CLOSE WINDOW

N842: de bzhin gshegs pa lnga la bstod pa
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷེ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ།། །། *། (།དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ།)་།རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ ་སྟ་བ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ། གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་མགོན་ཡོན་ཏན་མཛའ་མེད་ཕ་རོལ་ཕྱིན། །འོ་མའི་མཚོ་ལྟར་དཀར་ཡངས་མཛེས་པའི་སྐུ་དང་ལྡན། །མཉམ་ཉིད་དེ་བཞིན་ཉིད ་དངོས་སེང་གེའི་ཁྲི་ལ་བཞུགས། །ཐུབ་མཆོག་རྣམ་པར་སྣང་མཛད་དེ་ལ་མགོས་ཕྱག་འཚལ། །མདངས་ལྡན་ནོར་བུ་མཐོན་ཀ་ཆེན་པོ་ལྟར་འཕྲོ་བའི། །འོད་ཀྱིས་ཕྱོགས་རྣམས་མ་ལུས་སྣང་བར་མཛད་པ་པོ། །འཇིག་རྟེན་གསུམ་ན་རྨད་བྱུང་གླང ་པོའི་ཁྲི་ལ་བཞུགས། །བསྙེངས་བྲལ་སངས་རྒྱས་མི་བསྐྱོད་དེ་ལ་རྟག་ཕྱག་འཚལ། །རིན་ཆེན་དབང་བསྐུར་འབྱོར་པས་འགྲོ་དོན་མཛད་ལ་མཁས། །བསོད་ནམས་ཚོགས་མངའ་རི་རྒྱལ་མངོན་སུམ་རྒྱུ་འདྲ་ཞིང། །གསེར་གྱི་རྒྱ་མཚོ་ལྟ་བུས་རྟ་ཡི་གདན ་ལ་བཞུགས། །ཐུབ་པ་རིན་ཆེན་འབྱུང་ལྡན་དེ་ལ་རྟག་ཕྱག་འཚལ། །རྨ་བྱའི་རིགས་མཆོག་རྒྱ་ཡིས་མཛེས་བྱས་སྣང་བ་ཡི། །འོད་ཀྱིས་ཕྱོགས་ཀུན་ཁེབས་པས་མངོན་དགའ་པདྨ་ནི། །རང་གའི་རི་བོ་ལྟར་མཛེས་རྨ་བྱའི་གདན་བཞུགས་པ། །ཐུབ ་པ་དཔག་མེད་འོད་མངའ་དེ་ལ་ཕྱག་འཚལ་ལོ། །དམ་ཆོས་འོད་ཟེར་ཚོགས་ཀྱིས་མུན་པ་སེལ་མཛད་པའི། །འོད་ཀྱི་སྣང་བས་ནམ་མཁའ་ཨི་ཆ་ཀུན་རྣམ་པར་འགེངས། །བཻ་ཌཱུརྱ་ཡི་མཚོ་ལྟར་མཁའ་ལ་བཞུགས། །སངས་རྒྱས་དོན་ཡོད་གྲུབ་པ་དེ་ལ ་ཕྱག་འཚལ་ལོ། །སེང་གེ་གླང་པོ་རྟ་དང་རྨ་བྱ་མཁའ་ལྡིང་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །སྐུ་མདོག་རིམ་བཞིན་དཀར་དང་སྔོ་དང་སེར་དང་དྲི་མེད་དམར་དང་ལྗང་གྱུར་ཅིང། །བྱང་ཆུབ་མཆོག་དང་རེག་མཆོག་སྦྱིན་དང་ཏིང་འཛིན ་མི་འཇིགས་སྦྱིན་པའི་ཕྱག་རྒྱས་མཚན། །རང་རིགས་རིན་ཆེན་ཅོད་པན་ལྡན་པའི་ཡེ་ཤེས་ལྔ་ཡི་བདག་ཉིད་དེ་ལ་འདུད། །དེ་བཞིན་གཤེགས་པ་ལྔའི་བསྟོད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀཱ་ར་དང། དགེ ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། སཔཏ་ཏ་ཐཱ་ག་ཏ་སྟོ་ཏྲཾ། བོད་སྐད་དུ། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བའི ་