་རོ། །ཉིན་མོ་དང་མཚན་མོ་མེད་པར་ཡང་རྒྱུན་མི་འཆད་པར་འགྲོ་བའོ། །སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་ཀྱིས་མངོན་སུམ་དུ་ཡང་མཐོང་ངོ ། །གལ་ཏེ་ཡང་རབ་ཏུ་འཁྲུགས་ པར་གྱུར་ན་དེ་ནི་སྤྱི་བོ་བརྟོལ་ནས་ཀུན་ཏུ་འགྲོ་བར་བྱེད་དེ། དེ་རྒྱུན་མ་ཆད་པས་ཞག་གསུམ་ན་ངེས་པར་འཆི་བར་འགྱུར་རོ། །དེས་སྟེང་དུ་འགྲོ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་ སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། བདག་གི་རླུང་གཞན་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ ཏེ་བདག་གི་གློ་ན་རྒྱུ་བར་བྱེད་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་དབུགས་དབྱུང་བ་དང་རྔུབ་པ་རྣམས་ཀྱང་སྐྱོད་པར་བྱེད་པ་དང ། བདག་གི་རྩ་དང་རྒྱུས་པ་རྣམས་ཐམས་ཅད་ཀྱང་གཡོ་བར་བྱེད་དོ། །རྣམ་པར་འདྲེ་བར་བྱེད་ཅིང་འཕྱང་བར་ཡང་བྱེད་དོ། །ཀུན་ནས་ཐུང་བར་བྱེད་ ཅིང་རིང་བར་ཡང་བྱེད་ལ། སྣ་སྦུབས་དག་གཞོམ་པར་བྱེད་དོ། །ཤུ་ཤུ་འུ་བདག་ཀྱང་སྐྱེད་པར་བྱེད་དོ། །དེས་ཀྱང་བདག་འཆི་བ་ལ་ཐུག་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ། །དེས་རྩིབ་ལོགས་ལ་རྒྱུ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་ 71-1-160a སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཟ་མ་ཏོག་ལ་གནས་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་ མཐོང་བར་གྱུར་པ་ནི་ཟ་མ་ཏོག་ལ་གནས་པའི་རླུང་གལ་ཏེ་འཁྲུགས་པར་གྱུར་པ་ན། དེས་བདག་གི་རྒྱུས་པ་མང་པོ་ལག་པའི་གནད་ལ་གནས་པ་རྣམས་དང ། རྐང་པ་ལ་གནས་པའི་རྒྱུས་པ་མང་པོ་རྣམས་དང ། རྒྱབ་ལ་གནས་པའི་རྒྱུས་པ་མང་པོ་རྣམས་དང ། གསང་བ་ ལ་གནས་པའི་རྒྱུས་པ་མང་པོ་རྣམས་དང ། ལུས་ཐམས་ཅད་ལ་གནས་པའི་རྒྱུས་པ་མང་པོ་རྣམས་ཀུན་དུ་འཁུམ་པར་བྱེད་དོ། །ཀུན་ནས་འབྲེལ་པར་བྱེད་དོ། །ཀུན་དུ་སྒོ་བར་བྱེད་དོ། །སེམས་དང་བྲལ་བར་ཡང་བྱེད་དོ། །རྒྱུས་པའི་ཚོགས་ཆེན་པོ་དེ་ལ་ཡང་ལུས་པོ་ཞེས་ ཀྱང་རྗོད་པར་བྱེད་དོ། །དེས་ཟ་མ་ཏོག་ལ་གནས་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་ བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ན། དེས་སྤུ་འབྱེད་པར་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པར་འགྱུར་བ་མཐོང་བར་གྱུར་ཏོ། །དེ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་ བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་སྤུ་འབྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་འཁྲུགས་པར་གྱུར་ན་ནི་དེས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྤུ་རྣམས་འཇོམས་པར་བྱེད་དོ། །སེར་སྐྱར་ཡང་བྱེད་པ་དང་། 71-1-160b ཡན་ལག་དེའི་ཡུལ་ཕྱོགས་རྣམས་མདོག་ངན་པར་ཡང་བྱེད་དོ། །བདག་གི་སྤུ་རྣམས་ཉམས་པར་འགྱུར་རོ་ཞེས་ཤེས་པར་ཡང་འགྱུར་བ་དང ། ཆུད་འཛའ་བར་གྱུར་པ་རྣམས་ནི་ཕྱིར་ཞིང་ལྷག་པར་ཁྱད་པར་དུ་འཕེལ་བར་ཡང་འགྱུར་རོ། །དེས་སྤུ་འབྱེད་པའི་རླུང་ལ་སོ་སོར་བརྟགས་ པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རྟོགས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་ བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རླུང་རྗེས་སུ་འཐུན་པ་ཞེས་བྱ་བ་སྟེ། རླུང་འཁྲུགས་པའམ་མ་འཁྲུགས་པ་ན་ཡང་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ མཐོང་བ་ནི་རྗེས་སུ་འཐུན་པར་གཡོ་བའི་རླུང་ནི་སྐབས་དང་སྐབས་རྣམས་སུ་ཇི་ལྟ་བར་རླུང་གིས་རྗེས་སུ་འཐུན་པར་སྤྲོ་བར་བྱེད་པ་སྟེ། ཐ་མལ་པའི་ཚད་དུ་འགྲོ་བ་དང ། འོང་བ་དང ། སྐུམ་པ་དང ། རྐྱོང་བ་དང་རྣམས་རྗེས་སུ་འཐུན་པར་རྣམ་པར་འབྱེད་པར་བྱེད་པའོ། །གལ་ཏེ་ ཡང་ལུས་ཐམས་ཅད་དུ་འགྲོ་བར་བྱེད་པས་བསྐྱོད་ནས་ནི་དེས་ཡིད་རྒྱུ་བར་བྱེད་པའི་རྒྱུན་ཡང་སྐྱོད་པར་བྱེད་དོ། །དེའི་རྐྱེན་གྱིས་བདག་རླུང་གིས་སྨྱོན་པར་འགྱུར་རོ། །བདག་གི་སེམས་མཉམ་པར་བཞག་པར་ཡང་མི་འགྱུར་རོ། །དེས་རླུང་རྗེས་སུ་འཐུན་པའི་རླུང་ལ་སོ་སོར་ བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ལ། དེ་འཁྲུགས་པར་ གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལས། ཉལ་བ་ལས་རྣམ་པར་གཡེང་བ་སྟོན་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་གལ་ཏེ་ 71-1-161a བདག་ལ་འཁྲུགས་པར་གྱུར་ན། དེས་བདག་སངས་རྒྱས་ཀྱི་གསུང་ཉན་པར་གྱུར་པ་ན་ནི་གཉིད་སྐྱེད་པར་བྱེད་དོ། །ཀུན་ནས་ཉོན་མོངས་པ་ཅན་མི་དགེ་བར་གྱུར་པ་རྣམས་ཉན་ན་ནི་གཉིད་མི་སྐྱེད་དོ། །དེ་སེམས་ཅན་གྱི་རྒྱུན་རྣམ་པར་གཡེང་བ་ཉིད་དུ་ཡང་བྱེད་དོ། ། མཚན་མོ་ཡང་ཡིད་ལ་བྱེད་པ་ཡང་དག་པར་མི་འགྱུར་རོ། །བདག་མང་དུ་མངོན་པར་བརྗོད་པར་འགྱུར་རོ། །ཕྱོགས་སུ་གྱུར་པ་རྣམས་ན་ཡང་བདག་གིས་སྐྲ་ཤད་འཛིངས་པར་མཐོང་བར་འགྱུར་རོ། །དེས་ཉལ་བས་རྣམ་པར་གཡེངས་པ་རྣམས་སྟོན་པའི་རླུང་ལ་སོ་སོར་བརྟགས་ པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན། དེས་ལས་ནི་ཅི་ཞིག་བྱེད་པ་ ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མི་བཟོད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལས། གལ་ཏེ་བདག་གི་མི་བཟོད་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གླེང་གཞི་ཆུང་ངུ་ཙམ་གྱིས་ཀྱང་རབ་ཏུ་ཁྲོ་བར་བྱེད་དོ། །དེས་ཁྲོ་བའི་དབང་དུ་གྱུར་པར་ཡང་ལེགས་པར་སྟོན་པར་བྱེད་དོ། །སོ་ སོའི་སྐྱེ་བོ་རྣམས་ལ་ཁྲོ་བ་སྐྱེད་པར་འགྱུར་བ་ཡང་ཡིན་ནོ། །སྤུ་རྣམས་ཀྱང་ལངས་པར་བྱེད་དོ། །སྙིང་ལ་གནས་པའི་རླན་རྣམས་སྐྱེད་པར་ཡང་བྱེད་དོ། །བདག་གིས་ཉེ་བ་ན་གནས་པའི་གཟུགས་རྣམས་ཀྱང་རིང་བ་ན་གནས་པ་བཞིན་དུ་མཐོང་ངོ ། །བདག་གིས་ཉི་མ་དང་ ཟླ་བ་དག་གི་དཀྱིལ་འཁོར་ཡང་ཕྱིན་ཅི་ལོག་ཏུ་མཐོང་བར་འགྱུར་རོ། །ཟླ་བ་ཡང་ཉི་མ་ལྟར་བདག་གིས་མཐོང་བར་འགྱུར་ཏེ། རླུང་དེ་རབ་ཏུ་འཁྲུགས་པར་གྱུར་པའི་སྐྱོན་གྱིས་ཡིན་ནོ། །དེས་མི་བཟོད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་ 71-1-161b བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལྕེ་ལ་གསལ་བྱེད་དང་ཡི་གེ་རྣམས་བྱེད་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་ རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་བདག་གི་གསལ་བྱེད་དང་ཡི་གེ་གང་ཡིན་པ་འདི་དག་རྣམས་ནི་བརྗོད་པར་བྱ་བར་ཡང་མི་ནུས་ཀྱི། དེ་དག་ནི་སེམས་དང་སེམས་ལས་བྱུང་བ་དག་གིས་དམིགས་པས་ལྕེ་ལས་བརྗོད་པ་དང་ཡི་གེ་རྣམས་དང་བཅས་པར་རླུང་གི་ མངོན་པར་བརྗོད་པ་ཡིན་ཏེ། སེམས་ཀྱིས་བྱེད་པའི་རྗེས་སུ་འབྲང་བར་བྱེད་པའི་རླུང་གིས་བསྐྱོད་པར་གྱུར་པས་བརྗོད་པ་དང་ཡི་གེ་རྣམས་གཅིག་མ་ཡིན་པར་བྱེད་པ་ཡིན་ཞིང ། དེ་ལྟར་ལྕེ་ཡིས་བརྗོད་པ་དང་ཡི་གེ་བྱེད་པའི་རླུང་ལ་བརྟེན་པར་གྱུར་ནས་གསལ་བྱེད་དང་ཡི་གེའི་ ཀུན་བརྗོད་པ་དུ་མ་རྣམས་བྱེད་པ་ཡིན་ནོ། །གལ་ཏེ་ཡང་འཁྲུགས་པར་གྱུར་ན་ནི་ལྕེ་ཞན་པར་འགྱུར་བའམ། ལྕེ་མགྱོགས་པར་ཡང་བྱེད་ཅིང་ལྐུགས་པར་ཡང་བྱེད་དོ། །ལྕེ་ལ་གསལ་བྱེད་དང་ཡི་གེ་བྱེད་པ་ཞེས་བྱ་བའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང ། འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རོ་སྲེད་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་བདག་ལ་འཁྲུགས་པའམ་མ་འཁྲུགས་པ་ན་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ 71-1-162a སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི་གལ་ཏེ་བདག་གི་རོ་སྲེད་པར་བྱེད་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་ལྕེའི་རྩེ་མོ་ལ་སྲིན་མངར་མོས་འདོད་པར་བྱེད་དོ། །དེ་ཡིས་བདག་ཐམས་ཅད་དུ་འདོད་པར་གྱུར་པ་དང ། ཐམས་ཅད་དུ་དགའ་བར་གྱུར་ པ་དང ། ཐམས་ཅད་དུ་ཡིད་དུ་འོང་བར་གྱུར་པའི་ཟས་རྣམས་ལ་བདག་དགའ་བར་འགྱུར་རོ། །བདག་གིས་མིད་པར་ཡང་བྱེད་མི་ནུས་སོ། །བདག་ཟས་དེ་དང་བྲལ་བར་གྱུར་ན་ལུས་བསམ་གཏན་ལ་མཉམ་པར་འཇོག་པར་བྱེད་མི་ནུས་པར་འགྱུར་རོ། །དགེ་བའི་ཆོས་རྣམས་ ལ་ཡང་ཤིན་ཏུ་སྤྲོ་བར་ཡང་མི་འགྱུར་རོ། །བདག་གི་ལུས་ཀྱི་སྐྱོན་གྱིས་ཡིན་ཏེ། གཟུགས་ནི་ཕན་ཚུན་གྱི་དབང་གིས་ཀུན་དུ་གནས་པའི་ཕྱིར་ན། ཇི་ལྟར་དབྱུག་གུ་གཉིས་ཕན་ཚུན་དུ་ལྟོས་པའི་དབང་གིས་འཛིན་པར་བྱེད་པ་ནི་ཕན་ཚུན་གྱི་སྟོབས་ཀྱིས་ཡིན་ནོ། །དེ་བཞིན་དུ་ མིང་དང་གཟུགས་གཉིས་ཕན་ཚུན་གྱི་སྟོབས་ཀྱིས་དང ། ཟས་ཀྱི་དབང་གིས་ཀྱང་འཁོར་བའི་ཕུང་པོ་འདི་ཡིན་ནོ། །ཇི་ལྟར་ཕྱེ་དང་ཆུ་གཉིས་འདྲེས་པར་གྱུར་པ་དག་གི་ཕན་ཚུན་གྱི་སྟོབས་ཀྱིས་གོང་བུར་འགྱུར་རོ། །དེ་བཞིན་དུ་ཕན་ཚུན་གྱི་སྟོབས་ཀྱིས་མིང་དང་གཟུགས་དག་ གནས་པ་ཡིན་ནོ། །དེས་རོ་སྲེད་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་ དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ།གལ་ཏེ་བདག་གི་མཆིན་པ་ཀུན་དུ་སུན་འབྱིན་པར་བྱེད་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་ ཟས་རྣམས་མཚན་མོ་འཇུ་བར་བྱེད་པ་ན་ལྷང་ཀྱོག་སྐྱེད་པར་བྱེད་པ་དང་ཟས་རྣམས་ཀྱང་སྐྱུར་པོར་བྱེད་དོ། །དེ་སྲིད་དུ་ལྷང་ཀྱོག་ཡོད་པར་གྱུར་པ་ཇི་སྲིད་པ་དེ་སྲིད་དུ་ཟས་རྣམས་ཀྱང་སྙོམས་པར་མི་འགྱུར་རོ། །བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀྱང་སྤྲོ་བ་མེད་པར་འགྱུར་རོ། ། 71-1-162b འབྲེལ་པ་རྣམས་ཐམས་ཅད་ཀྱང་རྒྱུས་པའི་དྲ་བ་ཐམས་ཅད་དུ་འབྲེལ་པར་བྱས་པར་འགྱུར་རོ། །མཆིན་པ་ཀུན་དུ་སུན་འདོན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པའམ་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བཤང་བ་སྟེང་དུ་བྱེད་པའི་ བདག་གི་རླུང་དེ་འཁྲུགས་པའམ་མ་འཁྲུགས་པར་གྱུར་ན་སྟེ། དེས་བདག་གི་ཁ་དང་སྣ་བུག་དག་ནས་དྲི་ངན་པ་རྣམས་སྐྱེད་པར་བྱེད་དོ། །བདག་གི་ནང་ནས་བྱུང་ནས་སྤུའི་ཁུང་བུ་རྣམས་ཐམས་ཅད་ལས་ཀྱང་ཕྱིར་འབྱིན་པར་བྱེད་དོ། །ཟས་ཀྱི་གནས་དང་པོའི་སྟེང་དུ་གྱུར་པར་བཤང་བ་ དང་ཟས་ཀྱི་གནས་ཐ་མ་དག་འདྲེན་པར་བྱེད་དོ། །དེས་ཀྱང་བདག་ཤིན་ཏུ་དྲག་པ་དང་ཚ་བ་དང་རྩུབ་པར་གྱུར་པའི་ཚོར་བ་ལུས་སུ་གྱུར་པ་ཐམས་ཅད་ལ་འབྱུང་བར་འགྱུར་རོ། །ཟས་ཀྱང་ཡང་དག་པ་དང་བདེ་བར་འཇུ་བར་ཡང་མི་འགྱུར་རོ། །བདག་བསམ་གཏན་གྱི་བདེ་བས་གནས་ པར་ཡང་མི་འགྱུར་རོ། །བདག་གིས་ཉིན་མོ་སྤྱོད་པའི་སར་དགེ་བའི་ཕྱོགས་ལ་སྦྱོར་བར་ཡང་མི་ནུས་སོ། །བཤང་བ་གྱེན་དུ་ཟློག་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གཞང་ལ་ཀུན་དུ་རྒྱུ་བ་ཞེས་བྱ་བའི་རླུང་ལུས་ལ་གནས་ཏེ། བདག་གིི་རླུང་གཞན་གང་དག་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གཞང་ལ་ཀུན་དུ་རྒྱུ་བ་ཞེས་བྱ་བའི་རླུང་ལུས་ལ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བ་ནི། གལ་ཏེ་ 71-1-163a བདག་གི་གཞང་ལ་ཀུན་དུ་རྒྱུ་བའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་གཞང་ལ་འབྲུམ་བུའི་རིགས་ལྔ་དང་མཐུག་ཀོབ་ཏུ་གྱུར་པ་གསུམ་ཀུན་ནས་སྐྱེད་པར་བྱེད་དོ། །གཞང་ལ་ཀུན་དུ་བརྟེན་ནས་ཀྱང་རླུང་གིས་རྣག་རྣམས་འབྱིན་པར་བྱེད་དོ། །རྣམ་ པར་སྲེག་པར་བྱེད་པ་དང་གཉིད་དུ་ཡང་འགྱུར་རོ། །རྒྱུས་པ་དང་གླད་ཕོར་དག་འཁྲུགས་ཅིང་འཁྲུགས་པར་ཡང་འགྱུར་རོ། །མེ་དྲོད་ཉམས་པར་ཡང་འགྱུར་བ་དང ། བདག་གི་ལྕེ་ཡང་རོ་ལ་སྲེད་པ་དང་བྲལ་བར་འགྱུར་རོ། །དེས་བཤང་བ་ལ་རྒྱུ་བའི་རླུང་ལ་སོ་སོར་བརྟགས་པར་ གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་ལུས་ལ་རླུང་གཞན་གང་དག་རབ་ཏུ་གནས་པ་ཡིན་ལ། དེ་བདག་ལ་འཁྲུགས་པར་གྱུར་པའམ་ འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དྲན་པ་ཀུན་ནས་འཇོམས་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལ། གལ་ཏེ་བདག་གི་དྲན་པ་ཀུན་ནས་སུན་འདོན་པའི་རླུང་འཁྲུགས་པར་གྱུར་ན། དེས་བདག་གི་དྲན་པ་རྣམས་འཇོམས་པར་བྱེད་དོ། །བདག་གིས་སྔོན་བླགས་པ་རྣམས་ནི་ མི་དྲན་ནོ། །བདག་གིས་དམིགས་པ་མེད་པ་བཞིན་དུ་ཕྱོགས་རྣམས་མཐོང་ངོ ། །གློ་ལུ་བར་བྱེད་པ་དག་ཀྱང་ཡང་དང་ཡང་དུ་འགྱུར་རོ། །སྤུ་རྣམས་ཐམས་ཅད་ཀྱང་རྩུབ་མོར་འགྱུར་རོ། །བདག་གི་སེན་མོ་རྣམས་ཀྱང་མདངས་ཁྲག་མེད་པར་འགྱུར་རོ། །བདག་ལ་ཚ་གྲང་ དག་ཀྱང་ལྷན་ཅིག་ཏུ་འགྱུར་རོ། །བདག་གིས་ཟོས་པ་རྣམས་ཀྱང་ཧ་ཅང་དྲན་པ་ཡང་མ་ཡིན་ནོ། །དེས་དྲན་པ་སུན་འབྱིན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་ 71-1-163b བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་ སྤྲོ་བར་བྱེད་པའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པའམ་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་གྱུར་པ་ལ། གལ་ཏེ་བདག་གི་སྤྲོ་བར་བྱེད་པའི་རླུང་ འཁྲུགས་པར་གྱུར་ན། དེས་རབ་ཏུ་ཕལ་ཆེ་བར་གྱུར་པའི་བཟའ་བར་བྱ་བ་དང ། བཅའ་བར་བྱ་བ་ཤིན་ཏུ་བསོད་པ་རྣམས་ལ་བདག་གིས་རབ་ཏུ་བརྩོན་པ་བསྐྱེད་ནས་མིད་པར་གྱུར་ཀྱང་ལུས་ལ་སྤྲོ་བ་སྐྱེ་བར་འགྱུར་བ་ཉིད་ཀྱང་མ་ཡིན་ནོ། །བདག་གི་ལུས་པོ་དུག་གིས་ བདུགས་པ་བཞིན་དུ་འགྱུར་ཏེ་རླུང་དེ་རབ་ཏུ་འཁྲུགས་པའི་རྐྱེན་གྱིས་སོ། །དེས་སྤྲོ་བར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་ སུ་ལྟ་ཞིང་གནས་ཏེ། བདག་གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ལུས་དང་སེམས་ཀྱི་སྟོབས་བྱེད་པ་ཞེས་བྱ་ བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ལ། ཇི་ལྟ་ཇི་ལྟར་བདག་མངལ་ལ་སོགས་པ་རྣམས་ནས་དེ་ལྟ་ དེ་ལྟར་བདག་གི་སེམས་ཀྱང་འཕེལ་བར་བྱེད་དོ། །རླུང་དེའི་མཐུས་བྱ་བ་དང་བྱ་བ་མ་ཡིན་པ་དག་ལ་ཡང་བདག་གི་སེམས་གསལ་པོར་ཡང་རླུང་དེས་བྱེད་དོ། །བདག་གིས་ཤེས་པར་འགྱུར་ཞིང་དང་པོ་དུས་རིང་པོ་ནས་བྱས་པའི་བྱ་བ་རྣམས་ལ་ཡང་བདག་གིས་ཡང་དག་པར་ 71-1-164a དྲན་ནོ། །བདག་གི་འགྲོ་བ་དང་འོང་བ་དག་ཡང་འཇོམས་པར་མི་འགྱུར་རོ། །བདག་གྲང་བ་དང ། དྲོ་བ་དང ། ལྟོགས་པ་དང ། སྐོམ་པ་རྣམས་དང་བཅས་པར་འགྱུར་རོ། །བདག་གི་ལུས་མཁྲང་པོར་ཡང་འགྱུར་ཞིང་སྐྲ་དཀར་རྣམས་ཀྱང་དུས་མ་ ཡིན་པར་མི་སྐྱེའོ། །དེས་ལུས་དང་སེམས་ཀྱི་སྟོབས་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་ གི་རླུང་གཞན་གང་དག་གིས་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། མགྲིན་པ་དང་ངག་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་ རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པ་དང་མ་འཁྲུགས་པ་ན་བདག་ལ་ལས་ཅི་ཞིག་བྱེད་པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་གི་མགྲིན་པ་དང་ངག་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་རླུང་ འཁྲུགས་པར་གྱུར་ན། དེས་བདག་གི་ལུས་རང་བཞིན་དུ་གནས་པར་ནི་རྒྱུ་གཞན་གྱིས་འགྱུར་རོ། །རླུང་དེ་གཞི་དེས་འཁྲུགས་པར་གྱུར་པས་དེའི་ཕྱིར་ལྐུགས་པར་བྱེད་དོ། །དེས་ཡང་ན་འོན་པར་བྱེད་པའམ། དེས་ཡང་ན། ལག་པ་འཁུམ་པར་བྱེད་པའམ། དེས་ཡང་ན་སྒུར་པོ་ཉིད་དུ་བྱེད་པའམ། དེས་ཡང་ན་དམུས་ལོང་དུ་བྱེད་པར་འགྱུར་ཏེ་རྣམ་པ་དེ་ལྟ་བུ་རྣམས་ཀྱི་ནད་རྣམས་ཀུན་དུ་སྐྱེད་དོ། །གལ་ཏེ་འཁྲུགས་པར་མ་གྱུར་ན་ནི་ཇི་སྐད་དུ་བཤད་པར་གྱུར་པའི་ནད་དེ་དག་རྣམས་འབྱུང་བར་མི་འགྱུར་རོ། །དེས་མགྲིན་པ་དང་ ངག་རྣམ་པར་འཇོམས་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ 71-1-164b ལུས་ལ་རབ་ཏུ་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཉལ་བ་ན་ལུ་བར་བྱེད་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ལས་ཅི་ཞིག་བྱེད་ པ་ཡང ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་ཉལ་བ་ན་གློ་ལུ་བར་བྱེད་པའི་རླུང་འཁྲུགས་པར་གྱུར་ན་ནི་དེས་བདག་གིས་རྣམ་པར་འགྱུར་བ་དང་བཅས་པའི་རྨི་ལམ་རྣམས་མཐོང་བར་འགྱུར་རོ། །རྣ་བ་ངན་པར་ གནས་པར་གྱུར་པའི་འཁྲུལ་པའི་བྱ་བ་རྣམས་བྱིས་པ་རྣམས་ཐམས་ཅད་ལ་ཡང་འབྱུང་བ་ཡིན་ཏེ། བདག་གི་རུས་པའི་ཚིགས་རྣམས་ཀུན་དུ་འབིགས་པར་བྱེད་པའི་ཚོར་བ་དག་ཀུན་དུ་སྐྱེད་དོ། །ཉལ་བ་ན་ཕྱིས་ལུས་ལ་འགྱུར་རོ། །དེས་ཉལ་བ་ན་གློ་ལུ་བར་བྱེད་པའི་རླུང་ ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ལུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་འཁྲུགས་པར་གྱུར་པ་དང་འཁྲུགས་པར་མ་གྱུར་པ་ན་ ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དྲོད་འཛིན་པ་ཞེས་བྱ་བའི་རླུང་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། སྲོག་ཆགས་རྣམས་ཐམས་ཅད་འགའ་ཞིག་གི་ལུས་ལ་ཡང་ཉུང་བར་མི་བྱེད་ དོ། །དེ་ནི་སྲོག་ཆགས་འདི་དག་རྣམས་ཐམས་ཅད་ཀྱི་སྲོག་ཅེས་བྱ་བ་སྟེ། ལྷན་ཅིག་ཏུ་ལུས་འཛིན་པར་བྱེད་པ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ཡིན་ནོ། །དེ་གལ་ཏེ་འཁྲུགས་པར་གྱུར་ན་སྲོག་ཆགས་རྣམས་ཐམས་ཅད་གསོད་པར་བྱེད་དོ། །དེས་དྲོད་ཀུན་དུ་འཛིན་པའི་རླུང་ལ་སོ་ སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་དང ། དེ་འཁྲུགས་པར་གྱུར་ 71-1-165a པ་དང་འཁྲུགས་པར་མ་གྱུར་པ་ན་ཡང་བདག་ལ་ལས་ཅི་ཞིག་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བདག་གི་རླུང་ལུས་ཐམས་ཅད་འཁྱིལ་པ་ཞེས་བྱ་བ་གལ་ཏེ་མངལ་ན་གནས་པ་རྣམས་ཀྱི་ཡང་ གང་ལ་ལུས་རབ་ཏུ་རྒྱས་པར་གྱུར་པ་ཡོད་པ་རྣམས་ཀྱང་དེས་དེའི་ལུས་ཆེས་མི་འཕེལ་བ་དང ། ཤིན་ཏུ་ཉམས་པ་དང ། ལྷག་པར་ཡང་འགྱུར་རོ། །ཐུང་བའམ་གོག་པོའམ་འཁུམས་པར་ཡང་འགྱུར་རོ། །དེས་ལུས་ཐམས་ཅད་སྡོམ་པར་བྱེད་པའི་རླུང་ལ་སོ་སོར་བརྟགས་པར་ གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། པགས་པ་འཛིན་པ་ཞེས་བྱ་བའི་རླུང་ལུས་ལ་རབ་ཏུ་གནས་པ་ཡིན་ཏེ། དེ་ཕྱི་རོལ་གྱི་རླུང་དང་མཚུངས་པར་འགྲོགས་པས་ཀུན་དུ་རེག་པར་བྱེད་དེ། རླུང་དེ་ནི་གྲང་བ་དང ། དྲོ་བ་དང ། དམན་པ་དང ། གསོད་པ་དང ། རབ་ཏུ་ སྟོབས་ཆེ་བ་དང ། དུས་སུ་ཇི་ལྟ་བར་རིགས་པ་དང ། ཇི་ལྟར་དུས་སུ་རིགས་པ་རྣམས་ཡིན་ནོ། །དེས་པགས་པ་འཛིན་པའི་རླུང་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རླུང་གཞན་གང་དག་བདག་གི་ལུས་ལ་རབ་ཏུ་གནས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་ཀྱང་རུང་སྟེ། ཉོན་མོངས་པ་མེད་པ་གཞན་གྱི་སྐྱོན་གྱིས་མི་བཀྲི་བ་ངམ་གྲོག་རྣམས་ ལས་རྒལ་བ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བར་གྱུར་པའི་ལྷའི་མིག་གིས་མཐོང་བ་འདི་ནི་རླུང་གཞན་ནི་ཡོད་པ་མ་ཡིན་ལ། ལུས་ལ་ཡང་དེ་ཙམ་ཅིག་དང་ལྡན་པ་ཡིན་ནོ། །རླུང་གི་ཚོགས་རྣམས་ནི་འདི་དག་ཡིན་ཞིང་རླུང་གི་ཕུང་པོ་དང ། སྲིན་གང་དག་གིས་ཁམས་ལ་ 71-1-165b དམིགས་པར་བྱེད་པའི་དབང་པོ་ལས་དང་ཉོན་མོངས་པ་དང་བཅས་པའི་ལུས་འཛིན་པར་བྱེད་པ་དང ། མཐོ་འཚམ་པར་བྱེད་པ་རྣམས་ནི་དེ་དག་ལས་མེད་དོ། །རྣལ་འབྱོར་སྤྱོད་པ་དེས་ཐ་མའི་རླུང་ལ་སོ་སོར་བརྟགས་ཤིང་ལུས་ཀྱི་གོང་བུ་འདི་མཐོང་བར་གྱུར་ནས་འདོད་པ་རྣམས་ལས་ འདོད་ཆགས་དང་བྲལ་བར་འགྱུར་རོ། །དགའ་བའི་འདོད་ཆགས་དང་ལྷན་ཅིག་ཏུ་གྱུར་པའི་སྲེད་པ་རྣམས་ཀྱིས་མི་འཆིང་ངོ ། །བདུད་ཀྱི་ཡུལ་ལ་མི་གནས་སོ། །མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་ནོ། །ཐོག་མ་མེད་པའི་དུས་ནས་རབ་ཏུ་ཞུགས་པར་གྱུར་ པའི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་མུན་པ་རྣམས་འཇོམས་པར་བྱེད་དོ། །ཡེ་ཤེས་ཀྱི་ཉི་མའི་མཐར་ཡང་འབྱུང་བར་འགྱུར་རོ། །སོམ་ཉི་མེད་པ་དང ། ངམ་གྲོག་རྣམས་དང་རྣམ་པར་བྲལ་བར་ཡང་འགྱུར་རོ། །ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་སྒྲ་དང ། རེག་ བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱིས་འཁྲིད་པ་ཡང་མ་ཡིན་ནོ། །ཡུལ་གྱི་དེ་ཁོ་ན་ཉིད་མ་མཐོང་བ་ཡིན་པར་མི་འགྱུར་རོ། །ཁམས་གསུམ་མ་ལུས་པ་རྣམས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ཡང་ཇི་ལྟ་བ་བཞིན་དུ་མཐོང་ ངོ ། །ནཱ་ལ་ཏིའི་གྲོང་གི་བྲམ་ཟེ་དང ། ཁྱིམ་བདག་རྣམས་དང་དགེ་སྦྱོང་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་གྱུར་ཏོ། །ལུས་དྲན་པ་ཉེ་བར་གཞག་པ་ལ་མངོན་པར་དགའ་བར་འགྱུར་རོ། །སྐྱེ་བ་དང་འཇིག་པར་འགྱུར་བའི་ཆོས་ རྣམས་ཤེས་པ་དང ། གཞན་རྣམས་ཀྱིས་འཁྲིད་པར་མི་འགྱུར་བ་དང ། ལུས་ཐམས་ཅད་ལ་སོ་སོར་རྟོག་པར་གྱུར་པ་ན་བཅིང་བ་དང་ཐར་པ་རྣམས་ཐམས་ཅད་ཤེས་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལུས་དེ་ཉིད་ལ་རྣམ་པར་འཇིག་པའི་མཐར་དང ། ཟད་པ་ དང ། འགྲིབ་པ་དང ། རྣམ་པར་འཇིག་པའི་རྣམ་པ་གཞན་དག་རྣམས་ཀྱི་རྣམ་པ་གཞན་རྣམས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ཇི་ལྟར་ན་ལུས་འདི་རྣམ་པར་འཇིག་པ་ཡིན། འཆི་བའི་དུས་ན་མེད་པར་འགྱུར་བ་ཡིན། ཇི་ལྟར་ན་སྲིན་རྣམས་རླུང་རྣམས་ཀྱིས་ཀུན་དུ་བཅོམ་ནས་ 71-1-166a རླག་པར་བྱེད་པ་ཡིན། ཇི་ལྟར་ན་ཁམས་རྣམས་ཐམས་ཅད་འཁྲུགས་པར་འགྱུར་བ་ཡིན། ཇི་ལྟར་ན་ཐ་མའི་དུས་ཀྱི་བྱ་བར་འགྱུར་བ་ཡིན། སྲིན་རྣམས་རླུང་གིས་འཇོམས་པར་གྱུར་པ་ན་ཇི་ལྟར་ན་སྟེང་འོག་ཏུ་འགྱུར་བ་ཡིན། དེ་ལྟར་ན་ནང་གི་བདག་ཉིད་དུ་གྱུར་ པའི་ལུས་ཀྱི་ལུས་ལ་རྟག་པར་རྒྱུན་དུ་རྣམ་པར་ལྟ་བར་བྱེད་དོ། །འཆི་བའི་དུས་ན་ཁམས་རྣམས་ཐམས་ཅད་ཀྱི་སྲིན་ཀུན་ཏུ་འཁྲུགས་པར་གྱུར་པ། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། སྔོན་དུ་ན་སྲིན་རྣམས་རླུང་གིས་འཇོམས་པར་ གྱུར་ལ། ཕྱི་ནས་ནི་བདག་འཆི་བར་འགྱུར་བ་ཡིན་ནོ། །བདག་གི་འདུ་བྱེད་རྣམས་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འབྱུང་བར་འགྱུར་ཞིང་བདག་འཆི་བར་འགྱུར་བའི་མཐར་ནི་མི་བཟད་ཅིང་རྩུབ་པའི་ཚོར་བ་རྣམས་འབྱུང་བར་འགྱུར་རོ། །དེས་རྣམ་པར་ལྟ་བར་བྱེད་དེ། གླད་པ་ལ་གནས་ ནས་རྒྱུ་བའི་སྲིན་རྣམས་ནི་སེན་མོ་ལ་བརྟེན་པའི་རླུང་གིས་མགོ་ལས་ཀུན་དུ་བགྲོད་ནས་འཇོམས་པར་བྱེད་དོ། །འཆི་བར་བྱེད་དོ། །མགོ་བོ་དང་མགུལ་པ་ལ་རྒྱུ་བའི་སྲིན་རྣམས་ནི་རྐང་པའི་ལོགས་ལ་བརྟེན་པའི་རླུང་གིས་འཇོམས་པར་བྱེད་དོ། །ཐོད་པ་ལ་རྒྱུ་བའི་སྲིན་རྣམས་ནི་སེམས་མེད་ པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །སྐྲ་ཟ་བའི་སྲིན་རྣམས་ནི་རུས་པ་གཅོག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །རྣ་བ་ལ་རྒྱུ་བའི་སྲིན་རྣམས་ནི་འགྲོ་བ་འཇོམས་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །སྣབས་ཀྱིས་གཡོགས་པའི་སྲིན་རྣམས་ནི་ལོང་བུའི་ ཚིགས་པ་འབྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཚིལ་གྱི་མཐའ་ན་རྒྱུ་བའི་སྲིན་རྣམས་ནི་ལྗང་ངར་འབྱེད་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཚིགས་པ་རྣམས་དང ། འགྲམ་པར་གྱུར་པ་དང ། ལུད་པ་ཟ་བའི་སྲིན་རྣམས་ནི་ཚིགས་པ་འབྱེད་པར་བྱེད་པའི་རླུང་གིས་ འཇོམས་པར་བྱེད་དོ། །སོའི་རྩ་བ་ནས་ཟ་བའི་སྲིན་རྣམས་ནི་བྱིན་པ་རབ་ཏུ་འབྱེད་ཅིང་ཉལ་བའི་རླུང་གིས་འཇོམས་པར་བྱེད་དོ། །བདག་གི་སྲིན་གྱི་རིགས་གཞན་བཅུ་མགྲིན་པ་དང ། བྲང་གི་གསེབ་ན་རྒྱུ་བ་རྣམས་རླུང་གི་སྔ་ཕྱི་རིམ་པས་འཇོམས་པར་བྱེད་པ་རྣམས་ནི་འདི་ལྟ་སྟེ། ཟས་ 71-1-166b སུ་ངར་སྣབས་ཟ་བའི་སྲིན་རྣམས་ནི་སྤྲོ་བ་འཕེལ་བའི་རླུང་གིས་འཇོམས་པར་བྱེད་དོ། །རབ་ཏུ་སྐྱུག་པར་བྱེད་པའི་སྲིན་རྣམས་ནི་ཁུ་བ་རྒྱུ་བ་བཅུའི་རྩ་རྣམས་ཀྱི་ནང་ན་རྒྱུ་བར་གྱུར་པ་དེ་འདྲ་བའི་འགྲོ་བ་རྣམ་པར་ཟློག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །མངར་མྱོས་ཀྱི་སྲིན་ རྣམས་ནི་ཚིགས་རྣམ་པར་དཀྲུག་པའི་རླུང་གིས་འཇོམས་པར་བྱེད་དོ། །རོ་དྲུག་ལ་དགའ་བའི་སྲིན་རྣམས་ནི་སྤུ་དང་སེན་མོ་དང་བཤང་བ་དང་རྣམས་འབྱེད་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །གྷུར་གྷུར་བའི་སྲིན་རྣམས་ནི་ཁུ་ཆུ་རྣམ་པར་རླུག་བྱེད་ཀྱི་རླུང་གིས་འཇོམས་པར་ བྱེད་དོ། །རོ་ལ་རབ་ཏུ་སྡང་བའི་སྲིན་རྣམས་ནི་རྒན་གོག་ཏུ་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཉལ་བ་ལ་ཤིན་ཏུ་མངོན་པར་དགའ་བའི་སྲིན་རྣམས་ནི་ལྒང་པག་རིངས་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཁྲག་ལས་སྐྱེས་པར་གྱུར་པའི་སྲིན་གྱི་རིགས་བཅུ་འདི་ ལྟ་སྟེ། ལུས་ལ་སྤུ་ཟ་བའི་སྲིན་རྣམས་ནི་བཤང་བ་ཀུན་དུ་སྐམ་བྱེད་ཀྱི་རླུང་གིས་འཇོམས་པར་བྱེད་དོ། །སླུབས་ཅན་གྱི་སྲིན་རྣམས་ནི་ལོགས་ན་བར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཛན་ཏུ་མཱན་ད་རའི་སྲིན་རྣམས་ནི་བུ་ག་དགུ་ལ་གནས་པའི་ནད་ཅེས་བྱ་བའི་རླུང་གིས་ འཇོམས་པར་བྱེད་དོ། །ཽ་དུམ་བ་རའི་སྲིན་རྣམས་ནི་ཡན་ལག་དང ། ཉིང་ལག་དང ། ཐུང་བར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཛན་ཏུ་མཱན་ད་ར་དང ། ཀུན་དུ་འཛག་པའི་སྲིན་རྣམས་ནི་མེ་དྲོད་ཀུན་དུ་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །སྤུའི་གླིང་ གི་སྲིན་རྣམས་ནི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་གྲང་བར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཁྲག་ཟ་བའི་སྲིན་རྣམས་ནི་བརྟན་པ་འཇིག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །སྐྱུར་པོ་པའི་སྲིན་རྣམས་ནི་སྲེག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། ། རྐང་པ་མེད་པ་དང ། དབྱིབས་ཐུང་བར་གྱུར་པ་དང ། ཁྲག་ལས་སྐྱེས་པའི་སྲིན་ཤིན་ཏུ་ཕྲ་བ་དང ། མིག་མེད་པ་དང ། གཡན་པ་དང ། འབིགས་བྱེད་ཀྱི་མཚན་ཉིད་དོ། །དེ་ལ་དེ་དག་རྣམས་ནི་གང་གི་ཚེ་འཆི་བའི་ཡུལ་དང་དུས་སུ་གྱུར་པ་ན་དེའི་ཚེ་རླུང་རྣམས་ཀྱིས་སྲིན་དེ་དག་ 71-1-167a རྣམས་བཅོམ་པར་གྱུར་ནས་ཁྲག་ཀྱང་སྐམ་པར་བྱེད་དོ། །དེ་ལ་དེ་དག་རྣམས་ནི་འཆི་བར་འགྱུར་བ་ན་ཡིན་ཏེ། རྩུབ་པར་གྱུར་པ་དང་མི་བཟད་པར་གྱུར་པའི་ཚོར་བ་རྣམས་ཀྱིས་ཀྱང་ཤིན་ཏུ་སྐེམས་པར་བྱེད་དོ། །འཆི་བར་གྱུར་པའི་མཐའ་ན་སོ་སོའི་སྐྱེ་བོ་རྣམས་རང་གི་ མཛའ་བོ་དང ། གྲོགས་པོ་དང་།[་(]གཉན་[,]གཉེན་[)]འབྲེལ་དང ། བུ་དང ། ཆུང་མ་དང ། ཕུན་སུམ་ཚོགས་པ་དང ། ཡོངས་སུ་སྤྱད་པར་བྱ་བ་རྣམས་ཡོངས་སུ་གཏོང་བར་འགྱུར་བའི་སྲེད་པ་དག་གིས་བྱས་པའི་འཆི་བའི་འཇིགས་པ་དྲག་པོ་རྣམས་བློ་དམན་པ་རྨོངས་པའི་ཀུན་དུ་སྦྱོར་ བས་བཅིངས་པ་རྣམས་ལས་འབྱུང་སྟེ། སྐྱབས་མེད་པར་གྱུར་པ་ཆོས་དང་ཆོས་མ་ཡིན་པ་དང་ལྷན་ཅིག་ཏུ་གཅིག་པུ་ཉིད་དུ་གྱུར་པ་ལུས་དང་སེམས་ཀྱི་སྡུག་བསྔལ་གྱིས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ནས་ཁྲག་ཀུན་དུ་ཚིམ་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་ པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་སྲིན་གྱི་རིགས་གཞན་དག་རྣམས་ནི་གང་ཡིན་ཞིང་རླུང་གི་ཚོགས་རྣམས་ཀྱང་གང་དག་གིས་སྲིན་གང་བཅོམ་པས་བདག་ལ་སྡུག་བསྔལ་དུ་བྱེད་པར་འགྱུར་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྲིན་གྱི་རིགས་བཅུ་བདག་གི་ཤ་ལ་གནས་པ་རྣམས་ནི་འདི་ལྟ་སྟེ། རྨ་ལ་ཀུན་དུ་འབྱུང་བ་རྣམས་ཏེ་དེ་ལ་རྨ་ལ་ཀུན་དུ་འབྱུང་བའི་སྲིན་རྣམས་ནི་སྡུད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཙུན་ཙུ་ཀའི་སྲིན་རྣམས་ནི་སྟེང་འོག་གི་རླུང་གིས་ འཇོམས་པར་བྱེད་དོ། །རྒྱུས་པ་སྒུལ་བ་ཞེས་བྱ་བའི་སྲིན་རྣམས་ནི་སྲོག་གི་རླུང་གིས་འཇོམས་པར་བྱེད་དོ། །གང་གི་ཕྱིར་སོང་བར་གྱུར་པའི་སྐྱེས་བུ་འཆི་བར་འགྱུར་རོ། །རྩ་འབིགས་པར་བྱེད་པའི་སྲིན་རྣམས་ནི་འཛུམས་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །པགས་པ་ གཏུབ་པའི་སྲིན་རྣམས་ནི་སེམས་སུན་འབྱིན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཚིལ་སྒུལ་བར་བྱེད་པ་ཞེས་བྱ་བའི་སྲིན་རྣམས་ནི་འཁྲུག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །འཕེལ་བྱེད་ཀྱི་སྲིན་རྣམས་ནི་མིག་འབྱེད་པ་དང ། འཛུམས་པར་བྱེད་པའི་རླུང་གིས་ 71-1-167b འཇོམས་པར་བྱེད་དོ། །དྲི་ངན་པའི་སྲིན་རྣམས་ནི་ཕན་ཚུན་དུ་དཀྲུག་པར་བྱེད་པས་འཆི་བའི་མཐར་ཐུག་པར་བྱེད་པའི་རླུང་ལྔས་འཇོམས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བདག་འཆི་བར་གྱུར་པའི་ དུས་ན་རྔུལ་ལ་རྒྱུ་བའི་སྲིན་རྣམས་རླུང་གང་དག་གིས་འཇོམས་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པས། དེ་བཞིན་དུ་མཁྲིས་པ་ལས་རྒྱུ་བའི་སྲིན་རྣམས་ལ་རྣལ་འབྱོར་སྤྱོད་པས་སོ་སོར་རྟོག་པར་བྱེད་པ་ནི་འདི་ལྟ་སྟེ། ཙུ་ར་བ་ཀཿ འི་སྲིན་རྣམས་ནི་མངལ་ཀུན་དུ་འཕེལ་བྱེད་ཀྱི་རླུང་གིས་འཇོམས་པར་བྱེད་དེ། སྐྱེས་བུའི་ལས་རྣམས་དང་ཁྱད་པར་དུ་འཕེལ་བར་བྱེད་དོ། །སྒུལ་བྱེད་ཀྱི་སྲིན་རྣམས་ནི་མངལ་འཇིག་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །སྐྱེས་བུའི་སྟོབས་སྐམ་པར་བྱེད་དོ། ། གུར་གུམ་གྱི་མདོག་འདྲ་བའི་སྐྱུར་པོ་གཅིག་ཁའི་སྒོ་ནས་ཀུན་དུ་འབྱུང་བར་ཡང་བྱེད་དོ། །གལ་ཏེ་ན་ཡང་བུད་མེད་དུ་འགྱུར་བར་ཡང་བྱེད་དོ། །ཀུ་ཤི་མེ་ཏོག་གི་སྲིན་རྣམས་ནི་འགྲོ་བ་དང ། འོང་བ་དང ། རྒྱུག་པ་དང ། མཆོང་བར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཆེན་ པོའི་རིགས་ཀྱི་སྲིན་དང ། ནག་པ་པ་དང ། ཟས་ཆེན་པོ་དང ། དྲོ་བ་ལ་རྒྱུ་བ་རྣམས་ནི་མིག་རྣ་བ་སྣ་ལྕེ་ལུས་རྣམས་རྣམ་པར་འཇོམས་པར་བྱེད་པའི་རླུང་ལྔས་འཇོམས་པར་བྱེད་དོ། །རིམ་པ་ཇི་ལྟ་བ་བཞིན་དུ་རྣམ་པར་སྲེག་བྱེད་ཀྱི་སྲིན་རྣམས་ནི་གྲོག་མ་པའི་རླུང་གིས་འཇོམས་པར་བྱེད་དོ། ། མེ་དྲོད་ཉམས་བྱེད་ཀྱི་སྲིན་རྣམས་ནི་ཁབ་པའི་རླུང་གིས་འཇོམས་པར་བྱེད་དོ། །མེ་ཆེན་པོའི་སྲིན་རྣམས་ནི་རྒྱུ་མ་འབྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བདག་འཆི་བར་གྱུར་པའི་ དུས་ན་རུས་པ་ལ་གནས་པའི་སྲིན་རྣམས་རླུང་གང་དག་གིས་འཇོམས་པར་བྱེད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ལ་གནས་པའི་སྲིན་རྣམས་ནི་འདི་ལྟ་སྟེ། རུས་པ་ལ་ལྡག་ 71-1-168a པའི་སྲིན་རྣམས་ནི་མཁྲིས་པ་ཀུན་དུ་སུན་འདོན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །དྲོ་བ་ལ་རྒྱུ་བའི་སྲིན་རྣམས་ནི་བད་ཀན་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །ཚིགས་པ་གཅོད་ཅིང་རྒྱུ་བ་དང་དྲི་མི་ཞིམ་པའི་སྲིན་རྣམས་ནི་པགས་པ་ཀུན་ ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །རུས་པའི་རྣག་གི་རིགས་ཀྱི་སྲིན་རྣམས་ནི་ཁྲག་ཀུན་དུ་སུན་འདོན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཁ་དམར་བའི་སྲིན་རྣམས་ནི་ཤ་སུན་འདོན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །པགས་པ་ལ་སྤྱོད་ཅིང་ཟ་ བའི་སྲིན་རྣམས་ནི་ཁྲག་ཀུན་དུ་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །གྲོག་མ་པའི་སྲིན་རྣམས་ནི་ཁུ་ཆུ་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །སྤུ་གྲིའི་ཁའི་སྲིན་ནི་འཁྲུལ་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་ སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་འཆི་བར་གྱུར་པའི་དུས་ན་བཤང་བ་ལ་རྒྱུ་བའི་སྲིན་གང་དག་རླུང་གང་དག་གིས་འཇོམས་པར་བྱེད་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དངས་མ་པའི་ སྲིན་རྣམས་ནི་སྟོབས་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ཁབ་ཀྱི་ཁའི་སྲིན་རྣམས་ནི་རྔུལ་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །ཕི་སྤི་སྐྱེས་ཀྱི་སྲིན་རྣམས་ནི་གཅིན་ལྷག་པར་སུན་འདོན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །རྐང་མེད་ཀྱི་སྲིན་རྣམས་ནི་ ཚིལ་ཀུན་དུ་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །མི་སྤྱོད་པའི་སྲིན་རྣམས་ནི་ཟས་དང་ལྡན་པའི་རླུང་གིས་འཇོམས་པར་བྱེད་དོ། །བཤང་བ་རྣམ་པར་འཐོར་བྱེད་ཀྱི་སྲིན་རྣམས་ནི་སོ་རྣམ་པར་འབྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །བཤང་བ་འབྱེད་པའི་སྲིན་རྣམས་ནི་རྩེའུ་ ཆུང་སྡུད་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །རྒྱུ་མ་འབྱེད་པའི་སྲིན་རྣམས་ནི་འོག་ཏུ་འགྲོ་བའི་རླུང་གིས་འཇོམས་པར་བྱེད་དོ། །ཟས་སྨིན་པ་རྣམས་སོ་སོར་རེངས་པར་བྱེད་པའི་སྲིན་རྣམས་ནི་སྟེང་དུ་འགྲོ་བའི་རླུང་གིས་སོ་སོར་འཇོམས་པར་བྱེད་དོ། །མདོག་བཟངས་ཀྱི་སྲིན་ 71-1-168b རྣམས་ནི་ལོགས་ལ་རྒྱུ་བའི་རླུང་གིས་འཇོམས་པར་བྱེད་དོ། །གཞང་སྨིན་པར་བྱེད་པའི་སྲིན་རྣམས་ནི་ཟ་མ་ཏོག་ལ་གནས་པའི་རླུང་གིས་འཇོམས་པར་བྱེད་དོ། །སྲིན་རྣམས་དང་རླུང་དེ་དག་རྣམས་ཀྱིས་ཀྱང་བཤང་བ་རྣམས་ཐམས་ཅད་ཀྱང་ངེས་པར་སྐམས་པར་འགྱུར་ཞིང ། ཁམས་ རྣམས་ཐམས་ཅད་ཀྱང་ཁྱད་པར་དུ་སྐམས་ནས་ཕན་ཚུན་གྱིས་གཡོམས་ཤིང་ཀུན་དུ་དྲུད་པར་གྱུར་པས་སྟེང་འོག་ཏུ་གྱུར་པར་བྱས་ནས་ཁམས་རྣམས་ཐམས་ཅད་ཀྱང་དཀྲུག་པར་གྱུར་པས་གོག་པོར་གྱུར་པ་དང ། མྱགས་པར་གྱུར་པ་དང ། རྣམ་པར་གཡོགས་པར་གྱུར་པས་ཀྱང་ བྱེ་བྲག་ཏུ་བྱས་ཤིང་དམན་པར་བྱས་པས་ནི་སྐྱེས་བུ་རྣམས་སམ་བདག་ཀྱང་རུང་སྟེ། འཆི་བའི་མཐར་གྱུར་པ་ན་རྩུབ་པ་གཞན་རྣམས་དང་མི་འདྲ་བའི་ཚོར་བ་རྣམས་ངེས་པར་མྱོང་བར་འགྱུར་བར་སྐྱེ་བོ་རྣམས་ཐམས་ཅད་ལ་ངེས་པར་མྱོང་བར་འགྱུར་བར་བྱེད་དོ། །གཞན་ཡང་ རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་གི་སྲིན་གང་དག་འཆི་བའི་མཐར་ཐུག་པར་གྱུར་པ་ན་རླུང་གང་དག་གིས་འཇོམས་པར་བྱེད་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་ གྱུར་པ། བདག་གི་རྐང་མར་ལ་རྒྱུ་བར་གྱུར་པའི་སྲིན་གྱི་རིགས་བཅུ་ལ་འདི་ལྟ་སྟེ། སྤུ་ལ་གནས་པའི་སྲིན་རྣམས་ནི་སྤུ་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །ཁ་ནག་པའི་སྲིན་རྣམས་ནི་རྗེས་སུ་འཐུན་པར་བྱེད་པའི་རླུང་གིས་འཇོམས་པར་ བྱེད་དོ། །སྤྲོ་བ་མེད་པའི་སྲིན་རྣམས་ནི་ཉལ་བ་ན་རྣམ་པར་གཡེང་བར་སྟོན་པའི་རླུང་གིས་འཇོམས་པར་བྱེད་དོ། །གཟེར་ཟུག་ཆེན་པོར་བྱེད་པའི་སྲིན་རྣམས་ནི་མི་བཟོད་པའི་རླུང་གིས་འཇོམས་པར་བྱེད་དོ། །རྨོངས་པར་བྱེད་པའི་སྲིན་རྣམས་ནི་ལྕེ་ལ་གསལ་བྱེད་དང་ཡི་གེ་ བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །མེའི་མདོག་གི་སྲིན་རྣམས་ནི་རོ་རྣམས་འདྲེ་བར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །འགྲེང་བའི་སྲིན་རྣམས་ནི་མཆིན་པ་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །འོག་ཏུ་རྒྱུ་བའི་སྲིན་རྣམས་ནི་བཤང་བ་གྱེན་དུ་ 71-1-169a བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །ོའུ་ཊྷིང་ཀའི་སྲིན་རྣམས་ནི་གཞང་ལ་རྒྱུ་བའི་རླུང་གིས་འཇོམས་པར་བྱེད་དོ། །ཀུན་དུ་རྟོགས་པས་དགའ་བའི་སྲིན་རྣམས་ནི་དྲན་པ་ཀུན་ནས་སུན་འདོན་པའི་རླུང་གིས་འཇོམས་པར་བྱེད་དོ། །གཞན་ཡང་རྣལ་ འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྟག་པར་ཀུན་དུ་མཐོང་བ་མ་ཡིན། གཙང་མར་མཐོང་བ་མ་ཡིན། བདག་ཏུ་མཐོང་བ་མ་ཡིན་ནོ། །སྔོན་གྱི་སྲིན་གཅིག་ནི་མཁལ་མ་སུན་འདོན་པར་བྱེད་པའི་རླུང་གིས་འཇོམས་པར་བྱེད་དོ། །སྲིན་ འདི་དག་རྣམས་ནི་འཆི་བའི་དུས་དང་འཆི་བའི་དུས་སུ་རླུང་རྣམས་ཀྱིས་འཇོམས་པར་བྱེད་དོ། །དེ་དེ་ལྟར་ན་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ཡིན་ཏེ། དགེ་སློང་གིས་ཐོག་མ་མེད་པའི་དུས་ནས་རབ་ཏུ་བཞུགས་པར་གྱུར་པའི་མུན་པ་རྣམས་ལྷག་མ་ ལུས་པ་མེད་པར་འཇོམས་པར་འགྱུར་རོ། །ཟག་པ་མེད་པ་ཤིན་ཏུ་མཐར་ཐུག་པར་གྱུར་པ་གཞན་རྣམས་དང་མི་འདྲ་བར་གྱུར་པ་འཇིག་རྟེན་ལས་འདས་པའི་སྣང་བ་རྣམས་ཀྱང་འདི་ལ་རབ་ཏུ་འབྱུང་བར་འགྱུར་རོ། །རྗེས་སུ་དྲན་པ་རྣམས་ཀྱང་རྣམ་པ་བདུན་དུ་གྱུར་པ་ལས་འཆི་བ་རྗེས་ སུ་དྲན་པ་ནི་མཆོག་ཏུ་བསྟན་པ་ཡིན་ནོ། །འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང་།དགེ་འདུན་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་དང ། མི་རྟག་པ་རྗེས་སུ་དྲན་པའོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཆོས་རྣམས་ཐམས་ཅད་ལ་རྒུད་པ་འབྱུང་བར་བྱེད་པའི་འཆི་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཆི་བ་ནི་རྣམ་པ་བཞི་ཡིན་ནོ། །འདི་ལྟ་སྟེ། སའི་ཁམས་མ་ སྙོམས་པས་བསྐྱེད་པ་དང ། ཆུའི་ཁམས་མ་སྙོམས་པས་བསྐྱེད་པ་དང ། མེའི་ཁམས་མ་སྙོམས་པས་བསྐྱེད་པ་དང ། རླུང་གི་ཁམས་མ་སྙོམས་པས་བསྐྱེད་པའོ། །དེ་ལ་ཇི་ལྟར་ན་སའི་ཁམས་མ་སྙོམས་པས་བསྐྱེད་པའི་འཆི་བས་འཆི་བར་འགྱུར་བ་ཡིན་ཞེ་ན། གང་ 71-1-169b གི་ཚེ་སའི་ཁམས་རྣམས་འཁྲུགས་པར་གྱུར་པ་ན་ཕྱིར་ཞིང་རླུང་གིས་ཀྱང་སའི་ཁམས་རྣམས་ཀྱང་སྲ་ཞིང་མཁྲང་བར་གྱུར་ནས་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་ཀུན་དུ་གཡོས་ཤིང་ཀུན་དུ་མནན་པས་མྱགས་པར་བྱེད་དོ། །ཕན་ཚུན་དུ་འཇོམས་པར་བྱེད་ཅིང་ཀུན་དུ་འཚིར་བར་ བྱེད་དོ། །དཔེར་ན་རྡོ་རྗེའི་རང་བཞིན་གྱི་རི་གཉིས་སུ་གྱུར་པ་དེ་དག་གི་བར་དུ་མར་སར་པའི་གོང་བུ་གཅིག་བཅུག་པར་གྱུར་ལ་དེ་དག་ཀྱང་ཕན་ཚུན་དུ་དུས་ཀྱིས་རླུང་གི་ཚད་དུ་གྱུར་པའི་རླུང་གི་ཤུགས་ཀྱིས་ལེགས་པར་དྲུད་པར་གྱུར་ན། དེ་ལ་ཇི་ལྟར་ན་མར་སར་གྱི་གོང་བུའི་སྙིང་པོ་ཉིད་དུ་ ཐ་སྙད་གདགས་པར་བྱ། དེ་ཁོ་ན་བཞིན་དུ་སའི་ཁམས་འཁྲུགས་པར་གྱུར་པས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་དང ། ཁམས་རྣམས་ཐམས་ཅད་དང ། རྒྱུས་པའི་ཟ་མ་ཏོག་གི་པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། །རྐང་ མར་དང ། ཁུ་ཆུ་དང་རྣམས་ནི་ཐམས་ཅད་ཀྱང་མར་སར་དང་འདྲ་བར་འགྱུར་བ་ཡིན་ནོ། །རྟག་ཏུ་རྒྱུན་མི་འཆད་པར་ཀུན་ནས་མནན་པར་གྱུར་པའི་ཉེ་འཁོར་རྣམས་ནི་ཤིན་ཏུ་ཉམས་པར་མི་འགྱུར་རོ། །དེས་བདག་གི་ཁམས་རྣམས་དེ་ལྟར་མནན་པར་གྱུར་པས་སྡུག་བསྔལ་རྣམས་འབྱུང་བར་འགྱུར་རོ། །སངས་རྒྱས་རྗེས་སུ་དྲན་པའམ། ཆོས་རྗེས་སུ་དྲན་པའམ། དགེ་འདུན་རྗེས་སུ་དྲན་པར་གྱུར་པ་ཡང་རུང་སྟེ། སྲིད་པ་ཐ་མ་པ་རྣམས་ཀྱིས་ཡང་དག་པའི་བློས་དམིགས་པ་རྒྱུན་མ་ཆད་པར་གྱུར་ན་སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་ལ་ཡང་ རྒྱུད་ལ་དམིགས་པ་དང་ཆ་འདྲ་བའི་སྐྱེ་བ་འབྱུང་བར་འགྱུར་རོ། །རྒྱའི་ཆ་རྣམས་ཅི་འདྲ་བར་གྱུར་པ་ཡིན་པའི་རྒྱས་བཏབ་པ་རྣམས་ཀྱང་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་འཆི་བའི་དུས་ཀྱི་སྲིད་པ་ཐ་མ་པ་རྣམས་ཀྱི་སེམས་ཀྱི་རྒྱུན་རྣམ་པ་ཇི་སྲིད་དང་འདྲ་བར་གྱུར་པའི་སྐྱེ་བ་དེ་དང་ དེ་འདྲ་བའི་རྣམས་འབྱུང་བ་ཡིན་ནོ། །སེམས་སྤྲེའུའི་དབང་གིས་སྐྱེ་བ་དང་འཆི་བ་རྣམས་འབྱུང་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ན་བདག་ཅག་གི་ཆུའི་ཁམས་རྣམས་མ་སྙོམས་པར་གྱུར་ 71-1-170a པས་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་འཆི་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་བདག་གི་ཆུའི་ཁམས་རྣམས་འཁྲུགས་པར་གྱུར་ན་དེས་བདག་གི་ཡན་ལག་དང ། ཉིང་ ལག་རྣམས་ཐམས་ཅད་ཀྱང་རྒྱུས་པའི་སྦུབས་རྣམས་ཐམས་ཅད་དང ། ཁམས་རྣམས་ཐམས་ཅད་དང ། པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་མར་དང ། ཁུ་ཆུ་དང་རྣམས་ཀུན་དུ་སྐུ་བར་བྱེད་ཅིང་ཀུན་ནས་བཞུ་བར་འགྱུར་བ་ནི་འཆི་བའི་ དུས་ན་བདག་དང་སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་ལ་ཡང་ངེས་པར་འབྲེལ་པར་འགྱུར་རོ། །ཕན་ཚུན་དུ་ཀུན་ནས་སྐུ་བར་བྱེད་ཅིང་སྐྱོད་པར་བྱེད་དོ། །འདི་ལྟ་སྟེ། རི་གཉིས་ནི་སྔོན་བཞིན་ནོ། །དེ་ལ་མར་སར་གྱི་གོང་བུ་རྒྱ་མཚོར་བཅུག་པར་གྱུར་ཅིང་དུས་ཀྱི་རླུང་གིས་ རྣམ་པར་བཅོམ་པར་གྱུར་པ་ལ་ནི་གནས་པ་མེད་དོ། །སྐྱོབ་པ་མེད་དོ། །སྙིང་པོར་གྱུར་པ་གང་ཡང་མེད་ཅིང་དེ་ལ་ནི་བརྟན་པ་ཡང་ཡོད་པ་མ་ཡིན་ནོ། །བདག་ཆུའི་ཁམས་ཀྱིས་མནར་བར་གྱུར་པའི་སྡུག་བསྔལ་རྣམས་ནི་དེ་ལྟ་བུ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་ པའམ། ཆོས་རྗེས་སུ་དྲན་པའམ། དགེ་འདུན་རྗེས་སུ་དྲན་པ་ཡང་རུང་སྟེ། སྲིད་པ་ཐ་མ་པ་རྣམས་ཀྱི་ཡང་དག་པའི་བློས་དམིགས་པ་རྒྱུན་མ་ཆད་པར་གྱུར་ན་སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་ལ་ཡང་རྒྱུད་ལ་དམིགས་པའི་རྒྱའི་རྗེས་དང་ཆ་འདྲ་བའི་སྐྱེ་བ་འབྱུང་ བར་འགྱུར་རོ། །རྒྱའི་ཆ་རྣམས་ཅི་འདྲ་བར་གྱུར་པ་ཡིན་པའི་རྣམ་པ་དེ་སྲིད་ཀྱི་རྒྱས་བཏབ་པའི་སྐྱེ་བ་འབྱུང་ངོ ། །དཔེ་དེ་བཞིན་དུ་འཆི་བའི་དུས་ཀྱི་ཚེ་ན་སྲིད་པ་ཐ་མ་པ་རྣམས་ཀྱི་སེམས་ཀྱི་རྒྱན་རྣམས་ཇི་སྲིད་དུ་གྱུར་པ་དེ་བཞིན་དུ་སྐྱེ་བ་རྣམས་འབྱུང་བར་འགྱུར་རོ། །གང་གི་ཕྱིར་ སེམས་སྤྲེའུའི་དབང་གིས་རྒ་ཤིའི་དུས་ན་སྐྱེ་བའི་གནས་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བདག་འཆི་བར་གྱུར་པའི་དུས་ན་མེའི་ཁམས་འཁྲུགས་པས་འཆི་བར་འགྱུར་བ་ཡིན་ཞེ་ན། དེས་ཐོས་ 71-1-170b པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་ནི། གལ་ཏེ་བདག་འཆི་བར་གྱུར་པའི་དུས་ན་མེའི་ཁམས་རྣམས་འཁྲུགས་པར་གྱུར་ན་དེས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་རྩ་དང་རྒྱུས་པའི་ཟ་མ་ཏོག་རྣམས་ཐམས་ཅད་དང ། ཁམས་ རྣམས་ཐམས་ཅད་དང ། པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་མར་དང ། ཁུ་ཆུ་རྣམས་སྲེག་གོ། །འཚེད་དོ། །ཀུན་དུ་ཚ་བར་བྱེད་དོ། །ཀུན་ནས་རབ་ཏུ་འབར་བར་བྱེད་དེ། དཔེར་ན། སེང་ལྡེང་གི་མེ་མདག་གི་ཕུང་པོ་ཆེན་པོ་རི་དང་ མཚུངས་པར་གྱུར་པ་དག་ཏུ་མར་སར་གྱི་གོང་བུ་བཅུག་པར་གྱུར་ལ་དེ་སྲེག་པར་བྱེད། འཚེད་པར་བྱེད། ཀུན་ནས་རབ་ཏུ་འབར་བར་བྱེད་དོ། །ཀུན་དུ་སྐོལ་བར་ཡང་བྱེད་པ་དེ་བཞིན་དུ་བདག་གི་ལུས་པོ་རྣམས་ཐམས་ཅད་ཀྱང་མར་སར་གྱི་གོང་བུ་དང་འདྲ་བར་གྱུར་པ་ཡིན་ན། དེ་ ཡིས་བདག་འཆི་བར་གྱུར་པའི་ཐ་མའི་ལུས་ཀུན་དུ་ཚ་བར་སྡུག་བསྔལ་བར་བྱེད་དོ། །སངས་རྒྱས་རྗེས་སུ་དྲན་པའམ། ཆོས་རྗེས་སུ་དྲན་པའམ། དགེ་འདུན་རྗེས་སུ་དྲན་པར་གྱུར་པ་ཡང་རུང་སྟེ། ཡང་དག་པའི་བློས་ཐ་མའི་སེམས་ཀྱི་དམིགས་པ་རྒྱུན་མ་ཆད་པར་གྱུར་ ན་སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་ལ་ཡང་རྒྱུད་ལ་དམིགས་པར་གྱུར་པའི་སྒྲུབ་པའི་རྒྱ་དང་ཆ་འདྲ་བའི་སྐྱེ་བ་རྣམས་འབྱུང་བར་འགྱུར་རོ། །ཇི་ལྟར་རྒྱ་གང་དག་དང་འདྲ་བར་གྱུར་པའི་རྣམ་པ་དེ་སྲིད་ཀྱི་རྒྱའི་རྗེས་ཀྱི་སྐྱེ་བ་འབྱུང་བ་ཡིན་ནོ། །དེ་ལྟར་རྣམ་པ་ཇི་སྲིད་པར་གྱུར་པའི་ འཆི་བའི་དུས་ན་སྲིད་པ་ཐ་མའི་སེམས་འབྱུང་བར་གྱུར་པ་དེ་ལྟར་སྐྱེ་བ་ཡང་འབྱུང་བར་འགྱུར་རོ། །གང་གི་ཚེ་སེམས་སྤྲེའུའི་དབང་གིས་རྒ་ཤིའི་དུས་སུ་སྐྱེ་བ་ཉེ་བར་གནས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། བདག་འཆི་བར་འགྱུར་བའི་དུས་ན་ཇི་ལྟར་ན་རླུང་འཁྲུགས་པས་འཆི་བར་འགྱུར་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གལ་ཏེ་བདག་འཆི་བར་གྱུར་པའི་དུས་སུ་རླུང་གི་ཁམས་རྣམས་རབ་ཏུ་འཁྲུགས་པར་གྱུར་ན། 71-1-171a དེས་བདག་གི་ཡན་ལག་དང་ཉིང་ལག་རྣམས་ཐམས་ཅད་དང ། རྒྱུས་པའི་ཟ་མ་ཏོག་རྣམས་ཐམས་ཅད་དང ། ཁམས་རྣམས་ཐམས་ཅད་ཀྱི་ཡང་འདི་ལྟ་སྟེ། པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། རྐང་མར་དང ། ཁུ་ཆུ་ རྣམ་པར་ཉམས་པར་བྱེད་དོ། །ཀུན་དུ་སྐེམས་པར་བྱེད་དོ། །ཀུན་དུ་གྱོང་བ་ཉིད་དུ་བྱེད་དོ། །ཕན་ཚུན་དུ་གཤག་པར་བྱེད་དོ། །རྐང་པའི་སེན་མོ་རྣམས་ནས་བཟུང་ནས་ཇི་སྲིད་དུ་མགོ་བོའི་བར་དུ་བྱེ་མ་དང་འདྲ་བར་ཕྱེ་མར་བྱེད་དོ། །དཔེར་ན་མར་སར་གྱི་གོང་བུ་དུས་ཀྱི་རླུང་གིས་ཕན་ ཚུན་དུ་བཏབ་པར་གྱུར་ན་མར་གྱི་གོང་བུ་རྣམ་པར་ཉམས་པར་བྱེད་དོ། །ཀུན་དུ་སྐམས་པར་བྱེད་དོ། །ཀུན་ནས་གྱོང་པོ་ཉིད་དུ་བྱེད་དོ། །ནམ་མཁར་ཕན་ཚུན་གྱིས་ཡན་ལག་རྣམས་བྱེ་མ་བཞིན་དུ་ཕྱེ་མར་བྱེད་དོ། །དེ་ཁོ་ན་བཞིན་དུ་བདག་འཆི་བར་གྱུར་པའི་དུས་ན་རླུང་གི་ཁམས་ རྣམས་རབ་ཏུ་འཁྲུགས་པར་གྱུར་པས། དེ་ལས་བདག་འཆི་བར་གྱུར་པའི་ཐ་མའི་ལུས་ཀུན་ནས་མངོན་པར་སྲེད་པའི་ཚོར་བའི་སྡུག་བསྔལ་རྣམས་འབྱུང་ངོ ། །སངས་རྒྱས་རྗེས་སུ་དྲན་པར་གྱུར་པའམ། ཆོས་རྗེས་སུ་དྲན་པར་གྱུར་པའམ། དགེ་འདུན་རྗེས་སུ་དྲན་པར་གྱུར་པ་ ཡང་རུང་སྟེ། ཡང་དག་པའི་བློས་ཐ་མའི་སེམས་ཀྱི་དམིགས་པ་རྒྱུན་མ་ཆད་པར་གྱུར་ན། སོ་སོའི་སྐྱེ་བོ་འདི་དག་རྣམས་ཐམས་ཅད་ལ་ཡང་རྒྱུད་ལ་ཡང་དམིགས་པ་སོ་སོ་དང་སོ་སོའི་རྒྱ་རྣམས་དང་ཆ་འདྲ་བའི་སྐྱེ་བ་རྣམས་འབྱུང་བ་ཡིན་ནོ། །ཇི་ལྟར་རྒྱ་རྣམས་ཇི་སྲིད་ཀྱི་རྣམ་པ་ཡིན་ པར་གྱུར་པ་དེ་བཞིན་དུ་རྣམ་པ་ཇི་སྲིད་དུ་འཆི་བའི་དུས་ཀྱི་སྲིད་པ་ཐ་མ་པའི་སེམས་སུ་གྱུར་པ་དེ་ཇི་ལྟ་བ་བཞིན་དུ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ལུས་སེམས་སྤྲེའུའི་དབང་ཡིན་པའི་ཕྱིར་འཆི་བའི་ཚེ་ན་སྐྱེ་བའི་གནས་ཡིན་ནོ། །དེ་ལྟར་ན་འབྱུང་བ་ཆེན་པོ་བཞི་པོ་རྣམས་རབ་ཏུ་འཁྲུགས་ པའི་འཆི་བ་རྣམ་པ་བཞི་ཡིན་ནོ། །རྣལ་འབྱོར་སྤྱོད་པ་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་རྣམས་ཀྱིས་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་སེམས་ཅན་རྣམས་མཚུངས་པར་མཐོང་བ་ཡིན་ནོ། །དེ་མཐོང་བར་གྱུར་པས་ཀྱང་ 71-1-171b བདུད་ཀྱི་དྲུང་ན་མི་གནས་སོ། །མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་ནོ། །དེ་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བའི་འདོད་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱིས་འཁྲིད་པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ། །དགའ་བའི་འདོད་ ཆགས་དང་ལྷན་ཅིག་འགྲོགས་པར་གྱུར་པའི་སྲེད་པ་རྣམས་ཀྱིས་འཆིང་བར་མི་བྱེད་དོ། །ཉོན་མོངས་པའི་རྡུལ་རྣམས་དང་རྣམ་པར་བྲལ་བར་འགྱུར་རོ། །ངམ་གྲོག་རྣམས་དང་རྣམ་པར་བྲལ་བ་དང ། གཟུགས་དང་དྲིས་ཀྱང་ཕྲོགས་པ་མ་ཡིན་ནོ། །གཟུགས་ཀྱིས་རྒྱགས་པས་ རྒྱགས་པར་ཡང་མི་འགྱུར་རོ། །ལང་ཚོའི་རྒྱགས་པས་རྒྱགས་པར་ཡང་མི་འགྱུར་རོ། །གསོན་པའི་རྒྱགས་པས་རྒྱགས་པར་ཡང་མི་འགྱུར་རོ། །ཚོགས་པ་འདུས་པ་ལ་དགའ་བར་ཡང་མི་འགྱུར་རོ། །རྟག་ཏུ་གྲོང་ཁྱེར་རྣམས་སུ་འཇུག་པར་ཡང་མི་འགྱུར་རོ། །གང་དེ་ལ་ མངོན་པར་དགའ་བར་ཡང་མི་བྱེད་དོ། །འཆི་བར་འགྱུར་བའི་འཇིགས་པས་ཀྱང་འཇིགས་པར་འགྱུར་རོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་རྣམས་ལ་ཡང་འཇིགས་པར་ལྟ་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་འགྱུར་རོ། །སྐྱེ་བ་དང་འཇིག་པའི་ཆོས་ རྣམས་ཀྱང་ཤེས་པར་འགྱུར་རོ། །དེ་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་འདོད་པ་རྣམས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ། །སྙོམ་ལས་ཅན་དུ་མི་འགྱུར་རོ། །དམ་པའི་ཆོས་ལ་ཡང་རྒྱུན་དུ་དགའ་བར་འགྱུར་རོ། །དེ་ལྟར་ནཱ་ལ་ཏིའི་གྲོང་གི་བྲམ་ཟེ་དང ། ཁྱིམ་བདག་རྣམས་དང ། དགེ་སྦྱོང་རྣམས་ཀྱང་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །རྣལ་འབྱོར་སྤྱོད་པ་རྣམས་ཇི་ལྟར་གནས་པ་ཡིན་ཞེ་ན། དགེ་སློང་དག་འདི་ན་ཕྱི་རོལ་གྱི་ཆོས་ཀྱིས་རྣལ་འབྱོར་སྤྱོད་པ་རྣམས་ནང་གི་བདག་ཉིད་ཀྱི་ལུས་ལ་སོ་ སོར་རྟོག་པར་བྱེད་དོ། །འདི་ལྟ་སྟེ། ཕྱི་རོལ་གྱི་ཆོས་རྣམས་མཐོང་ནས་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ལས་དང་པོ་ས་བོན་གྱི་ཚོགས་རྣམས་ལ་སོ་སོར་རྟོག་པར་བྱེད་དེ། ས་བོན་ལས་ནི་མྱུ་གུ་འབྱུང་ངོ ། །མྱུ་གུ་ལས་ནི་སྡོང་བུ་འབྱུང་ངོ ། ། 71-1-172a སྡོང་བུ་ལས་ནི་འདབ་མ་འབྱུང་ངོ ། །འདབ་མ་རྣམས་ལས་ནི་མེ་ཏོག་འབྱུང་ངོ ། །མེ་ཏོག་ལས་ནི་འབྲས་བུ་འབྱུང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་ནང་གི་བདག་ཉིད་རྣམས་ལ་ཡང་མཐོང་བ་ཡིན་ཏེ། དང་པོ་ས་བོན་དུ་གྱུར་ པའི་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་དང་བཅས་པ་ཁུ་ཆུར་ལྟུང་བ་ཡིན་ནོ། །ཁུ་ཆུ་ལས་ནི་མེར་མེར་པོར་འགྱུར་རོ། །མེར་མེར་པོ་ལས་ནུར་ནུར་པོར་འགྱུར་རོ། །ནུར་ནུར་པོ་ལས་ནི་གོར་གོར་པོར་འགྱུར་རོ། །གོར་གོར་པོ་ལས་ནི་ནར་ནར་པོར་འགྱུར་རོ། །ནར་ནར་ པོ་ལས་ནི་འབུར་འབུར་ལྔ་འབྱུང་བར་འགྱུར་ཏེ། རྐང་པའི་འབུར་འབུར་གཉིས་དང ། ལག་པའི་འབུར་འབུར་གཉིས་དང ། མགོའི་འབུར་འབུར་གཅིག་གོ། །དེ་ལྟར་འབུར་འབུར་ལྔ་པོ་རྣམས་ལས་ནི་དབང་པོ་རྣམས་གསལ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་སྔ་ཕྱིའི་རིམ་པས་རྒ་ ཤིའི་མཐར་ཐུག་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ས་བོན་གྱི་ཚོགས་རྣམས་ནི་དང་པོ་སྔོན་པོ་ཉིད་དུ་འགྱུར་རོ། །ཕྱི་ནས་ནི་སྐྱ་བོར་འགྱུར་ཞིང་རྙིངས་པར་འགྱུར་རོ། །ཐམས་ཅད་ཉིད་དུ་མེད་པར་ཡང་ འགྱུར་རོ། །དེ་ཁོ་ན་བཞིན་དུ་ལུས་འདི་ཡང་དང་པོ་ནི་བྱིས་པར་འགྱུར་རོ། །བྱིས་པ་ལས་ནི་དར་ལ་བབ་པར་འགྱུར་རོ། །དར་ལ་བབ་པ་ལས་ནི་རྒས་པར་འགྱུར་རོ། །རྒས་པར་གྱུར་ནས་ནི་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ན་ཕྱི་རོལ་གྱི་ས་བོན་གྱི་ཚོགས་རྣམས་འབྱུང་བར་འགྱུར་བ་ཡིན་ཞིང་ཅི་ལྟར་ཡང་ས་གཞི་ལས་སྨན་དང་ནགས་ཚལ་རྣམས་མངོན་པར་འཕེལ་བར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ མཐོང་བར་གྱུར་པ། ཆོས་འདི་དག་རྣམས་ཐམས་ཅད་ནི་ཕན་ཚུན་གྱི་རྒྱུ་ཅན་དང་ཕན་ཚུན་གྱི་རྐྱེན་ཅན་ཡིན་ཞིང ། ཕྱི་རོལ་དུ་གྱུར་པ་དང་ནང་གི་བདག་ཉིད་དུ་གྱུར་པའི་འདུས་བྱས་ཐམས་ཅད་ནི་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེ་བར་འགྱུར་བ་ཡིན་ལ་ཆོས་གསུམ་ནི་མ་གཏོགས་སོ། །འདི་ 71-1-172b ལྟ་སྟེ། སོ་སོར་བརྟགས་པའི་འགོག་པ་དང ། སོ་སོར་མ་བརྟགས་པའི་འགོག་པ་དང ། ནམ་མཁའ་དང་རྣམས་སོ། །ཇི་ལྟར་ན་ཕན་ཚུན་གྱི་སྟོབས་ཀྱིས་ཆོས་རྣམས་རབ་ཏུ་འཇུག་པར་འགྱུར་བ་ཡིན་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་ནི་འདུ་བྱེད་རྣམས་སོ། ། འདུ་བྱེད་ཀྱི་རྐྱེན་གྱིས་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་ནི་མིང་དང་གཟུགས་དག་གོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ནི་རེག་པའོ། །རེག་པའི་རྐྱེན་གྱིས་ནི་ཚོར་བའོ། །ཚོར་བའི་རྐྱེན་གྱིས་ནི་སྲེད་ པའོ། །སྲེད་པའི་རྐྱེན་གྱིས་ནི་ལེན་པའོ། །ལེན་པའི་རྐྱེན་གྱིས་ནི་སྲིད་པའོ། །སྲིད་པའི་རྐྱེན་གྱིས་ནི་སྐྱེ་བའོ། །སྐྱེ་བའི་རྐྱེན་གྱིས་ནི་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། ཡོངས་སུ་ངལ་བ་རྣམས་ འབྱུང་བར་འགྱུར་རོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་བ་ཡིན་ནོ། །ཡང་དགེ་སློང་དག་མ་རིག་པ་འགགས་པར་གྱུར་པས་ཀྱང་འདུ་བྱེད་རྣམས་འགག་གོ། །འདུ་བྱེད་རྣམས་འགགས་པར་གྱུར་ན་རྣམ་པར་ཤེས་པ་འགག་གོ། །རྣམ་པར་ཤེས་ པ་འགགས་པར་གྱུར་ན་མིང་དང་གཟུགས་འགག་གོ། །མིང་དང་གཟུགས་འགགས་པར་གྱུར་ན་སྐྱེ་མཆེད་དྲུག་འགག་གོ། །སྐྱེ་མཆེད་དྲུག་འགགས་པར་གྱུར་ན་རེག་པ་འགག་གོ། །རེག་པ་འགགས་པར་གྱུར་ན་ཚོར་བ་འགག་གོ། །ཚོར་བ་འགགས་པར་གྱུར་ན་སྲེད་པ་འགག་གོ། ། སྲེད་པ་འགགས་པར་གྱུར་ན་ལེན་པ་འགག་གོ། །ལེན་པ་འགགས་པར་གྱུར་ན་སྲིད་པ་འགག་གོ། །སྲིད་པ་འགགས་པར་གྱུར་ན་སྐྱེ་བ་འགག་གོ། །སྐྱེ་བ་འགགས་པར་གྱུར་ན་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། ཉམ་ཐག་པ་རྣམས་ཀུན་དུ་འགག་པར་འགྱུར་རོ། །དེ་ལྟར་སྡུག་བསྔལ་འབའ་ཞིག་གི་ཕུང་པོ་ཆེན་པོ་འདི་འགག་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཆོས་དེ་དག་ནི་གཅིག་ལ་གཅིག་གི་རྐྱེན་གྱི་དབང་གིས་ཡིན་ཏེ། ཕྱི་རོལ་གྱི་ཆོས་རྣམས་སམ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ཀྱང་རུང་སྟེ། 71-1-173a ཕན་ཚུན་གྱི་དབང་གིས་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དེས་ཇི་ལྟར་ནང་གི་བདག་ཉིད་ཡིན་པ་དེ་ལྟར་ཕྱི་རོལ་རྣམས་ཡིན་ཞིང་ཇི་ལྟར་ཕྱི་རོལ་ཡིན་པ་དེ་ལྟར་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ཡིན་ནོ་ཞེས་ནང་གི་བདག་ཉིད་ཀྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་བྱེད་པ་དང ། ཕྱི་རོལ་གྱི་ལུས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ཕྱི་རོལ་དང་ནང་གི་བདག་ཉིད་ཀྱི་ཆོས་རྣམས་རབ་ཏུ་ཤེས་པར་བྱེད་དེ། དང་པོ་རེ་ཞིག་འཛམ་བུའི་གླིང་པ་རྣམས་ཀྱི་ཆོས་རྣམས་འཕེལ་བར་འགྱུར་བ་ ལའོ། །དེ་ནས་ནི་ནང་གི་བདག་ཉིད་རྣམས་ཆེས་གསལ་བར་བྱེད་པའི་ཆོས་གཅིག་སོ་སོར་ཤེས་པར་བྱེད་པ་དང ། སོ་སོ་བ་རྣམས་ལེགས་པར་རབ་ཏུ་ཤེས་པར་བྱེད་པ་དང ། ཀུན་ཏུ་མཛེས་པ་རྣམས་དང ། ཚོར་བ་རྣམས་དང ། སོ་སོ་བར་གྱུར་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་ པར་བྱེད་དོ། །ཕྱི་དང་ནང་གི་དབང་གིས་འབྱུང་པོའི་གྲོང་རྣམས་ཐམས་ཅད་དང་ཕྱི་རོལ་གྱི་དབང་གིས་ཀྱང་ནང་གི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཚོགས་རྣམས་སོ། །གལ་ཏེ་ཡང་ཕྱི་རོལ་དུ་གྱུར་པའི་ཆོས་རྣམས་ཀྱིས་ནང་གི་བདག་ཉིད་ཀྱི་ཆོས་རྣམས་འཕེལ་བར་འགྱུར་ ཞིང་དེ་ལས་ཀྱང་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ཆེས་གསལ་བར་འགྱུར་བ་དང ། གལ་ཏེ་ཡང་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ཀྱིས་ཕྱི་རོལ་གྱི་ཆོས་རྣམས་འཕེལ་བར་འགྱུར་བ་ཡིན་ཞིང ། དེས་ཀྱང་ཆེས་གསལ་བར་འགྱུར་བ་ཡིན་ཞེ་ན། དེ་ལ་ཡང་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་ ཇི་ལྟར་ནང་གི་བདག་ཉིད་ཀྱི་ཆོས་རྣམས་འཕེལ་བར་འགྱུར་བ་ནི་གལ་ཏེ་གནས་མལ་དང ། ནད་ཀྱི་རྐྱེན་སྨན་རྣམས་རབ་ཏུ་ཕལ་ཆེ་བ་དང་ལྡན་པར་གྱུར་ན། དེས་དགེ་སློང་རྣམས་དགེ་བའི་ཆོས་རྣམས་ལ་མངོན་པར་དགའ་བར་འགྱུར་རོ། །གལ་ཏེ་གནས་མལ་དང ། ནད་ཀྱི་རྐྱེན་སྨན་ དང ། ཡོ་བྱད་རྣམས་རབ་ཏུ་ཕལ་ཆེ་བ་དང་ལྡན་པར་མ་གྱུར་ན་ནི་དེ་ཐམས་ཅད་དུ་ཡང་དགེ་བའི་ཆོས་རྣམས་ལ་མངོན་པར་དགའ་བར་མི་འགྱུར་རོ། །དེ་ལྟར་ཆོས་རྣམས་ནི་གཅིག་གིས་གཅིག་སྐྱེད་པར་བྱེད་པ་དང ། ཕན་ཚུན་དུ་ལྟོས་པ་དང ། ཕན་ཚུན་དུ་སྐྱེད་པར་བྱེད་པ་དང ། ཕན་ 71-1-173b ཚུན་གྱི་རྒྱུ་ཅན་གྱི་དོན་གཞན་དུ་གྱུར་པའི་བྱེད་པ་པོ་དང ། རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་རྣམས་གང་ཡིན་པའམ། རྒྱུ་རྣམས་ཀྱི་ནང་དུ་འདུ་བར་འགྱུར་བའི་རྒྱུ་མེད་པ་རྣམས་ཀྱིས་ཀྱང་ཀུན་ཀྱང་སྐྱེད་པར་འགྱུར་བ་ལ་ཤིན་ཏུ་འབད་ པར་བྱེད་པ་ནི་འདི་ན་མཐོང་བ་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ཁམས་གསུམ་དུ་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་ཐམས་ཅད་ཀྱང་ཕྱི་རོལ་གྱིས་དོན་གཅིག་པར་གྱུར་པའི་ཕྱི་རོལ་གྱི་ལས་གང་གིས་ནང་གི་ བདག་ཉིད་ཀྱི་ཆོས་རྣམས་འཕེལ་བར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འདུ་བྱེད་པར་སྐྱེས་པའི་སེམས་ཅན་རྣམས་ཐམས་ཅད་ཀྱི་ཆོས་གཅིག་ཏུ་གྱུར་པ་ནི་ཟས་གང་དག་ཡིན་པ་རྣམ་པ་བཞི་པོ་ཁམ་གྱི་ཟས་དང ། ཡིད་ལ་ སེམས་པ་དང ། རེག་པ་དང ། དགའ་བ་དང ། འདི་དག་རྣམས་ཡིན་ནོ། །དེ་ལ་འདོད་པའི་ཁམས་རྣམས་ན་ནི་ཟས་འདི་དག་རྣམས་གང་ཡིན་པས་ས་བོན་གྱི་ཚོགས་བྱས་ནས་ཕྱི་རོལ་གྱི་ཟས་དེ་དག་གིས་ཀྱང་ནང་གི་བདག་ཉིད་ཀྱི་བསམ་གཏན་ལ་བདེ་བར་གནས་པ་རྣམས་འཕེལ་བར་བྱེད་ དོ། །དེ་ལ་དང་པོ་ཉིད་དུ་རེ་ཞིག་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ཅི་ལྟར་ནང་གི་བདག་ཉིད་ཀྱི་ཆོས་དེ་དག་རྣམས་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་འཛིན་པར་བྱེད་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱུ་གང་དང་རྐྱེན་གང་དག་དང ། གཞི་ཅི་ལས་གང་གི་ཚེ་བཟང་ལྡན་གྱི་དུས་ཀྱི་སྲོག་ཆགས་རྣམས་ཐམས་ཅད་ཀྱི་ཟས་ཡིན་ན་ཡན་ལག་བརྒྱད་དང་ལྡན་པ་རྣམས་ཡིན་ནོ། །དེ་ལ་ཡན་ལག་བརྒྱད་པོ་དེ་དག་རྣམས་ཀྱང་གང་དག་ཡིན་ན། འདི་ལྟ་སྟེ། འདོད་པའི་སྒྲ་དང ། རེག་ བྱ་དང ། རོ་དང ། གཟུགས་དང ། དྲི་དང ། འདོད་པ་སྡུག་པའི་ཁུ་བ་འཐས་པའི་མདོག་དང་དབྱིབས་སོ། །དེ་ལ་གལ་ཏེ་མལ་སྟན་དང་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་རབ་ཏུ་ཕལ་ཆེ་བར་གྱུར་པའི་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་ལུས་འཕེལ་བར་འགྱུར་ན་དེའི་ཚེ་ན་ནང་གི་བདག་ཉིད་ 71-1-174a ཀྱི་དགེ་བའི་ཆོས་རྣམས་ལ་ཡང་མངོན་པར་དགའ་བར་འགྱུར་རོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱི་རོལ་གྱི་སྦྲང་བུ་མཆུ་རྣོན་དང ། ཤ་སྦྲང་དང ། གྲོག་མ་ཕྲ་མོ་ལ་སོགས་པ་རྣམས་ཀྱིས་གལ་ཏེ་ ལུས་ལ་མཐོ་འཚམ་པར་མི་བྱེད་ན་དེ་ལས་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ལ་ཡང་མངོན་པར་འདོད་པར་འགྱུར་རོ། །གལ་ཏེ་ཡང་གྲང་བ་དང་དྲོ་བ་དང་ཆར་པ་ལ་སོགས་པ་རྣམས་ཀྱིས་ལུས་ལ་མཐོ་འཚམ་པར་མི་བྱེད་ན་དེའི་ཚེ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ལ་མངོན་པར་སྤྲོ་བར་འགྱུར་རོ། ། གལ་ཏེ་ཡང་འདོད་པ་སྡུག་པ་ཡིད་དུ་འོང་བ་རྣར་སྙན་པར་གྱུར་པའི་སྒྲ་རྣམས་ཐོས་པར་གྱུར་པ་ན་དེའི་ཚེ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ལ་མངོན་པར་དགའ་བར་འགྱུར་རོ། །གལ་ཏེ་འདོད་པ་སྡུག་པ་ཡིད་དུ་འོང་བའི་དྲི་རྣམས་ཀྱི་དབང་དུ་གྱུར་པ་ན་དེའི་ཚེ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ལ་ མངོན་པར་དགའ་བར་འགྱུར་རོ། །གལ་ཏེ་གྲང་བ་དང ། ཚ་བ་དང ། ཆར་པ་ལ་སོགས་པ་ལུས་ལ་ཅོ་མ་དྲིས་ན་དེའི་ཚེ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ལ་མངོན་པར་དགའ་བར་འགྱུར་རོ། །དབང་པོ་ལྔ་པོ་རྣམས་གལ་ཏེ་རྒྱས་པར་བྱེད་པའི་ཕྱི་རོལ་གྱི་སྐྱེ་མཆེད་ལྔ་པོ་རྣམས་ ཀྱིས་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་ལྔ་འཕེལ་བར་གྱུར་པའོ། །དེ་ལྟར་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། འཕགས་པ་ཉན་ཐོས་རྣམས་ཀྱིས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་ རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན། ཇི་ལྟར་བདག་གི་རྣམ་པར་ཤེས་པའི་ཚོགས་དྲུག་ཆོས་རྣམས་ལ་དགའ་བར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་ གྱུར་པ། གལ་ཏེ་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་མཐོ་འཚམ་པར་མ་གྱུར་ན་དེའི་ཚེ་ནང་གི་བདག་ཉིད་ཀྱི་ཆོས་རྣམས་རང་བཞིན་དུ་གནས་པས་ཆོས་རྣམས་ལ་མངོན་པར་དགའ་བར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་དག་རྣམས་ཀྱང་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། 71-1-174b རྣ་བའི་རྣམ་པར་ཤེས་པ་དང ། སྣའི་རྣམ་པར་ཤེས་པ་དང ། ལྕེའི་རྣམ་པར་ཤེས་པ་དང ། ལུས་ཀྱི་རྣམ་པར་ཤེས་པ་དང ། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སོ། །དེ་ལྟར་ནང་གི་བདག་ཉིད་ཀྱི་ཆོས་རྣམས་ཀྱི་ཕྱི་རོལ་གྱི་དངོས་པོ་རྣམས་དང་ལྷན་ཅིག་ཕན་ཚུན་ གྱི་དབང་དུ་གྱུར་པ་དང ། ཕན་ཚུན་འགྲོགས་པ་ཡིན་ཏེ། དཔེར་ན་འདི་ལྟ་སྟེ། བྱ་ནམ་མཁའི་དཀྱིལ་དུ་སོང་བར་གྱུར་ནས་རབ་ཏུ་རྒྱུ་བར་བྱེད་པ་དེ་གང་དང་གང་དུ་ཇི་ལྟར་ནམ་མཁའ་ལ་འགྲོ་བར་འགྱུར་བ་དེ་དང་དེ་དག་རྣམས་སུ་འདིའི་གྲིབ་མ་དེ་ཁོ་ན་བཞིན་དུ་དབང་དུ་གྱུར་ནས་འགྲོའོ། ། དེ་ཁོ་ན་བཞིན་དུ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱི་དབང་གིས་ནང་གི་བདག་ཉིད་ཀྱི་དངོས་པོ་རྣམས་ཐམས་ཅད་ཡིན་ནོ། །གལ་ཏེ་ལུས་ཐམས་ཅད་རྒྱས་པར་གྱུར་ན་ནི་དེ་ལས་ཀྱང་སེམས་རྣམ་པར་ཉམས་པར་མི་འགྱུར་རོ། །དེས་ན་ཐམས་ཅད་ཀྱང་ཕན་ཚུན་དུ་ལྟོས་ནས་རྐྱེན་གྱི་དབང་ གིས་ཐམས་ཅད་འབྱུང་བ་ཡིན་ནོ། །དེ་ནི་དེ་ལྟར་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་འདིར་མཐོང་བ་ཡིན་ལ་མི་རྟག་པ་དང ། མི་བརྟན་པ་དང ། ཐེར་ཟུག་མ་ཡིན་པ་དང ། ཡོངས་སུ་འགྱུར་བའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བའི་ཆོས་རྣམས་ནི་གཅིག་ཀྱང་སྐྱེ་བ་ན་ཡོད་པ་མ་ཡིན་ ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ཐུང་བ་དང་འཕེལ་བར་འགྱུར་བ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གང་གི་ཚེ་བཟང་ལྡན་གྱི་དུས་ཀྱི་མི་རྣམས་ཐམས་ཅད་ནི་འོད་གསལ་གྱི་ལྷའི་རིས་ལས་བབས་པར་གྱུར་པ་རྣམས་ཡིན་པས་ས་ཞག་ཟས་ཡིན་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཟས་ནི་བདུད་རྩི་ཡིན་པ་དེ་བཞིན་དུ་དགེ་བའི་སེམས་དང་ལྡན་པའི་བཟང་ལྡན་གྱི་དུས་ཀྱི་མི་ རྣམས་ཀྱིས་ནི་སའི་བཅུད་མདོག་དང ། དྲི་དང ། གཟུགས་དང ། རེག་བྱ་བཟང་བ། སྐྱོན་རྣམས་ཐམས་ཅད་དང་བྲལ་བར་གྱུར་པའི་མི་རྣམས་ཟས་རྣམས་ཀྱི་དབང་གིས་འཚོ་བ་ཡིན་ནོ། །དེའི་སྟོབས་ཀྱིས་ཚེའི་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་འགྱུར་རོ། །ནད་ཀྱང་གསུམ་ 71-1-175a འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། ལྟོགས་པ་དང ། སྐོམ་པ་དང ། འདོད་པ་ལ་བལྟོས་ནས་དེ་དག་རྣམས་ཐམས་ཅད་ཀྱང་འཚོ་བ་དང་ནད་མེད་པར་འགྱུར་རོ། །དེ་ནས་གཉིས་ལྡན་གྱི་དུས་ན་ནི་སའི་བཅུད་དེ་དག་ཉེས་པ་དང་བཅས་པར་འགྱུར་ཞིང་མི་ རྣམས་ཀྱང་དེ་བཞིན་དུ་སེམས་དགེ་བའི་སེམས་དང་ལྡན་པར་མི་འགྱུར་རོ། །ནད་རྣམས་ཐམས་ཅད་ཀྱང་མི་རྣམས་ལ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། ལྟོགས་པ་དང ། སྐོམ་པ་དང ། དུས་མ་ཡིན་པར་འཆི་བ་དང ། ཚ་བ་སྐྱེ་བའོ། །དེ་ལྟར་ཕྱི་རོལ་གྱི་ཟས་ རྣམས་ཀྱི་དབང་གིས་འཛམ་བུའི་གླིང་གི་མི་དེ་དག་རྣམས་ཐམས་ཅད་ཀྱང་འཚོ་བ་དང་ནད་མེད་པར་ཡང་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ན་འཛམ་བུའི་གླིང་པའི་མི་རྣམས་ཐམས་ཅད་གསུམ་ལྡན་གྱི་དུས་ ན་ཟས་ཀྱི་དབང་གིས་ཁ་དོག་དང་ཚེ་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གསུམ་ལྡན་གྱི་དུས་ན་ནི་སའི་བཅུད་དེ་དག་དེ་བཞིན་དུ་ནུབ་པར་འགྱུར་རོ། །ནད་དུ་མ་རྣམས་ཀྱང་འབྱུང་བར་འགྱུར་ཏེ། ཟས་ཀྱི་སྐྱོན་ གྱིས་མི་རྣམས་ལ་རླུང་དང་མཁྲིས་པ་དང་བད་ཀན་རྣམས་རབ་ཏུ་འཁྲུགས་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་དེ་ཕྱི་རོལ་གྱི་ཟས་རྣམས་ཀྱི་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམས་འཕེལ་བར་འགྱུར་བའི་འདུ་བྱེད་ཀྱི་ཚོགས་རྣམས་ཐམས་ཅད་མཐོང་བར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ལུས་ལ་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་ཀུན་ཏུ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་ན་བཞི་ལྡན་རྩོད་པའི་དུས་ཀྱི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཟས་གང་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་ པས་མཐོང་བར་གྱུར་པ། རྩོད་པའི་དུས་ཀྱི་འཛམ་བུའི་གླིང་གི་མི་རྣམས་ནི་ཁྲེ་རྒོད་ཀྱི་ཟས་དང ། ནས་ཐུག་གི་ཟས་དང ། ཉའི་ཟས་དང ། རྡོག་གུ་རྩ་བའི་ཟས་རྣམས་ཡིན་གྱི་རོ་རྣམས་ཐམས་ཅད་ནི་ནུབ་པར་འགྱུར་རོ། །མི་དེ་དག་རྣམས་ལ་ནི་རྟག་ཏུ་ནད་རྣམས་འབྱུང་བར་འགྱུར་ 71-1-175b རོ། །དུས་མ་ཡིན་པར་རྒས་པ་ཡང་འབྱུང་བར་འགྱུར་རོ། །རྩོད་ལྡན་གྱི་དུས་ཀྱི་མི་རྣམས་ནི་སྤྲོ་བ་མེད་པར་ཡང་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་བཞི་ལྡན་གྱི་མི་རྣམས་ཀྱི་ཚེ་དང་ཚད་རྣམས་འཕེལ་བ་དང་ འགྲིབ་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་བམ་ལྷའི་མིག་གིས་མཐོང་བར་གྱུར་པ། བཟང་ལྡན་གྱི་དུས་སུ་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རབ་ཏུ་རིང་བ་ནི་ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན་ནོ། །བདག་ཉིད་ཀྱི་དངོས་པོ་ནི་གཞུ་འདོམ་བརྒྱ་ཕྲག་བཅུར་འགྱུར་རོ། ། གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། གཉིས་ལྡན་གྱི་དུས་ན་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རབ་ཏུ་རིང་བ་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གཉིས་ལྡན་གྱི་ དུས་ཀྱི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རིང་བ་ནི་ལོ་སྟོང་ཕྲག་བཞི་བཅུར་འགྱུར་རོ། །བདག་གི་དངོས་པོར་གྱུར་པའི་ཚད་ནི་གཞུ་འདོམ་ཉིས་བརྒྱ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གསུམ་ལྡན་གྱི་དུས་ན་ འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རིང་བར་གྱུར་པ་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གསུམ་ལྡན་གྱི་དུས་ཀྱི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རིང་བར་གྱུར་པ་ནི་ལོ་སྟོང་ཕྲག་ཉི་ཤུ་ཡིན་ནོ། །བདག་ཉིད་ཀྱི་ དངོས་པོ་ནི་གཞུ་འདོམ་བརྒྱ་ཕྲག་གཅིག་ཏུ་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། རྩོད་ལྡན་གྱི་དུས་ཀྱི་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་རབ་ཏུ་རིང་བར་གྱུར་པ་དང ། བདག་ཉིད་ཀྱི་དངོས་པོའི་ཚད་ཀྱང་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྩོད་ལྡན་གྱི་དུས་ན་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ཤིན་ཏུ་རིང་བར་འགྱུར་བ་ནི་ལོ་བརྒྱའོ། །བདག་ཉིད་ཀྱི་དངོས་པོ་ཡང་གཞུ་འདོམ་གཅིག་ནི་ཡང་མཐའ་ཡིན་ནོ། །རྩོད་ལྡན་དང་རྗེས་ 71-1-176a སུ་འབྲེལ་པ་འཇིག་པའི་དུས་དམན་པ་དང་ལྡན་པ་མི་རྣམས་དགེ་བ་བཅུ་དང་བྲལ་བར་གྱུར་པའི་སྐྱེ་བོའི་ཚོགས་ཐམས་ཅད་བདག་ཉིད་བཟང་པོ་ཡིན་པར་ཤེས་པར་བྱེད་པ་རྣམས་ཀྱི་ཚེ་ཤིན་ཏུ་རིང་བར་གྱུར་པ་ནི་གང་དག་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཇིག་པར་གྱུར་པའི་དུས་དམན་པ་དང་ལྡན་པས་རོའི་གཙོ་བོ་རྣམས་ཐམས་ཅད་ནི་ནུབ་པར་འགྱུར་རོ། །འདི་ལྟ་སྟེ། ཚཝ་དང ། མར་དང ། ཞོ་དང ། ཤ་དང ། སྦྲང་རྩི་དང ། རོ་མངར་པོ་དང ། བུ་རམ་ཤིང་དང་རྣམས་ཏེ། འབྲས་ སཱ་ལུ་རྣམས་ཐམས་ཅད་ཀྱང་རྣམ་པར་འགྱུར་བ་དང་བཅས་པར་གྱུར་ན་དྲུག་ཅུ་པ་ལ་སོགས་པ་རྣམས་ཡིན་གྱི་ཇི་ལྟར་གཙོ་བོར་གྱུར་པ་རྣམས་ནི་ནུབ་པར་འགྱུར་རོ། །ཤཱ་ལི་གཞན་རྣམས་ཀྱང་དཔེར་ན་འདི་ལྟ་སྟེ། འབྲས་ཤཱ་ལི་དམར་པོ་དང ། རོས་འཕྲོག་པ་དང ། པ་ཏང་གཿ དང ། སྐྱ་ བོ་དང ། ལྕགས་ཀྱི་སྟོབས་དང ། རབ་ཏུ་དགའ་བར་བྱེད་པ་དང ། ཤཱ་རི་ཀཿ དང ། དུང་གི་མུ་ཏིག་དང ། སཱུ་རྣ་ཀ་དང ། ལོ་ཧ་བ་ལཱ་ཞེས་བྱ་བ་དང ། ཀུན་དུ་བི་ན་ཏཿ དང ། དམར་པོ་ཛུ་ལཀཿ དང ། ཕྱེ་མ་བ་དང ། རྫུ་ནཿ དང ། བན་ཛ་ཀཿ དང ། སྐམ་པོ་རུ་ཧཿ དང ། རྒྱ་མཚོ་ ཀུན་དུ་རུ་ཧཿ དང ། གཉིས་སུ་འཕེལ་བ་དང ། ས་མ་ཧ་སཿ དང ། རབ་ཏུ་ཚ་བ་པ་དང ། གྲ་མ་མེད་པ་དང ། རྩུབ་པ་རབ་ཏུ་ཚ་བ་དང ། ཡཱ་བ་ཀཿ དང ། ཐམས་ཅད་དུ་སྐྱེ་བ་དང ། སིང་ཧ་ཌཿ དང ། སྡིག་པ་མེད་པ་དང ། ཁ་དོག་ཆེན་པོ་དང ། ཐམས་ཅད་དུ་ལེགས་པར་སྐྱེ་བ་དང ། རྫུ་ནཿ དང ། རབ་ཏུ་ཚ་བར་བྱེད་པ་དང ། དྲི་རུ་ཧཿ དང ། སྤྲུལ་གྱི་གཅོད་པ་དང ། ཀས་མ་ར་ཡ་རུ་ཧཿ དང ། རི་ལས་སྐྱེ་བ་དང ། རྟག་ཏུ་སྐྱེ་བ་དང ། ཚིགས་པ་མེད་པ་དང ། ཐམས་ཅད་ལ་སྐྱེ་བ་དང ། ཀཱ་ལིང་ཀཿ དང ། ཀཱ་ལིང་ཀ་ཆེན་པོ་དང ། ཧེ་མ་སྟོན་པོ་དང ། དུང་ཆེན་ པོ་དང ། རྙེད་སླ་བ་དང ། བཱ་ཧི་ནི་རོ་དང ། ཤེ་ཁྲི་ཎཱི་དང ། ང་གུ་སྐྱེས་དང ། སན་དྷ་བ་ཀཿ དང ། ཀཱ་ལ་བཱ་ཧཿ དང ། པྲ་སི་བུ་དང ། བི་གྷ་སཿ དང ། རབ་ཏུ་སྦྱིན་བྱེད་དང ། ིང་ག་ལི་ཀཿ དང ། ཚད་མ་པ་དང ། བྱཱ་བིད་དྷཿ དང ། མི་འདོད་པ་དང ། ལྷན་ཅིག་ཏུ་རྣམ་པར་ 71-1-176b འདྲེས་པ་དང ། བུད་དྷིལཿ དང ། ཉི་མའི་དབང་དང ། དྲི་མ་མེད་པ་དང ། མཱ་ག་དྷའི་དང ། རྒྱ་མཚོ་ལྦུ་བ་དང ། བེ་ལ་རུ་ཧཿ དང ། སྙོམས་པར་བན་ཙ་ཀཿ དང ། སྦུན་པ་མེད་པ་དང ། རབ་ཀྱི་མཆོག་ཏུ་གྱུར་པ་དང ། དྲོན་པོ་དང ། རྒྱ་ནག་གི་དང ། གུར་གུམ་གྱི་ མདོག་དང ། དྲི་མ་དང་བཅས་པ་དང ། རབ་ཏུ་འབྲེལ་པ་དང ། འཛིང་ཀའི་སེམས་དང ། སྟོབས་ཅན་དང ། ཁད་ཀ་ཁཎ་ཌི་ཀཿ དང ། རྣམ་པར་འདྲེས་པ་དང ། བདུད་རྩི་འགྲམ་པ་ན་རྒྱུ་བ་དང ། གྲོའི་མདོག་རྣམས་སོ། །ནས་རྣམས་ནི་རྣམ་པ་དྲུག་སྟེ། སྦུན་པ་དང་བཅས་ པ་དང ། སྦུན་པ་མེད་པ་དང ། རྣམ་པར་འདྲེས་པ་དང ། མངར་པོ་དང ། མདོག་ནག་པ་དང ། མདོག་སྐྱ་བའོ། །ནས་ཆུང་བ་ནི་རྣམ་པ་གཉིས་ཏེ། འདོད་རྒྱལ་བ་དང ། ས་བོན་ལས་སྐྱེས་པའོ། །ཤིན་ཏུ་དྲི་བཟང་བར་གྱུར་པའི་མེ་ཏོག་རྣམས་ཐམས་ཅད་ཀྱང་ཤིན་ཏུ་སྡུག་ བསྔལ་བར་གྱུར་པའི་འཇིག་པའི་དུས་ན་ནུབ་པར་འགྱུར་རོ། །ཏིལ་དང ། མོན་སྲན་སྡེའུ་དང ། རྒྱ་སྲན་ལེབ་བུ་དང ། སྐྱེས་པ་དང ། བཏག་པ་དང ། བྱས་པ་དང ། མ་བྱས་པ་རྣམས་ཀྱང་ཉེ་འཁོར་དུ་ཐམས་ཅད་ནུབ་པར་འགྱུར་རོ། །བ་ལང་དང ། མ་ཧེ་ཥཱའི་ཁུ་བའི་བཅུད་ དང ། རྒུན་འབྲུམ་དང ། ཁུར་བ་པ་དང ། འདོད་པར་གྱུར་པའི་རོ་རབ་ཏུ་ཕལ་ཆེ་བ་རྣམས་དང་།མངོན་པར་འདོད་པའི་རོ་རྣམས་ཀྱང་ནུབ་པར་འགྱུར་རོ། །དེ་དག་རྣམས་རབ་ཏུ་ཞིག་པར་གྱུར་པས་ཀྱང་འཛམ་བུའི་གླིང་པའི་མི་རྣམས་པགས་པ་དང ། དྲོད་དང ། རུས་པ་དང ། རྐང་མར་རྣམས་ཀྱི་གྲངས་ཙམ་དུ་ཐམས་ཅད་ཀྱང་འགྱུར་རོ། །རོའི་ཟས་རྣམས་དང་རྣམ་པར་བྲལ་བས་འདིར་ནི་ཐམས་ཅད་ཀྱང་རུས་པས་སྦྲེལ་བ་ཙམ་དུ་འགྱུར་རོ། །གང་གི་ཕྱིར་ཕྱི་རོལ་དང་ནང་གི་བདག་ཉིད་རྣམས་ཐམས་ཅད་ཀྱང་ཕན་ཚུན་གྱི་ལྟོས་པའི་དབང་གིས་ཡིན་པའི་ཕྱིར་ འདུ་བྱེད་རྣམས་ཐམས་ཅད་ཀྱང་འཇིག་པར་འགྱུར་བར་རྣལ་འབྱོར་སྤྱོད་པས་སོ་སོར་རིག་པར་བྱེད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་རྣམས་རབ་ཏུ་རིག་པར་བྱེད་དོ། །རྟག་པ་མ་ཡིན། བདེ་བ་མ་ཡིན། གཙང་བ་མ་ཡིན། བདག་དང་བཅས་པ་མ་ཡིན་ལ་བྱེད་པ་ 71-1-177a པོས་བྱིན་གྱིས་བརླབས་པ་ཡང་མ་ཡིན་ནོ། །རྒྱུ་མེད་པ་མ་ཡིན་ཞིང་འདོད་རྒྱལ་བ་ཡང་མ་ཡིན་ཏེ། བྱེད་པ་པོ་གཅིག་གིས་བྱས་པ་མ་ཡིན། གཉིས་ཀྱིས་མ་ཡིན། གསུམ་གྱིས་མ་ཡིན། བཞིས་མ་ཡིན། ལྔས་མ་ཡིན། ལམ་ལོག་པ་སྟོན་པར་ བྱེད་པའི་གཞན་མུ་སྟེགས་ཅན་རྣམས་ཀྱི་རྒྱུ་དྲུག་པས་ཀྱང་མ་ཡིན་ནོ། །དེ་ལྟར་ཕྱི་རོལ་གྱི་དབང་དུ་བྱས་ནས་རྣལ་འབྱོར་སྤྱོད་པ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་དེས་དེ་ལྟར་བཟང་ལྡན་གྱི་དུས་ནས་འཇིག་པའི་དུས་ཀྱི་བར་དུ་ཐམས་ ཅད་ལ་རྒྱས་པར་སྔར་བཞིན་དུ་རིག་པར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་མིའི་གནས་བཞི་པོ་རྣམས་ཐམས་ཅད་ ན་རི་དང ། ཆུ་བོ་དང ། ཐང་དང ། རྒྱ་མཚོ་རྣམས་དང ། རིའི་རྒྱལ་པོ་རི་རབ་ལྷུན་པོའི་བར་དུ་ཡང་རེ་རེ་ཞིང་ཆེར་འཕེལ་བར་འགྱུར་བ་དང ། ཆུང་དུ་འགྲིབ་པ་རྣམས་ཀྱང་གང་དག་ཞེ་ན། སྐྱེས་བུའི་གནས་བཞི་པོ་རྣམས་འདི་ལྟ་སྟེ། འཛམ་བུའི་གླིང་དང ། ནུབ་ཀྱི་ བ་ལང་སྤྱོད་དང་བྱང་གི་སྒྲ་མི་སྙན་དང ། ཤར་གྱི་ལུས་འཕགས་པོ་དང་བཅས་པ་རྣམས་སོ། །དམྱལ་བ་ཡང་ཆེན་པོ་བརྒྱད་དོ། །ཡི་དགས་རྣམས་དང ། དུད་འགྲོ་རྣམས་དང ། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་གོ། །དེ་ལྟར་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་ གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་འཛམ་བུའི་གླིང་གི་ཤར་ཕྱོགས་ཀྱི་ཆ་དེའི་རི་དང ། ཆུ་བོ་དང ། ཡུལ་དང ། མཚམས་ལ་ཀུན་དུ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཛམ་བུའི་གླིང་གི་ཤར་ ཕྱོགས་ན་ཡང་མིང་ཨ་ནཱུ་ན་ཞེས་བྱ་བའི་རི་ཡོད་དོ། །རི་ཨ་ནཱུ་ན་དེ་ནི་དཔག་ཚད་བཅུ་པ་ཡིན་ནོ། །གཞན་ཕ་རོལ་པོ་ཨ་ནཱུ་ནའི་རི་ནི་དཔག་ཚད་སུམ་ཅུ་པ་ཡིན་ནོ། །རི་དེ་དག་གཉིས་ཀྱི་བར་གྱི་ས་ལ་ཆུ་བོ་མཐོ་རིས་དགའ་བ་བྱ་བ་འབབ་པའོ། །ཆུ་ཀླུང་ཀཽ་ཤི་ཀ་དང ། ཆུ་ཀླུང་གཞན་ 71-1-177b ཀོ་ཤ་ལཱ་དང ། ཡུལ་ཡང་གྲ་མ་ཅན་ཞེས་བྱ་བ་དང ། ཡུལ་གཉིས་པའི་མིང་ཡང་རྣམ་པར་སྲེག་བྱེད་ཅེས་བྱ་བའོ། །ཀཽ་ཤི་ཀ་དང ། ཀོ་ཤ་ལཱ་དང་ལྷན་ཅིག་ཏུ་ཡོངས་སུ་གང་བར་ཡུལ་ལྗོངས་རྣམས་དང་འབྲེལ་པ་ཡིན་ནོ། །དེ་བཞིན་དུ་ཨང་ག་ཞེས་བྱ་བ་ཡུལ་ལྗོངས་གཉིས་ པའོ། །དེ་ལ་རྣམ་པར་སྲེག་བྱེད་ནི་རྒྱར་དཔག་ཚད་བརྒྱ་ཡིན་ནོ། །གྲ་མ་ཅན་ཞེས་བྱ་བའི་རི་དེ་ཡང་དཔག་ཚད་བརྒྱ་ཕྲག་ཉི་ཤུ་ཡིན་ནོ། །ཀཽ་ཤི་ཀའི་ཡུལ་ལྗོངས་ནི་གྲོང་སྟོང་ཕྲག་བཅུ་ཡིན་ནོ། །ལྗོངས་གཉིས་པའི་ཕྱེད་ཀོའུ་ར་བ་ཞེས་བྱ་བའི་ལྗོངས་ནི་ཀུན་ནས་གང་བར་གྱུར་པ་ ཤིང་ཕུན་སུམ་ཚོགས་པ་སྟེ། ནཱ་ག་དང ། ནཱ་ཌི་དང ། གོའུར་བ་པ་དང ། ཛ་ལ་ཧི་ན་ཏ་དང ། ཏཱ་ལ་དང ། ཏ་ལོ་རྣམས་ཀྱིས་ཉེ་བར་བརྒྱན་པ་དང ། ཁ་རྫུའུ་ར་དང ། པ་ན་ས་དང ། ནཱ་ཌི་ཀེ་ཀེ་རེའི་འབྲས་བུས་གང་བར་གྱུར་པའི་ལྗོངས་ཀོ་ས་ལ་དེ་རྣལ་འབྱོར་སྤྱོད་པས་མཐོང་ བར་གྱུར་ཏོ། །རྣ་བ་གོན་པ་རྣམས་དང ། ཤ་བ་ན་བ་འཆད་པ་དང ། ཀརྞྞི་ཀ་དང ། དགའ་བའི་བཞིན་དང ། རྔ་མོའི་བཞིན་དང་རྣམས་ཀྱི་ཡུལ་ལྗོངས་དེ་དག་རྣམས་ནི་དཔག་ཚད་བརྒྱ་སུམ་ཅུ་ཡིན་ནོ། །ཡུལ་ལྗོངས་དེ་དག་རྣམས་ལ་བལྟས་པར་གྱུར་ནས་ཀྱང་རྣལ་འབྱོར་ སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཡུལ་ལྗོངས་དེ་དག་རྣམས་ཀྱི་མཐར་ཐུག་པ་ཡིན་ནམ་ནི་འོན་ཏེ་འཛམ་བུའི་གླིང་ན་ཆུ་ཀླུང་དུ་བྱ་བ་དང ། གཞན་དག་ཀྱང་ཡོད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་ བར་གྱུར་པ། ཆུ་བོ་ཆེན་པོ་ཥོ་ཎོ་ཞེས་བྱ་བ་རྒྱར་དཔག་ཚད་ཕྱེད་པ་མེ་གྷ་ལ་ཏིའི་རི་ལས་འབབ་པ་ཡིན་ཏེ། རིང་དུ་ནི་དཔག་ཚད་ལྔ་བརྒྱར་གྱུར་པས་ཇི་སྲིད་དུ་རྒྱ་མཚོའི་ཤར་དུ་འབབ་པར་འགྱུར་རོ། །འདིའི་གཞི་ཡང་བྲག་གི་གཅལ་གྱིས་རྣམ་པར་བརྒྱན་པ་ཡིན་ནོ། །གཞན་ ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་འདི་ན་རིའི་རིགས་སུ་གྱུར་པའམ་ཆུ་ཀླུང་གི་ཐ་སྙད་དུ་བྱ་བ་གཞན་དག་ཀྱང་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རིའི་ 71-1-178a རིགས་གཞན་དག་ཀྱང་ཡོད་པ་ཡིན་ཏེ། གཅིག་པུ་པ་ཞེས་བྱ་བའི་རིའི་རིང་དུ་ནི་དཔག་ཚད་བརྒྱར་གྱུར་པ་འཕང་དུ་ནི་དཔག་ཚད་ལྔ་བརྒྱ་པ་ཡིན་ནོ། །རི་དེ་ལས་དམར་པོ་ཞེས་བྱ་བའི་ཆུ་བོ་འབབ་པ་ཡིན་ཏེ། གཟི་བརྗིད་ཆེ་བ་དང་ལྡན་པར་གྱུར་པ། རྒྱར་ནི་དཔག་ཚད་ ཕྱེད་ཡིན་ཞིང་རིང་དུ་ནི་དཔག་ཚད་ལྔ་བརྒྱ་ཡིན་ཏེ། ཇི་སྲིད་དུ་རྒྱ་མཚོར་འཇུག་གོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རྣམ་པ་དེ་ལྟ་བུའི་ཆུ་ཀླུང་གི་རིགས་གཞན་འཛམ་བུའི་གླིང་ན་ཡོད་པ་ཡིན་ནམ་ཞེ་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཛམ་བུའི་གླིང་ན་རབ་ཏུ་འབབ་པར་གྱུར་པའི་ཆུ་བོ་ཆེན་པོ་ཀཱ་བེ་རཱི་ཞེས་བྱ་བ་མེ་ཏོག་ཆེན་པོ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་རྣམས་ལ་འདི་ལྟ་སྟེ། ཀེ་ཏ་ཀ་དང ། ཙམ་པ་ཀ་དང ། རྫུ་ནཱ་དང ། ཀ་དམྦ་དང ། མཱ་ལི་ཀ་གསར་པ་དང ། ་ཏི་མུཀྟ་ཀ་དང་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །གཉིས་པ་ཡང་བ་ལང་ཅན་ཞེས་བྱ་བ་བ་ལང་གི་གཞི་རྣམས་ཀུན་དུ་གང་བ་ཡིན་ནོ། །ཆུ་བོ་དེ་དག་གཉིས་ཀ་ཡང་ཞེང་དུ་ནི་དཔག་ཚད་ཕྱེད་ཡིན་ལ་རིང་དུ་ནི་དཔག་ཚད་སུམ་བརྒྱ་ཡིན་ནོ། ། གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ན་རིའི་རིགས་སུ་གྱུར་པའམ་ཆུ་ཀླུང་གི་རིགས་སུ་གྱུར་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་ པ། འཛམ་བུའི་གླིང་ན་རིའི་རིགས་དང་ཆུ་བོའི་རིགས་གཞན་དག་ཀྱང་ཡོད་དོ། །དེ་དག་ཀྱང་འདི་ལྟ་སྟེ། ཊ་ཀ་ཤོ་བྷོ་ཆེན་པོ་ཞེས་བྱ་བའི་རི་ཡོད་པ་ནི་མི་ཐམས་ཅད་ཀྱིས་བགྲོད་དུ་རུང་བ་རྒྱ་མཚོས་བསྐོར་བ་ཡིན་ནོ། །རི་དེའི་ཚད་ནི་དཔག་ཚད་སུམ་ཅུ་ཡིན་ནོ། །འདི་ལ་མི་ རྣམས་གནས་པ་ཡང་ཅུང་ཟད་ཀིནྐི་ཀི་རཱ་ཏཱ་ཞེས་བྱ་བའི་མི་བརྩེ་བ་མེད་པ་དང ། ཀླ་ཀློ་དང ། རྣ་བ་གོན་པ་དང་རྣམས་སོ། །གཞན་རྣམས་ཀྱང་རབ་ཏུ་གནས་པར་གྱུར་པ་ནི་ལོ་མ་གྱོན་པ་རྣམས་ཏེ། དེ་དག་ཀྱང་རྒྱ་མཚོའི་ཆུའི་ནང་གི་གླང་པོ་ཆེའི་ཤ་རྣམས་ཟ་བར་བྱེད་དོ། །གོམས་ 71-1-178b པར་གྱུར་པའི་དབང་གིས་ཟས་རྣམས་ཟ་བ་ཡིན་པས་མིའི་ཤ་རྣམས་ཀྱང་ཟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་ཤིན་ཏུ་འདས་པར་གྱུར་པའི་རྒྱ་མཚོ་ན་རིའི་རིགས་སམ་གླིང་གི་ རིགས་གཞན་ཡང་གང་དག་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བའི་རི་རྒྱ་མཚོའི་ནང་ན་དཔག་ཚད་སྟོང་དུ་གྱུར་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་ རྣམས་ལ་འདི་ལྟ་སྟེ། ཨིནྡྲ་ནཱི་ལ་དང ། ནཱི་ལ་ཆེན་པོ་དང ། རྡོ་རྗེ་དང ། བཻ་ཌཱུརྱ་དང ། མུ་ས་ར་གལྦ་དང ། རྐ་དང ། པདྨ་ར་ག་དང ། སུ་ཀུ་མ་རི་ཀཱ་ལ་སོགས་པ་རྣམས་ཀྱིས་རི་དེ་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །དེ་ལ་བཟང་ལྡན་གྱི་དུས་ན་ནི་ལས་ཀྱིས་ རྗེས་སུ་འཇུག་པར་འགྱུར་བའི་ཚོང་པ་རྣམས་རྒྱ་མཚོའི་རླུང་གིས་བདས་ནས་རབ་ཏུ་འཇུག་པར་བྱེད་དོ། །རི་དེ་ལས་ཤིན་ཏུ་འདས་པའི་རྒྱ་མཚོར་སྟོང་ཕྲག་བཅུར་ཉ་ཆེན་པོ་དང ། ཆུ་སྲིན་བྱིས་པ་གསོད་དང ། གྲིབ་མའི་རྩེ་བྱ་བའི་སྲིན་མོ་རྣམས་ཀྱིས་ཀུན་དུ་གང་བ་ཡིན་ནོ། ། རྒྱ་མཚོ་དེ་ལས་ཀྱང་ཤིན་ཏུ་རྒལ་བར་གྱུར་ནས་གསེར་གྱི་རྩིག་པ་ཞེས་བྱ་བའི་གླིང་ཡོད་པ་ཡིན་ཏེ། གསེར་གྱི་ས་གཞིས་ཡོངས་སུ་ཁེབས་པར་གྱུར་པ་དེ་ན་མཐོང་ན་ཤིན་ཏུ་འཇིགས་པར་འགྱུར་བ་བརྟུལ་ཞུགས་ཆེ་བའི་སྲིན་པོ་རྣམས་རབ་ཏུ་གནས་པ་ཡིན་ནོ། །ཡུལ་དེ་ ལས་ཤིན་ཏུ་འདས་ནས་རྒྱ་མཚོ་དཔག་ཚད་ཉིས་སྟོང་གི་ཕ་རོལ་ན་དྷི་རི་ཀོ་ཞེས་བྱ་བའི་རི་ཡོད་པ་ཡང་རྩེ་མོ་གསུམ་པ་སྟེ་འཕང་དུ་དཔག་ཚད་བདུན། རྒྱར་ནི་དཔག་ཚད་སུམ་བརྒྱ་པ་ལ་རིན་པོ་ཆེ་བདུན་གྱིས་མཛེས་པར་བྱས་པ་རྣམས་ནི་འདི་ལྟ་སྟེ། ཨིན་དྲ་ནཱི་ལ་དང ། རྡོ་རྗེ་དང ། བཻཌཱུརྱ་དང ། པདྨ་ར་ག་དང ། སུ་ཀུ་མ་རི་དང ། ནཱི་ལ་ཆེན་པོ་ཀ་དང ། མུ་ས་ར་དང་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་དེ་ལས་འདས་པར་གྱུར་ནས་རིའི་རིགས་སམ་རྒྱ་ 71-1-179a མཚོའི་རིགས་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཆུ་ནག་པོ་ཞེས་བྱ་བའི་རྒྱ་མཚོ་ཆེན་པོ་དཔག་ཚད་སྟོང་ཕྲག་བཅུར་གྱུར་པ། གང་ལ་ལྷ་མ་ཡིན་རྣམས་ཀླུའི་བུ་མོ་དང་ལྷན་ཅིག་ཏུ་རྩེ་ བར་བྱེད་པ་ཡིན་ནོ། །རྒྱ་མཚོ་འདིའི་ཀླུ་རྣམས་ཀྱང་མཐོང་ན་འཇིགས་སུ་རུང་བ་ཡིན་ནོ། །དེ་ལ་ཡང་གྲིབ་མའི་རྩེ་ལ་འབྱུང་བ་ཞེས་བྱ་བའི་སྲིན་མོས་ལྷ་མ་ཡིན་སྟོབས་དམན་པར་རྒྱུ་བར་བྱེད་པ་གང་དག་བཟུང་ནས་རྒྱ་མཚོར་འཕེན་པར་བྱེད་དོ། །ཆུ་ནག་པོ་ཆེན་པོ་དེའི་ཆུའི་ནང་ རྣམས་ནི་རི་ཡིས་གང་བར་གྱུར་པ་སྤྲིན་ནག་པོ་ཆེན་པོ་དང་མཚུངས་པར་གྱུར་པ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་ཆེས་གང་བར་གྱུར་པ་རྣམས་ཀུན་དུ་མཐོང་བར་གྱུར་ནས་རྣལ་འབྱོར་སྤྱོད་པས་ཡང་དག་པ་ཇི་ལྟ་བ་བཞིན་ཕྱི་རོལ་རྣམས་ལ་རྣམ་པར་ལྟ་བར་བྱེད་དོ། །རྣལ་འབྱོར་སྤྱོད་པ་པས་ ཆུ་ནག་པོ་དེ་ལས་ཡང་དག་པར་འདས་ནས་འདི་དག་ལས་ཕ་རོལ་ན་རིའི་རིགས་སུ་གྱུར་པའམ། རྒྱ་མཚོའི་རིགས་སུ་གྱུར་པ་ཡོད་དམ་ཞེས་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རིན་པོ་ཆེ་རྣམས་ཀྱིས་ཀུན་ཏུ་གང་ བ་ཞེས་བྱ་བ་དང་གཞན་ནི་དམར་པོ་ཞེས་བྱ་བ་སྟེ། རྒྱ་མཚོ་དེ་དག་ན་ནི་འཛམ་བུ་ཞེས་བྱ་བ་འདིའི་ཤིང་རྣམས་ལས་ལྷག་པ་དཔག་ཚད་དགུ་བཅུའི་ཚད་དུ་གྱུར་པའོ། །དེ་ལ་ནི་རྡོ་རྗེའི་མཆུ་དང་ལྡན་པའི་བྱའི་རྒྱལ་པོ་ནམ་མཁའ་ལྡིང་འདི་གནས་པ་ཡིན་ནོ། །ལྗོན་ཤིང་དེ་ལས་ཉུང་བར་ གྱུར་ན་ནི་དཔག་ཚད་བརྒྱ་ན་ཆུ་སྔོན་པོ་ཞེས་བྱ་བའི་རྒྱ་མཚོ་ཡོད་དོ། །དེ་ལ་རྒྱང་གྲགས་ཀྱི་ཚད་ཙམ་གྱི་སྲིན་མོ་མན་དེ་ཧ་ཞེས་བྱ་བ་ཡོད་དོ། །དེ་ནི་ཆུའི་ནང་གི་རིའི་མཆོག་རྣམས་ལ་རྒྱུ་བར་བྱེད་པ་ཡིན་ཏེ། རྒྱ་མཚོའི་ཆུའི་ནང་གང་དག་ན་རི་བོ་རྣམས་ཡོད་པར་གྱུར་པ་དེ་དག་རྣམས་ལ་ རྣམ་པར་རྒྱུ་བར་བྱེད་དོ། །དེ་དག་ལས་འདས་པར་གྱུར་ནས་རིའི་རིགས་སུ་གྱུར་པའམ་ཆུ་ཀླུང་གི་རིགས་སུ་གྱུར་པ་གཞན་དག་རྒྱ་མཚོ་ན་ཡོད་དམ་ཞེས་རྣལ་འབྱོར་སྤྱོད་པ་པ་ཡུལ་རྣམས་ལ་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ 71-1-179b མཐོང་བར་གྱུར་པ། ཆུ་རབ་ཏུ་དང་བ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་ལྔ་བརྒྱ་པ་ཡོད་དོ། །རྒྱ་མཚོ་དེའི་ནང་ན་འོད་ཟེར་གྱི་ཕྲེང་བ་ཅན་ཞེས་བྱ་བའི་རི་འཕང་དུ་དཔག་ཚད་བརྒྱ་པ། རྒྱར་ནི་དཔག་ཚད་སུམ་བརྒྱར་གྱུར་པ་ཡིན་ནོ། །རི་འདི་ནི་དངུལ་གྱི་རང་བཞིན་དུ་གྱུར་པ་ལ་ རིན་པོ་ཆེ་རྣམས་ཐམས་ཅད་ཀྱིས་ཀྱང་མཛེས་པར་བྱས་པ་དང ། གསེར་གྱི་པད་མ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་རྣམས་ནི་འདི་ལྟ་སྟེ། སྟོང་དུ་མཐོང་བ་ཞེས་བྱ་བའི་པད་མའི་རྫིང་བུ་ཟབས་སུ་ནི་དཔག་ཚད་བརྒྱ་ཡོད་པ་རིང་དུ་དཔག་ཚད་སུམ་ཅུར་གྱུར་པའོ། །དེ་ལ་ སོང་ནས་ཕྲེང་བ་ཐོགས་པའི་ལྷ་དང ། ཡོལ་གོ་ཐོགས་པ་རྣམས་ཀྱང་དགའ་བར་བྱེད་དོ། །ལྷའི་ངང་པ་དང ། ཀཱ་རཎྜ་བདག་གིས་ཀྱང་མཛེས་པར་བྱས་པར་གྱུར་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རབ་ ཏུ་དང་བར་གྱུར་པའི་རྒྱ་མཚོ་ལས་ཀྱང་གཞན་དུ་གྱུར་པའི་རི་དང་རྒྱ་མཚོའི་རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་སམ་གླིང་དུ་གྱུར་པ་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རླབས་ཆེན་པོ་ཞེས་བྱ་བའི་རྒྱ་མཚོ་ཡོད་ དེ་དཔག་ཚད་ནི་ལྔ་བརྒྱར་གྱུར་པ་ཡིན་ནོ། །དེ་ལ་སའི་འོག་གི་ཆུའི་ནང་དུ་སོང་བར་གྱུར་པའི་རླུང་རྣམས་སྟེང་དུ་གྱུར་པ་གང་ཡིན་པས་རྒྱ་མཚོ་དང་གླིང་དེ་དག་རྣམས་ཐམས་ཅད་ཀྱང་འཁྲུག་པར་བྱེད་དེ། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གི་ཕྱོགས་ཀྱིས་ཡིན་ནོ། །རླབས་རྣམས་ ནི་དཔག་ཚད་ཉིས་བརྒྱར་འབྱུང་ངོ ། །ལྷག་མ་རྣམས་ནི་འཛམ་བུའི་གླིང་གི་རྒྱ་མཚོའི་རླབས་ཞེས་གང་དག་རྗོད་པར་བྱེད་དོ། །དེ་ལ་ནི་ཉ་ཐམས་ཅད་རྟའི་གདོང་ཅན་དུ་གྱུར་པ་རྣམས་རབ་ཏུ་གནས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་ གནས་ཏེ། རླབས་ཆེན་པོའི་རྒྱ་མཚོའི་རི་ལས་རིའི་རིགས་སམ་རྒྱ་མཚོའི་རིགས་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རླབས་ཆེན་པོའི་རིའི་ཕ་རོལ་བྱང་ཕྱོགས་ངོས་ན་རི་ངོས་གཅིག་པ་ཞེས་བྱ་བ་དཔག་ཚད་བརྒྱ་ཕྲག་བཅུ་ 71-1-180a བཞིར་གྱུར་པའི་རི་གསེར་འབར་བ་དག་གིས་རྣམ་པར་བརྒྱན་པ་ཉི་མ་གཉིས་པ་དང་འདྲ་བར་གྱུར་པ་ཡིན་ནོ། །དེ་ལ་ལྷའི་མེ་ཏོག་ཏུ་གྱུར་པ་མན་དཱ་ར་བ་དང ། པད་མ་ཀུ་ཤེ་ཤ་ཡཱ་དང ། བཻ་ཌཱུརྱའི་རང་བཞིན་གྱི་པད་མ་རྣམས་སྐྱེ་བ་ཡིན་ནོ། །ལྷའི་ནགས་དང་ཉེ་ བའི་ནགས་རྣམས་ཀྱང་རི་འདི་ལ་ཡོད་པ་ཡིན་ནོ། །ངོས་གཅིག་པའི་རི་དེ་ལས་འདས་པར་གྱུར་ནས་གཞན་རིའི་རིགས་སུ་གྱུར་པ་དག་ཡོད་དམ་ཞེས་རྣལ་འབྱོར་སྤྱོད་པ་ཀུན་ཏུ་ལྟ་བར་བྱེད་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་ པ། ཤར་གྱི་ཕྱོགས་སུ་རྒྱ་མཚོ་དཔག་ཚད་སུམ་སྟོང་དུ་ངེས་པར་བྱུང་ནས་སོང་བར་གྱུར་པ་ན་གསེར་འབར་བ་ཞེས་བྱ་བ་རི་རབ་ལས་ཧ་ཅང་མི་རིང་བ་ན་ཡོད་དོ། །དེ་ནས་ལྷུན་པོའི་ལོགས་ལ་ཤར་བ་ཞེས་བྱ་བའི་རི་ཡོད་དེ། གང་གིས་འཛམ་བུའི་གླིང་འདི་ནི་དེས་བཻ་ཌཱུརྱའི་རང་ བཞིན་གྱི་མདོག་ཏུ་བྱེད་པ་དང ། གང་གིས་ཤར་གྱི་ལུས་འཕགས་པོ་ནི་དེས་གསེར་གྱི་མདོག་ཏུ་བྱེད་པ་ཡིན་ནོ། །རི་དེའི་ངོས་སྔོན་པོར་སྣང་བ་ཡིན་པས་རི་ཡིས་འཛམ་བུའི་གླིང་གི་ནམ་མཁའ་ཡང་སྔོན་པོར་མཐོང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་ཤར་བ་དེ་དང་ཐག་ཉེ་བར་གྱུར་པ་ན་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རི་ཤར་བ་དེ་ལས་རིང་དུ་འདས་པར་གྱུར་ནས་ཤར་གྱི་ལུས་འཕགས་སུ་རི་རབ་ལྷུན་ པོ་དེའི་རཝ་གཉིས་པར་གྱུར་པ་ཡིད་བདེ་བ་ཞེས་བྱ་བ་ལྷའི་འཛམ་བུའི་ཆུ་བོའི་གསེར་གྱི་རང་བཞིན་དུ་གྱུར་པ་ཡངས་པ་གསེར་གྱི་པད་མས་ལེགས་པར་ཀུན་ཏུ་བརྒྱན་པ་སྟེ། རྒྱར་ནི་དཔག་ཚད་བཅུ་པའོ། །འཕང་དུ་ནི་དཔག་ཚད་ལྔ་བརྒྱ་ཡིན་ནོ། །དེ་ལ་ནི་གསེར་གྱི་རང་ བཞིན་གྱི་ལྗོན་ཤིང་དང ། རི་དགས་དང ། བྱ་རྣམས་དང ། གསེར་ས་ལེ་སྦྲམ་གྱི་རང་བཞིན་གྱི་ལྗོན་ཤིང་ལོ་མ་རྣམས་དང ། ལྷའི་གླུ་མཁན་རྣམས་ཀྱིས་ཀྱང་བསྟེན་པ་ཡིན་ནོ། །དེ་ལ་ཡང་ཕྲེང་བ་ཐོགས་པར་གྱུར་པའི་ལྷ་རྣམས་དང ། པི་བང་གསུམ་པ་ཅན་རྣམས་ 71-1-180b ཀྱང་རྩེ་དགའ་བར་བྱེད་དོ། །ཇི་ལྟར་ལས་རྣམས་ཀྱིས་བསྐྱེད་པར་གྱུར་པ་རྣམས་དམན་པ་དང ། བར་མ་དང ། ཁྱད་པར་དུ་འཕགས་པའི་ལས་རྣམས་ཀྱིས་མངོན་པར་སྤྲུལ་པ་སྟེ། རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པར་བྱེད་པའི་ལྷ་དེ་དག་རྣམས་ཡིད་བདེ་ བའི་རི་དེ་དང་ཇི་སྲིད་དུ་རི་ཉི་མ་དང་མཚུངས་པར་གྱུར་པའི་ཤར་བ་ལ་ཡང་སྟེན་པར་བྱེད་དོ། །འཛམ་བུའི་གླིང་གི་རྩེ་མོར་གྱུར་པ་ཤིན་ཏུ་མཐོ་བ་ཡིན་ཏེ། དེ་ཙམ་ཞིག་འཛམ་བུའི་གླིང་གི་ཤར་ཕྱོགས་ན་ཡོད་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་ གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཇི་ལྟར་འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་ཆུ་བོའི་རིགས་སུ་གྱུར་པའམ། རིའི་རིགས་སུ་གྱུར་པའམ། རྒྱ་མཚོ་ཡོངས་སུ་འཁྲུགས་པར་གྱུར་པའམ། ཅི་ཙམ་གཅིག་གིས་མཐར་ཐུག་པར་འགྱུར་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དེ་ལ་འབིགས་བྱེད་ཅེས་བྱ་བའི་རིའི་ཉེ་འཁོར་དུ་དཔག་ཚད་བརྒྱད་ཡོད་པ་ལས། ཆུ་ཀླུང་ན་ར་མ་དཱ་ཞེས་བྱ་བ་ཞེང་དུ་དཔག་ཚད་ཕྱེད་དུ་གྱུར་པ་རིང་དུ་དཔག་ཚད་བརྒྱ་ཕྲག་གཉིས་ཡོད་པ་སྟེ། དེ་ལ་ཡང་དུག་ཆེན་པོ་དང་ལྡན་པའི་ཀླུ་རྣམས་རབ་ཏུ་གནས་ཤིང་ཆུ་སྲིན་བྱིས་པ་གསོད་དང་ཆུ་སྲིན་འཛིན་ཁྲིས་ཀྱང་གང་བར་གྱུར་པ་ཡིན་ནོ། །ཆུ་ཀླུང་དེ་ལས་གཉིས་པར་གྱུར་པ་ཆུ་ཀླུང་རླབས་ལྡན་ཞེས་བྱ་བ་ཡང་འབིགས་བྱེད་ལས་ཀུན་དུ་འབབ་པའོ། །ཆུ་ཀླུང་གསུམ་ པ་ཤུགས་དང་ལྡན་པ་ཞེས་བྱ་བ་སྟེ། དགའ་བར་གྱུར་པ་ཤིང་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་པ་ཡིན་ནོ། །ཆུ་ཀླུང་གཞན་ཡང་ནག་པོ་འཁྱིལ་པ་ཞེས་བྱ་བ་ཟབས་སུ་ནི་དཔག་ཚད་གསུམ་དུ་གྱུར་པ། རིང་དུ་གྱུར་པའི་དངོས་པོར་ནི་དཔག་ཚད་སུམ་བརྒྱ་པ་ཡིན་ཏེ། ཇི་སྲིད་དུ་རྒྱ་མཚོར་འབབ་པ་ཡིན་ནོ། །ཆུ་ཀླུང་ཡང་རོ་དྷཱཆེན་པོ་ཞེས་བྱ་བ་ལ་དུག་ཆེན་པོ་དང་ལྡན་པའི་ཀླུས་གང་བར་གྱུར་པ་ཡིན་ནོ། །རི་མ་ལ་ཡ་ཞེས་བྱ་བ་ནི་ཙན་དན་གྱི་རང་བཞིན་དུ་གྱུར་པ་མཆོག་ཏུ་དགའ་བ་རིང་བར་གྱུར་པའི་ངོ་བོར་ནི་དཔག་ཚད་ལྔ་བརྒྱ་ཡིན་ལ་འཕང་དུ་ 71-1-181a གྱུར་པ་ནི་དཔག་ཚད་སུམ་བརྒྱ་ཡིན་ནོ། །རླབས་ཆེན་ཞེས་བྱ་བའི་ཆུ་ཀླུང་རབ་ཏུ་འབབ་པ་ཡིན་ཏེ། ཞེང་དུ་དཔག་ཚད་གཅིག་ཡིན་ལ་རིང་བའི་ངོ་བོར་ནི་དཔག་ཚད་བརྒྱར་གྱུར་པ་ཇི་སྲིད་དུ་རྒྱ་མཚོར་འབབ་པ་ཡིན་ནོ། །བེ་ཏྲ་ཅན་ཞེས་བྱ་བའི་ཆུ་ཀླུང་ནི་ལྗོན་ ཤིང་སྣ་ཚོགས་པ་རྣམས་ཀྱིས་གང་བར་གྱུར་པ་ལ་བྱ་རྣམས་ཀྱིས་ཁྱབ་པར་གྱུར་པ་སྟེ། རྒྱར་ནི་དཔག་ཚད་གཅིག་ཡིན་ལ་རིང་དུ་ནི་དཔག་ཚད་ལྔ་བརྒྱར་གྱུར་པས་ཇི་སྲིད་དུ་རྒྱ་མཚོར་འབབ་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་ གནས་ཏེ། འཛམ་བུའི་གླིང་ན་གཞན་དག་ཅི་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཡུལ་རྣམས་ལ་འདི་ལྟ་སྟེ། མེ་ལ་ཀོའི་ལྗོངས་ཀྱི་ཡུལ་ཕྱོགས་ནི་རྣམ་པ་དུ་མ་རྣམས་ཡིན་ཏེ། ཡུལ་དེ་དག་ནི་དཔག་ ཚད་བཞི་བཅུ་ཡིན་ནོ། །ཙོ་ཀ་ལ་ཞེས་བྱ་བའི་ཡུལ་ལྗོངས་གཉིས་པ་ནི་དཔག་ཚད་ལྔ་བཅུ་པ་ཡིན་ཏེ། ལྗོན་ཤིང་དང ། ཀེ་ཏ་ཀཱ་དང ། ནཱ་ཌི་ཀེར་དང ། པ་ན་ས་དང ། ཆུ་ཤིང་དང ། བི་ལ་དང ། ཀ་པིཏྠ་དང ། པ་རུ་ཥ་ཀ་དང ། བ་ད་ར་དང ། རྫུ་ན་དང ། ཙམྤ་ཀ་དང་ རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པའོ། །ལྗོན་ཤིང་གཞན་ནི་ཚ་བི་ཀ་ལིང་ཀ་ཞེས་བྱ་བ་དཔག་ཚད་བརྒྱ་པ་སྟེ། ཤིང་གསར་པ་རྣམས་ཐམས་ཅད་དང་ཤཱ་ལི་དག་གིས་ཉེ་བར་མཛེས་པར་བྱས་པའོ། །དེ་ནས་ཆུ་ལྡན་ཞེས་བྱ་བའི་ཡུལ་གཞན་ནི་ཞེང་དུ་དཔག་ཚད་བརྒྱ་ཡིན་ཏེ། ལྗོན་ཤིང་དང་ཤཱ་ལི་དག་གིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །ནགས་ན་རི་དགས་དང་སྟག་དང ། མི་བགྲུངས་པར་གྱུར་པ་དཎྜ་ཀཱ་ར་ཎྱང་ཞེས་བྱ་བ་ནི་དཔག་ཚད་ཉི་ཤུ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་ཆུ་ཀླུང་གི་རིགས་སམ། རིའི་རིགས་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཆུ་ཀླུང་གོ་དཱ་བ་རཱི་ཞེས་པ་རབ་ཏུ་དང་བར་གྱུར་པའི་ཆུ་ཡོད་དེ། ཞེང་དུ་ནི་རྒྱང་གྲགས་ཡིན་ལ་ 71-1-181b རིང་དུ་གྱུར་པའི་ངོ་བོར་ནི་དཔག་ཚད་ཉིས་བརྒྱ་པའོ། །ལྗོངས་ཀྱང་ཙོན་ཏྭ་ཞེས་བྱ་བ་སྟེ་དཔག་ཚད་ཉི་ཤུ་ཡིན་ནོ། །མ་དྲཱ་ཞེས་བྱ་བའི་ལྗོངས་ནི་དཔག་ཚད་བརྒྱ་ཕྲག་བཞི་བཅུ་ཡིན་ནོ། །ཀེ་ཏ་ཀོ་ཞེས་བྱ་བའི་ཡུལ་ནི་དཔག་ཚད་ལྔ་བཅུ་པ་ཡིན་ཏེ། བ་ལང་དང་མ་ཧེ་ཥ་རྣམས་ཀྱིས་ ཀུན་ནས་གང་བར་གྱུར་པ། ལྗོན་ཤིང་དང་ཤཱ་ལི་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །གཞན་ཡང་རྒྱ་མཚོའི་ནང་ན་ཀར་ཀོ་ལའི་རང་བཞིན་གྱི་ཤིང་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་པ་སྟེ། རིང་དུ་གྱུར་པའི་དངོས་པོར་ནི་དཔག་ཚད་སུམ་བརྒྱའོ། །ཞེང་དུ་ནི་དཔག་ ཚད་ལྔ་བརྒྱ་ཡིན་ནོ། །ཀཱ་བེ་རི་ཞེས་བྱ་བའི་ཆུ་ཀླུང་ནི་ཤིང་རྣམས་ཐམས་ཅད་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། རབ་ཏུ་དང་བའི་ཆུ་ཞེང་དུ་ནི་དཔག་ཚད་དོ། །རིང་དུ་གྱུར་པའི་ངོ་བོར་ནི་དཔག་ཚད་ལྔ་བརྒྱ་པ་ཡིན་ནོ། །དེ་ལ་ནི་དགའ་བར་གྱུར་པ་ཀར་ཀོ་ལ་ཀཱ་དང ། ན་ར་ ཀ་དང ། ཀེ་ཏ་ཀ་དང་རྣམས་ཀྱིས་ཤིན་ཏུ་དགའ་བར་གྱུར་པའི་ནགས་ཡོད་དོ། །ཆུ་ཀླུང་ཡང་བཱ་སའི་ཆུ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་རྒལ་བར་གྱུར་ནས་རྒྱ་མཚོ་དང ། རིའི་རིགས་དང་གླིང་གི་རིགས་སུ་གྱུར་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱ་མཚོ་པུ་ཌིས་གཡོགས་པ་ཞེས་བྱ་བ་དཔག་ཚད་སྟོང་ཕྲག་བཅུ་པ་སྟེ། དེ་ན་རླུང་གིས་རླབས་རྣམས་ནི་མི་བྱེད་དོ། ། པད་མའི་འདབ་མའི་ཚོགས་རྣམས་ལྡན་པ་ཡིན་ནོ། །རྒྱ་མཚོ་ཆེན་པོ་འདི་ལས་འདས་པར་གྱུར་ནས་རྒྱ་མཚོའི་གླིང་དཔག་ཚད་ལྔ་བརྒྱ་པ་ཡོད་དོ། །དེ་ལ་ནི་སྲིན་མོ་རྣམས་རབ་ཏུ་གནས་པ་ཡིན་ཏེ། ཟས་སུ་ཉ་ཟ་བར་བྱེད་པ་འཇིགས་པའི་གཟུགས་ཅན་རྣམས་ཡིན་ནོ། ། དེ་ལས་རྒལ་བར་གྱུར་ནས་དབང་ཆེན་གྱི་རི་ཡིན་ཏེ། རྒྱར་ནི་དཔག་ཚད་བཞི་བཅུ་པར་གྱུར་པ་འཕང་དུ་དཔག་ཚད་བཅུ་པ་ལ་ཏ་ལ་དང ། ཤཱ་ལིའི་ཕྲེང་བ་དང་ལྡན་པར་གྱུར་པའོ། །དེ་ལ་ལྷ་མ་ཡིན་རྣམས་ཀླུའི་བུ་མོ་དང་རྩེ་བར་བྱེད་དེ་ཀླུ་དང་ལྷན་ཅིག་ཏུ་འཇུག་ངོགས་དང་ཉེ་བའི་ 71-1-182a ནགས་སུ་ཡང་ངོ ། །རི་དེ་ལ་གནས་པར་གྱུར་ནས་རྒྱལ་པོ་ཆེན་པོ་བཞིས་འཛམ་བུའི་གླིང་རྣམས་ཐམས་ཅད་བརྒྱད་དང་བཅུ་བཞི་ལ་སོ་སོར་རྟོག་པར་བྱེད་དོ། །སྐྱེས་བུ་སུ་དག་ནི་མ་ལ་གུས་པ་ཡིན། ཆོས་ལ་སྤྱོད་པར་བྱེད་པ་སུ་དག་ཡིན། ཆོས་ ཀྱི་རྗེས་སུ་ཕྱོགས་པར་འཇུག་པ་ནི་སུ་དག་ཡིན། བསྙེན་གནས་ལ་ཉེ་བར་གནས་པ་ནི་གང་དག་ཡིན། སངས་རྒྱས་ལ་དད་པ་ནི་གང་དག་ཡིན། ཆོས་ལ་དད་པར་གྱུར་པ་ནི་གང་དག་ཡིན། དགེ་འདུན་ལ་དད་པར་གྱུར་པ་ནི་གང་དག་ཡིན། བདུད་དང་ལྷན་ཅིག་ གཡུལ་འགྱེད་པར་བྱེད་པ་ནི་སུ་དག་ཡིན། སུ་ནི་དྲང་པོའི་རང་བཞིན་ཅན་ཡིན། སུ་ནི་སྦྱིན་བདག་ཏུ་གྱུར་པ་ཡིན། སུ་ནི་སེར་སྣ་མེད་པ་ཡིན། སུ་ནི་གཞན་དག་ལ་གནོད་པ་མི་བྱེད་པ་ཡིན། སུ་ནི་བྱས་པ་ཁྱད་དུ་མི་གསོད་པ་ཡིན། སུ་ནི་མེད་པར་སྨྲ་བ་མ་ཡིན། དགེ་ བ་བཅུའི་ལས་ཀྱི་ལམ་རྣམས་ལ་སྤྱོད་པར་བྱེད་པ་ནི་གང་དག་ཡིན། གང་དག་ནི་ཐེག་པ་ཆེན་པོ་པ་རྣམས་ཡིན། སུ་ནི་ཉན་ཐོས་ཀྱི་ཐེག་པ་པ་ཡིན། སུ་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་ཡིན། སུ་ནི་གྲོགས་པོའི་དགྲར་མ་གྱུར་པ་ཡིན། གཞན་མུ་སྟེགས་ཅན་རྣམས་ ཀྱི་ལོག་པར་ལྟ་བ་མ་ཡིན་པ་སུ་ཡིན་ཞེས་དེ་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་དབང་ཆེན་གྱི་རི་ལ་འཛམ་བུའི་གླིང་རྣམས་ཐམས་ཅད་ལ་སོ་སོར་རྟོག་པར་བྱེད་དོ། །གལ་ཏེ་འཛམ་བུའི་གླིང་གི་མི་རྣམས་ཆོས་དང་ལྡན་པར་གྱུར་ན་ནི་རྒྱལ་པོ་ཆེན་པོ་བཞི་མགུ་བར་གྱུར་ནས་བརྒྱ་ བྱིན་ལ་ཀུན་དུ་རིག་པར་བྱེད་ཅིང་དབང་པོ་དང་བཅས་པའི་ལྷ་རྣམས་དགའ་བར་འགྱུར་རོ། །བདུད་ཀྱི་ཕྱོགས་རྣམས་ནི་ཉམས་པར་གྱུར་ཏོ། །ལྷའི་ཕྱོགས་རྣམས་ནི་འཕེལ་བར་གྱུར་ཏོ། །འཛམ་བུའི་གླིང་གི་མི་རྣམས་ནི་ཐམས་ཅད་ཀྱང་དགེ་བའི་ཆོས་ལ་སྤྱོད་པར་བྱེད་པ་ དང་།ཆོས་ཀྱི་རྗེས་སུ་ཕྱོགས་པར་གྱུར་པ་དེ་ཐོས་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དགའ་བར་འགྱུར་རོ། །གལ་ཏེ་ཆོས་དང་མི་ལྡན་ཞིང་ཆོས་ཀྱི་རྗེས་སུ་མི་ཕྱོགས་པར་འཛམ་བུའི་གླིང་གི་མི་རྣམས་གྱུར་ན་དེས་རྒྱལ་པོ་ཆེན་པོ་བཞི་སྡུག་བསྔལ་བར་གྱུར་ནས་སུམ་ཅུ་རྩ་གསུམ་གྱི་ 71-1-182b ལྷ་རྣམས་ལ་རྗོད་པར་བྱེད་དེ། འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ཀྱང་ཆོས་དང་ལྡན་པ་མ་ཡིན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །བདུད་ཀྱི་ཕྱོགས་རྣམས་ནི་འཕེལ་བར་གྱུར་ཏོ། །ལྷའི་ཕྱོགས་རྣམས་ནི་ཉམས་པར་གྱུར་ཏོ་ཞེས་དེས་ཐོས་ནས་ དབང་པོ་དང་བཅས་པའི་ལྷ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། དབང་ཆེན་གྱི་རིའི་ཕ་རོལ་ན་རིའི་རིགས་སུ་གྱུར་པའམ་གླིང་གི་རིགས་སུ་གྱུར་པ་དག་ཡོད་པ་ཡིན་ནམ་ཞེ་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དབང་ཆེན་གྱི་རི་དེ་ལས་རིང་དུ་འདས་པར་གྱུར་པ་ན་ཡང་རྒྱར་དཔག་ཚད་བརྒྱ་པར་གྱུར་པའི་གླིང་ཡོད་དོ། །དེ་ལ་རྐང་པ་གཅིག་པའི་མི་རྣམས་རབ་ཏུ་གནས་པ་ཡིན་ཏེ། རྩ་བ་དང་འབྲས་བུ་དག་ གི་ཟས་དང ། ཚེ་ལོ་ལྔ་བཅུ་པར་གྱུར་པ་དང ། ཤིང་ལོ་གོས་སུ་གྱོན་པ་དང ། ཤིང་དྲུང་ན་ཀུན་དུ་གནས་པ་རྣམས་ཡིན་ཏེ། ཡུལ་འདི་ཐམས་ཅད་ན་ཡང་མི་ཤ་ཟ་བར་བྱེད་པའི་གཅན་གཟན་དང་སེང་གེས་ཀུན་དུ་གང་བར་གྱུར་པ། གཤོག་པ་ཅན་རྣམས་ཀྱང་ཤིན་ཏུ་རྩུབ་པ་ རྣམས་ཡུལ་དེ་ན་སོ་སོར་གནས་པ་ཡིན་ནོ། །དྲོ་བ་དང་བསིལ་བ་དང་བཅས་པས་ཡུལ་འདི་ཡང་དགའ་བ་ཡིན་ཞིང་དེ་ལ་ཡང་བུད་མེད་རྣམས་ཁྱིའི་གདོང་ཅན་ཡིན་ཞིང་སྐད་སྙན་པ་ཡིན་ནོ། །དེ་ལས་རྒལ་བར་གྱུར་ནས་རྒྱ་མཚོ་དཔག་ཚད་སྟོང་ཕྲག་ཉི་ཤུ་པ་ཡོད་དོ། །རྒྱ་མཚོ་དེ་བརྟོལ་བར་ གྱུར་ནས་ཏཱ་ལའི་ཕྲེང་བ་ཞེས་བྱ་བའི་རི་ཤེལ་དང ། བཻ་ཌཱུརྱ་དང ། དངུལ་གྱི་རང་བཞིན་དུ་གྱུར་པ་ལ་གསེར་གྱི་བྱ་རྣམས་ཀྱིས་སྟེན་པར་བྱེད་པ་མེ་ཏོག་མན་དཱ་ར་བ་དང ། པད་མ་ཀུ་ཤེ་ཤ་ཡ་རྣམས་ཕུན་སུམ་ཚོགས་པར་གྱུར་པས་དུས་དྲུག་ཏུ་རྣམ་པར་བརྒྱན་པ་ཡིན་ནོ། །དེ་ལ་ལྷ་ མ་ཡིན་རྫུ་འཕྲུལ་དང་ལྡན་པ་རྣམས་འདོད་པར་གྱུར་པའི་སྒྲ་དང ། རེག་བྱ་དང ། རོ་དང ། དྲི་རྣམས་ཀྱིས་དགའ་ཞིང་རྩེ་བར་བྱེད་ལ་ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །རི་དེའི་རིང་བར་གྱུར་པའི་ངོ་བོར་ནི་དཔག་ཚད་སྟོང་ཕྲག་ལྔར་གྱུར་པ་ཡིན་ལ། འཕང་དུ་ནི་དཔག་ཚད་བརྒྱ་པ་ 71-1-183a ཡིན་ཏེ། རི་འདི་ལ་དངུལ་གྱི་རང་བཞིན་གྱི་རཝ་ཡང་བཅོ་ལྔ་ཡོད་དོ། །དེ་ལ་ནི་ལྷའི་བུ་མོ་རྣམས་རྩེ་དགའ་བར་བྱེད་དོ། །ལྷའི་བུ་མོ་དེ་དག་རྣམས་ཐམས་ཅད་ལྷ་མ་ཡིན་གྱིས་ཀུན་དུ་མཐོ་འཚམ་པར་བྱེད་དོ། །གཞི་དེ་ལས་དང་པོ་ལྷ་དང་ལྷ་མ་ཡིན་གྱི་འཁྲུག་པར་འགྱུར་རོ། ། ལྷ་དང་མི་རྣམས་སོ་སོའི་སྐྱེ་བོ་རྣམས་ཐམས་ཅད་ཀྱང་བུད་མེད་ཀྱི་དབང་དུ་འགྱུར་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཏཱ་ལའི་ཕྲེང་བའི་རི་དེ་ལས་འདས་པར་གྱུར་ནས་རི་དང་རྒྱ་མཚོའི་རིགས་སམ། གླིང་གི་རིགས་ རྣམས་གཞན་གང་དག་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དེ་ལས་རིང་དུ་འདས་ནས་དཔག་ཚད་ལྔ་སྟོང་དུ་རྒྱ་མཚོ་ཡིན་ནོ། །དེ་ལ་དཔག་ཚད་སྟོང་དུ་ཉ་རྣམས་ཡོད་དེ་དཔག་ཚད་ལྔའི་ཚད་དུ་གྱུར་པ་ཡིན་ཞིང་གླང་པོ་ཆེ་དང ། མ་ཧེ་ཥ་ དང ། ཕག་པ་དང ། རྔ་མོ་དང ། སེང་གེ་དང ། སྟག་དང ། སྤྱང་ཀི་དང ། གུང་དང ། སྤྲེའུ་དང ། མིའི་གདོང་ཅན་རྣམས་དང ། སེམས་ཅན་རྣམས་ཐམས་ཅད་ཀྱི་བཞིན་གྱི་རྗེས་འདྲ་བར་གྱུར་པ་རྣམ་པ་དུ་མ་ཅན་རྣམས་ཡིན་ནོ། །རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་ཉི་མ་ལྡན་ཞེས་བྱ་བའི་རི་ ཡོད་དོ། །དེ་ལ་ནི་འདོད་པ་རྣམས་ཐམས་ཅད་དང ། ལྷ་རྫས་ཀྱི་པད་མ་དང ། ཞག་བདུན་དུ་རྒྱགས་པ་སྐྱེད་པར་བྱེད་པའི་འབྲས་བུ་རྣམས་ཀྱང་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་ཡང་མི་འམ་ཅི་དག་རབ་ཏུ་གནས་པ་ཡིན་ཏེ། གླུ་དང་གར་གྱིས་རྟག་ཏུ་གནས་པར་བྱེད་པ། རྟག་ཏུ་ཡིད་ དགའ་བར་གྱུར་པ་རྣམས་རང་གི་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པར་བྱེད་པས་དམན་པ་དང ། བར་མ་དང ། མཆོག་ཏུ་གྱུར་པ་རྣམས་ཕན་ཚུན་དུ་གྲོགས་སུ་གྱུར་པས་རྩེ་དགའ་བར་བྱེད་དོ། །ཉི་མ་ལྡན་གྱི་རི་དེ་ལས་ཤིན་ཏུ་འདས་པར་གྱུར་ནས་དཔག་ཚད་ཉིས་སྟོང་གི་རྒྱ་མཚོ་ཡིན་ནོ། །དེ་ ལས་ཤིན་ཏུ་འདས་པ་ན་ནི་ཀུཉྫ་རོ་ཞེས་བྱ་བའི་རི་ཐམས་ཅད་དུ་ཡང་དངུལ་གྱི་རང་བཞིན་དང ། ལྷ་རྫས་ཀྱི་བཻ་ཌཱུརྱའི་རྡོ་བ་དང ། དངུལ་གྱི་གླེགས་བུ་དང ། རྡོ་བ་ཡིད་དུ་འོང་བ་རྣམས་ཀྱིས་ཡིད་ཉེ་བར་མཛེས་པར་བྱས་པའོ། །དེ་ལ་བུ་མོའི་ཤིང་ལྗོན་པ་ཞེས་བྱ་བའི་ལྗོན་ཤིང་རི་དེའི་ཉེ་འཁོར་ན་ཡོད་ 71-1-183b དོ། །ཤིང་དེ་ལས་སྐྱ་རེངས་ཤར་བར་གྱུར་པ་ན་བྱིས་པའི་སྐྱེས་བུ་ལེགས་པར་སྐྱེའོ། །ཉི་མ་ཤར་བ་ན་སྒུར་འགྲོས་བྱེད་པར་འགྱུར་རོ། །སྔ་དྲོའི་དུས་སུ་ནི་གཙུག་ཕུད་དང་ལྡན་པའི་གཞོན་ནུར་འགྱུར་རོ། །ཉི་མ་ཕྱེད་དུ་ཕྱིན་པ་ན་ལང་ཚོ་ལ་བབ་པར་འགྱུར་རོ། །ཉི་མའི་ཆ་གསུམ་པ་ལ་ན་ཚོད་ བར་མར་འགྱུར་རོ། །ཉི་མ་འབབས་པའི་དུས་ན་ནི་རྒས་པས་ནོན་པར་འགྱུར་ཏེ། ལུས་དབྱུག་པ་ལ་བརྟེན་པར་འགྱུར་བ་དང ། མགོ་ཁ་བའི་ཕུང་པོ་ལྟར་འགྱུར་རོ། །ཉི་མ་ནུབ་པར་གྱུར་པའི་དུས་ན་ནི་ཐམས་ཅད་དུས་བྱེད་པར་འགྱུར་རོ། །ལས་དང་བཅས་པར་གྱུར་པ་དང ། ལས་ ཀྱི་སེམས་ཅན་དང ། ལས་ཀྱི་བགོ་སྐལ་ལ་སྤྱོད་པར་བྱེད་པ་དང ། ལས་བརྟན་པར་བྱེད་པ་རྣམས་ཡིན་ཏེ། ཇི་ལྟ་ཇི་ལྟར་ལས་རྣམས་བྱས་པར་གྱུར་པ་དེ་ནི་ལས་དེ་དག་རྣམས་ཉིད་ཀྱི་ཤིན་ཏུ་ཡང་སྐལ་བ་ཅན་དུ་འབྱུང་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཀུཉྫ་རའི་རི་ལས་འདས་པར་གྱུར་ནས་རིའི་རིགས་སུ་གྱུར་པའམ། རྒྱ་མཚོའི་རིགས་སུ་གྱུར་པའམ། གླིང་གི་རིགས་སུ་གྱུར་པ་གཞན་དག་གང་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དཔག་ཚད་ལྔ་ བརྒྱར་གྱུར་པའི་རྒྱ་མཚོའི་ཆུའི་ནང་ན་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་རྣམས་ཀྱིས་གང་བར་གྱུར་པ་བཻ་ཌཱུརྱ་དང ། ིན་དྲ་ནཱི་ལ་དང ། ཤེལ་དང ། ནོར་བུའི་སྟེགས་བུ་རྣམས་དང ། རིན་པོ་ཆེ་བདུན་གྱིས་ཉེ་བར་མཛེས་པར་བྱས་པ།རང་བཞིན་གྱིས་འོད་དང་ལྡན་པར་གྱུར་པའི་ནོར་བུ་ རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ། གསེར་དང་ནོར་བུའི་སྟེགས་བུ་རྣམས་དང ། ཁང་བཟངས་དང ། གཞལ་མེད་ཁང་དང ། ཁང་པ་བརྩེགས་པ་དང ། ཁང་བུའི་ཕྲེང་བ་རྣམ་པ་སྣ་ཚོགས་པ་རྣམས་དང ། ཉི་མ་གཉིས་པ་དང་འདྲ་བར་ཀུན་དུ་གསལ་བར་བྱེད་པར་གནས་ཡིན་ནོ། །དེ་ ལ་ནི་ཏཀྵ་ཀོ་ཞེས་བྱ་བའི་ཀླུའི་རྒྱལ་པོ་ལེགས་པར་གནས་པ་ཡིན་ཏེ། རང་གི་ལས་རྣམས་ཀྱི་བགོ་སྐལ་ལ་སྤྱོད་པར་གྱུར་པ་དང ། སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པར་བྱེད་པ་ཡིན་ནོ། །ཏཀྵ་ཀོའི་སྲིད་པ་པ་དེ་ལས་རིང་དུ་འདས་ནས་རྒྱ་མཚོ་དཔག་ 71-1-184a ཚད་ལྔ་བརྒྱར་མཐོང་ན་འཇིགས་པར་འགྱུར་བ་སེམས་ཅན་ཐམས་ཅད་འཇིགས་པར་བྱེད་པ། མཆོག་ཏུ་ཁྲོ་བར་གྱུར་པའི་ཀླུ་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ་ཡིན་ནོ། །རྒྱ་མཚོ་དེ་ལས་ཀྱང་འདས་པར་གྱུར་ནས་སེམས་ཅན་རྣམས་ཐམས་ཅད་ཀྱིས་མཚུངས་པར་གང་བ་འབྲི་ཥ་ བྷོ་ཞེས་བྱ་བའི་རི་ཡོད་དོ། །དེ་ལས་ནི་གོ་ཤིཪྵ་ཞེས་བྱ་བའི་ཙན་དན་དང ། ཧ་རིཤྱ་མང་ཞེས་བྱ་བའི་ཙན་དན་གཉིས་པ་ཡང་སྐྱེ་བ་ཡིན་ཏེ། དེ་དག་ཀྱང་ཉི་མ་དང་མཚུངས་པའི་གཟི་བརྗིད་ཅན་ཡིན་པས་དེ་དག་ནི་ཐ་མལ་པ་རྣམས་ཀྱིས་ལྟ་བར་མི་ནུས་པ་ཡིན་ནོ། །གང་དག་ཆོས་པར་གྱུར་ ཅིང་ཆོས་ཀྱི་རྗེས་སུ་འཇུག་པར་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་རྣམས་དང ། རྣམ་པ་དེ་ལྟ་བུའི་རྒྱལ་པོ་གཞན་དག་རྣམས་ཀྱི་ཡང་ཙན་དན་དེ་དག་ཡིན་ནོ། །དེ་ལ་ཡང་དྲི་ཟའི་རྗེ་དཔོན་རྣམས་ཙན་དན་དེའི་དྲི་དེ་དག་གིས་མྱོས་པར་གྱུར་ནས་རྟག་ཏུ་གར་དང ། གླུ་དང ། རོལ་ མོའི་སྒྲ་རྣམས་ཀྱིས་ཀྱང་ཡིད་བདེ་བར་འགྱུར་རོ། །ཡུལ་དེ་ལས་ཀྱང་ཤིན་ཏུ་འདས་ནས་རྒྱ་མཚོའི་དཔག་ཚད་ལྔ་བརྒྱ་རྣམས་སུ་དབུ་བ་ཕྲེང་བར་གྱུར་པ་རྣམས་རླུང་གི་འུར་སྒྲ་དང་འདེབས་པ་ཡིན་ནོ། །རྒྱ་མཚོ་དེ་ལས་རིང་དུ་འདས་པ་ན་རཝ་གསུམ་པ་ཞེས་བྱ་བའི་རི་ཡོད་དོ། །དེའི་རཝ་གཅིག་ནི་ གསེར་གྱི་རང་བཞིན་ཡིན་ནོ། །གཉིས་པ་ནི་དངུལ་གྱི་རང་བཞིན་ཡིན་ནོ། །གསུམ་པ་ནི་ཤེལ་གྱི་རང་བཞིན་ཡིན་ནོ། །དེ་དག་ན་ཡང་དབུ་བའི་ཕྲེང་བ་ཞེས་བྱ་བ་རབ་ཏུ་དང་བའི་ཆུ་ལ་གསེར་གྱི་ཕྱེ་མ་དང ། གྲམ་པ་དང ། ལྷ་རྫས་ཀྱི་པད་མས་ཉེ་བར་མཛེས་པར་བྱས་པ། ངང་པ་དང ། ཀཱ་རཎྜ་ པ་རྣམས་ཀྱིས་གང་བར་གྱུར་པས་ཉེ་འཁོར་རྣམས་ན་ཤིན་ཏུ་སྒྲ་འདོན་པར་བྱེད་དོ། །རཝ་གསུམ་པའི་རི་དེ་ལ་རླུང་གིས་བརྡབས་པར་གྱུར་པས་རྒྱ་མཚོའི་རླབས་རྣམས་ངེས་པར་འདེབས་པར་བྱེད་དོ། །དེ་དག་ལ་རབ་ཏུ་བརྡབས་པར་གྱུར་པས་ནི་ཉ་ཉམ་ཆུང་བ་རྣམས་དུས་ཀྱི་ཆོས་དང་ཀུན་དུ་ལྡན་པར་ འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱ་མཚོ་ན་རིའི་རིགས་སུ་གྱུར་པའམ། ཆུ་ཀླུང་གི་རིགས་སུ་གྱུར་པའམ། གླིང་གི་རིགས་སུ་གྱུར་པ་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་ 71-1-184b གིས་མཐོང་བར་གྱུར་པ། ཡུལ་དེ་ལས་རིང་དུ་འདས་པར་གྱུར་ནས་ལེགས་པར་བྱས་པ་དགེ་བ་རྣམས་དང་མི་དགེ་བར་གྱུར་པ་མྱོང་བར་ངེས་པ་རྣམས་ཏེ། སེམས་ཅན་རྣམས་ཐམས་ཅད་ཀྱི་ལས་ཀྱི་འབྲས་བུའི་དབང་པོར་གྱུར་པ་གཤིན་རྗེའི་འཇིག་རྟེན་ཡོད་དོ། །དེ་ལ་གཤིན་རྗེ་ཞེས་བྱ་བ་ ནི་ཆོས་ཀྱི་རྒྱལ་པོ་སྟེ། ཆོས་ཀྱིས་སེམས་ཅན་རྣམས་རྗེས་སུ་སྟོན་པར་བྱེད་པ་ཡིན་ནོ། །གཤིན་རྗེའི་འཇིག་རྟེན་འདི་ནི་རང་གི་སེམས་རྣམ་པར་འཁྲུལ་བ་དང་མུན་པས་ཀྱང་བསྒྲིབས་པ་ཡིན་ནོ། །གཤིན་རྗེའི་འཇིག་རྟེན་དེ་ལས་འདས་པར་གྱུར་ནས་དཔག་ཚད་བརྒྱར་ནམ་མཁའ་ སྒྲིབ་པ་མེད་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་ནི་དགའ་བར་གྱུར་པའི་གཤིན་རྗེའི་སྲིད་པ་ཡིན་ཏེ། ལྷ་རྫས་ཀྱི་འཛམ་བུའི་ཆུ་བོའི་གསེར་དྲི་མ་མེད་པ་ཁང་པ་དང་རྟ་བབས་ཐམས་ཅད་ཀྱང་རིན་པོ་ཆེ་རྣམས་ཀྱིས་མཛེས་པར་བྱས་པ་དང ། ཆུ་བོ་དང ། འབབ་ཆུ་དང ། རྫིང་བུ་པད་ མའི་རྫིང་བུ་རྣམས་ཡོངས་སུ་ཁྱབ་ཅིང་ཉེ་བར་མཛེས་པར་གྱུར་པ་སྟེ། རྒྱར་ནི་དཔག་ཚད་བརྒྱ་ཡོད་པ་ཉི་མ་གཉིས་པ་དང་མཚུངས་པ་ཡིན་ནོ། །གཤིན་རྗེའི་སྲིད་པ་དེ་ལས་འདས་པར་གྱུར་ནས་ནི་ཉི་མ་དང་ཟླ་བའི་འོད་ཟེར་ཡང་ཉམས་པར་གྱུར་ནས་ཐམས་ཅད་ཀྱང་མུན་པས་ཀུན་དུ་བསྒྲིབས་པ་ ཡིན་ཏེ། རྒྱ་མཚོ་ལ་ཡང་ཉི་མ་དང་ཟླ་བ་འདི་དག་གི་འོད་མེད་པ་ཡིན་ནོ། །སྲིད་པ་རྒྱ་ཆེན་པོར་གྱུར་པའི་དམྱལ་བ་པའི་སྐྱེ་བོ་རྣམས་ཀྱི་ཉེས་པར་བྱས་པའི་ལས་རྣམས་ཀྱི་རང་བཞིན་གྱིས་རྒྱ་མཚོར་ཡང་མུན་པས་ཀུན་དུ་བསྒྲིབས་པར་གྱུར་ཏེ། རྒྱ་མཚོར་གྱུར་པའམ་ཡུལ་ཕྱོགས་ཀྱང་ཐམས་ཅད་དུ་ གསལ་པོར་མི་དམིགས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཤིས་པའི་ཡུལ་འདི་ན་ནི་གྲོང་ཁྱེར་དུ་གྱུར་པའམ། ལྗོན་ཤིང་དུ་གྱུར་པའམ། ཆུ་བོར་གྱུར་པའམ། རིར་གྱུར་པ་རྣམས་ཀྱང་རུང ། རྒྱ་མཚོར་གྱུར་པའམ། ལྷའི་ འཇིག་རྟེན་དུ་གྱུར་པའམ། དུད་འགྲོའི་འཇིག་རྟེན་དུ་གྱུར་པའམ། ཡི་དགས་ཀྱི་འཇིག་རྟེན་དུ་གྱུར་པ་རྣམས་སམ། སྟེང་དུ་གྱུར་པའམ། འོག་གམ། ཕྱོགས་རྣམས་སམ། ཕྱོགས་མཚམས་རྣམས་ན་གང་ལ་ཡང་སེམས་ཅན་རྣམས་མ་སྐྱེས་པའམ། མ་ཤི་བའམ། འཆི་མ་ 71-1-185a འཕོས་པའམ། སྐྱེས་པར་མ་གྱུར་པའམ། འཐུན་པ་དང་ཡིད་དུ་འོང་བ་རྣམས་ཐམས་ཅད་ཀྱང་མེད་པར་མ་གྱུར་པའམ། འབྲལ་བར་མ་གྱུར་པའམ། བསླུས་པར་མ་གྱུར་པའམ། བརྟན་པ་མ་ཡིན་པ་དང ། ཐེར་ཟུག་མ་ཡིན་པ་དང ། ཡོངས་སུ་འགྱུར་ བའི་ཆོས་ཅན་དང ། རྣམ་པར་འབྲལ་བ་དང ། ཕན་ཚུན་དུ་རྣམ་པར་འབྲལ་བ་དང་མི་ལྡན་པར་གྱུར་པ་དེ་ནི་གཅིག་ཀྱང་གོ་སྐབས་མ་མཐོང་ངོ ། །གང་ལ་འཐུན་པ་དང་ཡིད་དུ་འོང་བ་རྣམས་དང་མེད་ཅིང་བྲལ་བར་བྱས་པར་མ་གྱུར་པའམ། ཐ་དད་དུ་གྱུར་པའམ། རྣམ་པར་གྱེས་པ་ དང ། རྣམ་པར་བྲལ་བ་དང་།ཀུན་ནས་འབྲལ་བར་མ་བྱས་པར་གྱུར་པ་ནི་འགྲོ་བ་ལྔ་ན་སེན་མོའི་ཆ་ཙམ་མ་དམིགས་ཏེ། ས་ཕྱོགས་ཀྱི་ཆ་གང་ལ་ཡང་སེམས་ཅན་རྣམས་མ་སྐྱེས་པའམ། ཤི་བ་དང ། འཆི་འཕོས་པ་དང ། སྐྱེས་པར་མ་གྱུར་པ་ནི་མ་མཐོང་ངོ ། །དེའི་ཕྱིར་ན་ཤིན་ཏུ་མྱུར་ བར་འདུ་བྱེད་རྣམས་ལ་འདོད་ཆགས་དང་བྲལ་བར་གྱིས་ཤིག་།སླུ་བར་འགྱུར་བ་ཡིན་པ་དང ། གནས་འདི་དག་ནི་གཡོ་བ་དང ། ཉེ་བར་འཚེ་བ་དང་བཅས་པ་དང ། མྱ་ངན་དང་ཡིད་མི་བདེ་བ་མང་བར་གྱུར་པ་དང ། མྱུར་བ་དང་བཅས་པ་དང ། ཀུན་དུ་འབྱེད་པར་འགྱུར་བ་དང ། ཡོངས་སུ་ ཐོབ་པ་ལ་ཀུན་དུ་ཉམས་པར་འགྱུར་བ་དང ། སྒྱུ་མ་དང་འདྲ་བ་དང ། རྨི་ལམ་དང་མཚུངས་པ་དང ། རྙེད་པ་རྣམས་ཆུད་འཛའ་བ་དང ། སྲེད་པའི་གནས་དེ་དག་རྣམས་ཀྱིས་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སླུ་བར་བྱེད་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་རབ་ཏུ་འཇུག་པའི་འདོད་ཆགས་ ཞེ་སྡང་གཏི་མུག་རྣམས་རྟེན་དུ་གྱུར་པ་ཡིན་ནོ། །འཛའ་བ་མ་ཡིན་པའི་དགའ་བའི་འདོད་ཆགས་ཀྱི་གཞི་ལྟ་བུར་གྱུར་པ་ཡིན་པས། དེའི་ཕྱིར་ན་ཤིན་ཏུ་མྱུར་བར་འདུ་བྱེད་རྣམས་ལས་འདོད་ཆགས་དང་བྲལ་བར་གྱིས་ཤིག་།སྐྱོ་བ་མེད་པར་གྱུར་ཏ་རེ། རྣམ་པར་གཡེང་བར་གྱུར་ཏ་རེ། ཀུན་ནས་ འབྲལ་བར་འགྱུར་བའི་ཡུལ་རྣམས་ཀྱིས་ཁྲིད་པར་གྱུར་ཏ་རེ། བྱིས་པ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་མ་བྱེད་ཅིག་།དེ་ལྟར་རྣལ་འབྱོར་སྤྱོད་པ་དེས་ལུས་གཞན་དུ་འཇིག་པར་འགྱུར་བའི་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་ལྟ་ཞིང་གནས་སོ། །གནས་བཞི་བཅུ་ཐམ་པའི་ 71-1-185b ནང་རྣམས་ལ་གང་ལས་ཀྱི་སྐྱབས་གནས་པ་དང ། ལས་ཀྱིས་རབ་ཏུ་སྦྲེལ་བར་གྱུར་པ་དང ། ལས་ཀྱི་བགོ་སྐལ་ལ་སྤྱོད་པར་གྱུར་པ་མ་ཡིན་པའི་སེམས་ཅན་དུ་གྱུར་པ་གཅིག་ཙམ་ཡོད་དམ། དགེ་བར་གྱུར་པའམ་སྡིག་པ་ཡང་རུང་སྟེ། ཇི་ལྟར་ལས་བྱས་པར་གྱུར་པ་དེ་ནི་དེ་ཉིད་ཀྱི་སྐལ་ བ་ཅན་དུ་འགྱུར་ཞེ་ན། གང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་མ་ཡིན་པ་དང ། ལས་ཀྱི་སྐྱེ་གནས་པ་མ་ཡིན་པ་དང ། ལས་བརྟེན་པར་བྱ་བ་མ་ཡིན་པའི་སྐྱེས་བུ་དེ་ནི་གཅིག་ཀྱང་མ་མཐོང་གི་།དགེ་བར་གྱུར་པའམ་སྡིག་པ་ཡང་རུང་སྟེ། ཇི་ལྟར་ལས་རྣམས་བྱས་པ་དེ་ནི་དེ་ཉིད་ཀྱི་སྐལ་བ་ ཅན་དུ་འགྱུར་བ་ཡིན་ནོ། །རང་ཉིད་ཀྱིས་ལས་བདག་གིར་བྱ་བ་ལ་ཀུན་དུ་བལྟས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །འཛམ་བུའི་གླིང་གི་ནུབ་ཀྱི་ཕྱོགས་ན་རིའི་རིགས་སམ། ཆུ་བོའི་རིགས་སམ། གླིང་གི་རིགས་སམ། ཡུལ་གྱི་རིགས་ སུ་གྱུར་པ་རྣམས་ཀྱང་ཇི་ལྟ་བུ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། པུནྣཱ་ག་དག་གིས་ཀུན་དུ་གང་བ་དང ། པ་ཊའི་ཤིང་མང་བ་དང ། ཁརྫུ་རཝ་རྣམས་ཀྱིས་ཁྱབ་པ་དང ། ཀེ་ཏ་ཀའི་མེ་ཏོག་གིས་ཉེ་བར་མཛེས་པ་དང ། ནཱ་ཌི་ཀེ་ར་མང་ བར་གྱུར་པ་དང ། ཏ་མ་ལའི་ལྗོན་ཤིང་གིས་གང་བར་གྱུར་པ་དང ། རབ་ཏུ་བསིལ་བར་གྱུར་པའི་ཆུ་ཀླུང་རབ་ཏུ་ཕལ་ཆེ་བ་དང ། རིའི་ཕུག་རྣམས་དང་ལྡན་པ་སྟེ། ཡུལ་དེ་ཡང་ཀེ་ཀཱ་པི་ནོ་ཞེས་བྱ་བའི་ཡུལ་ཡིན་ལ། སིནྡྷུ་ཞེས་བྱ་བའི་ཆུ་བོ་སུ་བཱི་རོ་ཞེས་བྱ་བའི་ཡུལ་ཤིན་ཏུ་དགའ་བར་གྱུར་ པ། ཤཱ་ལུ་དམར་པོའི་ཟས་དང་ལྡན་པའི་མི་རྣམས་ནི་བལྟ་བར་མཛེས་པས་ཕྱོགས་རྣམས་རི་དང་འབབ་ཆུས་གང་བར་གྱུར་པ་ཡིན་ནོ། །པཱ་ར་ཏཱ་ཞེས་བྱ་བའི་ཡུལ་དཔག་ཚད་ཉི་ཤུ་པ་སྟེ་བལ་པོ་སེའུ་ཡི་ཆང་མང་བ་ཡིན་ནོ། །གྲོགས་པོའི་ལོངས་སྤྱོད་ཅེས་བྱ་བའི་གནས་ཏེ། དེ་ཉིད་ཀྱི་ ནུབ་ཕྱོགས་ཀྱི་ཡུལ་ན་ཆུ་ཀླུང་ལྔ་ཡོད་དོ། །དེ་ལས་འདས་པར་གྱུར་ནས་ནི་ཆུ་སྲིན་འཛིན་ཁྲི་རྣམ་པ་སྣ་ཚོགས་པས་གང་བར་གྱུར་པ། འཇིགས་པ་ཆེན་པོ་བྱེད་པའི་རྒྱ་མཚོ་ཡོད་པ་རྣལ་འབྱོར་སྤྱོད་པས་མཐོང་ངོ ། །རྒྱ་མཚོ་དེའི་ནུབ་ཕྱོགས་ན་དཔག་ཚད་བརྒྱ་པར་གྱུར་པའི་གླིང་ཀ་ལ་ཀོ་ཞེས་བྱ་ 71-1-186a བ་ཡོད་དེ། དེ་ལ་རྣམ་པ་སྣ་ཚོགས་པའི་བྱ་རྣམས་དང ། ནགས་དང་ཉེ་བའི་ནགས་རྣམས་ཀྱང་ཡོད་དེ་ཤིན་ཏུ་དགའ་བ་ཡིན་ནོ། །གླིང་དེ་ན་ཡང་རིག་པ་འཛིན་པ་རྣམས་ཀུན་དུ་དགའ་བར་བྱེད་དེ།བ་རི་ཏ་བཊྚ་ནང་ཞེས་བྱ་བའི་རིག་པ་འཛིན་པ་གནས་པ་ཡིན་ནོ། །རལ་ པ་ཅན་གྱི་དབྱིབས་ཞེས་བྱ་བའི་གནས་གཉིས་པ་ཤིན་ཏུ་དགའ་བ་དང་དགའ་བར་གྱུར་པའི་ཡུལ་ཕྱོགས་ཡིན་ཏེ། ཀཱ་ལ་ཀེའི་གླིང་དེ་ན་ནི་ཁང་བཟངས་དང་ཁྱིམ་དང ། འབབ་ཆུ་རབ་ཏུ་ཕལ་ཆེ་བ་ཡིན་ནོ། །གླིང་དེའི་ཕ་རོལ་ན་ནི་སིནྡྷུ་དང་རྒྱ་མཚོ་གཉིས་འདྲེ་བ་ཞེས་བྱ་བའི་ཡུལ་ཕྱོགས་ཡོད་དེ། སིདྡྷི་དང་རྒྱ་མཚོ་གཉིས་ཀྱི་བར་ན་སུ་ཁ་ན་ཞེས་བྱ་བའི་རི་ཆུའི་ནང་ན་གནས་པ་ཡིན་ནོ། །དེ་ལ་པྲ་བ་ཌ་སྐྱེ་བ་ཡིན་ཏེ། བྱི་རུའི་ལྗོན་པ་བསྡོམས་པས་ཚོང་པ་དག་རྒྱགས་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ ལ་རབ་ཏུ་ཞུགས་པར་གྱུར་པ་ན། རི་དང ། གླིང་དང ། སྲིན་མོ་ཡང་མིང་ཇི་སྐད་བྱ་བ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱ་མཚོ་དང་རི་ཡང་དཔག་ཚད་ལྔ་སྟོང་དུ་དུང་དང་ཆུ་སྲིན་དང ། ཉ་དང ། ཉ་ཆེན་པོས་ཀུན་དུ་གང་བར་གྱུར་ པ་སྟེ། ཐམས་ཅད་དུ་ཡང་རླུང་གིས་རྣམ་པར་གཡེངས་པར་བྱེད་དོ། །རླུང་དེའི་མཐུས་ཀྱང་ཉ་རྣམས་སྟེང་དང་འོག་ཏུ་བྱེད་པར་འགྱུར་རོ། །རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་ཀྱང་རྣལ་འབྱོར་སྤྱོད་པས་མཐོང་བར་གྱུར་པ་ནི་གླིང་ཉེ་འཁོར་ཀུན་ཏུ་དགའ་བར་གྱུར་པ། སེང་གེས་ཀུན་ནས་གང་བ་ ཞེས་བྱ་བ་སྟེ། དེ་ལ་ནི་གཅན་གཟན་ནམ་མཁའ་ལ་རྒྱུ་བ་རྣམས་ཡོད་དོ། །ལུས་ནི་ཉེ་འཁོར་དུ་རྒྱང་གྲགས་ཀྱི་ཚད་ཙམ་ཡིན་ཏེ། དེ་དག་རྣམས་ནི་ཆུ་དང་ས་ལ་ཐོགས་རྡུགས་མེད་པའི་འགྲོས་དང་ལྡན་པ་ཡིན་ནོ། །དེ་དག་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཡིན་ནོ། །ཕན་ཚུན་དུ་རྟག་ཏུ་མི་འཐུན་པར་ གྱུར་པ་དང ། རྟག་ཏུ་མངོན་པར་རྩོད་པར་བྱེད་པ་དེ་དག་ལས་འདས་པར་གྱུར་ནས་རྣལ་འབྱོར་སྤྱོད་པས་མཐོང་བར་གྱུར་པ་ནི་ར་མ་ཡོ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་ལྔ་བརྒྱ་པར་གྱུར་པའོ། །རྒྱ་མཚོ་དེ་ན་པད་མ་རྣམས་རྟག་ཏུ་ཁ་བྱེ་བར་གྱུར་པའི་སྙིང་པོ་རྒྱ་ཆེན་པོ་རྣམས་ལ་བུང་བ་དག་གིས་ཉེ་བར་མཛེས་པར་ 71-1-186b བྱས་པ་ཡིན་ནོ། །པད་མ་དེ་དག་གི་ནང་ན་ཀུ་ལ་ཀཱ་ཞེས་བྱ་བའི་སྲིན་མོ་རབ་ཏུ་གནས་པ་ཡིན་ཏེ། པད་མའི་སྙིང་པོ་གང་ཡིན་པའི་ཟས་དེ་དག་གིས་བདག་ཉིད་ཀྱི་དངོས་པོ་ཀུན་དུ་ཚིམ་པར་བྱེད་དོ། །དགའ་བར་གྱུར་པའི་རྒྱ་མཚོ་ལས་རིང་དུ་འདས་ནས་རྣལ་འབྱོར་སྤྱོད་པས་མཐོང་བར་གྱུར་པ་ནི་ཨར་དྷ་མ་རུ་ ཞེས་བྱ་བའི་རི་ཉེ་འཁོར་དུ་དཔག་ཚད་བརྒྱ་པ་ཡོད་དོ། །རི་དེ་ལ་ནི་གླང་པོ་ཆེ་རྣམས་དང ། ཀ་ལ་པིང་ཀ་རྣམས་ལེགས་པར་གནས་སོ། །བྱ་དེ་རྣམས་ནི་ཤིན་ཏུ་སྐད་སྙན་པ་ཡིན་ཏེ། གང་དག་གི་རྣམ་པ་དེ་སྲིད་དུ་སྙན་པར་གྱུར་པ་རྣམས་ནི་དེ་བཞིན་གཤེགས་པ་དང ། དབང་བསྐུར་བ་རྣམས་ཐོབ་པའི་ བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པ་ཇི་ལྟར་ལྷ་རྣམས་ལ་ཡང་མེད་པ་དང ། མི་རྣམས་ལ་ཡང་མེད་ཅིང་མི་འམ་ཅི་རྣམས་ལ་ཡང་མེད་ལ་ལྷ་མ་ཡིན་རྣམས་ལ་ཡང་མེད་དོ། །ར་དྷ་མ་རུ་ཞེས་བྱ་བའི་རི་དེ་ལས་འདས་པར་གྱུར་ནས་རིའི་རིགས་སུ་གྱུར་པའམ། ཆུ་བོའི་རིགས་སུ་གྱུར་ པའམ། རྒྱ་མཚོའི་རིགས་སུ་གྱུར་པའམ། གཞན་ཅི་དག་ཡོད་པ་ཡིན་ནམ་ཞེས་རྣལ་འབྱོར་སྤྱོད་པ་ལྟ་བར་བྱེད་དོ། །དེས་མཐོང་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཨར་དྷ་མ་རུ་ཞེས་བྱ་བའི་རི་དཔག་ཚད་ལྔ་བཅུར་རྒྱ་མཚོ་ལས་ལངས་པ་ཡིན་ ཏེ། དེ་ཉིད་ལ་ནི་བཻ་ཌཱུརྱ་རབ་ཏུ་ཕལ་ཆེ་བ་ཡོད་པ་ཡིན་ནོ། །གཤོག་པ་དང་བཅས་པའི་སེང་གེའི་རྣམས་རབ་ཏུ་གནས་པ་ཡིན་ནོ། །བཻ་ཌཱུརྱའི་རང་བཞིན་གྱི་ནགས་དེ་ལ་མཱན་དེ་ཧཱ་ཞེས་བྱ་བ་དང་རཱ་མ་ཞེས་བྱ་བའི་སྲིན་མོས་སྲུང་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་ རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་རིང་དུ་གནས་པ་ན་རིའི་རིགས་སུ་གྱུར་པའམ། རྒྱ་མཚོའི་རིགས་སུ་གྱུར་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ལྟ་བར་གྱུར་པ་ན། དེ་ནས་ནུབ་ཕྱོགས་སུ་གྱུར་པ་ན་དཔག་ཚད་སྟོང་ཕྲག་ བཅུ་གཉིས་པའི་རྒྱ་མཚོ་མཐོང་བར་གྱུར་ཏེ། དེ་ན་རི་ཡང་མེད་ལ་འདུ་འཚོག་གི་སར་གྱུར་པ་ཡང་ཡོད་པ་མ་ཡིན་གྱི་གླང་པོ་ཆེ་དང་ཕག་གི་གདོང་ཅན་གྱི་ཉ་རྣམས་ནི་མ་གཏོགས་སོ། །རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་རྣལ་འབྱོར་སྤྱོད་པ་པས་རི་གསེར་གྱི་རང་བཞིན་དུ་གྱུར་པའི་རི་སཱ་ར་ཞེས་བྱ་བར་མཐོང་ 71-1-187a བར་གྱུར་ཏེ། རི་དེའི་འོད་ཟེར་རྣམས་ཀྱིས་རྒྱ་མཚོ་དང་བཅས་པ་གསེར་གྱི་ཆུར་མཛེས་པར་བྱེད་དོ། །སཱ་རའི་རི་དེ་ཡང་ནི་རྒྱར་དཔག་ཚད་ལྔ་བཅུ་པ་ལ་མཐོ་བར་ནི་དཔག་ཚད་སུམ་བརྒྱ་ཡོད་དོ། །དེ་ལ་དྲི་ཟ་རྣམས་རབ་ཏུ་གནས་པ་ཡིན་ཏེ། རབ་ཏུ་དགའ་བའི་འཛམ་བུའི་ཕྲེང་བ་ཞེས་ བྱ་བའོ། །དེ་དག་ནི་ལོ་སྟོང་ཕྲག་གཉིས་སུ་འཚོ་བ་ཡིན་ཏེ། བར་དུ་འཆི་བའི་དུས་བྱེད་པ་ཡང་ཡོད་དོ། །དེ་དག་གི་དྲི་ཟ་རྣམས་ནི་བརྒྱ་སྟོང་ཕྲག་དུ་མ་རྣམས་དེ་ན་རབ་ཏུ་གནས་པ་ཡིན་ནོ། །ལུས་གསེར་ལེགས་པར་སྦྱངས་པ་དང་འདྲ་བ་དང ། དྲི་ཟ་རྣམས་ཐམས་ཅད་ལྷ་རྣམས་དང་འདྲ་བ་ཡིན་ནོ། ། དེ་ལ་ཡོད་པའི་དྲི་ཟ་རྣམས་ཀྱི་ནགས་ཀྱི་རྩ་བ་དང་འབྲས་བུ་རྣམས་ཐམས་ཅད་ཀྱང་དབྲོག་པར་དཀའ་བ་ཡིན་ཏེ། ས་འོག་ན་གནས་པར་གྱུར་པའི་ལྷ་མ་ཡིན་རྣམས་ཐམས་ཅད་ཀྱིས་ཀྱང་དེ་དག་རྣམས་ཀྱི་འབྲས་བུ་ཉུང་བར་བྱ་བ་དང ། འགའ་ཞིག་གིས་དབྲོག་པར་བྱ་བ་དང ། ལོངས་སྤྱད་པར་ཡང་མི་ནུས་ སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་རྒྱ་མཚོ་ན་རིའི་རིགས་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རྒྱ་མཚོའི་བཞི་ཆ་ལས་འདས་པར་གྱུར་པ་ན་ཙཀྲ་བ་ཌོ་ཞེས་བྱ་ བའི་རི་ཡོད་དེ། རྒྱར་ནི་དཔག་ཚད་ལྔ་བརྒྱ་ཡིན་ལ་འཕང་དུ་ནི་དཔག་ཚད་སྟོང་དུ་གྱུར་པའི་རི་འདི་ནི་རྡོ་རྗེའི་ལྟེ་བ་དང་གསེར་གྱི་རི་ཡིན་ནོ། །གསེར་དེ་དག་ལ་ནི་རེས་འགའ་ལྷ་མ་ཡིན་རྣམས་རབ་ཏུ་གནས་པར་བྱེད་དོ། །རེས་འགའ་ནི་མིའམ་ཅི་རྣམས་སོ། །རི་དེ་ནི་མི་འམ་ཅི་རྣམས་ཀྱི་གླུས་དགའ་ བར་གྱུར་པ་དང་།འབྲས་བུ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་གང་བར་གྱུར་པ་སྟེ། ཡུལ་འདི་ན་ནི་སྤྲེའུ་མང་བ་ཡིན་ནོ། །གསེར་གྱི་མདོག་གི་ཆུ་ཞེས་བྱ་བའི་ཆུ་ཀླུང་ཡང་འབབ་པ་ཡིན་ཏེ། གསེར་གྱི་མདོག་གི་ཉ་རྣམས་ཀྱིས་གང་བར་གྱུར་པ་རྒྱར་ནི་དཔག་ཚད་ཕྱེད་པའོ། །འཁོར་ལོ་དང་ ལྡན་པའི་རི་དེ་ལས་འདས་པར་གྱུར་ནས་རྣལ་འབྱོར་སྤྱོད་པས་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུ་ཡོད་པར་མཐོང་བར་གྱུར་ཏོ། །རྒྱ་མཚོ་དེའི་དབུས་ན་ནི་རིན་པོ་ཆེའི་གླིང་ཞེས་བྱ་བའི་གླིང་དེ་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་རྣམས་མཐོང་བར་འགྱུར་གྱི། དེ་ན་ས་ལས་བྱས་པར་གྱུར་པའམ། རྡོ་ལས་ 71-1-187b བྱས་པར་གྱུར་པའི་ཐ་མལ་པ་རྣམས་ནི་ཆུང་ཟད་ཀྱང་མ་མཐོང་ངོ ། །གླིང་འདི་དག་ཐམས་ཅད་ནི་རིན་པོ་ཆེའི་རང་བཞིན་ཡིན་ནོ། །ཡང་རི་དེ་དང་མཚོ་དེ་ལས་ཀྱང་འདས་པར་གྱུར་ནས་རྣལ་འབྱོར་སྤྱོད་པས་གཞན་རྒྱ་མཚོའི་རིགས་སུ་གྱུར་པའམ། རིའི་རིགས་སུ་གྱུར་པའམ། ཆུ་བོའི་རིགས་སུ་གྱུར་པ་ གཞན་ཡོད་དམ་ཞེས་ལྟ་བར་བྱེད་དོ། །དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྲག་སྐྱ་བོ་རྣམས་ལ་ལྗོན་ཤིང་སྐྱ་བོ་རྣམས་ཀྱིས་ཁྱབ་པར་གྱུར་པ་དབུ་བ་ཀུན་ནས་གང་བར་གྱུར་པའི་རྒྱ་མཚོས་ཡོངས་སུ་བསྐོར་བ་སྟེ། རི་དེའི་ཚད་ནི་རྒྱར་དཔག་ཚད་ལྔ་བརྒྱ་ཡིན་ ལ་འཕང་དུ་ནི་དཔག་ཚད་སྟོང་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་རྣལ་འབྱོར་སྤྱོད་པ་པ་ཡུལ་རྣམས་ལ་ལྟ་བར་བྱེད་དེ། སུ་མེ་གྷོ་ཞེས་བྱ་བའི་རི་ནི་རྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་པ་ལ་འཕང་དུ་ནི་དཔག་ཚད་བརྒྱ་པ་ཡིན་ཏེ། ལྷ་མ་ཡིན་གྱི་འཇིགས་པས་སྟོང་པར་གྱུར་པ་གསང་བ་པའི་ལྷ་རྣམས་དེ་ལ་རབ་ ཏུ་གནས་པ་ཡིན་གྱི། མི་འམ་ཅི་ཡང་མེད་ལ་གནོད་སྦྱིན་ཡང་མེད་དོ། །རི་དེ་ལས་འདས་པར་གྱུར་ནས་རི་ཆེན་པོ་སུ་ཤཱི་མོ་ཞེས་བྱ་བ་རྒྱར་ནི་དཔག་ཚད་སྟོང་ཡོད་པ་ལ་རིང་དུ་དཔག་ཚད་སུམ་སྟོང་ཡོད་པར་གྱུར་པ་སྟེ། ཤེལ་གྱི་རང་བཞིན་དུ་གྱུར་པའི་ལྷ་རྫས་མཛེས་པ་ཡིན་ཞིང་ཆུ་བོ་དང ། ལྗོན་ཤིང་དང ། འབྲས་བུ་རྣམས་ཀྱིས་ཀྱང་དགའ་བར་གྱུར་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་དཔག་ཚད་བརྒྱར་ཆུ་སྔོན་པོའི་རྒྱ་མཚོ་ཡིན་ཏེ་དུང་མང་དུ་གནས་པ་དང ། དུང་མོ་རྣམས་ཀྱིས་བགྲོད་དཀའ་བར་གྱུར་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་བྲཱ་ག་ཛྱོ་ཏི་ཥ་ཞེས་བྱ་བའི་རི་ཡོད་དེ། དེ་ལ་ནི་ལྷ་མ་ཡིན་རྣམས་ཕལ་ཆེར་ གནས་སོ། །དོགས་པ་དང་བཅས་པས་ལྷ་རྣམས་ཀྱང་ལྷ་མ་ཡིན་གྱི་བུ་མོ་ལྷ་རྫས་ཀྱི་རྒྱན་གྱིས་བརྒྱན་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང ། བཏུང་བའི་ཆུ་ཀླུང་རྣམས་ཀྱང་འབབ་པ་ཡིན་ནོ། །པྲཱ་ག་ཛྱོ་ཏི་ཥེའི་རི་དེ་ལ་ཀིམ་པ་ཀ་ཞེས་བྱ་བའི་འབྲས་བུ་རྣམས་ཀྱང་སྐྱེ་བ་ཡིན་ཏེ། མྱང་བར་བྱ་བ་ཞིམ་པ་ ཡིན་ལ་ཞུ་བར་གྱུར་ནས་ནི་གསོད་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱ་མཚོ་ན་རིའི་རིགས་སུ་གྱུར་པའམ། གླིང་གི་རིགས་སུ་གྱུར་པའམ། ཆུ་བོའི་རིགས་སུ་གྱུར་པ་ཡང་རུང་སྟེ། གཞན་ཡོད་དམ་ཞེ་ན། དེས་ཐོས་པ་ 71-1-188a ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གསེར་གྱི་རི་བོ་སྟོང་ཕྲག་དྲུག་ཅུ་པ་རྣམས་ལ་གསེར་ས་ལེ་སྦྲམ་གྱི་རང་བཞིན་གྱི་ལྗོན་ཤིང་གིས་ཉེ་འཁོར་རྣམས་ཡོངས་སུ་ཁྱབ་པར་གྱུར་པ་དང ། རི་དགས་དང་བྱ་རྣམས་ཀྱིས་ཀྱང་ཀུན་དུ་གང་བར་གྱུར་ པའི་ལྷའི་མེ་ཏོག་རྣམས་ཀྱིས་ཀྱང་ཀུན་དུ་རྒྱས་པར་གྱུར་པ། གསེར་གྱི་པད་མ་རྣམས་དང་པད་མའི་རྫིང་བུ་རྣམས་ཀྱིས་ཀྱང་རྟག་པར་ཡོངས་སུ་རྫོགས་པར་གང་བའི་ཆུ་སྟེ། རང་ཉིད་ཀྱི་འོད་ཀྱི་གཟི་བརྗིད་ཀྱིས་དེ་དག་རྣམས་ཀྱི་དབུས་ན་གནས་པར་གྱུར་པའི་རི་དེ་ནི་རི་རབ་ལྷུན་པོ་ཞེས་བྱ་བ་ཕྲེང་བ་ཐོགས་པ་ རྣམས་དང ། ལག་ན་གཞོང་པ་ཐོགས་པ་རྣམས་དང ། པི་ཝང་གསུམ་པ་རྣམས་དང ། རྒྱལ་ཆེན་རིས་བཞི་པ་རྣམས་དང་བཅས་པའི་ལྷ་རྣམས་ཀུན་གྱི་གནས་ཡིན་ནོ། །དེ་ལ་དཔག་བསམ་གྱི་ཤིང་ཡོད་པ་རྣམས་ལས་ནི་ལྷའི་འཇིག་རྟེན་པ་རྣམས་ཀྱི་གང་ཁོ་ན་ཡིད་ཀྱིས་བརྟགས་པར་གྱུར་པ་ དེ་དག་རྣམས་ཤིང་དེ་ལས་འཐོབ་པར་འགྱུར་རོ། །བྱ་དང་རི་དགས་རྣམས་ཐམས་ཅད་དང ། གསེར་གྱི་མེ་ཏོག་རྣམས་དང ། མན་དཱ་ར་བ་དང ། པད་མ་ཀུ་ཤེ་ཤཱ་དང་རྣམས་ཀྱང་རུང་སྟེ། ངོས་བཞི་ལ་ཚལ་བཞི་པོ་རྣམས་འདི་ལྟ་སྟེ་དགའ་བའི་ཚལ་དང ། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དང ། རྩུབ་ འགྱུར་དང ། ཡོངས་སུ་འདྲེས་པ་དང་རྣམས་སོ། །ནགས་དེ་ན་ནི་ཡོངས་འདུ་ཞེས་བྱ་བ་ཤིང་གི་རྒྱལ་པོ་ཡོད་པ་གང་གི་རྩ་བར་ལྷ་རྣམས་དབྱར་ཟླ་བ་བཞིར་ལྷའི་འདོད་པའི་ཡོན་ཏན་ལྔས་ཀུན་དུ་ཚིམ་ཞིང་ཡང་དག་པར་ལྡན་པར་གྱུར་པས་རྩེ་དགའ་བར་བྱེད་དོ། །དེ་ན་རྒྱལ་ཆེན་རིས་བཞིའི་ལྷ་དེ་ དག་རྣམས་ཀྱིས་དགའ་བ་རྣམ་པ་སྣ་ཚོགས་པའི་རང་བཞིན་གྱི་ཕུན་སུམ་ཚོགས་པ་རྣམས་ཐོབ་ནས་ལྷ་རྣམས་སྐྱེད་མོས་ཚལ་གྱི་ལྟད་མོ་ཉམས་སུ་མྱོང་བར་བྱེད་དོ། །རྩུབ་འགྱུར་གྱི་ཚལ་དུ་ནི་རྣམ་པ་སྣ་ཚོགས་ཀྱི་ལས་བྱས་པའི་རང་བཞིན་གྱི་ཕུན་སུམ་ཚོགས་པ་རྣམས་ཐོབ་ནས་ཤིང་རྟ་རྣམ་པ་སྣ་ ཚོགས་པ་རྣམས་ཀྱིས་སྐྱེད་མོས་ཚལ་གྱི་ལྟད་མོ་བྱེད་དོ། །ཤིང་རྟ་སྣ་ཚོགས་སུ་ནི་ཡོངས་སུ་དགའ་མགུ་བར་གྱུར་ནས་སྡུག་པའི་སྒྲ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀུན་དུ་ཚིམ་པར་གྱུར་པས་དགའ་བར་བྱེད་དོ། །དེ་ལ་དགའ་བའི་ཚལ་གྱི་ལོགས་དེ་ན་ནི་ལྷ་རྣམས་རྩེ་དགའ་བར་བྱེད་ 71-1-188b དེ། འཛམ་བུའི་གླིང་ཡོད་པའི་རི་རབ་ལྷུན་པོའི་ལོགས་དེ་ནི་བཻ་ཌཱུརྱའི་རང་བཞིན་ནོ། །དེས་ཀུན་དུ་སྣང་བར་བྱས་པས་འཛམ་བུའི་གླིང་གི་ནམ་མཁའ་ཡང་སྔོན་པོ་བཞིན་དུ་སྣང་ངོ ། །ལོགས་གཉིས་པ་ལ་ནི་རྩུབ་འགྱུར་ཞེས་བྱ་བའི་ཚལ་ལོ། །དེ་ན་ནི་ལྷ་དང་ལྷ་མ་ཡིན་གྱི་ཐབ་མོའི་གྲོས་ རྣམས་བགྲོ་བར་བྱེད་དོ། །བ་ལང་སྤྱོད་ཡོད་པའི་གླིང་གི་ལོགས་དེ་ནི་གསེར་གྱི་རང་བཞིན་ཡིན་ཏེ། དེས་ཀུན་དུ་སྣང་བར་བྱས་པས་བ་ལང་སྤྱོད་པ་རྣམས་ཀྱི་ནམ་མཁའི་མདོག་སེར་པོར་སྣང་བ་ཡིན་ནོ། །ངོས་གསུམ་པ་ལ་ནི་ཤིང་རྟ་སྣ་ཚོགས་ཞེས་བྱ་བའི་ཚལ་ལོ། །ཚལ་དེ་ན་ནི་ལྷ་རྣམས་མཚོན་ ཆར་བྱ་བ་རྣམས་ཡོད་པ་ཡིན་ནོ། །ཤར་གྱི་ལུས་འཕགས་པོ་ཞེས་བྱ་བ་ཡོད་པའི་ལོགས་དེ་ན་ནི་དངུལ་གྱི་རང་བཞིན་ཡིན་ཏེ། དངུལ་གྱིས་ཀུན་དུ་སྣང་བར་བྱས་པ་དེས་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་ནམ་མཁའ་ཡང་སྐྱ་བོར་ཀུན་ནས་སྣང་བ་ཡིན་ནོ། །ལོགས་བཞི་པ་ལ་ནི་ཡོངས་སུ་འདྲེས་པ་ ཞེས་བྱ་བའི་ཚལ་ལོ། །ལོགས་དེ་ནས་ནི་བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ཡོད་དེ། ལོགས་དེ་ནི་ཤེལ་གྱི་རང་བཞིན་ཡིན་ནོ། །དེས་ཀུན་དུ་སྣང་བར་བྱས་པས་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ཀྱི་ནམ་མཁའ་སྐྱ་བོ་གཙང་མར་གྱུར་པར་ཀུན་ནས་སྣང་བ་ཡིན་ནོ། །མི་རྣམས་ཀྱི་གྲངས་སུ་བྱས་པའི་ལོ་ ལྔ་བཅུ་ལ་ཉིན་ཞག་ཕྲུགས་གཅིག་ཏུ་རྩིས་པའི་རྒྱལ་ཆེན་རིས་བཞི་རྣམས་ནི་ལོ་ལྔ་བརྒྱར་འཚོ་བ་ཡིན་ཏེ། བར་དུ་འཆི་བར་གྱུར་པ་ཡང་ཡོད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་རྣམས་ཀྱི་རྒྱལ་པོ་རི་རབ་ལྷུན་པོ་ལ་ལྷའི་འཇིག་རྟེན་དང་ བཅས་པར་གྱུར་པའམ་ལྷ་རྫས་རྣམས་དང་བཅས་པར་གྱུར་པ་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སུམ་ཅུ་རྩ་གསུམ་པ་ཞེས་བྱ་བའི་ལྷ་རྣམས་རི་རབ་ལྷུན་པོའི་སྟེང་ན་ལེགས་པར་གནས་སོ། །དེ་དག་ནི་དཔེ་མེད་ པའི་ལྷ་རྫས་དང་ལྡན་པ་ཡིན་ཏེ་ལྷ་རྫས་ཀྱི་བདེ་བ་རྣམས་ཀྱིས་རྣམ་པར་གནས་པ་ཡིན་ནོ། །དེ་ན་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཡོད་དེ། གྲོང་ཁྱེར་དེ་ལ་ནི་དཔག་ཚད་སྟོང་ཕྲག་བཅུ་ཡོད་པ་ཡིན་ཞིང་རིན་པོ་ཆེ་བདུན་གྱིས་ཀྱང་རྣམ་པར་བརྒྱན་པ་ནི་རྡོ་རྗེ་དང ། ིན་དྲ་ནཱི་ལ་དང ། བཻཌཱུརྱ་དང ། མུས་ 71-1-189a ར་ག་ལྦ་དང ། པད་མ་རཱ་ག་དང ། སུ་གུ་མ་རི་ཀཱ་དང་རྣམས་ཀྱིས་རྣམ་པར་བརྒྱན་པ་ཡིན་ནོ། །ཆོས་བཟངས་ཞེས་བྱ་བའི་ལྷའི་འདུན་ས་ན་ཡང་དཔག་ཚད་ལྔ་བརྒྱ་པར་གྱུར་པ་ལ་བཻཌཱུརྱ་དང་ནོར་བུའི་སྟེགས་བུ་རྣམས་དང ། གསེར་གྱི་ར་བ་དང ། རྟ་བབས་དང ། རིན་པོ་ཆེ་རྣམས་ ཐམས་ཅད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །ལྷ་རྣམས་ཀྱི་འདུན་ས་ཆོས་བཟངས་དེ་ན་ཡང་ལྷའི་དབང་པོ་བརྒྱ་བྱིན་རང་གི་ལས་དང་འདྲ་བར་གྱུར་པའི་ལྷ་རྫས་ཀྱི་བདེ་བ་རྣམས་ཀྱིས་རབ་ཏུ་གནས་པ་ཡིན་ནོ། །མི་རྣམས་ཀྱི་ལོ་བརྒྱ་ལ་དེ་དག་གི་ཉིན་ཞག་གཅིག་གོ། །དེས་བསྒྲེས་པས་ལྷའི་ལོ་སྟོང་ འཚོ་བར་འགྱུར་ཏེ་བར་དུ་དུས་བྱེད་པ་ཡང་ཡོད་དོ། །དེ་ལ་རིའི་རྒྱལ་པོ་རི་རབ་ལྷུན་པོ་དེའི་རྩེ་མོ་ཞེས་བྱ་བའི་ནུབ་ཕྱོགས་ཀྱི་ཆ་དེར་ནུབ་པ་གང་གི་ཚེ་ཉི་མ་འགྲོ་བར་གྱུར་པ་ན་དེའི་ཚེ་འཛམ་བུའི་གླིང་དུ་ནུབ་བོ་ཞེས་འཛམ་བུའི་གླིང་གི་མི་རྣམས་ལ་ཐ་སྙད་འབྱུང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་རབ་ལྷུན་པོའི་ཚད་ཇི་ཙམ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྟེང་དུ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན་ལ་འོག་ཏུ་ཡང་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན་ནོ། །དེ་ལ་ཆུའི་ནང་ལ་ གནས་པ་ལ་ནི་ལྷ་མ་ཡིན་རྣམས་གནས་སོ། །སྟེང་ན་ནི་ལྷ་རྣམས་སོ། །རི་རྣམས་ཀྱི་རྒྱལ་པོ་རི་རབ་ལྷུན་པོ་དེ་ལ་ནི་རབ་ཏུ་ཚ་བར་གྱུར་པའི་ཉི་མ་དང་ལྡན་ཞིང་སེམས་ཅན་རྣམས་ཀྱི་དབང་གིས་དང་ལས་ཀྱི་བྱིན་གྱིས་བརླབས་པའི་ཕྱིར་ན། གང་ཞིག་ཉི་མའི་ཤིང་རྟ་མཆོག་དང་ལྡན་པར་གྱུར་པ་རྟའི་རྒྱལ་པོ་ཆེར་ སྒྲོགས་པ་ཉན་པ་ཞེས་བྱ་བ་སྟོབས་ཆེ་བ་ཕ་རོལ་དག་གནོན་པར་བྱེད་པས་ཡོངས་སུ་སྐོར་བར་བྱེད་དོ། །གང་ཤིང་རྟ་མཆོག་དང་ལྡན་པ་དེ་ནི་གང་ཤིང་རྟ་མཆོག་དང་ལྡན་པ་དེས་འདྲེན་པར་བྱེད་པ་ཡིན་ནོ། །རྟའི་མཆོག་གཅིག་པོ་དེ་ཉིད་ཀྱིས་ཀྱང་བདག་ཉིད་རྟ་བདུན་དུ་སྟོན་པར་བྱེད་དོ། །ཤིང་རྟའི་མཆོག་ དེ་ཡང་འཁོར་ལོ་གཅིག་པ་ཡིན་ཏེ། དེ་ཡང་ཆེར་སྒྲོགས་པ་ཉན་པའི་རྟའི་རྒྱལ་པོས་མིག་བཙུམ་པ་ཙམ་ལ་ཡང་དཔག་ཚད་སྟོང་ཕྲག་བཅུར་འདྲེན་པར་བྱེད་དོ། །གང་གིས་སེམས་ཅན་རྣམས་ཀྱི་ཚེ་འཕེལ་བ་ཤེས་པར་འགྱུར་བའི་ཉིན་མོ་བྱེད་པའི་ཉི་མའི་དཀྱིལ་འཁོར་ཡང་དཔག་ཚད་བརྒྱ་ཡིན་ནོ། ། 71-1-189b གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། མིའི་གནས་བཞི་པོ་རྣམས་ཀྱི་གླིང་བཞིའི་ཚད་ཇི་ཙམ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། འཛམ་བུའི་གླིང་ནི་དཔག་ཚད་སྟོང་ཕྲག་བདུན་ཡིན་ནོ། ། བ་ལང་སྤྱོད་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཡིན་ནོ། །ཤར་གྱི་ལུས་འཕགས་པོ་ནི་དཔག་ཚད་སྟོང་ཕྲག་དགུ་ཡིན་ནོ། །བྱང་གི་སྒྲ་མི་སྙན་ནི་དཔག་ཚད་སྟོང་ཕྲག་བཅུ་ཡིན་ནོ། །གླིང་རྣམས་གང་དང་གང་གིས་དབྱིབས་རྣམས་ཇི་ལྟ་ཇི་ལྟར་གྱུར་པ་དེ་དང་དེ་ལ་གནས་པའི་མི་རྣམས་ཀྱི་ཁ་གདོང་གི་དབྱིབས་ཀྱང་ དེ་ལྟ་དེ་ལྟར་ཡིན་ནོ། །དེ་ལ་ཤིང་རྟ་ཤ་ཀ་ཊཱ་དང་མཚུངས་པ་ནི་འཛམ་བུའི་གླིང་སྟེ། དེ་དང་འདྲ་བར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་བཞིན་ནི་གྲུ་གསུམ་གྱི་རྣམ་པ་ཡིན་ནོ། །ཤར་གྱི་ལུས་འཕགས་པོའི་གླིང་ནི་ཟླ་ཁམ་པ་སྟེ་མི་རྣམས་ཀྱི་བཞིན་ཡང་དེ་དང་ཆ་འདྲ་བ་ཡིན་ནོ། །བ་ལང་སྤྱོད་ཀྱི་གླིང་ ནི་ཡོངས་སུ་ཟླུམ་པ་ཡིན་ཏེ་མི་རྣམས་ཀྱི་བཞིན་ཡང་དེ་དང་འདྲ་བ་ཡིན་ནོ། །བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ནི་གྲུ་བཞི་པ་ཡིན་ཏེ། བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ཀྱི་བཞིན་ཡང་དེ་དང་འདྲ་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དེས་མིའི་གནས་བཞི་རྣམས་ཀྱི་དབྱིབས་རྣམས་མཐོང་བར་གྱུར་ ནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ལ་ཀུན་དུ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་རིང་དུ་འདས་ནས་བྱང་ཕྱོགས་ཀྱི་ཆར་གྱུར་པ་ལ་རིའི་རིགས་སམ། ཆུ་བོའི་རིགས་སམ། ཡུལ་གྱི་རིགས་སམ་ གླིང་གི་རིགས་རྣམས་ཇི་ལྟ་བུ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་གི་ཕྱོགས་ན་ཉ་ཞེས་བྱ་བའི་ཡུལ་དཔག་ཚད་བཅུ་པ་ཡིན་ནོ། །ཡུལ་གཉིས་པ་པུ་ལིན་དོ་ཞེས་བྱ་བ་དཔག་ཚད་ཉི་ཤུ་པ་ཡིན་ནོ། །ཡུལ་གསུམ་པ་དཔའ་བོའི་སྡེ་ ཞེས་བྱ་བའི་དཔག་ཚད་བརྒྱ་པ་ཡིན་ནོ། །ཡུལ་བཞི་པ་སུས་ཐ་ལི་ཞེས་བྱ་བ་དཔག་ཚད་བརྒྱ་པ་ཡིན་ནོ། །ཡུལ་ལྔ་པ་དར་དོ་ཞེས་བྱ་བ་བཟང་པོར་སྤྱོད་པ་དཔག་ཚད་བརྒྱ་པ་ཡིན་ནོ། །ཡུལ་དྲུག་པ་སྒྲ་མི་སྙན་ཞེས་བྱ་བ་དཔག་ཚད་བརྒྱ་པ་རྣམས་ཡིན་ནོ། །ཡུལ་བདུན་པ་བཟང་པོ་པ་ཞེས་བྱ་བ་ 71-1-190a དཔག་ཚད་ལྔ་བཅུ་པ་ཡིན་ནོ། །གན་དྷ་ར་ཞེས་བྱ་བའི་ཡུལ་མཐའ་སྐོར་དང་བཅས་པ་རྣམས་ལ་དཔག་ཚད་བརྒྱ་ཡིན་ནོ། །ཤ་ཀཱ་ཞེས་བྱ་བའི་ཡུལ་དཔག་ཚད་བརྒྱ་ཡིན་ནོ། །བཟང་པོ་བ་ནི་དཔག་ཚད་ཉིས་བརྒྱ་ཡིན་ནོ། །དར་དོ་ཞེས་བྱ་བའི་ཡུལ་ནི་རི་མང་བར་གྱུར་པ་སྟེ་དཔག་ ཚད་བརྒྱ་ཡིན་ནོ། །བཱ་ཧི་ལི་ཀོ་ནི་དཔག་ཚད་སྟོང་ཡིན་ནོ། །པྲི་ཥི་ཀཱ་ཞེས་བྱ་བ་དཔག་ཚད་ཉིས་བརྒྱ་ཡིན་ནོ། །མ་ཧི་ཥཱི་ཀཱ་དཔག་ཚད་ཉིས་བརྒྱ་ཡིན་ནོ། །རྒྱ་ནག་ཅེས་བྱ་བ་འཁོར་དང་བཅས་པ་རྣམས་ལ་དཔག་ཚད་སྟོང་ཡིན་ནོ། །རྒྱ་ནག་གཞན་ཞེས་བྱ་བ་ལ་ནི་དཔག་ཚད་ཉིས་བརྒྱ་ཡིན་ནོ། །ཁཱ་རཱ་ རྣམས་ནི་དཔག་ཚད་ལྔ་བརྒྱ་ཡིན་ནོ། །བར་བ་རཱ་ཞེས་བྱ་བ་རྣམས་ནི་དཔག་ཚད་ཉིས་བརྒྱ་ཡིན་ནོ། །ཀུ་ཊའི་འབྲས་བུ་པ་རྣམས་ནི་དཔག་ཚད་ལྔ་བརྒྱ་ཡིན་ནོ། །ཀ་ཊུ་ཀཱ་ཞེས་བྱ་བའི་ཡུལ་དཔག་ཚད་ལྔ་བཅུ་པ་ཡིན་ནོ། །ཀམ་པོ་ཛཱི་ཞེས་བྱ་བའི་ཡུལ་ནི་དཔག་ཚད་བརྒྱ་པ་ཡིན་ཏེ། ཡུལ་ཕྲན་ཚེགས་རྣམས་ ནི་མ་གཏོགས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་ཀྱི་ཆ་ན་རིའི་རིགས་གང་དག་ཡོད་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གངས་ཅན་ཞེས་བྱ་བའི་རྩེ་མོ་རྣམ་པ་སྣ་ ཚོགས་པ་དང་ལྡན་པ་དང་དཔག་ཚད་སྟོང་ཡིན་ཏེ། ཤིང་ལོ་བྲན་དང་ལྡན་པ་དང ། ཤིང་ཤུག་པས་གང་བར་གྱུར་པ་དང ། པད་མས་ཀུན་དུ་གང་བ་དང ། སྤ་མས་གང་བ་དང ། སཱ་ལ་དང ། ཏཱ་ལ་དང ། ཏ་མ་ལཱ་དང་རྣམས་ཀྱིས་གང་བར་གྱུར་པ་དང་།མི་འམ་ཅི་དང་གནོད་སྦྱིན་རྣམས་རྒྱུ་བར་གྱུར་པ་དང ། ཤ་ཟ་ དང་གནོད་སྦྱིན་དང་ལྡན་པ་ཡིན་ཞིང་རི་དེ་ནི་ཤིན་ཏུ་ཉམས་དགའ་བར་གྱུར་པ་ཡིན་ཏེ། དཀའ་ཐུབ་ཅན་རྣམས་རྒྱུ་བ་དང་གྲུབ་པ་ཐོབ་པ་རྣམས་ཀྱིས་ཀྱང་གང་བ་ཡིན་ནོ། །འབབ་ཆུ་དང་ཆུ་ཀླུང་མངར་བ་དང་མཆོག་ཏུ་མངར་བ་རྣམས་ལ་ཀླུ་སྟོབས་ཆེན་པོ་རྣམས་ཀྱིས་གང་བ་དང་རིགས་དམན་པའི་མི་མང་བ་ཡིན་ནོ། ། གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་གི་བྱང་ཕྱོགས་ན་རི་འམ། ཆུ་ཀླུང་གི་རིགས་སམ། རྒྱ་མཚོའི་རིགས་སམ་ཅི་དག་ཡོད་པ་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གངས་ཅན་ 71-1-190b གྱི་རི་ནས་དཔག་ཚད་ལྔ་བརྒྱ་ན་ཤིང་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་པ་དགའ་བར་གྱུར་པའི་རི་དགས་དང ། །བྱའི་ཚོགས་ཀྱིས་ལེགས་པར་གང་བ་ཤུག་པ་དང ། ལྷ་ཤིང་དང ། ཏ་མ་རུ་དང ། ཀུ་ལུ་མ་ཀ་དང ། རིར་ཥ་ཀ་རྣམས་ཀྱིས་དགའ་བར་གྱུར་པའི་རི་གཞན་ཟངས་ཀྱི་མདོག་ ཅེས་བྱ་བ་དཔག་ཚད་ཉི་ཤུ་པ་སྟེ། ཕུག་སྟོང་དང་ཡང་དག་པར་ལྡན་པ་ཡིན་ནོ། །དེ་ལས་རིང་དུ་འདས་པར་གྱུར་པ་ནས་བར་སྣང་དཔག་ཚད་བརྒྱ་ཐམ་པར་ཡང་ཆུ་ཀླུང་གིས་ཡོངས་སུ་བསྐོར་བ་ཡིན་གྱིས། དེ་ན་རྩཝ་དང ། གེལ་པ་དང ། འཁྲི་ཤིང་ཡང་མེད་ལ། སྨན་དང་ནགས་ ཚལ་རྣམས་ནི་གཅིག་ཀྱང་མི་འཕེལ་ལོ། །དེ་ལས་རིང་དུ་འདས་པའི་བར་ན་ཏི་སེ་ཞེས་བྱ་བའི་རི་དཔག་ཚད་ལྔ་བརྒྱ་པར་གྱུར་པ་མདོག་དཀར་བ་དངུལ་གྱི་རང་བཞིན་ལ་གསེར་གྱི་རཝས་ཡོངས་སུ་གང་བ་ཡིན་ཏེ། དེ་ལ་འཕགས་སྐྱེས་པོ་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་རབ་ཏུ་གནས་སོ། ། དེ་ལ་པད་མའི་མཚེའུ་ཡོད་དེ། མཚེའུ་རྣམས་ལས་ནི་ཆུ་ཤིན་ཏུ་བསིལ་བ་འབབ་བོ། །ུད་པ་ལ་སྔོན་པོ་ཡང་རབ་ཏུ་ཕལ་ཆེ་བ་ཡིན་ཏེ། པད་མའི་རྫིང་བུ་རྣམས་ན་ཡང་ངང་པ་དང ། ཀཱ་རཎྜ་བ་དང ། ཙཀྲ་པཱ་ཀ་དང་རྣམས་ཀྱིས་གང་བ་ཡིན་ནོ། །དེ་ལས་འདས་པར་གྱུར་ ནས་ཏི་སེའི་རཝ་ཞེས་བྱ་བའི་རི་དཔག་ཚད་ལྔ་བརྒྱ་པ་ཡོད་དོ། །དེའི་ཤིང་ལྗོན་པ་རྣམས་ལ་མི་འམ་ཅི་རྩེ་དགའ་བར་བྱེད་དེ། མཆོག་ཏུ་གླུ་ལ་མངོན་པར་དགའ་བས་རབ་ཏུ་དགའ་བ་ཡིན་ནོ། །དེའི་རཝ་ལྔ་ཡོད་པ་ལས་གསེར་དང ། ཤེལ་དང ། གསུམ་ནི་དངུལ་གྱི་རང་བཞིན་ཡིན་ ནོ། །ཕྱོགས་བཅུར་ལྷའི་མེ་ཏོག་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་པ་སྟེ། རི་དེའི་ཉེ་འཁོར་རྣམས་སུ་པད་མས་ཁྱབ་པས་དེ་ནི་མཆོག་ཏུ་དྲི་ཞིམ་ཞིང་དགའ་བ་ཡིན་ནོ། །རི་དེའི་ཁྲོད་ལས་ནི་འབབ་ཆུ་རབ་ཏུ་འབབ་པ་ཡིན་ཏེ། རབ་ཏུ་དང་བར་གྱུར་པའི་ཆུ་ལ་ངང་པ་དང ། ཀཱ་རཎྜ་ བ་དང ། ངང་ངུར་གྱི་ཚོགས་ཀྱིས་གང་བར་གྱུར་པ་མཆོག་ཏུ་དགའ་བ་ཡིན་ནོ། །ཆུ་ཀླུང་དེ་ལས་འདས་པར་གྱུར་ནས་མེ་ན་ཀོ་ཞེས་བྱ་བའི་རི་ཡོད་དོ། །དཔག་ཚད་ལྔ་བརྒྱ་པ་ཡིན་ནོ། །དེ་ལ་ལྷ་མ་ཡིན་དང་པོ་ཉིད་ནས་རབ་ཏུ་གནས་པ་ཡིན་ཞིང་རྟའི་གདོང་པ་དང་འདྲ་བར་གྱུར་ 71-1-191a པའི་བུད་མེད་རྣམས་ཀྱང་གནས་པ་ཡིན་ཏེ། རྟག་ཏུ་གླུ་དབྱངས་ཀྱིས་མངོན་པར་དགའ་བ་ཉིད་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་རིང་དུ་འདས་ནས་རིའི་ རིགས་སུ་གྱུར་པའམ། ཆུ་བོའི་རིགས་སུ་གྱུར་པ་གཞན་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དཔག་ཚད་སྟོང་ཕྲག་བཅུའི་རྒྱ་མཚོ་རྣམས་ཀླུ་དང ། ཉ་ཆེན་པོ་དང ། ན་ཀྲ་དང ། ཆུ་སྲིན་དང ། དུང་རྣམས་ཀྱིས་ཆུའི་ ནང་ཀུན་དུ་གང་བ་ཡིན་ནོ། །དེ་ལས་རིང་དུ་འདས་ནས་མཆོག་ཏུ་བཟང་པོའི་བློ་གྲོས་བཟང་པོ་ཞེས་བྱ་བའི་རི་ཡོད་དོ། །རི་དེ་ལ་ནི་མར་སར་གྱི་གོང་བུ་ཞེས་བྱ་བའི་མཚོ་ཤིན་ཏུ་ཉམས་དགའ་བར་གྱུར་པ་དང ། ཀཱ་རཎྜ་བ་དང ། བྱ་ཀཱ་ལིང་ཀ་རྣམས་ཀྱིས་ཡོངས་སུ་གང་བ་ཡིན་ནོ། ། དེ་ལ་རི་བློ་གྲོས་བཟང་པོ་ནི་དཔག་ཚད་ལྔ་བཅུ་ཡིན་ནོ། །མཚོ་དེ་ནི་དཔག་ཚད་གཅིག་ཡིན་ནོ། །ཆུ་ཀླུང་ཡང་ཀཽ་ཤི་ཀ་མ་ཞེས་བྱ་བ་འབབ་པའོ། །རི་དེ་ནི་ཤིན་ཏུ་དགའ་བར་གྱུར་པའི་ཆུ་ལ་རྒྱུ་བ་རྣམས་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་གང་བ་ཡིན་ནོ། །རི་དེ་ལས་རིང་དུ་འདས་ པར་གྱུར་ནས་དཔག་ཚད་སྟོང་ཕྲག་ཉི་ཤུའི་རྒྱ་མཚོ་རྣམས་མཆོག་ཏུ་འཇིགས་པར་གྱུར་པའི་ཏུག་ཅོམ་བྱེད་པའི་ཀླུའི་སྒྲ་རྣམས་ཀྱིས་སྤྲིན་རྣམས་འདུ་བར་བྱེད་དོ། །དེ་ཉིད་དུ་ཞེ་སྡང་གིས་གཟིར་བར་གྱུར་པའི་ཀླུ་རྣམས་ཕན་ཚུན་ཐབ་མོ་བྱས་ནས་ཆར་འབབ་པར་བྱེད་དོ། །འབབ་པར་བྱེད་ ཅིང་གློག་འཁྱུགས་པས་ལྷ་མ་ཡིན་ལ་ཅོ་འདྲི་བར་བྱེད་དོ། །དུག་ཀུན་ནས་སྤྲོ་བར་བྱེད་དེ། ཁྲོ་བས་འཁྲུགས་པར་གྱུར་པས་ཕན་ཚུན་དུ་སྲོག་གཅོད་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་ རིང་དུ་འདས་པ་གཞན་ན་རིའི་རིགས་སམ། ཆུ་ཀླུང་གི་རིགས་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ། ཀླུ་རྣམས་ཀྱིས་ཀུན་ནས་གང་བར་གྱུར་པའི་རྒྱ་མཚོའི་ཉེ་འཁོར་དེ་ལས་རིང་དུ་འདས་ནས་ཟངས་ཅན་ཞེས་བྱ་ 71-1-191b བའི་གླིང་དཔག་ཚད་བརྒྱ་པ་ཡོད་དོ། །དེ་ལ་ཟངས་མ་ཅན་ཞེས་བྱ་བའི་སྲིན་མོ་རབ་ཏུ་གནས་པ་ཡིན་ཏེ། ཉའི་ཟས་དང་ལྡན་པའི་ཤིན་ཏུ་འཇིགས་པར་གྱུར་པ་ཡིན་ནོ། །དེ་ལས་རིང་དུ་འདས་ནས་ཉི་ཚེ་བའི་དམྱལ་བ་དམར་པོ་ཞེས་བྱ་བ་ཡོད་དེ། གང་ལ་ཉི་ཚེ་བའི་སེམས་ཅན་ དམྱལ་བ་པ་རྣམས་འཚེད་པར་བྱེད་པའོ། །དེ་ལ་གཞན་ཀཽ་ཤི་ཀ་ཞེས་བྱ་བའི་ཆུ་བོ་དང ། དམར་པོ་རྣམ་པར་ཞུ་ཞེས་བྱ་བའི་ཆུ་དང ། རྡོ་བའི་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱང་གང་ལ་དཔག་ཚད་ལྔ་བརྒྱར་དྲག་པ་དང ། ཚ་བ་དང ། རྩུབ་པའི་ཚོར་བ་རྣམས་ཉམས་ སུ་མྱོང་བར་བྱེད་པ་ཡིན་ནོ། །ཉི་ཚེ་བའི་སེམས་ཅན་དམྱལ་བར་སྐྱེས་པ་དེ་ལས་འདས་པར་གྱུར་ནས་དཔག་ཚད་སྟོང་ཕྲག་བཅུར་ནམ་མཁའ་མཐིང་ག་དང་འདྲ་བའི་སྨག་ཏུ་གྱུར་པ་ཡིན་ཏེ། དེ་ལ་ནི་ཀླུ་ཡང་མེད་ལ། གནོད་སྦྱིན་ཡང་མེད། དྲི་ཟ་ཡང་མེད་པ་ཡིན་ནོ། །དེ་ལས་ འདས་པར་གྱུར་ནས་རིན་པོ་ཆེ་རྣམས་ཀྱིས་གང་བར་གྱུར་པའི་རྒྱ་མཚོ་དགའ་བའི་རི་རྣམས་ཀྱིས་རབ་ཏུ་དགའ་བར་གྱུར་པ་ཆུ་ཀླུང་དང ། ལྗོན་ཤིང་དང ། ལྷ་ཤིང་དང ། ཙན་དན་དང ། ཤུག་པ་རྣམས་ཀྱིས་ཀུན་དུ་ཁྱབ་པར་གྱུར་ཅིང་འདོད་པ་རྣམས་ཐམས་ཅད་ཀྱང་ལྗོན་ཤིང་གི་དྲུང་ནས་ ཕུན་སུམ་ཚོགས་པ་ཡིན་ནོ། །རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་ཨུད་ཏ་ར་ཞེས་བྱ་བ་མན་དཱ་ར་བའི་རི་དཔག་ཚད་ལྔ་སྟོང་པ་ཀེ་ཏ་ཀ་དང ། ནི་ཙུ་ལ་དང ། ནཱ་ལི་ཀེ་རའི་ནགས་ཀྱིས་ཉེ་བར་མཛེས་པར་གྱུར་པ་འབྲས་བུ་དང ། ལྗོན་ཤིང་དང ། འདོད་པ་རྣམ་པ་ཐམས་ཅད་ཕུན་ སུམ་ཚོགས་པ། ཆུ་ཀླུང་རབ་ཏུ་མང་པོ་རྣམས་ཀྱང་ཕུན་སུམ་ཚོགས་པ་ལ་ངང་པ་དང ། ཙཀྲ་པཱ་ཀ་དང ། བྱ་ཁྱུང་དང ། ཀ་ད་མྤ་རྣམས་ཀྱིས་ཉེ་བར་མཛེས་པ། གྲུབ་པ་ཐོབ་པ་རྣམས་རྒྱུ་བར་བྱེད་པའི་ཚོགས་ཀྱིས་གང་བར་གྱུར་པ་སྟེ། རི་འདི་ནི་མགོ་བོ་སྟོང་ལ་རིན་པོ་ཆེ་རྣམས་ སྣ་ཚོགས་ཀྱིས་མཛེས་པར་གྱུར་པ་རྣམ་པ་སྣ་ཚོགས་པ་སྤ་བའི་ནགས་གསེར་གྱིས་ཉེ་བར་མཛེས་པར་གྱུར་པ་ཡིན་ནོ། །དྲི་སྣ་ཚོགས་དང་ལྡན་པའི་ཨུད་ཏ་ར་མན་དཱ་རའི་རི་དེ་ལས་རྒལ་བར་གྱུར་ནས་རྡོ་སྦྱིན་པར་བྱེད་པ་ཞེས་བྱ་བའི་ཆུ་བོ་ཡོད་དེ། ཆུ་དེར་ནི་རྩཝའི་རིགས་སུ་གྱུར་པ་ 71-1-192a འམ། ཤིང་གི་རིགས་སུ་གྱུར་པའམ། སེམས་ཅན་གྱི་རིགས་སུ་གྱུར་པའམ། རི་དགས་དང་བྱའི་རིགས་སུ་གྱུར་པ་རྣམས་ཀྱང་རུང་སྟེ། གང་ཅུང་ཟད་ལྷུང་བར་གྱུར་པ་དེ་དག་རྣམས་ཐམས་ཅད་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །ཆུ་བོ་དེའི་ངོས་གཉིས་ དག་ན་ཀཱེ་ཙ་ཀཱ་ཞེས་བྱ་བའི་འོད་མ་དེ་དག་རྣམས་རླུང་གིས་བཏབ་པར་གྱུར་ནས་ཕན་ཚུན་དྲུད་པ་ལས་མེ་སྐྱེད་པར་བྱེད་དོ། །མེ་དེས་སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་ཆུ་བོ་དེར་མཆོང་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་དགེ་སློང་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་ལས་རིང་དུ་འདས་པར་གྱུར་ནས་རིའི་རིགས་སམ། ཆུ་ཀླུང་གི་རིགས་གཞན་དག་ཅི་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་སཱི་ཏཱ་ཞེས་བྱ་བའི་ཆུ་བོ་ཡོད་པ་ནི་རྒྱར་ནི་དཔག་ཚད་བཅུ་ཡིན་ ལ་རིང་བར་གྱུར་པའི་དངོས་པོར་ནི་དཔག་ཚད་སུམ་བརྒྱ་པ་ཡིན་ནོ། །དེ་ལ་སེམས་ཅན་གྱི་རིགས་གང་དག་ལྷུང་བར་གྱུར་པ་རྣམས་ནི་རྩུབ་པར་གྱུར་པའི་ཆུ་ཡིན་པས་དེ་དག་རྣམས་ཐམས་ཅད་ཀྱང་གྲང་བའི་དངོས་པོས་རྣམ་པར་ཉིགས་པར་འགྱུར་རོ། །དེ་ལ་ནི་འགའ་ཞིག་ཀྱང་བྱ་བར་ མི་ནུས་སོ། །ཆུ་ཀླུང་དེ་ལས་འདས་པར་གྱུར་ནས་འཛམ་བུའི་གླིང་གི་ཕྲེང་བ་ཞེས་བྱ་བའི་གླིང་ཡོད་དེ། དེ་ལ་རྟག་ཏུ་རྒྱགས་པ་ཞེས་བྱ་བའི་དྲི་ཟ་རབ་ཏུ་གནས་པ་ཡིན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་བསྒྲུབས་པར་གྱུར་པ་ཚུལ་ཁྲིམས་དང་ཡང་དག་པར་ལྡན་པས་རྟག་ཏུ་ དགའ་བ་མྱུར་དུ་སོང་བ་འདོད་པའི་འབྲས་བུ་རྣམས་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །གླིང་ཐམས་ཅད་ཀྱང་ལྗོན་ཤིང་ཐམས་ཅད་ཀྱིས་ཉེ་བར་མཛེས་པར་བྱས་པ་སྟེ། གསེར་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་སོ། །པད་མ་རྣམས་ཀྱང་བཻཌཱུརྱའི་སྡོང་བུ་ཅན་གྱི་པད་མའི་ རྫིང་བུ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །གླིང་འདི་ནས་ནི་རི་རབ་ལྷུན་པོ་ཡང་ཧ་ཅང་རིང་བ་མ་ཡིན་ནོ། །དེའི་དབང་གིས་རི་དང་བྱ་དང་ཆུའི་ཚོགས་པ་རྣམས་ཐམས་ཅད་ཉིད་ཀྱང་གསེར་དུ་མཐོང་བར་འགྱུར་རོ། །ུད་པ་ལ་དང་ཀུ་མུ་ད་རྣམས་ཀྱང་ཕུན་སུམ་ 71-1-192b ཚོགས་པ་ཡིན་ནོ། །གླིང་འདི་ན་ནི་བཏུང་བའི་ཆུ་ཀླུང་རྣམས་ཀྱང་ཐམས་ཅད་ལས་རབ་ཏུ་འབབ་པའོ། །འབྲས་ཤཱ་ལི་རྣམས་ཀྱང་མ་བྱས་པར་རྙེད་པར་འགྱུར་རོ། །གླིང་དེ་ཡང་དཔག་ཚད་ཉིས་སྟོང་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་རི་དང ། ཆུ་ཀླུང་དང ། ཤིང་ རྣམས་ནི་ནམ་མཁའ་བཞིན་ཏེ། རྒྱ་མཚོ་དཔག་ཚད་སུམ་བརྒྱར་དབུ་བས་ཀུན་དུ་གང་བ་ཡིན་ནོ། །རྒྱ་མཚོ་དེ་ན་གློག་གི་ཕྲེང་བ་ཞེས་བྱ་བ་དང ། རབ་ཏུ་འབར་བར་གྱུར་པའི་ཀླུ་མང་པོ་རྣམས་སོ་སོར་གནས་སོ། །དེ་ལས་རིང་དུ་འདས་ནས་མིག་བཙུམས་ཞེས་བྱ་བའི་རི་ཡོད་ དོ། །རི་དེ་ལ་མཆོག་ཏུ་མཛེས་པར་གྱུར་པའི་མིག་བཙུམས་པའི་ཕུག་ཅེས་བྱ་བ་ཡོད་དོ། །ཕུག་དེ་ལ་ཡང་ཉི་མའི་ཆ་ལ་ནི་དེ་ནས་རྫུས་ཏེ་སྐྱེ་བའི་བུད་མེད་རྣམས་ལེགས་པར་སྐྱེ་སྟེ། མཆོག་ཏུ་ལང་ཚོ་ཕུན་སུམ་ཚོགས་པར་གྱུར་པ་རྒྱན་རྣམས་ཐམས་ཅད་ཀྱིས་མཛེས་པར་ བྱས་པའོ། །དེ་ནི་ཉིན་ཞག་གཅིག་འཚོ་བ་ཡིན་ཏེ། གང་གི་ཚེ་ཉི་མ་འཆར་བར་གྱུར་པ་དེའི་ཚེ་དེ་རྣམས་རྒས་འཁོགས་པར་གྱུར་ནས་འཆི་བར་འགྱུར་ཏེ། སྲོག་གཅོད་པའི་རྒྱུ་འཐུན་པ་ལས་ཡིན་ནོ། །མིག་བཙུམས་པའི་ཕུག་གི་རི་དེ་ལས་རིང་དུ་འདས་པ་ན་ཡང་ཟླ་བའི་རི་བོ་ ཞེས་བྱ་བའི་རི་གསེར་གྱི་མདོག་ཏུ་གྱུར་པ་དཔག་ཚད་ལྔ་བརྒྱ་པ་ཡིན་ནོ། །རི་བོ་རི་རབ་ལྷུན་པོ་ལ་འགྲན་པ་ཞེས་བྱ་བའི་རི་དཔག་ཚད་ལྔ་བརྒྱ་པ་ཡོད་པ་ཡིན་ཏེ། དེའི་བྱང་ཕྱོགས་ཀྱི་ལོགས་ལ་ཀེ་ཏ་ཀའི་ནགས་ཡོད་པ། དེ་ལ་ནི་རྨི་ལ་མ་མཐོང་བའི་བགེགས་ཞེས་བྱ་བའི་ སྲིན་མོ་རབ་ཏུ་གནས་པ་ཡིན་ཏེ། བང་ཤིན་ཏུ་མགྱོགས་པར་གྱུར་པས་མིག་ཚུམ་ཙམ་ལ་ཡང་དཔག་ཚད་བརྒྱ་སྟོང་ཕྲག་མང་པོ་རྣམས་སུ་འགྲོ་བར་བྱེད་དེ། དེས་ནི་སྐྱེས་བུ་དག་ལ་དོན་མེད་པ་དང ། མི་བདེ་བ་དང ། མི་ཕན་པ་རྣམས་བྱེད་དོ། །གཞན་ཡང་རྣལ་འབྱོར་ སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་ཅི་བྱང་ཕྱོགས་སྒྲ་མི་སྙན་པ་དང ། འཛམ་བུའི་གླིང་པའི་བར་ན་རིའི་རིགས་སུ་གྱུར་པའམ། ཆུ་ཀླུང་གི་རིགས་སུ་གྱུར་པའམ། རྒྱ་མཚོའི་རིགས་སུ་གྱུར་པ་ནི་གཞན་གང་དག་ཡོད་ཅིང ། གང་ 71-1-193a ལ་ཡང་བདག་ཅག་སྐྱེས་པར་མ་གྱུར་པའམ། ཤི་བར་མ་གྱུར་པའམ། འཆི་འཕོས་པར་མ་གྱུར་པའམ། སྐྱེས་པར་མ་གྱུར་པའམ། ལས་ཀྱིས་ཉེ་བར་འགྲོ་བ་མ་ཡིན་པར་གྱུར་པ་རྣམས་སམ། སྡུག་པ་དང་ཡིད་དུ་འོང་བ་རྣམས་ཐམས་ཅད་དང་ཡང་ ཐ་དད་དུ་གྱུར་པ་དང ། བྱེ་བ་དང ། བྲལ་བ་དང ། རྣམ་པར་བྲལ་བ་དང་ལྡན་པར་མ་གྱུར་པ་ཡོད་དམ་ཞེ་ན། དེ་ནི་སེན་མོའི་ཚད་ཙམ་གྱི་ཡུལ་གཅིག་ཀྱང་མ་མཐོང་ངོ ། །གང་ལ་འཐུན་པ་དང་ཡིད་དུ་འོང་བར་གྱུར་པ་རྣམས་ཐམས་ཅད་དང་ཐ་དད་དུ་གྱུར་པ་དང ། རྣམ་པར་ཞིག་ པ་དང ། རྣམ་པར་གྱེས་པ་དང ། རྣམ་པར་བྲལ་བ་དང་ལྡན་པར་མ་གྱུར་པ་ནི་མེད་དོ། །དེའི་ཕྱིར་ན་རིངས་པ་རིངས་པར་འདུ་བྱེད་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་གྱིས། རྣམ་པར་གྲོལ་བར་གྱིས། སྐྱོ་བ་མེད་པར་གྱུར་ཏ་རེ། འཁོར་བ་ལ་ཀུན་དུ་ཆགས་པར་ གྱུར་པ་སྐྱེས་པར་གྱུར་ཏ་རེ། སྲེད་པའི་ཞགས་པའི་དབང་དུ་ཀུན་ནས་འགྲོ་བར་མ་བྱེད་ཅིག་།འཁོར་བ་ལ་མངོན་པར་དགའ་བར་མ་བྱེད་ཅིག་།འཁོར་བ་འདི་ནི་རབ་ཏུ་འབར་བ་དང ། སྡུག་བསྔལ་དང ། ཡིད་མི་བདེ་བ་དང ། ཡོངས་སུ་ངལ་བ་ཡིན་ནོ། །མི་འཐུན་པར་གྱུར་ པ་རྣམས་དང་ཕྲད་པ་དང ། འཐུན་པ་རྣམས་དང་བྲལ་བར་འགྱུར་བའི་མེ་དག་གིས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུའོ། །མི་དང་ལྷའི་གནས་རྣམས་སུ་བདེ་བ་ཉམས་སུ་མྱོང་བར་གྱུར་པ་རྣམས་ནི་གཡོ་བ་ཡིན་ལ་བདེ་བ་མ་ཡིན་ཡང་གཏི་མུག་གིས་ཀུན་ ནས་གཡོགས་པ་ཡིན་ནོ། །དེའི་ཕྱིར་ན་ཐམས་ཅད་ལ་ཡང་སྐྱོ་བ་སྐྱེ་བར་གྱིས་ཤིག་།ད་འཁོར་བར་མ་འཁོར་བར་མ་བྱེད་དང ། བདུད་ཀྱི་ཡུལ་དེ་ལ་གནས་པར་གྱུར་ཏ་རེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་མ་བྱེད་དང ། ཕྱིས་འགྱོད་པ་སྐྱེ་བར་འགྱུར་ བར་མ་བྱེད་ཅིག་ཅེས་དེ་ལྟར་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་པ་རྣམས་ནི་བདུད་ཀྱི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་བ་དང ། འདུ་བྱེད་རྣམས་ཐམས་ཅད་ལ་ཡང་ཆགས་པ་དང་བྲལ་བ་ 71-1-193b དང ། ཉོན་མོངས་པ་རྣམས་རྣམ་པར་སྤོང་བ་དང ། ལས་ཀྱི་མཐའ་རྣམས་དང་བྲལ་བ་དང ། ཐེ་ཚོམ་དང་ཡང་རྣམ་པར་བྲལ་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། སྒྲ་མི་སྙན་པ་དང་འཛམ་བུའི་གླིང་ པའི་བྱང་གི་ཕྱོགས་ན་རིའི་རིགས་སུ་གྱུར་པའམ། ཆུ་བོའི་རིགས་སུ་གྱུར་པ་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཁུ་བྱུག་གིས་གང་བའི་སྒྲ་དབྱངས་དང་ལྡན་པ་ཞེས་བྱ་བའི་རི་འཕང་དུ་ནི་དཔག་ ཚད་སུམ་ཅུ་པ་སྟེ། རྒྱར་ནི་དཔག་ཚད་བཅུ་པ་ཡིན་ནོ། །རི་དེ་ལ་ནི་ཁུ་བྱུག་བརྒྱ་ཕྲག་མང་པོས་ཀུན་དུ་གང་བར་གྱུར་པ། ཤིང་མྱ་ངན་མེད་སྔོན་པོ་དང ། མྱ་ངན་མེད་དམར་པོ་དང ། འདབ་མ་བདུན་པ་དང ། ཀོ་དཱ་ལ་དང ། ཀ་ད་མྦ་དང ། ་ཤོ་ཀ་ལེ་བརྒན་དང ། མེ་ཏོག་ཕྲེང་བ་གསར་པ་དང ། སཽ་བརྞ་ཡུ་ཐཱི་ཀ་དང ། སུ་མ་ནཱ་དང ། ཤལྤ་ལི་དང ། ཏཱ་ལ་པྲི་ཡཾ་དང ། གུཾ་ཀུ་ཊ་སྐྱེས་དང ། ཙམྦ་ཀ་དང ། ཀུ་ནྡ་དང ། བནྡྷུ་ཛཱི་པ་ཀ་དང ། དབྱར་གྱི་དུས་པ་དང་རྣམས་ཏེ། ཇི་ལྟར་ནམ་ཟླ་དང་དུས་ཚོད་ཀྱི་རྗེས་སུ་འཇུག་པར་བྱེད་པའི་ མེ་ཏོག་རྣམས་ཀྱིས་རི་དེ་ལ་ཀུན་དུ་གང་བ་ཡིན་ནོ། །ཕྲེང་བ་ཐོགས་པ་ཞེས་བྱ་བའི་ལྷ་རེས་འགའ་རང་གི་གནས་རི་རབ་ལྷུན་པོ་བཏང་ནས་དེ་ལ་རྩེ་དགའ་བར་བྱེད་དོ། །རི་དེ་ནི་དགའ་བ་ཡིན་པའི་ཕྱིར་ཡང་གླུ་དང ། གར་དང ། རོལ་མོའི་སྒྲ་རྣམས་ཀྱིས་ཀྱང་རི་དེ་ལ་ཡིད་ དགའ་བར་བྱེད་དེ། འོན་ཀྱང་ལྷ་དེ་དག་རྣམས་ཀྱི་སེམས་ཀུན་ནས་གཡེངས་པས་རྣམ་པར་གཡེངས་པར་ཡང་མི་འགྱུར་རོ། །ཁུ་བྱུག་གིས་གང་བར་གྱུར་པའི་རི་དེ་ལས་འདས་པར་གྱུར་ནས་ངང་པའི་ནགས་ཞེས་བྱ་བ་རྒྱ་མཚོའི་ཡུལ་ཕྱོགས་ན་ཡོད་དེ། ངང་པ་བརྒྱ་སྟོང་ ཕྲག་རྣམས་ཁྱུས་རྒྱུ་བར་བྱེད་དོ། །དེ་ཉེ་འཁོར་རྣམས་ཉིད་ན་པད་མ་རྣམས་ཀྱིས་ཀྱང་གང་བ་ཡིན་ཞིང་རྒྱ་མཚོ་འདིའི་ས་ཕྱོགས་རྣམས་ལ་ཀཱ་རཎྜ་བ་དང ། ཙཀྲ་པཱ་ཀ་དང ། ཀ་དམྦ་དང་རྣམས་ནོར་བུའི་མཆུ་དང་ཡུ་བ་འཇམ་པོའི་མགུལ་པ་ཅན་ལ་སོགས་པ་རྣམས་ཀྱིས་གང་བར་ 71-1-194a གྱུར་པ་དང ། གསེར་འབར་བའི་མདོག་ལྟ་བུའི་པད་མ་རྣམས་ཀྱིས་ཀྱང་གང་བར་གྱུར་པས་དཔག་ཚད་སྟོང་ཕྲག་བཅུའི་ས་ཕྱོགས་ཁྱབ་པར་གྱུར་ཏོ། །ཉེ་འཁོར་གཞན་དེ་ལས་འདས་པར་གྱུར་ནས་རི་རབ་ལྷུན་པོའི་བྱང་གི་ཆའི་རྒྱ་མཚོའི་ཁོར་ཡུག་དཔག་ཚད་བརྒྱ་ ཕྲག་བཅུར་ཉ་དང ། ཉ་ཆེན་པོ་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། ཆུ་སྲིན་བྱིས་པ་གསོད་དང ། རུས་སྦལ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པ་ཡིན་ནོ། །ཉེ་འཁོར་ཀུན་ཡང་ཁ་དོག་ནམ་མཁའ་དང་མཚུངས་པར་གྱུར་པའི་ཆུ་སྔོན་པོ་ཡིན་ཏེ། ཟབས་སུ་ ནི་དཔག་ཚད་སྟོང་ཕྲག་བཅུ་ཡིན་ནོ། །དེ་ན་ཡང་མོ་དུང་རྣམས་གནས་ཏེ། བདག་ཉིད་ཀྱི་དངོས་པོའི་ཚད་ནི་རྒྱང་གྲགས་ཙམ་ཡིན་ནོ། །སྟོབས་ཆེན་པོ་དང་ལྡན་པ་རྣམས་ཡིན་ཏེ་ཆུའི་ནང་ནས་གང་དག་གནས་པའི་རིའི་རྩེ་མོ་དེ་དག་རྣམས་ཤུགས་ཀྱིས་བསྒུལ་ནས་ལྷུང་བར་ བྱེད་དོ། །གླང་པོ་ཆེ་སྟོང་གི་སྟོབས་རེ་རེས་འཛིན་པ་ཡིན་ནོ། །དེ་ལས་རིང་དུ་འདས་ནས་འོ་མའི་ཆུ་ཞེས་བྱ་བའི་རྒྱ་མཚོ་ཉེ་འཁོར་དུ་དཔག་ཚད་སྟོང་ཕྲག་ལྔ་ཡོད་པ་སྟེ། རྟག་ཏུ་རླབས་རྣམས་ཀྱིས་དཀྲུག་པར་བྱེད་པ། རྟག་ཏུ་སྤྲིན་དང་སྒྲ་སྒྲོགས་པར་བྱེད་པའི་ཤིན་ཏུ་ཁྲོ་ བར་གྱུར་པའི་ཀླུ་དུག་ཅན་རྣམས་ཀྱིས་གང་བར་གྱུར་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། འཛམ་བུའི་གླིང་གི་བྱང་ཕྱོགས་ངོས་ན་རིའི་རིགས་སམ། ཆུ་བོའི་རིགས་སམ། རྒྱ་མཚོའི་རིགས་གཞན་གང་ དག་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གསེར་དང ། གསེར་དམར་པོ་དང ། ཤེལ་གྱི་རང་བཞིན་གྱི་རི་བརྒྱ་ཕྲག་ལྔ་ཡོད་པས་བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་དེ་ནང་པར་གྱི་ཉི་མའི་མདོག་དང་འདྲ་བ་དང ། པད་མ་ དང ། པད་མའི་རྫིང་བུ་དག་གིས་ཀྱང་གང་བར་གྱུར་པ་སྟེ། ཡུལ་དེ་ནི་དཔག་ཚད་སུམ་སྟོང་པ་ཡིན་ནོ། །ཡུལ་དེ་ལས་འདས་པར་གྱུར་ནས་སྒྲ་མི་སྙན་དང་འཛམ་བུའི་གླིང་དག་གི་བྱང་ཕྱོགས་ངོས་ལ་འོ་མ་དང་མཚུངས་པར་འཇུག་པ་ཞེས་བྱ་བའི་ཡུལ་རྣམ་པར་བཀྲ་ 71-1-194b བར་གྱུར་པ་རི་དང ། ནགས་དང ། ཉེ་བའི་ནགས་དང ། རི་དགས་དང ། བྱ་ཡང་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ཀུན་དུ་གང་བར་གྱུར་པ་དང ། རྟག་ཏུ་དགའ་བར་གྱུར་པའི་ལྷ་གསང་བ་པ་རྣམས་ཀྱིས་གང་བར་གྱུར་པ། རྣམ་པ་སྣ་ཚོགས་པའི་ལྗོན་ཤིང་དང་མེ་ཏོག་གི་ ཚོགས་ཀྱིས་ཀུན་ནས་དུད་པར་གྱུར་པ་རྣམས་ཀྱིས་གང་བར་གྱུར་པས་ཉེ་འཁོར་ཉམས་དགའ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་གི་སྒྲ་མི་སྙན་དང་འཛམ་བུའི་གླིང་གི་བྱང་ངོས་ན་རིའི་རིགས་སུ་ གྱུར་པའམ། ཆུ་བོའི་རིགས་སུ་གྱུར་པ་གཞན་ཅི་དག་ཡོད་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གླིང་གཉིས་པོ་འདི་དག་གཉིས་ཀྱི་བར་ན་ཡུལ་ཕྱོགས་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །བྱང་ཕྱོགས་སྒྲ་མི་སྙན་གྱི་ གླིང་ཆེན་པོ་ནི་མ་གཏོགས་ཏེ། རྒྱ་ཁྱོན་དུ་ནི་དཔག་ཚད་སྟོང་ཕྲག་བཅུ་ཡིན་ནོ། །གྲོང་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གི་རྣམ་པ་རྣམས་ཀྱིས་ཉེ་འཁོར་རྣམས་ཀུན་དུ་གང་བར་གྱུར་པ་སྟེ། མཆོག་ཏུ་དགའ་བ་དང་སྐལ་བ་གཞན་རྣམས་ལ་ཡང་དགའ་བ་ཡིན་ནོ། །ཤ་དང ། རུས་པ་དང ། ཆུ་སེར་རྣམས་དང་བྲལ་བར་གྱུར་པ་མ་གཏོགས་པ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་དྲུང་ན་ནི་འཇིགས་པ་མེད་པ་ཡང་ཡིན་ནོ། །ལྷ་རྣམས་ནི་མིག་མི་འཛུམས་པ་ཡིན་ལ། བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ནི་པགས་པ་དང ། ཤ་དང ། རུས་པ་དང ། ཆུ་ སེར་དང ། མིག་འཛུམས་པར་བྱེད་པ་དང་བཅས་པ་ཡིན་ཞིང་བདག་གི་བ་མེད་པ་དང ། ང་རྒྱལ་ཅན་མེད་པ་ཡིན་ཏེ། ཤི་ནས་ཀྱང་ངེས་པར་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ཡིན་ནོ། །སྒྱུ་དང ། གཡོ་དང ། ཕྲག་དོག་དང ། ཁེངས་པ་རྣམས་དང་བྲལ་བར་གྱུར་པ་དང ། རྟག་པར་ རབ་ཏུ་དགའ་བར་གྱུར་པ་ཡིན་ནོ། །སྲིན་མོ་དང ། ཤ་ཟ་དང ། གྲུལ་བུམ་དང ། སེང་གེ་དང ། སྟག་དང ། གུང་དང ། སྤྱང་ཀི་དང ། ཀླུ་དང ། ལྟོ་འཕྱེ་དང ། སྦྲུལ་གདེངས་ཀ་ཅན་དང ། མུ་གེ་དང ། ཚད་པ་དང ། གྲང་བ་དང ། ལྟོགས་པ་དང ། སྐོམ་པ་དང ། ནད་དང ། ལྷས་ 71-1-195a ཆར་མི་འབེབས་པར་གྱུར་པ་རྣམས་དང་བྲལ་བ་དང ། ཕན་ཚུན་དུ་ཀུན་དགའ་བར་བྱེད་པ་རྣམས་ཡིན་ནོ། །དེ་དག་རྣམས་ལ་འཇིགས་པར་གྱུར་པ་རྒྱལ་པོ་དང ། ཆོམ་རྐུན་དང ། ཆུ་དང ། མེ་དང ། མཚོན་ཆ་འབེབས་པས་འཇིགས་པར་བྱེད་པ་རྣམས་ཀྱང་ མེད་པ་ཡིན་ནོ། །ཉིན་མོ་དང་མཚན་མོའི་ཁྱད་པར་ཡང་རྙེད་པ་མ་ཡིན་ཏེ། གསེར་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱི་འོད་ཟེར་ཀུན་དུ་འཕྲོ་བའི་ཕྱིར་རོ། །དེ་ལ་ལྗོན་ཤིང་རྣམས་ནི་ཧི་ར་ཎྱའི་རང་བཞིན་དང ། གསེར་དམར་པོ་དང ། བྱི་རུ་དང ། དངུལ་གྱི་རང་བཞིན་རྣམས་ཡིན་ ནོ། །བྱ་རྣམས་ཀྱང་ལུས་རྣམ་པར་འགྱུར་བ་རྣམ་པ་སྣ་ཚོགས་པ་རྣམས་བྱེད་པ་དང ། རྟག་པར་ཀུན་ནས་རངས་པར་གྱུར་པ་ནི་རབ་ཏུ་དགའ་བའི་སྐྱེས་བུ་རྣམས་བཞིན་ནོ། །ཤིང་དེ་དག་རྣམས་ཀྱང་སེམས་དང་ལྡན་པ་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ན་དགའ་བ་ཡོད་པ་དང ། དགའ་བ་ལས་ཀྱང་ཤིན་ཏུ་དགའ་བ་ཡོད་པ་གཞན་གང་ཡིན་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་ཕྱོགས་ སྒྲ་མི་སྙན་གྱི་གླིང་ན་ནི་རི་ཆེན་པོ་བཅུ་ཡོད་དེ། འདི་ལྟ་སྟེ་སང་ཀཱ་ཤ་ཀཱ་ཞེས་བྱ་བའི་རི་དང ། རཝ་མཉམ་པ་ཞེས་བྱ་བའི་རི་དང ། རི་དགས་ཀྱི་དགྲ་དུལ་བ་ཞེས་བྱ་བའི་རི་དང ། སྤྲིན་དཀར་པོ་འཛིན་པ་ཞེས་བྱ་བའི་རི་དང ། མཐོ་བར་བརྩེགས་པ་ཞེས་བྱ་བའི་རི་དང ། ཕྲེང་བའི་ ཉེ་འཁོར་ཞེས་བྱ་བའི་རི་དང ། དུས་ན་དགའ་བ་ཞེས་བྱ་བའི་རི་དང ། ཀུན་དགའ་བ་འཛིན་པ་ཞེས་བྱ་བའི་རི་དང ། ཡིད་ཀྱི་རྗེས་སུ་འཐུན་པ་ཞེས་བྱ་བའི་རི་དང་།པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པ་ཞེས་བྱ་བའི་རི་དང་སྟེ། རི་ཆེན་པོ་བཅུ་པོ་དེ་དག་གིས་བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ རྒྱ་མཚོའི་མཐར་ཐུག་པས་ཡོངས་སུ་བསྐོར་བ་ཡིན་ནོ། །དཔེར་ན་འཛམ་བུའི་གླིང་རི་བཞིས་ཡོངས་སུ་བསྐོར་བ་ཡིན་ཏེ། གངས་ཅན་དང ། འབིགས་བྱེད་དང ། མ་ལ་ཡ་དང ། ཏི་སེའོ། །དེ་ཁོ་ན་བཞིན་དུ་རི་བཅུས་བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ཡོངས་སུ་བསྐོར་བ་ཡིན་ 71-1-195b ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་དེ་དག་རྣམས་ལ་མེ་ཏོག་དང་འཁྲི་ཤིང་གི་ཚོགས་འཁྲིལ་བ་དང ། མཚོ་དང ། ཆུ་ཀླུང་དང ། བྱ་དང ། འབྲས་བུ་དང ། རི་དགས་ཀྱི་རིགས་ཅི་ཡོད་པ་རྣམས་དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སང་ཀཱ་ཤའི་རི་ལ་སང་ཀཱ་ཤཱ་ཞེས་བྱ་བའི་ལྗོན་ཤིང་དུས་དྲུག་ཏུ་མེ་ཏོག་འབྱུང་བར་འགྱུར་རོ། །ལྗོན་ཤིང་དེ་དག་རྣམས་ལ་ཉིན་མཚན་དུ་འོད་འབྱུང་བར་འགྱུར་ཏེ། འཛམ་བུའི་གླིང་གི་མཚན་མོའི་མར་མེ་རྣམས་བཞིན་ ནོ། །དྲི་ཡང་དཔག་ཚད་དུ་རབ་ཏུ་འཕྱུར་བ་ཡིན་ཏེ། ཇི་ལྟར་ཅུང་ཟད་ཅིག་ཀྱང་འཛམ་བུའི་གླིང་ནི་ཆ་འདྲ་བ་ནི་མེད་དོ། །སཾ་ཀཱ་ཤའི་རི་དེ་ལ་ནགས་ལྔ་ཡོད་པ་རྣམས་ནི་འདི་ལྟ་སྟེ། གྲིབ་མ་སྔོན་པོ་ཞེས་བྱ་བའི་ནགས་དང ། བྱ་ངེས་པར་གནས་པ་ཞེས་བྱ་བའི་ནགས་དང ། ཟབ་ མོ་ཞེས་བྱ་བའི་ནགས་དང ། སྤྲིན་དཀར་པོ་ཞེས་བྱ་བའི་ནགས་དང ། རྣམ་པར་འབབ་པ་ཞེས་བྱ་བའི་ནགས་རྣམས་སོ། །དེ་ལ་སཾ་ཀཱ་ཤའི་རི་དེ་ལས་སྤྲིན་དང་འདྲ་བར་གྱུར་པའི་མེ་ཏོག་རྣམས་རྒྱས་པའི་ཕྱིར་ན་འདི་ནི་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེས་ན་འདི་ནི་སཾ་ཀཱ་ ཤའི་རི་ཞེས་བྱའོ། །དེ་ལ་ཕྱོགས་གཅིག་ན་གྲིབ་མ་སྔོན་པོ་ཞེས་བྱ་བའི་ནགས་ཡོད་དོ། །དེ་ལ་གང་ཅུང་ཟད་དཀར་པོར་གྱུར་པའི་གཟུགས་སོང་ཞིང་འགྲོ་ལ་སོ་སོར་འགྲོ་བར་འགྱུར་བ་རྣམས་ཀྱང་ནགས་དེའི་འོད་ཀྱིས་ཀུན་དུ་སྣང་བར་བྱས་པའི་སྟོབས་ཀྱིས་བཻ་ཌཱུརྱ་སྔོན་པོའི་མདོག་ ཏུ་འགྱུར་རོ། །བྱ་རྣམས་ཀྱང་སྔོན་པོ་དེ་དག་ཉིད་ན་གནས་པ་ཡིན་ནོ། །འདི་ལྟ་སྟེ། ཡིད་ཀྱི་རྗེས་སུ་འཐུན་པ་ཞེས་བྱ་བའི་བྱ་ནི་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་གྲིབ་མ་སྔོན་པོའི་ནགས་སུ་ཞུགས་པར་གྱུར་ནས་ཡིད་ཀྱི་རྗེས་སུ་འཐུན་པ་གང་དག་སྤྱོདུ་པར་བྱེད་ན་དེ་དག་བྱ་དེ་དག་ རྣམས་ཀྱིས་རྩེ་བར་བྱེད་དོ། །རྟག་པར་རབ་ཏུ་དགའ་བ་ཞེས་བྱ་བའི་བྱ་ལེགས་པར་གནས་པས་ནི་དེ་མཐོང་བར་གྱུར་པས་ཀྱང་བྱང་ཕྱོགས་སྒྲ་མི་སྙན་གྱི་སྐྱེས་བུ་རྣམས་ཕྱིར་ཞིང་ཆེས་རབ་ཏུ་དགའ་བར་འགྱུར་རོ། །གྲང་བ་དང་དྲོ་བ་ཞེས་བྱ་བའི་བྱ་དེ་དག་མཐོང་བར་གྱུར་པས་ཀྱང་ 71-1-196a སྐྱེས་བུ་གྲང་བས་ཉེན་པ་རྣམ་གྲང་བར་མི་འགྱུར་རོ། །དྲོ་བས་ཉེན་པར་གྱུར་པ་རྣམས་ཀྱང་ཤིན་ཏུ་ཚ་བར་མི་འགྱུར་ཏེ། བྱ་དེ་དག་རྣམས་ཀྱི་མཐུས་ཡིན་ནོ། །རླུང་གི་བང་ཡོད་པ་ཞེས་བྱ་བའི་བྱ་རྣམས་ཀྱིས་ནི་ཡུད་ཙམ་ཅིག་ལ་ཡང་དཔག་ཚད་སྟོང་དུ་འགྲོ་བ་ཡིན་ ཏེ། དེ་མཐོང་བར་གྱུར་པས་ཀྱང་སྐྱེས་བུ་རྣམས་གནས་གང་དང་གང་དུ་འགྲོ་འདོད་པ་དེ་དང་དེར་བྱ་དེ་དག་རྣམས་ཀྱི་སྟོབས་ཀྱིས་ཡུད་ཙམ་ལ་དཔག་ཚད་སྟོང་དུ་ཕྱིན་པར་འགྱུར་རོ། །ཤང་ཤང་ཏེའུ་ཞེས་བྱ་བའི་བྱ་རྣམས་ཀྱིས་ནི་གླིང་ཐམས་ཅད་ཀྱི་སྐྱེས་བུ་རྣམས་ཀྱིས་རྗོད་པར་བྱེད་ པའི་བརྗོད་པ་རྣམས་དང་ཆ་འདྲ་བའི་སྐད་འབྱིན་ནོ། །མིའི་བདེ་བའི་འཁྲིག་པས་རྟག་ཏུ་དགའ་བར་བྱེད་པ་རྣམས་ཡིན་ནོ། །ཁ་དོག་རྣམ་པ་སྣ་ཚོགས་པའི་སྒྲོ་རྣམས་ཀྱིས་ཉེ་བར་མཛེས་པར་གྱུར་ཅིང་རིན་པོ་ཆེ་བདུན་གྱི་རང་བཞིན་རྣམས་ལ་འདི་ལྟ་སྟེ། ཨིནྡྲ་ནཱི་ལ་དང ། མར་ཀ་ཏ་ དང ། རྡོ་རྗེ་དང ། མུ་ས་ར་གལྦ་དང ། ཤེལ་དང ། པད་མ་རཱ་ག་དང་འདྲ་བར་གྱུར་པའི་བྱི་རུ་དང་རྣམས་སོ། །བྱ་དེ་དང་དེ་དག་རྣམས་མཐོང་བར་གྱུར་ནས་རབ་ཏུ་དགའ་བར་མི་འགྱུར་བ་ནི་འགའ་ཡང་མེད་དོ། །དེས་སཾ་ཀཱ་ཤའི་རིའི་གྲིབ་མ་སྔོན་པོའི་ནགས་ལ་སོ་སོར་བརྟགས་ ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་པའི་སཾ་ཀཱ་ཤའི་རི་དེ་ལ་གྲིབ་མ་སྔོན་པོའི་ནགས་རྒལ་བར་གྱུར་ནས་གཞན་ནགས་དག་ཡོད་དམ་ཞེ་ ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སཾ་ཀཱ་ཤའི་རི་ལ་བྱ་ངེས་པར་གནས་པ་ཞེས་བྱ་བའི་ནགས་གཉིས་པ་ཡོད་དོ། །དེ་ན་གནས་པར་གྱུར་པའི་བྱ་དག་ནི་རྟག་ཏུ་རབ་ཏུ་མགུ་རངས་པ་དང་པད་མའི་རྫིང་བུ་རྣམས་ཀྱང་རྟག་ཏུ་གངས་ བསིལ་མོའི་འཁྱག་པས་ལེགས་པར་བསྡམས་པ་ཡིན་ནོ། །འཛམ་བུའི་གླིང་ན་གནས་པ་གང་ཡིན་པ་ཆོས་ཀྱི་དུས་ན་འཆི་འཕོས་པར་གྱུར་པ་དེ་ལ་ངང་པའི་རྒྱལ་པོར་འགྱུར་ཏེ། དེ་དེ་ལ་རབ་ཏུ་གནས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མཚོ་མ་དྲོས་པའི་ངང་པའི་རྒྱལ་པོ་དང ། རྣམ་ 71-1-196b པ་སྣ་ཚོགས་པའི་བྱ་གཞན་རྣམས་ཐམས་ཅད་རབ་ཏུ་གནས་པ་ཡིན་ནོ། །འདི་ལྟ་སྟེ། ཀཱ་རཎྜབཿ དང ། ཧཱ་རཱི་ཏཱཿ དང ། གཡུ་གུ་མ་ན་བཱ་དང ། བཱ་རཱ་བ་ཏཱ་དང ། ལ་ཊུཥ་ཀཱ་དང ། ི་ལཝ་ལི་ཀཱ་དང ། རྔ་སྒྲ་བ་དང ། སཾཧྲ་དཱཿ དང ། དྲིས་དགའ་བ་དང ། སཾ་མྲཱ་ཛྱཱཿ དང ། ལུས་པོ་པ་དང ། སྒྲས་ཀུན་དུ་དགའ་བ་དང ། དུས་དྲུག་ཏུ་རྒྱུ་བ་དང ། ཟླ་བ་ཤར་བས་དགའ་བ་ཟླ་བ་ཤར་བས་དགའ་ལ་མ་ཤར་བ་ན་ཉི་མ་དང་མཚུངས་པའི་མདོག་གོ། །རྟག་ཏུ་ཕྱི་རོལ་དུ་སྒྲས་ཀུན་ནས་རངས་པ་དང ། ཙཀྲ་བཱ་ཀཱཿ དང ། གསེར་དང་མཚུངས་པར་གྱུར་པའི་མདོག་དང ། ཀུ་ར་དང ། ཀུ་ར་ཎ་གནས་པ་དང ། ཉི་མས་མི་རེག་པ་དང ། ནི་ཙུན་ལུནྡཱཿ དང ། གཅིག་པུ་ཉོན་མོངས་པས་དགའ་བ་དང ། བུང་བ་འདུ་བ་རྣམས་ནི་གང་དག་གི་སྒྲ་རྣམས་དཔག་ཚད་དུ་སྙན་པར་ཐོས་པ་རྣམས་ཡིན་ཏེ། ཇི་ལྟར་འཛམ་བུའི་གླིང་གི་བུང་བ་རྣམས་ཀྱིས་བ་ལང་ལ་གེགས་མེད་ པར་ལྗོན་ཤིང་གི་རྩ་བ་ན་གནས་པ་བཞིན་ནོ། །ཀཾ་ཀཱ་དང ། རི་ལ་འཇུག་པར་བྱེད་པ་དང ། ཁོར་ཡུག་རྒྱུ་བ་དང ། སཱ་རཱ་དང ། ཁྱིམ་བྱ་དང ། བ་ར་སྟུ་རཱ་དང ། བ་ར་ཌཱཿ དང་།ཟེའུ་འབྲུ་ལུས་ལ་གྱོན་ནས་པད་མའི་ནང་ན་གནས་པ་དང ། ུད་པ་ལ་སྔོན་པོ་གྲོལ་བར་གྱུར་པའི་མགྲིན་པ་ དང ། ཀོ་ཡཥྚི་ཀཱཿ དང ། བྱེའུ་ནག་མོ་དང ། བྷྲྀངྒའི་སྐེ་དང ། བཉྫུ་ལ་ཀཱཿ དང ། ཆུ་ལ་དགའ་དང ། རྟག་ཏུ་དགའ་བའི་སྒྲ་སྒྲོགས་པ་དང་པི་ཝང་དང་འདྲ་བའི་སྒྲ་དང ། སྤྲིན་ལ་དགའ་བ་དང ། དཔུང་འགྱེད་པ་ལ་དགའ་བ་དང ། ཟིལ་པའི་ཐིགས་པ་དང ། འདབ་མའི་མཐའ་ན་ གནས་པ་དང་རྣམས་ཏེ། དེ་དག་དང་གཞན་དག་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་རྣམས་ཏེ་མཐོང་ན་ཡིད་ཀྱི་རྗེས་སུ་འཐུན་པའི་སྒྲ་འདོན་པར་བྱེད་པ། དགའ་བར་གྱུར་པའི་བྱ་ཁྲོ་བ་དང་རྣམ་པར་བྲལ་བ་རྣམས་བྱ་ངེས་པར་གནས་པའི་ནགས་ལ་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་ རྣམས་དང་རྟག་པར་ལྷན་ཅིག་ཏུ་རབ་ཏུ་དགའ་བར་གྱུར་པས་རྩེ་དགའ་བར་བྱེད་དོ། །བྱ་ངེས་པར་གནས་པའི་ནགས་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ 71-1-197a ལ་རྗེས་སུ་ལྟ་ཞིང་གནས་ཏེ། སཾ་ཀཱ་ཤའི་རི་བོ་ལ་ནགས་གཞན་གསུམ་པ་གང་ཡོད་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། གསུམ་པ་ནི་ཟབ་མོ་ཞེས་བྱ་བའི་ནགས་ཡོད་དེ། ལྗོན་ཤིང་ཕན་ཚུན་གྱི་ཉེ་འཁོར་རྣམས་ན་ ལྗོན་ཤིང་མཐུག་པོའི་གྲིབ་མ་རྣམས་ཀྱིས་མངོན་པར་ཁྱབ་པར་གྱུར་པ་ཡིན་ནོ། །དེ་ལ་ཡང་དྲོ་བ་དང་བསིལ་བའི་གྲིབ་མ་རྣམས་ཡིན་པས་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་སྐྱེད་མོས་ཚལ་དུ་དགའ་བ་རྣམས་ཉིད་ཤིང་གི་གསེབ་ན་རྩེ་དགའ་བར་བྱེད་དོ། །དེ་ལ་ཤིང་གི་ཚོགས་འདི་དག་ རྣམས་ཡོད་པ་ཡིན་ཏེ། འདི་ལྟ་སྟེ། ཏི་ལ་ཀཱ་དང ། ཀླུའི་མེ་ཏོག་དང ། ེ་དྷཤལྤལ་དང ། ཀོ་བི་དཱ་རཱ་དང ། སཱལླཱལ་དང ། འདོད་པར་དགའ་བ་རྣམས་དང ། བྱ་ངལ་སོ་བ་དང ། སཱ་ལཱཿ དང ། ཏཱ་ལཱ་དང ། ཤཱ་མཱ་དང ། ནི་ངྐའི་རྣམ་པ་དང ། ་མྲ་དང ། ཀ་ར་བཱིར་ཀཱཿ དང ། ཤི་ལིནྡྷཱཿ དང ། བ་ཀུ་ལཱཿ དང ། དྲིས་རངས་པ་དང ། མ་དྷོ་མ་དྡྷཱ་མཱ་དང ། ཧིནྟཱ་ལཿ དང ། ཏ་མཱ་ལཱཿ དང ། ཀོ་ལ་ཀཱཿ དང ། སིནྡྷུ་ཙཱ་རཱ་དང ། ན་ཀུ་མཱ་ལཱཿ དང ། མཚུངས་པ་དང ། ཟླ་བ་འཁོར་བ་དང ། གཟའ་རྒྱུ་བ་དང ། རྟག་ཏུ་མེ་ཏོག་རྒྱས་པ་དང ། ནི་ཙུ་ལུནྡྷཿ དང ། མུ་ཀུ་ལུནྡྷཿ དང ། ་ཤཝངྒྲདང ། ཀིཾ་ཤུ་ ཀཱཿ དང ། སྔོ་བསངས་ཀྱི་སེམས་དང ། ཀ་པིཏྠཱཿ དང ། པི་ཝཱ་དང ། ནཱ་ཌིཀེ་རཱཿ དང། པ་ན་སཱཿ དང ། མོ་ཙཱ་དང ། སྲིད་སྒྲུབ་དང ། ཀ་དཾ་བཱཿ དང ། སྔོན་པོ་དང ། ལྷ་ཤིང་དང ། རུ་ཛཱ་ཡཱ་ནའི་འདབ་མ་དང ། ཆུ་སྐྱེས་དང ། མནྡཱ་རཱཿ དང ། པདྨ་ཀུ་ཤེ་ཤ་ཡཱཿ དང ། ནི་ལཝ་ལཱ་དང ། གངས་ ཀྱི་མདོག་དང ། དངུལ་གྱི་མདོག་དང ། བཻཌཱུརྱའི་འདབ་མ་དང ། རྩེ་མོ་ངལ་བསོ་དང ། ཡུལ་དུ་འཕོ་བ་དང ། སྙོམས་པར་གནས་པ་ཀླུང་དུ་སྐྱེས་པ་དང ། ཀཱ་ཤཱ་བ་ཀཱ་ཤི་རཱཿ དང ། ཕན་ཚུན་དུ་མཐུག་པ་དང ། སྣུམ་པ་དང ། ཕྲག་པར་སྐྱེས་པ་དང ། ་བྲ་ཎའི་མེ་ཏོག་དང ། ུཏྐུལི་ ནཿ དང ། སཾ་ཤཱཊ་ཀཱ་དང ། བྱི་རུའི་ཤིང་དང་གུར་ཀུམ་གྱི་སྙིང་པོ་དང ། ཉེ་བར་བསླད་པ་དང ། རྗེས་སུ་བཙུགས་པའི་སྐྱེས་པ་དང ། དུ་བའི་མདོག་དང ། མར་མེའི་འོད་དང ། རླུང་གིས་ཤིན་ཏུ་བསྒུལ་བ་དང ། ཆུ་ཤིང་དང ། ཀཽ་ཀི་ལཱཿ མྱོས་པ་དང ། མེ་ཏོག་གི་རྡུལ་མ་གྱོན་པ་དང ། མིག་དང་བཅས་ 71-1-197b པ་བཙུམས་པ་དང ། ཆ་ཤས་སུ་ཕྱེ་བའི་ཆ་དང ། འབྲས་ཆན་དང་འདྲ་བ་དང ། ུད་དྲུ་མ་འཁྲུལ་བ་དང ། བུང་བ་འཁོར་བ་དང ། རྩེ་མོ་འགུལ་བ་དང ། རླུང་གིས་ངལ་བ་དང ། མྱ་ངན་མེད་པ་དང ། མིག་དགའ་བ་དང་དེ་དག་རྣམས་ཡིན་ནོ། །དེ་དག་ནི་ཇི་ལྟར་ཤིང་གི་རིགས་ཀྱི་གཙོ་བོར་གྱུར་པ་དྲུག་ཅུ་ཡིན་ ཏེ། གང་མ་བགྲངས་པའི་ཤིང་གི་རིགས་སུ་གྱུར་པ་བར་མ་དང་ཐ་མ་རྣམས་ནི་མ་གཏོགས་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་ཟབ་མོ་ན་རབ་ཏུ་ཕལ་ཆེ་བར་གྱུར་པའི་འབབ་ཆུ་དང ། མེ་ཏོག་དང ། འབྲས་བུ་དང་བཅས་པས་དགའ་བ་ཡིན་ཏེ། བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་འཇིགས་པ་དང་ནད་དང་ གཞན་གྱི་དབང་དུ་གྱུར་པ་རྣམས་རྣམ་པར་བྲལ་བ་དང ། རིམས་ནད་མེད་པ་དང ། ཕན་ཚུན་དུ་ཕྲག་དོག་དང་འཐབ་རྩོད་ཀྱི་འཇིགས་པ་རྣམས་མེད་པར་གྱུར་ནས་རྩེ་དགའ་བར་བྱེད་དོ། །དེ་ལྟར་སཾ་ཀཱ་ཤའི་རི་ཟབ་མོའི་ནགས་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་ རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་གི་རི་དང་པོ་སཾ་ཀཱ་ཤའི་ནགས་བཞི་པ་ལ་གཞན་བསིལ་བའི་ཆུ་ཅི་ཡོད། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བསིལ་ བའི་ཆུའི་ཆུ་ཀླུང་ཆུ་རྣམས་ནི་རབ་ཏུ་ཕལ་ཆེ་བ་ཡོད་ལ། ཇི་སྐད་དུ་བརྗོད་པའི་ལྗོན་ཤིང་དང ། མེ་ཏོག་དང་འབྲས་བུ་རྣམས་ཀྱང་ཕུན་སུམ་ཚོགས་པ་ཡིན་ནོ། །ཆུ་ཀླུང་ཡོད་པ་རྣམས་ནི་འདི་ལྟ་སྟེ། བསིལ་བའི་ཆུ་ནི་རྒྱར་དཔག་ཚད་དུ་གྱུར་པའོ། །ཆུ་ཀླུང་ཟབ་མོའི་ཆུ་དང ། རབ་ཏུ་དང་བའི་ཆུ་དང ། གཙང་བའི་ཆུ་དང ། འོ་མའི་ཆུ་དང ། རྒུན་འབྲུའི་ཆུ་དང ། ཟླ་བ་རྒྱུ་བ་དང ། འོ་ཐུག་གི་འདམ་དང ། གྲམ་སག་གི་ཆུ་དང ། ངང་ངུར་གྱིས་གང་བ་དང ། ངང་པ་ཀུན་དུ་སྒྲ་འབྱིན་པ་དང ། དབྱངས་སྙན་པ་དང ། མེ་ཏོག་རྒྱུ་བ་དང ། སེམས་འགྲོ་བ་དང ། འུ་རུ་རུའི་སྒྲས་འབབ་པ་དང ། རླབས་འབྱུང་ བ་དང ། བདེ་བའི་ཆུ་དང ། ཀ་དམྦ་འཁོད་པ་ཉིད་དང ། ནོར་བུའི་མཆུ་ཅན་རྣམས་ཀྱིས་འཛིན་པ་དང ། ཆུ་སྲིན་ཀཱུརྨ་མང་བ་ཉིད་དང ། ཉ་རོ་ཧི་འཁོར་བ་དང་རུས་སྦལ་གྱིས་གང་བ་དང ། ཆུ་སྲིན་ན་ཀྲས་བསྐོར་བ་དང ། ཡིད་བདེ་བར་འབབ་པ་དང ། དབུ་བའི་ཕྲེང་བ་དང ། རབ་ཏུ་དགའ་བར་གྱུར་ 71-1-198a པའི་ཆུ་དང་རླུང་མཚུངས་པ་དང ། ཆར་དང་ཆར་གྱི་རྗེས་སུ་འབྱུང་བའི་ཆུ་ཀླུང་དང ། དབྱངས་ཅན་གྱི་མདོག་ཏུ་འབབ་པ་དང ། དུས་སུ་འབབ་པ་དང ། རིང་པ་དང ། རྩེ་མོའི་དང ། གསེར་གྱི་ཆུ་དང ། དངུལ་གྱི་མདོག་དང ། མུ་ཏིག་གི་བྱེ་མ་དང་ལྡན་པ་དང ། རི་བོ་ལ་རྒྱུ་བ་དང ། སྤྲིན་འཁོར་བ་དང ། མུ་ས་ར་གལྦ་རྒྱན་དུ་བྱས་པ་དང ། བི་དྲུ་མའི་ཤིང་དང་ལྡན་པ་དང ། དཔྱིད་དགའ་བ་དང ། དབྱར་སྤྲིན་རབ་ཏུ་དང་བའི་ཆུ་འབབ་པ་དང ། རྩེ་མོ་ལ་འཇུག་པར་དགའ་བ་དང ། གངས་ཡོད་པ་དང ། ཉི་མ་ཤར་བར་གྱུར་པས་མི་རེག་པ་དང ། མྱུར་བའི་ཆུ་དང ། རླབས་རབ་ཏུ་འཇུག་པ་དང ། ་ཌུ་བཱ་དང ། ཙུ་ལུནྡ་འབབ་པ་དང ། དྲིའི་ཆུ་དང ། ཀེ་ཏ་ཀའི་དྲིས་བསྒོས་པ་དང ། དབྱར་དགའ་བ་དང ། དྷུ་ན་དྷུ་མཱ་རཱ་དང ། ཉེ་འཁོར་ན་ཁྱབ་པ་དང ། དཔག་ཏུ་མེད་པ་འབབ་པ་དང ། རྒྱབ་ནས་ཀླུང་ཀུན་དུ་གང་བར་རབ་ཏུ་འབབ་པ་དང ། དམའ་བའི་ཆུ་དང ། དགའ་བས་འཇུག་པ་དང ། སྔོན་གྱི་ དུ་བའི་སྟོབས་དང ། སྤྲིན་གྱི་འགྲོས་དང ། དྲི་ཟའི་དབྱངས་ཅན་དང ། རྔའི་སྒྲའི་དབྱངས་ཅན་དང ། སྐད་ཀྱི་དབྱངས་ཅན་དང ། ཀླུའི་བུ་མོ་མངོན་པར་དགའ་བ་དང ། གསང་བ་རྩེ་དགའ་བ་དང ། རིག་པ་འཛིན་པ་རྩེ་དགའ་བས་གནས་པ་དང་རྣམས་ཡིན་ནོ། །དེ་དག་ནི་རི་སཾ་ཀཱ་ཤའི་ནགས་བཞི་པ་ སྤྲིན་དཀར་པོ་ལ་ཇི་ལྟར་འབབ་ཆུའི་གཙོ་བོར་གྱུར་པ་བདུན་ཅུ་ཡིན་པར་རབ་ཏུ་བརྗོད་པ་ཡིན་ནོ། །བར་མ་ཐ་མའི་ཆུ་ཀླུང་རྣམས་ནི་མ་གཏོགས་པ་ཡིན་ནོ། །གཞལ་དུ་མེད་པ་དགའ་བར་གྱུར་པའི་ཤིང་དང ། མེ་ཏོག་དང ། བྱ་རྣམས་ཀྱི་ཡོན་ཏན་གྱིས་བླ་ན་མེད་པར་གྱུར་པའི་བསིལ་བའི་ཆུའི་ ནགས་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སཾ་ཀཱ་ཤའི་ རི་ལ་བི་ཤྲཱ་མཾ་ཞེས་བྱ་བའི་ནགས་ལྔ་པ་ཡོད་པ་ཡིན་ཏེ། གང་ལ་ཀླུ་མི་བཟད་པ་འདི་དག་རྩེ་དགའ་བར་བྱེད་པའོ། །འདི་ལྟ་སྟེ། ཁྲོ་བ་བྲལ་བ་དང ། བཱ་སུ་ཀི་དང ། སྟཥྐ་ཀོ་དང ། མཆེ་བའི་དུག་དང ། གློག་གི་ཕྲེང་བ་དང ། སྤྲིན་གྱི་ཉེ་འཁོར་ཆོས་ལ་དབང་བ་དང ། རྣམ་པ་དེ་ལྟ་བུའི་ཀླུ་ 71-1-198b སྟོང་ཕྲག་བདུན་རྩེ་དགའ་བར་བྱེད་དོ། །བྱང་ཕྱོགས་སྒྲ་མི་སྙན་གྱི་ཉེ་འཁོར་རྣམས་སུ་ཆོས་ཀྱི་ཆར་པ་འབེབས་པར་བྱེད་དོ། །ཇི་ལྟར་ས་གཞི་དང་ནམ་མཁའི་ཉེ་འཁོར་རྣམས་ཀྱང་ཤིན་ཏུ་བྱང་ཕྱོགས་སྒྲ་མི་སྙན་པའི་འཇིག་རྟེན་པ་རྣམས་དང་འདྲ་བ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་ པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཅི་སཾ་ཀ་ཤཱའི་རིའི་ནགས་རྣམས་ནི་ཇི་སྐད་དུ་སྔར་བསྟན་པ་བཞིན་དུ་གྱུར་པ་ཡིན་ལ་ལྗོན་ཤིང་རེ་རེ་ལོ་མར་གྱུར་པ་རྣམས་དང ། མེ་ཏོག་ཏུ་གྱུར་པ་རྣམས་དང ། འབྲས་བུར་གྱུར་པ་རྣམས་དང ། ཆུ་ཀླུང་དུ་གྱུར་པ་རྣམས་དང ། རྡོའི་གསེབ་ཏུ་ གྱུར་པ་རྣམས་དང ། ས་ཕྱོགས་ཀྱི་ཆར་གྱུར་པ་རྣམས་དང ། རྩཝའི་གསེབ་ཏུ་གྱུར་པ་རྣམས་དང ། རིའི་ཁྲད་ཁྲོད་དང་ཁོང་གསེང་དུ་གྱུར་པ་རྣམས་དང ། འབབ་ཆུར་གྱུར་པ་ལ་ཡང་རུང་སྟེ། ཁབ་ཀྱིས་ཕུག་པའི་བར་ཙམ་གང་དག་ལ་ཡང་སེམས་ཅན་ཐམས་ཅད་ལན་བརྒྱ་དང ། གལ་ཏེ་ན་ ལན་བརྒྱ་སྟོང་དུ་ཡང་མ་སྐྱེས་པ་དང ། མ་ཤི་བ་དང ། འཆི་མ་འཕོས་པ་དང ། མ་སྐྱེས་པར་མ་གྱུར་པའམ། ཡིད་དུ་འོང་བ་རྣམས་ཐམས་ཅད་དང་ཐ་དད་དུ་མ་གྱུར་པ་དང ། རྣམ་པར་གྱེས་པར་མ་གྱུར་པ་དང ། རྣམ་པར་བྲལ་བར་མ་གྱུར་པ་དང ། གཞན་དུ་མ་གྱུར་པའམ། དགྲར་གྱུར་པའི་ལུས་འདི་ ལན་བརྒྱ་དང ། དེ་ནས་ལན་སྟོང་དུ་དང ། ལན་བརྒྱ་སྟོང་དུ་ཡང་སྐྱེས་པར་མ་གྱུར་པ་ནི་མེད་དོ། །གང་ལ་སེམས་ཅན་རྣམས་ཐམས་ཅད་ཀྱང་ཤི་བ་དང་སྐྱེས་པར་མ་གྱུར་པ་དེ་ནི་ཁབ་ཀྱི་བུག་པ་ཙམ་ཡང་གོ་སྐབས་མ་མཐོང་ངོ ། །དེས་སཾ་ཀཱ་ཤའི་རི་ལ་སོ་སོར་བརྟགས་པར་གྱུར་ པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་དགའ་བར་གྱུར་པའི་རིའི་རིགས་གཞན་ཡོད་དམ་ཞེ་ན། གཞན་ཡང་རྣལ་འབྱོར་སྤྱོད་པ་ པས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་མཆོག་ཏུ་དགའ་བར་གྱུར་པའི་ལྷ་རྣམས་ཀྱི་དགའ་བའི་ཚལ་དང་འདྲ་བར་རཝ་མཉམ་པ་ཞེས་བྱ་བའི་རི་གཞན་ཡོད་དོ། །དེའི་ལྗོན་ཤིང་དང ། འབྲས་བུ་དང ། ཆུ་ཀླུང་དང ། རིའི་ཕུག་ 71-1-199a རྣམས་ཀྱི་དགའ་བ་ནི་རྒྱས་པར་སྔར་སཾ་ཀཱ་ཤ་ལ་ཇི་སྐད་བཤད་པ་བཞིན་ནོ། །དགའ་བར་གྱུར་པའི་དུས་ཀྱི་ཁྱད་པར་རྣམས་སོ་སོར་བྱེ་བྲག་ཏུ་བྱ་སྟེ། རཝ་མཉམ་པར་གྱུར་པའི་རི་གང་ལ་རཝ་བརྒྱ་ཕྲག་གསུམ་ནི་གསེར་གྱི་ཡིན་ཏེ། མཚུངས་པ་མེད་པ་ཡིན་ནོ། །འོད་ཟེར་རྣམས་ ཉི་མ་གཉིས་པ་བཞིན་དུ་གསལ་ལོ། །རཝ་བརྒྱ་ཕྲག་ལྔ་ནི་དངུལ་གྱི་རང་བཞིན་ཡིན་ཏེ། གང་ལ་དངུལ་གྱི་རང་བཞིན་དུ་གྱུར་པ་ནི་གང་སྔར་བཤད་པ་རྣམས་བཞིན་ནོ། །ཡོན་ཏན་རྣམས་ཐམས་ཅད་ལ་ཡང་ཁྱབ་པར་ཡོད་དེ། རཝ་མཉམ་པའི་རི་དེའི་ཉེ་འཁོར་རྣམས་ན་ཡང་བྱང་ཕྱོགས་སྒྲ་མི་ སྙན་པའི་སྐྱེས་བུ་རྣམས་ཟླ་བ་རྒྱས་པའི་འོད་དང་འདྲ་བ་ཡིན་ནོ། །དེ་དག་རྣམས་ནི་འཇིགས་པ་དང་བྲལ་བ་ཞེས་བྱ་བའི་མིང་དང་ལྡན་པ་ཡིན་ནོ། །འཇིགས་པ་དང་བྲལ་བའི་སྐྱེས་བུ་རྣམས་རཝ་མཉམ་པའི་རི་ལ་ནི་ཇི་ལྟར་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དགའ་བའི་ཚལ་ན་དབྱར་ཟླ་བ་བཞིར་ ལྷ་རྫས་ཀྱི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་ཚིམ་པ་ཡང་དག་པར་ལྡན་པར་གྱུར་པ་ལ་རྩེ་དགའ་བར་བྱེད་པ་དེ་བཞིན་དུ་མངོན་པར་རྩེ་དགའ་བར་བྱེད་དོ། །དེ་ལྟ་ན་ཡང་འཇིགས་པ་དང་བྲལ་བའི་སྐྱེས་བུ་རྣམས་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་སོ་སོའི་ཁྱད་པར་གང་དག་ཡིན་ཞེ་ན། ལྷ་རྣམས་ནི་ ཤ་དང ། རུས་པ་དང ། ཆུ་སེར་དང་བྲལ་བ་ཡིན་ལ། འཇིགས་པ་དང་མ་བྲལ་བའི་སྐྱེས་བུ་རྣམས་ནི་ཤ་དང ། རུས་པ་དང ། ཆུ་སེར་དང་མ་བྲལ་བར་ཡོད་པ་ཡིན་ནོ། །ལྷ་རྣམས་དང་འཇིགས་པ་བྲལ་བའི་སྐྱེས་བུ་རྣམས་ཀྱི་ཁྱད་པར་ནི་དེ་ལྟར་ཡིན་ནོ། །སྐྱེས་བུ་འཇིགས་པ་དང་བྲལ་བ་ རྣམས་ནི་བདག་འཛིན་མེད་པ་དང ། ང་རྒྱལ་མེད་པ་དང ། ངེས་པར་གོང་དུ་འགྲོ་བར་འགྱུར་བ་ཡིན་ནོ། །ལྷ་རྣམས་ནི་དེ་ལྟར་ཡང་མ་ཡིན་ནོ། །ཡང་འཇིགས་པ་དང་བྲལ་བའི་སྐྱེས་བུ་རྣམས་དང་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་སོ་སོའི་ཁྱད་པར་གང་དག་ཡིན་ན། རཝ་མཉམ་པའི་རིའི་ ཉེ་འཁོར་རྣམས་ན་དཔག་བསམ་གྱི་ཤིང་ཉི་མ་གཉིས་པ་ལྟར་རབ་ཏུ་གསལ་བར་བྱེད་དོ། །གང་དང་གང་དག་འཇིགས་པ་དང་བྲལ་བའི་སྐྱེས་བུ་རྣམས་ཀྱིས་སེམས་ཀྱིས་བསམས་པར་གྱུར་པ་དེ་དག་རྣམས་ལྗོན་ཤིང་དེ་རྣམས་ལས་འབྱུང་བར་འགྱུར་རོ། །ཐག་པས་བཏགས་པའམ། ནོར་བུའི་རིགས་ 71-1-199b རྣམས་སམ། རྒྱན་གྱི་རིགས་རྣམས་དང ། ཟས་དང་སྐོམ་གྱི་ཆུ་བོ་ཡང་བརྒྱ་ཕྲག་དང ། དེ་ནས་སྟོང་ཕྲག་ཀྱང་འབབ་བོ། །ཇི་སྐད་དུ་བཤད་པར་གྱུར་པའི་བྱ་རྒྱགས་པ་རྣམས་ཀྱང་རྩེ་དགའ་བར་བྱེད་དོ། །གསེར་གྱི་ལོ་མ་རྣམས་ཀྱིས་བརྒྱན་པར་གྱུར་པ་དང ། བཻཌཱུརྱ་སྔོན་པོ་རྣམས་ཀྱི་པད་ མའི་རྫིང་བུ་མང་པོ་བརྒྱ་ཕྲག་དང ། ཅི་སྟེ་ན་སྟོང་ཕྲག་རྣམས་ལ་ངང་པ་དང་ཀ་རཎྜ་བ་རྣམས་ཀྱིས་གང་བ། ཙཀྲ་བ་ཀ་རྗེས་སུ་རྒྱུ་བ་དང ། རི་དགས་ཀྱི་ཚོགས་རྣམས་རྗེས་སུ་བརྟེན་པར་གྱུར་པ་ནི་གསེར་གྱི་རི་དགས་རྣམས་བྱི་རུའི་རང་བཞིན་གྱི་རཝ་དང ། མུ་ས་རའི་མིག་དང ། རཱ་ཛ་པཊྚའི་རྨིག་པ་ སྟེ། རི་དགས་ཀྱི་རིགས་གཞན་རྣམས་ཀྱིས་ཀྱང་རྗེས་སུ་རྒྱུ་བར་བྱེད་པ་ཡིན་ནོ། །རི་དེའི་ཉེ་འཁོར་རྣམས་ན་མུ་ཏིག་གི་དྲ་བས་སྦྲེལ་བར་གྱུར་པའི་འཁྲི་ཤིང་གི་ཚོགས་ཕན་ཚུན་དུ་འཁྲིལ་བས་གཡོགས་པ་དང ། རཝ་མཉམ་པའི་རི་དེ་ལ་ཀོ་ཀི་ལ་དང ། རྨ་བྱ་དང ། ངང་པ་དང་རྣམས་སྒྲ་ འབྱིན་པར་བྱེད་པ་དང ། རི་འདི་ལ་འབབ་ཆུ་སྟོང་ཕྲག་བརྒྱས་ཀྱང་ཀུན་ཏུ་གང་བ་དང ། འདི་ལ་ཆུ་ཀླུང་དུ་མ་རྣམས་དང་ཤིང་ཀླུང་དུ་སྐྱེས་པ་རྣམས་ཀྱིས་གང་བར་གྱུར་པ་ཡིན་ཏེ། ཉེ་འཁོར་རྣམས་ན་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཡིན་ནོ། །དེས་བྱང་ཕྱོགས་སྒྲ་མི་སྙན་པའི་རི་བོ་གཉིས་ པ་རཝ་མཉམ་པ་ལ་ཀུན་ཏུ་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་སོ་སོར་རྟོགས་སོ། །ཆུ་ཀླུང་གང་དང་གང་དག་འབབ་པར་གྱུར་པ་དེ་དག་རྣམས་ནི་མཚུངས་པར་ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་ཡིན་ནོ། །འདི་ལྟ་སྟེ། རོ་ཕུན་སུམ་ཚོགས་པ་དང ། རབ་ཏུ་དང་བ་དང ། དྲི་ཞིམ་པ་དང ། སྐོམ་པ་སེལ་བར་བྱེད་པ་དང ། བསིལ་བར་གྱུར་པ་དང ། འཐུངས་པར་གྱུར་པ་ན་ལུས་ན་བར་མི་བྱེད་པ་དང་།ཆུ་བལ་གྱིས་མི་གཙང་བར་མ་བྱས་པ་དང ། ཆུ་སྲིན་མ་ཀ་རས་མ་རེག་པ་དང ། དེ་འཐུངས་པས་ལུས་ཚིམ་པར་བྱེད་པ་དང་རྣམས་སོ། །ནད་ཀྱང་སྐྱེད་པར་ མི་བྱེད་དོ། །མཚོ་རྣམས་ཀྱང་རྣམ་པ་དུ་མ་ཡོད་དོ། །འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ས་ནུ་དང ། བྱེ་མས་མ་བཅོམ་པ་དང ། ཤིང་ལྔ་པ་དང ། ཀཱ་རཎྜ་བའི་ཀླུང་དང ། ངང་པའི་ཆུ་དང ། ཀ་དམྦའི་བྱ་རྣམས་ཀྱིས་བཅོམ་པ་དང ། བྱ་བརྒྱ་ཕྲག་གིས་ཀུན་ཏུ་གང་བ་དང ། ཆེན་པོ་རབ་ 71-1-200a ཏུ་འབབ་པ་དང ། པད་མས་བཀབ་པར་གྱུར་པ་དང ། འོད་མ་སྐྱེས་པ་དང ། ཤིང་གིས་གཡོགས་པ་དང ། ཟབ་མོ་དང་ཟླ་བ་དགའ་བ་དང ། རྟག་ཏུ་ཟླ་བ་དང་འདྲེས་པའི་ཆུ་དང ། རླབས་འཁོར་བར་གྱུར་པ་དང ། འོད་མས་ཁྱབ་པར་གྱུར་པ་དང ། རིག་པ་འཛིན་པ་དགའ་ བ་དང ། ཤེལ་འཁོར་བར་བྱེད་པ་དང ། རླབས་གཡོ་བ་དང ། ཆུ་བརྟན་པ་དང ། ཉ་འཁོར་བ་དང ། ཉ་དང་ཀུན་ཏུ་འབྲེལ་པ་དང ། རྩེ་མོའི་གསེབ་དང ། ཁྲུས་ཀྱི་རྫིང་བུའི་ཕྲེང་བ་དང ། རླབས་རབ་ཏུ་འཇུག་པ་དང ། གཙང་བའི་ཆུ་དང ། ཟླ་བའི་ལུས་དང ། དཀྱིལ་འཁོར་དང ། དྲི་ མ་མེད་པ་དང ། འོད་མའི་ཆུ་དང ། རྫིང་བུའི་ཕྲེང་བ་དང ། རྔུལ་བ་ངལ་སོ་བ་དང ། ཟླ་བ་དགའ་བ་དང ། ཤེལ་འཇུག་པ་དང ། རླབས་གཡོ་བ་དང ། ཆུ་བརྟན་པ་དང ། རྟག་པའི་ཆུ་དང ། ལྷ་དགའ་བ་དང ། དགའ་བའི་ཆུ་དང ། རོ་བཟང་པོ་དང ། ཇི་ལྟར་འདོད་པའི་རོ་དང ། ལོངས་སྤྱོད་དུ་གྱུར་པ་དང ། ཀཽ་ཊུབྷཿ དང ། བདུད་རྩི་འབབ་པ་དང ། མཚོའི་མཆོག་དང ། ཀླུའི་བེ་རུཿ དང ། མཛེས་པ་དང ། རྫུ་ནཿ དང་ཞེས་བྱ་བ་སྟེ། དེ་དག་རྣམས་ནི་མཚོ་བཞི་བཅུ་རྩ་བདུན་ཡིན་ནོ། །རིའི་མཆོག་ཏུ་གྱུར་པ་རཝ་མཉམ་པ་འདི་དག་ཐམས་ཅད་ཀྱང་ཡོན་ཏན་ བརྒྱད་པའི་ཆུ་སྔར་ཇི་སྐད་བཤད་པ་བཞིན་ནོ། །རཝ་མཉམ་པའི་རི་ཡང་མཐོ་བར་གྱུར་པ་ནི་ནམ་མཁའ་འབིགས་པ་བཞིན་དུ་གནས་པ་ཡིན་ནོ། །ནགས་རྣམས་ཀྱང་ཡོན་ཏན་དེ་དག་རྣམས་ཐམས་ཅད་དང་ལྡན་པར་གྱུར་པ་ཡིན་ཏེ། འདི་ལྟར་རྔུལ་བས་རེག་པའི་ནགས་དང་ཟླ་བའི་མདོག་ དང་དངུལ་གྱི་ལྗོན་ཤིང་ནི་དངུལ་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱིས་བསྐོར་བ་དཔག་ཚད་བརྒྱ་ཡིན་ནོ། །ནོར་བུའི་འོད་ཀྱི་མདོག་དང ། ནགས་དེའི་ཉེ་འཁོར་ན་མཐོ་བར་གྱུར་པ་རྣམས་ནི་ནགས་དེ་ལ་ཡང་པད་མའི་རྫིང་བུ་འདི་དག་རྣམས་ཡིན་ནོ། །འདི་ལྟ་སྟེ། ཆུ་བལ་དང ། རྣམ་པར་ བྲལ་བ་དང ། བུང་བས་ཁྱབ་པ་དང ། དུང་གི་མདོག་དང ། རྟག་པའི་ཆུ་དང ། རྣམ་པར་མཐོང་བས་དགའ་བ་དང ། ཀཱ་དམྦའི་ཆུ་དང ། ངང་པའི་གཤོག་པས་བཅོམ་པ་དང ། རབ་ཏུ་རྩེ་བར་བྱེད་པ་དང ། སྐྱེ་བོ་རྣམས་མངོན་པར་དགའ་བ་དང ། མགོ་བོ་མཐོང་བ་དང ། བག་མེད་པ་ 71-1-200b རྣམས་རྩེ་བ་དང ། རྟག་ཏུ་མངོན་པར་དགའ་བ་དང ། རྟག་ཏུ་པད་མ་རབ་ཏུ་དགའ་བ་དང ། ཆུ་ལ་སྤྱོད་པའི་ས་གཞི་དང་དེ་དག་རྣམས་ནི་ཇི་ལྟར་པད་མའི་རྫིང་བུའི་གཙོ་བོར་གྱུར་པ་བཅུ་དྲུག་ཡིན་ཏེ། གང་དག་གི་མིང་རྣམས་ཀྱང་ཤེས་པར་མི་འགྱུར་བའི་བར་མ་དང་ཐ་མར་གྱུར་པ་བརྒྱ་ ཕྲག་རྣམས་དང་དེ་ནས་སྟོང་ཕྲག་རྣམས་ནི་མ་གཏོགས་སོ། །ཐམས་ཅད་ཀྱང་འདམ་བག་མེད་པ་དང ། ཆུ་བལ་གྱིས་ཉེ་བར་མ་བཅོམ་པ་དང ། ངང་པ་དང ། ཀཱ་རཎྜ་བ་དང ། ངང་ངུར་རྣམས་སྒྲ་འདོན་པར་བྱེད་པ་ཡིན་ནོ། །རྟག་ཏུ་དགའ་སྟོན་གྱི་ཉི་མར་གྱུར་པ་བྱང་ཕྱོགས་སྒྲ་ མི་སྙན་པའི་སྐྱེས་བུ་རྣམས་བྱ་རྟག་ཏུ་མྱོས་པ་དང ། ཤང་ཤང་ཏེའུ་དང ། བྱ་བྷྲིང་ག་ར་ཛ་དང ། རྨ་བྱ་རྣམས་ནགས་དང་ཉེ་བའི་ནགས་རྣམས་ན་སྒྲ་འདོན་པར་བྱེད་པ་ནི་རཝ་མཉམ་པའི་རི་ཡིན་ནོ། །རཝ་མཉམ་པའི་རི་ལ་སོ་སོར་བརྟགས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ གྱི་ལུས་སོ་སོར་རིག་པར་བྱེད་དོ། །གཞན་ཡང་འཕགས་པའི་བདེན་པ་བཞི་ལ་ལྷག་པར་མོས་པར་གྱུར་པའི་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རཝ་མཉམ་པའི་རི་ལ་རྟག་པའམ། བརྟན་པའམ། བདེ་བའམ། བདག་དང་བཅས་པའམ། སྟོང་ པ་མ་ཡིན་པའི་གནས་དག་ཡོད་དམ་ཞེ་ན་སྔར་བཞིན་ནོ། །གང་ལ་ཡང་འཁོར་བར་རྟོགས་པར་གྱུར་པའི་སེམས་ཅན་རྣམས་ཐམས་ཅད་ཀྱང་མ་སྐྱེས་པ་དང ། མ་ཤི་བ་དང ། རྒས་པར་མ་གྱུར་པའམ། འཐུན་པ་དང་ཡིད་དུ་འོང་བ་རྣམས་ཐམས་ཅད་ཀྱང་ཐ་དད་དུ་གྱུར་པ་དང ། རྣམ་ པར་གྱེས་པ་དང ། རྣམ་པར་བྲལ་བ་དང ། སླུ་བ་དང ། ཀུན་ཏུ་ལྡན་པར་མ་གྱུར་པ་རྣམས་ནི་རྣལ་འབྱོར་སྤྱོད་པ་དེས་རཝ་མཉམ་པའི་རི་དེ་ལ་གནས་གཅིག་ཀྱང་མ་མཐོང་ངོ ། །གང་དག་རྟག་པའམ། བརྟན་པའམ། བདེ་བའམ། བདག་དང་བཅས་པར་གྱུར་པའམ། སྟོང་པ་མ་ ཡིན་པ་དང ། གང་ལ་སེམས་ཅན་རྣམས་ཐམས་ཅད་ཀྱང་མ་སྐྱེས་པ་དང ། མ་རྒས་པ་དང ། མ་ཤི་བ་ཡང་མེད་དེ། འཐུན་པར་ཡིད་དུ་འོང་བར་གྱུར་པ་རྣམས་ནི་ཐམས་ཅད་ཀྱང་མེད་པར་འགྱུར་བ་དང ། ཐ་དད་དུ་འགྱུར་བ་དང ། འབྲལ་བར་འགྱུར་བ་དང ། སླུ་བར་འགྱུར་བ་ 71-1-201a དང་ཀུན་ཏུ་ལྡན་པར་འགྱུར་བ་ཡིན་ནོ། །རབ་ཏུ་ལྡན་པར་གྱུར་པ་ཡིན་པ་ཉིད་ཀྱི་ཕྱིར་འཁོར་བ་འདི་ཐམས་ཅད་ནི་མི་རྟག་པ་ཡིན་ནོ། །དེ་ལྟར་མི་རྟག་པར་གྱུར་པའི་གནས་རྣམས་ཐམས་ཅད་གང་ལ་ཡང་སེམས་ཅན་རྣམས་ཐམས་ཅད་ཀྱང་མ་སྐྱེས་པ་དང ། མ་ཤི་བ་དང ། སྐྱེས་པར་མ་གྱུར་པ་ནི་ཁབ་ཀྱིས་ཕུག་པ་ཙམ་གྱི་ཡུལ་ཕྱོགས་ཀྱང་མེད་དོ། །འཕགས་པའི་བདེན་པ་བཞིར་གྱུར་པའི་དྲན་པ་དང་ལྡན་པས་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་རི་བོ་གཉིས་པར་གྱུར་པ་རཝ་མཉམ་པར་གྱུར་པ་ཐམས་ཅད་ལ་ཀུན་ཏུ་བལྟས་པར་གྱུར་པས་ཀྱང་ཕྱི་རོལ་གྱི་ལུས་ལྟ་ བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་ནགས་དགའ་བར་གྱུར་པ་གཞན་དག་དམིགས་སམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་རི་གསུམ་པ་ ཡང་ཡོད་པ་ཡིན་ཏེ། རི་དགས་ཀྱི་དགྲ་དུལ་བ་ཞེས་བྱ་བའི་རིའོ། །དེ་ལ་དགའ་བར་གྱུར་པ་ཁྱད་པར་མེད་པ་གང་དག་ཡིན་པ་དེ་དག་རྣམས་ནི་སཾ་ཀཱ་ཤའི་རི་དང་རཝ་མཉམ་པར་གྱུར་པའི་རི་ལ་ཡོངས་སུ་བསྒྲགས་པར་ཟད་དོ། །རི་དགས་ཀྱི་དགྲ་དུལ་བའི་རི་བོ་དེ་ལ་ནི་འབབ་ཆུ་དང་ཆུ་བོ་རྣམས་ ཕུན་སུམ་ཚོགས་པ་དང ། ཆང་གི་ཆུ་ཀླུང་ཕུན་སུམ་ཚོགས་པ་དང ། གོས་ཀྱི་ལྗོན་ཤིང་ཕུན་སུམ་ཚོགས་པར་གྱུར་པ་རྣམས་དང ། འདི་དག་ཀྱང་ཁྱད་པར་ཡིན་ཏེ། འདི་ལྟར་གསེར་དང་དངུལ་གྱི་ལྗོན་ཤིང་རྣམས་ལ་རྟག་པར་དུས་དྲུག་ཏུ་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་ཕྱུག་པར་གྱུར་ ནས་ཀུན་དགའ་བ་དང་ལྡན་པ་བཞིན་དུ་རྒྱས་པ་ཡིན་ནོ། །ཤིང་རྣམས་ནི་རང་གི་འོད་དང་ལྡན་པར་ཉི་མ་བཞིན་དུ་རབ་ཏུ་གསལ་བར་ཡང་བྱེད་དོ། །ཕན་ཚུན་དུ་འོད་འཕྲོ་བར་གྱུར་པས་ཀྱང་རི་དགས་ཀྱི་དགྲ་དུལ་བའི་རི་བོ་འདི་རབ་ཏུ་གསལ་བར་བྱེད་དོ། །དེ་ལ་ནགས་འདི་དག་རྣམས་ཡོད་ དོ། །འདི་ལྟ་སྟེ། གསེར་དང་ལྡན་པ་དང ། དངུལ་མཐོན་པོར་བརྩེགས་པ་དང ། མྱོས་པ་སྒོ་ང་ལས་སྐྱེས་པའི་ངོས་དང ། མནན་ན་ནམ་ལ་བཏེག་ན་འཕར་བ་དང་རྣམས་སོ། །དེ་ལ་གསེར་དང་ལྡན་པ་ཞེས་བྱ་བའི་ནགས་ནི་དཔག་ཚད་བརྒྱ་པ་སྟེ། གསེར་གྱི་ལྗོན་ཤིང་རྣམས་ལ་ 71-1-201b བུང་བས་ལེགས་པར་ཁྱབ་པར་གྱུར་པ་ཡིན་ནོ། །དངུལ་མཐོན་པོར་བརྩེགས་པའི་ནགས་དཔག་ཚད་སུམ་བརྒྱ་པ་སྟེ། དངུལ་གྱི་རང་བཞིན་གྱི་ལྗོན་ཤིང་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་ནས་ཟླ་བ་བརྒྱ་སྟོང་བཞིན་དུ་རྣམ་པར་གསལ་བར་བྱེད་དོ། །སེང་གེ་རྣམས་ཀྱིས་ཀྱང་ཀུན་ཏུ་ གང་བ་ཡིན་ནོ། །ནགས་དེ་ཡང་ཐམས་ཅད་ནས་དཀར་པོར་ཀུན་ཏུ་སྣང་བ་ཡིན་ཏེ། རྟག་པར་རབ་ཏུ་དགའ་བར་གྱུར་པའི་བྱ་རྣམས་ཀྱིས་ཀྱང་ཀུན་ཏུ་གང་བ་རྣམས་ནི་ཇི་ལྟར་སྔར་བཤད་པ་བཞིན་ནོ། །རི་དགས་ཀྱི་དགྲ་དུལ་བའི་རི་བོའི་ནགས་གསུམ་པ་ནི་མྱོས་པའི་སྒོ་ང་ལས་སྐྱེས་ པའི་ངོས་ཞེས་བྱ་བ་སྟེ། དེ་ལ་ནགས་དེ་ན་ནི་བག་མེད་པས་རབ་ཏུ་དགའ་བའི་བྱ་རྣམས་ཡོད་དོ། །ནགས་དེའི་ཉེ་འཁོར་རྣམས་ན་ཡང་སྐྱེས་བུ་གང་དང་གང་དག་རབ་ཏུ་གནས་པར་གྱུར་པ་དེ་དག་རྣམས་ཀྱང་རྟག་ཏུ་དུལ་བ་ཞེས་བྱ་བའི་མིང་དུ་འགྱུར་རོ། །སྐྱེས་བུ་དག་རྟག་ཏུ་མྱོས་པ་སྒོ་ ང་ལས་སྐྱེས་པའི་ནགས་ན་རབ་ཏུ་དགའ་བར་གྱུར་པ་ཡིན་ཏེ། རང་འདོད་པ་བཞིན་དུ་གྱུར་པའི་གཟི་བརྗིད་ཀྱིས་ལྷའི་ཚོགས་རྣམས་དང་འདྲ་བ་ཡིན་ནོ། །རི་དགས་ཀྱི་དགྲ་དུལ་བའི་རི་ལ་ནགས་བཞི་པ་ནི་མནན་ན་ནེམ་ལ་བཏེག་ན་འཕར་བ་ཞེས་བྱ་བ་སྟེ། ནེམ་པ་དང་འཕར་བའི་ནགས་ དེ་ན་ལྗོན་ཤིང་གང་དག་གསེར་དང་གསེར་རབ་ཏུ་འབར་བ་དང ། བི་དྲུ་མའི་རང་བཞིན་ཡིན་པ་རྣམས་ལ་ནི་མ་བཅིངས་པའི་བྱ་རྣམས་ཀྱིས་རྟག་ཏུ་གང་བ་ཡིན་ནོ། །ནེམ་ལ་འཕར་བའི་ནགས་ནི་དཔག་ཚད་ལྔ་ཡིན་ནོ། །ནགས་དེའི་ཉེ་འཁོར་རྣམས་ན་སྐྱེས་བུ་གང་དག་རབ་ཏུ་གནས་པར་གྱུར་ པ་དེ་དག་རྣམས་ཀྱི་ཐ་སྙད་ནི་རབ་ཏུ་ཕལ་ཆེ་བར་མྱོས་པ་ཞེས་བྱ་བ་ཡིན་ནོ། །རབ་ཏུ་ཕལ་ཆེ་བར་མྱོས་པའི་སྐྱེས་བུ་རྣམས་གལ་ཏེ་ནེམ་ཞིང་འཕར་བར་གྱུར་པའི་ནགས་སུ་རྩེ་དགའ་བར་བྱེད་ན། ས་དེ་དག་ནི་ཀཱ་ཤི་ལྟར་དཀར་ཞིང་འཇམ་པ་དང་ཤིང་བལ་འདྲ་བར་གཞི་མནན་ནནེམ་ལ་བཏེག་ན་ འཕར་བ་ཡིན་ནོ། །ཇི་སྐད་དུ་བརྗོད་པའི་མེ་ཏོག་དང ། འབྲས་བུ་དང ། ལྗོན་ཤིང་དང ། པད་མ་དང ། པད་མའི་རྫིང་བུ་དང ། སྒྲ་སྒྲོགས་པའི་བུང་བའི་ཚོགས་ཀྱིས་གང་བར་གྱུར་པ་རྣམས་ནི་ནེམ་ཞིང་འཕར་བའི་ནགས་དེ་ལ་ཡང་སྔར་གྱི་བཞིན་ནོ། །དེས་བྱང་ཕྱོགས་སྒྲ་མི་སྙན་ 71-1-202a གྱི་རི་གསུམ་པ་ན་རི་དགས་ཀྱི་སྒྲ་དུལ་བ་ལེགས་པར་མཐོང་བར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བར་ལུས་སོ་སོར་རིག་པར་བྱེད་དེ་སྔར་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་ཡང་བྱང་ཕྱོགས་སྒྲ་མི་སྙན་ན་ དགའ་བར་གྱུར་པ་གཞན་ཅི་དམིགས་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་སྤྲིན་དཀར་པོ་རྒྱུ་བ་ཞེས་བྱ་བའི་རི་བོ་ཉེ་འཁོར་དུ་དཔག་ཚད་སྟོང་ཡིན་ནོ། །ཤིན་ཏུ་དཀར་བར་གྱུར་པའི་དངུལ་གྱི་རང་བཞིན་ཡིན་ཏེ། རི་གང་གི་འོད་ཟེར་གྱིས་ཟླ་བའི་འོད་ ཀྱང་གསལ་བར་མི་འགྱུར་རོ། །དཔེར་ན་འཛམ་བུའི་གླིང་དུ་ཟླ་བ་ཤར་བར་གྱུར་པ་ན་གཟའ་དང ། རྒྱུ་སྐར་དང ། སྐར་ཕྲན་གྱི་འོད་ཀྱང་མེད་པར་འགྱུར་བ་དེ་བཞིན་དུ་སྤྲིན་དཀར་པོ་རྒྱུ་བའི་རིས་ཀྱང་ཟླ་བའི་འོད་མི་གསལ་བར་བྱེད་དོ། །སྤྲིན་དཀར་པོ་རྒྱུ་བའི་རི་བོའི་དྲུང་དུ་ཡང་སྐྱེས་བུ་གང་དག་ རབ་ཏུ་གནས་པར་བྱེད་པ་དེ་དག་རྣམས་ནི་མེ་ཏོག་གི་ཕྲེང་བ་གྱོན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །སྐྱེས་ནས་སྤྲིན་དཀར་པོ་རྒྱུ་བའི་རི་བོ་ལ་རྟག་ཏུ་རྩེ་བ་ལ་ཆེད་ཆེར་བྱེད་པ་རྣམས་མེ་ཏོག་གི་ཟེ་འབྲུ་གྱོན་པར་གྱུར་ནས་རྟག་ཏུ་གླུས་དགའ་བར་གྱུར་པ་དང ། རྒྱུན་དུ་ཡང་པད་མའི་ཚལ་རྣམས་ན་ མངོན་པར་དགའ་བར་བྱེད་དོ། །སྡུག་གུ་དང་བཅས་པར་གྱུར་པ་དང ། རབ་ཏུ་གཡོ་བར་བྱེད་པ་དང ། རྣམ་པར་འཁྲུལ་པ་དང ། རྣམ་པར་འཁོར་བ་དང ། རྟག་ཏུ་ཀུན་ནས་འཆིང་བ་མེད་པ་རྒྱགས་པ་དང ། རྟག་ཏུ་མྱ་ངན་དང་རྣམ་པར་བྲལ་བ་རྣམས་ཡིན་ནོ། །གཞན་ཡང་སྤྲིན་དཀར་པོ་ རྒྱུ་བའི་རི་དེ་ལ་ནགས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། རྔ་སྒྲ་འབྱིན་པའི་སྒྲ་དང ། ངང་ངུར་རྣམས་ཀྱིས་རྗེས་སུ་བསྒྲགས་པར་བྱེད་པ་དང ། ཡིད་ཀྱི་རྗེས་སུ་འཐུན་པ་དང ། ཆུ་སྒྲ་ཀུན་ནས་སྒྲོགས་པ་དང་རྣམས་སོ། །རྔ་སྒྲ་ཀུན་ནས་སྒྲོགས་པའི་ནགས་སུ་ཕྲེང་བ་ཐོགས་པའི་ལྷ་རྣམས་ ཀྱིས་རྔ་སྒྲ་དག་སྒྲོགས་པར་བྱེད་དོ། །སྒྲ་སྙན་པར་གྱུར་པ་ནི་དཔེར་ན་འཛམ་བུའི་གླིང་གི་པི་ཝང་དང ། གླིང་བུ་དང ། རྔ་པ་ཎ་བ་དང ། དུང་གི་སྒྲ་ལ་ཆགས་པར་འགྱུར་བ་ཡིན་ལ། དེ་བཞིན་དུ་རྔ་སྒྲ་ཀུན་ནས་སྒྲོགས་པའི་ནགས་ན་ལྷ་རྣམས་རྔ་སྒྲ་སྒྲོགས་པར་བྱེད་པ་ཡིན་ནོ། །དེ་དག་རྣམས་ 71-1-202b ལ་ནི་འཛམ་བུའི་གླིང་གི་གླུ་མཁན་རྣམས་ཀྱིས་བཅུ་དྲུག་གི་ཆར་ཡང་མི་ཆོག་གོ། །ཇི་སྐད་དུ་བཤད་པར་གྱུར་པའི་རི་དགས་དང ། བྱ་དང ། པད་མ་དང ། ལྗོན་ཤིང་དང ། ནགས་དང ། ཉེ་བའི་ནགས་དང ། ཁྲུས་ཀྱི་རྫིང་བུ་དང ། མཚེའུ་དང ། གསེར་དང་དངུལ་གྱི་ས་ གཞིའི་ཆ་རྣམས་དང ། འབབ་ཆུ་དང་རྣམས་ཀྱི་ཡོན་ཏན་རྣམས་ནི་དེ་ལྟ་དེ་ལྟར་གྱིས་རྔ་སྒྲ་སྒྲོགས་པའི་ནགས་ན་ཡོན་ཏན་རྣམས་ཐམས་ཅད་ཀྱང་ཡོད་པ་ནི་སྔར་བཞིན་ནོ། །ཕྲེང་བ་གྱོན་པར་གྱུར་པའི་སྐྱེས་བུ་རྣམས་ནི་རྔ་སྒྲ་ཀུན་ནས་སྒྲོགས་པར་བྱེད་པའི་གདངས་ཀྱིས་རྟག་ཏུ་འདོད་པ་རྣམས་ ལ་རྣམ་པར་ཆགས་པ་ཡིན་ཏེ། དཔེར་ན་གཞོང་པ་ཐོགས་པའི་ལྷ་རྣམས་ཀྱི་དགའ་བའི་ཚལ་གྱི་ཉེ་བའི་ནགས་བཞིན་དུ་རྟག་ཏུ་འདོད་པའི་སྒྲ་དང་རོ་དང་གཟུགས་དང་དྲི་རྣམས་སྤྱོད་པར་བྱེད་དོ། །ནགས་གཉིས་པ་ངང་ངུར་རྣམས་ཀྱིས་ཡོངས་སུ་སྒྲོགས་པར་བྱེད་པ་ཞེས་བྱ་བ་སྟེ། ནགས་དེ་ལ་ནི་ངང་ངུར་རྣམས་ཀྱིས་ཡོངས་ སུ་སྒྲོགས་པར་བྱེད་པ་དང་པད་མའི་རྫིང་བུ་རྣམས་ཀྱང་བརྒྱ་ཕྲག་རྣམས་དེ་ནས་སྟོང་ཕྲག་རྣམས་ཡོད་དོ། །དེ་དག་རྣམས་ཀྱི་ནི་མིང་ཡང་བརྗོད་ཅིང་གཟུང་བར་མི་ནུས་སོ། །ངང་ངུར་རྣམས་ཀྱིས་རྗེས་སུ་སྒྲོགས་པའི་ནགས་ལ་རི་དགས་ཀྱི་རིགས་འདི་དག་རྣམས་ཡོད་པ་ནི་འདི་ལྟ་སྟེ། རྣམ་པར་བཀྲ་བའི་བཻ་ནཱཿ དང ། རིན་པོ་ ཆེ་སྣ་བདུན་གྱིས་བརྒྱན་པའི་ལུས་འདུལ་བ་ཞེས་བྱ་བའི་རི་དགས་དང ། ཀུ་རང་གཱ་དང ། མ་ཀ་ར་དང ། མ་ཀཱ་འདོད་པ་དང ། ཤིན་ཏུ་དགའ་བ་དང ། སམ་བཱ་བི་ནཿ དང ། རྩེ་མོ་གཡོ་བ་རྣམས་འཛིན་པར་བྱེད་པ་དང ། ཁོར་ཡུག་གི་མིག་དང ། ཀར་ཀེ་ཏའི་ལྟེ་བ་དང ། གསེར་གྱི་ རཝ་དང ། ལོགས་དངུལ་གྱི་ལོགས་དང ། རླུང་གི་ཤུགས་དང ། ཤིང་གི་རྩ་བ་ན་རྒྱུ་བ་དང ། ཆུའི་སྒྲ་འབབ་པར་འགྲོ་བར་བྱེད་པ་དང ། ནགས་ཀྱི་ཕྲེང་བར་བགྲང་བ་དང ། བི་དྲུ་མའི་ལུས་དང ། ལགྣའི་ལོགས་དང ། ལྟོ་ལྟིར་བ་དང ། བར་པོ་ཏཱཿ དང ། ཤང་ཤ་རཱ་ཎཱཿ དང ། པགས་ པ་ནག་པོ་དང ། རྩ་བའི་འོད་དང ། ལང་ཚོ་ལ་བབ་པ་དང ། ཤིན་ཏུ་འཇམ་པ་དང ། དཀར་པོའི་ཚོགས་དང་རྣམས་ཡིན་ཏེ། དེ་དག་རྣམས་ནི་རི་དགས་ཀྱི་རིགས་ཉི་ཤུ་རྩ་ལྔ་ཡིན་ནོ། །ཕྲེང་བ་གྱོན་པའི་སྐྱེས་བུ་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་བར་བྱེད་དེ། རང་གི་ལས་དང་འདྲ་བར་ 71-1-203a གྱུར་པ་རྣམ་པ་སྣ་ཚོགས་པ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །སྤྲིན་དཀར་པོ་རྒྱུ་བའི་རི་ལ་ཡིད་ཀྱི་རྗེས་སུ་འཐུན་པ་ཞེས་བྱ་བའི་ནགས་ཡོད་དོ། །ནགས་དེ་ནས་ནི་ཕྲེང་བ་གྱོན་པའི་མི་རྣམས་ཀྱི་ཡིད་ཀྱི་རྗེས་སུ་འཐུན་པར་གྱུར་པ་གང་དང་གང་དག་ཡིན་པ་དེ་དག་རྣམས་ཉིད་ལྗོན་ཤིང་རྣམས་ ལས་འཐོབ་པར་འགྱུར་རོ། །ནགས་དང་ཉེ་བའི་ནགས་རྣམས་གང་དག་ཡིན་པ་ཐམས་ཅད་ཀྱང་དགའ་བ་རྣམས་ཡིན་ཏེ་སྔར་བཞིན་ནོ། །སྤྲིན་དཀར་པོ་རྒྱུ་བའི་རི་བོ་ལ་ནགས་བཞི་པ་ཆུའི་སྒྲ་ཀུན་ནས་སྒྲོགས་པ་ཞེས་བྱ་བ་ཡོད་དོ། །དེ་ལ་ནི་རྣམ་པ་སྣ་ཚོགས་པའི་གཟུགས་འཛིན་པར་གྱུར་ པའི་རིག་པ་འཛིན་པ་རྣམས་རྩེ་བར་བྱེད་དོ། །ཡང་གང་གི་ཚེ་རྡུལ་གྱིས་གནོད་པར་གྱུར་པ་ན་དེའི་ཚེ་རང་འདོད་པའི་ཆ་བྱད་ཀྱིས་ཆུར་འཇུག་སྟེ། ཆུ་ལ་ཀུན་ཏུ་འཕྱོ་བར་བྱེད་དོ། །དེ་ལ་རིག་པ་འཛིན་པའི་རིགས་འདི་དག་རྣམས་ཡོད་དེ། འདི་ལྟ་སྟེ། བདེ་བ་ལ་ཆགས་པའི་ཤུགས་དང ། འགོར་བ་མེད་པར་འགྲོ་བ་དང ། ནམ་མཁའི་སྟོབས་དང ། སྤྲིན་རབ་ཏུ་འབྱེད་པར་བྱེད་པ་དང ། ཉི་མའི་ལམ་དུ་ལེགས་པར་རྒྱུ་བ་དང ། རི་དགས་ཀྱི་འགྲོས་དང ། པཽ་རཝཿ དང ། ཤིན་ཏུ་དུད་པ་དང ། ཀུ་ཤི་ཀཱཿ དང ། རི་རྣམས་ལ་ཀུན་ཏུ་ཆགས་པ་དང ། རྟག་ཏུ་མྱོས་པའི་དྲི་ དང ། ནམ་མཁའ་ལ་རྒྱུ་བར་བྱེད་པ་དང ། མཱ་ཥཱ་ཌའི་ནང་ན་གནས་པ་དང ། ཙི་མི་ཤའི་ཕུག་ན་རྒྱུ་བ་དང ། རྟག་པའི་ཤུགས་དང ། ངང་པའི་ཤིང་རྟ་དང ། གླང་པོའི་ཤིང་རྟ་དང ། གློག་འཁྱུག་པར་བྱེད་པ་དང ། མ་ལ་ཡ་ན་གནས་པ་དང ། ཀེ་ཏ་ཀའི་ཕྲེང་བ་མཆོག་དང་ལྡན་ པ་དང ། བུད་མེད་ལ་སྲེད་པ་དང ། ཆང་པ་རྣམས་ཀྱིས་བཏུང་བ་དང ། རི་རབ་ལྷུན་པོ་ལ་གནས་པ་དང ། ཀུན་ཏུ་ཁྱབ་པའི་ཞེན་པ་དང ། རྟག་ཏུ་དགའ་བ་དང ། མེ་ཏོག་གི་ཕྲེང་བ་འཕྱང་བ་དང ། ས་གཞི་ལ་རྒྱུ་བ་དང ། སྔགས་གསང་བ་པ་དང་རྣམས་ཏེ། དེ་དག་ནི་རིག་པ་འཛིན་ པའི་རིགས་སུམ་ཅུ་རྩ་གཉིས་ཡིན་ལ། སྤྲིན་དཀར་པོ་རྒྱུ་བའི་རིའི་ཆུ་སྒྲ་ནས་སྒྲོགས་པའི་ནགས་དེ་ཉིད་ལ་གནས་ནས་དགའ་བར་བྱེད་དོ། །རྣམ་པ་སྣ་ཚོགས་པའི་རྒྱན་རྣམས་ཀྱིས་རབ་ཏུ་བརྒྱན་ཅིང་རྣམ་པ་སྣ་ཚོགས་པའི་རྒོད་པ་དང་འགྱིང་བ་དང་རྩེ་བ་དང ། ཀུན་ཏུ་སྤྱོད་པར་ཡང་བྱེད་དེ། དེའི་ 71-1-203b ལས་ཀྱི་མཐུས་ཡིན་ནོ། །དེ་འདྲ་བར་གྱུར་པའི་བུད་མེད་དང་ལྷན་ཅིག་ཏུ་ཞེན་པར་བྱེད་དོ། །དེ་ལྟར་སྤྲིན་དཀར་པོ་འཛིན་པའི་ནགས་དང་ཉེ་བའི་ནགས་དང་བཅས་པ་རྣམས་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་བྱེད་དེ། སྤྲིན་དཀར་པོ་འཛིན་པའི་རི་བོ་འདི་ལ་གཅིག་ ཏུ་ངེས་པར་གྱུར་པ་དང ། རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། མྱ་ངན་ལས་འདས་པར་འགྲོ་བ་ཐོབ་པའི་བདེ་བ་ཡོད་དམ་ཞེ་ན། དེས་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་དུ་གྱུར་པའི་བདེ་བ་ནི་གཅིག་ཀྱང་མ་མཐོང་སྟེ་ཇི་ ལྟར་ཉི་མ་ལ་མུན་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་པའི་བདེ་བ་རྣམས་ཀྱང་མྱང་བར་མངར་བ་དང ། རྣམ་པར་སྨིན་པ་རྩུབ་པ་དང ། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་དང ། སྲེད་པ་ལས་ངེས་པར་འབྱུང་བ་མ་ཡིན་པ་དང ། འབྲས་བུ་རྩུབ་པ་ཡིན་ཏེ། ཀིམ་པ་ཀའི་འབྲས་བུ་ འདྲ་བ་དུག་དང ། མཚོན་དང ། མེ་དང་མཚུངས་པར་གྱུར་པ་དང ། དུས་དེ་ཙམ་དུ་དགའ་བར་གྱུར་པ་ཡིན་ནོ། །གར་མཁན་གྱི་ཚོན་རྩི་བཞིན་དུ་ཡུད་ཙམ་ཅིག་དགའ་བ་ཡིན་ནོ། །གློག་དང་མཚུངས་པར་ཤིན་ཏུ་གཡོ་བ་ཡིན་ནོ། །རིའི་འབབ་ཆུའི་ཤུགས་དང་འདྲ་བ་དང ། ཉེ་བར་ འཚེ་བ་དང་བཅས་པ་དང ། དྲི་ཟའི་གྲོང་ཁྱེར་དང་མཚུངས་པར་སླུ་བར་བྱེད་པ་དང ། སྐྱེ་བོ་རྣམས་ཐམས་ཅད་ཀྱང་རྣམ་པར་འཇོམས་པར་བྱེད་པ་དང ། ཤིང་ཏོག་རྣམས་ཐམས་ཅད་བཞིན་དུ་ཅི་ནས་ཀྱང་ལྟུང་བར་འགྱུར་བར་མཚུངས་པ་དང ། དུག་གི་ཟས་དང་འདྲ་བར་ཡོངས་སུ་སྨིན་ པར་འགྱུར་བ་དང ། སྤུ་གྲིའི་སོའི་མྱང་བ་བཞིན་དུ་ཤིན་ཏུ་རྣོ་བ་དང ། ལན་བརྒྱ་སྟོང་དུ་མ་རྣམས་སུ་ཡང་སླུ་བར་བྱེད་པ་ཡིན་པ་དང ། ཆུ་ཀླུང་གི་འགྲམ་གྱི་ཤིང་བཞིན་དུ་ངེས་པ་ཁོ་ནར་ལྟུང་བར་འགྱུར་བར་མཚུངས་པ་ཡིན་ནོ། །རྣམ་པ་དེ་ལྟ་བུའི་འདོད་པ་རྣམས་ལ་ཀུན་ཏུ་བལྟས་པར་ གྱུར་ནས་རྣལ་འབྱོར་སྤྱོད་པ་པ་ངེས་པར་སྐྱོ་བ་སྐྱེ་བར་འགྱུར་རོ། །ཡང་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་པ་དང ། ཚུལ་བཞིན་ཡིད་ལ་བྱེད་པ་མཐོང་བ་དང་ལྡན་ཞིང་རྣམ་པར་བྱང་བར་གྱུར་པའི་མཐོང་བ་དང་ཡང་དག་པར་ལྡན་པར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ 71-1-204a ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་དགའ་བར་གྱུར་པའི་རི་དགས་ཀྱི་རིགས་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་མཐོ་བར་བརྩེགས་པ་ཞེས་བྱ་བའི་རི་དཔག་ཚད་སྟོང་ཡོད་པ་ཡིན་ཏེ། ཉེ་འཁོར་རྣམས་དགའ་བར་གྱུར་པ་དང་འོད་ཀྱི་ཕྲེང་བ་དང་ལྡན་པ་ཡིན་ནོ། །དེ་ལ་ཤིང་གི་རིགས་ནི་འདི་དག་རྣམས་ཡོད་དེ། འདི་ལྟ་སྟེ། བཻཌཱུརྱའི་འདབ་མ་དང ། གསེར་འབར་བའི་སྡོང་བུ་དང ། བྱི་རུའི་འདབ་མ་ཅན་རྣམས་དང ། དངུལ་གྱི་སྡོང་བུ་དང ། གསེར་གྱི་འདབ་མ་དང་ལྡན་པ་མར་ མེའི་གོང་བུ་རྩ་བརྒྱད་འདྲ་བ་རྣམས་ཡིན་ནོ། །རི་རྣམ་པ་དུ་མ་དང་ཤིང་གི་རིགས་གཞན་དག་རྣམས་དང ། པད་མའིརིགས་རྣམས་དང ། སྐྱེད་མོས་ཚལ་གྱི་རིགས་རྣམས་དང ། རི་དགས་ཀྱི་རིགས་རྣམས་དང ། རིའི་རྩེ་མོའི་རིགས་རྣམ་པ་དུ་མ་རྣམས་ཀྱང་སྔར་བཞིན་ནོ། །མཐོ་ བར་བརྩེགས་པའི་ཡན་ལག་གི་བརྩེགས་པའི་རྒྱར་ནི་དཔག་ཚད་ཉིས་བརྒྱའོ། །དེའི་བརྩེགས་པ་གཅིག་ལ་རི་རབ་ལྷུན་པོ་ལ་གནས་པའི་ཕྲེང་བ་ཐོགས་པ་ཞེས་བྱ་བའི་ལྷ་དང་པི་ཝང་གསུམ་པ་ཞེས་བྱ་བའི་ལྷ་རྣམས་རྩེ་དགའ་བར་བྱེད་དོ། །པི་ཝང་གསུམ་པའི་ལྷ་ནི་ལྷུན་པོའི་བང་རིམ་བཏང་ བར་གྱུར་ནས་མཐོ་བར་བརྩེགས་པའི་རི་ལ་རྩེ་དགའ་བར་བྱེད་དེ། རི་བོ་དེ་དགའ་བར་གྱུར་པའི་ཕྱིར་རོ། །མཐོན་པོ་དེའི་ཡན་ལག་གི་བརྩེགས་པའི་ཉེ་འཁོར་རྣམས་ནི་རིན་པོ་ཆེའི་རང་བཞིན་ཡིན་ཏེ། འཕང་དུ་ནི་དཔག་ཚད་ལྔ་བཅུ་ཡིན་ནོ། །བརྩེགས་མ་ལྔ་ཡོད་པའི་ཡན་ལག་གི་བརྩེགས་ པའི་རྒྱར་ནི་དཔག་ཚད་ཉིས་བརྒྱ་ཡིན་ནོ། །དེ་ལ་བརྩེགས་མ་གཅིག་ནི་གསེར་ལ་ནོར་བུའི་ཁྲོད་ཡིན་ཏེ། རིན་པོ་ཆེ་རྣམས་ཐམས་ཅད་ཀྱང་ཁྲོད་དེ་ལས་སྐྱེ་བར་འགྱུར་རོ། །འདི་ལྟ་སྟེ། བི་དྲུ་མ་དང ། བྱི་རུ་དང ། བཻ་ཌཱུརྱ་དང ། མུ་ས་ར་གལྦ་དང ། ཤེལ་དང ། པད་མ་རཱ་ག་དང ། སུ་ཀུ་མཱ་རི་ཀཱ་དང ། ིནྡྲ་ནཱི་ལ་དང ། ནཱི་ལ་ཆེན་པོ་དང ། མ་བཏགས་པའི་གོས་ཀྱང་འབྱུང་ངོ ། །གཉིས་པ་ནི་དངུལ་གྱི་རང་བཞིན་ཡིན་ཏེ། དངུལ་གྱི་ལྗོན་ཤིང་རྣམས་ཕུན་སུམ་ཚོགས་པ་གོ་ཤིཪྵ་ཞེས་བྱ་བའི་ཙན་དན་སྐྱེ་བ་ཡིན་ནོ། །ལྷ་དང་ལྷ་མ་ཡིན་གྱི་འཁྲུག་པ་གང་ཡིན་པ་ལྷ་རྣམས་ 71-1-204b དང ། ལྷ་མ་ཡིན་རྣམས་ལྷན་ཅིག་ཏུ་གཡུལ་བཀྱེ་བར་གྱུར་པས་མཚོན་གྱིས་རྨས་པ་རྣམས་དང་ལྷན་ཅིག་ཏུ་འགྱེལ་བར་གྱུར་པ་རྣམས་ཉིད་ཀྱི་ལྷ་རྣམས་ཀྱི་ལུས་ནད་མེད་པར་བྱེད་པ་ཡིན་ནོ། །གོ་ཤིཪྵ་པ་ཞེས་བྱ་བ་ནི་རི་དེའི་ལྷན་ཅིག་སྐྱེས་པའི་མིང་ཡིན་ནོ། །དེའི་ཙན་དན་ཡང་གོ་ཤིཪྵ་པའི་ མིང་ཡིན་ནོ། །རིའི་རྩེ་མོ་གསུམ་པ་ནི་ལྷའི་བུ་མོ་དགའ་བ་ཞེས་བྱ་བ་ཡིན་ཏེ། གང་ལ་ལྷའི་བུ་མོ་རྣམས་རྩེ་དགའ་བར་བྱེད་པ། ནགས་དང་ཉེ་བའི་ནགས་རྣམས་དང ། གསེར་དང ། དངུལ་དང ། བཻཌཱུརྱ་རྣམས་ཀྱིས་ཟེ་འབྲུ་དང་གཞི་འཇམ་པོ་རྣམས་ལ་རྟག་ཏུ་རྟེན་པར་བྱེད་པ་དང ། རབ་ཏུ་དགའ་བར་གྱུར་པས་རྒོད་པ་དང ། རོལ་པ་དང ། རྩེ་བར་བྱེད་པས་རྣམ་པར་གྱུར་པའི་དགའ་བ་རྣམས་ལ་སྲེད་པས་རྣམ་པར་བསླད་པར་གྱུར་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དམ་པའི་ཆོས་ཉན་པ་ལ་ཁ་ཕྱིར་ཕྱོགས་པར་འགྱུར་ཞིང་རྟག་ཏུ་འདོད་པ་ལ་རྣམ་པར་ཆགས་པར་གྱུར་པས་རཝ་ དེའི་རྩེ་ལ་རྟག་ཏུ་འཁོད་པར་བྱེད་དོ། །རཝ་བཞི་པ་ནི་གང་ལ་རྒྱལ་པོ་ཆེན་པོ་བཞི་རྒུན་འབྲུའི་ནགས་དང་ཉེ་བའི་ནགས་རྣམས་ལ་རྩེ་དགའ་བར་བྱེད་པ་ཡིན་ནོ། །དེ་ལ་ཡང་རྟག་ཏུ་མྱོས་པའི་རི་དགས་དང ། བྱ་དང ། གསང་བ་པའི་ལྷ་དང ། རིག་པ་འཛིན་པ་དང ། མི་རྣམས་དང ། ཉེ་ འཁོར་རྣམས་ན་ཡང་རྒུན་འབྲུའི་ཆུ་ཀླུང་རྣམས་རབ་ཏུ་འབབ་པ་ཡིན་ནོ། །ཁ་ཅིག་ནི་སྦྲང་རྩིའི་རོ་ཡིན་ནོ། །ཁ་ཅིག་ནི་བདུག་པ་མ་ཡིན་པ་དང་ལྡན་པའི་རོ་ཡིན་ནོ། །ཁ་ཅིག་ནི་འདྲེས་པར་གྱུར་པའི་རོ་སྟེ། རཝ་དེ་ལ་ནི་ཆུ་ཀླུང་གི་འགྲམ་རྣམས་ལས་གསེར་ས་ལེ་སྦྲམ་སྐྱེའོ། །བ་ལང་དང ། མ་ཧེ་ཥ་དང ། ཕག་པ་དང ། གླང་པོ་ཆེ་དང ། ཅེ་སྤྱང་དང ། རྔ་མོ་དང ། ཕྱུགས་དང ། སྤྱང་ཀུ་དང ། ཀླུ་དང ། གུང་དང ། སེང་གེ་དང ། དྲེད་དང ། ཝ་དང ། བྱ་དང ། དེ་དང་དེ་དག་རྣམས་དང་འདྲ་བར་གྱུར་པའི་གཟུགས་རྣམས་དང ། ཁ་དོག་དུ་མར་གྱུར་པའི་ རིན་པོ་ཆེའི་རང་བཞིན་ཕལ་ཆེ་བ་རྣམས་མཐོང་ངོ ། །གང་གི་ཕྱིར་གང་ལ་གསེར་ས་ལེ་སྦྲམ་རྣམས་སྐྱེ་བར་འགྱུར་བ་ནི་རིའི་རྩེ་མོ་དེའི་ཀླུས་གསེར་ས་ལེ་སྦྲམ་འདི་དག་རྣམས་ཡིན་ནོ། །བརྩེགས་མ་ལྔ་པ་གང་ལ་གསེར་གྱི་འདབ་མ་དང ། བཻ་ཌཱུརྱའི་ཡུ་བ་ཅན་ཤིན་ཏུ་འཇམ་པར་གྱུར་པའི་ 71-1-205a པད་མ་རྣམས་སྐྱེའོ། །ཉེ་འཁོར་ཀུན་ནས་ཡང་བཻ་ཌཱུརྱའི་ལྗོན་ཤིང་རྣམས་ཀྱིས་གང་བ་ཡིན་ནོ། །དེ་ལ་པད་མའི་རྫིང་བུ་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ཀུན་དགའ་ར་བའི་རྒྱས་པ་དང ། པད་མས་ཁྱབ་པར་གྱུར་པ་དང ། པད་མ་དུས་སུ་རྒྱུ་བ་དང ། པད་མ་དམར་ པོས་ཀུན་ཏུ་ཁྱབ་པ་དང ། ཉི་མ་སྟེན་པ་དང ། གཞི་འཇམ་པ་དང ། མི་གཡོ་བ་དང ། ལྗོན་ཤིང་དང ། ཟབ་པ་དང ། མེ་ཏོག་དྲི་ཞིམ་པ་འབྱུང་བ་དང ། བརྟན་པའི་ཆུ་དང་སྟེ། དེ་དག་རྣམས་ནི་པད་མའི་རྫིང་བུ་བཅུ་གཅིག་ཡིན་ནོ། །རཝ་དེའི་མིང་ཡང་པད་མས་ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ ཡིན་ནོ། །ཆུ་ཀླུང་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་དྲི་དང་རོས་ལེགས་པར་གང་བར་གྱུར་པ་རྣམས་ཉེ་འཁོར་རྣམས་ན་འབབ་སྟེ། རོ་དྲུག་དང་ལྡན་པ་ཡིན་ནོ། །འདོད་པའི་ལྗོན་ཤིང་རྣམས་ཐམས་ཅད་དང ། ཉེ་བར་སྐྱེས་པ་དང ། ལྗོན་ཤིང་དང ། མེ་ཏོག་དང ། ཆུ་བོ་དང ། ཁྲུས་ ཀྱི་རྫིང་བུ་དང་ལྡན་པ་རྣམས་ནི་སྔ་མ་བཞིན་ནོ། །དེས་རཝ་ལྔ་པ་ལ་ཀུན་ཏུ་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་ལ་ཀུན་ནས་ལྟ་བར་བྱེད་དོ། །དེས་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་རི་ལྔ་པ་མཐོ་བར་བརྩེགས་པ་ཞེས་བྱ་བ་ལ་མངོན་པར་བལྟས་པར་གྱུར་པས་ཀྱང་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་སོ་སོར་རེག་པར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལས་དང་ཆོས་དག་གི་རྣམ་པར་སྨིན་པའི་དབང་དུ་བྱས་ནས་མཐོན་པོར་བརྩེགས་པའི་རི་ལ་ཀུན་ཏུ་ལྟ་སྟེ། སེམས་ཅན་འདི་དག་རྣམས་ནི་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ཅན་ཡིན་ཏེ། རང་གི་ ལས་ཀྱི་བགོ་སྐལ་ལ་སྤྱོད་པར་བྱེད་པ་དང ། རང་གི་ལས་རྣམས་བརྟན་པར་བྱས་པ་དང ། རང་གིས་ལེགས་པར་བྱས་པ་རྣམས་ཀྱིས་ནི་འདིར་སྐྱེས་པ་ཡིན་ལ། རང་གི་ལས་དེ་དག་ཟད་པར་གྱུར་ནས་ངེས་པར་ལྟུང་བར་འགྱུར་ཏེ། མི་དགེ་བའི་ལས་རྣམས་ཀྱིས་ནི་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་འགྱུར་རོ། །ལེགས་པར་བྱས་པ་རྣམས་ཀྱིས་ནི་ལྷ་དང་མི་རྣམས་ཀྱི་ནང་དུའོ། །མཐོ་བར་བརྩེགས་པའི་རིའི་ཉེ་འཁོར་ན་གང་དག་གནས་པ་དེ་དག་རྣམས་ནི་བདེ་བ་ལ་དགའ་བ་ཞེས་བྱ་བ་ཡིན་ནོ། །བདེ་བ་ལ་དགའ་བའི་སྐྱེས་བུ་རྣམས་ནི་རྟག་ཏུ་འདོད་པ་ལ་མངོན་པར་དགའ་ 71-1-205b བ་རྣམས་ཡིན་ཏེ། རྟག་ཏུ་འདོད་པ་རྣམས་ཀྱིས་ངོམས་པ་མེད་པ་རྣམས་ཡིན་ནོ། །འདི་ལྟར་ཚིགས་སུ་བཅད་པ། མེ་ལ་བུད་ཤིང་རྣམས་དང་ནི། །རྒྱ་མཚོ་ལ་ནི་ཆུ་བོ་ལྟར། །སྲེད་ལྡན་འདོད་པས་ངོམས་པ་མེད། །དེ་ཕྱིར་འདོད་པ་ཞི་བ་མིན། །ཞེས་བྱ་བ་ཡིན་ཏེ། འདི་ན་སེམས་ ཅན་འདི་དག་རྣམས་ནི་ངེས་པ་ཁོ་ནར་ངུ་བར་བྱ་བ་ལ་དགའ་བར་བྱེད་པ་ཡིན་པར་རྣལ་འབྱོར་པ་དེས་དྲི་མ་དང་རྣམ་པར་བྲལ་བའི་མིག་གིས་མཐོང་ངོ ། །དེ་དག་རྣམས་ཀྱིས་ནི་ཤེས་པ་ཡང་མ་ཡིན་ཏེ། འདུས་བྱས་འདི་དག་རྣམས་ཐམས་ཅད་ནི་སྡུག་བསྔལ་གྱི་བདག་ཉིད་ཡིན་ནོ། །ཐམས་ཅད་ ཀྱང་འཛད་ཅིང་འགོག་པའི་ཆོས་ཅན་ཡིན་ནོ། །སྙིང་པོ་མེད་པ་དང་སྒྲོན་མ་མེད་པ་ཡིན་ནོ། །འདི་དག་རྣམས་ལ་ནི་མཐར་ཐུག་པའི་བདེ་བ་ཡོད་པ་མ་ཡིན་ནོ། །ཤིས་པ་མ་ཡིན་ཞིང་ཞི་བ་ཡང་མ་ཡིན་ནོ། །སེམས་ཅན་འདི་དག་རྣམས་ཐམས་ཅད་ཀྱི་སྲོག་དང ། ལང་ཚོ་དང ། ནད་མེད་པ་དང ། ཕུན་སུམ་ཚོགས་པ་དང ། འདི་དག་རྣམས་ཐམས་ཅད་ཀྱང་བདེ་བ་མ་ཡིན་ཞིང་གཙང་བ་མ་ཡིན་ལ་མི་རྟག་པ། བདག་མེད་པ་སྙིང་པོ་མེད་པ་དབུ་བ་རྡོས་པ་དང ། ཆུའི་ཆུ་བུར་ལྟ་བུ་ཡིན་ཏེ། གསོན་པ་རྣམས་ནི་ཐམས་ཅད་ཀྱང་འཆི་བའི་མཐར་ཐུག་པར་འགྱུར་བ་ ཡིན་ལ། ཕུན་སུམ་ཚོགས་པ་རྣམས་ཐམས་ཅད་ཀྱང་རྒུད་པའི་མཐར་ཐུག་པར་འགྱུར་བ་ཡིན་ནོ། །གནས་དེ་དག་རྣམས་ནི་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། མི་རྣམས་མི་སླུ་བའི་ཡིན་ཏེ། དཔེར་ན་ཇི་ལྟར་ཉི་མ་ཤར་བར་གྱུར་པ་དེ་ནི་ངེས་པར་ནུབ་པར་འགྱུར་བ་ཡིན་ ནོ། །དེ་ཁོ་ན་བཞིན་དུ་སྐྱེས་པ་རྣམས་ནི་ངེས་པར་འཆི་བར་བྱ་བ་ཡིན་ནོ། །ཡང་ཇི་ལྟ་ཇི་ལྟར་ས་གཞི་གཞོན་ཞིང་ལང་ཚོ་ལ་བབ་པར་གྱུར་ན། ལྗོན་ཤིང་དང ། ནགས་དང ། ཉེ་བའི་ནགས་དང ། ནེའུ་གསིང་དང་བཅས་པར་འགྱུར་རོ། །ས་གཞི་དེ་རྙིངས་པར་གྱུར་ན་ལྗོན་ཤིང་ དང ། ནགས་དང ། ཉེ་བའི་ནགས་དང ། མཚེའུ་དང ། པད་མ་དང་བཅས་པ་རྣམས་ཀྱང་དེ་ལྟར་འགྱུར་རོ། །དེ་ཁོ་ན་བཞིན་དུ་སོས་ཀའི་དུས་སུ་ལང་ཚོ་ལ་བབ་པ་རྣམས་སྟོན་ཀའི་དུས་སུ་རྙིངས་པར་འགྱུར་བ་དང ། གཞོན་པ་རྣམས་ཐམས་ཅད་ཀྱང་རྒས་པའི་མཐར་ཐུག་པར་ 71-1-206a འགྱུར་བ་འདི་བྱང་ཕྱོགས་སྒྲ་མི་སྙན་པའི་མི་རྣམས་ཀྱིས་གོ་བ་ཡང་མ་ཡིན་ནོ། །ཡང་ཇི་ལྟ་ཇི་ལྟར་མཚན་མོ་ཆར་བབ་པར་གྱུར་ན་ཆུ་ཀླུང་རྣམས་ཕུན་སུམ་ཚོགས་པར་འགྱུར་ཏེ། ཆར་བབ་པའི་དབང་གིས་ངོས་གཉི་གར་ཡང་མང་དུ་འབབ་པར་འགྱུར་རོ། །ཕུན་སུམ་ ཚོགས་པར་གྱུར་པ་རྣམས་ཀྱང་སྟོན་ཀ་ཟད་པ་དང་འགྲིབ་པའི་སྒོ་ནས་ཆུ་ཆུང་བར་འགྱུར་རོ། །དེ་ཁོ་ན་བཞིན་དུ་དབྱར་གྱི་མཚན་མོ་ཆར་འབབ་པར་གྱུར་པ་དང་མཚུངས་པ་ནི་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །དབྱར་གྱི་ཆར་འགགས་པར་གྱུར་ནས་སྟོན་གྱི་དུས་ན་ཆུ་ཀླུང་རྣམས་ཟད་ཅིང་ འགྲིབ་པའི་སྒོ་དང་མཚུངས་པ་ནི་རྒུད་པ་རྣམས་ཡིན་ནོ། །འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་པད་མ་རྣམས་ཀྱང་སོས་ཀའི་དུས་སུ་རྒྱས་པར་འགྱུར་ཞིང་ནད་མེད་པ་དང ། བུང་བ་རྣམས་ཀྱིས་ཀྱང་སྟེན་པར་བྱེད་དོ། །དགུན་གྱི་དུས་ན་ནི་ཁ་བ་དང་བད་དག་གིས་བུང་བ་རྣམས་ཀྱང་ན་བས་མི་ སྟེན་ནོ། །སོས་ཀའི་དུས་ཀྱི་པད་མ་དེ་ཁོ་ན་བཞིན་དུ་ནད་མེད་པ་ཡིན་ནོ། །དགུན་གྱི་དུས་དང་མཚུངས་པར་གྱུར་པ་ནི་ནད་མེད་པ་མ་ཡིན་པའོ། །དགུན་གྱི་དུས་ན་ནད་མེད་པ་མ་ཡིན་པས་བུང་བ་རྣམས་དང་མཚུངས་པ་ནི་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །དེ་བཞིན་དུ་སེམས་ཅན་འདི་ དག་རྣམས་ཀྱང་སྲེད་པས་ཤིན་ཏུ་རྣམ་པར་ཉམས་པར་གྱུར་ནས་བདག་ཉིད་ཀྱི་རྒུད་པ་རྣམས་ནི་གཏན་རིག་པར་མི་འགྱུར་རོ། །དེས་མཐོ་བར་བརྩེགས་པའི་རིའི་ནགས་དང ། ཉེ་བའི་ནགས་དང ། ལྗོན་ཤིང་དང ། འབབ་ཆུ་དང ། ཁྲུས་ཀྱི་རྫིང་བུ་དང ། ནེའུ་གསིང་དང ། རིག་པ་ འཛིན་པ་དང ། རི་དགས་དང ། བྱ་དང ། རི་ཁྲོད་དང ། ཆུ་གཤལ་དང་བཅས་པ་རྣམས་ལ་ལེགས་པར་བལྟས་པར་གྱུར་པས་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ལ་ཡང་དག་པར་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་ གནས་པ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་བྱང་ཕྱོགས་སྒྲ་མི་སྙན་ན་དགའ་བ་དང ། དགའ་བའི་རིགས་སུ་གྱུར་པ་དང ། དགའ་བར་གྱུར་པ་རིའི་ཕྲེང་བ་འཛིན་པ་ཞེས་བྱ་བ་གཞན་ཡོད་པ་མཐོང་ངོ ། །རི་བོ་དེ་ནི་རྣམ་པར་བཀྲ་བའི་ཕྲེང་བ་རྣམས་འཛིན་པ་ཡིན་ 71-1-206b པས་དམར་པོ་དང ། སྔོན་པོ་དང ། དཀར་པོ་དང ། མཐིང་ག་དང ། སེར་པོ་དང ། རྣམ་པ་སྣ་ཚོགས་རྣམས་འདྲེས་པའི་མདོག་གི་ཁ་དོག་དང་ཡང་ལྡན་པའི་ལྗོན་ཤིང་གི་རིགས་རྣམས་ཡོད་དོ། །འདི་ལྟ་སྟེ། སྟ་བ་ཀའི་ཤིང་དང ། མྱ་ངན་མེད་དང ། གསེར་གྱི་ལོ་མ་དང་ལྡན་པ་ དང ། འཁྲི་ཤིང་དང ། ཤིང་གེལ་པས་གཡོགས་པར་གྱུར་པ་རྣམས་སོ། །འདི་ལྟ་སྟེ། ཤིན་ཏུ་གྲོལ་བར་གྱུར་པའི་འཁྲི་ཤིང་རྣམས་དང ། དགའ་བའི་ལོ་མ་དང་རླུང་གི་ཤུགས་ཀྱིས་རབ་ཏུ་གཡོ་བའི་ལོ་མ་རྣམས་སོ། །འདི་ལྟ་སྟེ། ཤིང་ནི་ཙུ་ལ་དང ། བཻ་ཌཱུརྱའི་འདབ་མ་དང ། ཆུ་ལ་སྐྱེས་པ་དང་རྣམས་སོ། །འདི་ལྟ་སྟེ། བརྒྱ་ལ་ཅུང་ཟད་དང་བི་དྲུ་མའི་འདབ་མ་དང་ཉི་མ་མཐོང་བས་དགའ་བར་འགྱུར་བ་རྣམས་སོ། །འདི་ལྟ་སྟེ། ཏི་ལ་ཀཱ་ས་དང་ཟླ་བའི་འོད་ཀྱིས་དགའ་བ་དང་རྣམས་སོ། །འདི་ལྟ་སྟེ། ཀུ་མུ་དའི་ཚོགས་དང་ཉི་མ་འཕོ་བ་དང་རྣམས་སོ། ། འདི་ལྟ་སྟེ། དུས་སུ་འདོད་པ་དང་ཟླ་བ་ཕྱེད་པ་དང་བཅས་པ་ན་དགའ་བ་རྣམས་སོ། །འདི་ལྟ་སྟེ། ཨུད་པ་ལ་མཚན་མོ་དགའ་བའོ། །འདི་ལྟ་སྟེ། བནྡྷུ་ཛཱི་བི་ཀ་དང་དེའི་རྗེས་ཐོགས་ལ་འབྲས་བུ་འབྱུང་བ་དག་གོ། །འདི་ལྟ་སྟེ། ཨ་མྲ་དང་དུ་བའི་དྲིས་ལྷག་པས་བསྒོས་པ་དག་གོ། ། འདི་ལྟ་སྟེ། མྱ་ངན་མེད་སྔོན་པོ་དང་རེག་པར་བཟོད་པ་དག་གོ། །འདི་ལྟ་སྟེ། ཀུནྡཱ་དང་ཤིན་ཏུ་འཇམ་པ་དང་རྣམས་སོ། །འདི་ལྟ་སྟེ། ཤི་རཱི་ཥཱཿ དང་གོམ་པ་བོར་བར་བཟོད་པ་དག་གོ། །འདི་ལྟ་སྟེ། སེམས་པ་དང་དྲོ་བས་དགའ་བར་འགྱུར་བའི་དྲིའོ། །འདི་ལྟ་སྟེ། ཀུངྐུ་ མ་དང ། ཀུ་སུ་མཱ་དང ། ཡུལ་གཞན་དུ་རྣམ་པར་རྒྱུ་བ་རྣམས་སོ། །འདི་ལྟ་སྟེ། ཀོ་བི་ད་རཱ་དང་བཟང་པོ་མཐོང་བ་དག་གོ། །འདི་ལྟ་སྟེ། ཡིད་བདེ་བ་དང་ལྷའི་སྐྱེ་བོ་རྣམས་དགའ་བའོ། །འདི་ལྟ་སྟེ། ནཱི་ལ་ཨུད་པ་ལ་དང ། པད་མ་དང ། པད་མ་མཚོ་སྐྱེས་དང ། དུས་ཐམས་ ཅད་ཀྱི་མེ་ཏོག་ཅན་རྣམས་སོ། །འདི་ལྟ་སྟེ། སེངྒེ་སཝ་བྲཱཿ དང་ཀ་དམྦ་དགའ་བ་དག་གོ། །འདི་ལྟ་སྟེ། ཆུས་དགའ་བར་འགྱུར་བ་དང་རྐང་པའི་མཐིལ་གྱིས་བརྒྱབ་པས་མེ་ཏོག་འབྱུང་བའོ། །འདི་ལྟ་སྟེ། མྱ་ངན་མེད་དང་རང་བཞིན་གྱིས་དྲི་དང་ཁ་དོག་རྣམས་དགའ་བར་གྱུར་པའོ། ། 71-1-207a འདི་ལྟ་སྟེ། ཨ་ཌ་ཀ་དང་སྟེ། དེ་ལྟར་དེ་དག་རྣམས་ནི་ཇི་ལྟར་གཙོ་བོར་གྱུར་པའི་ལྗོན་ཤིང་མེ་ཏོག་གིས་ཕྱུག་པ་རྣམས་ཡོངས་སུ་བསྒྲགས་པ་ཡིན་ཏེ། མེ་ཏོག་གི་ལྗོན་ཤིང་གི་རིགས་ཉི་ཤུ་རྩ་གཉིས་ཡིན་ནོ། །ཕྲེང་བ་འཛིན་པའི་རི་བོའི་ཉེ་འཁོར་རྣམས་ན་ཕན་ཚུན་ དུ་བསྐྱོད་པས་ལོ་འདབ་རྣམས་འཁྲིལ་བར་འགྱུར་བའི་ལྗོན་ཤིང་རྣམས་ཡིན་ནོ། །བུང་བའི་རིགས་ཀྱི་ཚོགས་རྣམས་ཀྱིས་ཉེ་བར་གང་བ་ཡིན་ཏེ། བུང་བ་དེ་དག་རྣམས་ཀྱང་ལ་ལ་བཻ་ཌཱུརྱའི་མདོག་ཡིན་ནོ། །ལ་ལ་ནི་གསེར་གྱི་མདོག་ཡིན་ནོ། །ཁ་ཅིག་ནི་དངུལ་གྱི་མདོག་ཏུ་རྣམ་པར་སྣང་ངོ ། ། ཁ་ཅིག་ནི་གུར་གུམ་གྱི་མདོག་གོ། །ཁ་ཅིག་ནི་སྔོན་པོའོ། །ཁ་ཅིག་ནི་རྣམ་པར་འདྲེས་པར་གྱུར་པའོ། །ཁ་ཅིག་ནི་མཚོ་ལ་རྒྱུ་བའོ། །ཁ་ཅིག་ནི་ལྗོན་ཤིང་ལ་རྒྱུ་བའོ། །ཁ་ཅིག་ནི་ཤིང་གེལ་བ་ལ་རྒྱུ་བའོ། །ཁ་ཅིག་ནི་ཐམས་ཅད་ལ་རྒྱུ་བའོ། །བྱ་རྣམས་ཀྱང་ཁ་ཅིག་ནི་ གསེར་འབར་བའི་ལུས་ལ་དངུལ་གྱི་མདོག་གི་སྒྲོའོ། །ཁ་ཅིག་ནི་དངུལ་གྱི་ལུས་ལ་གསེར་གྱི་སྒྲོའོ། །ཁ་ཅིག་ནི་བི་དྲུ་མའི་ལུས་ལ་བཻ་ཌཱུརྱའི་སྒྲོའོ། །ཁ་ཅིག་ནི་བཻ་ཌཱུརྱ་དང་འདྲ་བར་གྱུར་པའི་ལུས་ལ་ཨིནྡྲ་ནཱི་ལའི་སྒྲོ་རྣམས་སོ། །ཁ་ཅིག་ནི་ཤེལ་གྱི་མདོག་གི་ལུས་ལ་སྒྲོ་རྣམས་གསེར་ གྱི་སྒྲོའི་རང་བཞིན་ནོ། །ཁ་ཅིག་ནི་རིན་པོ་ཆེ་གསུམ་གྱི་ལུས་སུ་གྱུར་པ་འདི་ལྟ་སྟེ། ལུས་ནི་གསེར་གྱི་མདོག་གོ། །སྒྲོ་རྣམས་ནི་དངུལ་གྱི་མདོག་གོ། །རྒྱབ་ནི་བཻ་ཌཱུརྱའི་མདོག་གོ། །ཁ་ཅིག་ནི་རིན་པོ་ཆེ་བདུན་གྱི་མདོག་གི་བྱ་རྣམས་ལ་འདི་ལྟ་སྟེ། ཨིནྡྲ་ནཱི་ལ་དང ། མ་ར་ཀ་ཏ་ དང ། ཤེལ་དང ། མུ་ས་ར་གལྦ་དང ། བི་དྲུ་མ་དང ། སུ་ཀུ་མཱ་རི་ཀཱ་དང ། པདྨ་ར་གའི་མདོག་རྣམས་སོ། །དེ་ལྟར་རང་གི་ལས་ཀྱིས་རྣམ་པར་བཀྲ་བའི་ལུས་ཅན་རྣམས་ཡིན་ཏེ། གཟུགས་རྣམ་པ་དུ་མར་གྱུར་པའི་བུང་བ་རྣམས་དང་བྱ་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་སྒྲོ་དང་ལྡན་ པ་དང་རྗེས་སུ་འཐུན་པ་རྣམ་པ་སྣ་ཚོགས་པའི་སྐད་རྗོད་པར་བྱེད་པ་ཡིན་ནོ། །ལས་སྣ་ཚོགས་པ་རྣམས་ཀྱི་ལུས་རྣམ་པར་བཀྲ་བར་གྱུར་པ་ཡིན་ནོ། །ཁ་དོག་དང་དྲི་དང་ཕྲེང་བ་དང་ལྡན་པའི་མེ་ཏོག་དུ་མ་རྣམས་འབྱུང་བ་ཡང་འདི་ལྟ་སྟེ། གཟུགས་དུ་མ་རྣམས་ཡིན་ནོ། །སྐྱེས་བུ་རྣམས་ 71-1-207b ཀྱིས་རང་གིས་ལས་བྱས་པར་གྱུར་པའི་རང་བཞིན་ཇི་ལྟ་བ་བཞིན་ནོ། །ལྗོན་ཤིང་རྣམས་ཀྱང་གཟུགས་དང་དྲི་སྣ་ཚོགས་པ་ཡིན་ཞིང ། བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་དབང་གིས་ཤིང་རྒྱན་རྒྱུ་དང ། རྡོ་བ་དང ། ཆུ་ཀླུང་དང ། ཁྲུས་ཀྱི་རྫིང་བུ་རྣམས་ཀྱང་རྣམ་པ་དུ་མར་དགའ་ བར་གྱུར་པ་དང ། ཡིད་ལ་སྨོན་པ་བཞིན་དུ་རྣམ་པར་བཀྲ་བ་ཡིན་ཏེ། སྔོན་ལེགས་པར་བྱས་པའི་ལས་རྣམས་ཀྱི་རྒྱུ་མཚན་གྱིས་རིན་པོ་ཆེ་རྣམས་དང་ཡང་ལྡན་པ་དང ། ཟས་སྐོམ་གྱི་ཆུ་བོ་རྣམས་ཀྱིས་རྣམ་པར་བརྒྱན་པ་དང ། ལྗོན་ཤིང་དགའ་བར་གྱུར་པ་དང ། སའི་ཉེ་འཁོར་ གྱི་ཆ་དེ་དང་དེ་དག་རྣམས་ལ་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་རྣམས་རྩེ་དགའ་བར་བྱེད་དོ། །ཕྲེང་བ་འཛིན་པའི་རིའི་ཉེ་འཁོར་རྣམས་ན་རབ་ཏུ་གནས་པའི་སྐྱེས་བུ་གང་ཡིན་པ་དེ་དག་རྣམས་ལ་རྟག་ཏུ་འགྱིང་བག་ཅན་ཞེས་བྱ་བའི་མིང་འབྱུང་བར་འགྱུར་རོ། །ཕྲེང་བ་འཛིན་པའི་ཉེ་འཁོར་ རྣམས་ལ་སྐྱེས་བུ་གང་དག་འགྱིང་བག་ཅན་ཡིན་ཏེ། ཇི་ལྟར་ཡོངས་འདུ་ས་བརྟོལ་གྱི་རྩ་བ་ན་ལྷ་རྣམས་ཀྱི་དབྱར་ཟླ་བ་བཞི་པོ་རྣམས་མ་གཏོགས་པ་དང ། ལྷ་རྣམས་ལ་མིག་འཛུམས་པ་མེད་པ་དང ། ཤ་དང ། རུས་པ་དང ། ཆུ་སེར་དང ། པགས་པ་མེད་པ་རྣམས་དང་འདི་དག་ རྣམས་མ་གཏོགས་པ་ལྷ་རྣམས་དང་བྱང་ཕྱོགས་སྒྲ་མི་སྙན་གྱི་སྐྱེས་བུ་རྟག་ཏུ་འགྱིང་བག་ཅན་རྣམས་ནི་ཐམས་ཅད་ཀྱང་མཚུངས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ལས་དང་ཆོས་ལ་ཡང་དག་པར་ཀུན་ཏུ་ལྟ་བར་བྱེད་དེ། སེམས་ཅན་དེ་དག་རྣམས་ནི་རྒྱགས་པ་རྣམ་པ་གསུམ་གྱིས་ རྒྱགས་པར་གྱུར་ནས་ལེགས་པར་སྤྱོད་པ་རྣམས་སྤྱོད་པར་མི་བྱེད་དོ། །འདི་ལྟ་སྟེ། གཟུགས་ཀྱིས་རྒྱགས་པ་དང ། ལང་ཚོའི་རྒྱགས་པ་དང་།གསོན་པའི་རྒྱགས་པ་རྣམས་ཀྱིས་རྒྱགས་པར་གྱུར་པའི་ཕྱིར་ན། ལུས་ཀྱིས་ལེགས་པར་སྤྱད་པ་རྣམས་མི་སྤྱོད་དོ། །ངག་གིས་ལེགས་ པར་སྤྱད་པ་རྣམས་མི་སྤྱོད་དོ། །ཡིད་ཀྱིས་ལེགས་པར་སྤྱད་པ་རྣམས་མི་སྤྱོད་དོ། །ལེགས་པར་བྱས་པའི་ལས་ཀྱི་ལྷག་མ་རྣམས་ཀྱིས་ལྷ་རྣམས་སུ་སྐྱེའོ། །ལྷའི་འཇིག་རྟེན་དེ་ལས་ཤི་འཕོས་པར་གྱུར་ནས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་དང ། མི་རྣམས་སུ་སྐྱེ་བར་ 71-1-208a འགྱུར་ཏེ། གང་གི་ཕྱིར་སྲེད་པ་ནི་དུག་གི་མཆོག་ཟས་དང་འདྲེས་པ་ཡིན་པའི་ཕྱིར་སེམས་ཅན་རྣམས་ལ་མཆོག་ཏུ་རྩུབ་པ་དང ། མཆོག་ཏུ་འཆིང་བ་དང ། མཆོག་ཏུ་ཉམ་ང་བ་ཡིན་ནོ། །དེས་བཅིངས་པའི་ཕྱིར་ན་སེམས་ཅན་འདི་དག་རྣམས་ཀྱིས་ནི་ངེས་པ་ཁོ་ནར་ སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དག་ཀུན་ཏུ་མི་ཤེས་པ་ཡིན་ནོ། །མངར་བའི་མཆོག་ཏུ་གྱུར་པ་ལ་འབྲས་བུ་རྩུབ་པའི་འདོད་པ་རྣམས་ཐམས་ཅད་ནི་ཀིམ་པ་ཀ་སྨིན་པ་དང་འདྲ་བ་དང ། ས་འོག་གི་ཞགས་པ་དང་འདྲ་བ་ཡིན་པ་དེ་དག་སེམས་ཅན་གྱིས་མ་རིག་གོ། །གཡང་ས་ དང་འདྲ་བ་དང ། ཐམས་ཅད་ཀྱང་རྣམ་པར་འབྲལ་བ་དང ། འཆི་བའི་སྡུག་བསྔལ་དང ། སྡུག་བསྔལ་རྣམས་ལ་ཡང་དཔེ་མེད་པ་ཡིན་ནོ། །རི་ཆེན་པོའི་འབབ་ཆུའི་ཤུགས་ལྟར་གཡོ་བ་ཡིན་པས་ལང་ཚོ་ཡང་འདི་ན་རྟག་པ་མ་ཡིན་ཏེ། བརྟན་པ་དང་ཡོངས་སུ་མི་འགྱུར་བའི་ཆོས་ ཅན་གྱིས་གནས་སྐབས་གཅིག་ཀྱང་འགྲོ་བ་ལྔ་ན་ཡོད་པ་མ་ཡིན་ནོ། །འདི་ལྟར་ཉེས་པ་བྱས་པ་ལས་ཀྱི་འཁོར་ལོའི་རླུང་གིས་ཡང་དང་ཡང་འཁོར་བར་གྱུར་དུ་ཟིན་ཀྱང་སྲོག་ཆགས་འདི་དག་རྣམས་ནི་སྐྱོ་བ་ཡང་སྐྱེ་བར་མི་འགྱུར་རོ། །ཕྲེང་བ་འཛིན་པའི་རི་དང་ཉེ་འཁོར་གྱི་སྐྱེས་བུ་རྟག་ཏུ་ འགྱིང་བག་ཅན་རྣམས་ལ་ཡང་ཡང་དག་པར་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་ལ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་རིའི་རིགས་སུ་གྱུར་པའམ། ཆུ་ ཀླུང་གི་རིགས་སུ་གྱུར་པའམ། ཁྲུས་ཀྱི་རྫིང་བུའི་རིགས་སུ་གྱུར་པ་གང་ཡིན་པ་དེ་དག་དགའ་བ་དང ། ཤིན་ཏུ་དགའ་བ་དང ། མཆོག་ཏུ་དགའ་བར་གྱུར་པ་གཞན་གང་དག་ཅེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་ཕྱོགས་སྒྲ་མི་སྙན་ན་ཤིན་ ཏུ་དགའ་བར་གྱུར་པའི་རིའི་རིགས་གཞན་དག་ཀྱང་ཡོད་དོ། །འདི་ལྟ་སྟེ། དུས་ན་དགའ་བ་ཞེས་བྱ་བའི་རི་བོ་རྒྱར་དཔག་ཚད་སྟོང་ཡོད་པ་མཐོར་དཔག་ཚད་སུམ་ཅུ་པར་གྱུར་པའོ། །དེ་ལ་ཡང་དུས་དྲུག་པོ་འདི་དག་རྣམས་ཉིད་རྟག་ཏུ་ཉེ་བར་གནས་པ་ཡིན་ཏེ། འདི་ལྟ་སྟེ། དགུན་སྟོད་དང་། 71-1-208b དགུན་སྨད་དང ། སོས་ཀ་དང ། དཔྱིད་ཀ་དང ། དབྱར་དང ། སྟོན་ལ་སོགས་པའོ། །རི་དེ་ལ་ཡུལ་ཕྱོགས་འདི་དག་དང ། དགུན་སྟོད་ནི་གང་དག་ཡིན་ཞིང ། དེ་ལ་ཡང་དགུན་སྟོད་སྐྱེ་བའི་ལྗོན་ཤིང་གི་མེ་ཏོག་རབ་ཏུ་རྒྱས་པ་གང་རྣམས་ཡིན་ན། དེ་ལ་དགུན་སྟོད་སྐྱེ་བའི་ ལྗོན་ཤིང་གི་རིགས་རྣམས་ནི་འདི་ལྟ་སྟེ། ས་རི་ཤཱངྒ་ན་དང ། ཁྲོ་བ་དང ། བད་ཀྱིས་རྒས་པ་དང ། བུང་བ་བགྲོད་པར་བྱེད་པ་དང ། དེ་ངེས་པར་དྲི་ཞིམ་པ་དང ། མྱུ་གུ་མེད་པ་དང ། ཙཀྲ་བཱ་ཀཱས་རྗེས་སུ་སྒྲ་སྒྲོགས་པ་དང ། མཆོག་ཏུ་དགའ་བར་འགྱུར་བའི་མེ་ཏོག་དང ། གླུ་ཕུན་སུམ་ཚོགས་པ་དང ། ཟབ་མོར་སྐྱེས་པ་དང ། ནི་ཏཱནྟཾ་དང ། མཆོག་ཏུ་ཁྲོ་བ་དང ། ཉི་མ་དང་བཅས་པ་དང ། མེ་ཏོག་བཅོ་ལྔ་པོ་དེ་དག་རྣམས་ནི་དགུན་སྟོད་ཀྱི་དུས་སུ་སྟེ། དགུན་སྟོད་སྐྱེ་བ་རྣམས་ཡིན་ནོ། །དུས་ན་དགའ་བའི་རི་བོའི་ཡུལ་ཕྱོགས་གཉིས་པ་ལ་ནི་ དགུན་སྨད་ཀྱི་དུས་སུ་འབྱུང་བ་རྣམས་ཡིན་ནོ། །དེ་ལ་མེ་ཏོག་གི་རིགས་འདི་དག་རྣམས་དུས་སུ་དགའ་བའི་རི་ལ་དགུན་སྨད་ཁ་འབྱེ་བ་ཡིན་ཏེ། བྱང་ཕྱོགས་སྒྲ་མི་སྙན་པའི་རི་ལ་བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་དབང་གི་འབྲས་བུ་ཡིན་ནོ། །དུས་ན་དགའ་བའི་རི་བོའི་ཡུལ་ཕྱོགས་ གཞན་ལ་ནི་སོས་ཀའི་དུས་སུ་འབྱུང་བར་འགྱུར་ཏེ། དེ་ལ་མེ་ཏོག་གི་རིགས་ནི་འདི་དག་རྣམས་ཡིན་ནོ། །འདི་ལྟ་སྟེ། ཤིན་ཏུ་ཁ་བྱེ་བ་དང ། པད་མ་དང ། ཀུ་ར་བ་ཀཾ་དང ། དྲི་མང་བ་དང ། བུང་བ་འཁོར་བ་དང ། ས་མ་མ་ཏ་དང ། མྱ་ངན་མེད་དང ། ཀིཾ་ཤུ་ཀ་དང ། མྱ་ངན་ མེད་སྔོན་པོ་དང ། འགྲིབ་པ་མེད་པའི་དྲི་དང ། ཀུ་མུ་ད་དང ། ་མྲེ་ཌེ་ཀང་དང ། ཀླུང་དུ་སྐྱེ་བ་དང་ལྡན་པ་དང ། ནི་ཙི་ཏ་དང ། ལ་མྲ་དང ། པཱནྟི་ཀཾ་དང ། མེ་ཏོག་ལ་བྱ་དགའ་བ་དང ། རྟག་ཏུ་མེ་ཏོག་ཁ་འབྱེ་བ་དང ། འདབ་མ་སྟོང་པ་དང་རྣམས་ཡིན་ནོ། །ཉི་ཤུ་པོ་ འདི་དག་རྣམས་ནི་སོས་ཀའི་དུས་སུ་ཡིན་ཏེ། ཡུ་ཏི་ཀ་དང་དུས་སུ་རྒྱུ་བའི་མེ་ཏོག་གི་རིགས་རྣམས་ཀྱང་ཡིན་ནོ། །དུས་སུ་དགའ་བའི་རིའི་ཡུལ་ཕྱོགས་གཞན་ལ་ནི་དཔྱིད་ཀྱི་མེ་ཏོག་གི་རིགས་འདི་དག་རྣམས་འབྱུང་ངོ ། །འདི་ལྟ་སྟེ། ཙམྤ་ཀ་དང ། སུ་མ་ན་སཿ དང ། གསེར་གྱི་ཡུ་ 71-1-209a ཏི་ཀ་དང ། དུས་ན་རྒྱུ་བ་དང ། དུ་བས་གྲོལ་བའི་དྲི་དང ། པད་མ་དང ། བུང་བ་གནས་པ་དང ། པ་ས་སཾ་དང ། ཤཱི་ཏ་ཏི་དང ། ་མྲ་དང ། དྲི་མཉམ་པ་དང ། དྲི་རྟག་པ་དང ། ཟངས་ཀྱི་རོ་དང ། རླུང་གིས་འདེབས་པ་དང ། འདབ་མ་བརྒྱ་པ་དང ། ཏ་མའི་རོ་དང ། ཉི་མ་ཕྱེད་པ་དང ། ཙུལཝ་ལན་དང ། ཏི་ལའི་དངོས་པོའི་མདོག་དང ། བྱིས་པའི་མེ་ཏོག་དང ། ཛ་ཏི་ལཝ་དང་རྣམས་ཏེ། མེ་ཏོག་གི་རིགས་ཉི་ཤུ་པོ་དེ་དག་རྣམས་ནི་དཔྱིད་ཀྱི་དུས་ན་འབྱུང་སྟེ། བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ཀྱི་ལེགས་པར་བྱས་པའི་ལས་ཀྱི་ དབང་གིས་དུས་ན་དགའ་བའི་རི་བོ་ལ་དཔྱིད་ཀྱི་དུས་ན་ཡིན་ནོ། །དུས་ན་དགའ་བའི་རིའི་ས་ཕྱོགས་གཞན་དག་རྣམས་ལ་ནི་དབྱར་གྱི་མེ་ཏོག་འདི་དག་རྣམས་འབྱུང་སྟེ། འདི་ལྟར་ཡང་ཀེ་ཏ་ཀ་དང ། ཀུ་ཊ་ཛང་དང ། བརྒྱ་འགྲོ་བ་དང ། ས་ལ་འགྱིང་ཞིང་དགའ་བར་གྱུར་པ་དང ། ད་རིའི་ ཕྲེང་བ་དང ། རྡོ་ལས་སྐྱེས་པ་དང ། ཀཱ་དམྤ་ལ་དགའ་བ་དང ། ངང་པ་འཁོར་བ་དང ། མེ་ཏོག་དྲི་ཞིམ་པོས་དགའ་བ་དང ། ཟངས་ཀྱི་རོ་དང ། ས་ལི་ལ་དང ། ཙནྡྲཱ་དི་ཀཱ་དང་།ཀླུང་དུ་སྐྱེས་པ་དང ། རྩེ་མོ་མཐོང་བ་དང་རྣམས་ཏེ། སྟོན་ཀྱང་མེ་ཏོག་གི་རིགས་ཉི་ཤུ་པོ་དེ་ དག་རྣམས་འབྱུང་བ་ཡིན་ནོ། །དེ་ལ་དུས་ན་དགའ་བའི་རི་བོ་ལ་དེ་ལྟར་དེ་དག་རྣམས་དུས་དྲུག་ཏུ་ཡིན་ཞིང་ཉེ་འཁོར་རྣམས་ན་ཡང་དུས་ཀྱི་འཁོར་ལོ་སྟེ། དེ་དུས་དེ་དག་རྣམས་ཀྱིས་དེ་སྲིད་དུ་བྱང་ཕྱོགས་སྒྲ་མི་སྙན་རྟག་པ་ཁོ་ནར་དགའ་བར་གྱུར་པའི་མེ་ཏོག་དང ། འབྲས་བུ་དང ། དྲུ་མའི་ འབྲས་བུ་དང ། ལྗོན་ཤིང་དང ། ཁྲུས་ཀྱི་རྫིང་བུ་དང ། ཆུ་ཀླུང་གི་ངོས་རྣམས་ཀྱིས་ཀྱང་དུས་སུ་དགའ་བའི་རི་བོ་དེ་ལྟར་དགའ་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་རྣམས་ཀྱང་དུས་རྣམས་ལ་དེ་ལྟར་ཡིན་པ་ནི་སྔར་བཞིན་ནོ། །དུས་ན་དགའ་བའི་རིའི་ཉེ་འཁོར་ན་གནས་པར་འགྱུར་ བའི་སྐྱེས་བུ་དེ་དག་རྣམས་ནི་ད་རི་རིང་བ་ཞེས་བྱ་བའི་མིང་དུ་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ལས་ཀྱི་ཆོས་ལ་ཀུན་ཏུ་ལྟ་བར་བྱེད་དེ། ཇི་ལྟར་སེམས་ཅན་འདི་དག་རྣམས་སྔོན་ལེགས་པར་བྱས་པ་རྣམས་ཟད་པར་བྱེད་པ་ཡིན་པ་དང ། གསར་པ་རྣམས་ཀྱང་མི་བྱེད་པ་ཡིན་ལ། 71-1-209b དེ་དག་རྣམས་ནི་སོ་སོར་མངོན་པར་ཤེས་པ་ཡང་མ་ཡིན་ནོ། །ཇི་ལྟར་དུས་ཚོད་ཀྱི་འཁོར་ལོ་རྣམས་འཁོར་བར་གྱུར་པའི་དུས་ན་སྐྱེས་བུ་འདི་དག་རྣམས་ཀྱི་ཚེ་ཀུན་ནས་གཅོད་པར་བྱེད་པ་ཡིན་ནོ། །དུས་ཀྱི་མེས་ཚེའི་ཤིང་རྣམས་སྲེག་པར་བྱེད་དོ། །དུས་ཀྱི་རྡོ་རྗེས་ཚེའི་ལོ་ཏོག་རྣམས་འཇོམས་ པར་བྱེད་དོ། །དུས་ཀྱི་སེང་གེས་སྐྱེས་བུ་རི་དགས་རྣམས་རབ་ཏུ་བཅོམ་ནས་ཟ་བར་བྱེད་དོ། །འཆི་བདག་གི་དུས་ནི་ཆུ་བོ་དང་མཚུངས་པས་སྐྱེས་བུའི་ལྗོན་ཤིང་རྣམས་མངོན་པར་བསྡུས་ཤིང་བསྐྱེད་ནས་འཇོམས་པར་བྱེད་དོ། །དུས་ནི་སྤྱང་ཀུ་དང་མཚུངས་པ་དང་སྦྲུལ་དང་མཚུངས་ པའི་ཕྱིར་ན་སྐྱེས་བུ་རྣམས་གསོད་པར་བྱེད་དོ། །འཆི་བདག་ནི་གླང་པོ་ཆེ་དང་འདྲ་བས་རྩཝ་ཀ་ཏ་པ་ཏ་དང་མཚུངས་པའི་ཁམ་གྱིས་མིད་པར་བྱེད་དོ། །འཆི་བདག་ནི་རླུང་དང་མཚུངས་པས་སྐྱེས་བུའི་ལྗོན་ཤིང་རྣམས་རྩ་བ་ནས་སྒྱེལ་བར་བྱེད་དོ། །སྐྱེ་བོ་རྣམས་ཐམས་ཅད་ཀྱིས་ཀྱང་ སྤང་བར་མི་ནུས་པའི་འཆི་བདག་གི་འཇིགས་པ་དེ་དག་རྣམས་སྐྱེས་བུ་རྣམས་ཅིའི་ཕྱིར་ཀུན་ཏུ་མ་རྟོགས་པ་ཡིན་ནོ། །གང་གིས་ལང་ཚོ་ལ་བབ་པ་རྣམས་ཐམས་ཅད་ལ་ཡང་ཅོ་འདྲི་བར་བྱེད་པ་དང ། སྟོབས་རྣམས་ཐམས་ཅད་འཇིག་པར་བྱེད་པ་དང ། སྐྱེ་བོ་རྣམས་ཐམས་ཅད་ཀྱིས་ བཞད་གད་དུ་བྱེད་པའི་རྒས་པ་ཡང་མཐོང་བ་མ་ཡིན་ན། རྟེན་ཉམ་ཆུང་བར་བྱེད་པ་དང ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་རྣམས་དང་ཉེ་བར་འགལ་བར་བྱེད་པ་དང ། ཁ་ཆུ་རྣམ་པར་འཛག་པར་བྱེད་པ་དང ། སྒུར་པོར་བྱེད་པ་དང ། འགྲམ་ པ་དང ། སོ་དང ། ཐོད་པ་དང ། ཚིགས་པ་དང ། གནད་དང ། རྒྱུས་པ་རྣམས་ཉམས་པར་བྱེད་པ་དང ། འགྲོ་བ་དང་འོང་བའི་གནས་རྣམས་ལ་གེགས་བྱེད་པ་པོར་གྱུར་པ། ལང་ཚོ་ལ་བབ་པ་རྣམས་ཐམས་ཅད་ལ་འགྲན་ཟླར་གྱུར་པ། ལང་ཚོ་ལ་བབ་པ་རྣམས་ཐམས་ཅད་ཀྱང་ཁ་ ཉེན་པའི་སར་གྱུར་པ། འཆི་བདག་རྒྱལ་པོའི་གྲོང་ཁྱེར་དུ་འཇུག་པར་བྱེད་པ་པོ་དགའ་བ་དང ། སྟོབས་དང་སྤྲོ་བ་རྣམས་འཇིག་པར་བྱེད་པ་པོ། སྒྱུ་སྙོམ་པ་ལ་དགའ་བར་གྱུར་པའི་ས་པ། སྣབས་དང་གཅིན་དང་རྟུག་པ་རྣམས་མང་བར་གྱུར་པ། རྟག་ཏུ་ཡང་མལ་སྟན་ལ་ལྷག་པར་ 71-1-210a སྙོམ་ལས་སུ་བྱེད་པ་པོར་གྱུར་པ། སེམས་ཅན་བག་མེད་པ་འདི་དག་རྣམས་ཀྱིས་ཅིའི་ཕྱིར་མ་མཐོང ། གང་གི་ཚེ་འཇིགས་པར་འགྱུར་བའི་ནད་ཀྱི་འཇིགས་པ་ཡང་ངེས་པར་འཇིགས་པར་གྱུར་པས་ཤིན་ཏུ་ཉེ་བར་གནས་པ་ཡིན་ཏེ། དེས་ནི་ཁམས་རྣམས་འཁྲུག་ པར་བྱེད་པ་དང ། དབང་པོ་རྣམས་ཐམས་ཅད་ཀྱང་ལོངས་སྤྱོད་པར་བྱེད་པ་དང ། རྒྱུས་པ་དང ། རྐང་མར་དང ། བཅུད་དང ། པགས་པ་དང ། ཁྲག་དང ། ཤ་དང ། ཚིལ་དང ། རུས་པ་དང ། ཁུ་ཆུ་དང་རྣམས་ཐམས་ཅད་ཀྱང་ཀུན་ཏུ་སྐམས་པར་བྱེད་པ་དང ། ཁུ་བ་ རྣམས་ཐམས་ཅད་ཀྱི་འགྲན་ང་བའི་དགྲར་གྱུར་པ་དང ། ལངས་པར་བྱ་བ་དང ། ལེགས་པར་འདུག་པར་ཡང་མི་བཟད་པ་སྨན་དང ། སྨན་པ་ལ་ལྟོས་ནས་བཟློག་པར་བྱ་བ་བཟའ་བ་དང ། བཏུང་བ་དང ། བལྡག་པ་དང ། མྱང་བར་བྱ་བ་ལ་སོགས་པ་རྣམས་ཐམས་ཅད་ཀྱང་མི་གཙང་ བ་ལྟ་བུར་གྱུར་པ། རིད་པ་དང་ཉམ་ཆུང་བ་དང་གཉིད་ཕལ་ཆེ་བར་འགྱུར་ཏེ། པགས་པ་དང ། རུས་པ་ཙམ་དང ། སྐྱེ་བོ་ཐམས་ཅད་རང་གི་སྐྱེ་བོ་དང ། གྲོགས་པོ་དང ། ཉེ་འབྲེལ་དང ། བུ་དང ། ཆུང་མ་དང་བཅས་པ་འཆི་བདག་དང་འདྲ་བའི་སྡུག་བསྔལ་གང་ཡིན་པའི་ ནད་ཀྱི་འཇིགས་པས་བདག་ཉིད་བྱིང་བར་འགྱུར་བར་རྟོགས་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་དེ་སྐྱེས་བུ་བག་མེད་པར་གྱུར་པ་དེ་དག་རྣམས་ལ་རྗེས་སུ་བརྩེ་བར་འགྱུར་རོ། །བརྩེ་བར་གྱུར་པས་ཀྱང་འདིའི་ཚངས་པའི་གནས་ཀྱི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་འདི་ལྟ་སྟེ། བྱམས་པ་དང ། སྙིང་རྗེ་དང ། དགའ་བའོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དེས་བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་བག་མེད་པས་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བར་བྱེད་དོ། །འཁོར་བའི་བདག་ཉིད་ནི་ཤིན་ཏུ་དམན་པ་ཡིན་པར་མཐོང་ངོ ། །དབུ་བ་དང་ཆུའི་ཆུ་བུར་ལྟ་བུར་གྱུར་ པའི་ལུས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །སྒྱུ་མ་ལྟ་བུར་གྱུར་པའི་རྣམ་པར་ཤེས་པ་ལ་ཡེ་ཤེས་ཀྱིས་ཀུན་ཏུ་ལྟ་བར་བྱེད་དོ། །རྨི་ལམ་གྱི་ནང་དང་འདྲ་བར་གྱུར་པའི་ཕུན་སུམ་ཚོགས་པ་རྣམས་ལ་ཀུན་ཏུ་ལྟ་བར་བྱེད་དོ། །ངེས་པ་ཁོ་ནར་ཡང་ཡིད་འབྱུང་བར་འགྱུར་རོ། །གཞན་ཡང་རྣལ་ 71-1-210b འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་རིའི་རིགས་སམ། ཆུ་ཀླུང་གི་རིགས་སམ། ལྗོན་ཤིང་གི་རིགས་སུ་གྱུར་པ་དགའ་བ་དང ། ཤིན་ཏུ་དགའ་བ་དང ། མཆོག་ཏུ་དགའ་བར་གྱུར་པ་གཞན་ཅི་ཞེ་ན། དེས་ཐོས་པ་ལས་ བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་གི་སྒྲ་མི་སྙན་ན་རི་གཞན་ཀུན་དགའ་བ་འཛིན་པ་ཞེས་བྱ་བ་དཔག་ཚད་སྟོང་པ་ཡོད་དོ། །རི་ཀུན་དགའ་བ་འཛིན་པའི་ཉེ་འཁོར་ན་ནི་རྒྱུ་འཐུན་པ་ཞེས་བྱ་བའི་ནགས་དཔག་ཚད་ལྔ་བརྒྱ་པ་ཡོད་དོ། །ནགས་དེ་ ན་ནི་འབྱུང་ཁུངས་རྣམས་ཐམས་ཅད་དང་ལྡན་ནོ། །དེ་ལ་འབྱུང་ཁུངས་འདི་དག་རྣམས་ཡོད་དེ། འདི་ལྟ་སྟེ། གསེར་གྱི་འབྱུང་ཁུངས་དང ། དངུལ་གྱི་འབྱུང་ཁུངས་དང ། ཟངས་ཀྱི་འབྱུང་ཁུངས་དང ། ཆང་གི་འབྱུང་ཁུངས་དང ། སྦྲང་རྩིའི་འབྱུང་ཁུངས་དང ། རོ་དྲུག་གི་ འབྱུང་ཁུངས་རྣམས་ཏེ། འབྱུང་ཁུངས་དེ་དག་དང་གཞན་དག་རྣམས་ཀྱང་དེ་དག་ལ་ཡོད་པ་ཡིན་ནོ། །རྒྱུ་འཐུན་པའི་ཉེ་འཁོར་རྣམས་ནི་དགའ་བར་གྱུར་པ་ཡིན་ཏེ། གང་ལ་བཻ་ཌཱུརྱ་དང་མཚུངས་པར་གྱུར་པའི་ལྗོན་ཤིང་རྣམས་ལ་ནི་མེ་ཏོག་གི་འཁྲི་ཤིང་རྣམས་ཀྱིས་ཡོངས་སུ་བསྐོར་ བ་དང ། གསེར་གྱི་འདབ་མའི་པད་མའི་རྫིང་བུ་རྣམས་ཀྱི་ནི་དངུལ་གྱི་ཡུ་བ་ཅན་ཡིན་ནོ། །དངུལ་གྱི་འདབ་མ་ལ་ནི་གསེར་གྱི་ཡུ་བ་ཅན་ཡིན་ནོ། །གསེར་དང་དངུལ་གྱི་འདབ་མ་རྣམས་ལ་ནི་བཻ་ཌཱུརྱའི་ཡུ་བ་ཅན་རྣམས་ཏེ། ཉི་མ་ཤར་མ་ཐག་ཐོག་ལྟར་དམར་བའི་པད་མ་རྣམས་ཀྱིས་ ཁྱབ་པར་གྱུར་པའི་པད་མའི་རྫིང་བུ་དེ་དག་རྣམས་ལ་བྱ་སྣ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པའོ། །འདི་ལྟ་སྟེ། ངང་པ་དང ། ཁྲུང་ཁྲུང་དང ། བེ་ཀཻཿ དང ། མཚོའི་ཁྲུང་ཁྲུང་དང ། ཀ་དམྦ་དང ། རི་དགས་ཀྱི་མགྲིན་པ་པ་དང ། ཆུ་བྱ་དང ། མ་ཏ་བྷ་བ་དང ། པལ་བཱཿ དང ། ཙཀྲ་བཱ་དང ། བཱ་ལུ་ཀཱ་དང ། ཱདྱཱཿ དང ། སཱ་ར་སཱི་དང ། བི་ལཱ་ལཱཿ དང ། དུས་སུ་རྗོད་པར་བྱེད་པ་དང ། ུཥྞ་བཱི་ར་བཿ དང ། མཚན་མོ་རྒྱུ་བ་དང ། པད་མའི་རྡུལ་ལ་དགའ་བ་དང ། སིནྡྷུའི་རླབས་དང ། རླབས་ལས་སྐྱེས་པ་དང་སྟེ། བྱའི་རིགས་ཉི་ཤུ་པོ་ 71-1-211a དེ་དག་རྣམས་པད་མའི་རྫིང་བུ་དེ་ན་ཡོད་དོ། །རྒྱུ་འཐུན་པ་ཞེས་བྱ་བའི་ནགས་ཀྱི་ཉེ་འཁོར་དེ་ལས་ཤིན་ཏུ་འདས་ནས་ཀུན་དགའ་བ་འཛིན་པའི་རིའི་ཕྱེད་དུ་གྱུར་པ་ན་དཔག་ཚད་བརྒྱ་ཡིན་ཏེ། དེ་ལ་འོད་མའི་ཀླུང་ན་ངེས་པར་གནས་པ་ཞེས་བྱ་བའི་སྐྱེས་བུ་རྣམས་ཡོད་ དོ། །གང་དག་གསེར་གྱི་རང་བཞིན་དུ་གྱུར་པའི་ལྗོན་ཤིང་གི་ཚོགས་ན་དེ་དག་གླུ་ལེན་པར་བྱེད་པ་ན་ཡང་ནམ་མཁའ་ལ་གནས་ནས་ལྷའི་བུ་མོ་རྣམས་ཀྱང་ཉན་པར་བྱེད་དོ། །ཆུ་ཀླུང་དང ། མཚེའུ་དང ། ཉེ་བའི་ནགས་དང ། བྱ་རྣམས་ཀྱང་ཕུན་སུམ་ཚོགས་པར་གྱུར་པ་ནི་ཡུལ་འདི་ ལ་ཡང་སྔར་གྱི་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་རྣམས་ཡང་དག་པར་རྗེས་སུ་མཐོང་སྟེ། སེམས་ཅན་འདི་དག་རྣམས་ནི་ངུ་བར་བྱར་ཡོད་པ་ལ་གླུ་ལེན་པར་བྱེད་དོ། །ཅིའི་ཕྱིར་འདི་དག་རྣམས་མ་མཐོང་བ་ཡིན། བག་ མེད་པས་བག་མེད་པར་རྣམ་པར་རྒྱུ་བའི་ཕྱིར་ན་དམྱལ་བ་པ་རྣམས་སུ་ནི་ངུ་བར་འགྱུར་བ་ཡིན་ན། ཀུན་ཏུ་གོ་བར་ཡང་མ་ཡིན་ནོ། །སྲེད་པའི་ཞགས་པའི་འཆིང་བས་བཅིངས་པར་གྱུར་པའི་སེམས་ཅན་རྣམས་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་གང་ཡིན་པ་དེ་རྣམས་བྱེད་ དོ། །དེའི་རྣམ་པར་སྨིན་པ་རྣམས་ནི་རྩུབ་པ་ཡིན་པས་དམྱལ་བ་དང་ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཡིན་པས་ཡང་སོས་དང ། ཐིག་ནག་དང ། བསྡུས་འཇོམས་དང ། ངུ་འབོད་དང ། ངུ་འབོད་ཆེན་པོ་དང ། ཚ་བ་དང ། རབ་ཏུ་ཚ་བའི་དམྱལ་བ་རྣམས་སུ་ངུ་བ་དང་ལྷང་ཀྱོག་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མངོན་པར་འཇོམས་པར་བྱེད་དོ། །འདོད་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲིའི་སྲེད་པ་རྣམ་པ་ལྔས་ཀུན་ནས་ཉེ་བར་བཅིངས་ནས་སྔོན་གྱི་མཐའ་དང་ཕྱི་མའི་ མཐའ་ལ་སེམས་ཅན་གྱི་རྒྱ་མཚོ་འཁོར་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་པས་འོད་མའི་ཀླུང་ལ་ངེས་པར་གནས་པའི་སྐྱེས་བུ་རྣམས་ལ་ཀུན་ཏུ་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་ལ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ 71-1-211b ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་ན་དགའ་བའམ་ཆེས་དགའ་བར་གྱུར་པ་གཞན་ཅི་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་ཕྱོགས་སྒྲ་མི་སྙན་ན་རི་གཞན་ཡང་ཡོད་དེ། ཡིད་ཀྱི་རྗེས་སུ་ འཐུན་པ་ཞེས་བྱ་བའི་དཔག་ཚད་ནི་སྟོང་དུ་གྱུར་པ་ཡིན་ནོ། །རི་དེའི་དགའ་བར་གྱུར་པ་རྣམས་ནི་མི་འམ་ཅི་མོ་རྣམས་ཀྱིས་རྟག་པ་ཁོ་ནར་གླུ་ལེན་པར་བྱེད་པ་ཡིན་ཏེ། རིའི་རྩེ་མོ་རྣམས་དང ། ནགས་རྣམས་དང ། ཉེ་བའི་ནགས་རྣམས་དང ། རི་ངོས་རྣམས་དང ། རིའི་ཕུག་རྣམས་ དང ། རྫིང་བུ་རྣམས་དང ། ཤིང་ཀེ་ཏ་ཀའི་ནགསརྣམས་དང ། ཀླུའི་ནགས་ཀྱི་ནང་རྣམས་དང ། ནཱ་རི་ཀེ་ལའི་ནགས་རྣམས་དང ། ཤིང་པ་ན་སའི་ནགས་རྣམས་དང ། ་རུ་རའི་ནགས་རྣམས་དང ། ་མྲའི་ནགས་རྣམས་དང ། ཆུ་ཤིང་གི་ནགས་རྣམས་དང ། གསེར་ གྱི་དཔལ་འབྲས་ཀྱི་ཤིང་གི་ནགས་རྣམས་དང ། ཀ་པིཏྠའི་ནགས་རྣམས་དང ། རྨ་བྱའི་ནགས་རྣམས་དང ། ཁུ་བྱུག་གི་ནགས་རྣམས་དང ། ནེ་ཙོའི་ནགས་ཀྱི་ནང་རྣམས་དང ། ཆུ་ཀླུང་དང ། ཁྲུས་ཀྱི་རྫིང་བུ་དང ། ཉེ་བའི་ནགས་རྣམས་དང ། པད་མའི་ཚལ་རྣམས་དང ། ུཏྤ་ལའི་ཚལ་རྣམས་དང ། སིནྡུ་བ་རའི་ནགས་རྣམས་དང ། གྲུབ་པའི་ནགས་རྣམས་དང ། ཙཱུ་ཏའི་ནགས་རྣམས་དང ། ཀུ་ར་རའི་ནགས་རྣམས་དང ། གསོན་པ་གསོན་པའི་ནགས་རྣམས་དང ། ཏཎྜའི་ནགས་རྣམས་དང ། རྫིང་བུ་དགའ་བར་གྱུར་པ་རྣམས་ལ་ཐམས་ ཅད་ཀྱང་རིན་པོ་ཆེའི་སྒྲ་སྙན་པ་ཡང་དག་པར་ལྡན་པ། སྐྱེ་བོ་རྣམས་ཐམས་ཅད་ཀྱི་རྣ་བར་ཡང་སྙན་པར་གྱུར་པ། སྲེད་པའི་ཟིལ་གྱིས་མནན་པར་གྱུར་པའི་བྱིས་པའི་བློ་ཅན་རྣམས་ལ་སླར་ཡང་བརྒྱ་འགྱུར་དུ་སྲེད་པའི་མེ་ཀུན་ཏུ་འབར་བར་འགྱུར་བར་མི་འམ་ཅི་མོ་རྣམས་ཀྱིས་གླུ་ལེན་པར་ བྱེད་དོ། །དེ་དག་གི་སྒྲ་དབྱངས་ཀྱིས་རི་དགས་རྣམས་ཀྱང་སྒྲ་འབྱིན་པར་བྱེད་དོ། །ལྷན་ཅིག་སྤྱོད་པར་བྱེད་དོ། །ལྷན་ཅིག་སྤྱོད་པར་གྱུར་པའི་བྱའི་ཚོགས་རྣམས་ཀྱང་ལྷན་ཅིག་ཏུ་རྩེ་དགའ་བར་བྱེད་དོ། །བདུད་རྩིར་རྟག་ཏུ་རུང་བའི་འབྲས་བུ་རྣམས་ཀྱང་ལེགས་པར་མིད་པར་བྱེད་ 71-1-212a དོ། །བུང་བ་རྣམས་ཀྱང་རྩི་དེག་ལ་འཐུང་བར་བྱེད་དོ། །རིག་པ་འཛིན་པ་རྣམས་དང་ལྷའི་བུ་མོ་རྣམས་ཀྱང་ནམ་མཁའ་ལ་འདུས་ནས་ཉན་པར་བྱེད་དོ། །དེ་ལྟར་ཡིད་ཀྱི་རྗེས་སུ་འཐུན་པའི་རི་ལ་མི་འམ་ཅི་མོ་དེ་དག་རྣམས་ཀྱི་གླུ་དགའ་ཞིང་སྙན་པ་ཡིན་ནོ། །རི་ དེའི་ཉེ་འཁོར་རྣམས་ན་ཡང་བཻ་ཌཱུརྱའི་རང་བཞིན་དང ། གསེར་གྱི་བྲག་དང ། དངུལ་གྱི་རྡོ་བ་དང ། བི་དྲུ་མའི་ལྗོན་ཤིང་དང ། མུ་ཏིག་གི་ཕྱེ་མ་དང ། བྱི་རུའི་ཀོང་བུ་རྣམས་དང ། ཤེལ་གྱི་རྡོ་བ་དང ། དུང་གི་ཀོང་བུ་འཇམ་པོ་རྣམས་དང ། གསེར་གྱི་པད་མའི་རྫིང་བུ་རྣམས་ལ་ངང་པ་རྣམས་ཀྱིས་ཉེ་བར་ མཛེས་པར་བྱས་པ་དང ། ལུས་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་ལས་གྲུབ་པའི་རི་དགས་རྣམས་དང ། ཀོ་ཀི་ལའི་སྒྲ་དང་བཅས་པའི་ནགས་དང ། རྨ་བྱ་དང ། ཤང་ཤང་ཏེའུའི་སྒྲ་སྙན་པ་རྣམས་དང ། ཁྲུས་ཀྱི་རྫིང་བུ་ན་བུང་བའི་སྒྲ་སྙན་པར་གྱུར་པ་རྣམས་ཏེ། དེ་ལྟར་ཡིད་ཀྱི་རྗེས་སུ་འཐུན་ པའི་རིའི་དགའ་བ་ཡིན་ནོ། །སྐྱེ་བོ་རྣམས་ཐམས་ཅད་ཀྱི་མིག་དང་རྣ་བར་སྡུག་ཅིང་སྙན་པ་ཡིན་ནོ། །ཐམས་ཅད་དུ་ཡང་རབ་ཏུ་དགའ་བ་དང ། རྒོད་པ་དང ། རོལ་པ་དང ། རྩེ་བར་བྱེད་པ་དང ། ཡོངས་སུ་སྤྱོད་པ་དང ། མི་ཕོ་མོ་དང ། བྱའི་ཚོགས་རྣམས་ཀྱིས་ཀྱང་ཡིད་བདེ་བར་ བྱེད་པ་ཡིན་ནོ། །རི་རབ་ལྷུན་པོ་གཉིས་པ་ལྟ་བུར་གྱུར་པ་དཔག་ཚད་ཉིས་སྟོང་འཕང་དུའོ། །མཐོ་བའི་ཡིད་ཀྱིས་རྗེས་སུ་འཐུན་པའི་རི་དེའི་འོད་ཀྱིས་དཔག་ཚད་ཉིས་སྟོང་དུ་མདོག་སྐྱ་བོར་བྱེད་དོ། །བཻ་ཌཱུརྱའི་འོད་ཀྱི་གཟི་བརྗིད་ཀྱིས་གསེར་གྱི་མདོག་དང་ལྗོན་ཤིང་སྔོན་པོ་རྣམས་ཀྱང་ཉེ་བར་བཅོམ་ནས་ རི་སྐྱ་བོར་བྱེད་དོ། །དཔེར་ན་རི་རབ་ལྷུན་པོའི་གསེར་མདོག་བཟང་པོའི་གཟི་བརྗིད་ཀྱིས་རྩཝ་རྣམས་ཐམས་ཅད་ཀྱང་གསེར་བཞིན་དུ་འགྱུར་རོ། །འདི་ལྟ་སྟེ། ཡིད་ཀྱི་རྗེས་སུ་འཐུན་པའི་རིའི་གཟི་བརྗིད་ཀྱིས་ཀྱང་ཐམས་ཅད་སྐྱ་བོར་འགྱུར་རོ། །རི་དགས་དང ། བྱ་དང ། ཆུ་དང ། མཚེའུ་ དང ། ཆུ་ཀླུང་དང ། ལྗོན་ཤིང་དང ། པད་མ་རྣམས་ཀྱང་ཕུན་སུམ་ཚོགས་པ་ནི་རི་འདི་ལ་ཡང་སྔར་གྱི་བཞིན་ནོ། །རི་བོ་ཡིད་ཀྱི་རྗེས་སུ་འཐུན་པའི་ཉེ་འཁོར་ན་སྐྱེས་བུ་གང་དག་རབ་ཏུ་གནས་པ་དེ་དག་རྣམས་ནི་སྐྱ་བོར་སྣང་བ་ཞེས་བྱ་བའི་མིང་དུ་འགྱུར་རོ། །སྐྱ་བོར་སྣང་བའི་སྐྱེ་བོ་རྣམས་ 71-1-212b ནི་གཟི་བརྗིད་ཆེ་བ་དང ། གཟུགས་ཆེན་པོ་དང་ལྡན་པ་དང ། མཆོག་ཏུ་དགའ་བ་དང ། མཆོག་ཏུ་མཛེས་པ་དང ། མེ་ཏོག་གི་ཕྲེང་བ་དང ། ཕྱེ་མ་དང ། དྲི་དང ། བྱུག་པ་དང ། རྒོད་པ་དང ། འགྱིང་བག་དང ། གར་དང ། གླུ་དང ། རོལ་མོའི་སྒྲ་རྣམས་ལ་དགའ་བར་གྱུར་པ་ དང ། ཕན་ཚུན་ཕྲག་དོག་དང་སེར་སྣའི་དྲི་མ་རྣམས་ཉེ་བར་བཅོམ་པ་དང ། བདག་གི་བ་མེད་ཅིང་ང་རྒྱལ་མེད་པ་དང ། སྐྱ་བོར་སྣང་བའི་སྐྱེས་བུ་རྣམས་ཐམས་ཅད་ཉིད་ཀྱང་ཕྲེང་བ་དང ། ཕྱེ་མ་དང ། དྲི་དང ། བྱུག་པ་རྣམས་ཀྱིས་ལུས་བརྒྱན་པ་ཡིན་ནོ། །རྣམ་པ་སྣ་ཚོགས་ པའི་རོལ་མོའི་སྒྲ་དང ། གླུ་དང ། དྲི་ཟའི་སྒྲ་རྣམས་ཀུན་ནས་རྗོད་པར་བྱེད་པའི་ཆོས་དགའ་བར་འགྱུར་བ་རྣམས་ཀྱིས་ཐམས་ཅད་ཉིད་དགའ་བར་བྱེད་དོ། །ཡིད་ལ་སྨོན་པའི་ཀུན་ཏུ་བསམས་པ་རྣམས་ཀྱང་གང་དང་གང་དག་ཡིད་ལ་སེམས་པར་བྱེད་པ་དེ་རྣམས་དེ་དག་ལས་འབྱུང་བར་ འགྱུར་ཏེ། འདི་ལྟ་སྟེ་མ་བཏགས་པའི་གོས་དང་རྣམ་པ་སྣ་ཚོགས་པ་རྣམས་དང ། རྣམ་པ་སྣ་ཚོགས་པའི་དོ་ཤལ་རྣམས་དང ། དེ་ལ་འོས་པར་གྱུར་པའི་རྣམ་པ་སྣ་ཚོགས་པའི་རྒྱན་རྣམས་དང ། ཉལ་བའམ་རབ་ཏུ་སད་པར་གྱུར་པ་ན་ཡང་ཐོས་ན་དགའ་བར་འགྱུར་བ་ཡིད་དུ་འོང་ བ་ལས་ཀྱང་ཡིད་དུ་འོང་བར་གྱུར་པའི་སྒྲ་མ་འདྲེས་པ་རྣམས་རྣམ་པ་སྣ་ཚོགས་པའི་བྱ་བརྒྱ་སྟོང་དུ་མ་རྣམས་ཀྱིས་སྒྲོགས་པར་བྱེད་དོ། །རིགས་བརྒྱ་ཕྲག་དུ་མའི་པད་མའི་རྫིང་བུ་རྣམས་ཀྱི་དྲི་ཞིམ་པོ་རྣམས་ཀྱང་རྟག་ཏུ་སྣོམ་པར་བྱེད་དོ། །སྐྱ་བོར་སྣང་བའི་སྐྱེས་བུ་རྣམས་ཀྱིས་དེ་ལྟར་ བཟང་པོའི་ལས་ཀྱི་འབྲས་བུ་སྤྲུལ་པའི་བདེ་བ་རྣམས་ཉམས་སུ་མྱོང་བར་བྱེད་དོ། །དེ་བཞིན་དུ་དམན་པ་དང ། བར་མ་དང ། མཆོག་ཏུ་ལེགས་པར་བྱས་པ་རྣམས་ཀྱང་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་ལ་རྗེས་སུ་ལྟ་བར་བྱེད་དེ། ཀྱེ་མ་ ཇི་ལྟར་ན་སེམས་ཅན་འདི་དག་རྣམས་ཀྱིས་ལེགས་པར་བྱས་པའི་ལས་ཟད་པ་རྗེས་སུ་མ་མཐོང་བ་ཡིན། འདི་དག་རྣམས་ཀྱི་མངོན་སུམ་དུ་མ་གྱུར་པ་ཡིན་ནམ་ཅེ་ན། ཇི་ལྟར་སྐྱེ་བའི་སྡུག་བསྔལ་ནི་དང་པོ་ཉིད་དུ་ཕ་མ་གཉིས་ཀྱི་ཁུ་ཆུ་དང་ཁྲག་དེ་དག་གཉིས་ཀྱིས་མི་སྟོང་པར་གྱུར་པའི་ 71-1-213a གཅིན་གྱི་ནང་དུ་གསུས་པའི་སྨད་ཀྱི་རུས་པའི་རང་བཞིན་གྱི་རྣམ་པ་ཞིང་གི་གདུབ་ཀོར་ལྟ་བུའི་མངལ་དུ་རྣམ་པར་ཤེས་པའི་ས་བོན་སྐྱེའོ། །དེ་ཡང་ལས་ཀྱི་རླུང་གིས་བུ་སྣོད་བསྐོར་བར་གྱུར་པས་ཉི་མ་བདུན་པ་ལ་མེར་མེར་པོར་འགྱུར་རོ། །སྲོག་གཅོད་པ་སྤངས་པས་མེར་མེར་ པོར་གྱུར་པ་དེ་ལ་གནས་པ་ན་ཡང་རྣམ་པར་ཤེས་པ་མི་འཕོའོ། །ཉི་མ་བདུན་པ་གཞན་ལ་ནི་གོར་གོར་པོར་འགྱུར་རོ། །རྣམ་པར་ཤེས་པ་ཡང་ལས་དང་ཉོན་མོངས་པ་དང་བཅས་པའི་དབང་གིས་དེ་ཉིད་ལ་རྨོངས་ནས་གནས་སོ། །དེ་ལ་གནས་པ་ཉིད་ཀྱང་ཉི་མ་བདུན་པ་ཡིན་ཏེ། ཉི་མ་ བདུན་ན་ཤའི་གོང་བུར་འགྱུར་རོ། །གཅིན་དང་རྟུག་པའི་ཚོགས་རྣམས་ཀྱང་མའི་གསུས་པའི་སྨད་དུ་ཡིན་ཞིང ། གང་དང་གང་དག་མའི་བྱ་བར་གྱུར་པའི་ལུས་རྣམ་པར་བསྐྱོད་པ་དང་ཟས་ཀྱིས་བྱས་པ་རྣམས་ཀྱང་རུང་སྟེ། དེ་དང་དེ་དག་རྣམས་ཉིད་ཀྱིས་འདི་གཟིར་བར་འགྱུར། ཇི་ལྟར་ གཏུན་ཤིང་གིས་བུ་རམ་གྱི་ཤིང་འཚིར་བར་བྱེད་པ་དེ་ལྟར་མངལ་ན་གནས་པ་འཚིར་བར་བྱེད་དོ། །གཞན་ཡང་ལས་ཀྱི་རླུང་གིས་ཤའི་གོང་བུ་དྲངས་པར་གྱུར་པས་སྦོམ་པོར་འགྱུར་རོ། །དེ་ལས་ནི་རྡོག་རྡོག་ལྔ་འབྱུང་བར་འགྱུར་ཏེ། རྐང་པ་གཉིས་ཀྱི་དང ། ལག་པ་གཉིས་ཀྱི་དང ། མགོའིའོ། །གཞན་ཡང་ལས་ཀྱི་རླུང་གིས་བསྐོར་བར་གྱུར་པས་མངལ་ན་སྐྱེ་བ་ནི་མའི་གསུས་པར་འབྱུང་བར་འགྱུར་ལ། དེ་ལས་ཀྱང་ལྟེ་བའི་སྦུ་གུ་འབྱུང་བར་འགྱུར་རོ། །སྦུ་གུ་དེ་ནི་མའི་མཁལ་མའི་ནང་ནས་འབྱུང་བར་འགྱུར་རོ། །གང་ཡང་གྲང་བ་དང ། དྲོ་བ་དང ། རོ་བཟང་བ་ དང ། རོ་ངན་པ་རྣམས་ཀྱང་རུང་སྟེ། མས་ཟས་ཟོས་པའི་རོ་དེ་ཡང་དེ་ལ་སྦུ་གུ་དེ་ནས་འཇུག་གོ། །ལྟེ་བ་ནས་ཟས་ཀྱི་རོ་གང་ཡིན་པ་དེས་མངལ་ན་གནས་པ་འདི་ཀུན་ཏུ་འཚོ་བར་བྱེད་དོ། །དེ་ལྟར་མངལ་གྱིས་བྱས་པའི་ཤིན་ཏུ་སྡུག་བསྔལ་བ་དང ། ཁྱད་པར་དུ་བཙོག་པ་རྣམས་ཉམས་ སུ་མྱོང་བར་འགྱུར་རོ། །དེ་གལ་ཏེ་མངལ་ན་གནས་པ་ན་དུས་བྱེད་པར་མ་གྱུར་ན་ནི་དེ་གཅིན་དང་ཁྲག་གི་གནས་སྐབས་ན་གནས་པའི་དེ་ལ་ཐམས་ཅད་རྫོགས་པར་གྱུར་ནས་ཟླ་བ་བཅུ་ན་ཟུར་མ་མིག་གི་ནང་ནས་འདྲེན་པས་བུར་ཤིང་ལྟར་ཡན་ལག་དང་ཉིང་ལག་ཐམས་ཅད་འཚིར་བར་གྱུར་པས་མའི་ 71-1-213b སྐྱེ་གནས་ནས་འབྱུང་བ་ཡིན་ནོ། །སྐྱེས་ནས་ཀྱང་རླུང་དང་ཚ་བས་རེག་པར་གྱུར་པས་སྡུག་བསྔལ་གྱི་མཆོག་རྣམས་ཉམས་སུ་མྱོང་བར་འགྱུར་རོ། །སྐྱེས་པར་གྱུར་ནས་ཀྱང་མས་འདི་བོར་ནས་གར་འདོད་པ་ཀུན་ཏུ་རྒྱུ་བར་འགྱུར་རོ། །དེ་ཡང་བདག་ཉིད་ཀྱི་མཐེབ་མོ་ནུ་བར་བྱེད་དོ། ། དེ་ལས་འོ་མ་འབྱུང་བར་འགྱུར་རོ། །དེས་ཀྱང་བདག་ཉིད་འཚོ་བར་འགྱུར་རོ། །དེ་ལྟར་དུས་དེ་ཉིད་ཀྱི་ཚེ་ན་བྱིས་པ་ཡིན་ཏེ། ལྷག་པས་ནི་ལང་ཚོ་ལ་རེག་པར་འགྱུར་རོ། །དེ་དག་རྣམས་ནི་དུས་ཀྱི་རླུང་གིས་ངེས་པར་བཏབ་པ་ཡིན་ན། དེས་ན་སེམས་ཅན་དེ་དག་རྣམས་ལས་ཀྱི་བགོ་ སྐལ་ལ་སྤྱོད་པར་བྱེད་པ་དང ། ལས་ཀྱི་སྐྱེ་གནས་པར་གྱུར་པ་དང ། ལས་བརྟན་པར་བྱས་པ་རྣམས་ཡིན་ཏེ། དགེ་བའམ་མི་དགེ་བར་གྱུར་པ་རྣམས་ཀྱང་རུང་སྟེ། ཇི་ལྟར་ལས་བྱས་པར་གྱུར་པའི་ལས་དེ་དང་དེ་དག་རྣམས་ཀྱི་སྐལ་བ་ཅན་དུ་འགྱུར་བ་ཡིན་ནོ། །འོན་ཀྱང་སྐྱེས་བུ་དེ་དག་རྣམས་ ཀྱིས་ནི་ལས་དང་རྣམ་པར་སྨིན་པ་རྣམས་མངོན་སུམ་དུ་མཐོང་བ་ཡང་མ་ཡིན་ནོ། །ཀྱེ་མ་ཀྱི་ཧུད་བག་མེད་པར་རྣམ་པར་རྒྱུ་བའི་སེམས་ཅན་འདི་དག་རྣམས་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་ཏེ། གང་གི་ཕྱིར་སྡུག་བསྔལ་གྱི་མཆོག་ཏུ་གྱུར་པའི་ལྗོན་ཤིང་རྣམས་ཀྱི་རྩ་བ་ཡང་སྐྱེ་བ་ཡིན་ནོ། ། སྐྱེ་བ་ཡོད་པར་གྱུར་ནས་ཚ་བ་དང ། གྲང་བ་དང ། ལྟོགས་པ་དང ། སྐོམ་པ་དང ། ངལ་བ་དང ། ཉམ་ཆུང་བ་དང ། མི་འཐུན་པ་དང་ཕྲད་པ་དང ། འཐུན་པ་དང་བྲལ་བ་དང ། རྒ་བ་དང ། འཆི་བ་རྣམས་ཀྱང་འབྱུང་བར་འགྱུར་རོ། །འཁོར་བ་ན་སྡུག་བསྔལ་ཕུལ་དུ་བྱུང་བར་ འགྱུར་བ་ནི་སྐྱེ་བ་ཡིན་ནོ། །འཁོར་བ་འདི་ནི་ཕུན་སུམ་ཚོགས་པ་དང་རྒུད་པའི་ཕྱང་མོ་ཉུག་པ་ལ་ཞོན་པ་ཡིན་ནོ། །འཁོར་བ་འདི་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ཡིན་ནོ། །ཇི་ལྟར་རི་རྣམས་དང ། ནགས་དང ། ཤང་ཤོང་དང་བཅས་པ་ རྣམས་དང ། ནགས་དང ། ཉེ་བའི་ནགས་དང ། ཆུ་ཀླུང་དང ། ལྗོན་ཤིང་དང ། བྱ་དང ། མེ་ཏོག་དང ། འབྲས་བུ་དང ། རིའི་ཁྲོད་དང ། གཡང་ཁ་དང ། རིན་པོ་ཆེ་དང་འདི་དག་རྣམས་ཀྱང་མེད་པར་འགྱུར་བ་ཡིན་ན། བྱང་ཕྱོགས་སྒྲ་མི་སྙན་པའི་སྐྱེས་བུ་འདི་དག་རྣམས་ཀྱིས་ 71-1-214a ཅིའི་ཕྱིར་ན་མ་གོ་།མྱ་ངན་དང་བྲལ་བར་འགྱུར་བ་དང ། དུས་ཀྱི་མཐའ་ལ་ནི་ཐམས་ཅད་ཀྱང་ཐལ་བར་འགྱུར་རོ། །བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་འདི་ཡང་སྟོངས་པར་འགྱུར་རོ། །སྐྱེས་བུ་འདི་དག་རྣམས་ཐམས་ཅད་ཀྱང་དུས་བྱས་པར་གྱུར་ནས་ལྷའི་འཇིག་ རྟེན་དུ་མངོན་པར་འབྱུང་བར་འགྱུར་ལ། དེ་ནས་ནི་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་པ་དེས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་རྗེས་སུ་མཐོང་བར་གྱུར་པ་ ན་སྐྱ་བོར་སྣང་བའི་སྐྱེས་བུ་རྣམས་ལ་རྗེས་སུ་བརྩེ་བ་སྐྱེ་བར་འགྱུར་རོ། །འཁོར་བའི་བདག་ཉིད་ནི་ངན་པ་ཡིན་པར་མཐོང་ངོ ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། གཞན་བྱང་ཕྱོགས་སྒྲ་མི་སྙན་ན་དགའ་བའམ་ཆེས་དགའ་བར་ གྱུར་པ་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པ་ཞེས་བྱ་བའི་རིའོ། །པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པ་ཞེས་བྱ་བའི་རི་དཔག་ཚད་སྟོང་དུ་གྱུར་པ་ལ། ཆུ་བསིལ་བ་དང་ལྡན་པ་ཞེས་བྱ་བའི་པད་མའི་རྫིང་ བུ་དཔག་ཚད་ལྔ་བརྒྱ་པ་ཡོད་དེ། གསེར་གྱི་ཁ་དོག་དང་ལྡན་པའི་པད་མས་ཁྱབ་པར་གྱུར་པ་འདམ་མེད་པ་བུང་བ་དང ། ངང་པ་དང ། ཀཱ་རཎྜ་བ་དང ། ཙཀྲ་བཱ་ཀཱཿ རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །པད་མའི་རྫིང་བུ་དེ་ན་ཡང་ལྷའི་མེ་ཏོག་པད་མ་ཀུ་ཤེ་ཤ་ཡ་དང ། ལྷའི་ མན་དཱ་ར་བ་དང ། ཀུ་སུ་མ་དང ། ལྗོན་ཤིང་དང ། མེ་ཏོག་དང ། འབྲས་བུ་དང ། ཆུ་ཀླུང་དང ། རི་ཁྲོད་དང ། བྱ་དང ། ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དགའ་བར་གྱུར་པ་རྣམས་དང ། བསིལ་བའི་ཆུ་རྣམས་ནི་སྔར་གྱི་བཞིན་ནོ། །པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པའི་ རིའི་ཕྱེད་དུ་གྱུར་པ་དཔག་ཚད་ལྔ་བརྒྱ་ལ་མཆོག་ཏུ་དགའ་བར་གྱུར་པའི་གཞལ་ཡས་ཁང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དོ། །འདི་ལྟ་སྟེ། གསེར་དང་དངུལ་གྱི་རང་བཞིན་རྣམས་ལ་ནི་གསེར་གྱི་སྟེགས་བུ་དང་ལྡན་ནོ། །ཤེལ་གྱི་རང་བཞིན་རྣམས་ལ་ནི་བཻ་ཌཱུརྱའི་སྟེགས་བུ་དང་ལྡན་ནོ། ། 71-1-214b བཻ་ཌཱུརྱའི་རང་བཞིན་རྣམས་ལ་ནི་ཤེལ་གྱི་སྟེགས་བུ་དང་ལྡན་ནོ། །ིན་དྲ་ནཱི་ལའི་རང་བཞིན་རྣམས་ལ་ནི་མུ་ས་ར་གལྦའི་སྟེགས་བུ་དང་ལྡན་ནོ། །མུ་ས་ར་གལྦའི་རང་བཞིན་རྣམས་ལ་ནི་ཨིནྡྲ་ནཱི་ལའི་སྟེགས་བུ་དང་ལྡན་ནོ། །དེ་བཞིན་དུ་ཕན་ཚུན་དུ་རྣམ་པ་སྣ་ཚོགས་པའི་སྐྱེས་བུ་རྣམས་ ཀྱིས་ལེགས་པར་བརྒྱན་པ་དང ། དྲིལ་བུ་གཡེར་ཀའི་དྲ་བས་ཀུན་ཏུ་གཡོགས་པ་དང ། གླུ་དང ། གར་དང ། རྒོད་པ་དང་།རྔ་སྒྲ་རབ་ཏུ་སྒྲོགས་པར་བྱེད་པ་དང ། རྟག་ཏུ་རབ་ཏུ་དགའ་བར་གྱུར་པ་དང ། རྒུན་འབྲུའི་ཆུ་ཀླུང་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང ། ནགས་དང་ཉེ་ བའི་ནགས་རྣམས་ཀྱིས་ལེགས་པར་ཁྱབ་པར་གྱུར་པ་ཡིན་ཏེ། དཔེར་བྱ་ན་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་དང ། ལྷ་རྣམས་ཀྱི་འདུན་ས་ཆོས་བཟངས་ཀྱི་གཞལ་ཡས་ཁང་རྣམས་ཡིན་ཏེ། དེ་ཁོ་ན་བཞིན་དུ་པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པའི་རིའི་གཞལ་ཡས་ཁང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ ཡིན་ནོ། །ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། ལྗོན་ཤིང་དང ། འབྲས་བུ་ཕུན་སུམ་ཚོགས་པ་རྣམས་ནི་སྔར་གྱི་བཞིན་ནོ། །པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པའི་རིའི་ཉེ་འཁོར་ན་སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ནི་རྣམ་པར་བཀྲ་བ་ཞེས་བྱ་བའི་མིང་དུ་འགྱུར་ རོ། །དེ་དག་རྣམས་ནི་རྟག་ཏུ་རྒོད་པ་དང ། འགྱིང་བ་དང ། རྩེ་བ་དང ། གར་དང ། རོལ་མོའི་སྒྲ་དང ། ཟས་དང ། སྐོམ་དང ། འཁྲིག་པ་ལ་དགའ་བ་རྣམས་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་རྣམས་ལ་རྗེས་སུ་ལྟ་བར་བྱེད་དེ། ཕན་ ཚུན་རྣམ་པར་འབྲལ་བ་ལས་བྱུང་བའི་སྡུག་བསྔལ་སེམས་ཅན་འདི་དག་རྣམས་ཀྱིས་ཅིའི་ཕྱིར་མ་མཐོང་ན། སེམས་ཅན་འདི་དག་རྣམས་ཐམས་ཅད་ཀྱི་སྡུག་པ་དང ། ཡིད་དུ་འོང་བ་རྣམས་ཐམས་ཅད་ཀྱང་ཐ་དད་དུ་འགྱུར་བ་དང ། མེད་པར་འགྱུར་བ་དང ། རྣམ་པར་འགྱེས་པ་དང ། རྣམ་པར་འབྲལ་བ་དང ། གཞན་དུ་འགྱུར་བ་ཡིན་ནོ། །སེམས་ཅན་འདི་དག་རྣམས་ཐམས་ཅད་ནི་འཐུན་པ་དང ། ཡིད་དུ་འོང་བ་རྣམས་ཐམས་ཅད་དང་ཡང་ཐ་དད་དང ། མེད་པ་དང ། རྣམ་པར་འཐོར་བ་དང ། གཞན་དུ་འགྱུར་བ་རྣམས་འབྱུང་བར་འགྱུར་རོ། །ལས་ཀྱིས་ཇི་ 71-1-215a ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་ཡིན་ཏེ། དགེ་བའི་ལས་རྣམས་ཀྱིས་ནི་ལྷ་དང་མིའི་ནང་དུའོ། །མི་དགེ་བའི་ལས་རྣམས་ཀྱིས་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུའོ། །དེ་ལ་རྣམ་པར་བཀྲ་བའི་གཟུགས་དང་ལྡན་པའི་དེ་དག་རྣམས་ནི་བག་མེད་པར་ གནས་པ་ཡིན་པས་འདོད་པའི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཀྱིས་ཀྱང་ངོམས་པ་མེད་པ་དང ། སྲེད་པས་རྣམ་པར་ཆགས་པ་དང ། སྲེདཔའི་དབངདུ་གྱུར་པ་དང ། སྲེད་པའི་ཆུ་བོས་ཁྱེར་བར་གྱུར་པ་དང ། འདོད་ཆགས་ཀྱི་མེས་སྲེག་པར་བྱེད་པ། གཏི་མུག་གི་མུན་པར་ནུབ་པར་བྱིང་བའི་ཕྱིར་ན་ཟད་པ་དང ། འགྲིབ་པའི་བདག་ཉིད་རྣམས་མི་ཤེས་སོ། །ལང་ཚོ་ལ་བབ་པ་རྣམས་གོག་པོར་བྱེད་པའི་ཕྱིར་ན་རྒ་བ་ནི་ཤིན་ཏུ་འཇིགས་པ་ཡིན་ནོ། །རང་གི་སྐྱེ་བོ་དང་གྲོགས་པོ་དང་གཉེན་འབྲེལ་རྣམས་ཐམས་ཅད་དང་འབྲལ་བར་བྱེད་ པའི་ཕྱིར་རྒོལ་བའི་འཇིགས་པར་གྱུར་པ་གསོན་པའི་ལྗོན་ཤིང་སྲེག་པར་འགྱུར་ཞིང་སེམས་ཅན་རྣམས་ཐམས་ཅད་ཀྱི་ནགས་ལྷག་མ་མ་ལུས་པར་སྲེག་པར་འགྱུར་བས་འཆི་བའི་མེ་ངེས་པར་འོང་བར་འགྱུར་རོ། །དེ་དག་ནི་མཐོང་བ་ཡང་མ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་ རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རི་བཅུས་ཡོངས་སུ་བསྐོར་བར་གྱུར་པའི་བྱང་ཕྱོགས་སྒྲ་མི་སྙན་འདི་ལྟ་སྟེ། སཾ་ཀཱ་ཤ་དང ། རཝ་མཉམ་པ་དང ། རི་དགས་ཀྱི་སྒྲ་དུལ་བ་དང ། སྤྲིན་དཀར་པོ་འཛིན་པ་དང ། མཐོ་བར་བརྩེགས་པ་དང ། ཉེ་འཁོར་ཕྲེང་བ་དང་ལྡན་ པ་དང ། དུས་ན་དགའ་བ་དང ། ཀུན་དགའ་བ་འཛིན་པ་དང ། ཡིད་ཀྱི་རྗེས་སུ་འཐུན་པ་དང ། པད་མ་ཀུ་ཤེ་ཤ་ཡ་དང་ལྡན་པ་འདི་དག་རྣམས་ལ་ངེས་པར་སེམས་ཅན་འདི་དག་རྣམས་ལས་གང་གིས་སྐྱེས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་ མཐོང་བར་གྱུར་པ། སྔར་བཞིན་དུ་སེམས་ཅན་དེ་དག་རྣམས་ནི་དགེ་བའི་ལས་རྣམས་ལས་ཀུན་ཏུ་འབྱུང་བ་ཡིན་ནོ། །དགེ་བའི་ལས་རྣམས་ཀྱི་མཐའ་ལ་སྤྱད་པར་གྱུར་པ་ཡང་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང་།འདོད་པས་ལོག་པར་གཡེམ་པ་རྣམས་རབ་ཏུ་སྤངས་པར་གྱུར་ཅིང་། 71-1-215b ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་རྣམས་ཀྱང་རབ་ཏུ་སྤངས་པ་དང ། འདིར་དགེ་བ་རྣམ་པ་བཅུའི་ལས་ཀྱི་མཐའ་ལ་སྤྱད་པ་ཡིན་ནོ། །དེ་དག་རྣམས་ནི་དགེ་བ་དེའི་ལས་རྣམས་ཀྱི་རྐྱེན་གྱིས་སྐྱེས་པ་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ལས་ དང་ཆོས་དང་རྣམ་པར་སྨིན་པ་རྣམས་ལ་རྗེས་སུ་ལྟ་བར་བྱེད་དེ། ལས་གང་དག་གིས་སྐྱེས་བུ་དེ་དག་རྣམས་ཀྱི་དྲུང་དང་སྐྱེས་བུ་གཞན་དག་རྣམས་ཀྱི་དྲུང་ན་ཡང་གཟུགས་ཀྱི་ཚད་དང ། སྟོབས་དང ། བརྩོན་འགྲུས་དང ། དབྱིབས་རྣམས་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་བུ་གཞན་ ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སེམས་ཅན་དེ་དག་རྣམས་ནི་ཡང་དག་པའི་ལྟ་བ་མངོན་དུ་བྱས་པ། གཡོ་བ་མེད་པ་དང ། གཞན་ལ་གནོད་པར་མི་བྱེད་པ་དང ། དྲང་པོ་དྲང་པོའི་རང་བཞིན་ཅན་དང ། དེས་པར་ གྱུར་པ་དང ། དེས་པའི་རང་བཞིན་ཅན་དང ། ཆོས་པ་དང་ཆོས་ཀྱི་རྗེས་སུ་འཇུག་པ་དང ། ཆོས་དང་ལྡན་པའི་སྐྱེས་བུ་རྣམས་ལྷན་ཅིག་འགྲོགས་པར་བྱེད་པ་རྣམས་ནི་རྒྱུ་དེ་དང་རྐྱེན་དེ་ལས་ལུས་ཞིག་པར་གྱུར་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་པ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། རྒྱལ་ཆེན་རིས་བཞི་དང ། སུམ་ཅུ་རྩ་གསུམ་པ་རྣམས་སུའོ། །དེ་ལས་ཤི་འཕོས་པར་གྱུར་ནས་ཀྱང་འདིར་སྐྱེ་བར་འགྱུར་རོ། །འདི་ལས་ཤི་འཕོས་པར་གྱུར་ནས་ཀྱང་དེར་སྐྱེ་བར་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་རྣམས་ལ་ལྟ་བར་བྱེད་ དེ། ལས་གང་དག་གིས་སེམས་ཅན་དེ་དག་རྣམས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ་རྣམས་ནི་ཐམས་ཅད་ཀྱིས་ཀྱང་སྔོན་མི་འཇིགས་པའི་སྦྱིན་པ་རབ་ཏུ་བྱིན་པར་གྱུར་པ་ཡིན་ཏེ། གྲོང་ཁྱེར་གྱི་ལྷོ་ ཕྱོགས་ཀྱི་སྒོར་ཁྲིད་པར་གྱུར་པའི་སེམས་ཅན་ཤིན་ཏུ་སྐྲག་པ་རྣམས་ལ་སྲོག་གི་སྦྱིན་པ་བྱིན་པ་ཡིན་ལ། རྒྱབ་ཏུ་ལག་པ་དམ་པོར་བཅིངས་ཤིང་དུར་ཁྲོད་དུ་ཁ་ཕྱོགས་པར་གྱུར་ནས་གསོད་པའི་རྔ་པ་ཊ་ཧ་བརྡུངས་པར་གྱུར་ཅིང ། གཤེད་མའི་མི་གཏུམ་པོ་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པ་ 71-1-216a རྣམས་ལ་སྲོག་གི་སྦྱིན་པ་བྱིན་པ་ཡིན་ནོ། །རྒྱུ་དེ་དང་རྐྱེན་དེ་ལས་ཀྱང་ལུས་ཞིག་པར་གྱུར་པ་ན་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་པ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། རྒྱལ་ཆེན་རིས་བཞི་དང ། སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་བ་རྣམས་སུའོ། །གཞན་ ཡང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། སེམས་ཅན་དེ་དག་རྣམས་ཀྱིས་ལེགས་པར་བྱས་པའི་ལས་གང་གིས་སེམས་ཅན་དེ་དག་རྣམས་ཆེས་ཁྱད་པར་དུ་འཕགས་པ་དང ། མཆོག་ཏུ་ཁྱད་པར་དུ་གྱུར་པའི་དགའ་བ་དང ། གཟུགས་བཟང་བ་ དང ། རྫུ་འཕྲུལ་ཆེ་བའི་མཆོག་ཏུ་གྱུར་པ་དང ། སྐྱེ་བོ་རྣམས་ཐམས་ཅད་ཀྱིས་མཆོད་པར་བྱེད་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སེམས་ཅན་དེ་དག་རྣམས་ནི་སྔོན་ཐེག་པ་ཆེན་པོ་ལ་དད་པའི་ནོར་དང་ལྡན་པའི་ངང་ཚུལ་ ཅན་དང ། ཐེག་པ་ཆེན་པོ་སྒྲོགས་པ་ལ་དགའ་བར་གྱུར་པས་ཡིན་ནོ། །གཞན་ཡང་སངས་རྒྱས་ཀྱིས་གསུངས་པའི་ཉན་ཐོས་ཀྱི་ཆོས་འདུལ་བ་དག་ཉན་པར་བྱེད་ཅིང ། སངས་རྒྱས་ཀྱིས་གསུངས་པའི་གཏམ་རྒྱུད་རྣམས་ཀྱང་འཛིན་པར་བྱེད་དོ། །རྗོད་པར་བྱེད་དོ། །དེ་སངས་ རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཚིག་གཅིག་ཐོས་པར་གྱུར་པའི་རྒྱུ་དེ་དང་རྐྱེན་དེ་ལས་ཀྱང་རྒྱལ་པོར་འགྱུར་བ་ཡིན་ཏེ། གླིང་བཞི་ལ་ལོངས་སྤྱོད་པར་བྱེད་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །དེ་ལས་ཤི་བར་གྱུར་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། གཅིག་གཉིས་གསུམ་བཞི་ ལྔ་དྲུག་བདུན་བལྡབས་ཤིང་གླིང་བཞི་ལ་ལོངས་སྤྱོད་པར་ཡང་འགྱུར་རོ། །དེ་ལས་ཤི་འཕོས་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །འདི་ལྟ་སྟེ། རྒྱལ་ཆེན་རིས་བཞི་དང ། སུམ་ཅུ་རྩ་གསུམ་པ་དང ། མཚེ་མ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དོ། །ལྷའི་རིས་དེ་དག་རྣམས་ལས་ཤི་འཕོས་པར་གྱུར་ནས་འདིར་སྐྱེ་བ་ཡིན་ཏེ། འདི་ན་ཡང་བྱེད་པ་དང་ལྡན་པ་ཡིད་ཀྱི་སྒྲ་དང ། རེག་བྱ་དང ། རོ་དང ། གཟུགས་དང ། དྲི་རྣམས་ཉམས་སུ་མྱོང་བར་བྱས་ནས་ 71-1-216b སླར་ཡང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །ཕྱིས་ཡང་དེ་ནས་ཤི་འཕོས་པར་གྱུར་པ་ན་ཐེག་པ་ཆེན་པོ་ཉན་པའི་ས་བོན་དེ་ཉིད་ཀྱིས་བསམ་གཏན་དང་པོ་ཐོབ་པར་འགྱུར་ཏེ། དེ་ཚངས་རིས་དང ། ཚངས་པའི་མདུན་ན་འདོན་དང ། ཚངས་པ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། ། གཞན་ཡང་ཐེག་པ་ཆེན་པོ་ཐོས་པར་གྱུར་པ་དེ་ཉིད་དང ། ཐོས་ནས་ཀྱང་རྗེས་སུ་སྤྱད་པར་གྱུར་པ་དེས་བསམ་གཏན་གཉིས་པ་འཐོབ་པར་འགྱུར་ཏེ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་ཐེག་པ་ཆེན་པོ་ཐོས་པར་ གྱུར་པའི་ས་བོན་དེ་ཉིད་དང ། ཐོས་པར་གྱུར་ནས་ཀྱང་རྗེས་སུ་སྤྱོད་ཅིང་སྤྱོད་པ་ལ་ཞུགས་པས་ནི་བསམ་གཏན་གསུམ་པ་འཐོབ་པར་འགྱུར་ཏེ། དགེ་ཆུང་དང ། དགེ་རྒྱས་དང ། ཚད་མེད་དགེ་དང་རྣམས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་ཐེག་པ་ཆེན་པོ་ཐོས་པར་གྱུར་པའི་ས་ བོན་དེ་ཉིད་དང ། བྱས་ཤིང་རྗེས་སུ་སྤྱད་ལ་རྣམ་གྲངས་ཀུན་ཆུབ་པར་བྱས་ཤིང་ཡོངས་སུ་དྲི་བ་བྱས་པས་ཀྱང་བསམ་གཏན་བཞི་པ་འཐོབ་པར་འགྱུར་ཏེ། སྤྲིན་མེད་པ་དང ། བསོད་ནམས་སྐྱེས་དང ། འབྲས་བུ་ཆེ་བ་རྣམས་དང ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་མེས་ཀུན་ནས་ ཉོན་མོངས་པའི་ལྗོན་ཤིང་གི་ནགས་རྣམས་སྲེག་པར་བྱེད་པའི་མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་དང ། ཤིན་ཏུ་མཐོང་དང ། འོག་མིན་རྣམས་སུའོ། །གཞན་ཡང་ཐེག་པ་ཆེན་པོ་ཐོས་པར་གྱུར་པའི་ས་བོན་དེ་ཉིད་དང་ཐོས་པར་གྱུར་ནས་ཀྱང་རྗེས་སུ་སྤྱད་ཅིང་སྤྱོད་པ་ལ་ ཞུགས་པ་དང ། ཡོངས་སུ་དྲི་བ་བྱས་ཏེ། སེམས་ཅན་ལྟ་བ་ལོག་པ་རྣམས་ཡང་དག་པའི་ལྟ་བ་ལ་བཀོད་ལ་ཐེག་པ་ཆེན་པོ་ཐོས་པའི་ས་བོན་དེ་ཉིད་ཀྱིས་ཀྱང་སྲིད་པའི་བཙོན་ར་རྣམས་ཐམས་ཅད་ཟད་པའི་རང་སངས་རྒྱས་སུ་འགྱུར་བའམ། གཞན་ཡང་གལ་ཏེ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སུ་ཡོངས་སུ་སྨིན་པར་འགྱུར་རོ། །ཡང་ན་གལ་ཏེ་སེམས་ཅན་རྣམས་ཐམས་ཅད་ཀྱི་བདེ་བ་འབྱུང་བར་འགྱུར་བའི་བླ་ན་མེད་པའི་ཐུགས་རྗེ་ཆེན་པོའི་སེམས་ཡོངས་སུ་གོམས་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཐེག་པ་ཆེན་པོ་ཐོས་པའི་ 71-1-217a ས་བོན་དེ་ཉིད་ཀྱིས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་སུ་འགྱུར་ཏེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །གང་གི་ཕྱིར་ཐེག་པ་ཆེན་པོ་ཐོས་པའི་ས་བོན་གྱི་རྩ་བ་ཡང་སྦྱིན་པ་དང ། ཚུལ་ཁྲིམས་དང ། ཐོས་པ་རྣམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོས་པས་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པར་འགྱུར་ཏེ། རང་བྱང་ཆུབ་ཏུ་ཡོངས་ སུ་སྔོ་བར་བྱེད་དམ། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན་ཡང་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཡང་འགྱུར་རོ། །དགེ་སློང་ངམ་ཁྱིམ་པ་རྣམས་སྦྱིན་པའི་འབྲས་བུ་ཐོས་པར་གྱུར་ནས་སྦྱིན་པ་གཏོང་བར་བྱེད་དོ། །ཚུལ་ཁྲིམས་ཀྱི་འབྲས་བུ་ཐོས་པར་གྱུར་ནས་ཚུལ་ཁྲིམས་ སྤྱོད་པར་བྱེད་དོ། །ཡེ་ཤེས་ཀྱི་འབྲས་བུ་ཐོས་པར་གྱུར་ནས་ཡེ་ཤེས་གོམས་པར་བྱེད་དོ། །དེའི་ཕྱིར་ན་མཐོ་རིས་དང་ཐར་པ་གཉིས་ཀའི་ས་བོན་ཡང་ཐེག་པ་ཆེན་པོ་ཐོས་པ་ཡིན་ནོ། །དེའི་ཕྱིར་འདི་ནི་སྦྱིན་པ་རྣམས་ཐམས་ཅད་ཀྱི་ཡང་མཆོག་ཡིན་ཏེ། མི་འཇིགས་པ་དང ། ཟང་ཟིང་དང ། ཚུལ་ཁྲིམས་ཀྱི་སྦྱིན་པ་རྣམས་ལ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོ་སྒྲོགས་པའི་སྦྱིན་པའོ། །ཚུལ་ཁྲིམས་རྣམས་ཀྱི་ཡང་འདི་ལྟ་སྟེ། ཐེག་པ་ཆེན་པོ་ཉན་པའི་ཚུལ་ཁྲིམས་སོ། །ཐེག་པ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཐམས་ཅད་དང ། དེ་ བཞིན་གཤེགས་པ་རྣམས་ཀྱི་ཡང་སྐྱེད་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་ཆེན་པོ་རྟག་ཏུ་མཉན་པར་བྱའོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་ན་མིང་ཅིར་བཏགས་པའི་ཡུལ་ལྗོངས་ གཞན་ཡང་གནས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། དཔག་ཚད་ཉིས་སྟོང་པ་ཉེ་འཁོར་གྱི་མིག་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་སྟེ། དེ་ལ་ཡུལ་ལྗོངས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ནམ་མཁའ་ 71-1-217b རིང་བ་ཞེས་བྱ་བ་དཔག་ཚད་སུམ་བརྒྱ་པ་ཡོད་དོ། །དེའི་ཉེ་འཁོར་རྣམས་ན་སྐྱེས་བུ་གང་དག་རབ་ཏུ་གནས་པར་གྱུར་པ་དེ་དག་རྣམས་ནི་གོས་ཀྱིས་གནས་པ་ཞེས་བྱ་བ་ཡིན་ནོ། །ལྗོན་ཤིང་དང ། ཁྲུས་ཀྱི་རྫིང་བུ་དང ། མེ་ཏོག་དང ། འབྲས་བུ་དང ། ཉེ་བའི་ནགས་དང ། ཤིང་ གེལ་བ་དང ། འཁྲི་ཤིང་དང ། ཆུ་ཀླུང་རྣམས་ཀྱང་ཕུན་སུམ་ཚོགས་པ་ནི་འདི་ལ་ཡང་སྔ་མ་བཞིན་ནོ། །ནམ་མཁའ་རིང་བ་ལས་འདས་པར་གྱུར་ནས་གཞལ་དུ་མེད་པ་ཞེས་བྱ་བའི་ཆུ་བོ་དཔག་ཚད་བདུན་བརྒྱ་པར་གྱུར་པ་ཡོད་དེ། ཆུ་ཀླུང་དང ། ལྗོན་ཤིང་དང ། ནགས་ དང ། ཉེ་བའི་ནགས་དང ། རྫིང་བུ་ཕུན་སུམ་ཚོགས་པ་རྣམས་ནི་སྔར་གྱི་བཞིན་ནོ། །གཞལ་དུ་མེད་པའི་ཆུ་བོའི་ཉེ་འཁོར་ན་ཡུལ་ལྗོངས་ལྔ་གནས་སོ། །འདི་ལྟ་སྟེ། དབུ་རྒྱན་འཛིན་པ་དང ། པ་ལ་ཤ་ཡིས་ཀུན་ཏུ་ཁྱབ་པ་དང ། ཕྲེང་བ་གནས་པ་དང ། རྨ་བྱའི་སྒྲ་ དང ། ཀ་ར་ནའི་མཐའ་ན་གནས་པའོ། །དབུ་རྒྱན་འཛིན་ནི་དཔག་ཚད་ཕྱེད་དང་ཉིས་བརྒྱ་ཡིན་ནོ། །པ་ལ་ཤས་ཀུན་ཏུ་ཁྱབ་པ་དང་གཉིས་ནི་དཔག་ཚད་ཕྱེད་དང་ཉིས་བརྒྱ་ཡིན་ནོ། །རྨ་བྱའི་སྒྲ་ནི་དཔག་ཚད་བརྒྱ་ཡིན་ནོ། །ཀ་ར་ནའི་མཐའ་ན་གནས་པ་ནི་དཔག་ཚད་བརྒྱ་ཡིན་ ནོ། །གཉིས་པ་ཡང་དེ་ལ་དཔག་ཚད་བརྒྱ་ཕྲག་བཅུར་གནས་ཏེ། དཔག་ཚད་བརྒྱ་པ་དང ། དཔག་ཚད་བརྒྱ་ཕྲག་བཅུར་གནས་པ་ཡིན་ནོ། །འདི་ལྟ་སྟེ། ཀུཌྚཱཾ་ག་ཏི་ན་གནས་པ་དང ། དྲི་རྒྱུ་བ་དང ། ནག་པོ་གསུས་པ་དང ། མིག་ལ་ཀུན་ཏུ་རྒྱུ་བ་དང ། རིའི་ཀླུང་ན་ཀུན་ ཏུ་སྤྱོད་པ་དང ། གྲུ་གསུམ་པ་དང ། ཀུན་ནས་ཟླུམ་པར་སྐྱེས་པ་དང ། གསུས་པ་ཉིད་དང ། གཡོས་པ་དང ། ཚོགས་པའོ། །གཞན་ཡང་ཡུལ་ལྗོངས་དེ་དག་རྣམས་ཉིད་ལྟ་བར་བྱེད་དེ། ཆུ་ཀླུང་དང ། ལྗོན་ཤིང་དང ། རྫིང་བུ་དང ། ཉེ་བའི་ནགས་རྣམས་ཀྱང་ཕུན་སུམ་ ཚོགས་པ་ནི་སྔ་མ་བཞིན་ནོ། །གླིང་འདི་ནི་གྲུ་བཞི་པ་ཡིན་ཏེ། སྐྱེས་བུ་རྣམས་ཀྱི་བཞིན་ཡང་དེ་དང་འདྲ་བ་ཡིན་ནོ། །དཔེར་ན་གྲུ་གསུམ་དུ་གྱུར་པའི་རྣམ་པ་ནི་འཛམ་བུའི་གླིང་ངོ ། །འཛམ་བུའི་གླིང་གི་སྐྱེས་བུ་རྣམས་ཀྱི་བཞིན་ཡང་དེ་དང་འདྲ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཕྱོགས་ 71-1-218a སྒྲ་མི་སྙན་པ་རྣམས་ཡིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། དེས་བྲག་དང ། ནགས་དང ། རྫིང་བུ་དང ། མེ་ཏོག་གི་ཉེ་བར་ལེན་པ་རྣོ་བའི་མེ་ཏོག་རྣམས་དང ། འབྲས་བུ་ཕུན་སུམ་ཚོགས་ པ་རྣམས་ལ་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ལ་ཀུན་ཏུ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། བྱང་ཕྱོགས་སྒྲ་མི་སྙན་དང་བ་ལང་སྤྱོད་གཉིས་ཀྱི་བར་ན་གཞན་རྒྱ་མཚོའི་རིགས་ སུ་གྱུར་པའམ། རིའི་རིགས་སུ་གྱུར་པ་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། བྱང་ཕྱོགས་སྒྲ་མི་སྙན་དང་བ་ལང་སྤྱོད་དག་གི་བྱང་ཕྱོགས་ན་ཉེ་འཁོར་གྱི་མིག་ཅེས་བྱ་བ་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུ་པ་ ཡོད་དོ། །ཉེ་འཁོར་དུ་དཔག་ཚད་གཅིག་དང ། གཞན་ཡང་དཔག་ཚད་གཉིས་པའོ། །གཞན་ཡང་ས་འོག་གི་ཀླུ་མངའ་བྱེད་པའི་དབང་གིས་ཆུ་མིག་ཡོད་དོ། །ཉེ་འཁོར་གྱི་མིག་གི་རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་རྩེད་མོའི་ཕྲེང་བ་ཞེས་བྱ་བའི་རི་གཞན་དཔག་ ཚད་སྟོང་ཕྲག་བཅུ་པ་ཡོད་དེ། ཀླུ་རྣམས་ཀྱི་དབུགས་ཀྱིས་བསྲེགས་པས་རྩེ་མོ་མིག་རྩི་ལྟར་ནག་པ་ཡིན་ནོ། །རྩེད་མོའི་ཕྲེང་བའི་རི་དེ་ལས་འདས་པར་གྱུར་ནས་དུང་གི་སྒྲ་སི་མི་སི་མི་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུ་ཐམས་ཅད་ཀྱང་གང་བར་ཉ་དང ། ཉ་ཆེན་ པོ་དང ། རུས་སྦལ་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། ཉ་ཕྱིས་དང་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པས་མཆོག་ཏུ་བགྲོད་དཀའ་བ་བལྟ་བར་འཇིགས་པ་གང་ལ་ལོངས་སྤྱོད་དང་ལྡན་པའི་ཀླུ་ངེས་པར་གནས་པ་ཡིན་ཏེ། ཁྲོ་བས་གཟིར་བ་ཁྲོ་བ་འབྱིན་པར་ བྱེད་དོ། །དུང་གི་སྒྲ་སི་མི་སི་མིའི་རྒྱ་མཚོ་དེ་ལས་རིང་དུ་འདས་ནས་ཆུས་ཁྱབ་པ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུ་པ་ཡོད་དེ། གང་གི་ས་རྣམས་རླུང་གིས་དཔག་ཚད་བཅུའམ། དཔག་ཚད་ཉི་ཤུའམ། དཔག་ཚད་སུམ་ཅུ་ཡང་ལྷག་པར་བྱེད་དོ། །ཆུས་ཁྱབ་ 71-1-218b པར་བྱེད་པའི་རྒྱ་མཚོ་དེ་ལས་རིང་དུ་འདས་ནས་མུ་ཏིག་གི་ཤུ་ཀ་ཏི་ཞེས་བྱ་བའི་གླིང་མུ་ཏིག་གིས་ཀུན་ཏུ་གང་བར་གྱུར་པ་ཡོད་དེ། ཀླུ་དང་ཉ་རྣམས་ཤི་བར་གྱུར་པ་དེ་ལ་རླུང་གིས་ཆུས་གྱེན་དུ་བཏབ་པས་མུ་ཏིག་འདྲེན་ནོ། །དེ་ནི་དཔག་ཚད་སྟོང་པ་ཡིན་ནོ། །མུ་ཏིག་གི་ཤུ་ཀ་ཏིའི་གླིང་ དེ་ལས་འདས་པར་གྱུར་ནས་རིན་པོ་ཆེའི་གྲོགས་པོ་ཞེས་བྱ་བའི་རི་དཔག་ཚད་སྟོང་ཕྲག་ལྔ་པ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་གྱི་རྩེ་མོ་དང་ལྡན་ཞིང ། བཻ་ཌཱུརྱ་དང ། ནོར་བུ་མང་བར་གྱུར་པ་རི་རབ་ལྷུན་པོ་གཉིས་པ་ཇི་ལྟ་བ་ཡིན་ནོ། །རིན་པོ་ཆེའི་གྲོགས་པོའི་རི་དེ་ལས་འདས་པར་ གྱུར་ནས་དཔག་ཚད་ཉིས་སྟོང་དུ་དེ་ལ་མེ་ཏོག་གི་ནགས་དང་རྣམ་པ་སྣ་ཚོགས་པར་དགའ་བར་གྱུར་པ་རྣམས་ཡོད་དོ། །དེ་ལས་འདས་པར་གྱུར་ནས་ལེགས་པར་ཟོས་པ་ཞེས་བྱ་བའི་རི་དཔག་ཚད་ལྔ་སྟོང་ངོ ། །དེ་ལ་གསེར་གྱི་པད་མའི་རྫིང་བུ་ན་ཙཀྲ་བཱ་ཀཱ་སྒྲ་སྙན་པ་འབྱིན་པར་བྱེད་ དོ། །ཀིང་ཤུ་ཀའི་ནགས་དེ་ལས་འདས་པར་གྱུར་ནས་རི་དང ། ཆུ་ཀླུང་དང ། ལྗོན་ཤིང་དང ། རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུར་གསེར་དང་འདྲ་བའི་ཆུས་གང་བར་གྱུར་པ་ཡིན་ཏེ། རི་རབ་ལྷུན་པོའི་འོད་ཀྱིས་གསེར་གྱི་མདོག་གི་ཆུ་ཞེས་བྱ་བ་ཡིན་ནོ། །འཕང་དུ་དཔག་ཚད་ ལྔ་བརྒྱའོ། །བ་ལང་སྤྱོད་ཅེས་བྱ་བའི་གླིང་དཔག་ཚད་དགུ་སྟོང་པ་ཡིན་ཏེ། གྲོང་འབུམ་ཕྲག་བཅུ་དང ། གྲོང་ཁྱེར་སྟོང་གིས་གང་བར་གྱུར་པའོ། །གྲོང་གི་མགོ་བོར་གྱུར་པ་ནི་བཅུ་གཉིས་པ་ཡིན་ནོ། །གྲོང་ཁྱེར་གྱི་གཙོ་བོར་གྱུར་པ་ཡང་ལྔ་བརྒྱ་ཡིན་ནོ། །དེ་ལ་ཇི་ལྟར་ འཛམ་བུའི་གླིང་ན་པཱ་ཊཱ་ལི་པུ་ཏྲས་མགོ་དྲངས་པར་གྱུར་པའི་གྲོང་ཁྱེར་གསུམ་གྱིས་ལྷག་པའི་བརྒྱ་ཡིན་ནོ། །དེ་བཞིན་དུ་བ་ལང་སྤྱོད་ན་ཡང་ཨ་བྷྲཀཱུ་ཊཱ་ཆེན་པོས་མགོ་དྲངས་པར་གྱུར་པའི་གྲོང་ཁྱེར་ལྔ་བརྒྱ་ཡིན་ནོ། ། བྷྲ་ཀཱུ་ཊཱའི་གྲོང་ཁྱེར་ཡང་དཔག་ཚད་བཅུ་གཉིས་པ་སྟེ། ལམ་ སྲང་དང ། ཁང་བཟངས་ཀྱི་པད་ཀྱི་རིམ་པ་དང ། སྒོ་མདོའི་ཁྱམས་དང ། རྟ་བབས་ཀྱིས་ལེགས་པར་གང་བ་ཡིན་ནོ། །བ་ལང་སྤྱོད་ཀྱི་གླིང་གི་དབུས་ཀྱི་གྲོང་ཁྱེར་གྱི་གཙོ་བོ་རྣམས་ཀྱང་འདི་ལྟ་སྟེ། རྟ་བབས་བརྒྱ་པ་དང ། ས་གཞི་བལྟ་བར་དགའ་བ་དང ། དྲི་མ་མེད་པར་ 71-1-219a གསལ་བ་དང ། གང་ཀ་ར་དང ། དེ་ལྟ་བུ་ལ་སོགས་པའི་གྲོང་རྣམས་ཡིན་ནོ། །དབུས་ཀྱི་གྲོང་ཁྱེར་གྱི་གཙོ་བོ་རྣམས་ཀྱང་འདི་ལྟ་སྟེ། བྱ་བ་མེད་པ་དང ། སེམས་སོང་བ་དང ། ཀུན་ཏུ་ཉམས་པའི་སྟོབས་ཀྱི་མཐའ་དང་ཨ་ཎི་རའོ། །ཡུལ་ལྗོངས་ཀྱི་གཙོ་ བོ་རྣམས་ལ་འདི་ལྟ་སྟེ། འཛམ་བུའི་གླིང་ན་ཀ་ཤི་དང ། ཀོ་ཤ་ལ་དང ། མ་ག་དྷཱའོ། །དེ་བཞིན་དུ་ཇི་ལྟར་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་གཙོ་བོར་གྱུར་པའི་ཡུལ་ལྗོངས་རྣམས་འདི་ལྟ་སྟེ། མི་ཐི་ལོ་ཞེས་བྱ་བའི་ཡུལ་ལྗོངས་དང ། ཏཎྜིཞེས་བྱ་བའི་ཡུལ་ལྗོངས་དང ། ཙ་ཏུ་རོ་ ཞེས་བྱ་བའི་ཡུལ་ལྗོངས་དང ། ཀོ་རཎྜོ་ཞེས་བྱ་བའི་ཡུལ་ལྗོངས་དང ། སེམས་ཀྱི་དྲི་མ་ཞེས་བྱ་བའི་ཡུལ་ལྗོངས་དང ། རི་རབ་ཏུ་རྒྱུ་བ་ཞེས་བྱ་བའི་ཡུལ་ལྗོངས་དང ། དེ་དག་རྣམས་ནི་ཇི་ལྟར་ཡུལ་ལྗོངས་ཀྱི་གཙོ་བོར་གྱུར་པ་རྣམས་ཡིན་ནོ། །བ་ལང་སྤྱོད་ཀྱི་ཡུལ་ལྗོངས་རྣམས་ ཐམས་ཅད་བསྡུས་པར་གྱུར་ན་ནི་ཡུལ་ཉི་ཤུ་རྩ་ལྔ་ཡིན་ནོ། །ཇི་ལྟར་འཛམ་བུའི་གླིང་གི་ཡུལ་ལྗོངས་བཅཝ་བརྒྱད་བཞིན་ནོ། །བ་ལང་སྤྱོད་ཀྱི་གླིང་ན་ཆུ་བོ་ཆེན་པོ་ལྔ་ཡིན་ནོ། །འདི་ལྟ་སྟེ། ཡངས་པ་ཅན་དང ། ཙུན་ཙུམྤ་ཏཱི་དང ། ཟླ་བའི་ཤུགས་དང ། ཆུ་བཟང་པོ་དང ། ཀུན་ ཏུ་འདྲེས་པའོ། །དཔེར་ན་འཛམ་བུའི་གླིང་གི་ཆུ་བོ་ཆེན་པོ་བཞི་བཞིན་ཏེ། འདི་ལྟ་སྟེ། གང་གཱ་དང ། ཡ་མུ་ན་དང ། པཀྵུ་དང ། སིཏཱའོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་རི་ཆེན་པོ་ལྔ་ལ་འདི་ལྟ་སྟེ། ནཱ་ཌོ་ཌཱི་ན་དང ། རཝ་གསུམ་པ་དང ། ནོར་བུའི་རྟ་བབས་དང ། པར་བརྒྱ་ པ་དང ། རྩུབ་པ་དང་རྣམས་སོ། །ཇི་ལྟར་འཛམ་བུའི་གླིང་ན་རི་ཆེན་པོ་རྣམས་ལ་འདི་ལྟ་སྟེ། གངས་ཅན་དང ། འབིགས་བྱེད་དང ། མ་ལ་ཡ་དང ། ཀཻ་ལཱ་ས་ར་དང་རྣམས་བཞིན་ནོ། །བ་ལང་སྤྱོད་ཀྱི་གླིང་གི་མཚོ་ཆེན་པོ་ནི་གསུམ་ཡིན་ནོ། །འདི་ལྟ་སྟེ། གམ་བྷི་ ར་ཛ་ལང་དང ། བར་མེད་པ་དང ། གམ་བྷི་རོ་དཀར་རྣམས་ཏེ། ཇི་ལྟར་འཛམ་བུའི་གླིང་གི་མ་དྲོས་པ་དང ། མ་ཕམ་དང་མཚོ་ཆེན་པོ་གཉིས་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ནུབ་ཀྱི་བ་ལང་སྤྱོད་པའི་མི་ 71-1-219b རྣམས་ཅི་ལ་ཉོ་ཚོང་དུ་བྱེད་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ་དེ་དག་རྣམས་བ་ལང་ལ་ཉོ་ཚོང་དུ་བྱེད་པ་དང་།གླིང་འདིའི་ཉེ་འཁོར་རྣམས་ནི་བ་ལང་གིས་ཡོངས་སུ་གང་བ་ཡིན་ཏེ། མི་རྣམས་ཐམས་ཅད་ཀྱང་ནུ་མ་གསུམ་པ་ཡིན་ནོ། ། ཇི་ལྟར་འཛམ་བུའི་གླིང་གི་བུད་མེད་རྣམས་ཟླ་བ་བཅུ་ན་བུ་སྐྱེ་བ་དེ་བཞིན་དུ་བ་ལང་སྤྱོད་ཀྱི་གླིང་ན་ཡང་འོ་མ་རབ་ཏུ་འབབ་པ་ཡིན་ལ། ཆུ་ཀླུང་དང ། ནགས་དང ། ཉེ་བའི་ནགས་དང ། ཁྲུས་ཀྱི་རྫིང་བུ་དང ། མེ་ཏོག་གིས་ཀུན་ཏུ་ཁྱབ་པ་དང ། འབྲས་བུ་རྣམས་ནི་འཛམ་བུའི་གླིང་ ན་ཇི་ཙམ་པ་དེ་ཙམ་ཁོ་ན་ཡིན་ནོ། །འོན་ཀྱང་འདི་དག་གི་འབྲས་བུ་རྣམས་ནི་འཛམ་བུའི་གླིང་གི་རོའི་ཕྱེད་ཡིན་ནོ། །མེ་ཏོག་གི་དྲི་རྣམས་ཀྱང་འཛམ་བུའི་གླིང་གི་ཕྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ལས་ཀྱི་རྣམ་པར་ སྨིན་པ་གང་གིས་བ་ལང་སྤྱོད་ཀྱི་གླིང་གི་མི་དེ་དག་རྣམས་སྐྱེས་པ་ཡིན་ཞིང ། དམན་པ་དང ། བར་མ་དང ། ཆེས་དམན་པའི་ཆ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་སྐྱེ་བ་གཞན་དག་ཏུ་ཚུལ་ཁྲིམས་ཞན་པར་ གྱུར་ཅིང ། སྦྱིན་པ་ཞན་པ་དང ། ལས་དང་ཆོས་ཞན་པ་རྣམས་ཀུན་ཏུ་སྤྱད་པར་གྱུར་པ་རྣམས་ཡིན་ནོ། །ཇི་ལྟར་ཚུལ་ཁྲིམས་ཞན་པ་ཡིན་ཞེ་ན། འདིར་སྐྱེས་བུ་དེ་དག་རྣམས་ནི་སྐྱེ་བ་གཞན་དུ་དབུལ་པོར་གྱུར་པས་དེ་དག་རིན་ཐང་བྱས་པས་བསྙེན་གནས་ལ་ཉེ་བར་གནས་པ་ དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཡང་རྒྱལ་པོའི་ཆད་པས་སྤྱི་བོས་ཕྱག་འཚལ་བར་བྱེད་ཀྱི་རབ་ཏུ་དང་བར་གྱུར་པས་ནི་མ་ཡིན་ནོ། །སྦྱིན་པ་ཡང་མ་གཏང་ངོ ། །རྒྱལ་པོའི་ཞབས་འབྲིང་བྱེད་པའི་ཕྱིར་སེམས་བསྒོམས་པ་ཡང་མ་ཡིན་ནོ། །སངས་རྒྱས་ ཀྱི་བཀའ་ཡང་མ་བཏོན་ཏོ། །རྒྱལ་པོའི་ཞབས་ཏོག་བྱེད་པའི་དོན་གྱིས་སམ། འདོད་པ་ཆེ་བའམ། ལོག་པར་ལྟ་བ་ཅན་དང་ཞིང་ངན་པ་ཅན་ལ་བྱིན་པའམ།དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྙོག་པ་མེད་པ་དང ། དུས་རིང་དུ་མ་སྤྱད་པ་དེ་དག་རྣམས་འཛམ་བུའི་གླིང་ནས་ཤི་ 71-1-220a འཕོས་པར་གྱུར་ནས་ལས་ཀྱི་རྐྱེན་གྱིས་འདིར་སྐྱེས་པ་ཡིན་ཏེ། རོ་ཕྱེད་དུ་གྱུར་པའི་ཟས་དང་ལྡན་ཞིང་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམས་མངོན་པར་མི་ཤེས་པ་དང ། བློ་དམན་པར་གྱུར་པ་དང ། རྣམ་པར་ཤེས་པ་ཉམ་ཆུང་བ་དང ། བུད་མེད་ལ་བརྐམ་ཞིང་ ཆགས་པ་ཡིན་ཏེ། སྔོན་གྱི་ལས་དེ་དག་རྣམས་ཀྱི་ས་བོན་གྱི་རྐྱེན་གྱིས་ཡིན་ནོ། །སེམས་ཅན་འདི་དག་རྣམས་ནི་རང་གི་ལས་ཉིད་ཀྱིས་འགྲོ་བ་ཡིན་ཞིང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང ། ལས་བརྟན་པར་བྱས་པ་དང ། ལས་ཀྱི་སྐྱེ་གནས་པ་རྣམས་ཡིན་ནོ། །ཇི་ལྟར་ལས་བྱེད་པར་ འགྱུར་བ་དགེ་བའམ་སྡིག་པ་ཡང་རུང་སྟེ། དེ་དང་དེ་དག་ཉིད་ཀྱི་ལས་རྣམས་ཀྱི་སྐལ་བ་ཅན་དུ་འབྱུང་བར་འགྱུར་ཏེ། མི་དགེ་བའི་ལས་ཀྱི་མཐའ་རྣམས་ལ་སྤྱད་པར་གྱུར་ན་ནི་དམྱལ་བ་དང ། ཡི་དགས་དང ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །ས་བོན་དང་འདྲ་བའི་ལས་རྣམས་ དང་འདྲ་བའི་འབྲས་བུ་རྣམས་ཡིན་ཏེ། དཔེར་ན་ཀོ་ཏྲ་བའི་ས་བོན་ལས་ནི་ཀོ་ཏྲ་བའི་འབྲས་བུ་སྐྱེའི་ཁྲེ་རྒོད་ཀྱི་འབྲས་བུ་ནི་མ་ཡིན་ནོ། །ནས་ཀྱི་ས་བོན་རྣམས་ལ་ནི་ནས་ཀྱི་འབྲས་བུའོ། །དེ་བཞིན་དུ་ཡོན་ཏན་དམན་པ་དང ། ཞིང་དམན་པ་རྣམས་ལས་ཀྱང་འབྲས་བུ་དམན་པ་རྣམས་ སྐྱེའོ། །དེ་བཞིན་དུ་ས་བོན་བཟང་པོ་རྣམས་ལས་ནི་འབྲས་བུ་བཟང་པོ་རྣམས་སྐྱེའོ། །དཔེར་ན་འབྲས་ཤཱ་ལི་དམར་པོ་རྣམས་ལས་ནི་འབྲས་ཤཱ་ལི་དམར་པོ་རྣམས་སོ། །མོན་སྲན་སྡེའུ་རྣམས་ལས་ནི་མོན་སྲན་སྡེའུ་རྣམས་སོ། །བུར་ཤིང་རྣམས་ལས་ནི་བུར་ཤིང་རྣམས་སོ། ། ཞིང་དང་ཡོན་ཏན་གྱི་ཁྱད་པར་རྣམས་ལས་ཀྱང་འབྲས་བུ་རྣམས་ཁྱད་པར་དུ་འབྱུང་ངོ ། །འདི་ལྟ་སྟེ། ཡོན་ཏན་ཡོད་པ་དང ། སྡུག་བསྔལ་ཡོད་པ་དང ། གཉི་ག་ཡོད་པ་རྣམས་སོ། །དེ་ལ་ཡོན་ཏན་ཡོད་པ་ཉིད་ནི་བར་མ་ཡིན་ནོ། །ཡོན་ཏན་དང་སྡུག་བསྔལ་ཡོད་པ་ནི་ཁྱདཔར་ ཅན་ནོ། །སྡུག་བསྔལ་འབའ་ཞིག་ཡོད་པ་ནི་ཆུང་ངུ་ཡིན་ཏེ། སེམས་ཀྱི་ཡོན་ཏན་རྣམས་མ་གཏོགས་པ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་རྣམས་ལ་ཡང་ཞིང་རྣམ་པ་གསུམ་ཡིན། ཆུ་བལ་གྱིས་མ་བཅོམ་པ་ནི་བར་མ་ཡིན་ནོ། །རྩཝ་དང་ཆུ་བལ་རབ་ཏུ་ཕལ་ཆེ་བར་གྱུར་པ་དང ། ཆུ་ 71-1-220b དང ། ཆོམ་རྐུན་པའི་འཇིགས་པ་དང་རྣམ་པར་བྲལ་བའི་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྩཝ་རྡུམ་དང་ཆུ་བལ་གྱིས་ཉམས་པར་བྱས་པ་དང ། ཆུའི་སྐྱོན་དང ། འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་དང་ལྡན་པར་བརྗོད་པ་རྣམས་ནི་ཆུང་ངུ་ཡིན་ཏེ། ཞིང་ལས་པ་ རྣམས་ཀྱིས་ཡོངས་སུ་སྦྱང་བ་བྱས་པའི་ལས་རྣམས་ནི་མ་གཏོགས་སོ། །དེ་ལ་ནང་གི་བདག་ཉིད་དང་ཕྱི་རོལ་གྱི་དངོས་པོ་དེ་དག་རྣམས་ཀྱང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་དང ། ལས་བརྟན་པར་བྱས་པ་དང ། ལས་ཀྱི་སྐྱེ་གནས་པ་ཡིན་ཏེ། གཞན་གྱི་སྟོབས་དང་བཅས་པ་ཡིན་ ཞིང་ཕན་ཚུན་གྱི་རྐྱེན་ཅན་དུ་གྱུར་པ་དང ། ཕན་ཚུན་དུ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལ་ནུབ་ཀྱི་བ་ལང་སྤྱོད་པའི་སྐྱེས་བུ་དེ་དག་རྣམས་ནི་རྙོག་པ་དང་བཅས་པའི་ལས་ཀྱི་འབྲས་བུ་རྣམས་ལ་སྤྱོད་པ་ཡིན་ཏེ། རྙོག་པ་དང་བཅས་པའི་ལས་རྣམས་ཀྱིས་འདིར་སྐྱེས་པ་ཡིན་ནོ། ། གཞན་ཡང་ཤི་འཕོས་པར་གྱུར་ནས་རང་གི་ལས་ཀྱི་རླུང་གིས་འཁོར་བར་ཡོངས་སུ་འཁོར་བར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་པ་དེས་ཕྱི་རོལ་གྱི་ལས་དང་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་ནས། གཞན་ཡང་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ ཞིང་གནས་ཏེ། ནུབ་ཀྱི་བ་ལངསྤྱོད་ཀྱི་གླིང་ལས་འདས་པར་གྱུར་ནས་རིའི་རིགས་སམ། ཆུ་བོའི་རིགས་སམ། རྒྱ་མཚོའི་རིགས་སུ་གྱུར་པ་གཞན་ཅི་ཡོད་པ་དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ནུབ་ཀྱི་བ་ལང་སྤྱོད་དང ། ཤར་གྱི་ ལུས་འཕགས་པོ་གཉིས་ཀྱི་གླིང་དག་གི་བར་ན་ཡོད་དེ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལས་ནི་འདས་པར་གྱུར་ནས་སྐྱོ་མ་བ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བཅུ་གཉིས་པའོ། །སྐྱོ་མ་དང་འདྲ་བའི་ཆུ་གང་ཡིན་པས་གང་བར་གྱུར་པ་སྟེ། དུང་དང ། ཉ་དང ། ཉ་ཆེན་པོ་ དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། རུས་སྦལ་དང ། ཆུ་སྲིན་བྱིས་པ་གསོད་ཀྱི་ཡང་ཕུང་པོར་གྱུར་པ་ཡིན་ནོ། །སྐྱོ་མའི་ཆུའི་རྒྱ་མཚོ་དེ་ལས་འདས་པར་གྱུར་ནས་བི་དྲུ་མ་འདྲ་བ་ཞེས་བྱ་བའི་རིའི་ཉེ་འཁོར་དུ་དཔག་ཚད་ལྔ་བརྒྱ་པ་ཡོད་དོ། །དེ་ལ་དུག་ཆེན་པོའི་ 71-1-221a སྦྲུལ་རྣམས་རབ་ཏུ་གནས་སོ། །དེ་ལས་འདས་པར་གྱུར་ནས་ཆུ་དྲོན་མོ་ཞེས་བྱ་བའི་རྒྱ་མཚོ་ཡོད་དེ། སྦྲུལ་དེ་དག་རྣམས་ཀྱི་ཁ་རླངས་དྲོན་མོའི་དུག་གིས་དྲོན་མོར་འགྱུར་རོ། །དེ་ལ་ནི་སེམས་ཅན་གྱི་རིགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྦྲུལ་དུག་ཅན་དེ་ དག་གིས་དབུགས་འབྱུང་བས་དུས་བྱེད་པར་འགྱུར་རོ། །དུག་གི་རང་བཞིན་ཡིན་པས་ཆུ་ཡང་དྲོན་མོར་འགྱུར་རོ། །དེ་ལས་འདས་པར་གྱུར་ནས་ཆུ་དམར་པོ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་ལྔ་སྟོང་ཡོད་དོ། །དེ་ལ་ཀླུ་དང་ས་འོག་ན་གནས་པར་གྱུར་པའི་ལྷ་མ་ཡིན་རྣམས་ ཕན་ཚུན་དུ་ཞེ་སྡང་བར་གྱུར་པས་ཟིལ་གྱིས་མནན་ནས་ཟས་ཟོས་པར་གྱུར་པ་དང་འཁྲུག་པར་བྱེད་དོ། །ཀླུང་ན་གནས་པའི་ཀླུ་སྟོབས་ཅན་དེ་དག་གིས་ཀྱང་ལྷ་མ་ཡིན་དེ་དག་རྣམས་ཀྱི་སྟོབས་མི་འཕྲོགས་སོ། །དེ་ལས་འདས་པར་གྱུར་ནས་སྲིན་མོའི་གླིང་དཔག་ཚད་ཉིས་སྟོང་པ་ ཡོད་དེ། རལ་པ་ཅན་ཞེས་བྱ་བའི་སྲིན་མོ་དེ་དེ་ལ་རབ་ཏུ་གནས་པ་ཡིན་ནོ། །དྲི་དང་མེ་ཏོག་གི་ཕྲེང་བ་ཁར་འཇུག་ཅིང་ཟ་བའི་ཟས་དང་ལྡན་པ། མིག་བཙུམས་ཙམ་གྱི་བར་ལ་དཔག་ཚད་སྟོང་དུ་ཕྱིན་པར་མགྱོགས་པ། མི་རྣམས་ལ་གླགས་ལྟ་བར་བྱེད་པ་དང ། ཡིད་ཀྱང་ རྟག་ཏུ་དེ་ལ་སོང་བར་གྱུར་པ་ཡིན་ཏེ། ཤ་དང་ཁྲག་དང་རུས་པ་རྣམས་ཀྱིས་ནི་གླིང་འདི་ནི་དྲི་མི་ཞིམ་པ་ཡིན་ནོ། །རལ་པ་ཅན་གྱི་གླིང་དེ་ལས་འདས་པར་གྱུར་ནས་ཤ་ཟའི་གླིང་དཔག་ཚད་ལྔ་སྟོང་པ་ཡོད་དོ། །དེ་ལ་སྐྲས་ཁྱབ་པ་ཞེས་བྱ་བའི་ཤ་ཟ་རབ་ཏུ་གནས་པ་ཡིན་ནོ། ། དེ་ལས་འདས་པར་གྱུར་ནས་གླིང་གིས་ལེགས་པར་གང་བ་ཞེས་བྱ་བའི་རི་དཔག་ཚད་ལྔ་སྟོང་པ་ཡོད་དོ། །ལེགས་པར་གང་བའི་རི་ལ་ལྗོན་ཤིང་རྣམས་ཀྱིས་ལེགས་པར་གང་བ་ལ་འདི་ལྟ་སྟེ། ཤིང་ན་ལི་ཀེ་ར་དང ། པ་ན་ས་དང ། མོ་ཙ་དང ། ཧིན་ཏཱ་ལ་དང ། ཏ་མཱ་ལ་དང ། ར་ཀ་ཏ་མཱ་ལ་དང ། སེར་པོ་དང ། སེང་ལྡེང་དང ། ཏིལ་ཀཱ་དང ། རྫུན་དང ། ཀ་དམྦ་དང ། ནཱི་བ་དང ། ནི་ཙུ་ལ་དང ། ཙམྤ་ཀ་དང ། ཁརྫུ་ར་དང ། ་མྲ་དང ། པི་ཙུ་མརྡ་དང ། བ་ད་རི་དང ། བ་ཊཱཎཱ་ད་དང ། ཀིང་ཤུ་ཀ་དང ། ཀླུའི་མེ་ཏོག་དང ། ཀ་དམྦ་དང་། 71-1-221b མྱ་ངན་མེད་དང ། སི་ལིན་དྷ་དང ། ཀེ་ཏ་ཀ་དང ། ཀརྣི་ཀ་ར་ཤིན་ཏུ་ལྷུག་པ་དང ། མཱ་ལི་ཀཱ་གསར་པ་དང ། བཱ་ཊཱ་ལཱ་དང ། ཀ་པིད་ཐ་དང ། དཔལ་ཤིང་དང ། ལྷ་ཤིང་དང ། ཤུག་པ་དང ། ཀ་ར་པཱི་ར་དང ། མྱ་ངན་མེད་སྔོན་པོ་དང ། ཀུ་ར་བ་ཀ་དང ། ཀུན་ད་དང་ རྣམས་ཏེ། ཕུང་པོར་སྐྱེས་པའི་ལྗོན་ཤིང་རྣམས་ཀྱིས་ལེགས་པར་གང་བ་དང ། འབབ་ཆུ་བརྒྱ་ཕྲག་གིས་དགའ་བར་གྱུར་པ་ཡིན་ནོ། །ནགས་ཀྱི་ཁམས་རྣམས་དང་ལྡན་པའི་ནང་དེ་ལ་ནི་དྲི་ཟ་རྣམས་རྩེ་དགའ་བར་བྱེད་དོ། །ལེགས་པར་གང་བའི་རི་དེ་ལས་འདས་པར་གྱུར་ ནས་རྒྱ་མཚོ་དཔག་ཚད་ལྔ་སྟོང་དུ་འོ་མའི་ཆུ་ཞེས་བྱ་བ་ཡིན་ནོ། །དེ་ལ་ནི་ཆུ་འོ་མ་དང་འདྲ་བར་ཡོད་དེ། རོ་འོ་མ་དང་མཉམ་པ་ཡིན་ནོ། །བདག་ཉིད་ཀྱི་དངོས་པོ་དཔག་ཚད་ལྔ་པར་གྱུར་པའི་ཉ་འགའ་ཞིག་རྒྱུ་བར་བྱེད་པ་ཡིན་ནོ། །འོ་མའི་ཆུའི་རྒྱ་མཚོ་དེ་ལས་འདས་པར་ གྱུར་ནས་བྱེ་མའི་གནས་སྐབས་ཞེས་བྱ་བ་དཔག་ཚད་སྟོང་དུ་ལྗོན་ཤིང་གི་ངམ་གྲོག་ཏུ་གྱུར་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་ཀླུའི་དུག་བཅོམ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་དྲུག་སྟོང་པར་གྱུར་པ་གང་ལ་སྟོབས་ཞེས་བྱ་བའི་ཀླུ་རབ་ཏུ་གནས་པ་ཡིན་ནོ། །ཕན་ཚུན་མི་འཐུན་ པར་གྱུར་པ་རྟག་ཏུ་མ་ཞི་བ་ལ་དགའ་བ་ཡིན་ནོ། །ཕན་ཚུན་གྱི་ཀླུའི་དུག་བཅོམ་ཞེས་བྱ་བའི་རྒྱ་མཚོ་དེ་ལས་རིང་དུ་འདས་ནས་ཆུ་མཉམ་པར་གྱུར་པ་ཞེས་བྱ་བའི་རྒྱ་མཚོ་ཡོད་དེ། དཔག་ཚད་ཉིས་སྟོང་དུ་ཆུ་བརྟན་ཞིང་གནས་པ་དང་ཆུ་རབ་ཏུ་དང་བ་དང་ཟབ་མོ་ཡིན་ཏེ། ཉ་དང་ཆུ་སྲིན་ མ་ཀ་ར་དང ། དུང་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་བྱིས་པ་གསོད་རྣམས་ཀྱིས་ཀུན་ཏུ་གང་བར་གྱུར་པ་ཡིན་ནོ། །གཞན་ཡང་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་རྣམས་ཤེས་པའི་རྣལ་འབྱོར་སྤྱོད་པ་པ་དེས་ལྟ་བར་བྱེད་དེ། ཇི་སྐད་དུ་བཤད་པའི་རྒྱ་མཚོ་དང ། ཆུ་བོ་དང ། གླིང་ དང ། ནགས་དང ། རི་དང ། ལྗོན་ཤིང་རྣམས་དང ། གནས་དེ་དག་རྣམས་གང་ལ་ཡང་བདག་ཅག་མ་སྐྱེས་པ་དང ། མ་ཤི་བ་དང ། འཆི་འཕོས་པར་མ་གྱུར་པ་དང ། སྐྱེས་པར་མ་གྱུར་པ་དང ། འཐུན་པ་དང ། ཡིད་དུ་འོང་བ་རྣམས་ཐམས་ཅད་དང་ཡང་ཐ་དད་དུ་གྱུར་པ་ 71-1-222a དང ། མེད་པར་གྱུར་པ་དང ། བྱེ་བར་གྱུར་པ་དང ། བྲལ་བར་གྱུར་པ་དང ། གཞན་དུ་གྱུར་པ་དང་ལྡན་པར་མ་གྱུར་པ་དང ། གང་ཡང་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལས་ཀྱི་སྐྱེ་གནས་པ། ལས་བརྟན་པར་བྱས་པ་རང་གི་ལས་ཀྱི་འབྲས་བུ་མྱོང་བར་གྱུར་པས་འཆི་ འཕོ་བ་དང་སྐྱེ་བར་མ་གྱུར་པ་དེ་ནི་རྒྱ་མཚོའི་ཡུལ་ཕྱོགས་སམ། རིའི་ཡུལ་ཕྱོགས་སམ། ལྗོན་ཤིང་གི་ཕྱོགས་རྣམས་ལ་ཡང་གཅིག་ཀྱང་མ་མཐོང་ངོ ། །ལན་བརྒྱ་ཕྲག་དང ། དེ་ནས་སྟོང་ཕྲག་དང ། ལན་སྟོང་ཕྲག་བརྒྱ་དང ། ལན་བྱེ་བ་ཕྲག་འབུམ་དུ་ཡང་གང་ལ་བདག་ཅག་ རྣམས་སྐྱེས་པ་དང ། ཤི་བ་དང ། སྐྱེས་པར་གྱུར་པ་མ་ཡིན་པ་ནི་ཁབ་ཀྱིས་ཕུག་པ་ཙམ་ཡང་མེད་དོ། །འཐུན་པ་དང་ཡིད་དུ་འོང་བར་གྱུར་པ་རྣམས་ཐམས་ཅད་ཀྱང་ཐ་དད་དུ་གྱུར་པ་དང ། མེད་པར་གྱུར་པ་དང ། གྱེས་པར་གྱུར་པ་དང ། རྣམ་པར་བྲལ་བར་གྱུར་པ་དང་།གཞན་ དུ་གྱུར་པར་ནི་ལན་བརྒྱ་ཕྲག་དང ། ལན་སྟོང་ཕྲག་དང ། ལན་བརྒྱ་སྟོང་ཕྲག་བྱེ་བར་གྱུར་པ་བརྒྱ་སྟོང་ཕྲག་ཏུ་གྱུར་ཅིང ། འཁོར་བ་ཐོག་མ་མེད་པ་ནས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཞགས་པས་ཀུན་ནས་བཅིངས་ནས་འཁོར་བ་ན་ཡང་དམྱལ་བ་དང ། ཡི་དགས་ དང ། དུད་འགྲོའི་གནས་རྣམས་སུ་སྐྱེ་བ་དང ། འཆི་བ་དང ། སྐྱེ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་མྱུར་བ་མྱུར་བར་འཁོར་བ་ལས་ཡིད་འབྱུང་བར་གྱིས་ཤིག་།འཁོར་བ་ལ་བརྐམ་ཞིང་ཆགས་པར་འགྱུར་བར་མ་བྱེད་དང ། འཁོར་བ་འདི་ནི་སྡུག་བསྔལ་བ་ཡིན་ནོ། ། ཚ་བར་གྱུར་པའི་ཚོར་བ་དང་ལྡན་པ་ཡིན་ཞིང ། རྩུབ་པར་གྱུར་པའི་ཚོར་བ་དང་ལྡན་པ་ཡིན་ཏེ། སྡུག་བསྔལ་དང་ལྷན་ཅིག་ཏུ་གྱུར་པའི་ཚོར་བ་ཡིན་ནོ། །རྒ་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་མང་བ་ཡིན་ ནོ། །ལྟུང་བའི་མཐའ་དང་ཟད་པར་གྱུར་པའི་སྒོ་ཡིན་ནོ། །འདི་ན་ནི་ཤིན་ཏུ་ཕྲ་བར་གྱུར་པའི་རྟག་པ་དང་བདེ་བ་ཡང་ཡོད་པ་མ་ཡིན་ནོ། །དཔེར་ན་ཉི་མ་ལ་མུན་པ་ཤིན་ཏུ་ཕྲ་བ་ཡང་མེད་དོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་དེ་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། ། 71-1-222b གཞན་ཡང་རྣལ་འབྱོར་སྤྱོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་རྣམས་རིག་པར་བྱེད་དེ། ཆུ་མཉམ་པའི་རྒྱ་མཚོ་དེ་ལས་རིང་དུ་འདས་ནས། ཆུ་ཀླུང་གི་རིགས་སུ་གྱུར་པའམ། རྒྱ་མཚོའི་རིགས་སུ་གྱུར་པའམ། རིའི་རིགས་སུ་གྱུར་པ་གཞན་ཡོད་དམ་ཞེ་ན། དེས་ ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། ཤར་གྱི་ལུས་འཕགས་པོ་ཞེས་བྱ་བའི་གླིང་ཡོད་དེ། དཔག་ཚད་སྟོང་ཕྲག་བརྒྱད་པ་ཉེ་འཁོར་ཡོངས་སུ་ཟླུམ་པར་གྱུར་པ་གྲོང་དང ། གྲོང་ཁྱེར་དང ། ཚོང་འདུས་རྣམས་ཕུན་སུམ་ཚོགས་པ་ དང ། ཆུ་ཀླུང་དང ། ལྗོན་ཤིང་དང་།ནགས་དང ། ཉེ་བའི་ནགས་དང ། ཁྲུས་ཀྱི་རྫིང་བུ་དང ། གླིང་དང ། རི་དང ། འབབ་ཆུ་དང ། ཤིང་ཚང་ཚིང་རྣམས་དཀྲིགས་པ་དང་ལྡན་པའི་ནགས་དང་བཅས་པ་དང ། མེ་ཏོག་དང ། འབྲས་བུ་དང ། རི་དགས་དང ། བྱ་རྣམས་ ཀྱང་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་རི་དྲུག་པོ་འདི་དག་རྣམས་ནི་ཐམས་ཅད་ལ་ཆེ་བར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། ལོགས་ཆེན་པོ་དང ། ནགས་ཀྱི་ཕྲེང་བ་དང ། རྨ་བྱའི་ཚོགས་དང ། ཡི་དགས་ཀྱི་ཁྲོད་དང ། རྒྱ་མཚོ་གྱེན་དུ་འགྲོ་བ་དང ། མིག་གི་ཕྲེང་བ་དང་རྣམས་ སོ། །རི་དེ་དག་རྣམས་ཀྱིས་ཤར་ཕྱོགས་ལུས་འཕགས་པོའི་གླིང་ཡོངས་སུ་བསྐོར་བ་ཡིན་ཏེ། འཛམ་བུའི་གླིང་རི་བཞིས་ཇི་ལྟ་བར་ཏེ་སྔར་བཞིན་ནོ། །དེ་ལ་ལོགས་ཆེན་པོའི་རི་རྒྱར་ནི་དཔག་ཚད་སུམ་སྟོང་ཡིན་ཏེ། རི་དེ་ལ་དཔག་ཚད་སྟོང་སྟོང་གི་ནགས་གསུམ་ཡོད་དོ། ། འདི་ལྟ་སྟེ། སུ་བེ་ལང་གི་ནགས་དང ། འབབ་ཆུའི་སྒྲ་དང་ལྡན་པའི་ནགས་དང ། མཱ་ལི་ཀ་གངྐ་རའི་ནགས་སོ། །ནགས་ན་ལྗོན་ཤིང་རྣམས་ཕུན་སུམ་ཚོགས་པར་གྱུར་པ་ལ་འདི་ལྟ་སྟེ། ལཝི་ལི་ཀའི་ལྗོན་ཤིང་དང ། རིའི་ཁྲོད་ནས་སྐྱེས་པའི་ལྗོན་ཤིང་དང ། ཡལ་ག་མཉམ་ པའི་ལྗོན་ཤིང་དང ། བགྲོད་དཀའ་བར་གྱུར་ནས་སྐྱེས་པར་གྱུར་པའི་ལྗོན་ཤིང་དང ། ཀླུང་ན་སྐྱེས་པའི་ལྗོན་ཤིང་དང ། ུཏྤ་ལ་སྐྱེས་པའི་ལྗོན་ཤིང་དང ། རི་བྲགས་ན་སྐྱེས་པའི་ལྗོན་ཤིང་དང ། འཛམ་བུའི་གླིང་གི་ལྗོན་ཤིང་རྣམས་ནི་སྔར་བཞིན་ནོ། །རི་ཆེན་པོའི་ཉེ་འཁོར་ན་ 71-1-223a སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ནི་མེའི་གཙུག་ཅན་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཆུ་ཀླུང་ཡང་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། བྱེ་མ་འདྲིམ་པ་དང ། སཱ་མྲེ་ཌཱ་དང ། ཆུ་གཡོ་བ་དང ། ཀླུའི་ཆུ་དང ། ནགས་ནས་འབྱུང་བ་དང ། ཙ་ར་ཙ་དང་ རྣམས་སོ། །ནགས་ཀྱི་ཕྲེང་བའི་རི་དེའི་ཚད་ནི་དཔག་ཚད་སྟོང་ཡིན་ནོ། །དེ་ལ་ནགས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ཀུཀྐུ་ཊཱ་ཙཱི་ར་དང ། ལྷ་ཤིང་གི་ནགས་དང ། ཙི་ལི་ཀའི་ནགས་དང ། དུ་བ་པ་དང ། ཤིན་ཏུ་མ་སྐྱེས་པ་དང་རྣམས་ཡིན་ནོ། །ཆུ་ཀླུང་ཡང་འདི་དག་ རྣམས་ཡོད་དོ། །འདི་ལྟ་སྟེ། འཁྲི་ཤིང་གིས་གཡོགས་པ་དང ། རྩེ་མོ་ལ་འཁོར་བ་དང ། ཆུ་ནག་པོ་དང ། ལོ་མ་ཤིན་ཏུ་འཕྱང་བ་དང ། དུ་བ་དགའ་བ་དང་རྣམས་སོ། །རིའི་ནགས་ཀྱི་ཕྲེང་བའི་ཉེ་འཁོར་ན་སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ནི་གྱ་གྱུ་ཅན་ཞེས་བྱ་བའི་ མིང་དུ་འགྱུར་རོ། །རི་གསུམ་པ་རྨ་བྱའི་ཚོགས་ལ་རྣལ་འབྱོར་སྤྱོད་པ་པ་དེས་མཐོང་བར་གྱུར་པ་དཔག་ཚད་སྟོང་ཡིན་ནོ། །དེ་ལ་ནགས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། སྤྲིན་གྱི་ནགས་དང ། རྟག་ཏུ་གློག་འཁྱུག་པ་དང ། སྒྲ་འཕང་མཐོན་པོ་དང ། ལྷག་པ་ཐུང་ བ་དང ། མཎྜལཾ་དང་རྣམས་སོ། །ཆུ་ཀླུང་ཡང་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ནི་ཙུ་ལུནྡ་འབབ་པ་དང ། དྲང་སྲོང་དགའ་བ་དང ། སྔོན་འབབ་པ་དང ། བཟང་པོ་དང་རྣམས་ཡིན་ནོ། །རྨ་བྱའི་ཚོགས་ཀྱི་ནགས་ཀྱི་ཉེ་འཁོར་ན་སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ ལ་མགུལ་པ་སྔོན་པོ་ཞེས་བྱ་བའི་མིང་དུ་འགྱུར་རོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཤར་ཕྱོགས་ཀྱི་ལུས་འཕགས་པོའི་གླིང་ན་རིའི་རིགས་སམ་ཆུ་ཀླུང་གི་རིགས་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རི་གཞན་བཞི་པ་རི་དགས་ཀྱི་ཁྲོད་ཅེས་བྱ་བ་ཡོད་དོ། །དེ་ལ་ནགས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། རལ་པ་ཅན་གྱི་ནགས་དང ། ཀུན་དགའ་བའི་ནགས་དང ། རྟའི་སྤྲིན་གྱི་ནགས་དང་རྣམས་སོ། །ལྗོན་ཤིང་དང ། མེ་ 71-1-223b ཏོག་དང ། འབྲས་བུ་ཕུན་སུམ་ཚོགས་པ་རྣམས་ནི་སྔར་གྱི་བཞིན་ནོ། །དེ་ལ་ཆུ་ཀླུང་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ཤིན་ཏུ་གྲོལ་བར་གྱུར་པའི་ཆུ་དང ། ཉེ་འཁོར་ན་དགའ་བ་དང ། ཚོགས་པ་རྣམས་ཡིན་ནོ། །རི་དགས་ཀྱི་རིགས་ཀྱང་འདི་དག་རྣམས་ཡིན་ནོ། །འདི་ལྟ་ སྟེ། བཻ་ནེ་ཡ་དང ། ཉེ་འཁོར་གྱི་གྲིབ་མ་ལ་དགའ་བ་དང ། བལྟས་པས་འབྲོས་པ་དང ། ཀུ་རང་གཱཿ དང ། ལམ་བཟང་པོ་དང ། ཕྲག་དོག་ཀླུ་སྐྱེས་དང ། བ་ལང་གི་རྣ་བ་དང ། གླང་པོ་འཐུང་བ་དང ། བྱིས་པ་མཆོག་དང ། གྲིབ་མ་ལ་དགའ་བ་དང ། རི་བོང་ལུག་དང ། རྔ་མོའི་ལུས་དང ། མཇུག་མ་ནག་པོ་དང ། མགོ་དཀར་པོ་དང ། རྨ་དང་བཅས་པ་དང ། སྦྲུལ་གྱི་ལྕེ་དང ། རང་གི་སོ་བརྒྱ་པ་དང ། སྡོང་བ་དང ། སྦུབས་ཀྱི་མཁྲེན་པ་སྟེ། རི་དགས་ཀྱི་ཚོགས་དེ་དག་རྣམས་ཁ་ཅིག་ནི་འཛམ་བུའི་གླིང་ན་ཡང་ཡོད་པ་མ་ཡིན་ནོ། །རི་ཁྲོད་ ཀྱི་རི་ལ་ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། ལྗོན་ཤིང་དང ། བྱ་དང ། མེ་ཏོག་དང ། ཕུན་སུམ་ཚོགས་པ་རྣམས་ནི་སྔོན་གྱི་བཞིན་ཏེ། རི་དགས་ཀྱི་ཁྲོད་ཀྱི་རི་ལ་འཛམ་བུའི་གླིང་གི་མེ་ཏོག་རྣམས་ནི་ཐམས་ཅད་ཀྱང་ཡོད་དོ། །རི་དགས་ཀྱི་ཁྲོད་ཀྱི་རིའི་ཉེ་འཁོར་ན་ གང་དག་གནས་པའི་སྐྱེས་བུ་དེ་དག་རྣམས་ལ་ནི་ཤུགས་སྡོམ་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཤར་གྱི་ལུས་འཕགས་གླིང་གི་རི་ལྔ་པ་དེའི་ནགས་ཉེ་བའི་ནགས་དང་རྫིང་བུ་རྣམས་ལ་ལྟ་བར་བྱེད་དོ། །རྒྱ་མཚོ་གྱེན་དུ་འགྲོ་བ་ཞེས་བྱ་བའི་རི་དཔག་ཚད་སྟོང་དང་ལྡན་པའི་ནགས་ དང་ཉེ་བའི་ནགས་དང་རྫིང་བུ་རྣམས་ཀྱིས་ཀུན་ནས་གང་བ་ནི་སྔོན་གྱི་བཞིན་ནོ། །དེ་ལ་ཡང་ནགས་འདི་དག་རྣམས་ཡོད་དོ། །འདི་ལྟ་སྟེ། ཐིག་ལེ་གསུམ་པ་ཞེས་བྱ་བའི་ནགས་དང ། མགྲིན་པ་འགག་པ་དང ། དགའ་བའི་རིའི་ནགས་དང་རྣམས་སོ། །ཆུ་ཀླུང་ཡང་འདི་དག་ ཡོད་དོ། །འདི་ལྟ་སྟེ། རཝ་གསུམ་པ་དང ། ཅ་ཅོ་བ་དང ། རྡོ་བ་འདྲིམ་པ་དང་རྣམས་སོ། །རྒྱ་མཚོ་གྱེན་དུ་འགྲོ་བའི་རིའི་ཉེ་འཁོར་ན་སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ལ་ནི་སྒྲིན་པོ་ཞེས་བྱ་བའི་མིང་དུ་འགྱུར་རོ། །རྒྱ་མཚོ་གྱེན་དུ་འགྲོ་བའི་རི་ལ་བལྟས་པར་གྱུར་པས་ 71-1-224a ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ལ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཤར་གྱི་ལུས་འཕགས་པོའི་གླིང་ན་རིའི་རིགས་སུ་གྱུར་པ་གཞན་དག་ཡོད་དམ་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། མིག་གི་ཕྲེང་བ་ཞེས་བྱ་བའི་རི་དཔག་ཚད་སྟོང་དང་ལྡན་པ་ཡོད་དེ། ཉེ་འཁོར་ན་ནགས་དང ། ཉེ་བའི་ནགས་དང ། རྫིང་བུ་དང ། འབབ་ཆུ་ཕུན་སུམ་ཚོགས་པར་གྱུར་པ། རྣམ་པ་སྣ་ཚོགས་པའི་རི་དགས་དང ། བྱ་ དང ། མེ་ཏོག་དག་འབྲས་བུ་ཕུན་སུམ་ཚོགས་པ་ནི་སྔར་གྱི་བཞིན་ནོ། །མིག་གི་ཕྲེང་བ་ཞེས་བྱ་བའི་རི་དེ་ལས་མི་མཐོང་བའི་ཀླུང་ཞེས་བྱ་བའི་ཆུ་ཀླུང་འབབ་པ་ཡིན་ཏེ། དཔག་ཚད་དུ་ཟབ་པ་ཡིན་ནོ། །མིག་གི་ཕྲེང་བའི་ཉེ་འཁོར་ན་སྐྱེས་བུ་གང་དག་གནས་པ་དེ་དག་རྣམས་ ལ་ནི་ཉེ་འཁོར་གྱི་མིག་ཅེས་བྱ་བའི་མིང་དུ་འགྱུར་རོ། །དེ་ལྟར་ཤར་ཕྱོགས་ལུས་འཕགས་པོའི་གླིང་ནི་རི་དྲུག་གིས་ཡོངས་སུ་བསྐོར་བ་ཡིན་ནོ། །དེའི་ནང་ན་གྲོང་ཁྱེར་ཆེན་པོ་གསུམ་ལ་འདི་ལྟ་སྟེ། དགའ་བ་བཟང་པོ་ཞེས་བྱ་བ་དང ། ནགས་མངོན་པར་དགའ་བ་ཞེས་བྱ་བ་དང ། ཉེ་འཁོར་ན་རྩེ་དགའ་བ་ཞེས་བྱ་བའོ། །གྲོང་ཁྱེར་གྱི་རྒྱར་ནི་དཔག་ཚད་གསུམ་ཡིན་ནོ། །ལྷག་མར་གྱུར་པ་བར་མ་དང་ཐ་ཆུངས་ཀྱི་གྲོང་ཁྱེར་རྣམས་ནི་དྲུག་ཅུ་རྩ་གསུམ་ཡིན་ནོ། །བར་མའི་གྲོང་ཁྱེར་ལ་ཕུང་པོའི་གྲོང་ཁྱེར་ཞེས་བྱ་བ་དང ། ཉེ་འཁོར་གྱི་སྒྲ་ཞེས་བྱ་བ་དང་ངོ ། ། གྲོང་ཁྱེར་ཆུང་ངུ་ལ་ཐམས་ཅད་འགྲོ་བ་ཞེས་བྱ་བའི་གྲོང་ཁྱེར་དང ། འབྲོག་ཏུ་རྣམ་པར་ཆད་པ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་དང་སྟེ། དེ་དག་ནི་བར་མ་དང་ཐ་ཆུངས་ཀྱི་གྲོང་ཁྱེར་རྣམས་ཇི་ལྟར་གཙོ་བོར་གྱུར་པ་རྣམས་ཡིན་ནོ། །གྲོང་ཁྱེར་བྱེ་བ་ཕྲག་གསུམ་དང ། གྲོང་སྟོང་ཕྲག་བརྒྱ་ལྔ་པ་དང ། གྲོང་སྟོང་ཕྲག་གསུམ་དང ། གྲོང་ལྔ་བརྒྱ་དང་དྲུག་གིས་ལྷག་པའི་ལྔ་བཅུ་དང་རྣམས་ཤར་གྱི་ལུས་འཕགས་གླིང་ན་ཡོད་དོ། །དེ་ལ་འདི་དག་རྣམས་ནི་གྲོང་གི་གཙོ་བོ་ཡིན་ཏེ། འདི་ལྟར་ནམ་མཁའི་དྲི་མ་དང ། དབུ་བའི་ཚོགས་དང ། བྲི་ཀྵཱི་རང་དང ། སྐྱེ་བོ་ཐམས་ཅད་པ་དང ། ལོ་འདབ་ 71-1-224b མང་བ་དང ། བྷཱི་དཱུ་རཾ་དང ། སྨིན་པའི་སྣོད་དང ། མདོར་བསྡུས་པ་དང ། པིལྐ་ཊཱ་དང ། གནོད་པའི་ནགས་དང ། ཕན་པར་འཇུག་པའི་མིག་དང ། བཱ་དཱུ་ཏཾ་དང ། ཟེའུ་འབྲུའི་ལུས་ཀྱི་ཤིང་དང ། དུས་ཀྱི་ཆུ་དང་རྣམས་ཏེ། དེ་ལྟ་བུ་ལ་སོགས་པའི་གྲོང་རྣམས་ཡིན་ནོ། ། གླིང་གི་ཉེ་འཁོར་ཡོངས་སུ་ཟླུམ་པ་ཇི་ལྟ་བ་ཁོ་ནར་མི་རྣམས་ཀྱི་བཞིན་གྱི་ཉེ་འཁོར་ཡང་ཡོངས་སུ་ཟླུམ་པ་ཡིན་ནོ། །དེ་ལ་འཛམ་བུའི་གླིང་པ་རྣམས་ནི་རྣ་བ་དང ། སྐྲ་ལ་རྒྱན་འདོགས་སོ། །བྱང་ཕྱོགས་སྒྲ་མི་སྙན་པ་རྣམས་ནི་མིག་དང ། དཔུང་པ་ལ་རྒྱན་འདོགས་སོ། ། བ་ལང་སྤྱོད་པ་རྣམས་ནི་གསུས་པ་དང ། མགྲིན་པ་ལ་རྒྱན་འདོགས་སོ། །ཤར་ཕྱོགས་ལུས་འཕགས་པོ་རྣམས་ནི་བརླ་དང ། ཕྲག་པ་ལ་རྒྱན་འདོགས་སོ། །དེ་ལ་དེ་དག་རྣམས་ཀྱང་སྐྱེས་བུའི་གནས་བཞི་པོ་རྣམས་ཀྱི་རང་རང་གི་ལུས་ལ་ཡིན་ནོ། །གཞན་ཡང་རྣལ་ འབྱོར་སྤྱོད་པ་ལས་ཀྱི་ཆོས་ཀྱི་རྣམ་པར་སྨིན་པ་རྣམས་ལ་རྗེས་སུ་ལྟ་སྟེ། ལས་གང་གིས་ངེས་པར་སེམས་ཅན་དེ་དག་རྣམས་འདིར་སྐྱེས་པ་ཡིན་ཞིང་ཁྱད་པར་དུ་འཕགས་པ་དང ། བར་མ་དང ། ཐ་མ་རྣམས་ཀྱང་ཁྱད་པར་དུ་འཕགས་པ་དང ། བར་མ་དང ། ཐ་མའི་ལས་ རྣམས་ཀྱིས་བྱས་པ་ཡིན་ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། སྔོན་སེམས་ཅན་འདི་དག་རྣམས་ལས་དང་ཆོས་དང་རྣམ་པར་སྨིན་པ་རྣམས་མངོན་པར་མི་ཤེས་པར་གྱུར་ཏོ། །དེ་མི་ཤེས་པར་གྱུར་པའི་ཕྱིར་ན་ཞིང་ངན་པ་ལ་ སྦྱིན་པ་ངན་པ་བྱིན་པ་ཡིན་ཏེ། དཔེར་ན་ཕན་འདོགས་པའི་ངོར་རམ། སེམས་གཞན་དུ་གྱུར་པས་སམ། ཞབས་འབྲིང་གི་ཕྱིར་ཡང་སྟེ་སྔར་བཞིན་ནོ། །ལས་དེས་སེམས་ཅན་ཐ་མ་རྣམས་འདིར་སྐྱེས་པར་གྱུར་ཏོ། །བར་མ་རྣམས་ཀྱང་ཚུལ་ཁྲིམས་དམན་པ་རྣམས་ཡིན་ ནོ། །འདི་ལྟ་སྟེ། རྒྱལ་པོའི་ཞབས་འབྲིང་དུ་སྲོག་གཅོད་པ་སྤོང་བར་བྱེད་པ་སྤངས་པར་གྱུར་ཀྱང་རབ་ཏུ་དང་བའི་སེམས་ཀྱིས་ནི་མ་ཡིན་ནོ། །གང་དེ་དག་རྣམས་ནི་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་པར་གྱུར་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ནི་བར་མ་ཡིན་ 71-1-225a ནོ། །ཁྱད་པར་དུ་འཕགས་པའི་རྣམས་ནི་ཁྱད་དུ་འཕགས་པའི་ལས་རྣམས་ཀུན་ཏུ་བགྲོད་པར་འགྱུར་བ་ཡིན་ཏེ། ཐེག་པ་ཆེན་པོ་ཉན་པར་བྱེད་པ་དང ། ཡོངས་སུ་རྫོགས་པར་བྱེད་པ་དང ། རྗེས་སུ་ཡི་རང་བར་བྱེད་པ་དག་གིས་ཡིན་ནོ། །ཐེག་པ་ཆེན་པོ་ཉན་ པར་བྱེད་པ་དང ། སྟོན་པར་བྱེད་པ་དང ། རྗེས་སུ་ཡི་རང་བར་བྱེད་པ་དང ། ཡོངས་སུ་རྫོགས་པར་བྱེད་པ་མ་གཏོགས་པའི་འཁོར་བའི་དགོན་པ་ནས་ངེས་པར་འབྱུང་བར་བྱེད་པ་གཅིག་ཀྱང་ངས་མ་མཐོང་ངོ ། །སྦྱིན་པ་རྣམས་ཀྱི་མཆོག་ནི་འདི་ཡིན་ནོ། །འདི་ལྟ་སྟེ། ཐེག་ པ་ཆེན་པོ་སྒྲོགས་པར་བྱེད་པའི་སྦྱིན་པའོ། །ཤེས་རབ་རྣམས་ཀྱི་མཆོག་ཀྱང་འདི་ཡིན་ཏེ། འདི་ལྟར་ཐེག་པ་ཆེན་པོ་ཉན་པར་བྱེད་པའི་ཤེས་རབ་བོ། །ཐེག་པ་ཆེན་པོ་སྒྲོགས་པའི་ཡོན་ཏན་བརྗོད་པ་རྣམས་ནི་སྔར་གྱི་བཞིན་ནོ། །དེས་ཤར་གྱི་ལུས་འཕགས་པོའི་གླིང་གི་སེམས་ ཅན་རྣམས་ཀྱི་ལས་དང་ཆོས་དང་རྣམ་པར་སྨིན་པ་རྣམས་མཐོང་བར་གྱུར་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་སྟེ། ཤར་གྱི་ལུས་འཕགས་པོའི་གླིང་གི་བར་རྣམས་ནི་རིའི་རིགས་སམ། ཆུ་ཀླུང་གི་རིགས་གཞན་ཅི་ཡོད་ཅེ་ན། དེས་ཐོས་ པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ལྷའི་མིག་གིས་མཐོང་བར་གྱུར་པ་ཤར་ཕྱོགས་ལུས་འཕགས་པོའི་གླིང་དཔག་ཚད་སྟོང་ཕྲག་བརྒྱད་པའི་བར་ལས་རིང་དུ་འདས་ནས། ལྕགས་ཀྱི་ཕུང་པོ་ཞེས་བྱ་བའི་རི་དཔག་ཚད་སུམ་སྟོང་པ་ཡོད་པ་གང་ལས་ཤིན་ཏུ་ཕྲ་བར་གྱུར་ པའི་ལྕགས་ཀྱི་ཕྱེ་མ་རྣམས་ནི་དཔག་ཚད་སྟོང་ཕྲག་བཅུར་འཐུལ་བ་ཡིན་ནོ། །ལྕགས་ཀྱི་ཕུང་པོའི་རི་དེ་ལས་འདས་པར་གྱུར་ནས་ཁོར་ཡུག་གི་རྣམ་པ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་བདུན་སྟོང་པ་ཡོད་དེ། ཁོར་ཡུག་གི་རྣམ་པར་བྱས་པ་ཉིད་ཀྱི་རི་ལྔས་ཡོངས་སུ་བསྐོར་ བ་ཡིན་ནོ། །འདི་ལྟ་སྟེ། ཁབ་ཀྱི་ཁ་དང ། ལྟོ་ཆེན་པོ་དང ། བྷཱཎྜ་ནཱ་དང ། སྦྲུལ་དང ། བླ་ལྷག་པ་དང་རྣམས་སོ། །ཁོར་ཡུག་གི་རྣམ་པའི་རྒྱ་མཚོ་དེ་ལས་འདས་པར་གྱུར་ནས། ཁམས་རྣམས་དང་ལྡན་པ་ཞེས་བྱ་བའི་གླིང་དཔག་ཚད་སུམ་སྟོང་པ་ཡོད་ 71-1-225b དོ། །དེ་ལ་རིག་པ་འཛིན་པ་དང ། གསང་བ་པ་དང ། མི་འམ་ཅི་རྣམས་རབ་ཏུ་གནས་སོ། །གླིང་འདི་ནི་ཤིན་ཏུ་དགའ་བར་གྱུར་པ་ཡིན་ནོ། །ཆུ་ཀླུང་དང་རྫིང་བུ་དང་ལྗོན་ཤིང་རྣམས་ཀྱང་ཕུན་སུམ་ཚོགས་པ་ཡིན་ནོ། །འཛམ་བུའི་གླིང་དང་ཤར་གྱི་ལུས་འཕགས་ པོའི་རི་དགས་དང་བྱ་དང ། ལྗོན་ཤིང་རྣམས་ཀྱང་སྟེ། གླིང་དེ་ལས་རིང་དུ་འདས་པར་གྱུར་ནས། རྒྱུ་སྐར་མང་པོ་ཞེས་བྱ་བའི་རིའི་རྩེ་མོ་རི་རབ་ལྷུན་པོ་ལས་བྱུང་ནས་ཧ་ཅང་མི་རིང་བ་ན་ཡོད་དོ། །དེ་ལ་གནས་ནས་ཀྱང་མཉམ་པ་དང་མི་མཉམ་པའི་ལས་རྣམས་ཀྱི་དབང་གིས་ ཡིན་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་རླུང་གིས་དེ་ལ་འཆར་བར་བྱེད་པས་འཆར་བ་ཡིན་ནོ། །དེ་དག་རྣམས་འཛམ་བུའི་གླིང་དུ་མཐོང་བར་གྱུར་ནས། ལས་དང་འབྲས་བུའི་དེ་ཁོ་ན་ཉིད་མི་ཤེས་པའི་བྲམ་ཟེ་རྟོག་གེ་པ་རྣམས་ཀྱིས་གཟས་ བྱས་སོ། །སྐར་མས་བྱས་སོ་ཞེས་རྒྱལ་པོ་དང ། རྒྱལ་པོའི་བློན་པོ་ལ་ཡང་ཀུན་ཏུ་རིག་པར་བྱེད་དོ། །དེ་ལ་དེ་དག་རྣམས་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་བྲམ་ཟེ་རྟོག་གེ་པ་རྣམས་ཀྱིས་མཐོང་བ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ལས་རྣམས་ཇི་ལྟ་བར་གལ་ཏེ་ གཟས་དགེ་བ་བྱས་པ་ཡིན་ན་ཉི་མ་དང་ཟླ་བ་འདི་དག་ཀྱང་གཟའ་ཁྱད་པར་ཅན་ཡིན་ན། དེས་བྱས་པས་ཀྱང་དགེ་བ་དང་མི་དགེ་བའི་དུས་དག་རབ་ཏུ་འཇུག་པ་ཡིན་ལ། དེའི་ཚེ་དུས་ཐམས་ཅད་མེ་ཏོག་དང་འབྲས་བུ་རྣམས་ཡོད་པར་འགྱུར་རོ། །གང་གི་ཚེ་ཉི་མ་དང་ཟླ་ བ་དེ་དག་གཉིས་གཟའ་གཞན་གྱིས་བཟུང་བར་གྱུར་པ་འདི་ལྟ་སྟེ། ར་ཧུས་ཉི་མ་དང་ཟླ་བ་འདི་དག་དང་རྒྱུ་སྐར་རྣམས་ཐམས་ཅད་ཀྱང་ཕན་ཚུན་དུ་ཡང་གཟས་གནོད་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ན་དགེ་བ་དང་མི་དགེ་བ་དག་གཟའ་དང་རྒྱུ་སྐར་གྱིས་མ་བྱས་སོ། །གཞན་ ཡང་རྣལ་འབྱོར་སྤྱོད་པ་པ་གཟའ་དང་རྒྱུ་སྐར་གྱིས་བྱས་པ་དང ། ལྟ་བས་བྱས་པ་དང ། ལས་ཀྱི་འབྲས་བུ་རྣམས་ཀྱི་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལ་གཟས་བྱས་པ་དང ། རྒྱུ་སྐར་མང་པོའི་རྒྱ་མཚོའི་འཆར་བ་དང ། རི་རབ་ལྷུན་པོ་དང་། 71-1-226a འཆར་བའི་རྩེ་མོ་རྣམས་ལ་ཀུན་ཏུ་བལྟས་པར་གྱུར་པས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་ལ་ལྟ་བར་བྱེད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། རྒྱུ་སྐར་མང་པོའི་རྒྱ་མཚོ་དཔག་ཚད་ བདུན་སྟོང་པ་དེ་ལས་འདས་པར་གྱུར་ནས་བྷ་ར་ཏ་ལྷག་པར་གནས་པ་ཞེས་བྱ་བའི་གླིང་ཡོད་དེ། བྲག་དང ། ཆུ་ཀླུང་དང ། ལྗོན་ཤིང་རྣམས་ཕུན་སུམ་ཚོགས་པ་ཡིན་ནོ། །འཛམ་བུའི་གླིང་གི་ལྗོན་ཤིང་དང ། མེ་ཏོག་དང ། འབྲས་བུ་ཐམས་ཅད་ཀྱང་སྟེ། དཔག་ཚད་ནི་སུམ་སྟོང་ཡིན་ནོ། །རིག་པ་འཛིན་པ་དང་གསང་བ་པ་ལྷག་པར་གནས་པ་ཡིན་ཏེ། དེ་ནི་འདོད་པའི་རང་བཞིན་གྱི་ལྗོན་ཤིང་དང ། མེ་ཏོག་དང ། འབྲས་བུ་རྣམས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལས་རིང་དུ་འདས་ནས་མཚམས་ཀྱི་མཐའི་ རི་ཞེས་བྱ་བ་སྟེ། ཤར་གྱི་ལུས་འཕགས་པོ་དང ། འཛམ་བུའི་གླིང་པ་རྣམས་ཐམས་ཅད་ཀྱི་ཡང་མཚམས་སུ་གྱུར་པ་ཡིན་ནོ། །རྒྱ་མཚོ་འདི་ཡང་ཆུ་བསིལ་བ་ཡིན་ནོ། །ཤར་གྱི་ལུས་འཕགས་པོ་དང ། འཛམ་བུའི་གླིང་དག་གི་བར་དཔག་ཚད་སུམ་སྟོང་དུ་དུང་དང ། ཉ་ཆེན་པོ་དང ། ཆུ་སྲིན་ན་ཀྲ་དང ། ཆུ་སྲིན་མ་ཀ་ར་དང ། རུས་སྦལ་དང ། ཆུ་སྲིན་བྱིས་པ་གསོད་དང ། ཆུ་སྲིན་ཀུམྦྷི་ར་དང ། ཉ་རྣམས་རབ་ཏུ་གནས་སོ། །མཚམས་ཀྱི་རི་དེ་ལས་འདས་པར་གྱུར་ནས་དམར་པོ་ཞེས་བྱ་བའི་རྒྱ་མཚོ་ཡོད་དེ། འཛམ་བུའི་གླིང་གི་ ངོས་གཞན་ཞིག་ན་དཔག་ཚད་ལྔ་སྟོང་དུ་དམར་པོའི་མདོག་གིས་ཀུན་ཏུ་གང་བར་སྣང་བ་འཛམ་བུའི་གླིང་ལས་ཧ་ཅང་མི་རིང་བ་ན་ཡོད་དོ། །དེ་ལ་ཡང་ཉ་ཤིན་ཏུ་མང་བ་ཡིན་ནོ། །ཁྲག་རབ་ཏུ་ཕལ་ཆེ་བ་ཡིན་ནོ། །ཕན་ཚུན་དུ་ཡང་འཚོ་བར་གྱུར་པའི་སྲོག་གཅོད་པར་བྱེད་དོ། ། བདག་ཉིད་ཀྱང་ཟ་བར་བྱེད་དོ། །ཁྲག་རབ་ཏུ་ཕལ་ཆེ་བ་དེའི་ཕྱིར་ན་ཆུ་དེ་ཡང་དམར་པོ་ཡིན་ནོ། །དམར་པོར་ཀུན་ཏུ་སྣང་བའི་ཕྱིར་ཡང་རྒྱ་མཚོ་འདི་ལ་དམར་པོའི་ཐ་སྙད་དུ་འབྱུང་བ་ཡིན་ནོ། །དེ་ལས་རིང་དུ་འདས་ནས་སྔོན་པོ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་བདུན་སྟོང་དང་ལྡན་ 71-1-226b པ་སྟེ། ཆུ་ཀླུང་དེ་ཐམས་ཅད་ཀྱང་ཉས་གང་བ་དང་མཆོག་ཏུ་ཟབ་པ་ཡིན་ནོ། །དེ་ལས་འདས་པར་གྱུར་ནས་རིན་པོ་ཆེའི་གླིང་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་སུམ་སྟོང་པ་ཡོད་དེ། རི་དང་རིན་པོ་ཆེ་དང་ལྡན་པ་གསེར་གྱི་བྱེ་མ་དང ། རྡོ་དང ། ཥ་ཤྱཱ་ཀ་དང ། མུ་ས་ར་གལྦའི་རྡོ་ དང ། མུ་ཏིག་གི་ཕྱེ་མ་དང ། བི་དྲུ་མའི་ལྗོན་ཤིང་དང ། སུ་ཀུ་མ་རི་ཀ་མང་བ་དང ། རིན་པོ་ཆེ་དུ་མ་ལྡན་པ་ཡིན་ནོ། །དེ་ལ་མངར་བའི་དུག་སེམས་འཕེན་པར་བྱེད་པ་ཞེས་བྱ་བ་ལྗོན་ཤིང་ལས་སྐྱེས་པའི་འབྲས་བུ་དེ་དག་བྱའམ་མི་ཡང་རུང་སྟེ། འཛམ་བུའི་གླིང་ པར་གཏོགས་པ་རྣམས་ཀྱིས་གང་གི་ཚེ་ཟོས་པར་གྱུར་པའི་ཉི་མ་བདུན་པ་ལ་འཆི་བར་བྱེད་དོ། །བྱ་གང་དག་གིས་ཟ་བར་བྱེད་པ་དེ་དག་རྣམས་ཀྱང་དུས་བྱེད་དོ། །རིན་པོ་ཆེའི་གླིང་དེ་ལས་འདས་པར་གྱུར་ནས་ལན་ཚཝ་ཞེས་བྱ་བའི་རྒྱ་མཚོ་དཔག་ཚད་སྟོང་ཕྲག་བདུན་དུ་ཉ་ ཆེན་པོ་དང ། ཤུ་ཀ་ཏི་དང ། རུས་སྦལ་དང ། ན་ཀྲ་དང་།ཆུ་སྲིན་དང ། ཀླུ་དང ། བྱ་རྣམས་ཀྱིས་གང་བར་གྱུར་པའི་སྲིན་པོ་དང་ཤ་ཟ་རྣམས་ཀྱིས་བྲེལ་དོག་ཏུ་གྱུར་པ། ཆུའི་ནང་ན་སྐྱེས་པའི་བི་དྲུ་མ་དཀར་པོ་དང ། ཆུའི་ནང་ན་ནུབ་པར་གྱུར་པའི་རི་ཡིན་ནོ། །འཛམ་ བུའི་གླིང་གི་འཁོར་དུ་གྱུར་པའི་གླིང་ལྔ་བརྒྱས་ཡོངས་སུ་བསྐོར་བ་ཡིན་ནོ། །འཛམ་བུའི་གླིང་ན་ཡོད་པའི་གཙོ་བོར་གྱུར་པ་རྣམས་དཔེར་བྱ་ན་འདི་ལྟ་སྟེ། གསེར་གྱི་ས་གཞི་དང་ལྡན་པ་དང ། རིན་པོ་ཆེའི་རྡོ་བ་དང་ལྡན་པ་དང ། ཀེ་ཏ་ཀ་དང ། མཱ་ལི་ཀ་གླིང་དང ། དུང་ དང ། མུ་ཏིག་དང ། མེ་ཀ་ལ་འབྱུང་བ་དང ། གཤོལ་མདའ་བ་དང ། དཀའ་ཐུབ་དང་འབྲེལ་བ་དང ། ཀུན་ཏུ་བཟང་པོའི་ནགས་རྣམས་དང ། རྨ་བྱའི་ནགས་དང ། དྲིའི་ཕྲེང་བ་དང ། རཝ་གསུམ་པ་དང ། སྡེ་དཔུང་བཟང་པོ་དང ། སྤཱ་ནཱ་ཤེ་ཏུ་དང ། ལང་ཀའི་གྲོང་ ཁྱེར་ན་ངེས་པར་གནས་པའི་སྲིན་པོ་དང ། རི་བཅུ་གཉིས་ལ་ངེས་པར་གནས་པའི་དང ། ལྷུན་པོའི་བི་ལཝཀཿ དང ། རིལ་ངེས་པར་གནས་པ་དང ། དུང་དང ། མུ་ཏིག་དམར་པོ་དང ། ཁ་བ་འཁོར་བ་དང ། དངུལ་དང་བཅས་པའི་བྱེ་མས་ཡོངས་སུ་བསྐོར་བ་དང ། ལམ་ 71-1-227a མེད་པ་དང ། གསེར་ལ་སོགས་པའི་ལྕགས་རི་ལྔས་བསྐོར་བ་དང ། ཤུཀྟིའི་གནས་དང ། བུ་མོའི་ཤིང་གིས་བསྐོར་བ་དང ། དེ་དག་རྣམས་ནི་སྐྱེས་བུ་རྐང་པ་དང་ལྡན་པ་རྣམས་ཀྱི་སྟེ། ཇི་ལྟར་ཁྱད་པར་དུ་གྱུར་པའི་གླིང་དེ་དག་རྣམས་ཀྱིས་འཛམ་བུའི་ གླིང་ཡོངས་སུ་བསྐོར་བ་ཡིན་ཞིང ། དཔག་ཚད་བདུན་སྟོང་དུ་དགའ་བར་གྱུར་པ་དང ། རི་རྣམས་ནི་སྔར་གྱི་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་པ་ཕྱི་རོལ་གྱི་ལུས་ཀྱིས་ལུས་ལ་རྗེས་སུ་ལྟ་ཞིང་གནས་ཏེ། ཉི་མ་དང་ཟླ་བ་འདི་དག་གི་འོད་ཀྱི་ཚད་ཇི་ཙམ་ཅིག་ཡིན་ ཞེ་ན། དེས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་སམ་ལྷའི་མིག་གིས་མཐོང་བར་གྱུར་པ། རི་རབ་ལྷུན་པོ་དང་སྐྱེས་བུའི་གནས་བཞིའི་ལོགས་བཞི་དང ། སྐྱེས་བུའི་གནས་བཞི་པོ་དང ། དེ་དག་རྣམས་ཉི་མ་དང་ཟླ་བ་འདི་དག་གིས་རབ་ཏུ་གསལ་བར་བྱེད་དོ། །རྒྱ་མཚོ་ ཡང་རི་དེའི་ལོགས་དེ་ནས་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡིན་པ་ལས་དེའི་ཕྱེད་ནི་རབ་ཏུ་གསལ་བར་བྱེད་དོ། །ཕྱེད་ནི་མཆོག་ཏུ་འཇིགས་པར་གྱུར་པའི་མུན་པས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །ཕ་རོལ་ན་ནི་ཁོར་ཡུག་ཏུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་གྱུར་པའི་ཤིན་ཏུ་ བཟོད་པར་དཀའ་བའི་ལས་ཀྱི་མེའི་རྡོ་རྗེའི་རང་བཞིན་རབ་ཏུ་འབར་བར་གྱུར་པ་འཁོར་ལོ་ཁྱུད་མོ་ཞེས་བྱ་བའི་རི་ཡོད་པ་གང་ལ་རྒྱ་མཚོའི་ཆུ་རིང་བར་གྱུར་ན་ནི་འོ་མར་འགྱུར་རོ། །དེ་ཇི་སྲིད་དུ་ཉེ་བར་གྱུར་པས་ནི་དེ་དེ་དག་ཞོར་འགྱུར་རོ། །ཞོ་ཡང་མར་སར་ཉིད་དུ་འགྱུར་རོ། །ཇི་ སྲིད་དུ་ཀུན་ནས་རེག་པར་གྱུར་པས་ནི་མར་འདི་ཡང་ཞུ་བའི་མར་དུ་འགྱུར་རོ། །མར་ཞུ་བ་དེ་དག་དམྱལ་བའི་མེ་དེ་དག་རྣམས་ཀྱིས་འཚིག་པར་བྱེད་དོ། །དེ་བཞིན་དུ་ཆུས་ཀྱང་ས་གཞི་འདི་ནུབ་པར་བྱེད་དོ། །དེ་ཁོ་ན་བཞིན་དུ་འདོད་པའི་ཁམས་འདི་ཡང་ཡིན་ཏེ། རྣལ་འབྱོར་སྤྱོད་ པ་པ་འདིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པ་པ་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་ལ་ཡོངས་སུ་ཆུབ་པར་བྱེད་པའི་བློས་ཀྱང་གང་ཞིག་རྟག་པའམ། བརྟན་པའམ། ཐེར་ཟུག་ཏུ་གྱུར་པའམ། ཡོངས་སུ་མི་འགྱུར་བའི་ཆོས་ 71-1-227b ཅན་དུ་གྱུར་པའམ། གང་ལ་ཡང་བདག་ཅག་རྣམས་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་རྣམས་སུ་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པ་དང ། རང་གི་ལས་ཀྱི་འབྲས་བུས་མནར་བ་དང ། ལན་བརྒྱ་ཕྲག་དང ། དེ་ནས་སྟོང་ཕྲག་རྣམས་སུ་ཡང་ཤི་འཕོས་པ་དང ། སྐྱེས་པར་མ་གྱུར་ པའི་གནས་གཅིག་དང་ཡང་ལྡན་པའི་ནི་དེས་གཅིག་ཀྱང་མ་མཐོང་ངོ ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་ནང་དང་གཞན་དང ། ནང་དང་ཕྱིའི་ལུས་རྣམས་ལ་ཡང་ལྟ་བར་བྱེད་པས་ནི་ལུས་ལ་ཀུན་ཏུ་ཆགས་པར་མི་འགྱུར་རོ། །སྡུག་པར་གྱུར་པའི་སྒྲ་དང ། རོ་དང ། གཟུགས་དང ། དྲི་དང ། རེག་བྱ་རྣམས་ཀྱིས་ཀྱང་ཕྲོགས་པར་མི་འགྱུར་རོ། །དེ་ལྟར་ན་ལ་ཏིའི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་དང ། ལུས་དྲན་པ་ཉེ་བར་གཞག་པ་ལ་མངོན་པར་བརྩོན་པའི་དགེ་སློང་རྣམས་ཀྱང་བདུད་ཀྱི་དྲུང་ན་རབ་ཏུ་མི་གནས་སོ། །དེ་ལྟར་ ལུས་དྲན་པ་ཉེ་བར་གཞག་པ་ཐོས་པར་གྱུར་པས་ཀྱང་རབ་ཏུ་མང་པོ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་མིག་སྤྲིན་ཕུག་ནས་བླ་ན་མེད་པའི་ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་པར་གྱུར་ཏོ། །དགེ་སློང་དག་ངས་ཇི་སྐད་དུ་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པར་བྱའོ། །ཞེས་ བརྗོད་པ་ལ་བཤད་པ་ནི་དེ་དག་རྣམས་ཡིན་ནོ། །དགེ་སློང་དག་དེ་དག་རྣམས་རི་དང ། རིའི་ཁྲོད་དང ། རིའི་ཕུག་དང ། དུར་ཁྲོད་དང ། བླ་གབ་མེད་པ་དང་རྣམས་སུ་རྩཝ་སོག་གི་ཕུང་པོ་ལ་བསམ་གཏན་དུ་གྱིས་ཤིག་།བག་མེད་པས་གནས་པར་མ་བྱེད་ ཅིག་།ཕྱི་ནས་འཆི་བའི་དུས་ན་འགྱོད་པར་འགྱུར་བ་མ་བྱེད་དང ། འདི་ནི་ཁྱེད་རྣམས་ལ་རྗེས་སུ་གདམས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། དགེ་སློང་དེ་དག་རྣམས་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ མངོན་པར་བསྟོད་དོ།། ་་་།།ལུས་དྲན་པ་ཉེ་བར་གཞག་པའོ།། ་་་།།སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ་་་།། 71-1-228a ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང ། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །དེ་ཡི་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །ཉེ་བར་མཁོ་བ་ཐམས་ཅད་ལེགས་པར་སྐྲུན་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་དངོས་ པོ་མཐའ་དག་དང་ལྡན་པ་ས་གཞིའི་ཡོན་ཏན་དང་རིག་པའི་གནས་མཐའ་དག་གི་འབྱུང་གནས་སུ་གྱུར་པ་སྦྱང་ཞིང་སྒྲིན་ལ་སྐྱེ་བོ་ཐམས་ཅད་བློ་དང་ལྡན་པས་འཛམ་བུའི་གླིང་གི་ཡུལ་རྣམས་ཀྱི་མིག་ཏུ་དགོངས་ནས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་ སངས་རྒྱས་པ་ནི་ཀླུང་ཆེན་པོ་འབབ་པ་ཆུ་བོ་གང་གཱའི་འགྲམ་གྱིས་བསྡུས་པ་ཆེས་ཡངས་པར་གྱུར་པ་རྒྱ་གར་གྱི་ཡུལ་ལོ། །དེའི་ཡང་དབུས་སུ་གཏོགས་པ་ལས་ཤར་གྱི་ཆ་ཡུལ་ཆེན་པོ་ཤར་ཕྱོགས་བ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོ་སྟོན་པའི་བསྟན་པའི་མིག་དང ། རྩ་བ་དང ། གཞིར་གྱུར་པ། དཔལ་དང་ལྡན་པའི་རྒྱལ་པོའི་སྲས་ཕུན་སུམ་ཚོགས་པའི་དཔལ་གྱིས་གཞན་ལས་མཐོ་བས་མངའ་ཆེར་སྒྱུར་བའི་སའི་བདག་པོ་ནི་བཻ་པཱ་ལ་ཞེས་བྱ་བས་མཐོ་རིས་དང་ཐར་པའི་ཐེམ་སྐས་མཁས་ཤིང་བཙུན་ལ་དུལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་བཞུགས་གནས་སུ་མཛད་ པའི་གཙུག་ལག་ཁང་ཛ་གདྡཱ་ལ་ན་མཁས་པའི་སྐྱེ་དགུ་པཎྜི་ཏ་རྣམས་མང་དུ་བྱུང་ཞིང་མང་གིས་ཀྱང་ཆེན་པོ་ལས་ཆེན་པོར་གྱུར་པ། ལྔ་བརྒྱ་པའི་ཐམས་ཅད་མཁྱེན་པར་འཇིག་རྟེན་ལས་སྒྲོགས་པ། སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང་མཚུངས་པ་ཡིན་ཞེས་བྱ་བའི་བསྔགས་པས་ པཎྜི་ཏ་རྣམས་ཀྱིས་བསྔགས་པར་མཛད་པ། འཇིག་རྟེན་གྱི་ཕུན་སུམ་ཚོགས་པས་ང་རྒྱལ་བའི་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ལུས་ཀྱི་མགོ་ལྟར་གཉའ་བར་ཁུར་བ་མཁས་པའི་ང་རྒྱལ་ཅན་པཎྜི་ཏ་དང ། འཇིག་རྟེན་པ་རྣམས་ཀྱིས་གཙུག་གི་ནོར་བུ་ལྟར་འཛིན་པ། ཚེ་འདི་རིང་དུ་ སྤངས་པའི་སྐྱེ་བོ་ཐར་པ་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱིས་སྐྱོན་ཡོན་ལེགས་པར་མཐོང་བས་ལམ་འདྲེན་པའི་མིག་དང་འདྲ་བར་འདྲེན་པར་ལྟ་བ། ཡུལ་གྱི་མི་ཐམས་ཅད་ཀྱིས་བུ་གཅིག་པ་ལྟར་སྙིང་དུ་སྡུག་ཅིང་འཐུན་པར་གྱུར་པས་དམུ་རྒོད་ལྟ་བུར་ལོག་པར་སྒྲུབ་པ་རྣམས་ལ་ཆེས་འཐུན་ 71-1-228b པར་འཛིན་པས་ཡིད་འཕྲོག་པར་མཛད་པ། འགྲོ་བ་ཉམ་ཐག་པ་རྣམས་གཟིགས་ནས་བརྩེ་བའི་ཟུག་རྔུས་སེམས་གདུངས་ཀྱང་ཐུགས་རྗེའི་ཕྱག་བརྐྱང་བས་སྐལ་བ་དང་འཐུན་པར་རྗེས་སུ་འཛིན་པར་མཛད་པ། སྤྱིར་ལུང་བསྟན་པའི་མདོ་སྡེ་སྟག་རྣའི་རྒྱུ་སྐར་ལས་ཡོན་ཏན་དུ་ མ་དང་ལྡན་པ་དང་རྩོམ་པ་པོ་ཆེན་པོ་ཉིད་དང ། ལུས་བརྗེས་ནས་མཐོ་རིས་སུ་སྐྱེ་བ་བཞེས་པར་ལུང་བསྟན་པ། འཕགས་པ་བྱམས་པ་དང་མཇལ་བར་བཞེད་པའི་སྲེད་པ་དང ། ཆོས་ཀྱི་སྲེད་པ་བླ་ལྷག་པ་མངའ་བ། ཆགས་སྡང་ལ་སོགས་པ་ཐམས་ཅད་ནི་ཤས་ཆུང་བར་གྱུར་པའི་ སྐྱེས་བུ་དེའི་བསྔགས་པ་སྤྲོ་བར་ནི་སུས་ནུས། མདོར་བསྡུ་ན་འཇིག་རྟེན་མི་ཆོས་ཀྱི་མཁྱེན་པ་ཆེ་ཞིང་བཟང་བ་གསེར་གྱི་ས་གཞི་དང་འདྲ་བ་ལ། དམ་པའི་ཆོས་ཕུན་སུམ་ཚོགས་པ་མཁས་པ་དང ། བཙུན་པ་དང ། ཞི་བ་དང ། དུལ་བ་དང ། མཉེན་པ་དང ། དེས་པ་དང ། བདེན་པར་ སྨྲ་བ། གཡོ་མེད་པ། དྲང་པོའི་རང་བཞིན་ཅན། སྒྲུབ་པ་ལ་སྙིང་པོར་མཛད་པའི་དཔག་བསམ་གྱི་ལྗོན་ཤིང་ལོ་འདབ་རྒྱས་པ་གཡུའི་མཎྜལ་དང་མཚུངས་པར་འཁྲུངས་པ་ལས་ཚེ་འདི་དང ། གཞན་དང ། གནས་སྐབས་དང ། མཐར་ཐུག་པའི་དགེ་བའི་ལོ་ཏོག་ཕུན་སུམ་ ཚོགས་པའི་མེ་ཏོག་དང་འབྲས་བུ་ཡོངས་སུ་རྒྱས་ཤིང་རྣམ་པར་སྨིན་པས་བདག་དང་གཞན་ལ་ཕན་པའི་ཕ་རོལ་ཏུ་བྱོན་པས་ཅུང་ཟད་ཀྱང་དོན་མེད་པ་མ་ཡིན་པ། རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དཔལ་གྱིས་མཛེས་པའི་པཎྜི་ཏ་ཆེན་པོ་ཤཱནྟ་ཨཱ་ཀ་ར་གུཔྟའི་ ཞལ་སྔ་ནས་དང ། མཁས་པ་ཆེན་པོ་སྐྱེས་བུ་དམ་པ་འདུལ་བ་འཛིན་པའི་ཡང་མཆོག་ཏུ་གྱུར་པ་པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟ་དང ། ཐོས་པ་འཛིན་པས་འཇམ་དཔལ་དང་འདྲ་བར་གྲགས་པ་སྤོབས་པའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་དང ། པཎྜི་ཏ་ཆེན་ པོ་བཱིརྱ་ཨཱ་ཀ་ར་ཤཱནྟི་ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང ། གཞན་ཡང་ཡུལ་དབུས་མ་ག་དྷཱ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་ག་དྷཱའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་དཔའ་ 71-1-229a དེ་བ་ཕ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ཤཱི་ལ་ན་ཡང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང ། སྒྲ་དང ། སྙན་དངགས་དང ། ལེགས་པར་སྦྱར་བའི་སྐད་ཀྱི་ལུགས་ལ་མཁས་པའི་པ་ཎྜི་ཏ་ཆེན་པོ་ སུ་བྷཱུ་ཏི་ཙནྡྲ་དང ། མངོན་པ་ལ་མཁས་པ་ཨ་ཌི་ཏ་ཙནྡྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ་ལེགས་པར་མཉན་ཅིང་གུས་པས་ཐད་དུ་བསྟན་ནས་དོན་དང་ཚིག་མ་ལུས་པར་རྟོགས་པའི་བཤད་པ་ཞུས་ནས་ཤིན་ཏུ་དཀའ་བའི་གནས་རྣམས་ལ་ནི་ཕྱིར་ཞིང་ལེགས་པར་དཔྱད་པས་ དོན་དགྲོལ་བའི་ཐབས་ཞུས་ཏེ། འགྱུར་གྱི་ཡན་ལག་རྒྱ་གར་གྱི་སཾ་སྐྲྀ་ཏ་དང ། འཕྲལ་སྐད་གཉིས། བོད་ཀྱི་ཆོས་སྐད་དང ། འཕྲལ་སྐད་གཉིས་ཏེ་བཞི་ལ་དབང་འབྱོར་པའི་ཤེས་རབ་ཀྱི་སྣང་བ་ཐོབ་མོད་ཀྱིས་ཀྱང ། སྤྱིར་མདོ་སྡེ་ལ་དོན་གྱི་གནས་མང་བས་ཚིག་དོན་ཕལ་ཆེར་བརླིང་ ཞིང་ལྷག་པར་ཡང་མདོ་འདི་དོན་དུ་མ་ཚིག་ཟུར་རྣམས་ཀྱིས་ངག་གཅིག་ཏུ་འབྲེལ་པར་སྟོན་པ་ནི་ཚིག་མཛེས་པའི་རྒྱན་གྱིས་དོན་གསལ་བར་མཛད་པ་སྙན་དངགས་ཀྱི་དབང་ཕྱུག་འགྲན་གྱི་དོ་ཟླ་མེད་པ་རྣམས་ཀྱིས་མཛད་པའི་རིམ་པ་ཡིན་པའི་ཕྱིར་ན་སྦྱངས་པ་ཞན་པ་རྣམས་ལ་སླ་བ་མ་ཡིན་ལ། ཁྱད་པར་དུ་ཡང་གཞུང་ཉུང་བས་དོན་དུ་མ་སྟོན་པའི་མདོ་དུམ་བུ་རྣམས་ནི་སྤྱི་སོར་བསྒྱུར་བར་མངོན་ཡང ། བློའི་ནོར་ཅན་རྣམས་ཀྱིས་ནི་དེ་ཉིད་ལ་དོན་དུ་མ་ངེས་ནུས་ལ། བྱེ་བྲག་ཏུ་གསལ་བཏབ་ན་ནི་དོན་གཅིག་སྟོན་པར་འཁྲུལ་པའི་ཕྱིར་དང ། ཚིག་ཇི་ཙམ་པས་བརྗོད་པ་དེ་ཙམ་དུ་བསྒྱུར་ བར་རིགས་པའི་ཡང་ཕྱིར་ཏེ། མདོར་ན་རྒྱ་བོད་ཀྱི་དོན་ཐུན་མོང་བ་བརྡ་ཐ་དད་པའི་བྱེད་པ་མཉམས་པར་བྱས་ནས་སྔོནགྱི་བསྒྱུར་བ་ལ་མཁས་པ་རྣམས་ཀྱིས་བཀས་བཅད་ལ་སོགས་པའི་ལུགས་དང་ཡང་མི་འགལ་བར་བྱང་ཕྱོགས་པ་ཚབ་ཀྱི་རྒྱུད་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་ དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་རཱ་མ་ཕཱ་ལའི་རིང་ལ་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤས་ཤིག་འགྱུར་བའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་ 71-1-229b བསྒྱུར་བའོ། །སླད་ཀྱིས་ཞུས་ཐུག་ལ་ནི་དགེ་བའི་བཤེས་གཉེན་ཞང་བུ་གཅིག་པ་ཞེས་རབ་ཏུ་གྲགས་ཤིང་སྐྱེ་དགུ་རྣམས་སྒྲོགས་པ་ཡང་འཇིག་རྟེན་པ་ནི་རང་ལ་ཕན་པའི་རྒྱུ་མཚན་གྱིས་རྗོད་པ་དེ་དག་རྣམས་ཀྱི་གཤིས་ཡིན་པའི་ཕྱིར་ཏེ། སྐྱེས་བུ་དེས་ནི་སེམས་ཅན་ལ་བུ་གཅིག་ པ་བཞིན་དུ་དགོངས་པས་སྲས་གཅིག་པའོ། །དེས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་མཚོན་ནོ། །ཆོས་ལ་གནས་པ་རྣམས་ལ་ཤེས་རབ་འོད་ཅེས་གྲགས་པ་ཡང་ཐེག་པའི་རིམ་པ་དང་འཐུན་པར་མཁྱེན་ཅིང་བདེན་པ་གཉིས་ལ་སོགས་པའི་སྒོར་བསྡུ་བས་མོས་པ་དང ། ངེས་པ་དང ། མངོན་དུ་རྟོགས་ཤིང་ཤེས་ནས་རང་དང་གཞན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མུན་པ་འཇོམས་པའི་འོད་མཛད་པའི་ཕྱིར་ཏེ། དེས་ནི་ཤེས་རབ་ཆེན་པོ་དང་ལྡན་པ་དང ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །དམ་པའི་སྐྱེ་བོ་དེས་གྲོགས་མཛད་ནས་དགེ་ སློང་ཚུལ་ཁྲིམས་རྒྱལ་མཚན་ཉིད་ཀྱིས་དག་པར་བྱས་སོ། །དེ་ལྟར་ན་དང་པོའི་གཞི་འགྱུར་དང ། ཞུ་ཆེན་དང ། ཚིག་དོན་གྱི་འབྲེལ་དཔྱད་པ་དང ། ཞུ་ཆུང་དང ། ཡང་འབྲེལ་དཔྱད་པ་དང་ལྔར་ཞུས་ཤིང་གཏུགས་ཏེ་གཏན་ལ་ཕབ་པའོ། །དམ་ཆོས་མདོ་སྡེ་རིན་ཆེན་ཐེག་ པ་ཀུན་གྱི་གཞི་དང་རྩ་བ་བཅུད་དུ་གྱུར་པའི་ཐེག་ཆེན་དྲན་གཞག་འདི། །ལེགས་བསྒྱུར་དངོས་དང་དེ་ཡི་གྲོགས་བྱེད་ཐམས་ཅད་དང་ནི་ནམ་མཁའི་མཐས་གཏུགས་འགྲོ་ཀུན་དགེ་བ་དྲི་མེད་ཀྱིས། །སྲིད་ན་བདེ་སྦྱིན་སྐྱབས་གནས་རྫོགས་པའི་བྱང་ཆུབ་འབྲས་ལྡན་ས་ཡི་གནས་ སྐབས་ལྗོན་ཤིང་ལོ་འདབ་ཕུན་ཚོགས་ཤོག་།དང་པོར་ཚེ་འདི་བརྗེས་ནས་སངས་རྒྱས་ཞིང་དག་སྐྱེ་ཞིང་འཁོར་ཚེ་གཞན་ལ་ཕན་པ་འབའ་ཞིག་བྱེད་པར་ཤོག། །།བམ་པོའི་གྲངས་ནི་མ་བཅད་དོ། །གཞུང་ཚད་ནི་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རྒྱ་དཔེ་རང་ལ་བཞུགས་ སོ། །ཡི་གེའི་བརྡ་སྔོན་གྱི་རྙིང་པ་དང་མི་འདྲ་བ་ཅུང་ཟད་སྣང ། དྲན་པ་ཉེ་བར་གཞག་པ། ཤློ་ཀ་སུམ་བརྒྱ་ལ་བམ་པོར་བཅད་ན་བརྒྱ་ཉི་ཤུའོ།། ་་་།། |