| Wylie | e-texts based on the ACIP/ALL Input |
བོད་ཀྱི་ལོ་ཙཱ་བ་ཆིང་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །། *། །དབུ་མ་རྒྱན་གྱི་མན་ངག་རིན་ཆེན་འབྱུང་གནས་ཞི་བ་ལྷས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ་།མ་དྷཡ་མཱ་ལཾ་ཀཱ་རོ་བ་དེ་ཤ། བོད་སྐད་དུ། དབུ་མ་རྒྱན་གྱི་མན་ངག་།རྗེ་བཙུན་མ་སྒྲོལ ་མ་ལ་ཕྱག་འཚལ་ལོ། །སྐུ་གཉིས་ཀྱི་ནི་གནས་ཁྱབ་པའི། །གང་ཞིག་ཉི་ཟླ་གཟའ་སྐར་བཞིན། །བདེ་བ་ཆེན་པོ་ཉིད་ཀྱི་སྐུ། །རྟག་པར་རྡོ་རྗེ་འཆང་ལ་འདུད། །བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང། །ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡིས། ། ་བདེན་པ་གཉིས་འདིར་བཤད་བར་བྱ། །དེ་ལ་བདེན་པ་གཉིས་ནི་དོན་དམ་པ་དང་ཀུན་རྫོབ་བོ། །དོན་དམ་པ་ཡང་རྣམ་པ་གསུམ་སྟེ། །དོན་དམ་པ་ནི་དེ་བཞིན་ཉིད་དོ། །སྒྲུབ་པ་དོན་དམ་པ་ཡང་དག་པའི་ཡེ་ཤེས་སོ། །ཐོབ་པར་བྱ་བའི་དོན་དམ་པ་ནི་མྱ་ངན་ལས་འདས ་པའོ། །ཇི་སྐད་དུ་དོན་དང་ཐོབ་དང་སྒྲུབ་པ་དང། དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་བཤད་པ་ལྟ་བུའོ། །ཀུན་རྫོབ་ཀྱང་རྣམ་པ་གསུམ་སྟེ། །བརྟགས་པའི་ཀུན་རྫོབ་ནི་ཆོས་ཐམས་ཅད་ཀུན་བརྟགས་པའི་རང་བཞིན་ནོ། །ཤེས་པའི་ཀུན་རྫོབ་ནི་ལོག་པའི་ཤེས ་པ་ཐམས་ཅད་དོ། །བརྗེད་པའི་ཀུན་རྫོབ་ནི་སྒྲ་དང་དོན་དམ་པ་སྟོན་པར་བྱེད་པའོ། །ཇི་སྐད་དུ་བརྟགས་པ་དང་ནི་ཤེས་པ་དང། དེ་བཞིན་བརྗོད་པ་གྱ་ཆེ་ཡིན། །ཞེས་བཤད་པ་ལྟ་བུའོ། །བརྗོད་པའི་ཀུན་རྫོབ་ནི་རྣམ་པར་རྟོག་པ་མ་ཡིན་ཞིང་རྣམ་པར་མི་རྟོག་པ ་ཡང་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རྟོག་པ་མ་ཡིན་ཞེ་ན། རྣམ་པར་མི་རྟོག་པ་སྐྱེས་པ་དང་རྗེས་སུ་འཐུན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་ཞེ་ན། ཡང་དག་པའི་དོན་ལ་རྣམ་པར་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཉིད་ལས ་རྣམ་པར་མི་རྟོག་པ་སྐྱེ་བ་མ་ཡིན་ཏེ་།བྱིས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ། །ཐ་མལ་པའི་རྣམ་པར་རྟོག་པ་ལས་སྐྱེ་བ་ཡང་མ་ཡིན་ཏེ། དེ་ནི་འདིའི་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་མི་རྟོག་པ་ཉིད་མི་སྐྱེ་བ་མ་ཡིན་ཏེ། མཉམ་པར ་འཇོག་པ་ཡིད་ཀྱིས་སོ་སོར་རྟོག་པ་རྣམས་དེ་སྒོམས་པའི་རྗེས་སུ་འགྲོ་བས། འབད་རྩོལ་མེད་པར་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་སེམས་མཉམ་པར་བཞག་པར་འགྱུར་རོ། །སྤྲོས་པ་མེད་པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། ། ་དེ་སྐད་དུ་ཡང་རྣམ་པར་མི་རྟོག་པའི་གཟུགས་ལས། དེ་ཡང་དག་པར་སྦྱོར་བས་རྗེས་སུ་འགྲོའོ། །བསྒོམ་པས་རྗེས་སུ་འགྲོའོ། །མང་དུ་བྱས་པས་རྗེས་སུ་འགྲོའོ། །ཡང་དག་པར་ཡིད་ལ་བྱེད་བས་རྗེས་སུ་འགྲོའོ་ཞེས་གསུངས་པ་དང། གཞན་དག་ལས་ཀྱང་བསཾ ་པའི་རང་བཞིན་ཅན་ཉིད་ཀྱིས་ཤེས་རབ་གོམས་པར་བྱས་ནས། དོན་དམ་པའི་ཡེ་ཤེས་འཁྲུལ་བས་བདེན་པ་དྲི་མ་མེད་པ་འཇིག་པ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེ་བས་ན་ཡང་དག་པ་ལ་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག་པའི ་བྱུང་བ་རྟོག་པར་འདོད་པ་རྣམས་ཀྱིས་བསྟེན་ཅིང། བསྒོམ་པར་བྱའོ། །ཞེས་བྱ་བ་ནི་གྲུབ་པའི་མཛའ་ཡིན་ནོ། །ཡང་དོན་དམ་པའི་བདེན་པ་གང་ཞེ་ན། འཕགས་པ་རྣམས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། བྱིས་པ ་རྣམས་ཀྱི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་དང། ཡེ་ཤེས་དམ་པའི་འབྲས་བུ་ཡིན་པའི་ཕྱིར་དང་དོན་དམ་པར་ཡོད་པའི་ཕྱིར། དོན་དམ་གསུམ་གོ་རིམ་བཞིན་དུ་བཞག་གོ་།ཀུན་བརྟགས་དང་གཞན་དབང་དང། ་ཡོངས་སུ་གྲུབ་བ་སྟེ། ཀུན་རྫོབ་རྣམ་པ་གསུམ་གྱི་མཚན་ཉིད་གོ་རིམས་བཞིན་ནོ། །དེ་བས་ན་དེ་ཉིད་ལ་རང་བཞིན་གསུམ་གྱི་དབུ་མ་ཡིན་ཏེ། དེ་ཡང་གཉིས་ཀྱི་བདག་ཉིད་ཐམས་ཅད་མེད། །གཉིས་སུ་འཁྲུལ་པའི་བདག་ཉིད་ཡོད། །དེ་ནི་སྟོང་པའི་བདག་ཉིད་དེ། དབུ ་མའི་ལམ་དུ་དེ་བཞེད་དོ། །དེ་སྐད་ཀྱང་ཀུན་བརྟགས་དང་ནི་གཞན་དབང་དང། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །བརྟགས་དང་རྒྱུ་ལས་སྐྱེ་བ་དང། །མི་འགྱུར་ཕྱིར་ན་གོ་རིམས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་མཚན་ཉིད་ཀྱང་འདིར་མདོར་བསྡུས ་ནས་བརྗོད་པར་བྱ་སྟེ། འདི་གཉིས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །དེ་ཡང་གཟུང་བ་དང་འཛིན་པ་གཉིས་སོ། །གཉིས་མེད་ཀྱང་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བར་སྐྱེ་བའོ། །དེ་ནི་རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཡང་ན་གཞན་ཞེས་བྱ་བ་ནི་རྣམ་པ་ལ་བྱ་ལ། ཡང་དག་པའི་ཡེ་ཤེས་ནི་ཚུ་རོལ་ཏེ། གཞན་གྱི་དབང་མ་ཡིན་ནོ། །གཞན་གྱི་དབང་དེ་ཡང་རྣམ་པ་གསུམ་སྟེ། །ཀུན་གཞི་རྣམ་པར་ཤེས་པ་དང། ཉོན་མོངས་པ་ཅན་གྱི་ཡིད་དང། འཇུག་པའི་རྣམ ་བར་ཤེས་པའོ། །ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་དུ་གྱུར་བས་ཀུན་གཞི་ཡིན་ལ་རང་གི་ངོ་བོ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །ཉོན་མོངས་པ་བཞི་དང་རྟག་ཏུ་མཚུངས་པར་ལྡན་པས་ཉོན་མོངས་པ་ཡིན་ལ། །བདག་གོ་ཞེས་རྟག ་ཏུ་རློམ་སེམས་པའི་བདག་ཉིད་ཡིན་པས་ཡིད་དོ། །ཡུལ་སོ་སོ་ལ་ཡང་དང་ཡང་དུ་འབྱུང་བས་འཇུག་པ་ཡིན་ལ། ཡུལ་ལ་ཉེ་བར་དམིགས་པས་རྣམ་པར་ཤེས་པའོ། །གཞན་དབང་དེ་ཀུན་བརྟགས་པ་དེས་དུས་ཐམས་ཅད་དུ་སྟོང་པ་ཉིད་དང་དཔེན་པ་ཉིད་དང། ་བྲལ་བ་ཉིད་དུ་གྱུར་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཤེས་པ་གང་རྣམས་ཡང་གཉིས་ཀྱིས་མི་སྟོང་པ་དེ་ནི་ཅུང་ཟད་ཙམ་ཡང་མེད་དེ། སྟོང་པ་དེ་ཡང་ནམ་ཡང་འགྱུར་བ་མེད་པར་ཐམས་ཅད་ནས་ཐམས་ཅད་དུ་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། དེ ་བས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བརྗོད་དོ། །འཕགས་པ་བྱམས་པས་ཀྱང་གཉིས་དངོས་མེད་པའི་དངོས་མེད་པ། དངོས་པོ་སྟོང་པའི་མཚན་ཉིད་དོ་ཞེས་གསུངས་སོ། །འོ་ན་གཉིས་ཀྱི་སྟོང་པ་ཐོག་པ་མེད་པ་ཡིན་པས་དེའི་ཚེ་ན། ཐོག་མ་ཉེད་ནས ་བྱང་ཆུབ་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཉམས་སུ་མྱོང་བ་ཡོད་དུ་ཟིན་ཀྱང་ངེས་པ་མེད་པའི་ཕྱིར་རོ། །དེ་བས་ན་གཞན་དབང་ལ་དེ་ལ་ཡོངས་སུ་གྲུབ་པའི་རང་བཞིན་དུ་ངེས་ནས་བྱང་ཆུབ་པར་འགྱུར་རོ། །ཀུན་བརྟགས་པའི་རང་བཞིན་དུ་ངེས་ན་འཁོར་བར ་འགྱུར་རོ། །ཡོངས་སུ་གྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་དབང་གི་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་ནོ། །གང་གིས་སྟོང་ན་གཉིས་ཀྱིས་སོ། །སྟོང་པ་ཉིད་ཕྱིར་དངོས་བོ་མིན། །དེ་དངོས་ཡིན་ཕྱིར་དངོས་མེད་མིན། །ལུས་དངོས་ཡིན་ཕྱིར་གཞན་མ ་ཡིན། །མཚན་ཉིད་ཀྱིས་ནི་གཞན་མིན་མིན། །ཞེས་གསུངས་སོ། །གལ་ཏེ་དེ་དག་གཞན་མ་ཡིན་ན་འདུ་བྱེད་རྣམས་མཐོང་བ་ན་སྟོང་པ་ཉིད་ཀྱང་ངེས་པར་འགྱུར་ལ། དེ་ལྟར་ན་ཐམས་ཅད་ཀྱང་བདེན་པ་མཐོང་བ་ལ་སོགས་པར་འགྱུར་རོ། །གཞན་ལ་འདུ་བྱེད་རྣམས ་ཀུན་ནས་ཉོན་མོངས་པ་བཞིན་དུ་སྟོང་པ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་ལ། སྟོང་པ་རྟག་པ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཡང་རྟག་པར་འགྱུར་བ་འམ། སྟོང་པ་བེམས་པོ་བཞིན་དུ་འདུ་བྱེད་རྣམས་ཀྱང་བེམས་པོར་འགྱུར་བས། །དེའི་ཕྱིར་དེ ་ནི་དེ་རྣམས་ལས་ཐ་མི་དད་པ་མ་ཡིན་ནོ། །ཐ་དད་པ་ཡང་མ་ཡིན་ཏེ། བདེན་པ་མཐོང་བ་རྣམས་ཀྱིས་ཀྱང་འདུ་བྱེད་རྣམས་ཀྱི་མཚན་མ་ཟིལ་གྱིས་ནོན་པར་མི་འགྱུར་ལ། གཞན་ལ་སྟོང་པ་དེ་མི་མྱོང་བར་འགྱུར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི ་མཚན་ཉིད་དག་ཀྱང་གཅིག་པ་དང་ཐ་དད་པར་འགྱུར་རོ། །དེ་བས་ན་འདི་ནི་དེ་དག་ལས་ཐ་དད་པ་མ་ཡིན་ནོ། །དེ་སྐད་ཀྱང་དངོས་པོ་མ་ཡིན་དངོས་མེད་མིན། ཐ་དད་གཅིག་གི་མཚན་ཉིད་མིན། །ཞེས་གསུངས་སོ། །ཡང་དེའི་མིང་གི་རྣམ་གྲངས་ནི། །དེ་བཞིན ་ཉིད་དང་ཡང་དག་མཐལ་།མཚན་མ་མེད་དང་དོན་དམ་དང། ཆོས་ཀྱི་དབྱིངས་དང་ཆོས་ཉིད་དོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྣམ་གྲངས་ཀྱི་དོན་ནི་འགྱུར་བ་མེད་པས་ན་དེ་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཀྱིས་མཛའ་ཡིན་པས་ན་ཡང་དག་པའི་མཛའ་ཨོ། ་འདི་ལ་དངོས་པོའི་མཚན་མ་མེད་པས་ན་མཚན་མ་མེད་པའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་ཡིན་ལ་དོན་ནི་དེའི་ཡུལ་ཡིན་ཏེ་དེས་ན་དོན་དམ་པའོ། །འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་སོ། །ཐམས་ཅད ་ཀྱི་རང་བཞིན་ཡིན་པས་ཆོས་ཉིད་དོ། །ཡང་དེ་སྔོན་གྱིས་གནས་སྐབས་སུ་ནི་ཀུན་ནས་ཉོན་མོངས་པར་འགྱུར་ཞིང། དེའི་བདག་ཉིད་མ་ཡིན་པའི་བློ་བུར་གྱི་དྲི་མ་ཅན་ཡང་ཡིན་ནོ། །ཕྱིས་དེ་སྤངས་པས་རྣམ་པར་དག་པར་འགྱུར་ཞིང་དྲི་མ་མེད་པ་ཡིན་ཏེ་དེ་ཡང་དེ་ནི་བཅས་དྲི་མ་མེད ་ཀུན་ནས་ཉོན་མོངས་རྣམ་པར་དག་།ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་མེད་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན ་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །སེམས་ཀྱི་རང་བཞིན་འོད་གསལ་བ། །ཉོན་མོངས་དང་ནི་བློ་བུར་ཕྱིར་ཞེས་རྒྱ་ཆེར་གསུངས་བའོ། །དེ་ལྟར་ན་དེ་རྣམས་ལ་ཀུན་བརྟགས་པའི་གཇུགས་དང། རྣམ་པར་བརྟགས་པའི་གཟུགས་དང ་ཆོས་ཉིད་ཀྱི་གཟུགས་དང། ཡང་བརྟགས་པར་ཡོད་པ་དང་རྫས་སུ་ཡོད་པ་དང། དོན་དམ་པར་ཡོད་པ་དང་ཞེས་ཀྱང་གསུངས་སོ། །དེ་ལྟ་བས་ན་རང་བཞིན་གསུམ་དང་ལྡན་པ་དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ནི། ཀུན་བརྟགས་པའི་རང་བཞིན ་གྱིས་ནི་ཡོད་པ་མ་ཡིན་ཞིང། གཞན་གྱི་དབང་དང་ཡོངས་སུ་གུབ་པའི་རང་བཞིན་གྱིས་ནི་མེད་པ་མ་ཡིན་ཏེ། དེ་བས་ན་མཛའ་གཉིས་དང་བྲལ་བའོ། །དེ་ཡང་ཡང་དག་པ་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད་པ? ་དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ན་དབུ་མའི་ལམ་ཡིན་ནོ་ཞེས་གསུངས་སོ། །སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་པའི་ལུས་ནི་ཡོད་པའོ། །སྔོན་པོ་ལ་སོཊ ་པའི་མཚན་ཉིད་ནི་མེད་པ་སྟེ། ཇི་སྐད་དུ་འཆད་པར་འགྱུར་བའི་གནོད་པ་ཡོད་པའི་ཕྱིར་རོ། །དེ་བས་ན་སྔོན་པོ་ལ་སོགས་པའི་བག་ཆགས་ཀྱིས་བསླད་པའི་དབང་གིས་འཁྲུལ་པའོ། །དེ་ལྟར་གྱུར་པས་དེ་མྱོང་བ་ཡང་འཁྲུལ་པ་དང། གཞན་མྱོང ་བ་ལྟ་བུར་མྱོང་བའོ། །ཡང་རང་རིག་པ་གསལ་བའི་ངོ་བོ་ལ་གནོད་པར་བྱེད་པ་ནི་མེད་དེ། །དེ་ལས་ལྷག་པའི་ཚད་མ་གཞན་མེད་པའི་ཕྱིར་རོ། །དེ་ནི་རང་རིག་པའི་མངོན་སུམ་ཡིན་པ་དང། ཡང་དག་ཏུ་མྱོང་བའོ། །དེ་བས་ན་འདི་ནི ་ཚད་མས་གྲུབ་པ་སྟེ། ཚད་མ་ནི་ཚད་མ་བརྒྱས་ཀྱང་མི་གནོད་དེ། ཚད་མ་མ་ཡིན་པ་ཕ་རོལ་གྱི་གནོད་པ་ཙམ་གྱིས་སྨོས་ཀྱང་ཅི་དགོས། དེ་ལྟར་ན་ཚད་མ་གཉིས་ཀྱིས་བསྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ། །གཉིས་ལྟར་སྣང་བའི་ཕྱིར་གཉིས ་ཀྱི་མཚན་མ་ཞེས་ཀྱང་བྱ་བ་སྟེ། དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་འགག་པར་འགྱུར་བ་དང། དེ་ནི་མ་འཁྲུལ་པ་དང་ཡང་དག་པའི་ཡེ་ཤེས་ཡིན་པས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའོ། །དེའི་དེ་བཞིན་ཉིད་ནི་མི ་འགྱུར་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང། དངོས་རྣམས་སྐྱེ་བ་ཡོད་མིན་ཞིང། །འགག་པའང་གང་ན་ཡོད་མིན་པ། །ཤེས་པ་འདི་ཉིད་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་པ་ཡིན། །འབྱུང་བ་ཆེ་ལ་སོགས་བཤད་པ། ་རྣམ་པར་ཤེས་སུ་ཡང་དག་འདུ། །ཡེ་ཤེས་ལ་ནི་དེ་བྲལ་ན། །ལོག་པར་རྣམ་དག་ཅིས་མ་ཡིན་ཞེས་བྱ་བ་འདིས་ཐམས་ཅད་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྣལ་འབྱོར་སྤྱོད་པ་པ་དང། དབུ་མ་གྲུབ་པའི་མཛའ་མཚུངས་པ་ཡིན་ནོ། །དེ་ལྟ་བས ་ན་དོན་འདི་ནི་ཤིན་ཏུ་བཟློག་པར་དཀའ་བ་ཉིད་ཡིན་ནོ། །ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེ་ཡང་སྣང་བ་མེད་པའི་ས་དང། ལྷག་པའི་བསམ་པ་རྣམ་པར་དག་པའི་ས་དང། ཁྱད་པར ་གྱིས་དང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དུས་དེར། ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་དང་མཚུངས་པར་མཐོང་ངོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་པས་ནི་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་མཐོང་ངོ་ཞེས ་གསུངས་སོ། །དེ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེས་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པ་ཉིད་ཀྱིས་དག་པ་ཡིན་ལ། འཁྲུལ་པ་ཉིད་ཀྱིས་འཇིག་རྟེན་པ་ཡིན་ནོ། །དེ་བཞིན་དུས་སངས་རྒྱས་ཀྱིས་ལ་དགོངས་པའི་དབང་གིས་སྔོགས ་པའི་བྱང་ཆུབ་ཅུང་ཟད་འཁྲུལ་པ་ཡིན་ཏེ། དག་པ་འཇིག་རྟེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ས་དེ་རྣམས་སུ་ཤེས་པ་རྣམས་གནས་གྱུར་ཅིང་མི་འདྲ་བར་སྨིན་པའོ། །དེ་ལྟར་ཤེས་པ་ནི་གཉིས་ཏེ། འཇིག་རྟེན་པའི་ཤེས་པ་དང། འཇིག་རྟེན་ལས་འདས ་པའི་ཤེས་པའོ། །འཇིག་རྟེན་པའི་ཤེས་པ་ཡང། མ་དག་པ་འཇིག་རྟེན་པའི་ཤེས་པ་དང། དག་པ་འཇིག་རྟེན་པའི་ཤེས་པའོ། །ལུགས་འདི་ནི་རྣམ་པ་མེད་པ་ཡིན་ཏེ། དེ་ཡང་འཇིག་རྟེན་པའི་ཡེ་ཤེས་ལ། །རྣམ་པ་དག་ནི་ནུབ་གྱུར་ནས། །དེ་ཉིད ་གཉིས་མེད་སྤྲོས་པ་མེད། །ཁྱབ་བདག་སྣང་བ་མེད་པ་སྐྱེ། །འཇིག་རྟེན་ཤེས་པ་རྣམ་བཅས་ཀྱང། །རྣམ་པ་དག་ནི་བརྫུན་པ་དང། །བདེན་མིན་རྣམ་པར་གཅོད་པས་ན། །དེ་ནི་རྣམ་པ་མེད་པར་བརྗོད། །གཞན་དག་སངས་རྒྱས་པ་རྣམས་འདི་སྐད་སྨྲ་སྟེ། ་གང་ཞིག་རྣམ་པ་མེད་པའི་ཤེས་པས་སྔོན་པོ་ལ་སོགས་པའི་དོན་རིག་པར་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའོ། །གང་ཞིག་དོན་གྱིས་ཕན་བཏགས་པའི་གཟུགས་བརྙན་གྱི་རྣམ་པ་ཉམས་སུ་མྱོང་བ་དོན་རིག་པར་འདོད་པ་ཉིད་ནི་མདོ་སྡེ་པའོ། །གཞན ་དབུ་མ་ལྟར་སྣང་བའི་ཕྱོགས་གསུམ་དང། རྣལ་འབྱོར་སྤྱོད་པའི་ཕྱོགས་བཞི། ཚད་མ་དང་ལུང་དང་བསྟན་བཅོས་ལ་མཁས་པ་རྣམས་ཀྱི་སུན་དབྱུང་བར་བྱ་སྟེ། དེ་ལ་སྔོན་པོ་ལ་སོགས་པ་འདི་དག་ཇི་ལྟར་རྣམ་པར་ཤེས་པ་ཡིན་ཞེ་ན། བཅོམ ་ལྡན་འདས་ཀྱིས་ཀྱང། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དང་སྣང་པར་གྱུར་པ་ཡིན། །ཞེས་གསུངས་སོ། །འོ་ན་འདི་ལ་རིགས་པ་ཅི་ཡོད་ཅེ་ན། གང་ཡང་རྨི་ལམ་གྱི་ཤེས ་བ་ཉིད་དོན་དེ་དང་དེར་སྣང་ཡང་སང་བ་ཉིད་ན་མ་ཡིན་པ་བཞིན་ནོ། །དཔེ་ཙམ་གྱིས་དོན་གྲུབ་པ་མེད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཆོས་རྣམས་རང་ཉིད་གསལ་བཞིན་པར་བདག་ཉིད་ཀྱིས་གསལ་བའི་ངོ་བོ་ཉམས་སུ་མྱོང་བས ་གྲུབ་པ་ཡིན་ལ། གསལ་པ་དེ་ཡང་རབ་ཏུ་སྣང་བ་དང། སོ་སོར་སྣང་བ་དང་གསལ་བཞིན་པ་ཞེས་བྱའོ། །དེ་ཡང་བེམས་བོ་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་མ་ཡིན་ཞིང་ཤིན་ཏུ་ཡོངས་སུ་གསལ་བའི་རང་བཞིན་ནོ། །དེ་གྲུབ་པ་མ་ཡིན་ན་ནི་གང ་ཡང་སྣང་བར་མི་འགྱུར་བས་ཐམས་ཅད་མ་གྲུབ་པར་ཐལ་བར་འགྱུར་རོ། །གྲུབ་ན་ནི་དེ་ཉིད་ཤེས་པ་ཡིན་པས་ཆོས་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་དུ་གྲུབ་པར་འགྱུར་རོ། །འདིར་ཚིགས་སུ་བཅད་པ་ནི། གསལ་བ་མིན་པ ་གསལ་མི་འགྱུར། །གཞན་གྱིས་ཀྱང་ནི་གསལ་མི་ནུས། །སྔོན་པོ་ལ་སོགས་གསལ་བ་སྟེ། །དེ་ཕྱིར་གཉིས་མེད་ཤེས་པ་ཡིན། །མདོ་སྡེ་པ་ལྟར་ན་ཡང། ཤེས་པ་དེ་འབྲེལ་པ་གང་གིས་དོན་དེ་མྱོང་བར་འགྱུར། །དེ་ལས་བྱུང་བའི་འབྲེལ་བས ་སོ་ཞེ་ན། མིག་ཀྱང་མིག་གི་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ། །ཡང་རྨི་ལམ་དེ་མེད་ཀྱང་དེར་སྣང་བ་འབྱུང་བའི་ཕྱིར་རོ། །འོན་ཏེ་འདྲ་བའི་དབང་གིས་སོ་ཞེ་ན། དེ་ཡང་ཀུན་གྱིས་མཚུངས་ན་ནི། །ཤེས་པ་ཡང་བེམས་པོ་ཉིད་དུ་འགྱུར་རོ། ། ་འགའ་ཞིག་གིས་མཚུངས་ན་ནི་ཀུན་གྱི་ཐམས་ཅད་རིག་པར་འགྱུར་རོ། །གཞན་ཡང་སྣམ་བུ་དང་རེ་ལྡེ་ལ་སོགས་པར་སྣང་བ་འདི་དག་གཅིག་གམ་དུ་མ་ཞིག་།གལ་ཏེ་གཅིག་ན་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆ་ཐ་དད་པར་སྣང་བར་མི ་འགྱུར་ཏེ། ཐ་དད་པ་དང་ཐ་དད་ཕ་མ་ཡིན་པ་འགལ་བའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ན་ཆ་ཤས་རྣམས་ཀྱང་སོ་སོར་གཅིག་ཏུ་མི་རུང་བས་ཆ་ཤས་མེད་པའི་རྡུལ་ཕྲ་རབ་འབའ་ཞིག་གནས་བགྲངས་ན་མ་ཡིན་ཏེ། རྟག་ཏུ་སྟུག་པོར་སྣང་བའི་ཕྱིར ་དང། རྡུལ་ཕྲ་རབ་གཅིག་ཏུ་མཐོང་བ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་མང་བོས་སྦྱར་བས་ཡིན་ནོ་ཟེར་ན། དེ་ཡང་གལ་ཏེ་ཆ་ཤས་ཀྱིས་སྦྱོར་ན་ནི་ཆ་ཤས་མེད་པའི་རྡུལ་ཕྲ་རབ་ཏུ་མི་འགྱུར་ལ་ཆ་ཤས་མེད་པས་སྦྱོར་ན་ནི་རྡུལ་ཕྲ་མོ་རྣམས་གཅིག་ལ་གཅིག ་ཞུགས་པས་རི་ལ་སོགས་པ་ལ་ཡང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་ཐལ་བར་འགྱུར་རོ། །དེ་བས་ན་སྣམ་བུ་ལ་སོགས་པ་འདི་དག་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཡང་དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག ་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ལ་ཐལ་བར་འགྱུར་བའི་སྐྱོན་བརྗོད་པ་འདི་དག་ནི། །རྣམ་པར་ཤེས་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པ་ལ་ཡང་མཚུངས་ཏེ། །ཐལ་བར་འགྱུར ་བ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དོན་དང་རྣམ་པར་ཤེས་པའི་བྱེ་བྲག་ཙམ་གྱིས་ནི་ཅིར་ཡང་མི་འགྱུར་རོ། །ཅི་སྟེ་དོན་གྱི་རྡུལ་ཕྲ་རབ་ནི་ཕྱོགས་དྲུག་ནས་བསྐོར་པ་ཡིན་ལ། རྣམ་པར་ཤེས་པའི་རྡུལ་ཕྲ་མོ་ནི་ཕྱོགས་བཞི་བའོ་ཞེ་ན། ཆ་ཤས་དང་བཅས་པ ་མཚུངས་པའི་ཕྱིར་དེས་ཀྱང་ཅིར་ཡང་མི་འགྱུར་ཏེ། གཅིག་དང་དུ་མ་ལས་མ་གཏོགས་པའི་དངོས་པོ་ཕུང་པོ་གསུམ་པ་གཞན་དག་ཀྱང་མེད་པས་སྔོན་པོ་ལ་སོགས་པ་དག་ནི་ཕྱི་རོལ་གྱི་དངོས་པོ་དང་ནང་གི་དངོས་པོར་མ་གྲུབ་པས ་བརྫུན་པ་ཉིད་དོ། །འདི་ཡང་གསལ་བ་ཙམ་གྱི་བདག་ཉིད་ཡིན་ཡང་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་མེད་དུ་ཟིན་ཀྱང་གང་ཞིག་གི་བདག་ཉིད་དུ་གསལ་བ་སྟེ། བདག་ཉིད་དེ་དག་ནི་གོ་རིམས་བཞིན་དུ་གཞན ་གྱིས་མ་བཞག་པ་དང། བཞག་པས་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་ཡིན་གྱིས། གསལ་བ་ནི་གཞན་གྱིས་བཞག་པ་མ་ཡིན་པའི་ཕྱིར། བརྫུན་པར་མི་རུང་ངོ། །དེའི་འཇོག་པར་བྱེད་པ་ནི་མེད་དེ། ཁྱད་པར་མེད་པའི་ཕྱིར་དང། ཐུག་པ ་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་བས་ན་གསལ་བ་འདི་ནི་རང་གི་བདག་ཉིད་ལ་མ་འཁྲུལ་པའི་ཕྱིར་མངོན་སུམ་གྱི་ཚད་མ་ཡིན་ནོ། །བདག་པ་ནི་ནམ་མཁའ་ལ་སྐྲའི་ཚོགས་སྣང་བ་བཞིན་འཁྲུལ་པ་ཡིན་ནོ། །དེ་ལྟར་སྔོན ་པོ་ལ་སོགས་པ་གསལ་བ་གཅིག་གི་བདག་ཉིད་ཡིན་ནོ་ཟེར་ན། སྔོན་པོ་དང་སེར་པོ་ལ་སོགས་པ་མཚན་ཉིད་ཕན་ཚུན་སྤངས་ཏེ་སྣང་བས་གཅིག་མ་ཡིན་ལ། དེའི་བདག་ཉིད་ཀྱིས་གསལ་བ་གཅིག་དང་འགལ་བའི་ཕྱིར་དུ་མ་ཉིད་ཀྱང་མ་ཡིན ་ནོ། །ཅི་སྟེ་སྔོན་པོ་ལ་སོགས་པ་འདི་ནི་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་གཅིག་ཡིན་ཏེ། ལྷན་གཅིག་ཉམས་སུ་མྱོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཐ་དད་པ་ཉིད་ཐ་དད་པ་མ་ཡིན་ནོ། །ཞེས་སྨྲ་བར་འགྱུར་རོ། །ཅི་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་དང་འདྲ ་བར་གསལ་བ་ཡང་ཐ་དད་དོ་ཞེ་ན། དེ་དག་བདག་ཉིད་སོ་སོར་མྱོང་བའི་ཕྱིར། ལྷན་ཅིག་ཏུ་མྱོང་བ་མེད་པས་གཅིག་ཐམས་ཅད་མྱོང་བ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པས་ནི་གཅིག་དང་དུ་མ་ཡིན་པས་ནམ་མཁའ་ཨི་སྐྲའི་ཚོགས ་བཞིན་ནོ། །དོན་དེ་ཡང་ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང་ཡང་དེ་ནི་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད་ཅེས་གསུངས་སོ། །རྣམ་སྤངས་པ་ཞེས་བྱ་བ་ནི་གཅིག་དང་དུ་མ་གཉི་གའི་ངོ་བོར་མེད ་པའ། །འདི་ལྟར་སྔོན་པ་ལ་སོགས་པ་གསལ་བ་ལས་ཐ་དད་དམ། །འོན་ཏེ་ཐ་དད་པ་མ་ཡིན་བ་ཞིག་ཡིན། ཅི་སྟེ་ཐ་དང་པ་ཡིན་ན་ནི་དེ་མི་སྣང་བར་འགྱུར་རོ། །གལ་ཏེ་ཐ་དང་པ་མ་ཡིན་ན་ནི་དེ་རྣམས་གསལ་བའི་བདག་ཉིད་ཡིན་པས་གཅིག་ཏུ ་འགྱུར་བ་འམ་དེ་ཡང་དེ་རྣམས་དང་ཐ་མ་དད་པས་དུ་མ་གཅིག་ཏུ་མི་གཏུབ་པ་ཡང་སྔར་བཤད་ཟིན་ཏེ། །ཇི་ལྟར་མེ་ལོང་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་འདིར་ནི་གཅིག་དང་གཞན་བ་ཞེས་བྱ་བ་ནི་ཐ་དད་པ་དང། ཐ་དད་པ་མ་ཡིན ་པའོ། །རྣལ་འབྱོར་སྤྱོད་པ་པ་དང། དབུ་མ་པ་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་ཁ་ཅིག་ན་རེ། སྔོན་པོ་གསལ་བ་དག་བརྫུན་པ་དང་བརྫུན་པ་མ་ཡིན་པར་འགྱུར་ན་ཆོས་འགལ་བ་ཉིད་ཀྱིས་ན་དེའི་བདག་ཉིད་དུ་འཐད་པར་མི་འགྱུར་ལ། དེའི་བདག་ཉིད ་མ་ཡིན་ན། སྔོན་པོ་ལ་སོགས་པ་གསལ་བར་མི་འགྱུར་ན། སྔོན་པོ་ལ་སོགས་པ་ནི་གསལ་བ་ཡིན་ནོ་ཞེ་ན། སྒྲོ་མ་བཏགས་པ་འམ་དངོས་པོར་འགྱུར་བའི་གསལ་བ་ལས་གཞན་མ་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པ་ནི་སྒྲོ་མ་བཏགས ་བ་འམ། དངོས་པོར་འགྱུར་བ་ཡིན་ནོ་ཟེར་ཏེ། དེ་དག་གི་ལྟར་ན་གསལ་བ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་རང་གི་ངོ་བོ་མྱོང་བའི་ཕྱིར་འཁྲུལ་པ་གཏན་མེད་པར་འགྱུར་རོ། དེས་ན་སེམས་ཅན་ཐམས་ཅད་གཏན་དུ་གྲོལ་ཞིང་ཡང་དག་པར་རྫོགས་པའི ་སངས་རྒྱས་ཉིད་དུ་འགྱུར་རོ། །ཇི་སྟེ་བློའི་རྣམ་པ་ནི་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ལ་མི་རིགས་པས་བརྫུན་པ་མ་ཡིན་ལ། ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ནི་བརྫུན་པ་ཡིན་ཏེ། །རང་གི་སྣང་བ་དོན་མ་ཡིན་པ་ལ་དོན ་དུ་མངོན་པར་ཞེན་པས་བཞག་པའི་ཕྱིར་རོ་ཞེ་ན། འོ་ན་ནི་རང་གི་སྣང་བ་ལ་མངོན་པར་ཤེན་པ་ཡིན་པས་དེ་རྣ་པ་ཐམས་ཅད་དུ་ཤེས་པ་ཉིད་དུ་ཞེན་པར་འགྱུར་གྱི་དོན་དུ་ནི་མ་ཡིན་ཏེ་དོན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར ་འཁྲུལ་པ་ཡིན་ནོ་ཞེ་ན། འཁྲུལ་པ་དེ་ཉིད་དཔྱད་པར་བྱ་སྟེ། ཅི་སྟེ་དོན་ལ་ཞེན་ན་ནི་དེའི་དོན་རྣམ་པ་ཐམས་ཅད་དུ་ཡོད་པར་འགྱུར་བས་དོན་མེད་བཞིན་དུ་ཞེན་པར་མི་འགྱུར་རོ། །དེ་བས་ན་དོམ་ལ་ཡང་ཞེན་པ་མ་ཡིན་ལ། ཤེས་པས ་ཡང་མ་ཡིན་ནོ། །དེ་བས་ན་བློའི་བསླད་པ་ཇི་ལྟར་གྲགས་པ་བཞིན་དུ་རྣམ་པར་བཞག་པ་ཡིན་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །གང་ཡང་གསལ་བ་ལ་ས་ཐ་མི་དད་པའི་ཕྱིར་རྣམ་པ་བརྫུན་པ་ཡང་དངོས་པོ་འགྱུར་རོ་ཞེས? ་པའི་གཏན་ཚིགས་འདི་ལ་གལ་ཏེ་དངོས་པོའི་རང་བཞིན་དུ་ཐ་མི་དད་དོ་ཞེ་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ། །འོན་ཏེ་ཐ་མི་དད་པ་ཅོམ་གཏན་ཚིགས་ཡིན་ན་ནི་མ་དེས་པེར་འགྱུར་ཏེ། གཟུང་བ་དང་འཛིན་པ་ཉིད ་ལ་སོགས་པ་ལ་དེ་མེད་པར་གཏན་ཚིགས་ཡོད་པས་སོ། །རྣལ་འབྱོར་སྤྱོད་པ་པ་དང། དབུ་མ་པ་རྣམ་པ་མེད་པར་སྨྲ་བ་རྣམས་རྣམ་པར་རྟོག་པའི་ལུས་རྗེས་སུ་མེད་པར་སྨྲ་སྟེ། དེ་དག་གི་ལྟར་ན་ཡང་མངོན་སུམ་གྱི་ཚད་མ་ནི་སྐད་ཅིག་མ་དང་པོའི ་རྟོག་པ་དང་བྲལ་བ་ཡིན་ལ་རྗེས་སུ་དཔག་པ་ནི་མེད་པའི་ཕྱིར་རྣམ་པ་འདི་ནི་ཐམས་ཅད་དུ་དགག་པར་ནུས་པ་མ་ཡིན་ནོ། །གང་ཡང་དབུ་མ་པ་ཁ་ཅིག་ན་རེ་འཇིག་རྟེན་ལ་གྲགས་པ་ནི་ཀུན་རྫོབ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡང་འཇིག་རྟེན་ལ་གྲཊ? ་པས། སེམས་དང་སེམས་ལས་བྱུང་བ་བཞིན་དུ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་ནི་འཁྲུལ་པ་ཡིན་ཏེ། རང་གི་རིག་པ་འགལ་བའི་ཕྱིར་རལ་གྲིའི་སོས་རང་མི་གཅོད་པ་བཞིན། །གཞན་རིག་པ་ཡང ་བསླད་པ་ཙམ་དུ་འུ་བུ་ཅག་གཉིག་འདོད་དེ། །དེ་བས་ན་འཁྲུལ་བ་ཟད་པས་དོན་དམ་པ་རྟོག་པའི་ཕྱིར་རོ། །སངས་རྒྱས་པ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཟད་པ་ཉིད་དོ། །གང་གི་ཚེ་དེ་རྣམས་ཀྱི་སྐྱེ་བ་དེའི་ཚེ་ཆོས་ཐམས་ཅད་སྐྱེ ་བ་མེད་པའི་དོན་དམ་པར་རྗེས་སུ་བྱེད་པ་ཐོབ་པས་མྱོང་བར་བཞག་གོ་།མི་གནས་པའི་མྱ་ངན་ལས་འདས་པ་ནི་སེམས་ཅན་སྣ་ཚོགས་པའི་དོན་བྱ་བའི་ཕྱིར་གཟུགས་བྱིན་གྱིས་བརླབས་ཏེ། བཞག་ནས་ཡང་དག་པའི་བྱང་ཆུབ་མངོན་དུ་བྱེད་དོ? ་ཟེར་བ་དག་ནི་སྨད་པ་ལས་ཀྱང་སྨད་པར་འགྱུར་པ་ཡིན་ཏེ། གང་ཕྱིར་འདི་ལྟར་སེམས་དང་སེམས་ལས་བྱུང་བ་འདི་དག་མེད་པའི་ཕྱིར་རྟོགས་པ་ཉིད་ཀྱང་མེད་ན། དོན་དམ་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ག་ལ་ཡོད། ཅི་སྟེ་ཡང ་འདི་ནི་རྟོགས་པ་ཁོ་ན་ཡིན་ནོ་ཞེ་ན་།དེ་ཉིད་སེམས་ཡིན་པས་སེམས་དང་སེམས་ལས་བྱུང་བ་མེད་པ་མ་ཡིན་ནོ། །གཞན་ཡང་དོན་དམ་པ་དེ་གཞན་དུ་གྱུར་པ་མྱོང་ན་ནི་འཁྲུལ་པར་འགྱུར་ལ། ཐ་མི་དང་བ་ནི་རང་རིག་པར་འགྱུར་རོ། །གཞན་ཡང་སེམས་དང ་སེམས་ལས་བྱུང་བ་འཁྲུལ་པ་ཡིན་ན་དེའི་ཚེ། དེ་རྣམས་ཀྱི་གཉེན་པོ་གང་ཡིན་འཁྲུལ་པ་དེ་ཉིད་རགས་པའི་ཅིག་ཤོས་ནི་མི་མཐུན་བའི་ཕྱོགས་ཡིན་ལ། ཕྲ་བ་ནི་གཉེན་པོ་ཡིན་ནོ་ཞེ་ན། ད་ལྟར་ན་ནི་ཤེས་པ་ཐ་མ་ལ་ནི་གཉེན་པོ་མེད་པས་སེམས་དང་སེམས ་ལས་བྱུང་བ་ཟད་པར་མི་འགྱུར་རོ། །དེ་བས་ན་འདི་ལྟར་རྣམ་པར་རིག་པ་ཙམ་གྱིས་གཉུག་མ་རང་གི་ངོ་བོ་མྱོང་བ་ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ། མ་འཁྲུལ་པའི་ཕྱིར་རོ། །སྒྲོ་བཏགས་པས་རང་གི་ངོ་བོ་མྱོང་བས་ན་འཁྲུལ་བ་ཡང་ཡིན་ནོ། །དེ་བས་ན་འཁྲུལ་པའི ་མཚན་མ་དེ་ཐམས་ཅད་རིམས་ཀྱིས་དོར་ཏེ། ནམ་མཁའ་གཅིག་ཏུ་དྲི་མ་མེད་ཅིང་མཛའ་མེད་པ་ལྟ་བུར་ཆོས་ཐམས་ཅད་ཀྱི་གསལ་བའི་ལུས་གཉིས་ཀྱིས་སྟོང་པ་མྱོང་བ་གང་ཡིན་པ་དེ་ཉིད་དོན་དམ་པ་ཡང་དག་པར་རྟོགས་པ་ཡིན་གྱི། སེམས་ལས་བྱུང་བ ་འགག་པ་ནི་རིག་པ་མ་ཡིན་ནོ། །ཡང་ཟག་པ་དང་བཅས་པ་ནི་ཆོས་ཐམས་ཅད་ཀྱི་ས་བོན་མ་ཟད་པ་དེ་ཉིད་དུ་ནི་ཀུན་གཞི་ཞེས་བརྗོད་དོ། །དེ་ཡང་དགྲ་བཅོམ་པ་གསུམ་ལ་ལྡོག་པར་འགྱུར། ལྡོག་པ་ཇི་ལྟ་བུ་ཞེ་ན་གནས་གྱུར་པ་སྟེ། དེ་ཡང་ཟག་པ་མེད ་པའི་དབྱིངས་དང། རྣམ་པར་གྲོལ་བའི་སྐུ་དེ?་ཤེལ་དག་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་དེ་དག་ལས་ཁྱད་པར་འཕགས་པ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟན་བྱེད་པས་སོ། །འདི་ལྟ་སྟེ་ཉི་མ་དད་ཟླ་བ་དང་མེ་ཤེལ་དང་ཆུ་ཤེལ་ནི་དག་པ་ཙམ་དུ་ཁྱད་པར ་མེད་མོད?་ཀྱི། འོད་ཟེར་གྱིས་ཁྱད་ཆོས་འཕགས་པ་ཡིན་ནོ། །ཅི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ཆོས་ཐམས་ཅད་ཇི་ལྟར་ཞེ་ན། ནམ་མཁའ་དྲི་མ་མེད་པ་འབའ་ཞིག་མཛའ་མེད་པ་དང་འདྲ་བར་དེ་བཞིན ་ཉིད་རོ་གཅིག་ཏུ་སྣང་ངོ། །ཅིའི་ཕྱིར་ཞེ་ན། མཚན་མ་དེ་རྣམས་ནུབ་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པ་གཅིག་ཏུ་སྣང་བས་འཁྲུལ་བ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་མ་ཡིན་བར་འགྱུར་རོ་ཞེ་ན། དེའི་ཕྱིར ་འདི་དག་ཐམས་ཅད་བརྫུན་པ་ཉིད་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་མིང་དང་མཚན་མར་བརྟགས་པར་ཟད་དོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འགགས་པ་ནི་ཡང་དག་པའི་བྱང་ཆུབ་ཏུ་མི་རིག་པ་ཡིན་ནོ། །གཞན་ཡང་དབུ་མ་པ ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་དབུ་མའི་ལམ་ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་གལ་ཏེ་འདི་དག་ཚད་མས་མེད་པར་མ་གྲུབ་ན་དེའི་ཕྱིར་འགས་ཀྱང་ཡོད་པ་བསྒྲུབ་པར་མི་ནུས་སོ། །ཚད་མ་མ་ཡིན་པ་ལ་སྣང་བ་ཙམ་གྱིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད ་མེད་པ་ཉིད་ཡིན་ན་ཅི་ཞིག་ཉེ་བར་བླངས་ནས་ཅི་ཞིག་གདགས། ཡང་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ། དབུ་མའི་ལམ་ཡིན་ནོ་ཞེས་སྨྲ་ན། དེ་ཡང་མི་རིགས་ཏེ་ཡོད་པ་དང་མེད་པ་ཕན་ཚུན་གཞན་སེལ་བའི་མཚན་ཉིད་ཡིན་པའི་ཕྱིར ་གཅིག་བཀག་པ་ཉིད་ཀྱིས་གཉིས་པའི་མཚན་ཉིད་ཡིན་པའི་ཕྱིར་གཉི་ག་དག་པར་མི་རིགས་པ་ཡིན་ནོ། །ཡང་ཐམས་ཅད་བརྫུན་པའི་ཚུལ་གྱིས་ཤེས་པ་ཐམས་ཅད་ཀྱང་བརྫུན་པས་མངོན་སུམ་ཅུང་ཟད་ཀྱང་མ་གྲུབ་བོ། །དེའི་ཕྱིར་ཚུལ་གསུམ་ངེས་པ་མེད་པས ་གཏན་ཚིགས་ཐམས་ཅད་ཀྱང་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །གཞན་ཡང་རང་དང་གཞན་ལ་དགག་པ་དང་བསྒྲུབ་པ་ཐམས་ཅད་མ་གྲུབ་སྟེ། དེ་དག་ཐམས་ཅད་ནི་ཚད་མ་ལ་རག་ལུས་བའི་ཕྱིར་དང། ཚད་མ་ཡང་བས་མི་ལེན་པའི་ཕྱིར་རོ། །ཚིག་ཙམ་གྱིས་འགོག ་ན་ནི་ཁྱོད་ཉིད་བ་ལད?་རྣམས་ལས་མུ་སྟེགས་རྒྱད་པན་གྱི་ལྟ་བ་ཅན་ནོ་ཞེས་གཞན་གྱིས་སྨྲས་པ་ན་མི་དང་དབུ་མ་བཀག་པར་འགྱུར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་གསུངས་པའི་དགོངས་པ་ཡང་མདོ་སྡེ་དགོངས་འགྲེལ་དུ་གསུངས་པ་ངེས་ཏེ། དེ་ཉིད་བྱམས ་པ་དང་ཐོགས་མེད་དང་ཀླུ་བསྒྲུབས་ཀྱིས་ཀྱད་དོ། །ཚད་མ་ཁས་ལེན་ན་ནི་རང་བཞིན་གསུམ་གྱིས་ཚུལ་དུ་གྲུབ་པས་ཐམས་ཅད་བརྫུན་དུ་སྨྲ་བ་ཐོང་ཞིག་།གལ་ཏེ་བདག་ཅག་ནི་ཚད་མ་མི་འདོད་པའི་ཕྱིར་རོ་ཞེ་ན། ཚད་མ་མེད་པའི་ཕྱིར་རྩོད་པར་སྨྲ་བ་ནི་བཞད་གད་ཉིད་ཡིན ་ནོ། །འདི་དག་བདག་ཅག་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པས་དེ་ཉེ་བར་བླངས་ཏེ་ཕུང་པོ་ལ་སོགས་པར་འདོགས་སོ། །དགག་པ་དང་བསྒྲུབ་པ་ཐམས་ཅད་ཀྱང་ཚད་མས་བྱེད་བའི་ཕྱིར་རོ། །དེ་ཡང་གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང། །དེ་ནི་སྟོད་པ་ཉིད་དུ་བཤད། ་དེ་ནི་རྒྱུར་བྱས་བརྟགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་གསུངས་སོ། །ཡང་སྔོན་པོ་ལ་སོགས་པ་དེ་གསལ་བའི་རང་བཞིན་ཡང་གནོད་བ་ཡོད་པའི་ཕྱིར་བརྫུན་པའོ། །ཡང་གསལ་བ་དེ་རིག་པའི་འཁྲུལ་བ་དང་བྲལ་བ་ཉིད་དུ་མངོན་སུམ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་གྲུབ ་པ་ཡིན། །གསལ་བ་ནི་གསལ་བ་སྦྱིན་པ་ཉིད་ཀྱིས་གཉུག་མའི་རང་བཞིན་ཏེ། གང་གིས་མྱོང་བ་འདི་འཁྲུལ་པར་འཇོག་པའི་བསླད་པས་བཞག་པ་མེད་པའི་ཕྱིར། །རྒྱུན་གྱིས་གཞན་དུ་གྱུར་བས་ནི་བདག་མེད་པའི་ཕྱིར་འདོད་པ་སྟེ་དེའི་ཆ་དང་བཅས་པས་ནི་རྟག་པའི་དངོས ་པོ་ཁེགས་མོད་ཀྱི་ཆོས་གང་མི་རྟག་པའི་མཚན་ཉིད་ཅན་རྒྱུན་མི་འཆད་པར་གནས་པ་ནི་དགག་པར་མི་ནུས་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །གཡོ་ཅན་བླུན་པ་ཆོས་གང་དང་གང་སྤྱི་ལ་ཁྱབ་པ་དང་མ་ཁྱབ་པའི་བྱེ་བྲག་བ་ལད་རྫིས་ཀྱང་མཐོང་བ་ལའང་བསྙོན་ཅིང་ཁོ་ཉིད ་འཇུག་ལྡོག་གི་ཁྱད་པར་མི་འདོར་བ་སྒྱུ་ཐབས་ལ་སྤྱོད་པ་དག་མེ་ལྕེ་ལས་མུན་པ་སྐྱེ་བར་འགྱུར་ཞེས་ཟེར་བ་ནི་རླུང་ནང་ཅན་ལ་ཆང་སྨན་ཡིན་པར་སྨྲས་པས་མཁྲིས་ནད་ཅན་ལ་ཡང་ཆད་སྨན་དུ་སེམས་པ་དང་མཚུངས་ཏེ་ཅི་དེ་ལྟ་ན་དེ་ཉིད་ཀྱང་ཐལ་བར་འགྱུར་བ་ཡིན་པས ་རང་སྐྱེ་འགོག་བྱེད་དུ་འགྱུར་ཏེ་རང་སྐྱེ་འགོག་པ་དེ་ཡང་དེ་སྟེ་ཐལ་འགྱུར་ཡིན་ནོ། །ཁྱབ་པ་མ་གྲུབ་ཅེ་ན་ནི་མཚུངས་པས་སླན་ཆད་དེའི་རིགས་ཅན་ལ་བཙན་ཐབས་སུ་བསྙན་པ་མཐོད་ལ་རང་དམའའབེབས་དེ་སྐད་ཀྱང་མ་ཟེར་ཅིག་།སྔོན་པ་ལ་སོགས་པ་ནི་ཚུལ་བཞན་ཡིན་པའི་ཕྱིར ་བསླད་པས་བྱས་པར་ཡང་འགྱུར་ལ། དེ་ལྟར་གྱུར་པས་དེའི་མྱོང་བ་ཡང་འཁྲུལ་པར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་ལ་ནི་གནོད་པ་འཇུག་པའི་སྐབས་ཡོད་ཀྱི་གསལ་བ་ལ་ནི་མ་ཡིན་ནོ། །ཆོས་ཆེན་པོ་མེ་ལོང་ལྟ་བུའི་ཐེག་པ་ཆེན་པོའི ་མདོ་ལས་ཀྱང། ཡང་དག་པ་མ་ཡིན་བའི་ལྟ་བ་ཉི་ཤུ་རྩ་བརྒྱད་ཀྱང་སྣང་སྟེ། འདི་ལྟར་མེད་པའི་མཚན་མའི་ལྟ་བ་དང། བཏགས་པ་ལ་སྐུར་བ་འདེབས་བའི་ལྟ་བ་དང། ཀུན་ཏུ་རྟོག་པ་ལ་སྐུར་བ་འདེབས་པའི་ལྟ་བ་དང། དེ་ཁོ་ན་ཉིད་ལ་སྐུར་བ་འདེབས་པའི་ལྟ་བ་དང། ཡོངས ་སུ་འཛིན་པའི་ལྟ་བ་དང། ཡོངས་སུ་བསྒྱུར་བའི་ལྟ་བ་དང། ཁ་ན་མ་ཐོ་བ་མེད་པའི་ལྟ་བ་དང། ངེས་པར་འབྱུང་བའི་ལྟ་བ་དང། བརྙས་པའི་ལྟ་བ་དང། རབ་ཏུ་ཁྲོ་བའི་ལྟ་བ་དང། ཕྱིན་ཅི་ལོག་གི་ལྟ་བ་དང། སྐྱེད་བའི་ལྟ་བ་དང། ཁས་མི་ལེན་པའི་ལྟ་བ་དང། ངན་གཡོའི་ལྟ་བ ་དང། བཀུར་སྟི་བྱད་པའི་ལྟ་བ་དང། རྨོངས་བ་བསྟན་པའི་ལྟ་བ་དང། རྩ་བའི་ལྟ་བ་དང། ལྟ་བ་མེད་པའི་ལྟ་བ་དང། རབ་ཏུ་སྦྱོར་བ་འགེག་པའི་ལྟ་བ་དང། ངེས་པར་འབྱུང་བ་མེད་པའི་ལྟ་བ་དང། སྒྲིབ་པ་སོགས་པའི་ལྟ་བ་དང། བསོད་ནམས་མ་ཡིན་པ་སྐྱེད་པའི་ལྟ ་བ་དང། འབྲས་བུ་མེད་པའི་ལྟ་བ་དང། ངེས་པར་འཛིན་པའི་ལྟ་བ་དང། མི་བདེན་པའི་ལྟ་བ་དང། མི་སྨྲ་བའི་ལྟ་བ་དང། ལྟ་བ་ཆེན་པོ་དང། མངོན་པའི་ང་རྒྱལ་ཅན་གྱི་ལྟ་བའོ་ཞེས་རྒྱ་ཆེར་གསུངས་སོ། །དེ་དག་བསྙེན་གནས་ཡང་དག་ལ་སོ་སོར་རྟོག་པ་ཉིད་རྣམ་པར་མི་རྟོག ་པའི་བྱང་ཆུབ་རྟོགས་པར་འདོད་པ་རྣམས་ཀྱིས་རྟེན་ཅིང་བསྒོམ་པར་བྱའོ། །བསྒོམ་པ་འདི་ཡི་རབ་ཏུ་སྦྱོར་བ་ནི་གཉིས་ཏེ། གུས་པར་སྦྱོར་བ་དང། རྒྱུན་དུ་སྦྱོར་བའོ། །དེ་ཡང་ཞི་གནས་དང། ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པའི་བསྒོམ་པའོ། །དེ་ལ་ཇི་སྙེད་ཡོད་པ་དང། ཇི ་ལྟ་བ་བཞིན་དུ་གྱུར་བ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །དེ་ལ་རྟོག་པ་དང་བཅས་བའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། །བར་མ་ཆད་པར་གཉི་གཡང་ཉམས་སུ་མྱོང་བ་དེའི་ཆེ་ཞི་གནས་དང་ལྷག་མཐོང་ཟུང ་དུ་འབྲེལ་པའི་ལམ་ཞེས་བྱའོ། །དེ་ནི་རྣལ་འབྱོར་གྱི་ཐུན་མོང་གི་དབྱེ་བའོ། །རྣལ་འབྱོར་གྱི་ཁྱད་པར་གྱིས་གཞི་ནི། དངོས་པོའི་མཛའ་གཉིས་ཡོད་པ་ལ་དམིགས་པ་དང་སེམས་ཙམ་ལ་དམིགས་པ་དང། དེ་བཞིན་ལ་དམིགས་པ། དམིགས་པ་མེད་པའོ། །དེ་ཡང་ཇི་སྙེད་ཡོད་པ ་ལ་དམིགས་པ་ནི་རྣལ་འབྱོར་བྱི་ས་དང་པོའོ། །ཇི་ལྟ་བར་གྱུར་པའི་སེམས་ཙམ་ལ་དམིགས་པར་གྱུར་པ་ནི་རྣལ་འབྱོར་གྱིས་གཉིས་པའོ། །ཇི་ལྟ་བ་བཞིན་དུ་གྱུར་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་ནི་རྣལ་འབྱོར་གྱི་ས་གསུམ་པའོ། །ཐེག་པ་ཆེན་པོ་མཐོང་བ་སྟེ ་སྣང་བ་མེད་པ་ནི་རྣལ་འབྱོར་གྱི་ས་བཞི་པའོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་རྟེན་ནས་སུ། །ཕྱི་རོལ་དོན་ལ་བརྟག་མི་བྱ། །དེ་བཞིན་ཉིད་དུ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ཀྱང་བཟླས་ནས་ཀྱང། །སྣང་བ་མེད་ལ་ཟླ་བར་བྱ། ་སྣང་མེད་གནས་པའི་རྣལ་འབྱོར་བ། །དེ་ཡི་ཐེག་པ་ཆེན་པོ་མཐོང་ཞེས་གསུངས་པ་ཡིན་ནོ། །ཚད་མའི་ཚུལ་ལ་ཡང་དག་བརྟེན་པ་དང། །སངས་རྒྱས་ཐེག་པའི་རིམ་པར་བྱེ་བ་དག་།མཁས་པ་དགའ་བ་བསྐྱེད་པའི་བྱ་བའི་ཕྱིར། །རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ཡིན། །འདི་ལ་དགེ་བ ་ཅི་ཡོད་ཀུན། །སེམས་ཅན་ཀུན་ལ་བསྔོ་བར་བྱའོ། །དབུ་མ་རྒྱན་གྱི་མན་ངག་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་ཞེས་བྱ་བ་དུས་དེའི་ཚེ་པནཌི་ཏ་རྣམས་ལས་མཆོག་ཏུ་གྱུར་བར་ཀུན་གྱིས་བསྔགས་ཤིང་འགྲན་ཟླ་མེད་པ། ཡེ་ཤེས་ཀྱི་མཁའ་འགྲོ་མས་ཨུ་རྒྱན་དུ་སྤྱན་དྲངས་ཏེ ་རྟོགས་པ་བརྗོད་པའི་གྲུབ་པ་བརྙེས་པ་བཞི་ཅུའི་ནང་ནས་ཀྱང་མདོ་སྡེ་དང་རྒྱུད་སྡེ་ལ་འབྲེལ་པ་མཛད་པའི་མཆོག་ཏུ་གྲགས་པ། དུས་མཚུངས་པའི་སྒོ་སྲུངས་ཆེན་པོ་བཞི་ལས་ཀྱང་གཙོ་བོར་གྱུར་པ། འཕགས་པ་ཐོཊ་མེད་དང་ཀླུ་སྒྲུབ་སྙིང་པོའི་ཐུགས་ཀྱིས་དགོངས་པ་མ་ནོར་བ་རྟོགས་ཤིང་བསྟན ་པའི་གསལ་བདེ་མཆོག་ཏུ་གྱུར་པའི་ཕྱིར་དང། བཙུན་བ་ཟླ་གྲགས་ལ་སོགས་བ་ཀླུ་སྒྲུབ་ཀྱི་དགོངས་པ་ལས་འཆལ་བར་གྱུར་ནས་རང་སླད་ཀྱིས་ཚེ་སྨད་ལ་མེད་པར་སྨྲ་བ་དོར་ནས་རྒྱུད་ཟབ་མོའི་འགྲེལ་བ་བྱེད་པར་འགྱུར་ལ། འོན་ཀྱང་དེས་ལག་པར་བྲིས་པ་དེའི་རྗེས་སུ་འཇུག་ཅིང་གཡོ་སྒྱུས་སྤྱོད་པ་ཡང་འགའ་ ་འབྱུང་བར་མདོ་སྡེ་དང་བ་ཆེར་འབྱུང་དང། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་ནས། ཡང་དེ་དང་ང་དག་གིས་ནི་ངའི་དགོངས་པ་མ་གཏོགས་པའོ ་ཞེས་ཀྱང་གསུངས་ནས། སླད་ཀྱིས་དེ་དག་ནོར་བར་ཤེས་ཏེ་སླད་ཀྱིས་ངའི་དགོངས་པ་མ་ནོར་བར་འཆད་བ་ཡང་འབྱུང་ལ། དང་པོ་ནས་ངས་བཤད་པའི་རྗེས་སུ་འཇུག་པ་ནི་མང་དུ་འབྱུང་ཞེས་ལུང་བསྟན ་པའི་ནང་ནས། ཁྱད་པར་དུ་སློབ་དཔོན་འདི་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། རིན་ཆེན་འབྱུང་ཞེས་བྱ་མིང་གང། །སྟོན་པའི་བསྟན་པ་གསལ་བྱེད་འབྱུང། །ཞེས་ཀྱང་ལུང་བསྟན་པ་དེས་མཛད་པ་རྫོགས ་སོ།། །།རྒྱ་གར་གྱི་མཁན་པོ་ཤཱནྟེ་བྷ་དྲ་དང། ལོ་ཙ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བ། གཡོ་སྒྱུས་སྤྱོད་པ་ཚར་གཅོད་བསྙོན་འདེབས་གནད་ལ་འབེབས། །རྟོག་གེའི་སྲོག་ཤིང ་ཀུན་མཁྱེན་ཡེ་ཤེས་རྒྱལ་མཚན་ཅན་།ཐེག་ཆེན་རྣམ་རིག་དབུ་མའི་རྒྱན་གྱི་མན་ངག་བཅས། །ལེགས་མཛད་གང་དེ་ཟླ་གྲགས་འཇོམས་པའི་རྟོག་གེ་ཡིན། །སླད་ནས་ཨ་ཆེ་ཨ་མོ་ཀ་དཔའ་ཨོ?་རུ་ཨ་ལོ་ཙ་བས་ཞུས་ཏེ་གཏན་ལ་ཕབ་པའོ། །མངྒ་ལཾ ་