| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། སཾ་བྲིཏྟི་བོ་དྷི་ཙིཏྟ་བྷ་བ་ནོ་པ་དེ་ཤ་ཝརྞ་སཾ་གྲ་ཧ། བོད་སྐད་དུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་རྫོབ ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་པདྨ་སྤུངས་པ་ཞེས་བྱ་བ་ཅུང་ཟད་བྲི་བར་བྱའོ། །ཤེས་རབ་སྙིང་རྗེ་ལྡན་པའི་མིས། །འགྲོ་བ་མགོན་མེད་རྣམས་ཀྱི་ཕྱིར། །དག་པར་བྱེད་ཅིང་སྡིག་སེལ་བ། །བྱང་ཆུབ་སེམས་མཆོག་རབ་བསྐྱེད ་ནས། །བྱང་ཆུབ་པ་ཡི་འགྲོས་ཆེན་གྱིས། །ངེས་འབྱུང་ལམ་ནི་མཐར་འབྱིན་ན། །ཕ་དང་མ་ལ་རབ་གུས་ཤིང། །རྒན་ལ་སྲི་ཞུ་བྱེད་པ་དང། །མི་ཡི་ཆོས་ལུགས་ལེགས་བསྲུང་དང། །འདི་ནི་ཡ་རབས་སྤྱོད་པ་ཡིན། །མི་འཚེ་བ་དང་བདེན་པ ་དང། །བྱིན་ནས་ལེན་དང་ཚངས་པར་སྤྱོད། །འཛིན་པ་ཐམས་ཅད་བཏང་བ་ནི། །འདི་ནི་བདེ་འགྲོའི་སྤྱོད་པ་ཡིན། །འཁོར་བའི་སྡུག་བསྔལ་ཡོངས་མཐོང་ནས། །སྤང་ཕྱིར་བདེ་པའི་ལམ་བསྒོམ་ཞིང། །ཁ་ན་མ་ཐོ་གཉིས་སྤོང་བ། །འདི་ནི ་ཞི་བའི་སྤྱོད་པ་ཡིན། །འདི་དག་ཀུན་ཀྱང་བླང་བྱ་སྟེ། །ངེས་འབྱུང་ལམ་གྱི་ཡན་ལག་ཡིན། །ཆོས་ཀུན་སྟོང་བ་ཉིད་རྟོགས་པས། །འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང། །ཐབས་མཁས་སྤྱོད་པ་མཛའ་ཡས་པ། །ངེས་འབྱུང་མཆོག་གི་སྤྱོད ་པ་ཡིན། །དེ་ཡང་ཐོག་མར་འདི་ལྟ་སྟེ། །དོན་དམ་རྣམ་པར་བསླུ་བ་ཡི། །འཇིག་རྟེན་ཆོས་ལ་མ་ཆགས་པར། །ནགས་ཚལ་ལ་སོགས་དབེན་བར་བསྡད། །སེམས་ཉིད་གདོད་ནས་མ་སྐྱེས་པ། །རང་བྱུང་དགོན་པ་ཡིན་མོད་ཀྱང། །ལས ་དང་པོ་ཡི་སེམས་ཅན་གྱིས། །ཕྱི་རོལ་དགོན་པ་ཐོག་མར་བསྟེན། །དེ་འོག་སེམས་ཉིད་དགོན་པ་བཙལ། །བྱང་ཆུབ་སྙིང་པོའི་ས་བོན་ལ། །བརྟེན་ནས་དོན་ཆེན་འདི་ལྟར་བསྒྲུབ། །དེ་ཡང་ཐོག་མར་ཚད་མེད་བློ། །བཏང་བསྙོམས་ས་གཞི ་ལེགས་བདལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུ་ས་ལ། །རབ་ཏུ་དགའ་བའི་རྣལ་འབྱོར་པས། །སྙིང་རྗེའི་ས་བོན་ལེགས་པར་གདག། ལྟ་བའི་ནམ་མཁའ་གོ་ཕྱེ་ལ། །བྱང་སེམས་མྱུ་གུ་ཐབས་ཀྱིས་བསྐྱེད། །དངོས་གྲུབ་ལོ་ཏོག་རབ་བཙལ ་ལ། །མ་ཆགས་བློ་ཡིས་ཀུན་ལ་དགྱེ། །སྦྱིན་པའི་གཡབ་མོས་ལེགས་བོས་ལ། །སྙན་པར་སྨྲ་བས་གཏམ་བྱ་སྟེ། །དོན་མཐུན་བ་ཡིས་བག་ཕབ་ཅིང། །དོན་སྤྱོད་གྲོས་ཆེན་ངེས་བར་གདབ། །དད་པའི་ཆུ་བུམ་རབ་ཐོགས་ལ། །བདག་གཞན་སྡིག་པ ་རྣམ་བར་བཀྲུ་།གསན་པའི་ཕྲེང་བ་མཆོག་ཐོགས་ཏེ། །ཡང་དག་གདམ་ངག་གཟུངས་སུ་བཟུང། །ཤེས་བཞིན་མར་མེ་ལག་ཐོགས་ཏེ། །བག་ཡོད་གོམ་པ་ལེགས་པར་བོར། །ནད་མེད་སྦྱིན་པའི་ལུས་ལ་ནི། །ཚུལ་ཁྲིམས་གཙང་མའི་གྲོས་བགོ་ཞིང།། ་བཟོད་པའི་མདངས་ཆེན་རབ་ཕྱུང་སྟེ། །བརྩོན་འགྲུས་ཡན་ལག་ལེགས་བསྐྱོད་ལ། །ཏིང་ངེ་འཛིན་གྱི་ཁང་པ་རུ། །བསམ་གཏན་ཁ་ཟས་ལོགས་སྦྱར་ཞིང། །ཤེས་རབ་སྣང་བས་སྒོ་ཕྱེ་སྟེ། །སྟོང་ཉིད་ཡེ་ཤེས་ཁང་ཆེན་ལ། །ཁམས་གསུམ ་སྐྱེ་བོ་མགྲོན་པོའི་ཚོགས། །སྨོན་ལམ་སྙིང་རྗེས་བོས་ནས་སུ། །ཐབས་མཁས་ཐེག་པའི་གོ་རིམ་བཞིན། །དམ་ཆོས་སྟོབས་ཀྱི་དགའ་སྟོན་བྱ། །དད་པ་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲང། །ཚུལ་ཁྲིམས་བཙུན་མོ་རིན་པོ ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བ་བློན་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་དབྱུང། །ཐོས་པ་དམག་དཔོན་རིན་པོ་ཆེས། །ལོག་རྟོགས་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན ་མོངས་བདག་མེད་སྦུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱིས་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལམ་རྣམས་སྤང། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་བསྐང། །ཡོན་ཏན་མཛའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ ་སྡུག་བསྔལ་རྒྱུ། །ཐོག་མར་དགེ་བཤེས་བསྟེན་པ་ཡིས། །ཕྱི་ནང་ཆོས་ཀུན་སློབ་དཔོན་ཡིན། །ནག་སོགས་དུས་ཀྱིས་འགྱུར་བ་ཡིས། །འདུས་བྱས་མི་རྟག་སྟོང་པར་སྟོན། །ནགས་སོགས་རྒྱུ་འབྲས་སོ་སོ་ཡིས། །ཀུན་རྫོབ་སླུ་བ་མེད་པར ་སྟོན། །རོ་དང་རུས་པ་ཆུ་ཤིང་སོགས། །ཕྱི་ནང་ཆོས་ཀུན་བདག་མེད་སྟོན། །ཀུན་ལ་ཁྱབ་པའི་ནམ་མཁའ་ཡིས། །དོན་དམ་སྤྲོས་བྲལ་ལ་སོགས་སྟོན། །རང་བཞིན་ཡོངས་སུ་ཤེ་པའི་བློས། །ཆགས་མེད་མིག་གིས་ཕྱོགས་སུ་བལྟ། །དེ་ཚེ ་ཡུལ་ན་ཅི་ཡང་སྣང། །སྒྱུ་མ་བཞིན་དུ་གོས་པ་མེད། །དོན་གྱི་ཆོས་ནི་རྟགས་གྱུར་ན། །ཐ་སྙད་དག་གིས་ཅི་ཞིག་བྱ། །གྲོགས་མཆོག་རྙེད་ན་ཤིན་ཏུ་ལགས། །དེ་ལྟར་མིན་ན་འང་གཅིག་པུར་གནས། །བུང་བ་རྒྱགས་ལྡིང་གླུ་ལེན་ཅིང། །ལྗོན་ཤིང་ཡལ་ག ་གར་བྱེད་དེ། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་ཡབ་དང་འཇམ་ཕྱོགས་ན་གཡོ། །ཕུ་ཆུ་ལྷུང་རྒྱུན་སྒྲ་ཡང་སྒྲོགས། །མཛེས་པའི་རི་དགས་རྒྱུག་ཅིང་བསྐོར། །མེ་ཏོག་ཚོགས་ནི་རྒོད་པ་འདྲ། །ཙན་དན་སྤོས་སོགས་དྲི་ངད་ལྡང། །དགོན ་བའི་ཡོན་ཏན་འདི་ལྟ་བུས། །རང་གཞན་དག་ལ་ཕན་འདོགས་ཤིང། །ལན་ལ་ཅུང་ཟད་མི་རེ་སྟེ། །གྲོགས་མང་རྣལ་འབྱོར་ཅི་ཕྱིར་སྐྱོ། །འཇིག་རྟེན་ཕལ་པོ་དེ་ལྟ་མིན། །ཇི་ལྟར་ནགས་ཀྱི་རི་དགས་བཞིན། །རྩ་བ་སྡོང་བུ་ལ་སོགས་བཟའ་། །ཡང་ན ་བུང་བས་མེ་ཏོག་བཞིན། །ཡང་དག་འཚོ་བ་གཙང་མ་བླང། །ཡང་ན་ཐབས་མཁས་བྱ་བཞིན་དུ། །སྡིག་མེད་སོག་འཇོག་ཅུང་ཟད་བྱ། །ཇི་ལྟར་ནགས་ཀྱི་དུམ་བུ་བཞིན། །དྲོ་བའི་སྐྱབས་ལ་བརྟན་པར་བྱ། །ཡང་ན་སྨན་བཞིན་མི་མཁོའི་གོས།། ་ཡང་ན་བསོད་ནམས་སྟོབས་དང་སྦྱར། །ཇི་ལྟར་རི་དགས་ཕྱོགས་སུ་བདས། །བག་ཕེབས་ནས་ནི་ཉལ་བ་བཞིན། །དེ་ལྟར་བླ་མས་བརྟན་པ་ཡི། །ཡང་དག་དོན་ལ་རྣལ་འབྱོར་བྱ། །བྱིང་རྒོད་དབང་དུ་མི་གཏང་བར། །ཞི་གནས་ལྷག་མཐོང་ཆ ་མཉམ་མོ། །ནང་གི་ཞི་གནས་མ་རྙེད་ཀྱང། །ཕྱི་ཡི་ཞི་གནས་ལ་བརྟེན་ཏེ། །ཅི་ནུས་པ་ཡི་ཆོས་སྤྱོད་ནི། །ཉིན་མཚན་གཡེལ་བ་མེད་པར་བྱ། །དེ་ལྟར་བསོད་ནམས་ཚོགས་ཀྱིས་ནི། །རང་རྒྱུད་མེ་ལོང་དག་པར་འགྱུར། །དེ་བས་དཀའ་བ་མེད་པར་ནི།། ་ཤེས་རབ་ཡེ་ཤེས་འཆར་བར་འགྱུར། །ཐེ་ཙོམ་མེད་ཅིང་དད་ལྡན་པས། །ཆོས་གཅིག་ནན་ཏན་བྱས་བ་ཡིས། །ཡོན་ཏན་མཛའ་ཡས་རབ་སོང་བ། །ལོ་རྒྱུས་བཟང་དང་གཞུང་ཉིད་མཐོང། །དེ་ལྟ་བས་ན་ཡོན་ཏན་གྱི་སྐབས་ནས་ཀྱང། བྱང་ཆུབ་སེམས་དཔའ་ཨི ་སྤྱོད་བའི་འབྱུང་ཁུངས་སོ་ཞེས་པ་དང། བླང་དང་དོར་བའི་དངོས་པོའི་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་དོ་ཞེས་པ་དང། མིང་ཡང་དག་པར་བརྗོད་དུ་འདི་ནི་སངས་རྒྱས་ཀྱི་ཆོས་ཡང་དག་པའི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས ་པས་བསྟན་ཏོ། །བློ་ལངས་རྒྱ་མཚོ་ལྟ་བུ་ཡི། །སྤྱོད་པ་མཛའ་ཡས་པདྨ་གསལ། །བློ་དམན་རྫིང་བུ་ལྟ་བུའི་ཕྱིར། །པདྨ་སྤུངས་པ་ཙམ་འདི་བྲིས། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་།པདྨ་སྤུངས་པ་ཞེས་བྱ་བ་སློབ་དཔོན་མཁས་པ ་ཆེན་པོ་རྟ་དབྱངས་ཀྱིས་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་བརྨ་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སེམས་ནི་རས་ཡུག ་དཀར་པོ་འདྲ། །ལྟ་སྤྱོད་གཉིས་ཀྱིས་སྦྱང་གསུངས་པས། །འདི་ལས་གོང་དུ་གྱུར་པ་ཡི། །སྤྱོད་པ་ཡོད་མེད་མཁས་ལ་དྲིས། །མི་ལུས་ཐོབ་པ་བཞིན་དུ་དཀོན། །འགྲོ་བའི་ཚེ་དང་ཤིན་ཏུ་ཐུང། །བློ་གྲོས་ཉམས་ཀྱང་ཤིན་ཏུ་ཞན། །བཤེས་གཉེན ་མཆོག་ཀྱང་རྙེད་དཀའ་བ། །བྱིས་པ་རྣམས་ནི་དོན་མེད་འཁྱམ། །འཇིག་རྟེན་ཆོས་ལ་རབ་བལྟས་ན། །རང་དབང་མེད་པར་མཆི་མ་དགུ། །ཕན་སྲིད་སྙམ་ནས་བྲིས་པ་ཡིན། །ལྟ་བ་རྣམ་དག་སེམས་ལ་ཕན། །སྤྱོད་པ་དྲི་མེད་ལུས་ལ་ཕན། །ཕན ་པ་མཆོག་གི་སྨན་འདི་ལ། །བདག་གཞན་ཀུན་གྱིས་ནན་ཏན་མཛོད།། །།རྒྱ་གར་སྐད་དུ། ཨཱརྱ་བུད་དྷཱ་ནུ་སྨྲི་ཏ། བོད་སྐད་དུ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་