CLOSE WINDOW

N4025: rten cing 'brel par 'byung ba'i snying po'i tshig le'ur byas pa
Wyliee-texts based on the ACIP/ALL Input

རྟེན་ཞེས་བྱ་མིང་ཙམ་སྟེ། མིང་དང་སྨིག་རྒྱུ་དང་མཚུངས་པའི། ཚིག་ཙམ་ཚིག་གིས་སྟོང་པ་སྟེ། རྒྱུད་མངས་རྫ་སྔ་སྒྲ་བརྙན་མཚུངས། །ཞེས་གསུངས་སོ། །དེ་བས་ན་ཐ་སྙད་རྨི་ལམ་དང་མཚུངས་སོ། །དེའི་ཕྱིར་དངོས་པོ་མ་ཡིན་ནོ། །འདིར་སྨྲས ་པ། དེ་བཀག་པ་གང་ཡིན་པ་དེ་ཅི་རང་བཞིན་མེད་པ་ཞིག་གམ་འོན་ཏེ་མ་ཡིན། འོན་ཏེ་རང་བཞིན་དང་བཅས་པ་ཡིན་ན། དེའི་ཚེ་དམ་བཅའ་བ་ཉམས་སོ། །ཅི་སྟེ་རང་བཞིན་མེད་ན་དེའི་ཚེ་དགག་པར་བྱ་བར་མི་ནུས་ཏེ། རང་བཞིན་མེད་པའི་ཕྱིར་རོ ་ཞེ་ན། སྨྲས་པ་བསྒྲུབ་པར་བྱ་བ་དང་མཚུངས་སོ། །འདིར་ཁྱེད་ཀྱིས་དགག་པ་གང་ཡིན་པ་འདི་བརྗོད་པ། ཅི་ཡོད་པ་དང་མེད་པ་ཞེས་བྱ་བའི་དགག་པར་བྱེད་པའི་ཕྱིར་མི་སྲིད་དེ། དགག་པར་བྱ་བ་མེད་པ་ལ་ནི་འདི་ཅི་ཞིག་འགེགས། དགག ་པར་བྱ་བ་དང། དགག་པ་དག་།འགེགས་པ་པོ་རྣམས་རིམ་གྱིས་མི་སྲིད་ལ། ཅིག་ཅར་ཡང་མ་ཡིན་ནོ། །འདི་ལྟར་གལ་ཏེ་དགག་པར་བྱ་བ་མེད་ན་གང་གི་དགག་པ་ཡིན། དེ་བཞིན་དུ་གལ་ཏེ་དགག་པ་མེད་ན་ཇི་ལྟར་དགག་པར་བྱ་བ ་ཡིན་པར་འགྱུར། དེ་དག་མེད་ན་འགེགས་པ་པོར་ཇི་ལྟར་འགྱུར། དེ་དག་མེད་པར་ཡང་དེ་ཇི་ལྟར་འགྱུར། དེ་ལྟར་རེ་ཞིག་རིམ་གྱིས་མ་ཡིན་ནོ། །དགག་པར་བྱ་བ་དང། དགག་པ་དང། འགེགས་པ་པོ་ཅིག་ཅར་ཡང་ཡོད་པ་མ་ཡིན ་ཏེ། ཅིག་ཅར་སྐྱེ་བའི་བ་ལང་གི་རྭ་དག་ལ་ནི་ཕན་ཚུན་དགག་པར་བྱ་བ་དང། དགག་པ་དང། འགེགས་པ་པོ་དག་མེད་དོ། །དེ་བས་ན་ཚིག་འདི་བསྒྲུབ་པར་བྱ་བ་དང་མཚུངས་སོ། །དེ་ལྟ་ཡིན་དང་རྟེན་མེད་པའི་ཉོན་མོངས་པ་རྣམས་རབ་ཏུ་སྤོང ་བ་ཡིན་ནོ། །ཡང་བདག་ཉིད་ཆེན་པོ་ཆགས་པ་མིན། །ཆགས་བྲལ་མ་ཡིན་རྟེན་མེད་ཕྱིར། །རྟེན་ཡོད་ན་ནི་ཆགས་པ་དང། །ཆགས་བྲལ་ཉེ་བར་སྐྱེད་པར་བྱེད། །ཅེས་གསུངས་སོ། །ཡི་གེ་བརྒྱ་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནདེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ།། །།སླད་ཀྱིས་པཎྜི་ཏ། ཨ་ནནྟ་དང། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ ་ཀྱིས་ཞུ་ཆེན་ལེགས་པར་བྱས་སོ།། །།རྒྱ་གར་སྐད་དུ། པྲ་ཏི་ཏྱས་མུཏཔཱ་ད་ཧྲི་ད་ཡ་ཀཱ་རི་ཀཱ་།བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་པའི་སྙིང་པོའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡན ་ལག་བྱེ་བྲག་བཅུ་གཉིས་གང། །ཐུབ་པས་རྟེན་འབྱུང་གསུངས་དེ་དག་།ཉོན་མོངས་ལས་དང་སྡུག་བསྔལ་དང། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས ་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བ་ཟད། །ཁ་ཏོན་མར་མེ་མེ་ལོང་བརྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲས། །ཕུང་པོ་ཉིད་མཚམས་སྦྱོར་བ་ཡང། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིན་ཏུ་ཕྲ་བའི་དངོས ་ལ་ཡང། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང། །འདི་ལ་བསལ་བྱ་གང་ཡང་མེད། །བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ།། ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། པྲ་ཏི་ ་