CLOSE WINDOW

N940: dpal 'khor lo sdom pa'i rim pa lnga pa
Wyliee-texts based on the ACIP/ALL Input

ཀྱི་མན་ངག་།ཕྱག་རྒྱ་ཆེན་པོ་གྲུབ་པ། དཔལ་དྲིལ་བུ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་པྲཛྙ་བྷ་དྲ་དང། ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་ཀྱིས་བསྒྱུར་བའོ། །*། །རྒྱ་གར་སྐད་དུ། ་ཤྲཱི་ཙཀྲ་སཾ་བ་ར་པཉྩ་ཀྲ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ། པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བླ་མའི་བྱིན་བརླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཉིད། །འཁོར་ལོ་སྒོམ་པར་སྤས་པ་ཡི། །བྱིན་རླབས ་རིམ་པར་བཤད་པར་བྱ། །མཁའ་འགྲོ་མ་ཡི་ཚོགས་ཀུན་གྱི། །སྙིང་པོ་སྡོམ་པ་བླ་མ་ཉིད། །བགྲང་ཕྲེང་བཟླས་པ་འདིར་མེད་དེ། །བསམ་གཏན་ལྷ་མཆོད་ཡོད་མ་ཡིན། །ཚེས་གྲངས་མེད་ཅིང་ངེས་པར་མེད། །སྦྱིན་སྲེག་ཡང་དག་གནས་པ་མེད། །ཀློག་དང ་འདོན་པ་ཡོང?་མ་ཡིན། །རྣམ་པར་རྟག་མེད་འཇིགས་བྲལ་བའི། །སློབ་མ་གུས་པ་ཀུན་མཁྱེན་གྱི། །སྦྱོང་ཡུལ་ཡེ་ཤེས་གང་ཞིག་ནི། །སྐྱེས་པ་ཙམ་གྱི་མཆོག་ཏུ་ནི། །དག་པ་དང་ནི་ལྡན་གྱུར་ཞིང། །མངོན་པར་ཤེས་པ་ལྔ་དང་ལྡན། །དེ་ཉིད་ས་བཅུ་ཉིད ་དང་ནི། །མཁའ་ལ་འགྲོ་དང་རྫུ་འཕྲུལ་དང། །མི་སྣང་ཁྱད་པར་དུ་ཐོབ་ཅིང། །སྐྱེ་བ་དྲན་དང་ཁམས་གསུམ་པའི། །གནས་ཀྱི་སེམས་རང་རིག་པ་ཡིས། །འདས་དང་མ་འོངས་པ་དང་ནི། །ད་ལྟར་བྱུང་བ་ཤེས་པའོ། །འགལ་མེ་བསྐྱོད་པའི་རྣམ་པ་ཅན། །སེམས ་ནི་ཡུལ་ལ་རབ་ཏུ་རྒྱུག་།དེ་ནི་དེ་ལ་རྣམ་བཟློག་ནས། །མཚོན་དུ་མེད་པར་མཚོན་པར་བྱེད། །སྒྲ་དང་ཐིག་ལེ་ལྡན་པའི་སེམས། །སྙིང་གར་བཞག་བྱ་དེ་ནས་འདིའི། །རྨོངས་པའི་རབ་རིབ་འཇོམས་མཛད་ནི། །མངའ་བདག་བཅོམ་ལྡན་འབྱུང་འགྱུར་ཏེ། །དྲག་པོ ་འབར་བའི་ཕྲེང་བས་འཁྲིགས་།ཧེ་རུ་ཀར་གྲགས་ཆེར་འབྱུང་ཉིད། །ལྷན་ཅིག་སྐྱེས་པའི་དུར་ཁྲོད་ན། །རོལ་ཅིང་བདུད་རྣམས་ཐམས་ཅད་འཇོམས། །བདེ་བ་རྣམས་ཀྱི་རྣམ་པ་ནི། །སྐད་ཅིག་དེ་ལ་གསོལ་མཛད་པའོ། །བྱིན་བརླབས ་པ་ཡི་སྐད་ཅིག་ལ། །སློབ་མ་ལ་ཡང་གང་འཕོ་བ། །ས་བོན་མེད་འདི་སྐད་ཅིག་མ། །གཅིག་ལ་མངོན་བྱང་ཆུབ་པར་མཛོད་།ཅེས་བྱ་བ་ནི་འཁོར་ལོ་སྡོམ་པར་བླ་མ་རྣལ་འབྱོར་མའི་སྤས་པ་ལས་ཇི་ལྟར་རྙེད་པའི་བྱིན་གྱིས་རློབ་པ་ངེས་པར་བསྟན་པའོ། ། ་བྱིན་རླབས་ཀྱི་རིམ་པའོ།། །།སླར་ཡང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །འདིའི་དོན ་བརྗོད་པར་བྱ་སྟེ། མིག་དང་རྣ་བ་དང་པགས་པའི་ཕྱོགས་ལ་གནས་པའི་ཤེས་པ་རྣམས་ཀྱིས་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ་རྣམ་པར་ཤེས་པ་ལྔ་པོ་དེ་དག་ཡང་དག་པར་གཞག་ཅིང་མི་གཡོ་བར་བྱས་ཏེ། ཡིད་སྙིང་གར་གཞག་ནས ་གནས་པའི་ཐིག་ལེའི་གཟུགས་སུ་འགྱུར་རོ། །དེ་མཐོང་བ་ལས་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། རིམ་གྱིས་སངས་རྒྱད་ཉིད་དུ་འགྲུབ་པར་འགྱུར་རོ། །ད་ནི་ས་བོན་མེད་པའི་རང་བྱིན་གྱིས་བརླབ་པའི་རིམ་པ་བརྗོད་པར་བྱའོ། །ཉི་མ ་ཟླ་བའི་བདག་ཉིད་ཅན་གྱི་ལམ། སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའ་སྟོང་པའི་ངོ་བོ་གང་ནས་ཀྱང་བར་ཆད་མེད་པར་རླུང་འཇུག་པ་དང། འབྱུང་བར་འགྱུར་བའི་ལམ་དེར་རླུང་དང་ལྷན་ཅིག་སྦྱར་ཏེ། གཅིག་ཏུ་བྱས་པའི་སེམས་གཟུང་བར་བྱའོ། །སེམས ་ཀྱི་བཞོན་པར་གྱུར་པའི་རླུང་དེས་ཀྱང་བློའི་གཞི་རང་ཁྱིམ་དུ་བགྱེར་རོ། །ཤེས་རབ་བློ་ཐབས་སེམས་དང་གཅིག་ཏུ་འགྱུར་ཏེ། གཉིས་སུ་མེད་པའི་རང་བཞིན་ཉིད་དུ་སོན་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་རང་བཞིན་རྡོ་རྗེ་འཆང་ཉིད་སྒྲུབ་བྱེད་པ ་ཡིན་ནོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་ཤེས་ཤིང། འཁོར་བའི་ཐོག་མ་དང་ཐ་མ་མྱ་ངན་ལས་འདས་པའི་རང་བཞིན་གྱི་ལྷའི་མིག་གིས་མཐོང་བ་དང། འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་རྣམས་སུ་སེམས་ཅན་རྣམས་ཀྱི་སྒྲ ་རྣམས་ཐོས་ཤིང། དྲི་རྣམས་སྣོམ། རོ་རྣམས་མྱོང། རེག་བྱ་རྣམས་ལ་ལོངས་སྤྱོད་པར་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལ་རོལ་པར་ཡང་བྱེད་དོ། །རང་བྱིན་གྱིས་བརླབ་པའོ།། །། ་སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི་རྡོ་རྗེ་དང། རྡོ་རྗེ་རྩེ་མོ་དང་པོ་མཆོག་གི་སྦྱིར་གནས་པ། ཟླ་བ་ལྟ་བུར་དྲི་མེད་ལུས་ལྡན་ཐིག་ལེ་ནི། །བསྒོམ་པར་བྱེད་དེ་བདག་ཉིད་རྡོ་རྗེ་དབང་བསྐུར་ཉིད། །ས་བོན་དང་བཅས་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དེ་ནས་མིག ་ལ་བཀོད་ཅིང་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་མཐོང་བའོ། །དེ་བཞིན་དུ་རྣ་བ་དག་ལ་གཞག་པའི་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་ན་གནས་པའི་སྒྲ་ཐོས་ཤིང། །འགྲོ་བ་དྲུག་ན་གནས་པའི་སྐང་ཀྱང་ཤེས་སོ། །དེ་བཞིན ་དུ་སྣ་ལ་གཞག་པའི་སེམས་བརྟན་པར་གྱུར་པས་འཇིག་རྟེན་གསུམ་ན་གནས་པའི་དྲི་སྣོམ་མོ། །དེ་བཞིན་དུ་ལྕེ་ལ་བཞག་པའི་སེམས་བརྟན་པར་གྱུར་པས་ནི། འཇིག་རྟེན་གསུམ་ན་གནས་པའི་རོ་མྱོང་བར་བྱེད་དོ། །དེ་བཞིན་དུ་པགས་པ་ལ་སེམས་བརྟན ་པར་བྱས་པས་ནི། འཇིག་རྟེན་གསུམ་ན་གནས་པའི་རེག་བྱ་ལ་ལོངས་སྤྱོད་དོ། །དེ་བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་སེམས་བརྟན་པར་བྱས་པས་ནི་མངོན་པར་ཤེས་པ་དྲུག་འཐོབ་པར་འགྱུར་རོ། །སྤྱི་བོ་བདེ་བ་ཆེན་པོ་ལ་སེམས་གཞག་པས་ནི། ལྷ་ཡི ་ཚོགས་མཐོང་བར་འགྱུར་རོ། །དེ་བཞིན་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སེམས་གཞག་པས་ནི། བསྟན་བཅོས་ཐམས་ཅད་ཤེས་སོ། །སྒྲུབ་པའི་འཁོར་ལོར་སེམས་གཞག་པ་ལ་བརྟན་པར་གྱུར་པས་ནི་ལྷའི་མཆོག་ལས་སྐྱེས་པའི་བུ་མོ་ལ་ལོང་སྤྱོད ་པར་འགྱུར་རོ། །རྣམ་པ་སྣ་ཚོགས་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །ད་ནི་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བརྗོད་པར་བྱ་སྟེ། མཛོད་སྤུར་འགོད་པའི་སེམས་ནི་ཉི་མའི་གཟུགས་སུ་མཐོང་བར་འགྱུར་རོ། །དེའི་སྟེང་དུ་ཟླ་བའི ་གཟུགས་བཀོད་པ་ལ། དེའི་སྟེང་དུ་སྐར་མའི་ཟུགས་བཀོད་བ་སྟེ། དེ་ལྟར་སེམས་དམིགས་པ་མེད་པ་ལ་བརྟན་པར་གྱུར་པས་ནི་སངས་རྒྱས་ཉིད་འགྲུབ་པར་བྱེད་དོ། །ད་ནི་ནོར་བུ་འགེངས་པའི་རིམ་པས་བརྗོད་པར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱ་དང ་སྦྱོར་བའི་ཚོགས་རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་སོན་བ་བདེ་བ་ཅི་འདྲ་བ་ཞིག་སྐྱེ་བ་དེ་ཡང་དག་པར་ཉེ་བར་བརྟགས་ཤིང། བརྟན་བྱས་ནས་དེའི་བདག་ཉིད་དུ་གྱུར་པ་ལ་ནི་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཉིད་སྤྱད་པ་མེད་པར་ངེས་པ་ཉིད་དུ་སྐྱེ་བར་འགྱུར་རོ། ་རིམ་པ་གཉིས་པ་ཡང་ལག་པ་ཞེས་བྱ་བ་ཕྱག་རྒྱའི་སྒོ་ནས་སྔ་མ་ཉེ་བར་བརྟགས་ཏེ་བརྟན་པར་གྱུར་པ་ཀུན་རྫོབ་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོ ་ཉིད་དུ་གྱུར་པས་ན་རྡོ་རྗེ་འཆང་ཉིད་དུ་འགྲུབ་པར་བྱེད་དོ། །རིམ་པ་གསུམ་པ་སྔོན་ཉམས་སུ་མྱོང་བ་དྲན་པ་བསྐྱེད་པ། ཆོས་ཀྱི་ཕྱག་རྒྱ་ཡིད་ལས་བྱུང་བའི་ཕྱག་རྒྱ་ལས་རབ་ཏུ་བྱུང་བར་ཡང་དག་པར་བརྟན་པས་རྡོ་རྗེ་འཆང་བ་ཉིད་བསྐྱེད་པར་བྱེད་པའོ། །ནོར ་བུ་འགེངས་?་ནས?་བྱ་བའི་རིམ་པ་བཞི་པ་ཡང་བརྗོད་པ། ཐམས་ཅད་དུ་སོན་ཞིང་རྟེན་དང་བྲལ་བ་བརྟན་པ་དང། གཡོ་བ་མཛའ་དག་གི་ངོ་བོ་ཉིད་དུ་གྱུར་པའི་སེམས་ཁམས་གསུམ་པ་ཁྱབ་པའི་སྟོང་པ་ཉིད། ཕྱག་རྒྱ་ཆེན་པོ་དང་འཁྱུད་པས་བསམ ་གྱིས་མི་ཁྱབ་པའི་རང་བཞིན་ཅན་བླ་མའི་བཀའ་དྲིན་ལས་སྐྱེས་པའི་བརྟན་པར་བྱས་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་སྒྲུབ་པར་བྱེད་ཅིང། ཕྱག་རྒྱ་ཆེན་པོ་དང་འཁྱུད་པའི་བདེ་བ་ཆེན་པོ་དང་ཐམས་ཅད་བསྐྱེད་པར་བྱེད་པའོ། །ད་ནི་ཛE་ལནྟུ་རའི་རིམ་པ་བརྗོད ་པར་བྱའོ། །ལྟེ་བ་ཆུ་སོའི་མཚམས་སུ་ནི། །མདོག་ལྔ་ལྡན་པའི་ཐིག་ལེ་ནི། །སངས་རྒྱས་ལྔ་རྣམས་ཀྱིས་མཚོན་པ། །འཁོར་ལོ་གྲུ་གསུམ་དཀའ་དམར་ནི། །སྲོག་འགོག་ལྷན་ཅིག་བསྒོམ་བྱས་ནས། །སྐད་ཅིག་དེ་ལས་འབར་གྱུར་པས། །འཇིག་རྟེན་ཁམས་སུ ་མཆོད་བྱད། །རྡོ་རྗེ་འཛིན་པ་དངོས་སུ་འགྱུར། །བུ་ག་གཞན་ནས་འབྱུང་འགྱུར་ཞིང། །མཁའ་གཞན་ནས་ནི་མྱུར་དུ་འཇུག་།གང་ཚེ་བསྒོམ་པ་བརྟན་གྱུར་པ། །སྣང་བ་དངོས་སུ་ཐོབ་པར་འགྱུར། །འབར་བ་བརྟན་པར་གྱུར་པ་ནི། །ལྕེ་རྩ་ནས་ནི་རྣམ་པར ་གནས། །ཇི་སྲིད་འདོད་པ་དེ་སྲིད་དུ། །ལྕེ་ནི་འཕེལ་བར་འགྱུར་བ་དང། །དབུང་པའི་རྩ་བར་སོན་པའི་རླུང། །ཀུན་ཏུ་འགྲོ་བས་ལུས་བསྐྱོད་ཅིང། །ཁམས་གསུམ་པ་ནི་ཐམས་ཅད་དུ། །རྣམ་པར་ལྟ་བ་ལ་སོགས་བྱེད། །ཅེས་བྱ་བ་ནི་ཛཱ་ལནདྷ ་རའི་རིམ་པའོ།། །།རིམ་པ་ལྔ་པ་བརྗོད་པར་བྱ་སྟེ། གཟུགས་རྣམས་ཀྱི་གྲངས་འགྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །བློ་དང་ལྷན་ཅིག་དབང་དུ་བྱ། །གཟུང་འཛིན་དང་ནི་བྲལ་བས་ན། ། ་དམིགས་པ་ཀུན་དང་བྲལ་བའི་སེམས། །བསམ་དུ་མེད་པའི་རང་བཞིན་ཕྱིར། །ཅི་ཡང་བསམ་པར་མི་བྱའོ། །སེམས་ནི་སྟོང་ཉིད་ལ་གཞུག་ཅིང། །སྟོང་པ་སེམས་སུ་རྣམ་གཞུག་བྱ། །སྟོང་དང་སྙོང་མིན་ལ་སོགས་པ། །ཀུན་རྟོག་རབ་སྤངས ་མཁའ་མཉམ་འགྱུར། །རྟེན་དང་བརྟེན་པ་ཡོད་མིན་དང། །དཔེ་མེད་བཞི་ནི་ཡོད་མ་ཡིན། །དེ་ཉིད་ལྔ་པ་རྫོགས་རིམ་ནི། །ཟད་མེད་ལྷན་ཅིག་སྐྱེས་པ་ནི། །ཤིང་དང་ཚེར་མ་ལྕུག་མ་སོགས། །ཁམས་གསུམ་རྒྱུ་དང་མི་རྒྱུར་བཅས། །དེ་བཞིན ་བདག་གི་དེ་ཉིད་དང། །རྗེས་སུ་མཐུན་པ་མདོར་བསྒོམ་བྱ། །ངོ་བོ་ཉིད་ཀྱི་བསྒོམ་བྱེད་ཀྱང། །དེ་རྟོགས་པར་ནི་བྱེད་མ་ཡིན། །གལ་ཏེ་དེ་ནི་ཀུན་རྟོགས་ན། །འགྲོ་བའི་སྤྱོད་པ་འཇིགས་པར་འགྱུར། །རྣལ་འབྱོར་གཉིད་དང་ལྡན་པ་ཡི། །རྫོགས ་པའི་སངས་རྒྱས་འདི་རྟོགས་མཛད། །དེས་ན་རང་འབྱུང་རང་ཉིད་ནི། །རྫོགས་སངས་རྒྱས་ཞེས་བརྗོད་པ་ཡིན། །མཛའ་བཞི་ལས་ནི་གྲོལ་བ་ཡིན། །དུས་གསུམ་སངས་རྒྱས་རང་བཞིན་ཉིད། །སྒོམ་པ་དེ་ནི་རིང་པོ་ཉིད། ། ་མི་ཐོགས་རྡོ་རྗེ་སེམས་དཔར་འགྱུར། །དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ། སློབ་དཔོན་ཆེན་པོ་མཁས་པ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཀྲིཥྞ་པ་དང། དགེ་སློང་ཚུལ་ཁྲིམས་རྒྱལ་བས ་བསྒྱུར། ཕྱིས་བླ་མ་སུ་མ་ཏི་ཀཱིརྟི་དང། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་པའོ། །དཔལ་པཾ་མཐིང་པའི་རྒྱུད་པ་མ་ནོར་བའི་བཤད་པའོ།། །། *། (།དཔལ་འཁོར་ལོ་སྡོམ་པའི་རིམ་ལྔའི་འབྲེལ་བ་བཞུགས།།)་།། ་