CLOSE WINDOW

N4538: tshad ma brtag pa
Wyliee-texts based on the ACIP/ALL Input

ཚད་མ་བརྟག་པ་ཆུང་བ་ཆོས་མཆོག་གིས།། །རྒྱ་གར་སྐད་དུ། པྲ་མཱ་ཎ་པ་རཱི་ཀཱ། བོད་སྐད་དུ། ཚད་མ་བརྟག་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གི་ཆེ་བ་རྣམས་ཀྱི་ཤེས་པར་མ་གྱུར་པ། །སྡུག་བསྔལ་བརྒྱུད ་པ་ཞི་པའི་གོ་འཕང་ཆེན་པོ་ནི། །རབ་ཏུ་བསྟན་ནས་དོན་གཉེར་ཚོགས་ཀྱིས་ཐོབ་མཛད་པའི། །ཚད་མར་གྱུར་པ་དེ་ལ་བདག་ནི་རབ་ཏུ་འདུད། །ཚད་མ་ནི་མི་སླུ་བར་བྱེད་པའི་ཤེས་པའོ། །མི་སླུ་བར་བྱེད་པ་ནི་དོན་བྱེད་ནུས་པའི་དངོས་པོར་རབ་ཏུ་བསྟན་པ་ཐོབ་པར ་བྱེད་པའོ། །ཐོབ་པར་བྱེད་པ་ཉིད་ནི་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཉིད་ཀྱིས་འཇུག་པར་བྱེད་པའོ། །དེས་ན་ཚད་མའི་བྱ་བ་ནི་ཐོབ་པར་བྱེད་པ་ཉིད་ཀྱིས་ཡན་ལག་ཏུ་གྱུར་པ་རབ་ཏུ་སྟོན་པར་བྱེད་པ་ཉིད་དེ། །མཐོང་བ་ཉིད་དུ་ལྷག་པར་ཞེན་པའི་མངོན ་སུམ་གྱིས་དོན་རབ་ཏུ་བསྟན་པ་ཡིན་ལ། །མ་མཐོང་བ་འཁྲུལ་པ་མེད་པའི་རྟགས་ཀྱིས་ངེས་པ་ནི་རྗེས་སུ་དཔག་པས་བསྟན་པ་ཡིན་ནོ། །ཅི་སྟེ་ཚད་མ་ཞེས་བྱ་བ་འདི་ཅི་ཞིག། གང་གིས་འཇལ་བར་བྱེད་པ་དེ་ཡིན་ནོ་ཞེན་ནི་ཚད་མ་ཐམས་ཅད་ཤེས་པར ་འགྱུར་རོ། །ཅི་སྟེ་གང་གི་དངོས་པོ་འཛིན་པ་དེ་ཚད་མ་ཡིན་ན། །ཅི་དངོས་པོ་འཛིན་པ་དེ་ཡང་ཕྱོགས་སུ་ལྷུང་བས་རྣམ་པར་དཔྱད་པར་བྱ་བ་འམ། །འོན་ཏེ་ཉེ་བར་མཁོ་བ་ཉིད་ཀྱིས་ཡིན། །དེ་ལ་རེ་ཞིག་དངོས་པོ་འཛིན་པ་ནི་རྟོག་པ་དང་ལྡན་པ་དོན་བྱ་བ་དོན ་དུ་གཉེར་བ་ལ་མཁོ་བ་མ་ཡིན་ཏེ། དེ་ལས་དོན་བྱ་བ་ལས་མི་འགྲུབ་པའི་ཕྱིར་རོ། །དོན་བྱ་བ་སྒྲུབ་པའི་ཐབས་ཡིན་ནོ་ཞེ་ན། གཟུང་བའི་སྐད་ཅིག་མ་གང་ཡིན་པ་དེ། མི་འཐོབ་པ་ཡིན་ནམ། ཞེན་པར་བྱས་པའི་རྒྱུན་ཐོབ་པར་བྱ་བ་ཡིན་ནོ་ཞེ་ན། དེ ་ལྟ་ནི་རྒྱུན་གྱི་ཡུལ་ཅན་གྱིས་ཞེན་པ་ཐོབ་པར་བྱེད་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །དེས་ན་འདི་ལྟར་རྣམ་པར་རྟོག་པ་ཅན་གྱི་རྗེས་སུ་དཔག་པ་གང་ཡིན་པ་ཡང་ཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དོན་བྱ་བ་ནུས་པ་རྟོགས་པ་ཚད་མ་ཡིན ་བ་ཞེ་ན། རྟོགས་པས་ཀྱང་དོན་བྱ་བ་དོན་དུ་གཉེར་བ་ལ་མཁོ་བ་མེད་པ་མ་ཡིན་ནམ། དེ་ལས་དོན་བྱ་བ་མི་འགྲུབ་པའི་ཕྱིར་རོ། །དོན་བྱ་བར་ནུས་པ་ཐོབ་པའི་ཐབས་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་དོན་བྱ་བར་ནུས་པ་ཐོབ་པར་བྱེད་པ་ཉིད་རྟོགས་པ་དང་ལྡན་པ་དོན་དུ་གཉེར ་བར་བྱ་བའི་ཕྱིར་དེ་ཉིད་བསྟན་བཅོས་ལས་རྣམ་པར་དཔྱད་པར་འོས་ཀྱི། དོན་བྱ་བར་ནུས་བ་རྟོགས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་བྱ་བར་ནུས་པའི་རྟོགས་པ་ཡོད་དུ་ཟིན་ཀྱང་ཤེས་པ་ལ་དོན་དུ་གཉེར་བར་བྱ་བའི་དོན་དུ་གཉེར་བ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་ནི་མ ་ཡིན་གྱི། འོན་ཀྱང་ཤེས་པའི་རང་བཞིན་དོན་བྱ་བར་ནུས་པའི་ཐོབ་པར་བྱེད་པ་ཉིད་ཀྱི་ཆ་རྗེས་སུ་ཚོལ་བར་བྱེད་པ་ཡིན་ནོ། །གང་གི་ཕྱིར་གལ་ཏེ་ཡང་རྟོགས་པ་ཉིད་ཐོབ་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་རྟོགས་པའི་བདག་ཉིད་ཀྱིས་ནི་ཤེས་པ་དོན་དུ་གཉེར་པར ་བྱ་བ་མ་ཡིན་གྱིས། འོན་ཀྱང་དོན་ཐོབ་པར་བྱེད་པའོ། །དེའི་ཕྱིར་དོན་བྱ་བར་ནུས་པ་ལ་མི་བསླུ་བ་ཉིད་ཚད་མ་ཡིན་གྱི་དོན་བྱ་བར་རྟོགས་པ་ན་ནི་མ་ཡིན་ནོ། །སྒྲའི་དོན་གྱི་རྗེས་སུ་ཡང་འབྲང་བར་བྱ་བ་མ་ཡིན་ནམ་གལ་ཏེ་མི་སླུ་བར་བྱེད་པ་ཉིད་ཚད་མ་ཡིན ་ན་ནི་སྒྲའི་དོན་བཏང་བ་ཡིན་ནོ་ཞེ་ན། བཏང་བ་མ་ཡིན་ཏེ། གང་གི་ཕྱིར་མི་སླུབ་བྱེད་པ་ཉིད་ནི་རབ་ཏུ་བསྟན་པ་ཐོབ་པས་བྱེད་པ་ལ་བརྗོད་པ་དེ་ཡང་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ལ་བརྗོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེ་ལྟ་ན་ཡང་ཤེས་པས་གཞལ ་བ་གང་ཡིན་པ་དེ་ཐོབ་པར་བྱེད་པ་ཚད་མ་ཡིན་པའི་ཕྱིར་དེ་ཐོབ་པའི་ཡན་ལག་ཏུ་འགྱུར་བའི་འཇལ་བའི་ཚད་མ་ཡིན་གྱི་འབའ་ཞིག་པ་ནི་མ་ཡིན་ནོ། །དཔེར་ན་རྫ་མཁན་གྱི་སྒྲ་འཇུག་པའི་རྒྱུ་མཆན་ནི་རྫ་མཁན་གྱི་རིགས་ཀྱི་ཁྱད་པར་ཡིན་པ་དེ་བཞིན་དུ་ཚད་མའི་སྒྲ ་འཇུག་པའི་རྒྱུ་ཡང་ཐོབ་པའི་ཡན་ལག་གི་འཇལ་བྱེད་ཡིན་ནོ། །ཐོབ་པའི་ཡན་ལག་ཏུ་གྱུར་པའི་འཇལ་བར་བྱེད་པ་ཡང་བསླུ་བ་མེད་པ་ཅན་གྱི་ཤེས་པར་བལྟའོ། །དེ་ཉིད་ཀྱི་ཕྱིར་ཚད་མ་སླུ་མེད་ཅན་ཤེས་པ་ཞེས་བྱ་བ་དང་བསམ་པ་ལ་ནི་སླུ་མེད་ཕྱིར་འཁྲུལ་པ ་ཡིན་ཡང་ཚད་མ་ཉིད། ཅེས་བྱ་བ་དང་འདི་ཉིད་ཀྱིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཏན་ཚིགས་ཐིགས་པ་ལས་ཀྱང་རྣམ་པར་རྟོག་པ་དེ་ལས་རྣམ་པར་ལྷག་པར་ཞེན་པས ་འཇུག་ལ། ཞུགས་པ་ན་ཡང་རྣམ་པར་རྟོག་པ་མངོན་སུམ་དུ་གྲུབ་པ་ཐ་མི་དད་པའི་ཕྱིར་རོ། །ཞེས་འཇུག་པ་སྔོན་དུ་འགྲོ་བ་ཅན་གྱི་དངོས་པོ་ཉིད་ཐོབ་པར་བྱེད་པ་ཉིད་ལ་ཚད་མར་བཤད་དོ། །མི་བསླུ་བའི་རྣམ་གྲངས་ཡིན་པའི་ཕྱིར་ཚད་མའི་སྒྲ་ཉིད་ཀྱིས་རབ་ཏུ ་བསྟན་པ་ཐོབ་པར་བྱེད་པའི་དོན་ཐོབ་བོ། །དེ་ལྟར་ན་ཡང་མ་རྟོགས་པའི་ཡུལ་ཅན་ཚད་མ་ཡིན་ནོ། ཞེས་བྱ་བ་ཡང་རང་གི་མཚན་ཉིད་མ་རྟོགས་པ་ཞེས་ཁྱད་པར་དུ་བྱའོ་ཞེས་བྱ་བ་འདི་ཡང་ཚད་མའི་སྒྲ་ཉིད་ཀྱིས་མི་བསླུ་བ་ཉིད་ཐོབ་པ་ན་རང་གི་མཚན་ཉིད་རྟོགས ་པ་ཞེས་གཉི་ག་ཚད་མའི་སྒའི་ཤུགས་ཀྱི་རྣམ་པར་གནས་སོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་མི་སླུ་བར་བྱེད་པ་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ནི་ཚད་མ་ཉིད་ཡིན་པར་དགོངས་སོ། །འཇིག་རྟེན་ནི་དམ་བཅས་པ་ཐོབ་པར་བྱེད་པ་མི་སླུ་བར་བྱེད་པའི་ཚད ་མ་ཡིན་ནམ་ཞེས་བརྗོད་པ་དེ་བཞིན་དུ་ཤེས་པ་ཡང་རབ་ཏུ་སྟོན་པ་ཐོབ་པར་བྱེད་པས་མི་སླུ་པར་གྱུར་པ་ན་ཚད་མར་བརྗོད་པའི་ཕྱིར་ཚད་མའི་སྒྲའི་དོན་མི་སླུ་བ་ཡིན་པ་ནི་འཇིག་རྟེན་པ་ཉིད་དོ།། ཤེས་པ་སྐད་ཅིག་མ་ཇི་ལྟར་དོན་བྱེད་པར་བྱེད་པ་ཡིན་ཞེ་ན། ཀྱེ ་དོན་གྱི་ཡུལ་དུ་སྐྱེས་བུ་སྐྱེལ་བ་འམ། སྐྱེས་བུའི་ཡུལ་དུ་དོན་འགུགས་པ་ཐོབ་པར་བྱེད་པའི་ཚད་མ་ཡིན་ནམ། ཅི་ནས་གང་གི་སྐད་ཅིག་མ་ཡིན་པའི་ཕྱིར་ཐོབ་པར་བྱེད་པར་མི་འགྱུར་རོ། །འོ་ན་ཇི་ལྟར་ཞེ་ན་ཐོབ་པར་བྱེད་པ་ཉིད་ནི་ཐོབ་པར་བྱེད་ཉིད་ཡུལ་ལ ་བཅུག?་པར་བྱེད་པ་ཡིན་ནོ། །དེས་ན་ཚད་མའི་ཐོབ་པའི་བྱེད་པ་ཉིད་ནི་འཇུག་པར་བྱེད་པར་ཉིད་ཡིན་ནོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཉིད་དེ། གང་གི་ཚེ་འདིས་འཇུག་པའི་ཡུལ་རབ་ཏུ་བསྟན་པ་དེའི་ཚེ་སྐྱེས་བུ་རབ་ཏུ་འཇུག་ཅིང་དེ་ནི ་ཀྱང་ཐོབ་པའི་ཕྱིར་ཚད་མའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་རབ་ཏུ་སྟོན་པར་བྱེད་པ་ཉིད་ཚད་མའི་བྱ་བ་ཡིན་ནོ། །འོ་ན་མི་བསླུ་བ་ཉིད་ནི་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་བྱ་བ་ཡིན་ནམ། མི་བསླུ་བ་ནི་རབ་ཏུ་བསྟན་པ་ཐོབ་པར་བྱེད་ཅེས་ཅིའི་ཕྱིར་བརྗོད། རབ་ཏུ་སྟོན ་པར་བྱེད་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེ་ན་ནི་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ཞེས་བརྗོད་པ་ན་རབ་ཏུ་བསྟན་པ་སྟོན་པར་བྱེད་པའི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་རྟོགས་པར་འགྱུར་ན། དེ་ལྟ་ན་ནི་རིགས་ཤིང་དོན་འབྲེལ་པ་མ་ཡིན་ནོ་ཞེ་ན། དཔེའི་རབ་ཏུ་སྟོན་པར་བྱེད་པ ་ཉིད་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཐོབ་པར་བྱེད་པ་ཉིད་དོ། །འོན་ཀྱང་ཅི་ཞིག་བྱས་པས་ཐོབ་པར་བྱེད་པ་ཡིན་ཞེས་འདྲི་བ་ན་རབ་ཏུ་སྟོན་པར་བྱེད་པས་ན་འཇུག་པར་བྱེད་པ་ཡིན་ནོ་ཞེས་འཇུག་པར་བྱེད་པའི་རྒྱུ་ཉིད་རབ་ཏུ་སྟོན་པར་བྱེད་པར་བརྗོད་པ་ཡིན་ལ། རབ་ཏུ་སྟོན་པར ་བྱེད་པའི་ཐབས་ཀྱིས་རབ་ཏུ་འཇུག་པར་བྱེད་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་རེ་ཞིག་ཐོབ་པར་བྱེད་པའི་རྒྱུ་མཚན་ཉིད་ཀྱིས་སྟོན་པར་བྱེད་པ་ཚད་མ་ཡིན་གྱི། འབའ་ཞིག་མ་ཡིན་ནོ། །དེས་ན་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ཉིད ་ཚད་མར་བརྗོད་དེ། འདི་ལ་དེ་ཁོ་ནའི་དོན་ནི་འདི་ཡིན་ཏེ། ཤེས་པ་འབའ་ཞིག་གིས་དོན་ཐོབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཚོགས་པ་མང་པོས་ཡིན་ནོ། །དེ་དག་ལས་འགའ་ཞིག་ནི་རྣམ་པ་ཇི་ཞིག་ལྟར་ཐོག་པ་ལ་ཉེ་བར་སྦྱོར་བ་ཡིན་ནོ།། ཤེས་པ་ནི་འཇུག་པའི ་ཡུལ་སྟན་པ་ཉིད་ཀྱིས་ཐོབ་པ་ལ་ཉེ་བར་སྦྱོར་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ། །དཔེར་ན་བསད་པར་བྱ་བ་གཅིག་ལ་མངའ་བདག་དང། དབང་པོ་དང་ཡི་གེ་པ་དང་རིགས་ངན་རྣམས་ལས་འགའ་ཞིག་ནི་རྣམ་པ་ཅི་ཞིག་ལྟར་གསོད་པར་བྱེད་པ་ཡིན་ལ། བདག ་པོ་ནི་བཀའ་བསྒོ་བ་ཉིད་ཀྱིས་གསོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་གསོད་པ་ལུང་བསྒོ་བ་ཉིད་ཀྱིས་གསོད་པར་བྱེད་པ་ནི་བདག་པོ་ཡིན་པར་བརྗོད་དོ། །འདི་ལ་གསང་པའི་ཡན་ལག་མ་ཡིན་པར་གསོད་པར་ལུང་བསྒོ་བ་ལ་གསོད་བྱེད་དུ་བརྗོད་བ ་མ་ཡིན་གྱིས། འོན་ཀྱང་གསོད་པའི་ཡན་ལག་ཁོ་ནའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་འཇུག་པར་བྱེད་པ་ཉིད་ཀྱིས་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པའི་དོན་དུ་སྟོན་པར་བྱེད་པ་ལ་ཐོབ་པར་བརྗོད་དོ། །འདིར་ཐོབ་པའི་ཡན་ལག་མ ་ཡིན་པར་རབ་ཏུ་སྟོན་པར་བྱེད་པར་ཚད་མར་བྱེད་པ་ལ་ཚད་མར་བརྗོད་པ་ནི་མ་ཡིན་ནོ། །དེས་ན་རབ་ཏུ་སྟོན་པ་ཐོབ་པར་བྱེད་པ་ཚད་མ་མ་ཡིན་གྱི་སྟོན་པར་བྱེད་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པར་བརྗོད་པ་ཡིན་ནོ། །གལ་ཏེ་མངོན་སུམ་པ་ནི་བསྟན ་པའི་དངོས་པོ་ཐོབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་ལས་ཕན་ཆད་དུ་མེད་པའི་ཕྱིར་ཅི་ཞིག་ཐོབ་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྗེས་སུ་དཔག་པས་གཟུང་བ་གང་ཡིན་པ་དེ་ནི་དངོས་པོ་མ་ཡིན་པའི་ཕྱིར་དང། མ་གཟུང་བ་ཡང ་མི་ཐོབ་པའི་ཕྱིར་རོ་ཞེ་ན། ཤེས་པ་རྣམས་ཀྱི་ཡུལ་ཡང་རྣམ་པ་གཉིས་ཏེ། གཟུང་བ་དང་ལྷག་པར་ཞེན་པའོ། །གཟུང་བ་ནི་གང་དངོས་པོ་འམ་དངོས་པོ་མེད་པ་གཟུང་བའོ། །ལྷག་པར་ཞེན་པ་ནི་འདིའི་ཚེ་འདི་ནའོ་ཞེས་ལྷག་པར་ཞེན་པར་བྱས ་པའོ། །དེ་ལ་སྐད་ཅིག་མ་ཉིད་བཞིན་དུ་གཟུང་བ་ཞེན་པར་མ་བྱས་པ་ནི་འཇུག་པའི་ཡུལ་མ་ཡིན་ནོ།། འདི་འཇུག་པའི་ཡུལ་མ་ཡིན་པ་ཡང་ཇི་ལྟ་ཞེ་ན། གང་ཞིག་ཡུལ་དང་དུས་དང་རྣམ་པ་ངེས་པ་ངེས་པར་ཐ་སྙད་བྱར་མི་ནུས་པ་དེ་ལ་ཇི་ལྟར ་འཇུག་པ་མ་ངེས་པ་དེ་ནི་ཐ་སྙད་དུ་བྱ་བ་མ་ཡིན་པས་ན་འཇུག་པའི་ཡུལ་མ་ཡིན་པ་ནི་ཐོབ་པར་ནུས་པ་མ་ཡིན་ནོ། །མངོན་སུམ་གྱིས་གཟུང་བ་སྐད་ཅིག་མིན་ཐོབ་པར་ནུས་པ་མ་ཡིན་ལ། རྗེས་སུ་དཔག་པའི་གཟུང་བ་ཡང་དངོས་པོ་མེད་པ་ཡིན ་ལ། དངོས་པོ་ཡང་མ་གཟུང་བ་དེའི་ཕྱིར་ཇི་ལྟར་ཐོབ་པར་འགྱུར། དེའི་ཕྱིར་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་དང། སྐད་ཅིག་མ་ཉིད་ཀྱིས་ཐོབ་པའི་དུས་ན་རྗེས་སུ་འཇུག་པ་མེད་པའི་ཕྱིར་གཟུང་བ་མ་ངེས་པའི་ཐོབ་པར་བྱེད་པ་ནི་མངོན་སུམ་མ ་ཡིན་ནོ། །དངོས་པོ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡང་གཟུང་བའི་ཐོབ་པར་བྱེད་པ་མ་ཡིན་ནོ། །གང་ཞིག་ཡུལ་དང་དུས་དང་རྣམ་པ་ངེས་པར་བྱས་པ་ཐ་སྙད་དུ་ནུས་པ་དེ་འཇུག་པའི་ཡུལ་དུ་འགྱུར་བ་ཐོབ་པར་ནུས་པ་ཡིན་ནོ། །མངོན་སུམ་གྱི ་གཟུང་བ་ནི་སྐད་ཅིག་གཅིག་གི་ཆ་ཤས་དངོས་པོའི་རྒྱུན་ངེས་པར་བྱེད་ལ། དེ་ཡང་སྐད་ཅིག་བརྒྱུད་པ་དཔག་ཏུ་མེད་པའི་བདག་ཉིད་ཡིན་པའི་ཐོབ་པའི་དུས་རྗེས་སུ་འཇུག་པའི་ཕྱིར་ཐོབ་པར་ནུས་པ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་གལ་ཏེ་ཡང་གཟུང ་བ་གང་ཡིན་པ་དེ་དངོས་པོ་མ་ཡིན་པ་དེ་ལྟ་ན་ཡང་དེའི་རང་བཞིན་མ་ཡིན་པ་ལས་ལྡོག་པར་སྒྲོ་བཏགས་པས་ཕྱི་རོལ་ཉིད་དུ་སྒྲོ་བཏགས་པས་ངེས་པས་ཕྱི་རོལ་ངེས་པར་འགྱུར་བ་ཡིན་ལ། དེ་ཡང་འཇུག་པའི་ཡུལ་ཡིན་པའི་ཕྱིར་ཐོབ་པས? ་ནུས་པ་ཡིན་ན། །དེའི་ཕྱིར་ཚད་མ་ནི་གཟུང་བ་ཐོབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ངེས་པ་ཐོབ་པར་བྱེད་པ་ཡིན་ནོ། །དེས་ན་སྟོན་པར་བྱེད་པ་ནི་ཞེན་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང། གཟུང་བའི་ཡུལ་ཐ་དད་པ་དོན་གྱི་དབྱེ་བ་བཤད ་ཀྱི་ཚད་མའི་བྱ་བའི་ཡུལ་ཐ་དད་པ་ནི་མ་ཡིན་ནོ་ཞེས་བཤད་པ་དང། ཐོབ་པའི་ཡན་ལག་ཏུ་འགྱུར་བའི་ཞེན་པར་བྱེད་པ་ནི་ཚད་མའི་བྱ་བ་ཡིན་གྱི། འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་དང། ཞེན་པར་བྱས་པ་ཐོབ་པར་བྱེད་པ་ཚད་མ་ཡིན་པར་ངེས་པར ་གཟུང་ནས་དངོས་པོའི་ཡུལ་ཅན་ཚད་མ་ཉིད་ཅེས་བྱ་བ་དང། འདི་གཉིས་ཀྱི་དོན་ཡོངས་སུ་བཅད་ནས་ཞེས་ཀྱང་བཤད་དོ། །ཡོངས་སུ་བཅད་པ་ནི་ཞེན་པ་ཡིན་གྱི་གཟུང་བ་ནི་མ་ཡིན་ནོ། བསམ་པ་ལ་ནི་།སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། ་ཅེས་གང་བཤད་པ་བསམ་པ་ནི་མངོན་པར་འདོད་པར་བྱ་བ་སྟེ། ཞེན་པ་ཉིད་ལ་བརྗོད་དོ། །དེ་ལྟ་ན་ཡང་ཞེན་པར་བྱས་པའི་ཐོབ་པ་ནི་མི་སླུ་བ་ཡིན་ནོ། །གང་གི་ཕྱིར་ཞེན་པ་ཉིད་ཚད་མའི་བྱ་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་འདི་ནི་གདོན་མི་ཟ་བར་བྱ་བ ་ཡིན་ནོ། །གང་བྱས་བས་ཤེས་པ་ཚད་མར་འགྱུར་བ་དེ་ནི་གདོན་མི་ཟ་བར་བྱ་བ་ཡིན་ལ་དེ་གདོན་མི་ཟ་བར་བྱ་བ་གང་ཡིན་པ་དེ་ཡང་འབྲས་བུར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཚད་མ་ནི་ཞེན་པར་བྱས་པའི་འབྲས་བུ་ཅན་ཡིན་ནོ། །ཚད ་མ་ངེས་པའི་འབྲས་བུ་ཅན་ཞེས་གང་བཤད་པ་ལ་ངེས་པ་ཞེས་བྱ་བཞི་གཏན་ལ་ཕེབས་པ་སྟེ། ཞེན་པ་ལ་བརྗོད་པོ། །འདི་ལ་ཞོན་པ་ནི་ཐོབ་པའི་ཡན་ལག་ལ་བརྗོད་དོ། །ཞེས་འཇུག་པའི་འབྲས་བུ་ཅན་ཞེས་ཀྱང་གསུངས་ཏེ། འཇུག་པའི་ཡན་ལག ་ཏུ་གྱུར་པས་ན་ཐོབ་པའི་ཡན་ལག་གི་ཞེན་པ་ནི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཇུག་པའི་རྒྱུ་ཡིན་པས་ཐོབ་པའི་ཡན་ལག་པ?་ཞེན་པ་ཉིད་ཡིན་པ་དེའི་ཕྱིར་ཚང་མ་ནི་མ་རྟོགས་པའི་ཡུལ་ཅན་ཡིན་ནོ། །གལ་ཏེ་རྟོགས་པར་བྱེད ་པ་ལས་ཐོབ་པར་བྱེད་པ་གཞན་ཡིན་ན་ནི་རྟོགས་པའི་དངོས་པོ་གང་ཡིན་པ་ལ་ཤེས་པ་གང་ན་ཡང་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རྟོགས་ཟིན་པའི་ཡུལ་ཅན་གང་ཚད་མར་འགྱུར་བ་ཡིན་ནོ། གང་གི་ཕྱིར་ཞེན་པ་ཉིད་ཐོབ་པར་བྱེད་པ་ཡིན་པ ་དེའི་ཕྱིར་གང་གི་དངོས་པོ་དེ་རྟོགས་པ་དེ་ཉིད་ཀྱི་སྐྱེས་བུ་བཅུག་ཅིང་དོན་ཐོབ་པར་བྱེད་པ་དེའི་ཕྱིར་གཉིས་པ་འམ་གསུམ་པ་གཞན་ལ་སྔ་མ་མེད་པའི་ཐོབ་པར་བྱེད་པ་ཉིད་མེད་པའི་ཕྱིར་ཚད་མ་མ་ཡིན་ནོ། །གལ་ཏེ་ཐོབ་པའི་ཡན་ལག་གི ་ཞེན་པ་ཚད་མའི་བྱ་བ་ཡིན་མ་འོ་ན་ནི་མངོན་སུམ་ཚད་མར་མི་འགྱུར་ཏེ། །གང་གི་ཕྱིར་དེ་ལ་ནི་ཚད་མའི་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་ལས་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་འབྱུང་བ་ནི་དེའི་བྱ་བ་ཡིན་ནོ་སྙམ་ན། དེ ་ལྟ་ན་ནི་འོ་ན་ཚད་མ་ལས་བྱེ་བ་ཐ་དད་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང་བྱ་བ་ཉིད་ནི་འབྲས་བུ་ཡིན་ལ་དེ་ལྟ་ན་ཡང་འབྲས་བུ་ཡིན་ལ་དེ་ལྟ་ན་ཡང་འབྲས་བུ་ཐ་དད་པར་སྨྲ་བ་ཡོངས་སུ་གཟུང་བ་མི་འདོད་པར་ཐལ་བར་འགྱུར་རོ།། ་གལ་ཏེ་དེ་ལྟ་ན་མངོན་སུམ་ཞེས་བྱ་བ་འདི་ནི་ཤིན་ཏུ་ཆུང་བར་སྨྲ་བ་ཡིན་ཏེ། རྗེས་སུ་དཔག་པ་ཡང་ཚད་མ་ཡང་མ་ཡིན་པར་འགྱུར་རོ། །གང་གི་ཕྱིར་ཚད་མའི་བྱ་བ་ནི་ཐོབ་པའི་ཡན་ལག་ཏུ་གྱུར་པའོ་ཞེན་པ་ཡིན་ལ་རྗེས་སུ་དཔག་པ་ནི་སྐད་ཅིག་ལས་ཕན ་ཆད་དུ་མི་གནས་པས་དེའི་ཉེར་བདག་ཉིད་དུ་གྱུར་པའི་ཞེན་པ་ལྡོག་པ་ན་རྗེས་སུ་དཔག་པ་ལ་ཐོབ་པའི་ཡན་ལག་གི་ཞེན་པ་སྲིད་པར་ཇི་ལྟར་འགྱུར། །ཇི་སྟེ་རྗེས་སུ་དཔག་པ་ལས་གཞན་གྱི་རྣམ་པར་རྟོག་པ་སྐྱེ་བ་ན་གང་གི་ཐོབ་པར་འགྱུར་བ་ཡིན ་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཐོབ་པའི་དེ་མ་ཐག་པའི་མཐར་ཐུག་པའི་རྗེས་སུ་དཔག་པ་ལ་སོགས་པའི་ཚོགས་ཚད་མར་འགྱུར་བའམ། ཡང་ན་ཐོབ་པའི་དེ་མ་ཐག་པའི་རྣམ་པར་རྟོག་པ་འབའ་ཞིག་ཚད་མར་འགྱུར་གྱི་རྗེས་སུ་དཔག་པ་ནི་མ་ཡིན་པར ་འགྱུར་རོ། །འདིས་ནི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པ་ཡང་བཤད་པ་ཡིན་ནོ། །དེའི་ཕྱིར་འདིར་ནི་འདི་ལྟར་རྣམ་པར་གནས་ཏེ། ཆོས་ཅན་ལ་ཁྱབ་པར་བྱ་བ་ཤེས་པ་ན་ཁྱབ་པར་བྱེད་པ་གདོན་མི་ཟ་པར་ངེས་པ་ནི་རྗེས་སུ ་དཔག་པས་བྱ་བ་ཡིན་ལ་རྣམ་པར་རྟོག་པ་གཞན་གྱི་བྱ་བ་ནི་སྤྱོད་པ་ཙམ་ཡིན་ནོ། །འདི་ལྟར་དབང་པོའི་རྣམ་པར་ཤེས་པ་མཛའ་དག་འགགས་པ་ན་རྣམ་པར་སྤྱོད་པ་དེའི་ཆེ་བདག་ནི་རྣམ་པར་སྤྱོད་པར་བྱེད་ཀྱི་མཐོང་བ་འམ་ཆོས་ཅན་ལ་ཁྱབ་པས་བྱ ་བ་མཐོང་བས་འབྲེལ་བ་ཅན་གྱི་ཆོས་ཅན་ཆོས་གཞན་ངེས་པར་རྟོགས་པ་ནི་མ་ཡིན་ནོ། །ཞེས་ཉམས་སུ་མྱོང་བ་ལས་རྣམ་པར་རྟོག་པའི་བྱ་བ་ནི་སྤྱོད་པ་ཙམ་ཡིན་ནོ་ཞེས་ངེས་སོ། །དེས་ན་འདི་དག་གི་རང་གི་བྱེད་པ་ལས་བློ་ལྷག་པར་སྣང་བ་གང་ཡིན་པ ་དེ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཤེས་པ་གཞན་གྱི་བྱས་པ་ཡིན་པར་བལྟ་བར་བྱའོ། །བདག་གིས་མཐོང་ངོ་ཞེས་མཐོང་བ་ཉིད་དུ་ངེས་པ་ཡང་རྟོག་པ་ལ་བློ་ལྷག་པ་ཡིན་ནོ། །རྣམ་པར་རྟོག་པས་ནི་དོན་དེ་མཐོང་བ་མ་ཡིན་གྱི་འོན་ཀྱང་དཔྱོད? ་པ་ཡིན་ནོ། །དེའི་ཕྱིར་རྟོག་པ་ནི་རང་གི་བྱ་བ་ལ་དཔྱོད་པ་ཡང་སྤངས་ནས་ལྟ་བའི་བྱ་བའི་མཐོང་བའི་རྗེས་སུ་བྱེད་པ་ཡིན་ཏེ། དེ་ན་ནི་ཇི་སྲིད་མངོན་སུམ་གྱི་བྱ་བ་མཐོང་བ་ཉིད་ཡོད་པ་དེ་སྲིད་དུ་ཡུལ་རྣམ་པར་འཇོག་པར་བྱེད་པ་མངོན ་སུམ་ཉིད་ཡིན་ལ། ཇི་སྲིད་འབྲེལ་པ་གཞན་མཐོང་བ་ན་འབྲེལ་པ་ཅན་གཞན་རྟོག་པ་དེ་སྲིད་དུ་རྗེས་སུ་དཔག་པའི་བྱེད་པ་ཡིན་ནོ། །ཇི་སྲིད་དུ་འདི་ཡོད་པ་དེ་སྲིད་དུ་རྗེས་སུ་དཔག་པ་ཉིད་རབ་ཏུ་སྟོན་པར་བྱེད་པ་ཡིན་ཏེ། འབྲེལ་པ་གཞན་མཐོང་བ་ལས ་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ནི་རྣམ་པར་རྟོག་པ་གཞན་གྱི་བྱ་བར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ལྟ་བའི་བྱ་བ་དང་ལྡན་པ་གང་ཇི་སྙེད་པ་ཐམས་ཅད་ནི་འདུ་བྱེད་མ་ཉམས་པ་ཅན་གྱི་མཐོང་བ་རབ་ཏུ་སྟོན་པའི་ཚད་མ ་ཡིན་ལ། རྗེས་སུ་དཔག་པའི་བྱ་བ་དང་ལྡན་པའི་ཇི་སྙེད་པ་དེ་ལ་ནི་འདུ?་བྱེད་བ་རྣམས་ཉམས་པ་མེད་པ་ཅན་གྱི་རྗེས་སུ་དཔག་པ་ཚང་མ་ཡིན་ནོ། །དེ་ན་ཐོབ་པར་བྱེད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ཉིད་ཡིན་ནོ། །དེ་ལྟར་ན་དཔེར་ན་རྗེས་སུ ་དཔག་པ་རང་གི་བྱ་བ་ཐོབ་དང་མཐུན་པའི་ངེས་པར་བྱེད་པ་ཉིད་རྟོག་པ་གཞན་དང་གཞན་ལ་འཇོག་པ་དེ་བཞིན་དུ་མངོན་སུམ་ལས་ཡང་ཤེས་པར་བྱའོ། །འདི་ནི་རིགས་པ་ཡང་ཡིན་ཏེ། གང་གི་ཕྱིར་འཇུག་པའི་ཡུལ་སྟོན་པར་བྱེད་པ་གང་ཡིན་པ ་དེ་ནི་ཚད་མ་ཡིན་ལ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡང་གང་འཇུག་པའི་ཡུལ་ཡིན་ཞིང་བསྟན་པ་ནི་གང་བསྟན་པར་ཤེས་པ་དེ་ཡིན་ནོ། །གང་ཞིག་བསྟན་པར་མི་ཤེས་པ་དེ་ནི་གཟུང་དུ་ཟིན་ཀྱང་མ་གཟུང་བ་དང་འདྲ་བའི་སྐད་ཅིག་མ ་ཉིད་བཞིན་དུ་འཇུག་པའི་ཡུལ་མ་ཡིན་ནོ། །དེ་བཞིན་དུ་སྟོན་པར་བྱེད་པ་ནི་སྟོན་པར་བྱེད་པ་ཉིད་དུ་མ་ཤེས་པ་གང་ཡིན་པ་དེ་ཡིན་ལ། སྟོན་པར་བྱེད་པ་ཉིད་དུ་མ་ཤེས་པ་གང་ཡིན་པ་དེ་ནི་ཡོད་དུ་ཟིན་ཀྱང་གསོལ་བར་བྱེད་པ་མ་ཡིན་ནོ། །དེ ་ལྟར་ན་ཡང་མངོན་སུམ་ལ་བརྟེན་པའི་རྣམ་པར་རྟོགས་པ་རྣམས་ལ་སྟོན་པར་བྱེད་པ་ནི་མངོན་སུམ་ཉིད་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མཐོང་བ་ཉིད་དུ་རྣམ་པར་རྟོག་གི་རྣམ་པར་དཔྱོད་པ་ཉིད་དུ་ནི་མ་ཡིན་ནོ། །མཐོང་བ ་ཡང་མངོན་སུམ་གྱི་བྱེད་པ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པ་རྣམས་ལ་སྟོན་པར་བྱེད་པ་ནི་མངོན་སུམ་ཡིན་གྱིས་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི་ཞེན་པ་སྐྱེད་པར་བྱེད་པས་ཡུལ་རྗེས་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་རྣམ ་པར་རྟོག་པར་འབྱུང་བ་སྔར་གྱི་མངོན་སུམ་དེ་ཉིད་ངེས་པའི་བདག་ཏུ་སྐྱེས་པ་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པ་ནི་དེའི་ཚེ་དངོས་པོ་མཐོང་བར་ཞེན་པ་ཡིན་ནོ། །དེས་ན་སྔར་གྱི་ལྟ་བ་ཉིད་ཞེན་པར་འགྱུར་བ་ཡིན་ཏེ། རྣམ་པར་རྟོག་པ་ལ་རང་གི་བྱ་བ ་ཐོབ་པའི་ཡན་ལག་འཇོག་པའི་ཕྱིར་རོ། །ཞེན་པ་ཡང་ལྟ་བ་ཉིད་དུ་གྱུར་པ་ཡིན་ཏེ། རང་གི་བྱ་བ་དཔྱོད་པ་སྤངས་ནས་ལྟ་བའི་བྱ་བ་མཐོང་བ་འཛིན་པའི་ཕྱིར་རོ། །དེའི་ཕྱིར་མངོན་སུམ་ནི་རྣམ་པར་རྟོག་པའི་ཤིང་རྟལ་ཞོན་ནས་ངེས་པར་བྱེད་པར་ཤེས་པར ་བྱའི་རང་ཉིད་རྣམ་བར་མི་རྟོག་པའི་ཕྱིར་ངེས་པར་བྱེད་པ་ནི་མ་ཡིན་ནོ། །ཞེན་པའི་སྟོན་པར་བྱེད་བ་ནི་མངོན་སུམ་ཡིན་གྱི། རྣམ་པར་རྟོག་པ་ནི་མངོན་སུམ་ལམ་ལོགས་སུ་ནི་ངེས་པར་བྱེད་པ་མ་ཡིན་ལ། མངོན་སུམ་ཞེན་པའི་བདག་ཉིད་ཀྱིས་ཞེན ་པར་བྱེད་པ་ཡིན་པར་མི་ལྟའི་འོན་ཀྱང་སྔར་བཤད་པའི་ཚུལ་གྱིས་སོ། །དེའི་ཕྱིར་མངོན་སུམ་ཉིད་ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་ཐོབ་པར་བྱ་བ་འཇུག་པའི་ཡུལ་གྱི་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག ་པ་ཡང་རྣམ་པར་རྟོག་པ་གཞན་ལ་འཇོག་པས་ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ཉིད་ཡིན་པའི་ཕྱིར་ཐོབ་པར་བྱ་པའི་ཐོབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པའི་བྱ་བ་དང་ལྡན་པའི་རྣམ་པར་རྟོག་པ་ནི་མངོན་སུམ་དང ་རྗེས་སུ་དཔག་པས་བྱས་པ་ཡིན་ནོ། །འདིར་དེ་ཁོ་ན་ཉིད་འདི་ཡིན་ཏེ། རྣམ་པར་རྟོག་པ་ནི་ཚད་མའི་བྱ་བ་འཇུག་པའི་ཡུལ་སྟོན་པའི་བྱེད་མཁན་ནི་མ་ཡིན་གྱི་འོན་ཀྱང་ཐ་སྙད་བྱེད་པ་པོ་ཡིན་ནོ། །སྟེན་པར་བྱེད་པ་འདིའི་སྒོ་ནས་ཐ ་སྙད་དུ་བྱེད་པའི་སྟོན་པ་པོ་མངོན་སུམ་མ་མ་རྗེས་སུ་དཔག་པ་གང་ཡིན་པ་དེ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞལ་བྱ་ནི་སྔོན་པོའི་སྔོན་པོ་ཉིད་ལ་སོགས་པ་ཐ་དད་དུ་བྱས་པའི་ཆ་གང་ཡིན་པ་དེ་ཁོ་ན་ཡིན་གྱི། གཞན་ཐ་དད་དུ་མ་བྱས་པའི ་སྐད་ཅིག་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། །ཐ་སྙད་དུ་མ་བྱས་པ་ནི་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་ནི་ཐོབ་པར་བྱེད་པའི་ཡན་ལག་གི་ཞེན་པར་བྱེད་པ་ཡིན་པས་བསྟན་པ་ཐོབ་པར ་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ། །གལ་ཏེ་དོན་ཐོབ་ནུས་པའི་ཆད་མར་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་དེ་ནི་རབ་ཏུ་བསྟན་པ་ཉིད་ཐོབ་པར་བྱེད་པ་བཞིན་ཡིན་གྱིས། འབའ་ཞིག་ལ་མ་ཡིན་ལ་ཚད་མའི་ཐོབ་པར་བྱེད་པ་ཉིད་ཀྱང་ཐོབ་པར ་ནུས་པ་ཉིད་ཡིན་ནོ། །དེ་ན་བསྟན་པ་ཐོབ་པར་བྱེད་པའི་སྒྲ་ནི་ཐོབ་པར་ནུས་པ་གསལ་བར་བྱེད་པ་ཡིན་ནོ། །ཐོབ་པའི་ཡན་ལག་གི་ཞེན་པའི་བདག་ཉིད་ཀྱི་ནི་ཤེས་པ་ཐོབ་པར་ནུས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་ཐོབ་པའི་ཡན་ལག ་གི་ཞེན་པའི་རང་བཞིན་?་དེ་ནོ?་བོར་ནུས་པ་ཡིན་པའི་ཕྱིར་ནུས་པ་ཞེས་བྱ་བས་ཐོབ་པའི་ཡན་ལག་གི་ཞེན་པ་ཉིད་ཀྱི་དོན་བསྟན་པ་ཡིན་གྱི་གཞན་མ་ཡིན་ནོ། །གང་ཡང་དོན་མེད་ན་ཞེས་མི་འབྱུང་པའི་ཕྱིར་ཚད་མ་ཞེས་བརྗོད་པ་དེ་ལ་དོན་འདི ་ཡིན་ཏེ། ཤེས་པའི་དོན་ཐོབ་པའི་ཡན་ལག་གི་ཞེན་པའི་དོན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། དོན་གྱི་འབྲས་བུ་མ་ཡིན་པ་དེ་ལ་ནི་ཐོབ་པའི་ཡན་ལག་གི་ཞེན་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །ཅི་སྟེ་འདི་དག་ལས་གཞན་པའི་ཤེས་པ་ཇི་ལྟར་ཐོབ་བར ་བྱེད་པ་མ་ཡིན་ཞེ་ན། ཉོན་ཅིག་གང་ཡུལ་ཐོབ་པར་ནུས་པ་དེ་ནི་ཐོབ་པར་བྱེད་པའི་ཡན་ལག་ཡིན་ལ། གཞན་ནི་ཐོབ་པར་ནུས་པ་མ་ཡིན་ནོ། །རེ་ཞིག་ལོག་པའི་ཤེས་པ་ནི་བསྟན་པ་ཐོབ་པར་ནུས་པ་མ་ཡིན་ཏེ། དངོས་པོ་མེད་པས་ཐོབ་པར་ནུས་པ་མ་ཡིན་པའི་ཕྱིར་རོ།། ་དངོས་པོ་ཡིན་ན་ཡང་ལོག་པའི་ཤེས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཐེ་ཚོམ་ཡང་ཡོད་པ་འམ་མེད་པ་མ་ངེས་པ་དངོས་པོ་འཇོག་པར་བྱེད་པ་ཡིན་ནོ། །མ་ངེས་པ་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་ཡོད་པ་ཉིད་དུ་ངེས་པ་འམ། མེད་པ་ཡིན་གྱི་ཡོད་པ་དང་མང་བ? ་མ་ངེས་པ་ཡིན་ནོ། །དེའི་ཕྱིར། ཐེ་ཚོམ་ནི་ཐོབ་བར་བྱེད་པ་མ་ཡིན་ནོ། །གང་ཡང་ཁུང་ན་ཆུ་ཡོད་དོ་ཞེས་གཅིག་ཏུ་ངེས་པ་ནི་དངོས་པོའི་རང་བཞིན་སྣང་བ་མ་ཡིན་ལ། མེད་ན་མི་འབྱུང་བ་མཐོབ་པའི་རྒྱུ་མཚན་ཡང་མ་ཡིན་ཏེ། དེས་ན་ངེས་པར་འཇོག་པའི་ནུས་པ་མེད ་པས་དེ་ནི་ཐེ་ཚོམ་ཉིད་དོ། །གང་གི་ཕྱིར་དེ་ནི་བདག་གིས་དངོས་པོའི་རང་བཞིན་ནམ་དེ་དང་འབྲེལ་པ་མཐོང་བ་ནི་མ་ཡིན་ནོ། །ཞེས་མ་རྟོགས་པ་མ་ཡིན་ནོ། །དངོས་པོ་འམ་འབྲེལ་པ་ཡང་མ་མཐོང་བར་ཆ་ཡོད་བཞིན་དུ་ངེས་པ་གང་ཡིན་པ་དེ་ནི་གཅིག་ཏུ་མ་ངེས ་པར་ངེས་པ་ཉིད་དུ་ཡིན་པ་དེ་བས་ན་ཐེ་ཚོམ་ཁོ་ནའོ། །གང་གི་ཚེ་ཐག་རིང་པོ་ནས་སྤང་བུའི་ཚོགས་ལ་དུ་བར་བསམས་ནས་བདེན་པ་མེ་ཉིད་དུ་རྟོགས་པ་དེའི་ཚེ། དུ་བའི་རང་བཞིན་གྱིས་ངེས་པ་བདག་ཉིད་ཀྱི་རང་བཞིན་མ་ཤེས་པར་དུ་བའི་རང་བཞིན་ངེས་པར ་རྟོགས་པ་མ་ཡིན་ནོ། །རང་བཞིན་ངེས་པ་མེད་པའི་དུ་བ་སྔོན་དུ་སོང་པའི་མེ་ཤེས་པ་ནི་ཐེ་ཚོམ་ཡིན་པའི་ཕྱིར་ཐོབ་པར་བྱེད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ནི་འབྲེལ་པའི་དངོས་པོ་མཐོང་བ་ཡོད་པ་འམ་མེད་པའི་དངོས་པོ་ངེས་པར་འཇོག་པའི་ཕྱིར་ཐོབ་པར་བྱེད ་པ་ཡིན་ལ། །མངོན་སུམ་ཡང་སྣང་བའི་རང་བཞིན་ངེས་པ་འཇོག་པས་ཐོབ་པར་བྱེད་པ་ཡིན་ནོ། །གལ་ཏེ་བདག་ཅག་མངོན་སུམ་ལ་ཐེ་ཚོམ་སྐྱེས་སོ་ཞེ་ན། བདེན་ཏེ། མངོན་སུམ་ལ་སྣང་བའི་དོན་འདི་ཡང་དག་པ་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟའོ།། ་འདི་སྣང་དམ?་མི་སྣང་སྙམ་དུ་ནི་མ་ཡིན་ཏེ། དེ་ལ་ནི་སྣང་བ་མེད་ཉིད་དུ་འཇོག་པར་བྱེད་པར་མངོན་སུམ་འཇུག་པའི་ཡུལ་དུ་མེད་པ་ཡིན་ནོ། །ཕྱིས་ཀྱི་ཡང་དག་པའི་དོན་གྱི་ཡུལ་ཅན་གྱི་ཐེ་ཚོམ་ཟ་བས་ནི་མངོན་སུམ་གྱི་བྱ་བ་མི་གནོད་དོ། །མངོན ་སུམ་གྱི་བྱ་བ་ནི་ངེས་པར་སྣང་བ་ལ་ཞེན་པར་བྱེད་པ་ཡིན་ལ་དེ་ཡང་དེས་བྱས་པའི་ཕྱིར་དེ་ལ་ཐེ་ཚོམ་གྱིས་ཅི་བྱར་ཡོད། སྣང་པ་ནི་དོན་སྣང་བར་ངེས་པར་མ་ངེས་པར་མི་སྣང་སྟེ། དེས་ན་རྣམ་པར་རྟོག་པ་ཐེ་ཚོམ་གྱི་ཡུལ་ལ་བལྟོས་སམ། མ་ངེས་པ་མངོན་སུཾ ་གྱི་དོན་མ་ཡིན་ནོ། །ངེས་པ་ནི་རྣམ་པར་རྟོག་པའི་དོན་ཡིན་ལ་སྣང་བ་ནི་མངོན་སུམ་གྱི་?་ཡིན་ནོ། །པར་ཏི་ཀ་ལས་མངོན་སུམ་གྱི་དོན་སྣང་བའི་དབང་གིས་རྣམ་པར་བཞག་པ་ཡིན་ལ་རྣམ་པར་རྟོག་པ་ནི་ཞེས་བས་སོ་ཞེ་ན། གང་དུ་ཕྱིན་ཅི་ལོག་ཏུ་ངེས་པར་བྱས ་པ་དེ་ལ་ནི་མངོན་སུམ་ཚད་མ་མ་ཡིན་ཏོ། དཔེར་ན་ཆུང་ངེས་པར་བྱེད་པ་སྨིག་རྒྱུའི་རང་གི་མཚན་ཉིད་དུ་འཛིན་པ་མངོན་སུམ་ཚད་མ་མ་ཡིན་པ་བཞིན་ནོ། །གང་གི་ཕྱིར་འཇུག་པའི་ཡུལ་ནི་ངེས་པ་ཡིན་ལ་ཆུ་ཡོད་ངེས་པ་ཡིན་ན་དེ་མི་འཐོབ་བོ། །སྨིག་རྒྱུའི་རང་གི ་ཉིད་ནི་མངོན་སུམ་གྱིས་མ་ངེས་པ་དེ་ན་དེ་ནི་འཇུག་པའི་ཡུལ་མ་ཡིན་པ་དེའི་ཕྱིར་དབང་པོ་ལ་བརྟེན་པའོ། །ཕྱིན་ཅི་ལོག་གི་ཞེན་པའི་གཟུང་བ་ཡིན་ལ་རྗེས་སུ་མཐུན་པའི་ཞེན་པས་གནོད་པ་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཅི་ཞིག་ཐེ་ཚོམ་ཟ་གང་ཡང་དེ་ལྟ ་ན་ཐེ་ཚོམ་ཀྱིས་ཟིན་པའི་མངོན་སུམ་སྐྱེ་སྤ་དེ་ཇི་ལྟར་ཞེ་ན། དེ་ཡང་ཚད་མ་ཡིན་ནོ། །གང་གི་ཕྱིར་འདི་མི་འམ་མེ་ཏོག་གི་ཚོགས་ཡིན། ཡང་དག་པའམ་ཡང་དག་པ་མ་ཡིན་ཞེས་ཁྱད་པར་རམ། དངོས་པོ་དང་དངོས་པོ་མ་ཡིན་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལ ་མི་ཉིད་དུ་མ་ཞེན་ན་ནི་གཉིས་ལ་དམིགས་པའི་ཐེ་ཚོམ་ཉིད་དུ་མི་འགྱུར་རོ། །མོ་ཉིད་དུ་ཞེན་ན་ནི་ཐེ་ཚོམ་གྱིས་བྱས་པ་ཆ་གཞན་ཞེན་པ་མངོན་སུམ་གྱི་བྱ་བ་ལས་བླ་ལྷག་པ་ཡིན་པའི་ཕྱིར་མངོན་སུམ་གྱི་བྱ་པ་ལ་གནོད་པ་མ་ཡིན་ནོ། །འདི་སྙམ་དུ་མངོན་སུམ ་ཀྱིས་བྱ་བ་ནི་མཛའ་ཅིག་ཏུ་ངེས་པ་ཡིན་ནོ་སྙམ་ན་དེ་ནི་མི་རིགས་ཏོ། །འཇུག་པའི་ཡུལ་ནི་མངོན་སུམ་དུ་སྣང་བ་ཡིན་གྱི་ཐེ་ཚོམ་ནི་གཟུང་བ་མ་ཡིན་ལ། དོ་ཡང་ངེས་པ་ཡིན་གྱི་མ་ངེས་པ་ནི་མ་ཡིན་ནོ། །དེ་ངེས་པར་འགྱུར་ན་མ་ངེས་པའི་ཞེན་པས་ཡུལ་དུ་བྱས་ཀྱང་ངེས་པ ་ཉིད་དུ་གནས་པ་དེས་ན་དེ་ལ་མཛའ་གཅིག་ཏུ་ངེས་པས་ཅི་ཞིག་བྱ་གལ་ཏེ་ཞེན?་པའི་སྣང་པ་འཇུག་པའི་ཡིན་ན་ནི་མཛའ་གཅིག་ཏུ་ངེས་པ་ཉིད་མངོན་སུམ་གྱི་འབྲས་བུར་འགྱུར་ཏེ། མཛའ་གཅིག་ཏུ་མ་ངེས་པའི་ཞེན་པའི་ཡུལ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །འཇུག ་པའི་ཡུལ་ནི་མངོན་སུམ་གྱི་རྣམ་པ་ཡིན་ཏེ། གང་གི་ཕྱིར་དེ་མཐོང་བར་ཞེན་པ་ཡིན་གྱི་སྤྱོད་པ་ནི་མ་ཡིན་ནོ། །མཐོང་བ་ཡང་མངོན་སུམ་ལ་གནས་པ་ཡིན་ཏེ། །དེས་ན་ངེས་མཐོང་བའི་མེ་དེ་ཉིད་ངེས་པ་ཡིན་པའི་ཕྱིར་ན་འཇུག་པའི་ཡུལ་ཡིན་ནོ། །འཇུག་པར་བྱེད་པའི ་མངོན་སུམ་ཡིན་གྱི་ཐེ་ཚོམ་མ་ཡིན་ནོ། །དེའི་རྣམ་པར་འཇུག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་ཡང་ཐེ་ཚོམ་གྱི་རྣམ་པ་གཞན་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་ཚད་མ་གཞན་གྱིས་སེལ་བར་བྱེད་དོ། །གལ་ཏེ་འཇིག་རྟེན་ཐེ་ཚོམ་ལས་ཀྱང་འཇུག་པར་མི ་འགྱུར་ན་ནི་ཐེ་ཚོམ་ཟ་ན་ལྡོག་པར་བྱ་བ་?་ཡིན་ན་གང་གི་ཕྱིར་འཇུག་པ་ཡིན་པ་དེས་ན་ཐེ་ཚོམ་ལྡོག་པར་བྱེད་པ་མ་ཡིན་ནོ་འགལ་བའི་རང་བཞིན་དུ་ངེས་པར་བྱས་པ་མཐོང་བ་ཙམ་ནི་རབ་ཏུ་བསྟན་པ་མ་ཡིན་པ་ངེས་ན་འཇུག་པའི་ཡུལ་མ་ཡིན ་པས་མངོན་སུམ་འཇུག་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་འབྲལ་བའི་རང་བཞིན་ངེས་ན་ནི་ཚད་མ་མ་ཡིན་པར་འགྱུར་གྱི་ཐེ་ཚོམ་གྱི་ནི་མ་ཡིན་ནོ། །ངེས་ན་འཇུག་པར་བྱེད་པ་མ་ཡིན་པའི་ཞེན་པ་ལ་མཛའ་གཅིག་པར་ཅི་ཞིག་བྱ། གང་དུ་ཞེན་པ ་ཉིད་འཇུག་པར་བྱེད་པ་དེར་ནི་མཛའ་གཅིག་པ་ཉིད་ཚོལ་བ་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ལ་ནི་རྗེས་སུ་དཔག་པ་ཚོད་མ་ཡིན་ཏེ། ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་དང།། ཡུལ་ངེས་པ་ཡོད་པ་དང། ་མེད་པ་ཡང་ཐོབ་པར་ནུས་པའི་ཕྱིར་རོ། །གཞན་ཡང་མངོན་སུམ་ཐམས་ཅད་ཀྱི་འཇུག་པའི་ཡུལ་ནི་སྣང་ཞིང་ངེས་པའི་དངོས་པོའི་རྒྱུན་ཡིན་གྱི་རྟགས་ནི་མ་ཡིན་ནོ། །སྣང་བའི་ངེས་པ་རྣམ་པར་འཇོག་པ་པོ་ཡང་མངོན་སུམ་ཡིན་གྱི་ཞེན་པ ་ནི་མ་ཡིན་ནོ། །དེའི་ཕྱིར་འཇུག་པའི་ཡུལ་ངེས་པའི་རྣམ་པར་འཇོག་པ་པོ་ནི་ལྟ་བ་ཉིད་ཡིན་ལ། མ་ངེས་པར་འཇོག་པ་པོ་ནི་ཐེ་ཚོམ་ཞེས་བྱ་བའི་ཞེན་པ་ཡིན་གྱི་ལྟ་བ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་ཐོབ་པའི་ཡན་ལག་གི་ཞེན་པ་མངོན་སུམ་གྱི་བྱ ་བར་བརྗོད་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། མཐོང་བར་ཞེན་པ་ཡིན་གྱི། ཞེན་པ་ཙམ་ནི་མ་ཡིན་ནོ། །མངོན་སུམ་གྱི་བྱ་བ་ནི་མཐོང་བར་ཞེན་པ་ཡིན་ཏེ། མ་ཞེན་ན་ནི་སྐད་ཅིག་མ་ཉིད་བཞིན་དུ་ཡུལ་དང་དུས་དང་རྣམ་པར་ངེས་པ་ཐ་སྙད་དུ་བྱར་མི་ནུས ་པའི་དངོས་པོ་འཇུག་པའི་ཡུལ་མ་ཡིན་ནོ། །དེ་ལྟར་ན་ཐེ་ཚོམ་གྱིས་མཐོང་བ་ཉིད་དུ་ངེས་ན་ཡང་ཡུལ་དང་དུས་དང་རྣམ་པར་ངེས་པའི་དངོས་པོ་སྣང་ཞིང་ངེས་པ་ཐ་སྙད་དུ་བྱས་པ་ཡིན་ནོ། །གལ་ཏེ་ཐེ་ཚོམ་གྱི་ཞེན་པར་བྱས་པའི་སྔོན་པོ་མ་ངེས ་པ་ཡིན་ལ་གཞན་དུ་ནི་ཐོབ་པར་ནུས་པའི་ཕྱིར་འཇུག་པའི་ཡུལ་ནི་མ་ངེས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ནི་བདེན་ན་མ་ངེས་པ་ནི་ཞེན་པར་བྱས་པ་ཡིན་ལ་སྣང་བ་ནི་མ་ངེས་པ་ཡིན་ཏེ། དེས་ན་སྣང་བ་ངེས་པ་ལྟ་བ་ལ་རག་ལས་པ་ཡིན་གྱི། ་འོན་ཀྱང་ཞེན་པ་ནི་མ་ཡིན་ནོ། །གལ་ཏེ་དངོས་པོའི་ངེས་པ་ཞེན་པར་མ་བྱས་པས་སྐད་ཅིག་མ་ཡང་དེ་ལྟར་འཇུག་པའི་ཡུལ་མ་ཡིན་པ་ཡིན་ནམ་ཞེ་ན། ཐེ་ཚོམ་གྱིས་ནི་ཅི་འདི་སྔོན་པོ་མ་ཡིན་པ་ཉིད་ཅེས་ངེས་པ་ཉིད་ཞེན་པར་བྱས་པ་ཡིན་གྱི། ་གང་གི་ཕྱིར་ངེས་པར་ཞེན་པར་མ་བྱས་པར་འགྱུར་བ་འདི་ནི་སྔོན་པོ་ཡང་མ་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་ནོ། །དེའི་ཕྱིར་ངེས་པའི་འཇུག་པའི་ཡུལ་ནི་ངེས་པ་ཉིད་དུ་ཞེན་པར་བྱས་པ་ཡིན་ལ་དེ་ནི་ཐེ་ཚོམ་གྱིས་ཀྱང་མཐོང་བ་ཉིད་ཐ་སྙད་དུ ་བྱ་བ་ཡིན་ནོ། །འོན་ཀྱང་ཐེ་ཚོམ་ནི་རང་བཞིན་གཅིག་ཏུ་མི་གནས་ལ་མཐོང་བ་ནི་གནས་པ་འབའ་ཞིག་དུ་ཟད་དོ། །ཐེ་ཚོམ་ནི་མི་གནས་པ་ཡིན་ལ། མཐོང་བ་ནི་གནས་པ་ཡིན་ནོ། །ཞེས་འཇིག་རྟེན་ན་ཡང་ཤེས་པ་ཡིན་ནོ། །དེའི་ཕྱིར་མཐོང་པའི་བྱ་བའི་རྗེས་སུ ་བྱེད་པའི་ཐེ་ཚོམ་དང་མཛའ་ཅིག་ཏུ་ངེས་པར་སྣང་བའི་ཐ་སྙད་དུ་བྱ་བར་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས་ཞེས་བྱ་བ་ལ་སོགས་པ་སྒྲོ་བཏགས་པ་ཉིད་མངོན་སུམ་གྱི་གནོད་པར་བརྗོད་ཀྱི་ཐེ་ཚོམ་ནི་མ་ཡིན་ནོ ་དེའི་ཡང་དངོས་པོའི་རང་བཞིན་ལ་མ་རེག་པའི་ཐེ་ཚོམ་ནི་དཔེར་ན་ཆུ་དམར་པོ་ལ་ཅི་འོན་ཏེ་མེ་འམ་འོན་ཏེ་པ་ལ་ཤེའི་མེ་ཏོག་གི་ཚོགས་ཡིན་ཞེས་བྱ་བ་ལྟ་བུ་དངོས་པོའི་ཆ་སྤངས་པ་སྟེ་སྒྲོ་བཏགས་དང་འདྲ་བར་མངོན་སུམ་ལ་གནོད་པ་ཡིན་ནོ། ། ་མངོན་སུམ་མི་སྣང་བ་ངེས་པ་ཞེན་པ་གང་ཡིན་པ་དེ་ནི་ཐོབ་པར་ནུས་པའི་ཕྱིར་ན་དེ་ཉིད་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་གནས་སོ། །འབྲེལ་པ་ལས་ནི་ཐོབ་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་རྗེས་སུ་དཔག་པ་ཇི་ལྟར་ངེས་པར ་བྱས་པ་དེ་ཡང་འབྲེལ་པ་ཡིན་ལ་ཤེས་པ་གཞན་ཇི་ལྟར་ངེས་པར་བྱ་བ་དེ་དང་མ་འབྲེལ་པ་ཡིན་ཏེ་དེས་ན་ཐོབ་པར་བྱེད་པ་མ་ཡིན་གྱིས་འདིར་ངེས་པ་ལ་མི་བལྟོས་པའི་ཕྱིར་འབྲེལ་པ་འདོད་པ་ནི་ཤེས་པར་མི་བྱའོ། །གལ་ཏེ་དེས་ངེས་པར་འཇུག ་པའི་ཡུལ་ཡིན་ན་ནི་ངེས་པར་རྟོག་པ་དང་ངེས་པ་མཐོང་བ་ཞེན་པ་ཚད་མ་བྱ་བའི་བྱ་བ་རྫོགས་པ་ཡིན་ནོ། །ཅི་སྟེ་དངོས་པོ་གང་ཞིག་ངེས་པ་ན་གང་འཇུག་པའི་ཡུལ་དུ་མི་འགྱུར་བ་ངེས་པར་མ་བྱས་པ་ཞེས་བྱ་བ་གང་ཞེ་ན། འདི་ལ་བརྗོད་པར་བྱ་བ་ཅི་ཡོད་ངེས་པར་རྟོག ་པ་གང་ཡིན་པ་དེ་ལས་གཞན་དུ་ངེས་པ་གང་ཡིན་པའོ། །དེ་ཡང་གང་ཞེ་ན། ཡུལ་དང་དུས་དང་རྣམ་པ་འབའ་ཞིག་མ་ངེས་པ་འགལ་བའི་ཆོས་དང་ལྡན་པ་གང་ཡིན་པའོ། །ཡུལ་དང་དུས་རྣམ་པ་ཐ་དད་པ་ཡང་ཐ་དད་པ་བྱེད་པ་ཡིན་པའི་ཕྱིར་ཏེ། ཐ་དད་པར་བྱེད་པ་མ་ཡིན ་པ་ནི་སྣ་ཚོགས་གཅིག་ཏུ་ཐལ་བའི་ཕྱིར་རོ། །འདི་ཙམ་ཉིད་འགལ་བའི་ཆོས་དང་འབྲེལ་པ་མ་ཡིན་ཏེ། འདིར་ནི་ཉེ་བར་མཚོན་པའི་དོན་དུ་ཇི་ཙམ་ཞིག་བརྗོད་པར་འོས་པ་དེ་ཙམ་ཞིག་བཤད་དེ། །དེ་ལ་དངོས་པོ་ནི་མཐོང་པ་དེ་ཉིད ་ཡིན་ནོ། །གཞན་ཡུལ་དང་འབྲེལ་པ་ཡིན་ན་ནི་ཚད་མའི་ཡུལ་མ་ཡིན་ནོ། །དཔེར་ན་སྒེ་གསེབ་ཀྱི་བུ་གར་ནོར་བུ་ངེས་པ་ཁང་པའི་མངན?་གནས་པའི་ནོར་བུ་ལས་ངེས་པ་བཞིན་ནོ། །འདིར་རེ་ཞིག་ནོར་བུ་ཙམ་ངེས་པ་ཡིན་ནམ་ཞེ་ན། ཡུལ་དང་དུས་དང ་རྣམ་པའི་ཁྱད་པར་དང་ལྡན་པའི་ནོར་བུ་མ་ངེས་པ་ཡིན་ནོ། །ནོར་བུ་ཙམ་དོན་དུ་གཉེར་བའི་ཕྱིར་ནི་ཐོབ་པར་བྱ་བ་མ་ཡིན་གྱིས། འོན་ཀྱང་ངེས་པ་ལས་ཡིན་ལ་ངེས་པ་ཡང་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་གོང་བུ་ཙམ་ནི་ཐོབ་པར་བྱ་བ་མ་ཡིན་ནོ ་འབྲས་བུ་འདོད་པས་སྐྱེད་པ་དེ་སྒྲུབ་པར་བྱེད་པའི་དོན་ཆེད་ཀྱི་བྱ་བ་འཇུག་པ་ཡིན་ནོ། །དེ་ཡང་ལུས་དང་ངག་དང་ལྷན་ཅིག་པའི་བླེ?་འཇུག་པར་བྱེད་པའི་ཤེས་པའི་བྱ་བ་ལྟ་བུ་དང་རྟོག་པའི་རྗེས་སུ་འགྲོ་བ་ཅན་ཉིད་ཀྱིས་ཉེ་བར་བསྟན་པ་ཡུལ ་དང་དུས་དང་རྣམ་པ་ངེས་པའི་དངོས་པོ་ཐོབ་པར་འདོད་པ་འཇུག་པར་བྱེད་པའི་ཤེས་པས་བརྩམས་པ་རབ་ཏུ་བསྟན་པའི་དངོས་པོའི་མཐར་ཐུག་པ་ནི་གཅིག་ཡིན་བ་བལྟའོ། །དངོས་པོའི་ཡུལ་ཅན་ནི་གཞན་ཡིན་ནོ། །སྐབས་སུ་བབ་པའི ་དེ་ན་བྱ་བ་ལ་ཉེ་བར་སྦྱོར་བ་མ་ངེས་པར་ཤེས་བ་གང་ཡིན་པ་དེ་ནི་དུ་མ་ཡིན་ཡང་འཇུག་པ་གཅིག་གིས་ཡུལ་ཡིན་ནོ། །འཇུག་པ་ཅིག་གི་ཡང་ཚད་མ་ཅིག་ཡིན་ནོ། །ཉེ་བར་སྦྱོར་བ་གང་ཡིན་པར་ཤེས་པར་དེ་ནི་ངེས་བ་མེད་དེ། རེས་འགའ་ནི་ཚད་མ་ཅིག ་གི་ཡུལ་ཡིན་ལ། རེས་འགའ་ནི་ཚད་མདུ་མའི་ཡུན་རིང་པོ། །དེ་ལ་མངོན་སུམ་ནི་སྐད་ཅིག་ཐ་དད་པ་ལ་ཉེ་བར་སྦྱོར་བ་ངེས་པ་མེད་པར་ཞེན་པར་བྱེད་ཀྱི་ཆོག་ཐ་དད་བས་ནི་མ་ཡིན་ནོ། །གང་གི་ཕྱིར་མཐོང་བའི་བུམ་པ་རྣམས་ལ་ནི་གལ་ཏེ་ནུས་པ་ཐམS ་ཅད་ཀྱི་སྒྲུབ་པར་བྱ་བ་གཅིག་གམ་དུ་མ་ཅུང་ཟད་དགོས་ལ་དེའི་ཚེ་ནུས་བ་རྣམས་ཉེ་བར་སྦྱོར་བ་ཐ་དད་པ་རྣམས་ཁོ་ནར་ཤེས་པ་ཡིན་ནོ། །ཡང་གང་གི་ཚེ་བུམ་པ་གཅིག་གི་བསྒྲུབ་པར་བྱ་བ་དགོས་པ་དེའི་ཚེ་མཐོང་བའི་མོང་ཁོ་ན་ལ་ངེས་བར་ཅིག་གི་ལེན་པར ་འདོན་པ་ཡིན་ནོ། །བླང་བར་འདོད་པ་ཉིད་ཀྱང་མཁོ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ངེས་ན་ངེས་པར་བླང་བར་འདོད་པ་ནི་ངེས་པར་སྦྱོར་བས་ངེས་པ་ཡིན་པ་དེའི་ཕྱིར་འཇུག་པའི་ཡུལ་ཐ་དད་པར་ངེས་པ་ཡིན་ནོ། །རྗེས་སུ་དཔག་པའི་ཚོགས་ཐ་དད་པ་ལ་ངེས་པར་ཞན ་པས་བྱེད་མ་དཔེར་ན་རྩིག་པ་གཞིས་བསྐོར་བའི་ཕྱི་མ་གྱི་དང་རང་དུ་བ་མཐོང་ནས་མེ་མ་ཡིན་པ་ལས་ལོག་པའི་མེ་ཙམ་ངེས་པར་བྱེད་པ་ན་ཇི་སྙེད་ཡོད་པ་དེ་ཐམས་ཅད་རྗེས་སུ་དཔག་ཅིང་གང་གི་ཕྱིར་ཐམས་ཅད་ཀྱང་ཉེ་བར་སྦྱོར་བ་ངེས་པ་མེད་པར ་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་དང་ཁྱིམ་གྱི་དང་རང་ཉིད་དུ་དུ་བ་གཞིན་མཐོང་པས་མེར་ངེས་པ་དེ་ལ་ནི་ཤེས་པ་ཚད་མ་ཡིན་གྱི། འོན་ཀྱང་དྲན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་ངང་རན་གནས་པའི་མི་མ་ཡིན་པ་ལས་ལྡོག་པའི་རང་བཞིན་དེན? ་བྱ་བའི་ཉེ་བར་མཁོ་པ་ནི་སྔ་མ་བཞིན་དུ་རུང། །གང་གི་ཚེ་ཉེ་བར་སྦྱོར་བ་ཐ་དད་པ་དེའི་ཚེ་ནི་དྲི་བ་གཞན་དུ་གཞན་གྱི་གཞན་ལ་ཡང་དོན་བྱ་བ་བྱེད་པའི་ཕྱིར་ན་དེའི་ཡུལ་ཅན་རྣམས་ཚད་མ་ཐ་དང་བ་ཁོ་ནའོ། །ཡང་གང་གི་ཚེ་ཕྱོགས་བཞིར་དུ་བ་བཞི་ལས ་མ་རྗེས་སུ་དཔག་པ་ལ་དོན་བྱེད་པ་ལ་གཅིག་ཉེ་བར་མཁོ་བ་དེའི་ཆེ་ཡང་རྗེས་སུ་དཔག་པའི་མོད་ཁོ་ན་ལས་ངེས་པར་ཞེན་པར་འདོད་ལ། གང་བླང་བར་བྱ་འདོད་པ་དེ་ཉིད་ཉེ་བར་མཁོ་བ་ཡིན་པའི་ཕྱིར་དོན་ཉེ་བར་སྦྱོར་བ་ཐ་དད་པས་ཚད་མ ་ཐ་དད་པའི་གཟུང་བ་ཡིན་ནོ། །འདི་ཐམས་ཅད་བརྗོད་པའི་དོན་དུ་དུ་བ་གཞན་དང་གཞན་གྱི་བཅད་པའི་མེ་ཉེ་བ་བཞིན་ནོ་ཞེས་བཤད་དོ། །དེའི་ཕྱིར་ངེས་བའོ་དབང་གིས་ཐོབ་པར་བྱ་བ་ཡིན་གྱི་དོན་དུ་གཉེར་བའི་དབང་གིས ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །དུས་ཐ་དད་པས་ཀྱང་དངོས་པོ་ཐ་དད་པའི་ཕྱིར་ཏེ། མཚན་མོ་བུ་འོངས་པ་མཐོང་ན་མཐོང་ནས་ཉིན་མོ་བུ་འོངས་པ་དེ་ལྟ་ན་ཡང་མཆེན?་མོ་བུ་མཐོང་བ་ནི་ཚད་མ་མ་ཡིན་ཏེ། ནམ་ཕྱེད་ཀྱི་ཁྱད་པར ་ཅན་གྱི་བུ་འོངས་པ་མེད་པའི་ཕྱིར་རོ། །རྣམ་པ་ཞེས་བྱ་བ་ནི་དོན་བྱེད་པར་བཟོད་པའི་རང་བཞིན་ལ་བརྗོད་དོ། །དོན་དེ་ལ་ནི་ཁ་དོག་དོན་དམ་པ་ཡིན་གྱི་དབྱིབས་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་ནི་རིང་བ་ལ་སོགས་པ་མེད་པའི་ཕྱིར་དང། རྡུལ་ཕྲ་རབ་མ་གཏོགས་པའི ་གཟུགས་ཀྱང་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་ནི་ཁ་དོག་ཡིན་།དབྱིབས་ནི་ཡོད་དུ་ཟིན་ཀྱང་ཁ་དོག་གི་རྡུལ་ཕྲ་རབ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་དཔེར་ན་སྐད་ཅིག་མ་ཉིད་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ལ་སྔོན་པོ་ལ་སོགས་པས་མ་གཟུང་ན་ནི ་དེའི་ངོ་བོར་གྱུར་པའི་དངོས་པོ་ཉིད་མ་ཡིན་པ་དེ་བཞིན་དུ་དབྱིབས་ཀྱང་ངོ། །སྤྱིའི་ཆོས་རྣམས་ནི་ཁྱད་པར་གྱི་རང་བཞིན་དུ་ཡོད་པ་ཡིན་ལ། ཁྱད་པར་མ་གཟུང་ན་ནི་མི་ཟིན་ལ། ཁྱད་པར་གཟུང་བ་ན་ནི་གཟུང་བ་ཡིན་ཞིང་མ་ངེས་ན་ནི་ཚད་མ་གཞན་གྱིས་ངེས་པར ་བྱེད་དོ། །གང་གི་ཚེ་སྨིག་རྒྱུ་ལ་ཆུར་འཁྲུལ་དུ་ཆུག་ཀྱང་དངོས་པོ་ཉིད་ཙམ་ལ་ནི་མ་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ཆུ་ལ་འཁྲུལ་པ་ན་ཆུ་ཡོད་པ་ལ་ངེས་པར་འཁྲུལ་པ་ཡིན་ལ་གཞན་གྱི་ཡོད་པ་ཡང་གཞན་གྱི་ཁྱད་པར་བཞིན་དུ་གཟུངས་དེའི ་ཕྱིར་གང་ཞིག་ལ་འཁྲུལ་པ་མེད། དེ་བཞིན་དུ་དུང་གི་དཀར་པོ་བཏང་ན་དེའི་རང་བཞིན་དུ་འགྱུར་བའི་དབྱིབས་བཏང་ན་སེར་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འགྱུར་ན་དེའི་རང་བཞིན་དུ་གྱུར་པའི་དབྱིབས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་དུང་ལ་སེར་པོར་ཤེས་པ་ལ་ནི་མི་བསླུ་པའི ་ཞད?་ཙམ་ཡང་ཡོད་པ་མ་ཡིན་ཏེ། དཀར་པོ་དང་སེར་པོ་དག་ཐ་དད་པའི་ཕྱིར་རོ། །དེས་ན་རྣམ་པ་ཐ་དད་པའི་ཕྱིར་སེར་པོ་ལས་ནི་དུང་དཀར་པོ་ཐོབ་པར་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་སེར་པོ་ཤེས་པ་ལས་ཞུགས་པ་ལས་དུར?་དཀར་པོ་ཐོབ་ཅེ་ན། ཤེས་པ་གཞན་ལས ་ཡིན་པར་སྨྲའོ། །དཀར་པོ་དང་སེར་པོ་སྣང་བདག་འབྲེལ་པ་གཟུང་བ་ཡོད་ན་ནི་རྗེས་སུ་དཔག་པ་ཡིན་ཏེ། དཔེར་ན་རལ་གུའི་ནོར?་ན་གནས་པའི་ལུས་རྗེས་སུ་དཔག་པ་བཞིན་ནོ། །ཡང་དཔེར་ན་ཆུའི་ཤེས་པ་ལས་ནི་སྨིག་རྒྱུ་ཐོབ་པ་མ་ཡིན་གྱི་ཤེས་པ་གཞན་ལས་ཡིན་པ ་དེ་བཞིན་དུ་འམ།། ཐེ་ཚོམ་ལས་ཞུགས་པས་ཤེས་པས་གཞན་ལས་དོན་ཐོབ་པར་བྱེད་པ་དེ་བཞིན་དུ་ཐོབ་པ་ནི་ཐ་ན་རེག་བྱའི་ཤེས་པ་ལས་ཡིན་ནོ། །སྒོ་གསེབ་ཀྱི་བུ་གང་གནས་པའི་ཐོང་བའི་མིག་གི་རྣམ་པར་ཤེས་པ་ལས་ནི་ཁང་ཕུགས་ན་གནས་པའི་ནོར་བུ་གནས ་བའི་ནོར་བུ་འཛིན་པར་བྱེད་པ་ཡིན་པས་ནོར་བུ་ཐོབ་བོ་ཞེས་སྨྲའོ། །འདིའི་ཕྱིར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ངེས་པ་ལས་གང་ཤིན་ཏུ་མ་ངེས་པ་ཡིན་པའི་ཕྱིར་ན་ཡུལ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྐད་ཅིག་མ་མ་ཡིན་པ་ཉིད་དང། ་དགས?་པ་དང། ཚད་ཆུང་དུ་དང་མི་གསལ་བ་དང་འབྲེལ་པས་ཐག་རིང་ན་གནས་པ་རྣམས་ངེས་པ་ན་ཇི་ལྟར་སྐད་ཅིག་མ་དང་ཕྲ་མོ་དང་གསལ་བ་དང། ཆེད་ཆེ་བ་དང། མ་འདྲེས་པའི་ཤིང་ལ་སོགས་པའི་ཚད་མས་ཐོབ་ཅེ་ན། རིགས་པ་ཉོན་ཅིག་།འདི་ལྔ་དངོས་པོ་དབྱིབས ་དང་ལྡན་པས་ངེས་པར་དོན་བྱ་བའི་རང་བཞིན་ནི་མངོན་སུམ་ཡིན་ནོ། །སྔོན་པོ་དེ་ཡང་སྐད་ཅིག་མ་ཉིད་དང་སྐད་ཅིག་མ་མ་ཡིན་པའི་ཐུན་མོང་གི་ཚོགས་ཡིན་ཏེ། སྣང་བའི་སྔོན་པོ་ལ་སོགས་ནི་ཡུན་རིང་བ་མི་འགལ་བའམ་མྱུར་དུ་རུང་སྟེ། གང་ཡང་ངེས་པ་ཡོད་པ ་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལ་ཐུན་མོང་གི་རང་བཞིན་དུ་ངེས་པ་ལ་སྐད་ཅིག་མ་མ་ཡིན་པར་སྒྲོ་འདོགས་ཀྱང་དེ་ཙམ་གྱི་སྐད་ཅིག་མ་ཡིན་པ་ཉིད་དུ་ངེས་པར་འགྱུར་རམ། སྐད་ཅིག་མ་ཉིད་དང་འགལ་བའི་རང་བཞིན་གཟུང་ན་ནི ་སྣ་ཚོགས་སྐད་ཅིག་མ་ནི་མ་ཡིན་པར་རུང་སྟེ། ངེས་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་ཐུན་མོང་དུ་ཡོད་པ་ཡིན་ཏེ། དེའི་ཕྱིར་སྐད་ཅིག་མ་ཡིན་པ་ནི་དུས་ཕྱིས་འཁྲུལ་པས་སྦྲོ་བཏགས་པ་ཡིན་ནོ་ཞེས་བྱ་བར་གཟུང་ངོ། །དེ་བཞིན་དུ་གཅིག་གི་རང་བཞིན་ཕྲ་མོ ་ཡིན་ལ་དུ་མ་ནི་རགས་པ་ཡིན་ནོ། །དེ་ལ་གལ་ཏེ་རགས་པ་གཅིག་མཐོང་ན་ནི་འགལ་བར་མཐོང་བར་འགྱུར་བ་ཡིན་ན། གང་གི་ཚེ་དུ་མ་མཐོང་བའི་ཚེ་གཅིག་ནི་ཕྲ་མོ་ཡིན་ལ་དུ་མ་ཉིད་ནི་རགས་པའི་འགལ་བ་ཅི་ཡོད། གང་ཡང་མ་མཐོང་བ་ཉིད ་ནི་ཕྲ་མོའི་ཚོགས་པ་ཡིན་པར་བསྒྲུབ་པར་ནུས་པའི་ཕྱིར་མི་འགལ་ལོ། །གང་ཡང་གསལ་བ་ཡང་རྒྱད་རིང་པོ་ནས་མི་གསལ་བར་སྣང་བ་དེ་ཡང་རྡུལ་དང་འདྲེས་པ་ཡིན་ཏེ། རྡུལ་དང་འདྲེས་པ་ཡང་མཐོང་བ་དང་མི་གསལ་བ་ཡིན་ནོ། །དེའི་ཕྱིར་འདྲེས་པ་འཛིན་པ་མི ་གསལ་བར་འཛིན་པ་ཡིན་གྱི། གཅིག་ལ་འགལ་བ་གཟུང་བ་ནི་མ་ཡིན་ནོ། །རྟ་རྨིག་གིས་སྣང་བའི་ལམ་ནས་ལངས་པའི་རྡུལ་གྱིས་བར་དུ་ཆོད་པའི་སྣམ་བུ་སྔོན་པོ་གཟུང་བ་ཡིན་ནོ། །རྡུལ་ཡང་བསགས་པ་ན་སྣང་བར་འགྱུར་རོ། །ཇི་སྲིད་ཐག་རིང་པོ་ན་དེ་སྲིད་དུ་སྣང་བར ་འགྱུར་ལ། ཇི་སྲིད་དུ་ཉེ་བར་འགྱུར་བ་དེ་སྲིད་དུ་མི་སྣང་པར་འགྱུར་ཏེ། མ་བསགས་པའི་ཕྱིར་རོ། །དཔེར་ན་རྡུལ་གྱི་ཆ་ཅུང་ཟད་དང་དམར་པོའི་རང་བཞིན་གྱི་སེར་པོ་ཉམས་པར་དམིགས་ཀྱི་རྡུལ་ལོགས་སུ་མི་སྣང་བ་བཞིན་ནོ། །དེ་ནི་རྫས་གཞན་ཉིད་སྐྱེས་པ་ཡིན་ནོ་ཞེས ་བརྗོད་པར་མི་ནུས་ཏེ། ཡང་མཁས་པས་དེ་དག་སོ་སོར་བྱེད་པ་མཐོང་བའི་ཕྱིར་ཏེ། ཉེ་བར་ལེན་པ་གཅིག་ལ་རང་བཞིན་ཐ་དད་པ་དེ་དག་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་རྡུལ་ནི་མི་དམིགས་པ་དེ་དག་འདྲེས་པའི་ཁ་དོག་གཞན་མི་གསལ་བར་དམིགས་པའི་ཕྱིར ་གཉིས་ཀ་མིང་གསལ་བས་གཟུང་བ་ཡིན་གྱི། གཅིག་ལ་གསལ་བ་དང་མི་གསལ་བ་ཉིད་དུ་གཟུང་བ་ནི་མ་ཡིན་པའི་ཕྱིར་ཅི་ཞིག་འགལ། ཆེན་པོ་ལ་ཆུང་དུར་ངེས་པ་ཞེས་བརྗོད་པ་གང་ཡིན་པ་དེ་ལ་ཡང་དབྱིབས་ཞེས་བྱ་བ་ནི་སྣང་བའི་ཆོས་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེས ་བརྗོད་དོ། །ཆད?་ཀྱང་དབྱིབས་ཀྱི་ཆོས་ཡིན་ཏེ། དེའི་ཕྱིར་དབྱིབས་སྔོན་པོ་མ་ཡིན་ན་ཚད་ཀྱང་དངོས་པོའི་ཆོས་སུ་མི་འགྱུར་བས་དེ་ལ་འཁྲུལ་ཀྱང་དངོས་པོ་ལས་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ནི་མྱ་ངན་ཆུང་དུ་ལ་ཆེན་པོར་འཛིན་པར་འཁྲུལ་པ་ཇི་ལྟར ་ཞེ་ན། ཉོན་ཅིག་དེ་ལ་ཡུལ་དེ་དང་དེ་མ་ཡིན་པའི་རྒྱུ་མཚན་ཅན་གྱི་འགལ་བ་ཡོད་པ་ཡིན་ཏེ། གང་གི་ཕྱིར་ན་ཆུང་དུ་ནི་ཡུལ་གཞན་ལ་གནས་པ་ཡིན་ལ། ཆེན་པོ་ནི་རྒྱ་ཆེན་པོའི་གོ་སྐབས་ཀྱི་ཡུལ་ཁྱབ་པར་མཐོང་བ་ཡིན་པ་དེའི་ཕྱིར་ཡུལ་དེ་ན་གནས་པ་དང། དེའི་ཡུལ་ན་མི་གནས ་པའི་རྒྱུ་མཚན་ཅན་གྱི་འགལ་བ་ཡོད་པ་ཡིན་ཏེ། དཔེར་ན་མ་གལ་མེའི་འཁོར་ལོར་སྣང་བའི་ཤེས་པ་དབྱིབས་འཁྲུལ་པ་ནི་ཡུལ་དེ་ན་མི་གནས་པའི་ཡུལ་དེ་ན་མི་གནས་པ་ཉིད་དེའི་ཡུལ་འགལ་བར་འཛིན་པ་དེ་བཞིན་ནོ། །རྣམ་པ་དེ་ཉིད་ཀྱིས་ཆུང་དུ་ལ་ཆེན་པོར་འཛིན་པ ་ཡུལ་འགལ་བ་ཡོད་པ་ཡིན་ནོ་ཞེས་འདོད་པ་དེ་ནི་མ་ཡིན་ཏེ། གང་གྱི་ཕྱིར་དངོས་པོ་དེའི་སོ་མཚམས་གང་དང་ལྡན་པར་མཐོང་བས་སོ། །མཚམས་དེ་ཉིད་ལམ་འཁྲུལ་བ་ཐག་རིང་པོ་ན་ཆུང་དུར་སྣང་བ་ཡིན་ལ་ཆུང་དུ་ལ་ཆེན་པོའི་སྣང་བ་གང་ཡིན་པ་དེ་ནི་དངོས་པོའི་སོ་མཚམS ་ལས་འདས་ནས་ནམ་མཁའ་ཨི་ཆ་ཁྱབ་པར་སྣང་བའི་ཕྱིར་ཆེན་པོ་ལ་ཆུང་ངུར་སྣང་བ་འཁྲུལ་པ་ཡིན་ལ་ཆུང་དུ་ཆེན་པོར་སྣང་བ་ནི་མ་འཁྲུལ་བ་ཡིན་ནོ། །གང་ཡང་ཤིང་ལ་སོགས་པ་མ་འདྲེས་པ་ལ་འདྲེས་པར་འཛིན་པ་དེ་ནི་བར་ཆད་ཅེས་བྱ་བའི་དངོས་པོ་གཞན་གཟུང་བར་དེ་སྟོང་བའི ་དངོས་པོ་ཉིད་གཟུང་བ་དེའི་ཆེ་བར་མ་ཆད་བར་གཟུང་བར་འགྱུར་གྱི། ཡུལ་དང་དུས་དང་རྣམ་པ་ལ་སོགས་པ་ལ་ཁྲུལ་པ་ཡོད་པ་ནི་མ་ཡིན་པ་དེས་ན་འགལ་བ་མེད་དོ། །འདི་སྙམ་དུ་བར་ཆད་དང་བཅས་པ་དང་བར་ཆད་མེད་པ་འགལ་ལོ་སྙམ་ན་དེ་ནི་མི་རིགས་ཏེ། གང་གི་ཕྱིར ་འདིར་དངོས་པོའི་རང་བཞིན་ལ་ནི་འགལ་བ་འགའ་ཡང་མེད་ཀྱི། འོན་ཀྱང་བང་ཆད་ཅེས་བྱ་བ་ནི་དངོས་པོ་གཞན་མ་གཟུང་བ་ཡིན་ནོ། །དེས་ན་བར་ཆད་དང་བཅེས་པ་ཞེས་བྱ་བ་ནི་བར་ཆད་ཅེས་བྱ་བའི་དངོས་པོ་ཡོད་པར་བརྗོད་པ་ཡིན་ནོ། །བར་ཆད་མེད་བ་ཞེས་བྱ་བ་ནི་དེ་མ ་གཟུང་བར་བརྗོད་པ་ཡིན་གྱི། མེད་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་དངོས་པོ་ཉིད་དེ་མ་འཛིན་པ་འགའ་ཞིག་བར་ཆོད་པ་དང་བཅས་པའམ་བར་ཆད་མེད་པར་སྨྲ་ན། དེའི་ཚ་འགལ་བར་འགྱུར་བ་ཡིན་ན། གང་གི་ཚེ་དངོས་པོའི་བར་ཆད་དང་བཅས་པ་གཟུང ་གི་བར་ཆད་མེད་པ་དེའི་ཚེ་བར་ཆད་དང་བཅས་བ་དང་བར་ཆད་མེད་པ་དག་ཡུལ་ཐ་དད་པའི་ཕྱིར་ཅི་ཞིག་འགལ་དེའི་དོན་ནི་འདི་ཡིན་ཏེ། འདི་ནི་ངེས་པ་ལས་གཞན་ཐོབ་པ་མ་ཡིན་གྱི། འོན་ཀྱང་སྐད་ཅིག་མ་མ་ཡིན་པ་ཉིད་དམ་མི་གསལ་བ ་ཉིད་དམ། མི་རིགས་པ་ཉིད་དམ་གཞན་ཡང་རུང་སྟེ། ངེས་པར་བྱས་ཤིང་ཐམས་ཅད་མི་ཐོབ་པར་ཟད་དོ། །འདི་ལྟར་སྔོན་པོའི་རང་བཞིན་གྱི་སྐད་ཅིག་མ་ཉིད་ནི་མཐོང་བའི་སྔོན་པོའི་རང་བཞིན་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་དང་འགལ་བ ་སྔ་ན་མེད་པ་ནི་ཅི་ཞིག་འཐོབ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ནི་འགལ་བར་འགྱུར་བ་ཡིན་ན་སྐད་ཅིག་མ་ཉིད་ནི་སྔོན་པོ་སྤངས་ཏེ་གནས་པ་མ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ངེས་པའི་སྐད་ཅིག་མ་མ་ཡིན་བ་ཉིད་དང་ནི་སྔོན་པོའི་རང ་བཞིན་དུ་ཞེན་པའི་སྐད་ཅིག་མ་འགལ་བ་ཡིན་ནོ། །སྐད་ཅིག་མ་མ་ཡིན་པ་ཉིད་ནི་ཐོབ་པར་མ་ཡིན་ན་གང་གིས་ན་འགལ་བར་འགྱུར། ཐོབ་བ་ནི་སྔོན་པོ་ཡིན་ལ་དེ་ལ་ནི་འགལ་བ་ཡིན་ནོ། །གང་ཡང་ཡུལ་གཞན་ན་གནས་པའི་ནོར་བུའི་རང་བཞིན་ནི ་དེ་ན་གནས་པའི་རང་བཞིན་ཡོངས་སུ་སྤངས་ནས་གནས་པ་ཡིན་ལ་དཀར་པོ་ཡང་སེར་པོའི་རང་བཞིན་ཡོངས་སུ་སྤངས་ཏེ་གནས་པ་དེས་ན། དེ་ལ་ནི་ངེས་པ་ལས་གཞན་ཐོབ་པ་ཡིན་ནོ། །དེའི་ཕྱིར་ཁང་བའི་ནང་ན་གནས་པའི་ནོར་བུ་དང་དུང་དཀར་པོ་ནི་སྒོ་གསེབ ་ན་གནས་པའི་ནོར་བུ་འཛིན་བ་དང། དུང་སེར་པོ་འཛིན་པའི་ཤེས་པའི་བྱ་བ་མ་ཡིན་པའི་ཕྱིར་ངེས་པ་དང་མ་ངེས་པ་དང་འགལ་བ་ཐོབ་པ་ཡིན་ནོ། །གལ་ཏེ་འོ་ན་ནི་སྐད་ཅིག་མ་ཐོབ་ཀྱང་གཞན་ཐོབ་པར་མི་འགྱུར་གྱི། མངོན་སུམ་མ་ངེས་པར་ཐོབ་པར་བྱེད་པར ་འགྱུར་རོ། །དེའི་ཕྱིར་ཚད་མའི་བྱ་བ་ནི་ངེས་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་དེ་ཉམས་སོ་ཞེ་ན། ཉམས་པ་མེད་དེ་དེ་ལྟར་ཡོད་པར་མཐོང་བའི་སྔོན་པོ་དེ་ཉིད་སྐད་ཅིག་མའི་རང་བཞིན་གྱིས། གཞན་ནི་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་མ་ངེས་པ་ཐོབ་པ་ཡིན། ་གང་གི་ཕྱིར་སྔོན་པོ་དེ་སྐད་ཅིག་མར་མ་ངེས་པའི་ཕྱིར་མངོན་སུམ་ནི་སྔོན་པོ་འགའ་ཞིག་ཐོབ་པར་བྱེད་པ་ཡིན་ནོ། །དོན་དམ་པའམ་སྐད་ཅིག་མ་དེ་དངོས་པོས་ཐོབ་ཀྱང་དེའི་སྐད་ཅིག་མ་ཉིད་ཀྱིས་ཐོབ་པར་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །འོ་ན་གང་གི་ཚེ་ཐག་རིང་པོ་ནས ་ཤིང་ལ་ཤིང་ཉིད་ངེས་ཤིང། ཤིང་ཤ་བར་ནི་མ་ངེས་པ་དེའི་ཚེ་ཤིང་ཤ་བ་ཉིད་གང་ལས་ཐོབ་པ་ཡིན་ཞེ་ན། ཉོན་ཅིག་མཐོང་བའི་ཤིང་གང་ཡིན་པ་དེ་ཉིད་ནི་དོན་བྱེད་ནུས་པ་ཡིན་ནོ། །དོན་བྱེད་ནུས་པ་ཡང་སྤྱིའི་ཤིང་ཉིད་མ་ཡིན་གྱི། འོན་ཀྱང་ཁྱད་པར་ཤིང་ཤ་བ་ལ་སོགS ་བ་དོན་བྱེད་ནུས་པ་ཡིན་ནོ། །དེས་ན་ཤ་བ་ཤིང་ཉིད་དུ་ངེས་པར་བྱས་པ་འབྲས་བུ་ལ་ངེས་པར་སྦྱོར་བའི་ཤིང་ཤ་པ་ཉིད་ཚད་མས་ཐོབ་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྤྱིར་ངེས་པ་ནི་ཁྱད་པར་གྱི་མཐར་ཐུག་པ་ཡིན་པའི་སྦྱིར་ཅིའི་ཡུལ་ཅན་གྱི་ངེས་པ་ནི་ཁྱད་པར་གྱི ་ཐོབ་པར་བྱེད་པ་ཡིན་ནོ། །ཁྱད་པར་གྱི་ངེས་པ་ནི་སྤྱིའི་མཐར་ཐུག་བ་མ་ཡིན་ཏེ། གང་གི་ཕྱིར་དོན་བྱ་པར་ནི་ཁྱད་པར་དང་འབྲེལ་པ་ཡིན་གྱི། སྤྱིའི་ལ་རག་ལས་པ་ནི་མ་ཡིན་ནོ། །ཁྱད་པར་ཡང་མཐོང་བ་ཡིན་ཏེ། དེའི་ཕྱིར་དེ་ལ་ནི་སྤྱི་ལ་བལྟོས་པ་འགའ་ཡང་མེད་དོ།། ་གལ་ཏེ་སྤྱི་མ་ངེས་ན་ནི་ཚད་མ་གཞན་ལས་ངེས་པར་བྱའོ། །ཅི་སྟེ་ངེས་ན་ནི་དོན་བྱ་བ་བྱེད་པའི་ཡུལ་ཅན་ཡིན་པའི་ཕྱིར་ཚད་མ་དེ་ཡང་ཁྱད་པར་གྱི་མཐར་ཐུག་པ་ཉིད་དེ་།གལ་ཏེ་དེར་ཚད་མ་ནི་མངོན་སུམ་ཉིད་ཡིན་པ་ཚད་མའི་བྱ་བ་ནི་ངེས་པར་བྱེད་པ་ཡིན་ནོ། །མངོན ་སུམ་སྔོན་པོ་ངེས་པར་བྱེད་པ་ལྟར་སྐད་ཅིག་མ་མ་ཡིན་པ་དང། རྡུལ་ཕྲ་རབ་མ་ཡིན་པ་ཉིད་དུ་ངེས་པ་སྐྱེད་པར་བྱེད་བ་ཡིན་ནོ། །ངེས་ན་གལ་ཏེ་སྐད་ཅིག་མ་ཡིན་པ་ཉིད་ལ་ཚད་མ་མ་ཡིན་ན། དེ་སྔོན་པོ་ཉིད་ལ་དེ་ཇི་ལྟར་ཚད་མ་ཡིན།། ཅི་ཤེས་པ་གཅིག་ཉིད་ཁོ་ན་ཚད་མ ་ཡན་ལ། གཞན་ཚད་མ་མ་ཡིན་ནམ་ཞེ་ན། ཉོན་ཅིག་ཚད་མའི་བྱ་བ་ནི་ངེས་པར་བྱེད་པ་ཡིན་ལ། ངེས་པ་ཡང་དངོས་པོའི་རང་བཞིན་འཛིན་པར་ནུས་པ་མ་ཡིན་ཏེ། ཕན་ཚུན་ལྡོག་པས་སྒྲོ་བཏགས་པའི་མཐར་ཐུག་པ་ཡིན་ཏེ། དེ་དང་དེ་ལས་ལྡོག་པའི་རྟེན་ནས་དངོས་པོ ་གཞན་ལས་ལྡོག་པའི་མཐར་ཐུག་པ་རང་བཞིན་དུ་རྟོགས་པར་བྱེད་དོ། །དེའི་ཕྱིར་ངེས་པའི་ཡུལ་ནི་ལྡོག་པ་ཅིག་གི་མཐར་ཐུག་པའི་རང་བཞིན་ཡིན་ནོ། །ངེས་པ་ཡང་ཚད་མའི་བྱ་བ་ཡིན་པའི་ཕྱིར་ལྡོག་པ་གཅིག་ཚད་མའི་བྱ་བ་ཡིན་པས་ཚད ་མའི་བྱ་བ་ནི་ལྡོག་པ་གཅིག་གིས་རང་བཞིན་གྱི་མཐར་ཐུག་པས་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་གྱུར་ན་ནི་སྔོན་པོ་མ་ཡིན་པ་ལས་ལོག་པའི་སྔོན་པོ་ལ་ནི་ཤེས་པ་དེ་ཚད་མ་ཡིན་ནོ། །སྐད་ཅིག་མ་ལས་ལྡོག་པའི་སྐད་ཅིག་མ་མ་ཡིན་པ་ལ་ཚད་མ་ཡིན་ནོ། །སྐད ་ཅིག་མ་ཉིད་ལ་ནི་ཚད་མ་མེད་པ་ཡིན་གྱི། ཚད་མ་ཡིན་པ་ན་མ་ཡིན་ནོ། །དེས་ན་ཡུལ་དུ་མ་ལ་བལྟོས་ནས་ཚད་མ་དང་ཚད་མ་མ་ཡིན་པའི་ཕྱིར་མི་འཐད་པ་ཅི་ཡོད། དེ་ལྟ་ན་ནི་ཕྱོགས་གཅིག་པའི་ཡུལ་ཅན་ཚད་མར་འགྱུར་ལ་དེ་ལྟར་འགྱུར་ན་ཡང་ཤེས་པ ་ཐམས་ཅད་ཚད་མར་འགྱུར་རོ། །གང་གི་ཕྱིར་གང་ཞིག་ཐ་ན་དངོས་པོ་ཙམ་ལ་ཡང་མི་བསླུ་བ་ཡིན་པའི་ཤེས་པ་དེ་ནི་ཡོད་པ་མ་ཡིན་ནོ། །སྨིག་རྒྱུ་ལ་ཚུར་འདུ་ཤེས་པ་ཡང་གཟུགས་ཅན་ཉིད་དང་གཡོ་བ་ཉིད་ལས་མི་བསླུ་བས་ཚད་མར་ཐལ་ལོ་ཞེ་ན། ཉོན་ཅིག ་འདི་ལ་སྤྱི་སྙེད་པ་དེ་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ཏེ། །སྤྱིའི་རང་བཞིན་མ་དམིགས་པའི་ཕྱིར་དང། སྤྱི་ལ་རག་ལས་པའི་དོན་བྱ་བ་ལ་མ་དམིགས་པའི་ཕྱིར་རོ། །ཁྱད་པར་ནི་དངོས་པོ་ཡོད་པ་ཡིན་ཏེ། དེའི་རང་བཞིན་དང་དེ་ལ་རག་ལས་པ་ཡོད་པར ་རྣམ་པར་འཇོག་པའི་རྒྱུ་དོན་བྱེད་པ་མ་དམིགས་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི་སྤྱི་དེ་ཡང་གང་ཞེ་ན། སྐད་ཅིག་མ་ཉིད་དང། ཡོད་པ་ཉིད་དམ། ལུས་ཅན་ཉིད་དང། གཞན་དུ་མའི་ཐུན་མོང་བར་ཡོངས་སུ་བརྟགས་པ་སྟེ། སྤྱི་ནི་དུ་མའི་ཐུན་མོང་བ་ཡིན ་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་གཞན་གང་ཞིག་ཡོད་ན་རང་བཞིན་གྱི་གཏན་ཚིགས་ཀྱི་སྒྲུབ་པར་བྱ་ཞེ་ན། སྒྲའི་སྐད་ཅིག་པ་ཉིད་ཐམས་ཅད་དུ་ནི་མེད་པ་མ་ཡིན་གྱི། འོན་ཀྱང་སྐད་ཅིག་མ་ཉིད་མ་ཡིན་པ་ལས་ལྡོག་ནས་སྐད་ཅིག་མས་གཅིག་དུ་མའི་ཐུན་མོང ་དུ་བརྟགས་པ་ཡིན་པ་དེ་འདྲ་བ་མེད་ཀྱི་སྔོན་པོ་ལ་སོགས་པའི་ཁྱད་པར་སོ་སོར་ཐ་དད་པ་གང་ཡིན་པ་དེ་ནི་ཡོད་པ་ཁོ་ནའོ། །དེ་ལྟར་ཡིན་ཡང་སྤྱི་གང་ཡིན་པ་དེ་ནི་ཁྱད་པར་གྱི་བདག་ཉིད་ཁོ་ནའོ། །ཡོད་པ་ཡིན་ཞིང་ཁྱད་པར་གྱི་མཐར་ཐུག་པར་ཁོ་ནར་གཟུང་བར་བྱ་བ་ཡིན་ནོ།། ་ཁྱད་པར་མེད་དམ་མ་གཟུང་ན་ནི་སྦྱི་ཡང?་མེད་པ་དང་མ་གཟུང་བར་འགྱུར་རོ། །དེའི་ཕྱིར་ཁྱད་པར་ཡོད་ན་ནི་སྤྱི་ཡོད་ལ་ཁྱྡ་པར་མེད་ན་ནི་སྤྱི་ཡང་མེད་པར་འགྱུར་རོ། །དེ་ལྟར་གྱུར་ན་སྨིག་རྒྱུ་ལ་ཆུང་མེད་ན་ཆུའི་རང་བཞིན་དུ་འགྱུར་བའི་དངོས་པོ་ཉིད་དང་སྐད་ཅིག་མ་ཉིད་དམ ་?་ཅན་ཉིད་ལ་སོགས་པ་མེད་ཅིང། དཀར་པོའི་རང་བཞིན་བཏང་ན་དེའི་ངོ་བོར་འགྱུར་བའི་དབྱིབས་མེད་པ་ཡིན་ནོ། །ཕྱོགས་འདིས་ཁྱད་པར་ལ་མི་བསླུ་བ་སྤྱིས་ཐམས་ཅད་བཤད་པ་ལྟ་བུའོ། །ཁྱད་པར་ལ་མི་བསླུ་བ་ལ་ཡང་ལ་ལར་སྤྱི་ལ་བསླུ་བའི་ཕྱིར་ཚད་མ་མ ་ཡིན་ནོ། །ཁྱད་པར་ལ་ནི་ཚད་མ་ཉིད་དོ། །གལ་ཏེ་ངེས་པར་བྱས་བ་ལ་མི་བསླུ་བ་ཚད་མ་ཡིན་ན། འོ་ན་ནི་ཆ་ཤས་དང། སྐད་གཅིག་མ་མ་ཡིན་པ་ཉིད་མཐོང་ཞིང་ཞེན་པར་བྱས་པ་ལས་མི་བསླུ་བ་ཡོད་པ་དེའི་ཕྱིར་ཏེ། ཡང་ཡོད་པ་དང་དེ་ལ་དམིགས་པའི་ཡང་ཚད་མར ་འགྱུར་རོ་ཞེ་ན་བདེན་ཏེ། གང་ལ་མི་བསླུ་ལ་མཐོང་བ་ངེས་པར་དེ་ནི་ཡོད་པ་ཡིན་དེ། སྣམ་བུའི་བགོ་བ་ལ་སོགས་པའི་དོན་བྱེད་པ་ཡན་ལག་ཅན་ཡིན་པར་མི་འཐད་དེ། ཚད་མས་གསལ་བས་ན་དོན་བྱེད་པ་མི་འཐད་བའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་ཡང་ངོ། །དོན་བྱེད་པ ་དེ་ནི་ཚད་པས་འཐད་པའི་རྡུལ་ཕྲ་རབ་དང་སྐད་ཅིག་མ་ཁོ་ནས་ཡོངས་སུ་རྫོགས་པ་ཡིན་གྱི། ཡན་ལག་ཅན་ནམ་སྐད་ཅིག་མ་མ་ཡིན་པ་ལ་ནི་མ་ཡིན་ནོ། །སྣང་བ་འདི་ནི་རིགས་པ་གཅིག་ཏུ་མི་སྣང་བའི་ཕྱིར་རོ། །རགས་པ་ཡིན་ན་གཅིག་པུ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག ་མ་མ་ཡིན་པ་ཉིད་དུ་ནི་ཡུན་རིང་དུ་མི་གནས་པ་ཡིན་ནོ། །དེ་ནི་མཐོང་བའི་སྐད་ཅིག་མས་ལྟ་བར་ནུས་པ་མ་ཡིན་ཏེ། ཡུན་རིང་དུ་གནས་པ་སྔ་ཕྱི་ཆ་ཤས་མེད་པའི་མཐོང་བས་ཇི་ལྟར་བལྟ་བར་བྱེད། མཐོང་བའི་སྐད་ཅིག་མ་མ་ཡིན་དུ་ཆུག་ཀྱང་ལྟ་བའི་བྱ་བ་ནི་སྔོ་ཕྱི་ཆ་ཤས་མ་དེ ་འདི་དེ། སྐད་ཅིག་མ་དང་པོ་མཐོང་བ་ལས་ཕྱིས་མཐོང་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་གྱུར་ན་ཡང་འབྱུང་བ་དང་འབྱུང་བའི་བྱ་བའི་ཡུལ་གྱི་རང་བཞིན་གྱི་སྔ་མ་དང་ཕྱི་མ་ཆ་ཤས་མེད་པའི་ཡུལ་མ་ཡིན་པའི་ཕྱིར་ཡུན་རིང་པོར་འདུག་པའི་རང་བཞིན་ནི་མཐོང ་བའི་བྱ་བའི་གཟུང་བ་ནི་མ་ཡིན་ཏེ། དེའི་ཕྱིར་སྣང་བ་གང་ཡིན་པ་དེ་ནི་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱི་ཐུན་མོང་བ་ཡིན་ནོ། །དེས་ན་སྐད་ཅིག་མ་མ་ཡིན་པ་ཉིད་མཐོང་པ་ནི་མ་ཡིན་གྱི། འཁྲུལ་བའི་རྒྱུ་མཚན་འགའ་ཞིག་ལས་དེས་པ་སྐྱེས་པ་ཡིན་ཏེ། དཔེར་ན་གཅིག་དང་འགལ་བ ་མཐོང་ཡང་གཅིག་དུ་ཞེན་པར་བྱེད་པ་བཞིན་ནོ། །གལ་ཏེ་ཐོབ་པར་བྱེད་པ་ཚད་མ་ཡིན་ན་འོ་ན་ཐོབ་པར་བྱེད་པ་མ་ཡིན་པ་ཚད་མར་མི་འགྱུར་རོ་ཞེ་ན། ཀྭའི་ཐོ་བ་པར་བྱེད་པ་དེའི་ཚད་མ་སྤང་བ་ཐོབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཐོབ་པ་ནི་ཕྱིས་ཀྱི་ཤེས་པའི་ཁྱད་པར་ཡིན་ན་དེ ་ཇི་ལྟར་ཤེས་པ་སྔ་མ་སྔ་མའི་རང་བཞིན་དུ་འགྱུར་ཏེ། ཚད་མ་ནི་ནུས་པའི་རང་བཞིན་ལས་གཞན་མ་ཡིན་ནོ། །དེའི་ཕྱིར་ཐོབ་བར་བྱེད་པ་ཡང?་ཐོབ་བར་ནུས་པའི་ཚད་མ་ཡིན་གྱི། ཐོབ་པ་ཉིད་ནི་མ་ཡིན་ནོ། །ཐོབ་བའི་ནུས་པ་དེ་ཡང་དོན་མེད་ན་མི་འབྱུང་བའི་ཕྱིར་རོ། །དོན་མེ ་ནི་མ་འབྱུང་བ་དེ་ནི་གང་ཞིག་ཐོབ་པར་མི་བྱེད་པ་དེ་ལ་ཡང་ཡོད་པའི་ཕྱིར་ཚད་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་དོན་ཐོབ་པ་ནི་ནུས་པའི་རྒྱུ་མཚན་དོན?་མེད་ན་མི་འབྱུང་བ་ཚད་མ་གང་གིས་ཡུལ་ཡིན་ཞེན། མངོན་སུམ་གྱིའོ། །དོན་ངེས་པར་བྱ་བའི་མངོན་སུམ་གྱི་བདག་ཉིད ་དོན་གསལ་བར་བྱེད་པར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་དོན་མེད་ན་མི་འབྱུང་བར་ངེས་པ་ཡིན་པའི་ཕྱིར་ངེས་པར་བྱེད་པ་ཡིན་ནོ། །ཡང་གང་གི་ཚེ་དོན་ལ་ཐེ་ཚོམ་ཟ་བ་དེའི་ཚེ། བདག་ཉིད་ལ་ཡང་ཐེ་ཚོམ་ཟ་བར་འགྱུར་པས་གཞན་ལས་ཡིན་པར་འདོད་དེ། ཐེ་ཚོམ་ནི་མངོན ་སུམ་ལ་གནོད་པར་བྱས་པ་མ་ཡིན་ནོ། །ཞེས་སྔར་བཤད་ཟིན་ཏོ། །ཚང་མ་མངོན་སུམ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཚད་མ་མ་ཡིན་པ་ཡང་ཡུལ་ཉམས་སུ་མྱོང་བའི་མངོན་སུམ་ཉིད་དོ། །གང་གི་ཕྱིར་ཞུགས་པའི་སྐྱེས་བུ་ལ་སྨིག་རྒྱུའི་རང་བཞིན་འཛིན་པའི་མངོན་སུམ ་སྐྱེས་པ་དེ་ཉིད་ཆུའི་ཤེས་པ་ཚང་མ་མ་ཡིན་པར་འཛིན་པ་ཡིན་ནོ། །གང་གི་ཕྱིར་དོན་མེད་པར་འཛིན་པ་ཉིད་ནི་ཚད་མ་མ་ཡིན་སྨིག་རྒྱུའི་དེ་ཁོ་ན་ངེས་པར་བྱེད་པ་ཉིད་ཀྱང་སྒྲོ་བཏགས་པའི་ཆུ་མེད་ངར?་ངེས་པར་བྱེད་པ་ཡིན་ནོ། །ད་ལྟ་ན་ཡང་ཇི་ལྟར་བུམ་པས་དབེན་པའི་ས་ཕྱོགས་ཤེས་པ་ངེས་པར་བྱེད ་པ་ཉིད་བུམ་པའི་ཤེས་པ་ངེས་པར་བྱེད་པ་ཡིན་པ་དེས་ན་བུམ་པ་ཤེས་པ་མེད་པ་མངོན་སུམ་ཉིད་ཡིན་པ་དེ་བཞིན་དུ་འདལ་ཡང་ཤེས་པར་བྱའོ། །འདིར་ཤེས་པ་ཕྱི་མ་དང། ཚད་མ་མ་ཡིན་པའི་ཤེས་པ་སྔ་མ་གོ་བྱ་གོ་བྱེད་ནི་མ་ཡིན་ཏེ། གང་གྲུབ་ན་གང་མ་གྲུབ་པ་དེ་ནི་དེའི ་རྟགས་བརྗོད་པ་ཡིན་གྱི་གཅིག་པར་གྲུབ་པ་དག་ནི་རྟགས་དང་རྟགས་ཅན་གྱི་དངོས་པོ་མ་ཡིན་ནོ། །གལ་ཏེ་ཚད་མ་དང་ཚད་མ་མ་ཡིན་པ་མངོན་སུམ་ཡིན་ན། འོ་ན་ཚད་དང་ཅིག་ཤོས་སྤྱི་བཞག་དང་ཞེས་བྱ་བ་དང། ཆོས་མཐུན་པ་ཇི་ལྟ་བ་ལས་དེ་ལྟར་ངེས་པར་བྱེད་པ་ན་རྗེས་སུ་དཔག་པར ་བྱ་བ་ལས་མ་འདས་སོ་ཞེས་བཤད་པ་གང་ཡིན་པ་དེ་ཇི་ལྟར་རྟོགས་པར་བྱ་ཞེ་ན། སྨྲས་པ་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉམས་སུ་མྱོང་བ་རྣམས་ནི་ཉམས་སུ་མྱོང་བའི་ཤེས་པ་གསལ་བ་རྣམས་དང་ཆོས་མཐུན་པ་མཐོང་བའི་རྗེས་སུ་དཔག་པས་ཚད་མ་དང་ཚད་མ་མ་ཡིན་པའི་རང ་བཞིན་རྟོགས་པ་ན་ཉེ་བར་སྟོན་པར་བྱེད་ཀྱི་རང་གི་རྒྱུད་ལ་ཡོད་པའི་ཉམས་སུ་མྱོང་བ་ཉིད་ལ་ནི་མ་ཡིན་ཏེ། །དེ་དག་གིས་ནི་དེ་དག་ལ་ཐ་སྙད་དུ་བྱ་བར་མ་རིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོར་སྦྱིར་སྨོས་པ་བྱ་སྟེ། གཞན་དུ་ཚད་མ་དད་ཅིག་ཤོས་བཞག་པ་དང་ཞེས་སྤྱི་མ་སྨོས་པར་གསུ? ་བར་འགྱུར་རོ། །གལ་ཏེ་དང་གི་རྒྱུད་ལ་ཡོད་པའི་ཤེས་པའི་གསལ་བའི་རྣམ་ཀྱང་རྗེས་སུ་དཔག་པ་ཉིད་ལས་ཚད་མ་དང་ཚད་མ་མ་ཡིན་པ་ཡིན། །ཇི་ལྟར་སློབ་དཔོན་ཉམས་སུ་མྱོང་བའི་ཡུལ་ཅན་གྱི་ཤེས་པའི་གསལ་བ་རྣམས་ལས་མ་གཏོགས་པ་ཞེས་གསུང་བར་འགྱུར་རོ། །གང་གི ་ཚེ་ཤེས་པ་གསལ་བ་ཐམས་ཅད་རྗེས་སུ་དཔག་པ་ལས་ཚད་མ་དང་ཚད་མ་མ་ཡིན་ན་ནི་དེའི་ཚེ་མ་གཏོགས་པ་ཞེས་བྱ་བ་སྨོས་པ་དོན་མེད་པར་འགྱུར་རོ། །ཉམས་སུ་མྱོང་བ་སྨོས་པ་ཚད་མ་མ་ཡིན་པའི་དོན་དུ་སྟེ། ཇི་སྲིད་ཡུལ་མེད་པར་ཉམས་སུ་མྱོང་བ་དེ་སྲིད་དུ་ཚད་མ་མ། ་ཡིན་པར་ཤེས་པར་མི་ནུས་པ་དེའི་ཕྱིར་ན་གང་གི་ཡུལ་མེད་པར་ཉམས་སུ་མྱོང་བ་དེ་ནི་ཚད་མ་མ་ཡིན་པར་ཤེས་པར་བྱའོ་ཞེས་བརྗོད་པའི་ཕྱིར་ཉམས་སུ་མྱོང་བའི་ཡུལ་ཅན་སྨོས་སོ། །ཚད་མར་ངེས་པའི་ཡང་ཡུལ་ཉམས་སུ་མྱོང་བ་མེད་ན་ནི་མི་འགྱུར་བས་ཚད ་མ་བཤེས་པ་ཡང་ཚད་མས་ཡུལ་ཉམས་སུ་མྱོང་བ་ལས་ངེས་པར་འགྱུར་བ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ཡང་ཉམས་སུ་མྱོང་བའི་ཡུལ་ཅན་ཞེས་སྨོས་སོ། །གལ་ཏེ་ཤེས་པ་སྔ་མ་དང་ཆོས་མཚུངས་པ་ལས་ཤེས་པ་ཕྱི་མ་ཚད་མར་ངེས་ན་མངོན་སུམ་དུ་མི་འགྱུར ་བ་མ་ཡིན་ནམ་ཞེ་ན། མངོན་སུམ་དུ་མི་འགྱུར་བ་མ་ཡིན་ཏེ། གང་གི་འདི་ནི་ཤེས་བ་སྔ་མ་དང་འདྲའོ་ཞེས་དེ་ལྟར་ནི་བརྟག་པ་འགའ་ཡང་མེད་ཀྱི། འོན་ཀྱང་ཐ་སྙད་འགོག་པ་ལས་ཤེས་པའི་རྟོགས་པ་ཉིད་ན་ཚད་མར་ངེས་པར་འགྱུར་རོ། །ཡང་ན་ཉམས་སུ་མྱོང་མ་ཐག་ཁོ་ནར ་ཤེས་པ་ཐམས་ཅད་དོན་མེད་ན་མི་འབྱུང་རྟགས་པ་ཡིན་པ་དེ་བས་ན་ཕྱིས་ཐེ་ཚོམ་འབྱུང་ཡང་ཚད་མ་དང་ཚད་མ་མ་ཡིན་བ་ནི་མངོན་སུམ་ཉིད་ཀྱིས་འཛིན་པ་ཡིན་ནོ་གཞན་ཡང་ཇི་སྲིད་མངོན་སུམ་གྱིས་བྱུང་བའི་ཞེས་པས་ཐ་དད་པ་མེད་པར་གཟུང་བའི་དངོས་པོ་དེ་དག་ལས ་དངོས་པོ་གཅིག་ལ་རྒྱུ་དང་འབྲས་བུ་ཉིད་དུ་གཟུང་ན་ཐམས་ཅད་གཟུང་བར་འགྱུར་བ་ཡིན་ནོ། །ཇི་ལྟར་ཤེས་པ་གཅིག་ལ་བརྡར་བྱས་ན་སྤྱི་མེད་ཀྱང་ངོ་བོ་གཅིག་ཞེན་པའི་གཟུང་བའི་འགྱུར་བའི་ཤིང་མཛའ་དག་ལ་བརྡར་བྱས་པར་འགྱུར་བ་དེ་བཞིན་དུ་མེ་ཐ་དད་ཀྱང་མེར་ཤེས་པའི ་རྟེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུང་བའི་ཕྱིར་རོ། །གལ་ཏེ་མེ་འདི་དུ་བའི་རྒྱུ་ཡིན་ལ་དུ་བ་འདི་མེའི་འབྲས་བུ་ཡིན་ཏེ། སྔར་མཐོང་བ་དང་ཆོས་མཐུན་པའི་ཕྱིར་ན་སྔར་མཐོང་བའི་མེ་དང་དུ་བ་བཞིན་ནོ་ཞེས་ཆོས་མཐུན་པའི་རྟགས་ལས་རྗེས་སུ་དཔའ་བར་བྱ་བ་མ་ཡིན་ནམ ་ཞེ་ན། ཆོས་མཐུན་པའི་རྣམས་གཉིས་ཏེ། སྣང་བ་དང་བརྟགས་པའོ། །དེ་ལ་ཚོགས་པ་ངེས་པར་མ་རྟོགས་པ་དེ་ཉིད་ཡིན་ནོ། །ཞེས་གཅིག་ཏུ་ཞེན་པར་བྱས་པའམ་ངེས་པར་རྟོགས་པ་སྟེ་འདི་ནི་སྔར་མཐོང་བ་དང་འདྲ་བ་ཡིན་ནོ་ཞེ་ན། ངེས་པར་གཟུངས་ཤིང་ལ་སོགས་པ་རྣམS ་ལ་མཐོང་བའི་ཚོགས་པ་ཆོས་མཐུན་པ་ཡོད་པ་ཡིན་ན་དེ་ནི་རྒྱུ་ཐ་དད་པ་ཅན་གྱི་རེག་པ་དང་མྱངས་པས་འཁྲུ་བའི་ཨ་རུ་ར་དག་ལ་ཡང་ཡོད་པ་ཡིན་ནོ། །དེའི་ཕྱིར་གཅིག་གི་སྐྱེད་པ་ཉིད་ལ་ཡང་འཁྲུལ་བའི་ཕྱིར་རྟགས་མ་ཡིན་ནོ། །ཆ་ཤས་ཆོས་མཐུན་པ་ནི་བ་ལང་དང་བ་མེན ་མཐོང་བ་དག་ལ་ཡོད་པ་ཡིན་ནོ། །མཐོང་བ་དེ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་མ་མཐོང་བ་རྭ་ཅན་གྱི་རྟགས་ཡིན་ཡང་རྭ་ལ་སོགས་པ་མཐོང་བ་ནི་མཐོང་བའི་ཆ་ཤས་གཞན་རྗེས་སུ་དཔག་པར་བྱ་བ་མེད་པས་རྟགས་མ་ཡིན་ནོ། །བརྟགས་བའི་ཆོས་མཐུན་བ་ནི་ཆོས་གཞན ་གྱི་མ་བྱས་པ་སྟེ། དཔེར་ན་བྱས་པས་བྱས་པ་སྒྲ་དང་བུམ་པ་ཉིད་ཀྱི་ལྟ་བུ་སྟེ། གང་ལ་བལྟོས་ནས་ཆོས་མཐུན་པ་ཅན་གྱི་རྗེས་སུ་དཔག་པར་འགྱུར་བའམ་མི་རྟག་པ་ཉིད་ཀྱིས་བྱས་ཏེ། གང་ལ་བརྟེན་ནས་ཆོས་མཐུན་པའི་དཔེར་འགྱུར་རོ། །དེ་ཡང་ཆོས་གཞན་ཉིད་གཏན་ཚིགS ་སུ་བརྗོད་པ་ཡིན་གྱི། དེས་བྱས་པས་ཆོས་མཐུན་པས་ཐེ་ཚོམ་ཟ་བས་ཅི་ཞིག་བྱ་དངོས་པོ་ཉིད་ལ་སོགས་པས་བྱས་པའི་ཆོས་མཐུན་པ་ནི་འཁྲུལ་བས་རྟགས་མ་ཡིན་ལ། བསྐྱེད་པར་བྱ་བ་ཉིད་ཀྱིས་ཁྱབ་པར་འགྱུར་བའི་ཆོས་ཐུན་པར་འགྱུར་པ་ནི་མ་ཡིན་ནོ། །ལུས་ཅན་མ་ཡིན ་པའི་རྣམ་པར་ཤེས་པ་གཉིས་ནི་ཆོས་ཀྱི་བྱས་པའི་ཆོས་མཐུན་པར་འགྱུར་ན། དེ་ལ་ཡང་ཆོས་དེ་ཉིད་ཚད་མ་དང་ཚད་མ་མ་ཡིན་པའི་གཏན་ཚིགས་ཡིན་གྱིས་ཆོས་མཐུན་པ་ནི་མ་ཡིན་ནོ། །གལ་ཏེ་ཡུལ་དང་དུས་དང་གསལ་བར་བྱེད་བའི་ཁྱད་པར་ཅན་དུ་འགྱུར་བཤེས་པ་ན་མཐོང ་བའི་ཕྱིར་འདི་ནི་དངོས་པོ་ཡིན་པ་ཡིན་ཏེ། སྔར་མཐོང་བ་ཡིན་ནོ་ཞེས་དངོས་པོ་ཡོད་པར་གྲུབ་ན་ཤེས་པ་ཡང་ཚད་མར་གྲུབ་བོ་ཞེ་ན། མངོན་སུམ་དུ་འགྱུར་བའི་རང་བཞིན་ལ་གང་ཞིག་ཡོད་བ་རྗེས་སུ་དཔག་པར་འགྱུར་ཏེ། དེའི་ཕྱིར་འདི་ལ་རྗེས་སུ་དཔག་པ་ཡོད་པ་མ་ཡིན ་ནོ། །དེའི་ཕྱིར་མངོན་སུམ་དང་མི་དམིགས་པ་དག་གི་རྒྱུ་དང་འབྲས་བུ་ཉིད་གཅིག་ལ་མཐོང་ན་ཐ་མི་དད་པའི་ཞེན་པས་གཟུང་བར་བྱའི་དངོས་པོ་གཞན་ཐམས་ཅད་མཐོང་བ་ཡིན་པའི་ཕྱིར། རྗེས་སུ་དཔག་བར་བྱ་བ་མ་ཡིན་གྱི། དྲན་བར་བྱ་བ་ཡིན་ནོ་ཞེས་ངེས་སོ། །དེའི་ཕྱིར་དེ ་ལྟར་བསྐྱེད་པར་བྱེད་པ་ཉིད་གཅིག་ལ་མཐོང་ན་གཞན་ལ་དྲན་པར་བྱ་བ་ཡིན་གྱི་རྗེས་སུ་དཔག་བར་བྱ་བ་ནི་མ་ཡིན་ཏེ། རྒྱུ་རྣམས་ལ་ནི་འབྲས་བུ་འཁྲུལ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཚོགས་བ་ལས་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་པར་བཤད་དོ།། ་དྲན་བ་ནི་ཡོད་ཀྱང་སྤངས་ཉེ་དོན་གཞན་ལ་བལྟོས་ནས་རྟགས་སུ་བཤད་དོ། །གལ་ཏེ་འདྲ་བ་རྟགས་ཡིན་ན་ནི་གཅིག་ཀྱང་འདྲ་བ་ཡིན་པ་དེའི་ཕྱིར་དེ་ཡང་ཡོངས་སུ་བརྟགས་ནས་རྟག་པའི་མཐར་བཟུང་བ་ཡུལ་གྱི་རྗེས་སུ་དཔག་པར་བྱ་བར་འགྱུར་ཏེ། རེས་འགའ་དེ ་ལས་འབྲས་བུ་ཡོད་པར་འགྱུར་རོ་ཞེས་བྱ་བར་རོ། །འབྲས་བུ་རེས་འགའ་བའ་ཨི་ཡུལ་ཉིད་ཀྱང་ཚོགས་པ་ཉིད་ལས་ངེས་ཀྱིས། དངོས་པོ་གཅིག་ལ་ནི་མ་ཡིན་ནོ། །འབྲས་བུ་འགར་ཡང་མ་ངེས་ལ་ཚད་མའི་ཡུལ་ནི་ངེས་པ་ཡིན་ཏེ། དེའི་ཕྱིར་སྐྱེད་བར་བྱེད་བ་ཉིད་ཀྱི ་ཤེས་པ་ལྐོག་ཏུ་གྱུར་པ་ལས་སྐྱེས་བ་ནི་དྲན་བ་ཡིན་གྱི། རྗེས་སུ་དཔག་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་དེ་མཐོང་བ་ཉིད་ན་མཐོང་བ་རྣམས་ལ་མྱོང་བའི་མཐུ་ལས་བྱུང་བའི་དྲན་པ་ལས་ཞེས་གསུངས་ཏེ། དྲན་པ་ནི་དྲན་པར་བྱེད་པ་པོའི་དུས་ན་འདི་དག་གིས་དོན ་ཡོངས་སུ་བཅད་ནས་འཇུག་པ་ན་ཞེས་བྱ་བ་དེ་ལ་མངོན་སུམ་གྱིས་ནི་དངོས་པོ་ཙམ་མཐོང་ལ་རྗེས་སུ་དཔག་པས་ནི་རྒྱུ་དང་འབྲས་བུ་ཉིད་དུ་སྟེ། དེ་ཐམས་ཅད་དུ་མངོན་སུམ་གྱི་ཡུལ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁོ་ན་འཇུག་པར་བྱེད་པ་ནི་མ་ཡིན་ནོ་ཞེས ་གང་སྨྲས་པ་དེ་ནི་སྤངས་བ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་ཉིད་ཀྱིས་དངོས་པོའི་འབྲས་བུ་སྐྱེད་ནུས་པ་འདྲེན་པ་དེའི་ཕྱིར་ན་འཇུག་པར་བྱེད་བར་ནི་མངོན་སུམ་དེ་ཉིད་ཡིན་ནོ། །དེ་ལྟར་གཤོལ་དང་རལ་གྲི་དང། གདུན་ཤིང་ལ་སོགས་པ་མངོན་དུ་སྣང་བ་མངོན ་སུམ་སྔ་མས་བྱས་པའི་དྲན་པའི་ས་བོན་སད་བས། འདི་ལྟ་སྟེ། རྨོ་བ་དང་གཅོད་པ་དང་འདྲུ་བ་ལ་སོགས་པའི་ཤེས་པ་ནི་འདྲ་བ་ཉིད་ཡིན་པ་ལྟ་བུའོ། །དེས་ན་འཇུག་པར་བྱེད་པ་ནི་མངོན་སུམ་མ་ཡིན་ནོ། །གང་ཡང་ཆོས་མཐུན་བ་མཐོང་བ་ཞེས་བ་གང་བཤད ་བ་དེ་ལ་ནི་དོན་འདི་ཡིན་ཏེ། །དངོས་པོས་བསྐྱེད་པ་ཙམ་གྱིས་རྒྱུ་ཙམ་གྱིས་ནི་སངས་རྒྱས་པ་རྣམས་ཀྱི་ཚད་མ་ཡིན་ལ། དངོས་པོ་འཛིན་པ་ཙམ་གྱི་རྒྱུ་མཚན་གྱིས་ན་འཇིག་རྟེན་རྒྱད་པན་བ་རྣམས་ཀྱི་ཚད་མ་ཡིན་ནོ། །དེས་ན་དངོས་པོ་སྐྱེད་པ་ཉིད་དང་དངོས་པོ་འཛིན་པ ་ཉིད་གཉི་གའི་ཚད་མ་དང་ཕན་ཚུན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་བ་ཡང་ཡིན་ནོ། །དེས་ན་ཁྱབ་པར་བྱ་བས་བྱས་པའི་དཔེ་དང་ཆོས་མཐུན་པ་གང་ཡིན་པ་ལས་བསྒྲུབ་པར་བྱ་བའི་ཆོས་ཅན་དེ་བཞིན་དུ་བསྒྲུབ་པའི་ཕྱིར་ཚད་མར་ངེས་པ་ཡིན་ལ། ཁྱབ་པར་བྱེད་པ་མི ་དམིགས་པས་བྱས་པའི་ཆོས་མཐུན་པ་ལས་དེ་ལྟར་སྒྲུབ་པའི་ཕྱིར་ན་ཚད་མ་མ་ཡིན་པ་ཞེས་བྱ་བའི་དོན་ཡིན་གྱི། ཆོས་མཐུན་པ་ཉིད་ཀྱིས་ནི་རྟགས་མ་ཡིན་ནོ། །གང་གི་ཚེ་ཚད་མ་ལ་ཐེ་ཚོམ་ཟ་བ་དེའི་ཚེ་འཇུག་པ་དང་ཕན་ཚུན་རྟེན་པའི་ཉེས ་པར་མི་འགྱུར་རམ་ཞུགས་པ་ལས་དོན་བྱ་བ་ཐོབ་པའི་ཕྱིར་ཚད་མར་ངེས་པ་ལས་འཇུག་པའི་ཕྱིར་ཕན་ཚུན་རྟེན་པ་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་ཚད་མ་ལས་ཐེ་ཚོམ་ཡོད་ཀྱང་དོན་དུ་གཉེར་བ་སྣང་བའི་རང་བཞིན་ལ་སྣང་བ་དང་ལྡན་པའི ་ཚད་མ་ལས་རབ་ཏུ་འཇུག་པ་དེའི་ཕྱིར་ཕན་ཚུན་རྟེན་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དོན་ལ་ཐེ་ཚོམ་ཡོད་པ་ལས་ཀྱང་རྟོག་པ་དང་ལྡན་པ་འཇུག་པའི་ཕྱིར་དོན་ལ་ཐེ་ཚོམ་ཟ་བ་ལས་ལྡོག་པར་ཇི་ལྟར་འགྱུར། དེའི་ཕྱིར་ཐམས་ཅད་ཁ་ན་མ ་ཐོ་བ་མེད་དོ། །ལ་ལར་མངོན་སུམ་ལ་ལར་འཐད་པས་སློབ་དཔོན་གྱིས་བཞག་ཚད་མ་ནི། རིམ་པར་རྗེས་སུ་བརྗོད་པས་བཞག་ནས་བདག་གི་དགེ་བ་གང་ཐོབ་པ། །དེས་ནི་ཉོན་མོངས་རྣམ་གྲོལ་ཐར་ལམ་ཚད་མའི་མཐར་ཐུག་གྱུར་བ་ཡི། ། ་རྟོན་པ་འགྲོ་ཀུན་ཕན་བྱེད་བློ་ཡི་མིག་ཏུ་ཆོས་མཆོག་བདག་གྱུར་ཅིག་།སློབ་དཔོན་ཆོས་མཆོག་གིས་མཛད་པ་ཚད་མ་བརྟག་པ་ཞེས་བྱ་བ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །། ་