| Wylie | e-texts based on the ACIP/ALL Input |
ཞིག་གསུང་བའི་རྒྱལ་ལ་ཕྱག་འཚལ་ལོ། །གཞན་དུ་མི་འདུལ་འདུལ་བའི་དོན་ཏུ་བཏུལ། །ཉོན་མོངས་སྤོང་སོགས་རྣམ་པར་དག་པས་འདུལ། །ཐུབ་པ་ཚུལ་སྤྱོད་ཆེན་པོས་ལེགས་འདུལ་མཛད། །སྙོམས་ཤིང་མཛེས་པའི་ཚེམས་ལྡན ་མགོན་ལ་འདུད། །བསོད་ནམས་དཔག་མེད་བསགས་པས་སྐུ་མཛེས་ལ། །འདོམ་གང་འོད་ཀྱི་དཀྱིལ་འཁོར་འབར་བའི་སྐུ། །གསེར་སྦྱངས་བཙོ་མ་ལྟ་བུར་དྲི་མེད་སྐུ། །སྲིད་ལས་གྲོལ་སྐུ་རྒྱལ་ལ་ཕྱག་འཚལ་ལོ། །འཁོར་ལོ་མཚན་ཞབས་རབ་མཆོག་ལྡན ་པའི་ཞབས། །ལྷ་དབང་སྤྱི་བོས་ལེགས་པར་བཏུད་པའི་ཞབས། །ཞབས་སོར་དྲ་བས་ལེགས་བརྒྱན་མཛེས་པའི་ཞབས། །དཔལ་བེའུ་གཡུང་དྲུང་གི་ནི་ཞབས་ལ་འདུད། །ཚིག་བརྒྱད་པའི་བསྟོད་པ་དགེ་བསྙེན་མཛའ་ཡས་ལྷས་མཛད་པ་རྫོགས་སོ།། །། ་*། (།དཀོན་མཆོག་གསུམ་ལ་བསྟོད་པ།)་།རྒྱ་གར་སྐད་དུ། ཏྲི་རཏན་སྟོ་ཏྲ། བོད་སྐད་དུ། དཀོན་མཆོག་གསུམ་ལ་བསྟོད་པ། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ ་བདག་ཕྱག་འཚལ། །ཚོགས་ཆེན་གཉིས་རྫོགས་མཁྱེན་བཞི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེ་མཁྱེན། །ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྒྱུ་མཐུན ་གསུང་རབ་བཅུ་གཉིས་དང། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་ལ་དབེན། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་གྲུབ་པ། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཉོན་མོངས་སྒྲིབས་དང་ཤེས་བྱའི་སྒྲིབ་པ་དག་།གཉེན་པོས་རིམ་པར ་བསལ་ནས་སངས་རྒྱས་སར་བཞུགས་པ། །སེམས་ཅན་དོན་མཛད་སངས་རྒྱས་ཞིང་སྦྱོང་བའི། །འཕགས་པའི་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་བསྟོད་པ། །སློབ་དཔོན་ཆེན་པོ་མ་ཏི་ཙི་ཏྲས་མཛད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཏྲི་རཏན་སྟོ་སྟྲ་བྷི་ཏི། བོད་སྐད་དུ། དཀོན་མཆོག་གསུམ་ལ་བསྟོད་པའི་འགྲེལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་འགྲོ་བ་རྣམས་ཀྱི་མངོན ་པར་འདོད་པའི་འབྲས་བུ་མཛའ་དག་བསྐྱེད་པའི་རྒྱུ་ཡིན་པས་ན་དེའི་ཕྱིར་དེ་དག་ལ་ཕྱག་འཚལ་བ། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །མ་འདྲེས་པ་དང་མཚུངས་པར་ལྡན་པའི་མ་རིག་པ་དག་མ་ལུས་པར་སྤངས་པ་ནི་སངས་པ་སྟེ། ་གཉིད་རབ་ཏུ་སངས་པ་བཞིན་ནོ། །ཡང་ན་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པས་ཤེས་བྱ་མཛའ་དག་ལ་བློ་རྒྱས་པས་རྒྱས་པ་སྟེ། པདྨ་རབ་ཏུ་རྒྱས་པ་ལྟ་བུའོ། །དེ་ལྟར་དེ་དག་ནི་སྤངས་པ་དང། །ཡེ་ཤེས་ཕུན་སུམ་ཚོགས་པས་བསྟོད་པ་སྟེ། ཉིད་ཀྱི ་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ཏེ། གཙོ་ཞེས་སྨོས་པ་ལས་ས་གསུམ་དབང་ཕྱུག་ཆེན་པོར་གྱུར་པས་ན་གཙོ་བོ་སྟེ། དེ་དག་མ་ལུས་པ་གནོན་པས་ལྕི་བར་གྱུར་པ་ནི། གཟུགས་ལ་ལ་ལྕི་བར་གྱུར་པ་ནི་སྲང་གི ་མགོ་མནོན་པ་ལྟ་བུའོ། །དེས་ནི་ཐམས་ཅད་ཟིལ་གྱིས་མནན་ནས་འདུལ་ཞེས་བསྟན་པར་འགྱུར་རོ། །ཡང་ན་ཕྱིན་ཅི་མ་ལོག་པའི་ཡོན་ཏན་རིན་པོ་ཆེ་སྦྱིན་པས་ན་བླ་མ་སྟེ། དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་སྒོ་གསུམ་གྱིས་རབ་ཏུ་འདུད་པའོ། །སྐྱོབ་པ་ཆོས་ལ ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། འདིས་ངན་འགྲོ་དང་སྲིད་པར་སྡུག་བསྔལ་བ་ལས་སྐྱོབ་ཅིང་སྡུག་བསྔལ་སེལ་ལ་བདེ་བ་སྦྱིན་པས་ན་སྐྱོབ་པ་ཞེས་བྱའོ། །དེ་ཉིད་ཀྱིས་ན་ཆོས་ཏེ་རྣམ་པར་ལྟུང་བ་ལས་འཛིན་པས་སོ། །དེ་ཡང་གང་གིས་དོན་དམ་པའི་ཆོས་དེ་རྟོགས ་ནས། སླར་ངན་སོང་དང་འཁོར་བར་མི་ལྟུང་བའི་ཕྱིར་རོ། །དེ་རྟོགས་པའི་རྒྱུད་པའི་རྒྱུ་ནི་བསྟན་པའི་ཆོས་ཡིན་ལ། དངོས་ཀྱི་རྒྱུ་ནི་ལམ་གྱི་ཆོས་ཡིན་པས་དེ་དག་ལའང་བཏགས་ཏེ་འཛིན་པ་ཞེས་བརྗོད་དོ། །ཡང་ན་སྐྱོབ་པ་ཞེས་བྱ་བས་ནི་གཞན་ལ་ཕན་འདོགས་པ་ཕུན ་