| Wylie | e-texts based on the ACIP/ALL Input |
མཚན་གྱིས་བསྒྱུར་བའོ།། །། *། །སློབ་སྤྲེང་འགྲེལ་པ་ཤེས་འབྱུང་བློ་གྲོས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ་བྲི་ཏྟི། བོད་སྐད་དུ། སློབ་མ་ལ་སྤྲིང་བའི་འགྲེལ་པ། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་དབང་སྲས་བཅས་བཞུགས་ཀུན་ལ། །རབ་ཏུ་གུས་པས་རྟག་བཏུང་ནས། །སློབ་མ་རྣམས་ལ་ཕན་དོན་དུ། །སློབ་མའི་སྤྲིང་ཡིག་རྣམ་པར་དབྱེ། །འདིར་འཕགས་པ་ཟླ་བ་དེ་ནི་བདག་དང ་གཞན་གྱི་གྲུབ་པའི་མཛའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཤེས་པའི་མེ་ལོང་ལ་རབ་ཏུ་སྣང་བ། རིག་པའི་གནས་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པར་དབང་དེ་འབྱོར་པ། མང་དུ་ཐོས ་བའི་བདུད་རྩིའི་ཉིད་ཁུས་བློ་གྲོས་ཀྱི་དབང་པོ་རྒྱས་པ། ས་ཆེན་པོ་ལ་ཡང་དག་པར་བཞུགས་པས་བདུད་ཀྱིས་འཚེ་བ་དང་བྲལ་བ། གཅིག་ཏུ་ཐེག་པ་ཆེན་པོ་ལྷུར་ལེན་པས་ཐེག་པ་གཞན་ལ་འདོད་པ་མེད་པ། བདག་དང་གཞན་མཉམ་པར་སྒོམ་པས ་འགོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་ཞུགས་པ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མཐར་བྱུང་བ། བརྩོན་འགྲུས་ལྷོད་པ་མེད་པ། ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་རབ་ཏུ་རྟོགས་པ་དང། དཀོན་མཆོག་གསུམ་གྱི་རིག་གོང་ནས ་གོང་དམྱལ་བར་བྱ་བའི་ཕྱིར། རབ་ཏུ་གཞོལ་བ། བདག་ཉིད་འདོད་པའི་འདམ་ལས་རྒལ་ནས་གཞན་ཡང་བསྒྲལ་བར་བཞེད་པ་སྟེ། རང་གི་སློབ་མ་དགེ་སློང་གི་བརྟུལ་ཞུགས་དེར་ཏེ་རྒྱལ་པོའི་བུ་མོ་དང་འདོད་པ་རྟན་པ་ལས་སླར་ཟློག་པའི་ཕྱིར ་དེ་ལ་གདམས་པ་སྤྲིངས་པའི་ཐོག་མར་སྟོན་པ་ལ་བསྟད་པ་ནི་རྒྱུ་ཕུན་སུམ་ཚོགས་པ་གང་གིས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སངས་རྒྱས་བཅོམ་ལྡན་འདས་གང་གིས་བདུད་བཏུལ་ནས་མཛད་པ་ཤིན་ཏུ་དཀའ་བ་སྤྱད་མཛད་པ་ནི་ཇི་སྐད ་དུ་ང་ལྷ་ཆེན་བྲིག་ལེ་མཆོག་མ་ལ། ཆགས་པ་སྐྱེས་པས་གདོང་བཞི་བྱུང། །བདུད་ཀྱི་བུ་མོའི་སྒེག་པ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས་ཞེས་བཤད་པ་ལྟ་བུའོ། །འོ་ན་སྟོན་པའི་དགའ་སྤང་དཔག་ཏུ་མེད་པ་མ་ཡིན་ནམ། འདི་ཁོ་ནས་སྟོན ་བ་ཇི་ལྟ་བུ་ཞེ་ན། གདམས་པའི་ཡུལ་སློབ་མ་དེ་བུད་མེད་ལ་ཆགས་པ་བཟློག་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི། བཀྲ་ཤིས་ཞེས་པ་རྐང་པ་གཉིས་སོ། །བཀྲིས་པ་ནི་སྤྲུལ་པའི་སྐུའོ། །ཡིད་དུ་འོང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །རྨད ་དུ་བྱུང་བ་ནི་ཆོས་ཀྱི་སྐུའོ། །ཡང་ན་སྟོན་པའི་ཐུགས་དང། གསུང་དང། སྐུ་སྟེ་རིམ་པ་བཞིན་ནོ། །ཡང་ན་སྤངས་པ་དང། ཡེ་ཤེས་དང་ཆེ་བ་ཉིད་དེ། རིམ་པ་དེ་ལ་སྒྲིབ་གཉིས་ནི་མི་ཤེས་པ་ཡིན་ལ། དེ་དག་སྤངས་པ་ནི་བཀྲ་ཤིས་པའོ། །མི་ཤེས་པ་ནི་ཡིད་དུ་མི་འོང ་བ་ཡིན་ལ། ཡེ་ཤེས་ནི་ཡིད་དུ་འོང་བའོ། །ཆེ་བ་ཉིད་ནི་འཇིག་རྟེན་གསུམ་ན་གཙོ་བོར་གྱུར་བས་རྨད་དུ་བྱུང་བའོ། །བསོད་ནམས་ཆུང་ངུའི་སྐྱེ་བོ་ནི་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པ་རྣམས་སོ། །མཐོང་བ་རྙེད་པར་དཀའ་བ་ནི་ཇི་སྐད་དུ། ཇི་ལྟར་ཆུ་ཡི་སྣོད ་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ། །ཞེས་བཤད་པ་ལྟ་བུའོ། །འོ་ན་སུ་ལ་སྣང་ཞེ་ན། མོས་པ་སྤྱོད་པའི་སྐྱེ་བོ་དང། འཕགས་པ་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་ཁོ་ན་སྣང་ངོ།། ་མཚན་མ་མེད་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནའོ། །མཚན་མ་དང་བཅས་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཉིས་ཀ་སྣང་ངོ། །སངས་རྒྱས་ཀྱི་ས་ལ་ནི་ཆོས་ཀྱི་སྐུ་ཁོ་ནར་ཟད ་ཀྱིས་གཉིས་པོ་མེད་དེ། དེ་སྐད་དུ་ཡང་སྤྲུལ་ཡོད་ལོངས་སྤྱོད་རྫོགས་པ་མེད། ལོངས་སྤྱོད་རྫོགས་དང་ཅིག་ཤོས་ཡང། །ལོངས་སྤྱོད་རྫོགས་དང་ཅིག་ཤོས་མེད། །དེ་ལ་མོས་པ་བརྟན་རྣམས་དང། མཚན་མ་མེད ་པའི་ས་རྣམས་དང། མཚན་མ་བཅས་པ་བཞིན་རྣམས་དང། །སངས་རྒྱས་ཉིད་དང་གོ་རིམས་བཞིན། ཞེས་པ་ལྟ་བུའོ། །བྱམས་པ་ཕུན་སུམ་ཚོགས་པ་ནི། །འཇིག་རྟེན་ཞེས་?་པ་གཉིས་སོ། །འཇིག་རྟེན་པ་རྣམས་མངོན་པར་འདུད་པའི་ངོ་བོ་བསྒྲུབས ་བ་ནི་དེ་དག་མཐོ་རིས་དང་ཐར་པ་ལ་བཀང་པའོ། །ཡང་ན་ལོང་བ་དང་ཕྲད་པས་མིག་ཐོབ་པ་ལ་སོགས་པའོ། །རོ་གཅིག་ནི་རྒྱུན་མ་ཆད་པར་རོ། །ཡང་ན་རང་དོན་དང་མ་འདྲེས་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི་གང་ཞིག་རྟག་ཏུ་ཞེས་ཚིགས་སུ་བཅད་པ ་གཅིག་གོ་།དེ་ཉིད་རང་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཡང་ཡིན་ཏེ། སྲིད་པར་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་འདུག་པ་ཡིན་ནོ། །ཕྲིན་ལས་ཕུན་སུམ་ཚོགས་པ་ནི་ག་ཤིག་གཞན་གྱིས་ཞེས་ཚིགས་སུ་བཅད་པ་གཅིག་གོ། ་སྟོན་པ་ནི་སྔོན་རྒྱལ་པོ་ཟླ་འོད་དུ་གྱུར་པ་གང་ཞིག་བྲམ་ཟེའི་ཁྱིའུ་ལེའུ་དུ་ཅད་བུ་སློང་བ་གཞན་གྱི་དོན་དུ་དབུ་ནགས་ཀྱི་ལྗོན་ཤིང་ལ་བཅིངས་ཏེ་བྲམ་ཟེ་གཅོད་དུ་བཅུག་པ་ནི་ཤིང་དེའི་ལྷས་གེགས་བྱས་པའི་ཚེ་པདྨ་འདམ་གྱིས་མ་གོས་པ་ལྟ་བུར་ལྷ་དང་བྲམ ་ཟ་ལ་ཆགས་སྡང་མེད་པར་དགྱེས་པའོ། །སྟོན་པ་ཉིད་ཀྱི་དོན་དུ་གདུགས་དཀར་པོ་གཅིག་གིས་ཏ། འཛིན་པ་པོའི་རང་གི་ལུས་ཁེབས་པ་ལྟ་བུར་ཐམས་ཅད་ཀྱང་རང་གི་རྒྱས་སྲིད་ཁེབས་ཀྱང། དེ་ལ་རལ་གྲི་སོ་བརྡར་བ་རྣོན་བོས་ཡན ་ལག་ལ་སོགས་པ་གཅོད་པ་ལྟར་དགེ་བའི་བར་ཆད་དུ་དགོངས་སོ། །ཡང་ན་སྡུག་བསྔལ་གྱི་རྒྱུད་དགོངས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་ནི། ཟླ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཟླ་བ་ནི་ཚེས་གཅིག་ནས་ཆེར་འཕེལ་བ་དང། འོད་གསལ་བ་དང། བཅོ་ལྔའི ་ཚེ་དཀྱིལ་འཁོར་རྫོགས་པ་དང། མུན་པ་སེལ་བ་དང། གཅིག་ཏུ་རྒྱུ་བ་དང། ཡིད་དུ་འོང་བ་དང། ལྟ་བ་པོའི་མིག་ལ་ཕན་པ་དང། ལུས་ལ་བསིལ་བ་དང། ནམ་མཁའ་ལ་འཆར་བ་སྟེ་ཆོས་དགུ་དང་ལྡན་པ་བཞིན་དུ་སྟན་པ་ཡང་ངོ། །དེ་ལ་ཡོན་ཏན་ནི་གསུམ་སྟེ། ་སྐུ་དང། གསུང་དང། ཐུགས་ཀྱིའོ། །ཆེར་འཕེལ་བ་ནི་བཅུ་མན་ཆད་དོ། །གསལ་བ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་སྣང་བའོ། །རྫོགས་པ་ནི་སངས་རྒྱས་ཀྱི་སར་རོ། །ཉེས་པའི་མུན་པ་སེལ་བར་མཛད་པ་ནི་གདུལ་བྱའི་མ་རིག་པ་སེལ་བའོ། །གཅིག་པུ ་ནི་ཞིང་གཅིག་ཏུ་སངས་རྒྱས་གཉིས་མི་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། འགྲན་ཟླ་མེད་པའི་ལས་བསགས་པ་དང། གདུལ་བྱ་རྣམས་སྟོན་པ་ལ་བླང་དོར་ལྡོག་པ་དང། བདག་འདྲེན་པ་མེད་པ་རྣམས་ཀྱི་འདྲེད་པ་བྱེད་པར་གྱུར་ཅིག་ཅེས་སྨོན་པ་གྲུབ་པའི་ཕྱིར ་རོ། །དེ་སྐད་དུ་ཡང་ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན་ཞེས་བཤད་དོ། །ཡིད་དུ་འོང་བ་ནི་སྐུ་བྱང་ལྟ་བས་ཆོག་མི་ཤེས་པའི་ཕྱིར་རོ། །དེ་སྐད་དུ་ཉེ་བར་ཞི་ལ་ཡིད་དུ་འོང། །འབར་ལ་གནོད་པ་མཛད་མི་མངའ་། །དུལ་ལ་རྡོམ་བརྗིད་ཆེ་བ་ཡི། སྐུ་འདིས ་སུ་ཞིག་དང་མི་མཛད། །ཁྱོད་ཀྱིས་སྐུ་ནི་གང་གིས་ནི། །ལན་བརྒྱར་མཐོང་དང་གང་ཞིག་གིས། །དང་པོ་མཐོང་བ་དེ་གཉིས་ཀ། འདྲ་བར་མི་ནི་མགུ་བར་མཛད། །ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །ལྟ་བས་མི་ངོམས་རང་བཞིན་པས། །མཐོང་དེ་ཅོག ་ནི་ཕྱི་ཕྱིར་ཞིང། །དགའ་བསྐྱེད་པར་མཛད་པ་ལགས་ཞེས་བཤད་པ་ལྟ་བུའོ། །འཇིག་རྟེན་ནི་ཁམས་གསུམ་མོ། །ཕན་པར་བརྩོན་པ་ནི་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བཟློག་ནས། བདེ་བ་རྒྱུ་དང་བཅས་པ་ལ་དགོད་པས་ན་ལེ་ལོ་མེད་པའོ། །བསལ? ་བ་བྱུང་བ་ནི་དེ་སྐད་དུ་ཡང། ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ། །མཐོང་བས་དད་པ་སྐྱེ་བར་འགྱུར། །ཁྱོད་གསུང་ཐོས་པས་དགའ་འགྱུར་ཏེ། །བསྟན་པས་རྣམ་པར་གྲོལ་བར་མཛད་ཅེས་པ་དང། བསྒྲགས་པས་སྡིག་པ་འཕྲོག་པར་མཛད། །ཁྱོད་དྲན་པས་ནི་རངས ་བར་འགྱུར། །བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ། །ཡོངས་སུ་ཤེས་པས་རྣམ་པར་དག། ཁྱོད་ལ་བསུབས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་དུ་འགྱུར། །བརྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བར་འགྱུར་ཞེས་བཤད ་པ་ལྟ་བུའོ། །དེ་ཤར་བ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའོ། །བསིལ་བར་མཛད་པ་ནི་གདུལ་བྱ་རྣམས་ཀྱི་མེ་གསུམ་ཞི་བར་མཛད་པ་སྟེ། དེ་སྐད་དུ་ཡང། རེ་ཞིག་དང་པར་ཁྱོད་ཀྱིས་གསུང། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམས་བཞིན ་ནས། །ཆགས་དང་གཏི་མུག་རྣམས་ཀྱང་སེལ་ཞེས་བཤད་པ་ལྟ་བུའོ། །དེ་ལྟར་སངས་རྒྱས་ལ་བསྟོད་ནས། །ཆོས་ལ་བསྟོད་པའི་ཉེས་པའི་འཇོམས་པ་ནི། །བསྟན་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།རིན་ཆེན་མཆོག་བཻཌཱུརྱ་ནི་བཟང་བ་དང། འཕེན་མེད་པ་དང། ་མཆིང་བུ་རྣམ་པར་དག་པ་དང། ཀླུའི་གཙུག་གི་རྒྱན་དུ་གྱུར་པ་དང། ཀླུའི་གནས་ས་འོག་གི་མུན་པ་རབ་རིབ་སེལ་བ་སྟེ། ཆོས་ལྔ་དང་ལྡན་པ་དེ་བཞིན་དུ་བསྟན་པ་ཡང་ངོ། །དེ་ལ་བསྟན་པ་ནི་གཉིས་ལས་རྟོགས་པའི་ཆོས་དང་སྦྱར་ན་བཟང་བ་ནི་ཏིང་ངེ ་འཛིན་ནོ། །འཕེན་མེད་པའི་ཚུལ་ཁྲིམས་ཏེ། ཇི་སྐད་དུ། རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེ་རྒྱུས་འཕེན་མ་བྱུང། །དེ་ཡི་གཉེན་པོ་ཞི་ལ་བརྟེན་ཞེས་བཤད་པ་ལྟ་བུའོ། །རྣམ་པར་དག་པ་ནི་ཤེས་རབ་བོ། །ལུང་གི་ཆོས་དང་སྦྱར་ན་མདོ་སྡེ་དང། འདུལ ་བ་དང། མངོན་པ་སྟེ་གོ་རིམས་བཞིན་ནོ། །ཆེན་པོ་ནི་རིགས་ཅན་གསུམ་མོ། །མནོས་པ་ནི་ཐོས་པ་ལ་སོགས་པ་བྱེད་པའོ། །སའི་གཏིང་ན་གནས་པ་ནི་བསམ་གཏན་དགུ་ན་སྤྱོད་པ་རྣམས་ཀྱི་ཡིད་ལ་གནས་པའོ། །རབ་རིབ་ནི་མི་ཤེས་པ་གཉིས་པའོ། །ལེགས་པར ་སྒྲུབ་པ་ནི། ཆོས་ཀྱི་སྤྲིན་དེ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཆར་སྤྲིན་ནི་ནམ་མཁའ་ལ་གཡོས་པ་དང། ཆར་གྱི་རྒྱུར་གྱུར་པ་དང། ཆར་ཆུ་དེ་ཡང་རོ་གཅིག་པ་དང། ཚ་བའི་གདུང་བ་སེལ་བ་དང། སྣོད་ཀྱི་དབང་གིས་རོ་དུ་མར་འགྱུར་བ་སྟེ། ཆོས་ལྔ་དང་ལྡན་པ ་བཞིན་དུ་བསྟན་པ་ཡང་ངོ། །ཕན་པ་མཛད་པ་ནི་སྔ་མ་ལྟར་རོ། །མྱ་ངན་ནི་འཁོར་བའོ། །འདས་པ་ནི་དེ་ལས་བརྒལ་བར་རོ། །མཆོག་ནི་ངེས་པ་དོན་དམ་པར་དགེ་བ་ཡིན་པའི་ཕྱིར་རམ། འདུས་མ་བྱས་པའི་ཕྱིར་རོ། །དེའི་རྒྱུ་ནི་དེས་དེ་མ་ཐོབ་པ་ཐོབ་ ་པར་བྱེད་པའོ། །རོ་གཅིག་པ་ནི་ཆོས་ཐམས་ཅད་བདག་མེད་པ། ཐ་མི་དད་པའོ། །ཡང་ན་ཐེག་པ་གཅིག་དུ་ཐ་མི་དད་པ་སྟེ། ཇི་སྐད་དུ། ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག་།ངེས་པར་ཟུངས་ཤིག། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལ་ནི་བརྫུན་གསུང་བ་ནི་མངའ་ཨོ། ་ཤཱ་རིའི་བུ་ཐེག་པ་ནི་འདི་གཅིག་པུ་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་པ་ལྟར་བུའོ། །གདུང་བ་སེལ་བ་ནི་སྡུག་བསྔལ་དང་ཉོན་མོངས་པ་སྤོང་བའོ། །སྣོད་ནི་ཉན་པ་པོའི་དབང་པོ་ཐ་དད་པ་འམ། རིགས་ཐ་དད་པའོ། །རོ་རྣམས་དུ་མར་འགྱུར ་བ་ནི་ཐེག་པ་གཉིས་སམ། གསུམ་མམ། བཞིར་འགྱུར་པའོ། །དེ་སྐད་དུ་ཡང། ལྷ་ཡི་ཐེག་པ་དང་ཚངས་པའི་ཐེག། བདེ་གཤེགས་ཉན་ཐོས་རང་རྒྱལ་གྱི། ཐེག་པ་ཐ་དད་ངས་བཤད་དོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་སྔར་རོ་གཅིག་ཏུ་ཅེས་ཐེག་པ་གཅིག་ཏུ་བཤད་པ་དང ་འགལ་ལོ་ཞེ་ན། མི་འགལ་ཏེ། གོ་རིམས་བཞིན་དུ་ངེས་པའི་དོན་དང། དྲང་བའི་དོན་གྱིས་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཆོས་ལ་བསྟོད་ནས། དགེ་འདུན་ལ་བསྟོད་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་བསྟོད་པ་ནི། སྣོད་ཡངས་ཞེས་རྐང་པ་ཕྱེད་དང་གཉིས ་སོ། །རྒྱ་མཚོ་ཆེན་པོ་ནི་འབབ་ཆུའི་སྣོད་དུ་གྱུར་པ་དང། རྒྱ་ཆེ་བ་དང། ཟབ་པ་དང། དྲི་མ་མེད་པ་དང། བླ་འོག་གསལ་བ་དང། གྲུ་གཟིངས་ལ་སོགས་པ་འདེབས་པ་ན་ཁུར་བཟོད་པ་དང། ཁྲུས་དང་བཏུང་བ་ལ་སོགས་པ་ཉེ་བར་སྤྱད་པ་དང། ཉ་དང་རུས་སྦལ ་ལ་སོགས་པའི་གནས་སུ་གྱུར་པ་སྟེ། ཆོས་བརྒྱད་དང་ལྡན་པ་བཞིན་དུ་དགེ་འདུན་རྣམས་ཀྱང་ངོ། །དེ་ལ་དགེ་འདུན་ནི་རྒྱུད་ཡོན་ཏན་གྱི་སྣོད་དུ་གྱུར་པ་དང། ཡངས་པའི་བསམ་པ་ནི་ཚད་མེད་པ་བཞི་ཡིད་ལ་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་དམིགས ་པའི་ཕྱིར་རོ། །ཟབ་པའི་བསམ་པ་ནི་བདག་མེད་པ་གཉིས་ཡིད་ལ་བྱེད་པ་སྟེ་གཏིང་དཔག་དཀའ་བའི་ཕྱིར་རོ། །དྲི་མ་མེད་པའི་བསམ་པ་ནི་དྲི་མ་དྲུག་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ། གཞན་ཡང་ཉོན་མོངས་དྲི་མ་དྲུག་།སྒྱུ་དང་གཡོ་དང་རྒྱགས་པ་དང། །དེ་བཞིན ་འཚིག་དང་ཁོ་ན་འཛིན་དང། །རྣམ་འཚེའོ་ཞེས་བཤད་པ་ལྟ་བུའོ། །གསལ་བའི་བསམ་པ་ནི་ཉོན་མོངས་པའི་མུན་ལ་སེལ་བའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་ཁུར་ཀུན་བཟོད་པ་ཞེས་རྐང་པ་ཕྱེད་དང་གསུམ་མོ། །དེ་ལ་ཁུར་བཟོད་པ་ནི་གཞན་གྱི་དོན་བྱེད ་པ་ན་སྐྱོ་བ་མེད་པའོ། །དེ་སྐད་དུ་ཡང། དཔེར་ན་རབ་དུལ་སྟོབས་ལྡན་གླང་པོ་ཆེ། །ཁལ་རྣམས་ཁྱེད་ཀྱང་སྐྱོ་བར་འགྱུར་བ་མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་རབ་དུལ་བ། །སེམས་ཅན་ཁུར་གྱིས་སྐྱོ་བར་འགྱུར་བ་མེད། ཅེས་པ་དང། ཡང་སེམས་ཅན་ཁུར ་ཆེན་མགོ་ལ་ཁྱེར་བ་ཡིས། །སེམས་པ་མཆོག་ནི་ངལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་ཅིངས་པས། །བརྩོན་པ་བརྒྱ་འགྱུར་གྱིས་ནི་བྱ་བར་རིགས། ཞེས་བཤད་པ་ལྟ་བུའོ། །སྐྱེ་བོ་ཀུན་གྱི་དགེ་འདུན་ལ་ལེགས ་པར་སྒྲུབ་པ་ཐམས་ཅད་དོ། །ཉེ་བར་སྤྱད་བྱ་ནི་མཐོ་རིས་དང་ཐར་པའོ། །དེ་གནས་པ་ནི་དེ་ཐོབ་པའི་རྟེན་བྱེད་པའོ། །འོ་ན་དགེ་འདུན་ནི་འགྲོ་བ་གཞན་གྱི་རྟེན་ཅན་ཡང་མ་ཡིན་ནམ། མིའི་གཟུགས་ཅན་ཁོ་ནར་བརྗོད་པ་ཇི་ལྟ་བུ་ཞེ་ན། ཕལ་ཆེ་བའི་ཕྱིར་རོ།། ་དེ་ལྟར་མཆོད་པར་བརྗོད་ནས། གདམས་ངག་བརྗོད་པའི་དམ་པའི་ཆོས་མི་འཛིན་པའི་ཉེས་པ་ནི། གང་དག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།བསྟན་པ་འདིར་མི་འཇུག་པ་གང་དག་སྐྱེ་བ་ནི་མངལ་ལ་སོགས་པ་འབྱུང་བའོ། །གོ་བ་ནི་ན་ཚོད་གྱུར་པའོ།། ་ཤི་བ་ནི་སྲོག་གྱུར་པའོ། །བདུད་རྩི་ནི་དམ་པའི་ཆོས་སོ། །དེ་ཐོས་པས་ཐོབ་པར་མི་བྱེད། བསམ་པས་མི་སྤྱོད། །སྒོམ་པས་འཛིན་པར་མི་བྱེད་པའོ། །ཡང་ན་བསླབ་པ་གསུམ་དང་རིམ་པ་བཞིན་ནོ། །ཡང་ན་དགའ་བ་གསུམ་དང་སྦྱར་རོ། །ཡང་ན་ཐག་པ ་གསུམ་དང་ངོ། །དེ་ལ་ཉེས་པའི་ཡོད་ཅེ་ན། དེ་དག་ཉེས་མང་ཞེས་རྐང་པ་གཉིས་སོ། །གཟུང་ནས་བཏང་བའི་ཉེས་པ་ནི་འགྲོ་བ་ཀུན་གྱི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།མིག་ནི་ཆོས་ཏེ། ལམ་དང་ལམ་མ་ཡིན་པ་མཐོང་བར་བྱེད་པའི་ཕྱིར་རོ། །དྲི་མ་མེད ་པའི་ལུང་ནི་དྲི་མ་མེད་པའི་བརྗོད་བྱེད་ཡིན་ལ། རྟོགས་པ་ནི་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ས་གསུམ་ནི་ཁམས་གསུམ་མོ། །གཟུང་ནས་མ་བཏང་བའི་ཕན་ཡོན་ནི། །བྱང་ཆུབ་ཅེས་རྐང་པ་བཞིའོ། །བསླབ་པའི་གཞི་བཅས་པ་ནི། སྒྲུབ་པ་དང་སྤང་བར་ཁས་བླངས ་པ་རྣམས་སོ། །རྐང་ཚུགས་སྟོན་པ་ནི་ཁས་བླངས་པ་རྣམས་མི་ཉམས་པར་བྱེད་པའོ། །གོ་འཕང་ཆེན་པོ་ནི་མཐོ་རིས་སོ། །གོ་འཕང་ཐོབ་པ་ནི་ཐར་པའོ། །ས་གཉུགས་མར་ལྷུང་བ་ནི་མི་ཁོམ་པར་སྐྱེ་བའོ། །ཚུལ་ཁྲིམས་ནི་སྲིད་པའི་རྒྱ་མཚོ་ལས་བརྒལ་བའི ་རྟེན་བྱེད་པའི་གཟིངས་སུ་གྱུར་པའོ། །ལག་དུ་འོངས་པ་ནི་དེ་ཐོབ་པའོ། །སྤོང་བ་ནི་དེ་དག་སྟོང་པའམ་ཉམས་པར་བྱེད་པའོ། །སྤོང་མོད་ཉེས་པ་ཅིར་འགྱུར་ཞེ་ན། འཕགས་པའི་ཞེས་རྐང་པ་གཉིས་སོ། །གཡང་ས་ནི་ངན་འགྲོར་འགྲོ་བ་སྟེ། བདེ་འགྲོ་ནས་ཐུར་དུ་རིང་དུ་ལྷུང ་བའི་ཕྱིར་རོ། །དེ་སྐད་དུ་ཡང། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མངར་མེད་པའོ་དེ་ཙམ་མོ། །ཞེས་པ་དང། ཡང་དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིངས་གཡང་ས་སྨོས་ཅི་དགོས། ཞེས་བཤད་པ་ལྟ་བུའོ། །ལྡང་བར་བརྩོན་པ་ནི་གཡངས་དང། མུན་པ་ནས་ཐར་པར ་འདོད་པའོ། །ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་རྒྱུན་མི་འཆད་པར་གཞུག་མ་འམ། ནར་མར་བརྟེན་པར་བྱ་བའི་འདྲེན་པ་སྟེ། སྦྱང་ཐག་གམ་ཞགས་པ་ལྟ་བུའོ། །བར་མ་དོར་འདོར་བ་ནི་དེ་སྤོང་བའོ། །དེར་མོད་ཉེས་པ་ཅིར་འགྱུར་ཞེ་ན། དེ་དག་ཅེས་རྐང་པ་གཅིག ་གོ། ལམ་ཇི་ལྟར་བསྒྲུབས་པའི་ཐབས་སྟོན་པ་ན་ཚུལ་བཞིན་ཡིད་བྱེད་པ་ལ་ནི། གང་དག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།ཐར་པ་ཚོལ་བ་གང་དག་གཅིག་པུར་གནས་སམ། འང་གི་སྒྲས་མང་པོའི་ཚོགས་ན་གནས་ཀྱང་རུང། ཡིད་ཀྱིས་རབ་བརྟགས ་ནི་འདི་སྙམ་དུ་བདག་གིས་སྒོ་གསུམ་པ་གསུམ་པོ་གར་འཇུག་སྙམ་དུ་སྤྱོད་པའོ། །དེ་ལྟར་སྤྱད་པས་སྒོ་གསུམ་དགེ་བ་ལ་འཇུག་ན་དེ་ལ་སྦྱོར་ཞིང་གཉིས་ལ་འཇུག་ན་དེ་དག་ལ་བཟློག་པར་བྱའོ། ཞེས་སྟོན་པ་ན། ཡང་དག་ལས་དང་ཞེས་རྐང་པ་གཅིག་གོ་།ཡང ་དག་པའི་ལམ་ནི་དགེ་བའོ། །ལྷན་ཅིག་ནི་ཡུལ་དང་དུས་ཀུན་དུའོ། །མཉམ་པར་འགྲོགས་པ་ནི་དེ་ལུས་དང་སྲོག་གི་ཕྱིར་ཡང་མི་འདོར་བའོ། །ཡང་ན་དེ་ལ་མཚུངས་པར་སློབ་པའོ། །དེས་ཕན་ཡོན་ཅི་ཐོབ་ཅེ་ན། ས་སྟེང་ཞེས་རྐང་པ་གཉིས་པའོ། །ས་སྟེང ་དཀྱིལ་ན་སྟེ་མི་རྣམས་ཀྱི་དབུས་ནའོ། །གཙོ་བོར་གྱུར་པ་ན་དགེ་བ་སྒྲུབ་པའོ། །དམ་པ་ནི་མི་དགེ་བ་སྤོང་བའོ། །ཡང་ན་ཚུལ་ཁྲིམས་ནི་མ་ཐོབ་པ་ཐོབ་པར་བྱེད་པ་དང། ཐོབ་པ་མི་ཉམས་པར་བྱེད་པ་སྟེ། ཚིག་གཉིས་དང་རིམ་པ་བཞིན་ནོ། །སློབ་མ་མཆོག ་ནི་དེ་ལེན་པའོ། །བླ་མ་ནི་དེ་སྦྱིན་པའོ། །བཀུར་བ་ཉིད་དུ་འགྱུར་ཏེ། དེས་དེ་ལ་སྒྲུབ་པའི་མཆོད་པ་ཕུལ་བའི་ཕྱིར་རོ། །ངོ་ཚ་ཤེས་པ་ནི་ངོ་ཚ་ཞེས་ཚིགས་སུ་བཅད་པ་གཅིག་གོ། དཔེར་ན་མ་ནི་བུའི་ལུས་བསྐྱེད་པ་དང། རིགས་བཙུན་པ་དང། བུ་ལ་གཡོ ་མི་བྱེད་པ་དང། བུ་ལ་བྱམས་པ་དང། བུའི་རྗེས་ས་འབངས་པ་དང། བུ་ལ་བདེན་པ་སྨྲ་བ་དང། བུ་ལ་གཞུང་ལུགས་ཆེ་བ་དང། བུ་སྐྱོང་བ་ལ་དགའ་བ་དང། གྲང་མོ་ལ་སོགས་པ་ཟིལ་གྱིས་གནོན་པའི་གཟི་བརྗིད་ཆེ་བ་དང། རང་གི་སྲོག་གཏོང་གི་བུ་མི ་གཏོང་བ་སྟེ། ཆོས་བཅུ་དང་ལྡན་པ་བཞིན་དུ་ངོ་ཚ་ཤེས་པ་ཡང་ངོ། །ངོ་ཚ་ཤེས་པ་རྣམས་ནི་རང་གི་སྲོག་བདེ་བླག་དུ་གཏོང་བར་བྱེད་ཀྱི། དམ་བཅས་པའི་བསླབ་པ་རྣམས་མི་གཏོང་བ་ཡིན་ཏེ། མདོ་ལས་དགེ་ཚུལ་ཕ་ལ་བུ་མོས་གསོལ་བ་བཏབ་པ་ན་ཚུལ་ཁྲིམས ་ཀྱི་དོན་དུ་རང་གི་སྲོག་དོར་བའི་གཏམ་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཁྲེལ་ཡོད་པ་ནི་རེ་ཤིག་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དམ་བཅའ་བ་བཏང་མོད་ཉེས་པ་ཅིར་འགྱུར་ཞེ་ན། རེ་ཞིག་སྐྱེ་བོ་ཀུན་གྱི་དཔྱས་པ་དང་ཞེས་སྨོས་ཏེ། མཛའ་བ་དང་མི་མཛའ་བ་དང། ་བར་མ་ཐམས་ཅད་ཀྱིས་ཉེས་པ་སྒྲོགས་པ་འམ། སྡིག་པའི་འགྲོ་བ་ནི་ངན་སོང་རྣམས་ཏེ་དེ་དག་ནི་མི་དགེ་བ་ལས་སྐྱེས་པའི་ཕྱིར་རོ། །རང་བཞིན་རྣལ་མ་བོར་པ་ནི་སྔོན་གྱིས་གྲལ་སོ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལས་ཉམས་པའོ། །མཁས ་ལ་ས་སྟེང་ནི་ཚུལ་ཁྲིམས་ཉམས་པ་དེ་ཁོ་ན་སྡུག་བསྔལ་ཆེའི། དེ་ལས་མ་གཏོགས་པའི་སྡུག་བསྔལ་གཞན་ཅི་ཡོད། ལམ་མི་སྒྲུབ་པའི་ཉེས་པ་སྟོན་པའི་སྲེད་པས་སླུ་བར་འགྱུར་བ་ནི། གང་ཞིག་མེས་ཚིགས་སུ་བཅད་པ་གཅིག་གོ་།ཆོས་ཀྱི་ལམ ་ནི་ཐེག་པ་གསུམ་སྟེ། རིགས་ཅན་གསུམ་གྱིས་བགྲོད་པར་བྱ་བའི་ཕྱིར་རོ། །རྒྱ་ཆེན་པོ་ནི་ཕན་ཡོན་ཤིན་ཏུ་རྒྱ་ཆེ་བའོ། །ཡང་ན་ཐེག་པ་ཆེན་པོའོ། །དོར་མོད་ཉེས་པ་ཅིར་འགྱུར་ཞེ་ན། འཁོར་བའི་རྒྱ་མཚོ་ཞེས་རྐང་པ་གཉིས་སོ། །གང་མཁན་གྱི ་ལུས་ཀྱི་བྱེད་པ་མི་རྟག་པ་དང་འདྲ་བར་རོ། །དགའ་བ་ནི་རྗེས་སུ་ཆགས་པའོ། །བསླུས་པ་ནི་མཐོ་རིས་དང་ཐར་པ་ལས་ཉམས་པའོ། །འཁོར་བར་འཁྱམས་པར་འགྱུར་བ་ནི། གང་ཞིག་འཁོར་བའི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།རྟག་ཏུ་འགྱུར་བ་ནི་འགྲོ་བ་གཅིག་ནས་གཅིག ་ཏུ་འཕོ་བའོ། །བསྟི་བ་ཙམ་ནི་འདོད་པའི་ཡུལ་ལྔ་ཐོབ་པའོ། །མཉམ་པ་ནི་ལྷ་དང་མི་རྣམས་སོ། །མི་མཉམ་པ་ནི་ངན་འགྲོ་རྣམས་སོ། །འཁྱམས་མོད་ཉེས་པ་ཅིར་འགྱུར་ཞེ་ན། སྡུག་བསྔལ་གྱིས་གཟིར་བར་འགྱུར་ཞེས་སྟོན་པ་ན། ཐོག་མར་མིའི་དབང་དུ་བྱས ་ནས་མངལ་གྱི་སྡུག་བསྔལ་ནི། ཤིན་ཏུ་མི་བཟད་ཅེས་ཚིགས་སུ་བཅད་པ་གཅིག་གོ་།སྐྱེ་བའི་སྡུག་བསྔལ་སྟོན་པའི་ཤིན་ཏུ་དོགས་པ་ནི། དེ་ནི་ཞེས་རྐང་པ་གཉིས་སོ། །སྲོག་ཡང་བ་ནི། འོན་ཀྱང་ཞེས་པ་རྐང་པ་གཉིས་སོ། །མི་གཙང་བས་གཟིར་བ་ནི་མི ་གཙང་ཞེས་རྐང་པ་གཉིས་སོ། །ལུས་དང་སེམས་ཉམས་པར་འགྱུར་བ་ནི་གནོད་པ་ཞེས་པ་རྐང་པ་གཉིས་སོ། །སྔོན་གྱི་དྲན་པ་སྤོང་བ་ནི་མངལ་གྱི་སྡུག་བསྔལ་རྣམས་བརྗེད་པའོ། །བྱིས་པའི་སྡུག་བསྔལ་ནི་ལུས་ཞེས་རྐང་པ་གཉིས་སོ། །ཉེ་བར་སྤྱོད་པ་ཀུན་ལ་མི ་འབོངས་པ་ནི་དེས་སྒོ་གསུམ་གྱི་ལས་ཡོངས་སུ་རྫོགས་པར་མི་ནུས་པའོ། །དར་ལ་བབ་པའི་སྡུག་བསྔལ་སྟོན་པའི་སྦྱོར་བ་ཉམས་པ་ནི་དར་ལ་བབ་ཅེས་རྐང་པ་གཉིས་སོ། །སྦྲུལ་གདུག་ནི་འདོད་ཆགས་ལ་སོགས་པའོ། །གནས་གྱུར་ནི་རྟེན་བྱེད་པའོ། །མུ་ནི ་མཛའ་སྟེ་འདོད་པ་ལྔའོ། །བག་རྐྱོང་བ་ནི་ངོ་ཚ་བ་དང་འཇིགས་པ་མེད་པའོ། །སྤྱོད་མོད་ཉེས་པ་ཅིར་འགྱུར་ཞེ་ན། བསམ་པ་ཉམས་པ་ནི། བསམ་བརླག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།དགེ་བའི་བསམ་པ་བརླག་པ་དེ་ནི་རང་ལ་བབ་པ་དེ་ནས་ཀྱང་རྒན་པར ་ལྷུང་ངོ། །མི་གཅིག་དཔྱོད་པ་མི་འདོར་བ་ནི་སྒོ་གསུམ་མ་ཞི་བར་སྤྱོད་པའོ། །དེ་མི་འདོར་བ་ཅིའི་ཕྱིར་ཞེ་ན། རྒ་ཤི་མེད་པར་ལྟ་བའི་ཕྱིར་ཞེས་སྟོན་པ་ནི། བྱིས་པ་བདག་ལུས་ཞེས་རྐང་པ་གཉིས་སོ། །ལམ་ལས་ཉམས་པ་ནི། རྨོངས་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ་། ་དེ་ལྟར་སེམས་པ་མེད་ན་ཉེས་པ་ཅིང་འགྱུར་ཞེ་ན། རྨོངས་པ་ཞེས་སྨོས་ཏེ། བླང་བྱ་དང་དོར་བྱ་མི་ཤེས་པའོ། །ལམ་བཟང་ནི་སྦྱིན་པ་ལ་སོགས་པ་སྟེ། འབྲས་བུ་ཡིད་དུ་འོང་བ་འབྱིན་པའི་ཕྱིར་རོ། །ལམ་མིན་ནི་མི་དགེ་བ་སྲོག་གཅོད་པ་ལ་སོགས་པ ་སྟེ། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་རོ། །བབ་དགུ་ནི་རྩཝ་ཤིང་ལ་སོགས་པ་གླང་པོའི་ལམ་དུ་བབ་པ་ཐམས་ཅད་ཕྱེ་མར་རློག་ཅིང་འགྲོ་བ་བཞིན་དུ་མཐོ་རིས་དང་ཐར་པ་ཕྱེ་མར་རློག་ཅིང་ངན་སོང་འཁོར་བར་འགྲོ་བའོ། །རྒ་བའི་སྡུག་བསྔལ་སྟོན་པའི ་དགའ་བས་ལུས་དབང་སྒྱུ་བ་ནི། དེ་ནས་དེ་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དར་ལ་བབ་པ་ནི་དེ་ནས་མི་ཙིགས་པ་དེ་ནིའོ། །དགེ་བའི་ཆོས་འགྲིབ་པར་འགྱུར་བ་ནི། འོན་ཀྱང་ཞེས་རྐང་པ་གཉིས་སོ། །མི་དགེ་བ་འཕེལ་བར་འགྱུར་བ་ནི། རྨོངས་པ་ཞེས ་རྐང་པ་གཉིས་སོ། །རང་གིས་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་བ་སྟོན་པ་ན་སྐྲ་ཉམས་པ་ནི་དེ་ནས་དེ་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དགོད་པ་བཞིན་དུ་ཞེས་པ་ནི་སྐྱེ་བོ་རྣམས་དགོད་པའི་ཚེ་སོ་དཀར་པོ་སྣང་བ་བཞིན་དུ་རྒས་པས་སྐྲ་དཀར་པོ་སྣང ་བའོ། ལུས་དང་བསམ་པ་ཉམས་པ་ནི་དེ་ནས་དེའི་ལྷུན་ཚིགས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།བློ་བསླད་པ་ནི་སེམས་འཁྲུགས་ཤིང་དྲིན་པ་ཉམས་པའོ། །འགྲོ་བ་ཉམས་པ་ནི་ཡུལ་ནས་གཞན་དུ་འགྲོ་བ་ན་མཁར་བ་འམ་བཞོན་པ་མེད་ན་འགྲོ་མི་ནུས ་པའོ། །དེ་སྐད་དུ་ཡང། ཁ་ལོ་སྒྱུར་བ་མི་རིང་ཉམ་ཆུང་ཞིང། །ཤ་ཁྲག་བསྐམས་ཤིང་རྒྱུ་ལྤགས་ཉི་ཚེས་དཀྲིས། །མགོ་དཀར་ས་རྒལ་ལུས་ནི་རབ་སྐེམ་ལ། །མཁར་པར་བརྟེན་ཅིང་མི་བདེ་ཁྱོགས་འགྲོ་སུ་ཞེས་གསུངས་སོ། །དེངས་པ་ནི་མདངས་ཡལ་པའོ། ་ཤིག་ཤིག་པ་ནི་ཚིགས་རྣམས་འཁྲུལ་པའོ། །དབང་པོ་ཉམས་པ་ནི་དབང་པོ་ཞེས་རྐང་པ་གཅིག་གོ་།འདོད་པ་བརྟེན་པ་ཉམས་པ་ནི། ཡུལ་ལ་ཞེས་རྐང་པ་གཅིག་གོ་།འཇིགས་པ་བསྐྱེད་པ་ནི། གནས་སྐབས་ཞེས་རྐང་པ་གཉིས་སོ། །རྒ་བའི་གནས ་སྐབས་གང་དུ་དར་ལ་བབ་པ་འདི་འགྲོ་བར་འགྱུར་བའོ། །འཆི་བའི་སྡུག་བསྔལ་སྟོན་པ་ན་འགྱོད་པའི་སྡུག་བསྔལ་བ་ནི། བདག་གིས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།འདི་མ་བྱས་པ་ནི་དག་བར་མ་བྱས་པའོ། །དེ་ལ་བྱས་པ་ནི་སྡིག་པ་དེ་སྤྱད་པའོ། །འགྲོ་བ་ཉམས ་པ་ནི་བདེ་འགྲོ་ནས་ལྷུང་བའོ། །འཕྲིགས་པར་མ་གྱུར་པ་ནི་དེ་ལྟར་མ་ཤེས་པའོ། མྱ་ངན་གྱི་སྡུག་བསྔལ་བ་ནི་མྱ་ངན་ཞེས་ཚིགས་སུ་བཅད་པ་གཅིག་གོ་རྡོ་རྗེ་བསྣུན་པས་ལུས་ལ་གནོད་པ་དེ་ལྟ་བུར་མྱ་ངན་སྐྱེ་བས་སེམས་ལ་གནོད་པའོ། །གནད་གཅོད ་པས་སྡུག་བསྔལ་བ་ནི། གནང་ཀྱིས་ཞེས་སུ་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ་བྲས་དང་གོས་ལ་སོགས་པས་བདེ་བ་ལྷུར་བྱས་ནས་བཀྲེས་སྐོམ་དང་ཚ་གྲང་ལ་སོགས་པ་བསྲུང་བར་བྱས་པའོ། ཡིད་དུ་འོང་བ་ནི་གཅེས་འཕངས་སུ་འཛིན ་པའོ། །འདྲིས་པ་ནི་ཐོག་མ་མེད་པ་ནས་ང་ཡི་ལུས་སྙམ་དུ་ཞེན་པའོ། །གཤིན་རྗེས་བཟུང་བས་སྡུག་བསྔལ་བ་ནི། གཤིན་རྗེའི་ཞགས་པས་ཞེས་ཚིགས་སུ་བཅད་པ་གཉིས་སོ། །ཆོ་ངེས་འདེབས་ན་དེ་ཉེ་དུ་རྣམས་ཀྱིས་ཐོས་པས་གྲོགས་བྱེད་པར་འགྱུར་རོ།། ་ཞེ་ན་དེ་ཡིས། ཞེས་རྐང་པ་གཉིས་སོ། །གཤིན་རྗེས་གཟུར་མོད་ཉེས་བ་ཅིང་འགྱུར་ཞེ་ན། བགྲོད་དཀའ་ཞེས་རྐང་པ་བཞིའོ། །དུས་ཀྱི་ཞགས་ནི་འཆི་བའི་དུས་ཀྱི་ཚེའོ། །དེ་ལྟར་མིའི་སྡུག་བསྔལ་བསྟན་ནས། ངན་འགྲོའི་སྡུག་བསྔལ་སྟོན་པའི་ཡི་དགས ་ཟས་ལ་སྒྲིབ་པ་ཅན་གྱི་སྡུག་བསྔལ་ནི། མི་བཟད་པ་སྐོམ་པས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཕྱིའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་སྟོན་པའི་རི་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། །དུས་རླབས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།རླུང་གིས་ཆུ་བསྐྱོད ་པའི་དུས་སུ་རླབས་ཆེན་པོ་ལངས་པས་ཆུ་གྱེན་དུ་འཐོར་བས་རི་རྩེ་བསིལ་བའོ། །ཆུ་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། ཆུ་གཏན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཆུ་གཏེང་ནི་རྒྱ་མཚོ་སྟེ་ཆུ་མི་བཟད་པའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །ཆར་སྤྲིན ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། འདི་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཚ་གྲང་ཕྱིན་ཅི་ལོག་ཏུ་སྣང་བ་ནི། ཚ་བས་ཉེན་ལ་ཞེས་རྐང་པ་གཉིས་སོ། །དེ་ལྟར་ཕྱིན་ཅི་ལོག་ཏུ་སྣང་བའི་རྒྱུ་ནི་ཤིན་ཏུ་ཞེས་རྐང་པ་གཉིས་སོ། །ནང་གི་སྒྲིབ་པ་ཅན་གྱིས ་སྡུག་བསྔལ་ནི། ཁབ་མིག་ཙམ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེ་ལྟར་ཡི་དགས་ཀྱི་སྡུག་བསྔལ་བརྗོད་ནས། དམྱལ་བའི་སྡུག་བསྔལ་སྟོན་པའི་ཁྱིས་འཚེ་བ་ནི་རལ་པའི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྤུ་གྲིས་སྨྲས་པ་ནི། སྤུ་གྲི་ཞེས ་རྐང་པ་གཉིས་སོ། །ཁྲོན་པར་ལྷུང་བ་ནི། རྩེ་གསུམ་ཞེས་རྐང་པ་གཉིས་སོ། །གཤིན་རྗེའི་ཁབས་ཐུ་བ་ནི། དེ་བས་དེ་འཇིགས་པའོ། །ལོ་མའི་རལ་གྲིས་བཤད་པ་ནི་ཉིན་མཚན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེའི་ཚེ་དུད་མོ་ཁོ་ན་བཤེས་ཡིན ་གྱི་དེ་ལས་གཞན་པའི་བཤེས་མེད་པས་དེ་བརླག་པར་གནས་སོ། །བུད་མེད་འབར་བས་འཁྱུད་པ་ནི། བུད་མེད་ཅེས་ཚིགས་སུ་བཅད་པ་གཅིག་གོ་།འཁྲིགས་པ་ནི་སྔ་མ་མ་ཤི་བར་ཕྱི་མ་སྐྱེ་བའོ། །ལུག་གི་འཇོམས་པ་ནི་རི་དང་ཞེས་ཚིགས་སུ་བཅད་པ ་གཅིག་གོ་།ཤལ་མ་ལིའི་གནོད་པའི་ཡར་འཛེགས་པའི་ཚེར་ཚེར་མས་གནོད་པ་ནི། བསེ་ཁྱི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྦྲུལ་གྱིས་གནོད་པ་ནི་གཤིན་རྗེའི་ཞེས་རྐང་པ་གཉིས་སོ། །བྱས་གནོད་པ་ནི། གསོན་པོར་ཞེས་ཚིགས་སུ་བཅད་པ ་གཅིག་གོ་།མར་འབབ་པའི་ཚེ། ཚེར་མས་གནོད་པ་ནི་ཐུར་དུ་ཞེས་རྐང་པ་གཉིས་སོ། །མཚོན་གྱིས་གནོད་པ་ནི། དེ་ན་ཞེས་རྐང་པ་གཉིས་སོ། །བྱས་འཚེ་བ་ནི། དེ་ཚེ་ཞེས་རྐང་པ་གཉིས་སོ། །གཡང་སར་ལྷུང་བ་ནི། ཁ་ཅིག་རི་བའི་ཞེས་རྐང་པ་གཅིག ་གོ་།ཟངས་སུ་བཙོས་པའི་ནི། ཁ་ཅིག་འབྲུ་མར་ཞེས་རྐང་པ་གཅིག་གོ་།ས་གཞི་འབར་བར་ལྟུང་བ་ནི་གཞན་དག་ཞེས་རྐང་པ་གཉིས་སོ། །འབུ་སྦྲང་གིས་ཟ་བ་ནི། ཁ་ཅིག་འབུ་སྦྲང་ཞེས་རྐང་པ་གཉིས་སོ། །འོ་ན་དེ་ལྟར་སྡུག་བསྔལ་ཆེན་པོས་བཅོམ་པ་རྣམས ་འཆི་འཕོ་བར་མི་འགྱུར་བ་ཅི་སྟེ་ཞེ་ན། དེ་དག་གསོན་པའི་རྒྱུ་ནི་ལས་ཀྱིས་ཞེས་རྐང་པ་གཉིས་སོ། །ལས་ནི་མི་དགེ་བའོ། །འཚོ་བ་ནི་སྲོག་གོ་།ཐོགས་པ་ནི་ངེས་བཟུང་བའོ། །རང་གི་ཡན་ལག་བསྐྱོད་པ་ཙམ་ཡང་ངོ། །གསོན་པ་ནི་བདག་ཉིད་འཆི་བར་སྨོན་ཀྱང་མི་འཆི ་བའོ། །དེ་ལྟར་ཚ་བའི་དམྱལ་བ་བསྟན་ནས། གྲང་བའི་དམྱལ་བ་སྟོན་པའི་ཆུ་བུར་ཅན་ནི་ལྷགས་པ་ཞེས་རྐང་པ་ཕྱེད་དང་གསུམ་མོ། །ཆུ་བུར་རྡོལ་བ་ནི། རྡོལ་བ་ཞེས་རྐང་པ་ཕྱེད་དང་གཉིས་སོ། །སོ་ཐམ་ཐམ་པ་ནི་ཀོས་ཐག་ཅེས་ཚིགས་སུ་བཅད་པ་གཅིག་གོ་། ་ད་ནི་རབ་ཏུ་ཚ་བ་བྱེ་བྲག་ཏུ་སྟོན་པའི་མེའི་གནོད་པ་ནི། དམྱལ་མེས་ཞེས་རྐང་པ་གཉིས་སོ། །དམྱལ་བའི་སྲུངས་མས་འཚེ་བ་ནི། རུས་གོང་ཞེས་རྐང་པ་གཉིས་སོ། །མནར་མེད་པའི་སྡུག་བསྔལ་སྟོན་པའི་མདོར་བསྟན་པ་ནི། གཉིས་ལས་ཕྱིའི་གནོད་པ་ནི། ལ ་ལར་ཞེས་རྐང་པ་གཉིས་སོ། །གང་གིས་གནོད་པ་ནི་བྲང་གིས་ཞེས་རྐང་པ་གཉིས་སོ། །རྒྱས་པར་བཤད་པ་ཡང་གཉིས་ལས། ནང་གི་གནོད་པ་ནི། གློ་ནས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཕྱིའི་གནོད་པ་ནི། སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གསུམ ་མོ། །དེ་ལས་གནས་ཁང་གི་གནོད་པ་ནི། སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།མདའི་གནོད་པ་ནི། མདའ་ཆེན་ཞེས་རྐང་པ་གཅིག་གོ་།དབྱུག་པས་གནོད་པ་ནི། དམྱལ་བའི་སྲུང་མས་ཞེས་རྐང་པ་གཅིག་གོ་།ཁུ་བ་འབར་བའི་གནོད་པ་ནི། ལྕགས་ཞུན ་ཞེས་རྐང་པ་དྲུག་གོ་།སྤྱིའི་དོན་བསྡུ་བ་ནི་སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེ་ལྟར་དམྱལ་བའི་སྡུག་བསྔལ་བསྟན་ནས། དུད་འགྲོའི་སྟོན་པ་དེས་དལ་འབྱོར་རྙེད་པར་དཀའ་བ་ནི། སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།འཆལ་སྤྱོད་པ་ནི ་མི་དགེ་བ་བྱེད་པའོ། །དེ་ཉེས་པ་ཅིར་འགྱུར་ཞེ་ན། བརྒྱ་ལས་ཞེས་སོ། །འཇིག་རྟེན་འགྲོ་བ་མཛའ་ཡས་བྱེ་བ་འཕྱེས་རྣམས་སུ་དུད་འགྲོར་སྐྱེའི། མིའི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། མིའི་ནང་ན?་ཡང་སྨད་པར་སྐྱེ་བ་ནི། གལ་ཏེ་ཞེས་རྐང་པ ་གཅིག་གོ་།དུད་འགྲོ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། དུད་འགྲོ་ཞེས་རྐང་པ་ཕྱེད་དང་གཉིས་སོ། །དེ་ནས་དམྱལ་བར་ལྷུང་བ་ནི། གང་གིས་ཞེས་རྐང་པ་ཕྱེད་དང་གཉིས་སོ། །དེ་ལྟར་ཐེག་པ་ཐུན་མོང་གི་ལམ་སྒྲུབ་པ་གདམས་ནས། ཐེག་པ་ཆེན ་པོའི་ལམ་སྒྲུབ་པ་ལ་གདམས་པ་བརྗོད་པ་ན་སྒྲུབ་པའི་རྟེན་ནི་གང་ཞིག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།གང་ཞིག་ནི་དལ་འབྱོར་རོ། །སྐྱེ་བ་ནི་སེམས་ཅན་རྣམས་ལ་དེར་བྱིང་བ་དང། དེ་ལ་རྒལ་དཀའ་བས་རྒྱ་མཚོའོ། །བྱང་ཆུབ་མཆོག་གི་ས་བོན ་དགེ་བ་ནི་དེ་སྐྱེ་བ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་གསུངས་པ་ལྟ་བུའོ། །དགེ་བ་ནི་དེ་མ་བསྐྱེད་པ་སྐྱེད་ཅིང་མི་ཉམས་པར་བྱེད་པའོ། །སྒྲུབ་པར་བྱེད་པའི་ལམ་སྟོན་པ་ནི། ་བདེ་གཤེགས་ཞེས་རྐང་པ་གཉིས་སོ། །མི་མ་ཡིན་པས་བསྒྲུབ་པར་མི་ནུས་པ་ནི། །ལམ་དེ་ཞེས་རྐང་པ་གཉིས་སོ། །མི་རྣམས་ལམ་བསྒྲུབ་པ་ལ་སྦྱར་བ་ནི་མིའི་དངོས་པོ་ཞེས་རྐང་པ་གཉིས་སོ། །ལམ་ལ་འཇུག་པའི་སྒོ་མི་རྟག་པ་ཡིད་ལ་བྱེད ་པ་ན་སྐད་ཅིག་གི་མི་རྟག་པ་ནི། མར་མེ་ཞེས་རྐང་པ་གཉིས་སོ། །གློ་བུར་གྱི་མི་རྟག་པ་ནི། འདི་ནི་ཞེས་པའི་ཚིགས་སུ་བཅད་པ་གཅིག་གོ། རྒྱུན་གྱི་མི་རྟག་པ་ནི་སོག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།སྒྲུབ་པའི་གནས་ནི། ཟླ་བའི་ཞེས་ཚིགས ་སུ་བཅད་པ་གཅིག་གོ་།སྒྲུབ་པའི་གྲོགས་ནི། ནགས་མཐོང་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དགའ་བའི་ནགས་ཚལ་ནི་སུམ་ཅུ་རྩ་གསུམ་རྣམས་ལ་ཡོད་པའོ། །སྒྲུབ་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་སྟོན་པ་ནི། ནགས་ཀླུང་ཞེས་ཚིགས་སུ་བཅད ་པ་གཅིག་གོ་།ཆུ་གཙང་ན་དྲི་རྙོག?་པ་དང་སྲོག་ཆགས་མེད་པའོ། །དོགས་བདེ་བ་ནི་འགྲམ་གཉིས་ཀྱང་ངོ། །དབེན་པ་ནི་འདུ་འཛི་ཉུང་བའོ། །དེ་ན་སྐྱིད་པ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོའི་ལུས་ལྷའི་སྤོས་དང་སྨན་དྲི་ཞིམ་པོས ་བྱུགས་པའི་མགོ་བོའི་ལན་བུའི་རྒྱན་དུ་ཐོགས་པ་མེ་ཏོག་གི་ཚོགས་མཛེས་པ་ཟིལ་གྱིས་གནོན་པའི་རྒྱུན་དང་ལྡན་པ་ལྷའི་ཆུ་ལའང་ཡོད་པར་འགྱུར་རམ། རྒྱུན་དང་ལྡན་པའི་ལྷའི་ཆུ་ནི་སུམ་ཅུ་རྩ་སུམ་པའི་མཚེའུ་དལ་གྱིས་འབབ་པ་ཡིན་ནོ། །ཤིང་ཕུན་སུམ་ཚོགས་པ ་ནི། རྩ་བ་འབྲས་བུ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཉམས་དགའ་ནི་ཡིད་དུ་འོང་བའོ། །བས་མཛའ་ནི་གྲོང་ཟད་པའི་མུར་ཐུག་པའོ། །གཅིག་པུ་ནི་གྲོགས་མེད་པར་རོ། །དམྱལ་འདོད་ནི་ཁྱིམ་གྱི་གྲོང་འདབ་བམ་ཆུང་མ་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས ་པའོ། །བསླུས་མེད་གནས་པ་ནི་དེས་བྲིད་པར་མི་ནུས་པའོ། །དེ་དག་གི་དོན་བསྡུས་པ་ནི། རི་སུལ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེ་ལ་གནས་ཀྱི་དོན་བསྡུ་བ་ནི་རི་སུལ་ཞེས་རྐང་པ་གཅིག་གོ་།ཤིང་གི་དོན་བསྡུ་བ་ནི། ཉེར་སྤྱོད་ཅེས་རྐང་པ ་གཅིག་གོ་།ཆུའི་དོན་བསྡུ་བ་ནི། ཆུ་ངོགས་ཞེས་རྐང་པ་གཉིས་སོ། །རི་སུལ་ཡངས་པ་ནི་གཅོང་རོང་དང་ངམ་གྲོགས་ལ་སོགས་པ་མེད་པའོ། །ཉེར་སྤྱོད་རྒྱ་ཆེ་བ་ནི་དེར་འཆགས་པ་དང་ལུག་པ་ལ་སོགས་པ་བག་ཡངས་སུ་སྤྱོད་པའོ། །ཉན ་པ་ནི་ཐོས་པའི་ཚེ་རྣ་བར་འཕྲོད་པའོ། །ཇི་ལྟར་སྙན་ཞེས་རྔ་ལྟར་རོ། །ཕུ་ཆུ་བདག་ཅག་སྐོམ་པས་ཉོན་མོངས་ཤིང་སྡུག་བསྔལ་བའི་ཡུལ་མིན་ཏེ། འཐུངས་ན་ངོམས་པས་བདེ་ཞིང་སྤྱིད?་བའི་ཡུལ་ཡིན་ཞེས་འགྲོན་ལ་སྒྲོགས་པ་བཞིན་ཆུ་སྒྲ་འབྱིན ་པའོ། །སྒྲུབ་པའི་བར་ཆད་སྤོང་བ་ན། འདོད་པའི་ཉེས་པ་ཡིད་ལ་བྱེད་པ་ནི། འདོད་པ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་འདོད་པ་རྣམས་སྣང་ལ་རང་བཞིན་མེད་པ་ནི། །འདོད་པ་རྣམས་འབྱོར་དང་ཞེས་རྐང་པ་གཉིས་སོ། །འདོད་པའི་འབྲས་བུ ་ཡིད་དུ་མི་འོང་བ་ནི། རྨི་ལམ་ལྟ་བུ་ཞེས་རྐང་པ་གཉིས་སོ། །ངན་སྤྱོད་འཁྲུལ་པ་ནི་མི་དགེ་བ་བཅུ་བྱེད་པའོ། །དེ་ལ་ཆགས་པ་ནི་འདོད་པ་ལ་སྲེད་པའོ། །འདོད་པའི་བདེ་བ་ཡིད་དུ་མི་འོང་བ་ནི། ཡུལ་དང་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དུག་པས ་འདོད་པའི་ས་དམིགས་ཆེ་བ་ནི་དུག་དང་ཞེས་རྐང་པ་གཉིས་སོ། །དེའི་གཏན་ཚིགས་ནི་དུག་ནི་ཞེས་རྐང་པ་དྲུག་གོ་།དེ་ལྟར་འདོད་པ་དང་ཡུལ་གྱི་ཉེས་པ་བརྗོད་ནས། འདོད་བྱེད་ཡུལ་ཅན་གྱི་ཉེས་པ་སྟོན་པ་ནི། ཇི་ལྟར་ཞེས་ཚིགས་སུ་བཅད་པ ་གཅིག་གོ་།རྙེད་པ་གྲུབ་པ་མེད་པ་ནི་རྩ་ལོ་མ་ཟོས་པའོ། །དེ་དང་འདྲ་བར་བདེ་འགྲོར་གབ་པ་མེད་པར་ངན་འགྲོར་ལྟུང་པའོ། །དེ་ལྟར་འདོད་པ་སྤྱིའི་ཉེས་པ་བསྟན་ནས། ཁྱད་པར་དུ་ལྷའི་འདོད་པའི་ཉེས་དམིགས་སྟོན་པའི་མཚོའུ་ལ་ཆགས་པའི་ཉེས་པ་ནི། ་ལྷའི་བུ་མོ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།འཕྲལ་ཐབས་བླངས་པ་ནི་རང་གི་ཕུན་སུམ་ཚོགས་པས་དྲེགས་པའོ། །ལྗོན་ཤིང་ལ་ཆགས་པའི་ཉེས་པ་ནི། དགའ་ཚལ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དཔག་བསམ་གྱི་ཤིང་ནི་བཞི་སྟེ། བཟའ་ ་བཏུང་དང། གོས་དང། རྒྱན་དང། རོལ་མོ་དཔག་བསམ་གྱི་ཤིང་ངོ། །ས་ལ་ཆགས་པའི་ཉེས་པ་ནི། རྐང་བཞག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།དེ་ལ་རྐང་པ་བཞག་ན་ནེམས་ཞེས་སོར་བཞིས་དམའ་བར་འགྱུར་ཞིང་བཏེག་ན་པར་ཞེས་སོར་ ་བཞིས་མཐོ་བར་འགྱུར་བའོ། །རེག་ན་བདེ་བ་ནི་ལུས་ལ་ཕན་འདོགས་པའོ། །ཁང་བཟངས་ལ་ཆགས་པའི་ཉེས་པ་ནི། དྲིལ་བུ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ཁང་པ་དེའི་སྟེང་གཡོགས་ནས་དྲིལ་བུ་མཛེས་པ་འཁྲོལ་ཞིང་མུ་ཏིག་གི་ཕྲེང་བའི ་ཚོགས་འཆད་པ་འོད་ལྷག་གེ་བའི་གཞལ་མེད་ཁང་དུ་ཞུགས་ཏེ། ལྷ་ཡུལ་དེར་འདོད་པ་ལྔ་བགྲོད་ནས་ཏེ་ལོངས་སྤྱོད་བྱས་ནས་ཀྱང་ངོ། །ཕར་མཛའ་སྟེ་ཐར་ཐབས་མེད་པའི་ནང་དུའོ། །དབང་ཕྱུག་ལ་ཆགས་པའི་ཉེས་པ་ནི། གང་དུ་ཞེས་ཚིགས་སུ་བཅད ་པ་གཅིག་གོ་རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟང་གང་དུ་རྒྱལ་ཆེན་རིས་བཞི་དང། སུམ་ཅུ་རྩ་གསུམ་པའི་ལྷ་དང། ཀླུ་དང། མི་འམ་ཅིའི་སྤྱི་བོས་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ནས། དེ་དག་གིས་མགོ་བོའི་རྒྱན་གཙུག་གི་ནོར་བུ་མར་གང་གྱི ་འོད་ཀྱི་ཚོགས་ཀྱིས་རྐང་རྟེན་ཏེ་གང་ན་ཁྲི་དམར་པོར་གྱུར་པའོ། །དེ་ཡང་འགྲོ་བ་ངན་པར་འགྲོ་བར་འགྱུར་བ་ནི་ངན་སོང་དུ་ལྷུང་བ་སྟེ། ཇི་སྐད་དུ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེངས་ལྷུང་ཞེས་བཤད་པ་ལྟ་བུའོ།། ་སྲོག་ལ་ཆགས་པའི་ཉེས་པ་ནི་མེ་ཏོག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།འཚོ་བ་ནི་སྲོག་གོ་།དེ་མ་འགགས་པར་དུ་སེམས་ཅན་གསོན་པར་འཚོ་བའོ། །སྡུག་བསྔལ་ལ་བདེ་བར་རློམ་པའི་ཉེས་པ་ནི་སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ང ་རྒྱལ་བྱེད་མོད་ཉེས་པ་ཅིར་འགྱུར་ཞེ་ན། དེ་ནི་ཞེས་རྐང་པ་གཉིས་སོ། །འཁོར་བ་ལ་ཆགས་པའི་ཉེས་པ་ནི། དེ་ན་གཤིན་རྗེ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ལོག་པར་སྨོན་པ་ནི་སྲིད་པ་དང། སྲིད་པའི་ཡོ་བྱད་ཐོབ་པར་འདོད་པའོ། །དེ་ཉིད་འཇིགས ་བའི་རྒྱུ་ཡིན་པས་འཇིགས་པ་ཞེས་བྱའོ། །སྡུག་བསྔལ་བ་ལ་བདེ་བར་རློམ་པའི་དཔེ་དགོད་པ་ནི་དམྱལ་རྣམས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དམྱལ་བ་དེ་ཉིད་ཤིན་ཅི་མ་རུངས་སྙམ་པས་ཐོ་བ་བསྣུན་པས་མཆོག་དུ་བདེ་བ་ཡིན་པར་སེམས་སོ།། ་དོན་དེ་དང་འདྲ་བར་སྦྱར་བ་ནི། དེ་བཞིན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།རྟག་ཏུ་ནི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུའོ། །རེ་ཞིག་ཙམ་ཞིག་ནི་ལྷ་དང་མིར་སྐྱེས་པ་ནའོ། །ཇི་ཞིག་ལྟར་ཏེ་བསོད་ནམས་བསགས་པའི་དབང་གིས་ངན་འགྲོའི་སྐྱེ་ཤིའི ་འཁྲུལ་འཁོར་མེད་ནས། སྐད་ཅིག་སྟེ། བདེ་འགྲོ་ནས་མེ་ལྷུང་བར་དུ་ངན་འགྲོའི་སྡུག་བསྔལ་གཉུག་མར་བཟོད་དཀའ་མེ་ལྕེ་ལྟ་བུ་ཞི་འགྱུར་ན། ལྷ་དང་མིའི་འཇིག་རྟེན་ཐམས་ཅད་བདེ་བ་ཁམ་འགའ་སྟེ། ལྷ་དང་མིའི་འདོད་པ་ལྔ་ལ་ཡང་སྲེད་པར་བྱེད་དོ།། ་ལམ་བསྒྲུབ་པའི་རང་བཞིན་གཉེན་པོ་སྒོམ་པ་ན་འཁོར་བ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་ནི། ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྡུག་པོ་ནི་ཤས་ཆེ་བའོ། །སྲབ་མོ་ནི་ཤེས་ཆུང་བའོ། །མི་སྡུག་པར་ཡིད་འཁྱབ་ནི་ཇི་ལྟ ་ཇི་ལྟར་སྡུག་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།མཆེད་པ་ནི་འཕེལ་པའོ། །ཞིལ་བ་ནི་འགྲིབ་པའོ། །ཞར་ལ་བུད་མེད་སྡུག་པར་སྨྲ་བའི་འབྲས་བུ་ནི། བུད་མེད་ཅེས་ཚིགས་སུ་བཅད་པ་གཅིག་གོ་།ལུས་ནི་པདྨ་ལྟར་འཇམ། བྱང་བཞིན ་ཟླ་བ་ལྟར་མཛེས། མིག་ནི་ཨུདྤལ་ལྟར་དཀར་གནག་ཕྱེད་ཅེས་མགོ་སྙོམ་པའོ། །སྙོམ་མོད་ཉེས་པ་ཅིར་འགྱུར་ཞེ་ན། སྙན་ངགས་མཁན་གྱི་བརྫུན་དེའི་ཞེས་རྐང་པ་གཅིག་གོ་།མི་བཟད་པ་དེ་གང་ཞིག་ཅེ་ན། དེ་དག་ཅེས་རྐང་པ་གཅིག་གོ་།མི་རྟག་པར ་ཡིད་ལ་བྱེད་པ་ནི་སེམས་ཅན་མི་རྟག་པ་ནི། འགྲོ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྣོད་མི་རྟག་པ་ནི་གང་གི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།ལོངས་སྤྱོད་མི་རྟག་པ་ནི་སྡུག་བསྔལ་བ་དང། བདེ་བ་དང། སྐྱེ་གནས་ལ་ལོངས་སྤྱོད་པ་སྟེ། རིམ་པ ་བཞིན། སྔོན་ཆད་ཅེས་པ་རྐང་པ་གཅིག་དང། གཅིག་དང། གཉིས་སོ། །བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པས་ཉེ་དུ་ལ་བྱམས་པ་བསྒོམ་པ་ནི། སྐྱེ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།གྲོགས་ལ་བྱམས་པ་སྒོམ་པ་ནི། གང་དག་ཞེས་ཚིགས་སུ ་བཅད་པ་གཅིག་གོ་།དུས་ཀྱིས་རིམ་པ་ནི་སྲོག་ལ་སོགས་པའོ། །མཉམ་པ་ནི་རིགས་ལ་སོགས་པས་མཚུངས་པ་དང་འགྲོགས་པའོ། །མི་མཉམ་པ་ནི་མཐོ་བ་འམ་དམའ་བ་དང་འགྲོགས་པའོ། །གཉེན་བཤེས་ལ་སྙིང་རྗེ་བ་བསྒོམ་པ་ནི། ཉེ་དུ་ཞེས ་ཚིགས་སུ་བཅད་པ་གཅིག་གོ་།སེམས་ཅན་ཐམས་ཅད་ཉེ་དུ་ཡིན་ན་དགྲ་དང་བར་མ་ལ་ཉེ་དུར་ངོ་མ་ཤེས་པ་ཇི་ལྟ་བུ་ཞེ་ན། སྐྱེ་ཤི་ཞེས་རྐང་པ་གཉིས་སོ། །མ་ལ་བྱམས་པ་སྒོམ་པ་ནི། བྱིས་པ་ཞེས་ཚིགས་སུ་བཅད་པ་གཉིས་སོ། །བུའི་ཆེད་དུ ་ལས་ཀྱི་མཛའ་སྣ་ཚོགས་ལ་འབད་པས་ངལ་བ་མང་པོ་སྟོན་ཀྱང་བུ་ལ་བྱམས་ལ་སྟེན་པ་དེ་དག་རང་གཞན་གྱི་དོན་བྱེད་པའི་སྐབས་འདིར་བུ་ཤིན་ཏུ་མ་རབས་ཤིག་ཡོད་དུ་ཟིན་ནའང་མ་དེ་སྤོང་ཞིང་འདོར་བར་སུ་ཞིག་སྤྲོ་སྟེ་སྤྲོ་བར་མི་བྱའོ། །དེ་ལྟར ་བྱམས་པ་དང་སྙིང་རྗེ་བསྒོམས་པའི་ཐབས་བསྟན་ནས། གོམས་པའི་ཕན་ཡོན་སྟོན་པའི་སྙིང་རྗེའི་ཕན་ཡོན་ནི། འགྲོ་བ་སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྡུག་བསྔལ་མི་བཟད་པ་མང་པོ་ནི་སྡུག་བསྔལ་ཆེན་པོ་གསུམ་མམ། བརྒྱད་དམ། བརྒྱ ་རྩ་བཅུ་ལ་སོགས་པའོ། །དབང་མེད་པ་ནི་མི་འདོད་བཞིན་དུ་འབྱུང་བའོ། །སྐྱབས་མེད་པ་ནི་སྡུག་བསྔལ་སེལ་བའི་གྲོགས་མེད་པའོ། །གཞན་སྡུག་བསྔལ་བའི་དོན་དུ་བདག་གི་སྡུག་བསྔལ་བཟོད་པ་གང་ཡིན་པ་དེ་བདེ་བའི་རྒྱུ་ལ་གནས་པས་བདེ་ཞེས ་སྐྱེས་མཆོག་གསུང་ངོ། །ཐ་ན་སྐད་ཅིག་ཙམ་ཡང་གཞན་ལ་བཟའ་བཏུང་བྱིན་ནས་དེས་བཀྲེས་སྐོམ་དང་བྲལ་བ་དང། གོས་བྱིན་པས་ཚ་གྲང་དང་བྲལ་བས་དེ་མགུ་ཞིང་རངས་པར་བྱས་པ་དེས་བདག་དགའ་བ་གང་ཡིན་པ་དེ་དང་འདྲ་བར་སྙིང་རྗེ་གོམས ་པ་འདི་ན་གང་ཞིག་ཡོད་དེ་མེད་དོ། །བྱམས་པའི་ཕན་ཡོན་ནི་གཞན་ཕན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།གཞན་ལ་མྱ་ངན་ལས་འདས་པའི་ཕན་ཡོན་དང། ལྷ་མིའི་བདེ་བ་བསྐྱེད་པར་བརྩོན་པས་དགའ་བ་རྙེད་པ་གང་ཡིན་པ་དེ་ནི་སྟེ་དེ་དང་མཉམ་པ ་ཡུལ་ལྔའི་བདེ་བའི་ལོངས་སྤྱོད་ལྷུར་ལེན་པ་རྣམས་ཀྱིས་ཇི་ལྟར་ཐོབ་ཅེས་འོག་མ་དང་སྦྱར་རོ། །དེ་ལྟར་ཕན་ཡོན་བསྟན་ནས། སྤྱོད་པ་སྟོན་པའི་བྱམས་པའི་སྤྱོད་པ་གཞན་བདེ་བ་སྒྲུབ་པ་ལ་བརྩོན་པ་ནི་ཤིན་ཏུ་རྙེད་སླ་ཞེས་ཚིགས་སུ་བཅད་པ་གཅིག་གོ་། ་བྱམས་པའི་སྤྱོད་པ་བྱེད་པ་འདི་ཁོ་ནའོ། །འཕགས་པ་ནི་རང་གི་དོན་ལྷུར་ལེན་པ་རྣམ་པས་དེ་མཆོག་ཏུ་གྱུར་པའོ། །གཞན་བདེ་བ་སྒྲུབ་པ་ལ་གཞོལ་བ་ནི། ཉི་མ་རླབས་ཆེན་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེ་འདྲ་ཞེས་བྱ་བ་ནི་ཉི་མ་དང་ས་དང ་མཚུངས་པའོ། །གཅིག་ཏུ་གཞོལ་བ་ནི་རང་དོན་དང་འདྲེན་མས་མ་ཡིན་ནོ། །ཡང་ན་གཅིག་པུ་གཞོལ་ཏེ་གྲོགས་ལ་མི་བལྟོས་པར་རོ། །སྙིང་རྗེའི་སྤྱོད་པ་སྟོན་པའི་གཞན་གྱི་སྡུག་བསྔལ་སེལ་བ་ལ་བརྩོན་པ་ནི། འཇིག་རྟེན་ཞེས་ཚིགས་སུ་བཅད་པ་གཅིག་གོ་། ་གཞན་གྱི་དོན་དུ་ཚིགས་སུ་བཅད་པ་གཅིག་གོ་།གཞན་གྱི་སྡུག་བསྔལ་སེལ་བ་ན་བདེ་བ་ནི། གཞན་ལ་ཕན་པར་ཞེས་ཚིགས་སུ་བཅད་པ་གཅིག་གོ་།རང་སྨིན་ནས་གཞན་སྨིན་པར་བྱེད་པ་ནི། རྒལ་བར་འགྱུར་ཞེས་ཚིགས་སུ་བཅད་པ་གཅིག་གོ་། ་དེ་ལྟར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པ་བཤད་ནས། བསླབ་པ་གསུམ་བརྟན་པར་བྱེད་པ་འཆད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ཁྲིམས་བསྔགས་པ་ནི། དེ་ལྟར་ཞེས་རྐང་པ་གཅིག་གོ་།རྭ་དང་བ་སོ་ལ་སོགས་པའི་རྒྱན་གསེར་དང། དངུལ་ལ ་སོགས་པའི་རིན་པོ་ཆེའི་རྒྱན་མཆོག་ཏུ་གྱུར་བ་ལྟར་ལེགས་སྤྱད་དེ། ཚུལ་ཁྲིམས་ནི་རྒྱན་གྱི་མཆོག་གོ་།དེ་སྐད་དུ་ཡང། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག་ཅེས་གསུངས་སོ། །ཤེས་རབ་བསྔགས་པ་ནི། གསལ་བའི་ཞེས་རྐང་པ ་གཅིག་གོ་།ནོར་བུ་དང་མར་མེ་ལ་སོགས་པའི་གསལ་བའི་ནང་ན་ཉི་ཟླ་གསལ་བ་མཆོག་ཡིན་པ་ལྟར་ཤེས་རབ་ནི་ཤེས་བྱ་གསལ་བར་བྱེད་པས་མཆོག་གོ་།དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཞི་བ་བདུད་རྩི་ཡིས་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཆེན་པོ ་འཐོབ་ཅེས་བྱ་བའི་ཐ་ཚིག་གོ་།དེ་སྐད་དུ་ཡང་ཐུབ་པ་ཁྱེད་ཀྱིས་ཡེ་ཤེས་ཀྱིས། སྣང?་བས་མི་ཤེས་རབ་རབ་རི་བདག་།འཇོམས་བའི?་?་ཉི་མ་ཡང། མཁྱེར?་ཙམ་ཡང་མི་ཕོད་དོ། །ཞེས་བཤད་དོ། །ཏིང་ངེ་འཛིན་བསྔགས་པ་ནི། དགའ་བའི་ཞེས་རྐང་པ་གཅིག་གོ་།མི་རྣམས་ཀྱི་དགའ་ ་བའི་ནང་ན། འཁོར་ལོ་སྒྱུར་བའི་དགའ་བ་མཆོག་ཡིན་པ་ལྟར། ཏིང་ངེ་འཛིན་ནི་ཤིན་ཏུ་སྦྱོངས་པའི་དགའ་བ་དང་ལྡན་པས་མཆོག་གོ་།འོ་ན་དེ་སུས་རྙེད་པར་འགྱུར་ཞེ་ན། བྱས་པ་གཟོ་བ་རྣམས་ཀྱིས་རྙེད་པར་སླ་བའི། བྱས་པ་མི་གཟོ་བས་རྙེད་པར ་དཀའ་བའོ། །དེ་གསུམ་གྱིས་འབྲས་བུ་མྱ་ངན་ལས་འདས་པའི་འབྲས་བུ་བསྔགས་པ་ནི། བཀྲ་ཤིས་ཞེས་རྐང་པ་གཅིག་གོ་།གཟའ་དང་རྒྱུ་སྐར་དང་ཚེས་གྲངས་བཟང་པོ་ལ་སོགས་བཀྲ་ཤིས་པ་རྣམས་ཀྱི་ནང་ན་གང་གིས་འདོད་པའི་དོན་གྲུབ་པའི་བཀྲ ་ཤིས་མཆོག་ཡིན་པ་ལྟར་ཞི་བ་སྟེ་མྱ་ངན་ལས་འདས་པ་ནི་སྡུག་བསྔལ་དང། ཉོན་མོངས་པ་དང་བྲལ་བས་མཆོག་གོ་།འོན་ཏེ་སྡུག་བསྔལ་དང་བྲལ་བ་ཙམ་ཡིན་གྱི་བདེ་བ་མ་ཡིན་ནམ་ཞེ་ན། བདེ་རྒྱུན་སྟེན་ཞེས་སྨོས་ཏེ་བདེ་བའི་རྒྱུན་མི་འཆད་པས་སོ། །དེ་ལྟར ་རྟོགས་པའི་ཆོས་བསྔགས་ནས། ལུང་གིས་ཆོས་བསྔགས་པ་ནི། བདེ་བར་གཤེགས་པའི་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དེ་ལ་བརྟེན་ན་ངན་ཡོན་ཅི་ཡོད་ཅེ་ན། ལྗོན་ཤིང་ཞེས་རྐང་པ་གཅིག་གོ་།འབྲས་བུ་རྒྱ་ཆེན་ནི་མཐོ་རིས་དང་ཐར་པའོ། །འོ ་ན་གསུང་གི་དོན་ནམ་ཚིག་གང་བརྟེན་ཞེ་ན། བདེ་གཤེགས་ཞེས་རྐང་པ་གཉིས་སོ། །སྦྲང་མ་མེ་ཏོག་བཞག་ནས་སྤྲང་རྩི་ལེན་པ་ལྟར་རོ། །དེ་ལྟར་གདམས་ངག་རྒྱས་པར་བརྗོད་ནས་མདོར་བསྡུས་ཏེ་བཤད་པའི་འགྲོ་བ་སྤྱི་ལ་གདམས་པ་ནི། སྐད་ཅིག ་ཅེས་ཚིགས་སུ་བཅད་པ་གཅིག་གོ་།སྐད་ཅིག་ལ་ལུས་འཇིག་ལོངས་སྤྱོད་ཟད་ཅིང་རྟག་ཏུ་སྟེ། གཉེན་པོ་སྐྱེས་ཀྱི་བར་དུ་སེམས་གཡེང་ཞིང་འཁྲུགས་པར་བྱེད་པའི་ཡུལ་ལྔ་པོ་རྣམས་སྤོངས། ཞི་བའི་བདེ་འབྲས་ཐོབ་པར་བྱེད་ཅིང་འཆི་བའི་ཐ་ཆེ་བ་མེད ་བར་བྱེད་པ་གཅིག་པུ་གྲོགས་ལ་མི་བལྟོས་པར་དབེན་སྟེ་འདུ་འཛི་མང་པ་བསྟེན། བདག་དང་གཞན་འཁོར་བ་ལས་རྣམ་པར་ཐར་པ་མྱ་ངན་ལས་འདས་པའི་སྒོ་མོ་དབྱེ་བའི་གེགས་བསྟན་པ་ལྟ་བུའི་གཏི་མུག་སྟེ་རྨོངས་པ་དང། འཁྲུག་པ་སྟེ་སྡང་བ་དང ་རབ་རིབ་སྟེ་ཆགས་པ་སོལ་ཏེ་སྤོངས། ཕྱིར་རྟ་རྣམས་རང་བཞིན་གྱིས་གཉིད་ཆེ་ཡང་རྟའི་མཆོག་ཅད་ཤེས་ནི་རྟེའུ་སྟེ་ཕྲུ་གུ་ནས་བག་ཟོན་ཆེ་བས་ཤིན་ཏུ་ཡུན་རིང་པོར་གཉིད་ལོག་པར་འགྱུར་བ་མ་ཡིན་ཏེ། ཅུང་ཟད་གཉིད་ལོག་ནས་རྩཝ་ཆུ་ལ་སྤྱོད་དོ།། ་དེ་བཞིན་དུ་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱང་འདོད་པ་ལ་ཡུན་རིང་པོར་སྟེན་པར་མི་བྱེད་དེ། ཅུང་ཟད་བསྟན་ཀྱང་དེས་སྐྱོ་བར་བྱས་ནས་དགེ་བ་སྤོང་ངོ། །དེ་ལྟར་སྐྱེ་དགུ་སྤྱི་ལ་གདམས་ནས། སློབ་མ་ལ་བྱེ་བྲག་ཏུ་འདོམས་པ་ནི་ཤིང་ཆེན་པོ་ལྟ ་བུར་ཆོས་དགུ་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་ཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།དཔེར་ན་ཤིང་ཆེན་པོ་སྡོང་པོའི་ལྟ་བུ་ནི་བརྟན་པའོ། །གེལ་བ་ལྟ་བུ་བཟོད་པའོ། །དུལ་བ་ནི་ལོ་མ་ལྟ་བུའོ། །ཞི་གནས་ནི་མེ་ཏོག་ལྟ་བུའོ། །ཤེས ་རབ་ནི་ཡལ་ག་ལྟ་བུའོ། །རྒྱུ་རབ་ཏུ་སྨིན་པ་ནི་ལོ་བྲན?་མྱུ་གུ་ལྟ་བུའོ། །སྨོན་ལམ་ནི་རྩེ་མོ་ལྟ་བུའོ། །ཚུལ་ཁྲིམས་ནི་གྲིབ་མ་ལྟ་བུའོ། །རབ་ཞི་སྟེ་མྱ་ངན་ལས་འདས་པ་ནི་འབྲས་བུ་ལྟ་བུའོ། །མཚོ་ཆེན་པོ་ལྟ་བུར་ཆོས་བཅུ་གཅིག་དང་ལྡན་པར་གྱིས་ཞེས ་བརྗོད་པ་ནི། ཁྱོད་ཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།དཔེར་ན་མཚོ་ཆེན་པོ་ཡངས་པ་ལྟར་ཤེས་རབ་རྒྱ་ཆེ་བ་དང། གསལ་བ་ལྟར་ཤེས་བྱ་གསལ་བ་དང། བྱིན་གྱིས་གཞོལ་བ་ལྟར་དགེ་བ་ལ་གཞོལ་བ་དང། གཏིང་ཟབ་པ་ལྟར་ཆོས་ཟབ་མོ་རྟོགས ་པ་དང། རབ་ཏུ་དང་པ་ལྟར་དང་བའི་དང་པ་དང་ལྡན་པ་དང། རྟག་ཏུ་བསིལ་བ་ལྟར་ཉོན་མོངས་པའི་གདུང་བ་ལས་བསིལ་བ་དང། སྤྲུལ་གདུག་པའི་སྙིང་གི་བག?་ཞེང་མེད་པ་ལྟར་དུག་གསུམ་མེད་པ་དང། མེའ?་འཇིགས་པ་སྤངས་པ་ལྟར་ངན་འགྲོའི་འཇིགས ་པ་སྤངས་པ་དང། རང་བཞིན་གྱིས་རབ་ཏུ་གཙང་བ་ལྟར་ཚུལ་ཁྲིམས་ཀྱིས་གཙང་བ་དང། སྐོམ་པ་གཅོད་པ་ལྟར་སྲེད་པ་གཅོད་པ་དང། གྲུ་གཟིངས་འདེགས་པའི་ཁུར་བཟོད་པ་ལྟར་གཞན་དོན་བྱེད་པའི་ཁུར་བཟོད་པའོ། །ཆར?་སྤྲིན་ཆེན་པོའི་ལྟ ་བུར་ཆོས་དྲུག་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་ཅིག་ཅེས་ཚིགས་སུ་བཅད་པ་གཅིག་གོ་།དཔེར་ན་ཆར་སྤྲིན་ཆེན་པོ་དེས་མེ་ཏོག་ལ་སོགས་པ་ལ་ཕན་འདོགས་པ་ལྟར་སྐྱེ་བོ་མང་པོ་སྡིག་པ་ལས་བཟློག་སྟེ། དགེ་བ་ལ་བཀོད་ནས་ཕན ་འདོགས་པ་དང། འབྲུག་གི་སྒྲ་སྒྲོགས་པ་ལྟ་བུར་འཁོར?་བའི་སྡུག་བསྔལ་གྱིས་མི་འཇིགས་པ་དམ་པའི་ཆོས་སྨྲ་བའི་སྒྲ་ཆེན་སྒྲོགས་པ་དང། ཆར་ཆེན་པོ་འབབ་པ་ལྟར་གྲགས་པ་རྒྱ་ཆེན་པོས་ཁྱབ་པ་དང། ཆར་དེ་རླུང་གི་ཤུགས་དྲག་པོས་བསྐྱོད་པ་ལྟར ་སེམས་སྙིང་རྗེའི་རླུང་གིས་བསྐྱོད་པ་དང། སའི་རྡུལ་ལྡང་བ་ཞིབ་ལྟར་ཉོན་མོངས་པའི་རྡུལ་རབ་ཏུ་ཞི་བར་བྱེད་པ་དང། གྲིབ་མས་སོ་སྟེང་བརྒྱན་བ་ལྟར་ཚུལ་ཁྲིམས་ཀྱིས་སྒོ་གསུམ་བརྒྱན་པའོ། །དེ་ལྟར་གདམས་ངག་བརྗོད་ནས། དེ་ལས་བྱུང་བའི་དགེ་བ་བསྔོ ་བའི་ལེགས་པ་གྲུབ་པར་བསྔོ་བ་ནི། བདག་གིས་ཞེས་ཚིགས་སུ་བཅད་པ་གཅིག་གོ་།བདེ་གཤེགས་སྤྱོད་པ་ནི་དང་པོ་སེམས་བསྐྱེད་པ་ནས་ཐ་མ་མྱ་ངན་ལས་འདས་པའི་བར་རོ། །རྟག་ཏུ་བདེ་བ་ནི་ཇི་སྲིད་འཚོའི་བར་དུ་ནད་མེད་པའོ། །ལོངས་སྤྱོད་བཟང་པོ་ནི ་ལོག་པར་འཚོ་བ་མེད་པའོ། །ཡིད་ལ་རེ་བ་འབྱོར་པ་ནི་འདོད་པའི་དོན་ཐམས་ཅད་གྲུབ་པའོ། །གཞན་ལ་ཕན་པར་དགའ་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པར་སྤྲོ་བའོ། །ཀུན་མཁྱེན་ནི་ཤེས་བྱ་ཐམས་ཅད་ཐུགས ་སུ་ཆུང་བའོ། །བགྲོད་པར་ཤོག་ཅེས་པ་ནི་དེ་ཐོབ་པར་སྨོན་པའོ། །ཉེས་པ་ཞི་བར་བསྔོ་བ་ནི་དམྱལ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ་།དམྱལ་བའི་དམ་གྲོག་དང་གཡངས་ལག་མཐིལ་ལྟར་མཉམ་མུན་ནག་སྣང་གསལ་ལུས་ལ་མེ་འབར་བ ་རབ་ཏུ་ཞི་བ་དང། རོ་མྱགས་ལ་སོགས་པའི་འདམ་རྫབ་བསྐམས་ནས་དེང་འཁྲུངས་ཤིང་སྐྱེས་པའི་པདྨའི་ལོ་མས་ཁེབས་ཤིང་རྩ་བའི་ཁྱེའུ་སོ་ཐེན་པ་དང། རོ་མྱགས་ཀྱི་འདམ་དེ་གཙང་ཞིང་དྲེ་ཞིམ་གྱུར་ནས། ཕྱོགས་དེང་པདྨ་ཁ་བྱེ་བས་དང་ས་རྣམ ་པར་བརྒྱན་པ་དང། དམྱལ་བ་རྣམས་བདེ་བ་རྒྱས་ཤིང་བསམ་པ་བཟང་ལ་རླུང་བསེར་བུའི་དང་བཅས་ཆར་ཟིམ?་འབབ་པས་ཚ་བའི་གདུང་བ་ཞི་བར་ཤོག་།སྟོན་པ་འབྱུང་བར་བསྔོ་བ་ནི། བདུད་དཔུང་ཞེས་ཚིགས་སུ་བཅད་པ་གཅིག་གོ་།སྒྲོགས་པ་ནི ་དམ་པའི་ཆོས་སྟོན་པའོ། །ལྷའི་ཆུ་ནི་མཚེ་བུ་ངལ?་གིས་འབབ་པའོ། །རྩེ་མོ་ནི་དེ་ལྷ་དང་ལྷ་མོ་རྣམས་རྩེ་བས་ནང་ཕན་ཚུན་དགའ་བར་བྱེད་པ་བས་ཀྱང་གདུལ་བྱ་རྣམས་དགའ་བར་མཛད་པའོ། །གདུལ་བྱ་དེ་དག་ཀྱང་གང་ཞེ་ན། ལྷ་དང་མི་འདུལ་བ ་ཞེས་སྨོས་སོ། །གང་གི་ཕྱིར་གདུལ་ཞེ་ན། སྐྱེ་ཤི་ཞེས་རྐང་པ་ཕྱེད་དོ། །གང་གིས་འདུལ་ཞེ་ན། སངས་རྒྱས་དག་ཅེས་རྐང་པ་ཕྱེད་དང་གཉིས་སོ། །བརྣག་པ་བཞིན་ཞེས་བྱ་བ་ནི་གདུལ་བྱ་རྣམས་གང་ལ་མོས་པའི་སྐུར་རོ། །ནམ་ཞར་ཞེས ་བ་ནི་རྟག་ཏུའོ། །བསྟན་པ་རྒྱས་པར་བསྔོ་བ་ནི། འགྲོ་བ་ཞེས་རྐང་པ་གཅིག་གོ་།དེའི་འགལ་རྐྱེན་མེད་པར་བསྔོ་བ་ནི། འཆི་བདག་ཅེས་རྐང་པ་གཅིག་གོ་།མཐུན་རྐྱེན་ཚོགས་པར་བསྔོ་བ་ནི་འཕགས་པའི་ཞེས་རྐང་པ་གཉིས་སོ། །འཕགས་པའི ་སྐྱེ་བོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་རྣམས་སོ། །འོ་ན་རང་སངས་རྒྱས་འཕགས་པའི་སྐྱེ་བོ་མ་ཡིན་ནམ་ཞེ་ན། ཡིན་མོད་ཀྱི། དེ་ནི་ལུས་ཀྱི་ཆོས་སྟོན་གྱི་ངག་གིས་མི་སྟོན་པས་གཏམ་ཚོགས་མེད་དོ། །གཏམ་ཚོགས་ནི་ཐེག་པ ་གསུམ་མོ། །སྤེལ་བ་ནི་གོང་ནས་གོང་དུ་རྒྱས་པའོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཞི་བའི་བདུད་རྩི་ཞེས་སོ། །ཞི་བའི་བདུད་རྩིའི་ཆར་གྱིས་བསིལ་བས་དོན་བྱས་ཤོག་ཞི་བའི་བདུད་རྩིའི་ཟླ་བའི་སྣང་བ་རང་བཟང་དོན་བྱས་ཤོག་།ཅེས་ཚིག་རྣམ་པར་སྦྱར ་རོ། །བདག་གི་སློབ་མའི་སྤྲིང་ཡིག་འདི། རྟོགས་ཤིང་ཅང་ཟད་བཤད་པ་ལས། དགེ་བ་དྲི་མེད་གང་ཐོབ་དེས། །འགྲོ་ཀུན་རྣམ་པར་གྲོལ་བར་ཤོག་།སློབ་མ་ལ་སྤྲིངས་པའི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས ་རང་གི་སློབ་མ་རྣམས་ལ་ཕན་པའི་དོན་དུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙན་དྲ་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་