CLOSE WINDOW

N4240: rnal 'byor bsgom pa la 'jug pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། བྷ་བ་ནཱ་ཡོ་གཱ་བ་ཏཱ་ར། བོད་སྐད་དུ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་སྒྲིབ་པ་མཛའ་དག་མ་ལུས་པར་བསལ་ཏེ་ཆོས་ཀྱི་སྐུ་ཐོབ་པར་འདོད་པ་དེས། འདི ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འབད་སྟེ། དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ལ་སོགས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མི་ཐོབ་སྟེ། དེའི་ཕྱིར་དེ་རྣམས་ལ་འབད་པར་བྱའོ། །དེ་ལ་སངས་རྒྱས་ཀྱི ་ཆོས་ཐམས་ཅད་འཐོབ་པའི་གཞི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། དེ་བསོད་ནམས་ཆེ་བར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག ་པར་འགྱུར་ཞེས་སོ། །དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། །དེ་ལ་ཡང་གཉིས་ཏེ། ཀུན་རྫོབ་དང། དོན་དམ་པའོ། །དེ་ལ་ཀུན་རྫོབ་ནི་ཚད་མེད་པས་སེམས་ཅན་སྡུག་བསྔལ་ལས་དགྲོལ་བར་དམ་བཅས་ཏེ། དེ་དག་ལ་ཕན་པའི་ཕྱིར་བདག་སངས་རྒྱས ་སུ་གྱུར་ཅིག་སྙམ་དུ་དང་པོ་སེམས་བསྐྱེད་པའོ། །དེ་ཡང་ཆོ་ག་བཞིན་དུ་གཞན་ལས་ནོད་པར་བྱའོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བརྗོད་དུ་མེད་པ། དྲི་མ་མེད་པ་མཛའ་མེད་པ། སྤྲོས་པ་མེད་པ། གཡོ་བ་མེད་པ། སྣང་བ་དང། མི་སྣང་བ་ཐམས་ཅད ་དང་བྲལ་བའོ། །དེ་ནས་ཏིང་ངེ་འཛིན་ནི་མཛའ་དག་གི་ངོ་བོ་ཉིད་ཞི་གནས་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇོག་པ། །བྱང་ཆུབ ་སེམས་དཔའ་མཉམ་པར་བཞག་ཅེས་བྱ། ཅེས་བྱ་བ་གསུངས་པ་ལྟ་བུ་སྟེ། སངས་རྒྱས་ཀྱི་སྐུ་དེ་ནི་གསེར་བཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ་དེ་ལ་འདོད་པ་བསྐྱེད་དེ། འདུན་པ་དང་སེམས་ཀྱི་གནོད ་པ་སྤངས་ཏེ། ལུས་དྲང་པོར་བསྲང་ལ། སྐུ་དེ་ལྟ་བུ་ལུགས་མ་འམ་རི་མོར་བྲིས་པ་མདུན་དུ་བཞུགས་ཏེ་རྒྱུན་ཏུ་ཡིད་ལ་བྱས་ན། དེ་ཉིད་དམ་གཞན་ཡན་ལག་ལ་སོགས་པ་ནས་རྫོགས་པར་མངོན་སུམ་དུ་མཐོང་བར་འགྱུར་རོ། །གང་གི་ཚེ་དམིགས ་པར་གྱུར་པའི་ཚེ་ཉིན་མཚན་ཕྱད་པར་མ་ཡེངས་པར་བསྟན་པར་བྱའོ། །སེམས་བྱིང་བ་འམ་རྒོད་པ་ལ་སོགས་པར་གྱུར་ཏམ། དོགས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་འདོད་པས་སྤྲོ་བར་བྱ་སྟེ། དེ་བཞིན་དུ་ནན་ཏན་བྱའོ། །དེས་འགྲུབ་པར་འགྱུར་རོ།། ་དེ་ནས་ཤེས་རབ་མཛའ་དག་གི་ངོ་བོ་ལྷག་མཐོང་བསྒྲུབ་པར་བྱ་སྟེ། དེ་ཡང་ཐོས་པ་མང་དུ་བྱ་སྟེ། ཇི་ལྟར་ཞེ་ན། ལྷག་མཐོང་ནི་ཐོས་པ་དང། བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་དེ་ལྟ ་བས་ན། སངས་རྒྱས་ཀྱི་ཆོས་ངས་པའི་དོན་དང་དྲང་བའི་དོན་ལ་གུས་པས་མང་དུ་མཉན་ཏེ་བསམ་པས་ངེས་པར་ཡིད་ཆེས་པས་ཐེ་ཚོམ་མེད་པར་བྱའོ། །དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་དྲ་བས་བཅིངས་པ་དེས་ནི་ལམ་ཁ་བྲག་གི་མདོར་ཕྱིན ་པའི་འགྲོན་པོ་ལྟར་གང་དུ་ཡང་ངེས་པར་མི་ཤེས་ཏེ། དེ་བས་ན་མང་དུ་ཐོས་པར་བྱའོ། །དེ་ནས་གནས་མཆོག་ཏུ་བསྔགས་པར་བྱ་བ་ཅི་ཡོད་པ་ཐམས་ཅད་བྱས་ལ། ཟས་ཚོད་ཟིན་པ་དང་རིགས་པར་ཟོས་ནས། གཤང་གཅི་དོར་ཞིང་མཆིལ་སྣབས ་དོར་ལ། སྙིང་རྗེ་ཆེན་པོས་སེམས་ཅན་མ་ལུས་པ་བྱང་ཆུབ་ལ་དགོད་དོ་སྙམ་དུ་བསམ་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒོ་གསུམ་གྱིས་ཕྱག་བྱས་ཏེ། བདེ་བའི་སྟན་ལ་གློད་ནས་འདུག་ནས། ་དབུགས་དང་སྡམ་པ་མེད་པར་བྱས་ལ། གོས་རན་པར་བྱ་སྟེ། ལུས་མི་སྐྱེ་མི་སྒུ་བ་དང། མིག་ཟམ་ཟིམ་དུ་བྱས་ནས། སོ་དང་མཆུ་དང་ལྕེ་ཡང་ཐ་མལ་པར་བྱས་པ་འམ། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་སྟེ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་དམིགས་ཏེ། དེ་དག་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཅི་ནུས་སུ་བྱའོ། །དེ་ནས་གོང་གི་སྐུ་དེ་ཉིད་ཤིན་ཏུ་གསལ་བར་དྲན་པ་ནང་དུ་བཞག་ནས་དམིགས་སོ། །དེ་གསལ་བར་གྱུར་པ ་དང། སྐུ་དེ་གང་ནས་བྱོན། གང་དུ་བཞུད། གང་གིས་བཞུགས། ཇི་ལྟར་བཞུགས་པ་བརྟག་གོ་།དེ་ནས་གང་ནས་ཀྱང་མ་བྱོན་པ་ལ་སོགས་པར་ཤེས་པར་བྱའོ། །སྐུ་དེ་ནི་རང་བཞིན་སྟོང་པ། ཡོད་མེད་ལས་འདས་པ། སྤྲོས་པ་རྣམས ་དང་བྲལ་བར་འདུག་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་བློས་བརྟག་པ་ལས་གུད་ན་མེད་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ ་པ་དེ་ཡང། ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ་ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་པ་མེད་པར་བསྒོམ་པར་བྱའོ། །དེ་ལྟ་བས་ན་བར་དུ་སེམས་ཀྱིས་སེམས་ལ་བརྟགས ་ཏེ་དམིགས་པ་ལ་སེམས་འཇུག་ན། ཡང་དེ་བཞིན་དུ་དང་གིས་འཇུག་པ་མངོན་པར་འདུ་བྱ་བ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་གནས་པར་བྱའོ། །དེས་སེམས་ཀྱིས་རྒྱུད་མི་གཡེང་བར་བྱའོ། །ཅི་སྟེ་སེམས་གཡེངས་པར་གྱུར་ན། འདི ་ལྟར་དངོས་པོ་ཀུན་ནི་གཟུང་བ་དང་འཛིན་པ་སྟེ། གཟུང་བའི་དངོས་པོ་རྡུལ་ཕྲ་རབ་ཏུ་བློས་བཤིག་སྟེ། དེ་ཉིད་ཀྱང་སོ་སོར་ཕྱེ་ན་དངོས་པོར་མེད་དོ། །འཛིན་པ་ཡང་དེ་ལས་གུད་ན་མེད་དེ། དེའི་རྣམ་པར་སྣང་བའི་ཕྱིར་རོ། །དེས་གཡེང་བ་ཞི་བར་བྱས་ལ་གོང ་མ་ཉིད་ལ་གནས་པར་བྱའོ། །ཡང་སེམས་མི་དགའ་བར་མཐོང་ན་ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱས་ནས་དེ་ལ་དགའ་བ་བསྒོམ་པར་བྱ། གཡེང་བ་ལ་ཉེས་པར་བསམ་ལ་མི་དགའ་བ་ཞི་བར་བྱའོ། །ཡང་རྨུག་པ་དང་གཉིད་ཀྱིས་བྱིང་བ་འམ་རྒོད་པར་དོགས ་ན། དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་འམ། མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ་བྱིང་བ་ཞི་བར་བྱའོ། །ཡང་སྔོན་མྱོང་བའི་ཡུལ་ལ་སེམས་རྒོད་པ་འམ། དོགས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་དང། རང་ལ་མི་གཙང་བ ་ལ་སོགས་པ་དང། གཞན་ལ་མྱུར་དུ་འབྲེལ་བ་ལ་སོགས་པ་བསམས་ལ་རྒོད་པ་ཞི་བར་བྱས་ལ་གོང་མ་ཉིད་ལ་བཏང་སྙོམས་སུ་བྱའོ། །དེ་ལྟ་བུས་གནས་པ་ལས་ཤིན་ཏུ་སྐྱོ་བར་གྱུར་ན། དེ་ལས་ལངས་ལ་སྐྱིལ་མོ་དཀྲུང་མ་བཤིག་པར་འདི་ལྟར ་བསམ་སྟེ། ཆོས་ཐམས་ཅད་དོན་དམ་པར་ཇི་ལྟར་ཡང་མི་དམིགས་ན། ཀུན་རྫོབ་ཏུ་རྒྱུ་རྐྱེན་ལས་སྐྱེ་བ་སྒྱུ་མ་ལ་སོགས་པ་སྣང་ཡང་ཡོད་དོ་སྙམ་དུ་བསམས་ལ་སྐྱིལ་མོ་དཀྲུང་བཤིག་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་མདུན་དུ་བྱས་ཏེ། བདུན་ཤིན་ཏུ་རྣམ་པར་དག་པར་བྱའོ། །དེའི་རིམ་པས་རྟག་པར་དུས་དྲུག་ཏུ་བྱའོ། །དེ་ནས་སེམས་མཉམ་པར་འགྱུར་ཏེ། དེ་གྱུར་ན་གནས་ཡིད་དུ་འོང་བ་བརྒྱན་ཏེ་ཤིན་ཏུ་དགའ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག ་གི་སེམས་དེ་ཤིན་ཏུ་འཕེལ་བར་བྱའོ། །སྤྱོད་ལམ་གྱི་སྣང་བ་ཀུན་སྒྱུ་མ་ལ་སོགས་པ་ལས་མི་ཉམས་པར་གནས་པར་བྱའོ། །དེ་དག་གི་ཐབས་དང་ཡིད་ཆེས་པ་ཡོད་དེ། མངས་ཀྱི་དོགས་པས་མ་བྲིས་ཏེ་གཞན་དུ་བལྟའོ། །བདེ་པར་གཤེགས་པའི་ཐུགས ་ཀྱི་ཡང་སྙིང་འདི། བརྗོད་དུ་མེད་ཀྱང་བདག་གཞན་དོན་དུ་བརྗོད། །དེ་ཡི་དགེ་བ་ཅུང་ཟད་ཅི་ཡོད་པ། །འགྲོ་བ་ཐམས་ཅད་བདེ་གཤེགས་འདྲ་པར་ཤོག་།ཆོས་དོན་ཟབ་ཅིང་བདག་བློ་དམན། །དེ་ཕྱིར་ཤིན་ཏུ་རྟོགས་དཀའ་ཡང། །ཐོས་ཉུང་བློ་དམན་དགའ་ ་ཕྱིར་བྱས། །དེ་ལ་མཁས་མང་བཟོད་པར་མཛོད། །མི་རྟོག་ཡེ་ཤེས་མི་སྒྲུབ་ན། །ཚིག་གིས་སངས་རྒྱས་གྲུབ་པ་མེད། །འོན་ཀྱང་འགྲོ་བ་འདོད་པས་ན། །མཁས་པ་རྣམས་ཀྱིས་བཤད་པར་རིགས། །རྣལ་འབྱོར་བསྒོམ་པ་ལ་འཇུག་པ་སློབ་དཔོན་ཀ་མལ ་ཤྲི་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཡོ་ག་བྷ་བ་ནཱ་པ་ད། བོད་སྐད་དུ། ་