CLOSE WINDOW

N4007: 'phags pa shes rab kyi pha rol tu phyin pa'i snying po'i rnam par bshad pa
Wyliee-texts based on the ACIP/ALL Input

པའོ།། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ་བྱ་ཁྱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་ཕྱག་འཚལ་ལོ། །དེ་ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའོ་ཞེས་བྱ་བ་ནི། མདོའི་མཚན་ཉིད་བརྗོད་པས་ན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ། །ཐོག ་མ་ཁོ་ནར་མིང་མ་གཏོགས་ན་མདོ་གང་ཡིན་གཏོལ་མེད་པའི་ཕྱིར་མིང་སྨོས་སོ། །མིང་བཏགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདིའི་མདོ་ཐམས་ཅད་ཀྱང། འདིར་མ་འདུས་པ་མེད་པས་མདོའི་ཡང ་མདོ་ཞེས་བྱའོ། །དེ་ལ་བཅོམ་ལྡན་ཞེས་བྱ་བ་ནི་བདུད་བཅོམ་པ་སྟེ། ཕུང་པོའི་བདུད་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདིས་བདུད་བཙལ་དུ་མི་རྙེད་ཅིང། བདུད་ཐམས་ཅད་མི་གནས་པའི་ཕྱིར། བཅོམ་པའོ།། ་ལྡན་ཞེས་བྱ་བ་ནི་ལེགས་པ་དྲུག་དང་ལྡན་པ་སྟེ། མཁྱེན་པའི་ཡོན་ཏན་ཐམས་ཅད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱིན་གྱི་བརླབས་ལས་བྱུང་བས་ན་ལྡན་པའོ། །འདས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱིས་སེམས་དང་ཡིད་དང། རྣམ་པར་ཤེས་པ་ཐམས་ཅད་བཟློག་ཏེ། བག་ཆགས་ཐམས་ཅད་དང་བྲལ་བས་ན་འདས་ཞེས་བྱའོ། །མ་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས ་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྤྱད་པ་ལས་བྱུང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱིས་བསྐྱེད་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པས་ན་མ་ཞེས་བྱའོ།། ་ཤེས་རབ་ཅེས་བྱ་བ་ནི་ཐོས་པ་དང། བསམས་པ་དང། བསྒོམས་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པས་ན་ཤེས་རབ་ཅེས་བྱའོ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱིས ་ཆོས་གང་ཡང་རྗེས་སུ་མ་མཐོང་བའི་ཕྱིར་མཚན་མ་དང་མཛའ་གཉིས་དང། སྐྱེ་ཤི་ལས་འདས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྙིང་པོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས ་པའི་ནང་ནས་ཟབ་མོ་མཆོག་ཐམས་ཅད་མདོ་ཉུང་ངོ་འདིའི་ནང་དུ་མ་འདུས་པ་མེད་པས་ན་སྙིང་པོ་ཞེས་བྱའོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པའི་མདོ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་བ་དང་འདྲའོ་ཞེས་འབྱུང་བའི་ཕྱིར་བསོད་ནམས་ཀྱི་ཚོགས ་བསགས་པ་དང། མཆོད་པའི་ཕྱིར་ཕྱག་འཚལ་བའོ། །ད་ནི་གཞུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མགོ་འཇུག་ཏུ་དོན་རྣམ་པ་བདུན་གྱིས་བསལ་བར་བཤད་དེ། དེ་ཡང་གང་ཞེ་ན། གླེང་གཞི་དང། ཤེས ་རབ་ལ་འཇུག་པ་དང། སྟོང་པ་ཉིད་ཀྱི་མཚན་ཉིད་དང། ཤེས་རབ་ཀྱི་སྤྱོད་ཡུལ་དང། ཤེས་རབ་ཀྱི་ཡོན་ཏན་དང། ཤེས་རབ་ཀྱི་འབྲས་བུ་དང། ཤེས་རབ་ཀྱི་གཟུངས་སོ། །དེ་ལ་གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པ་ཞེས ་བྱ་བ་ནས། ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ལ་འཇུག་པ་ནི་ཕུང་པོ་ལྔ་ཡང་རང་བཞིན་གྱིས་སྟོང་བར་བལྟའོ་ཞེས་བྱ་བའི་བར་དུའོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཐོབ་པ་ཡང་མ་ཡིན། མ ་ཐོབ་པ་ཡང་མ་ཡིན་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་སྤྱོད་ཡུལ་ནི་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྤྱོད་དེ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་ཡོན་ཏན་ནི་མྱ་ངན་ལས་འདས་པའི ་མཐར་ཕྱིན་ཏོ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་འབྲས་བུ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་གཟུངས་ནི་མཇུག་གི་སྔགས་ཡན་ཆད་དོ། །ད་ནི་གླེང་གཞིའི ་དོན་བཤད་དེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་འཕགས་པ་འཇམ་དཔལ་གྱིས་གསན་ཏེ། བསྡུས་པས་ན་བདག་གིས་ཐོས་པ་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་ཤེས་རབ་ཀྱི་སྙིང ་པོའི་རྣམ་གྲངས་ཇི་སྙེད་བརྗོད་པ་ཉིད་དོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་མཉན་ཏེ། དཔལ་གྱི་མགུར་ནས་གསུངས་པ་མངོན་སུམ་དུ་རྣ་བའི་དབང་པོས་ཐོས་པའོ། །དུས་གཅིག་ན་ཞེས ་བྱ་བ་ནི་ཤེས་རབ་ཀྱི་སྙིང་པོ་དུས་གཞན་བཤད་པ་ལ་མི་བྱའི། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ན་འཁོར་འདི་རྣམས་ལ་ལན་གཅིག་ཁོ་ན་ཞིག་བཤད་པའི་དུས་ལ་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་ལ་སྟོན ་པ་ནི་སུ་ཞིག་ཡིན། ཡུལ་ནི་གང་ཞིག་ན། འཁོར་ནི་གང་གང་ཡིན། འདུས་ནས་དོན་ཅི་ཞིག་མཛད་དེ། སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས། ཡུལ་ནི་རྒྱལ་པོའི་ཁྱབ་ཀྱི་བྱ་རྒོད་ཕུང་པོའི་རིའོ། །འཁོར་ནི་དགེ་སློང་གི་དགེ ་འདུན་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །འདུས་ནས་དོན་ཅི་ཞིག་མཛད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་སྟོན་ཏོ། །དེ་ལ་ཚིག་གཉེར་བཤད་པ་ནི་གོང་མ་དང་འདྲ། ་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་བྱ་བ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡོན་ཏན་ལས་གྲགས་ཏེ། ཡུལ་ལྗོངས་ཀྱི་གྲོང་ཁྱེར་སྤྱིའི་མིང་དུ་བཏགས་པའོ། །བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བ་ནི་ཡུལ་ལྗོངས་དེ་རྒྱ ་ཆེ་བས་བྱ་རྒོད་ཕུང་པོའི་རི་སྟེ་མཐོ་ལ་བྱ་མང་པོ་འདུ་བའི་ཕྱིར་མིང་དུ་བཏགས་པའོ། །དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་བྱ་བ་ནི་མཐུ་ཆེ་བ་དང་གྲངས་མང་བའོ། །བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཆེན་པོ་ཞེས་པ་ནི ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཕུན་སུམ་ཚོགས་པ་མངོན་སུམ་དུ་ཆུད་ཅིང་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པའི་བྱང་ཆུབ་སེམས་དཔའ་མང་པོའོ། །ཐབས ་གཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཁོར་མང་བོས་བསྐོར་ཏེ་བཞུགས་པའོ། །འདི་ཡང་ན་ཆད་ནི་གླེང་གཞིའོ། །ད་ནི་ཤེས་རབ་ལ་འཇུག་པའི་དོན་གྱིས་བཤད་དེ། དེའི་ཚེ་བཅོམ་ལྡན་འདས་ཆོས་ཀྱི་རྣམ ་གྲངས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི། དེ་ལ་བཅོམ་ལྡན་འདས་འཁོར་དེ་དག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་སྙོམས་པར་ཞུགས ་པའོ། །དེ་ལ་ཆོས་ཀྱི་རྣམ་གྲངས་ཟབ་མོ་སྣང་བ་ཞེས་བྱ་བ་ནི་ཆོས་ཀྱི་གཞུང་འདིས་ཆོས་ཐམས་ཅད་དམིགས་པ་དང་མཛའ་ཐམས་ཅད་ལས་འདས་པར་སྟོན་ཅིང་མཁྱེན་པའི་ཕྱིར་ཟབ་མོ་སྣང་བ་ཞེས་བྱའོ། །ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི་ཟབ་མོ་དེ་ཉིད་ལ་མཉམ་པར་གཞག་པའོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཟབ་མོ་སྤྱོད་པ་འདི་ཉིད་ལ་རྣམ་པར་རྟོག་ཅིང། ཕུང་པོ་ལྔ་པོ་དེ་དག་ཉིད་ལ་ཡང་རང་བཞིན་གྱིས་སྟོང་པར་ལྟའོ་ཞེས་པ་ལ། ཡང་དེའི་ཚེ་ཞེས་པ་ནི་འཁོར་འདུས་པ་དང་སྙོམས་པར་ཞུགས་པའི་དུས་ནའོ། ། ་སྤྱན་རས་གཟིགས་ཀྱི་དབང་པོ་རང་བཞིན་གྱིས་སྟོང་པར་ལྟའོ་ཞེས་བའི་བར་དུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་འཁོར་དེ་རྣམས་དང། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཉིད་ལ་རྣམ་པར་རྟོག་ཅིང་ཕུང་པོ་ལྔ་པོ་དེ་དག་ཀྱང་མི་དམིགས་པའི་རང་བཞིན་གྱི་སྟོང་པ་སྟོང་པ་ཉིད་ལས་གཞན་དུ་གྱུར་པ་གང་ཡང་མེད་དོ་ཞེས་བྱ་བར་དགོངས་པའོ། །ཕུང་པོ་ལྔ་ཞེས་བྱ་བ་ནི་གཟུགས ་ཀྱི་ཕུང་པོ་ནི་དབུ་བའི་གོང་བུ་ལྟ་བུའོ། །ཚོར་བ་ནི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་ནི་ཆུ་ཤིང་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །རང་བཞིན་གྱིས་སྟོང་པ་ཞེས་པ་ནི་ཕུང་པོ་ལྔ་པོ་དེ་དག་རང་གི ་རང་བཞིན་གྱི་མཚན་ཉིད་ཀྱིས་སྟོང་པ་ཉིད་དེ། མཛའ་ཐམས་ཅད་ལས་འདས་ཤིང་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པ་ནི་ཉན་ཐོས་ཆེན་པོའི་ནང་ན་ཤེས་རབ་ཀྱི་མཆོག་ཏུ་གྱུར་པའི་ཤཱ་རིའི་བུས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཕགས་པ་སྤྱན ་རས་གཟིགས་ཀྱི་དབང་པོ་ལ་དྲིས་པའོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ལ། རིགས་ཀྱི་བུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་གསུང ་རབ་ལས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྲས་སུ་གྱུར་པའོ། །གང་ལ་ལ་ཞེས་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་གང་སུ་ཡང་རུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྤྱོད་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟབ་མོ་བརྗོད་དུ་མེད་པར་སྤྱོད་པའོ། །སྤྱད་པར་འདོད་པ་ངེས་ཇི་ལྟར་བསླབ་པར་བྱ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྤྱད་པར་འདོད་པ་དེས་ཇི་ལྟ་བུ་ཞིག ་ཏུ་ཤེས་པར་བྱ་ཞིང། བསླབ་པར་བྱ་ཞེས་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད ་ཅེས་སྨྲས་སོ། །ཞེས་པ་ནི་དྲིས་པའི་ལན་སྨྲས་པའོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་བརྟག་པར་བྱ་སྟེ་ཞེས་པ་ནི། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འདོད་པ་དེས་འོག་ཏུ་བཤད་པའི་དོན་བཞིན་དུ་བརྟག་པར་བྱའོ་ཞེས་པའོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་པ་ནི་ཕུང་པོ་ལྔ་པོ ་དེ་དག་ནི་རང་བཞིན་གྱིས་སྟོང་ཉིད་དེ། མཚན་ཉིད་མེད་པས་སྔོན་གྱི་དུས་ནས་མ་སྐྱེས་པ་ལྟར་གྱི་དུས་ན་མི་གནས། མ་འོངས་པའི་དུས་ན་མི་འགག་སྟེ། དུས་ཐམས་ཅད་དུ་སྐྱེ་བ་དང། གནས་པ་དང། འགག་པར་མ ་གྱུར་པས་མི་གནས་པའི་རང་བཞིན་བརྗོད་དུ་མེད་པས་ན་སྟོང་པ་ཉིད་དོ། །བལྟའོ་ཞེས་པ་ནི་ཡང་དག་པ་ཇི་ལྟ་བུ་བཞིན་དུ་བལྟའོ། དེ་ལས་གཞན་པ་གང་དུ་ཡང་མི་བལྟའོ་ཞེས་པའོ། །འདི་ཡན་ཆད་ནི་ཤེས་རབ་ལ ་འཇུག་པའོ། །ད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དོན་གྱིས་བཤད་དེ། གཟུགས་སྟོང་པའོ། སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་པ་ལ། དེ་ལ་གཟུགས་སོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཁོང་དུ་མ་ཆུད་པས་འཁྲུལ ་པའི་སེམས་ཀྱིས་གཟུགས་སོ་མཐོང་ཞིང་རྟོག་པའམ། ཚིག་གིས་ཐ་སྙད་དུ་འདོགས་པའོ། །སྟོང་པའོ་ཞེས་བྱ་བ་ནི་གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པས་སྔ་མ་འདས་པའི་དུས་ན་ཡང་མཚན་ཉིད་མེད ་པས་དམིགས་སུ་མེད་པ་ལྟར་དང་མ་འོངས་པའི་དུས་ན་ཡང་མཚན་ཉིད་མེད་དེ། དམིགས་སུ་མེད་པས་མཛའ་ཐམས་ཅད་དང་དངོས་པོ་ཐམས་ཅད་མི་གནས་པའི་ཕྱིར་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ ་བ་ནི་སྟོང་པ་ཉིད་ཀྱང་དམིགས་སུ་མེད་པའི་རང་བཞིན་ལ་གཟུགས་སོ་ཞེས་ཚིག་གི་ཐ་སྙད་དུ་བཏགས་ལ། དེ་གུད་ན་མི་གནས་པའི་ཕྱིར་སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས ་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་ནི་གཟུགས་གང་ཡིན་པ་དེ་ཉིད་བརྗོད་དུ་མེད་པའི་སྟོང་པ་ཉིད་ཡིན་གྱི། གཟུགས་སྤངས་ཏེ་སྟོང་པ་ཉིད་བཙལ་དུ་མི་རྙེད་པས་ན་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ཞེས་བྱའོ། ། ་བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ལ་གཟུགས་སོ་ཞེས་ཚིག་གི་ཐ་སྙད་དུ་བརྟགས་པ་གུད་ན་མི་འདུག་ཅིང་མི་རྙེད་པའི་ཕྱིར་སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་བྱའོ། །དེ་བཞིན་དུ་ཚོར་བ་དང། ་འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་རྣམས་སྟོང་པའོ། ཞེས་པ་ནི་གཟུགས་ལ་ཇི་ལྟར་བཤད་པ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ཀྱང་དེ་དང་འདྲ་བར་བལྟའོ། །ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད ་དེ་ཞེས་བྱ་བ་ལ། ཤཱ་རིའི་བུ་ཞེས་པ་ནི་མ་ཡེངས་པར་ལེགས་པར་ཉོན་ཅིག་ཅེས་བོད་པའི་ཚིག་གོ་།དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ནི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་ལྟར་གཞན་ཡང་སྐྱེ་མཆེད་དྲུག་ནས། རྣམ་པ་ཐམས ་ཅད་མཁྱེན་པའི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ཤེས་པར་གྱིས་ཞིག་པའོ། །མཚན་ཉིད་མེད་པ་ཞེས་པ་ནི་ནམ་མཁའ་ལ་མཚན་ཉིད་མེད་པ་ལྟར་ཉོན་མོངས་པའི་མཚན་ཉིད་ཀྱང ་མེད་རྣམ་པར་བྱང་བའི་མཚན་ཉིད་ཀྱང་མེད་པའོ། །མི་སྐྱེ་མི་འགག་པ་ཞེས་པ་ནི་ད་ལྟར་སྐྱེས་པ་ནི་སྔོན་མེད་པ་ལས་ཕྱིས་ཡོད་པར་གྱུར་པའོ། །འགག་པ་ནི་སྔོན་ཡོད་པ་ལས་ཕྱིས་མེད་པར་གྱུར་པའོ། ། ་སྟོང་པ་ཉིད་ནི་དམིགས་སུ་མེད་པས་སྔོན་ནས་མ་སྐྱེས་པའོ། །མ་སྐྱེས་པས་ན་ཕྱིས་མི་འགག་པའོ། །དྲི་མ་མེད་པ་དང། དྲི་མ་དང་བྲལ་བ་མེད་པ་ཞེས་བྱ་བ་ལ། དྲི་མ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱིས་གཟུང་འཛིན ་དུ་སྤྱོད་པའོ། །སྟོང་པ་ཉིད་ནི་རྣམ་པར་ཤེས་པ་ལས་འདས་པས་དྲི་མ་མེད་པའོ། །དྲི་མ་དང་བྲལ་བ་མེད་པ་ནི་དྲི་མ་མེད་པས་བྲལ་བ་ཡང་མེད་པའོ། །བྲི་བ་མེད་པ་གང་བ་མེད་པའོ་ཞེས་བྱ་བ་ལ། བྲི་བ་ཞེས་བྱ་བ་ནི་སེམས་ཅན་ནོ།། ་གང་བ་ཞེས་བྱ་བ་ནི་སངས་རྒྱས་སོ། །མེད་པ་ཞེས་བྱ་བ་ནི་སེམས་ཅན་དང་སངས་རྒྱས་བཅོལ་དུ་ཡང་མི་རྙེད་པས་བྲི་བ་དང་གང་བ་མེད་པའོ། །དེ་ལྟར་ན་སྟོང་པ་ཉིད་ནི་གཟུགས་མ་ཡིན་ཞེས་བྱ་བ་ལ། གཟུགས་ནི་གཞི ་པར་བྱ་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་ནི་གཟུགས་མ་ཡིན་ནོ། །ཚོར་བ་མ་ཡིན། དེ་བཞིན་དུ་ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་མ་ཡིན། འདུ་ཤེས་ནི་འཛིན་པའི་མཚན ་ཉིད། འདུ་བྱེད་མ་ཡིན། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་མ་ཡིན། རྣམ་པར་ཤེས་པ་ནི་སོ་སོར་བྱེ་བྲག་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་དམིགས་སུ་མེད་པས་རྣམ་པར ་ཤེས་པ་རྣམས་མ་ཡིན་ནོ། །རྣམས་མ་ཡིན་ཞེས་པ་ནི་ཕུང་པོ་ལྔ་རྣམས་ནི་ཟག་པ་དང་བཅས་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་ཕུང་པོ་ལྔ་རྣམས་མ་ཡིན་ནོ། །མིག་མ་ཡིན། དེ་ལ་མིག་ནི་མཐོང་བའི་མཚན་ཉིད ་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་སྟོང་པ་ཉིད་མིག་མ་ཡིན་ནོ། །རྣ་བ་མ་ཡིན། དེ་བཞིན་དུ་རྣ་བ་ནི་ཐོས་པའི་མཚན་ཉིད་དོ། །སྣ་མ་ཡིན། སྣ་ནི་སྣོམ་པའི་མཚན་ཉིད། ལྕེ་མ་ཡིན། ལྕེ་ནི་རོ་མྱོང་བའི་མཚན་ཉིད། ལུས ་མ་ཡིན། ལུས་ནི་རེག་པའི་མཚན་ཉིད། ཡིད་མ་ཡིན། ཡིད་ནི་བྱེ་བྲག་གཅོད་པའི་བདག་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཡིད་མ་ཡིན་ནོ། །དེ་ལྟར་དབང་པོ་དྲུག་པོ་ནི་འཛིན་པའི་མཚན་ཉིད་ཡིན་གྱི། སྟོང ་པ་ཉིད་ནི་མཚན་ཉིད་མེད་པས་དབང་པོ་དྲུག་རྣམས་མ་ཡིན་ནོ། །གཟུགས་མ་ཡིན། གཟུགས་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་གཟུགས་མ་ཡིན་ནོ། །སྒྲ་མ་ཡིན། དེ་བཞིན་དུ ་སྒྲ་ནི་སྙན་མི་སྙན་གྱི་མཚན་ཉིད། དྲི་མ་ཡིན། དྲི་ནི་སྣོམ་པའི་མཚན་ཉིད། རོ་མ་ཡིན། རོ་ནི་བྲོ་བའི་མཚན་ཉིད། རེག་བྱ་མ་ཡིན། རེག་བྱ་ནི་རེག་པ་འཇམ་རྩུབ་ཀྱི་མཚན་ཉིད། ཆོས་མ་ཡིན། །ཆོས་ནི་བྱེ་བྲག་གི་རྣམ་པའི ་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཆོས་མ་ཡིན་ནོ། །དེ་ལྟར་ན་ཡུལ་རྣམས་ནི་དམིགས་པར་བྱེད་པའི་རྐྱེན་གྱི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་མཚན་ཉིད་མེད་པས་ཡུལ་རྣམས་མ་ཡིན་ནོ། །མིག ་གི་ཁམས་མ་ཡིན་པ་ནས། ཡིད་ཀྱི་ཁམས་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མ་ཡིན་ནོ། །དེ་ལ་ཁམས་བཅོ་བརྒྱད་ནི་གདུག་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མེད་པས་ཁམས ་བཅོ་བརྒྱད་མ་ཡིན་ནོ། །མ་རིག་པ་མ་ཡིན་པ་ནས་རྒ་ཤི་མ་ཡིན། མ་རིག་པ་ཟད་པ་མ་ཡིན་པ་ནས། རྒ་ཤི་ཟད་པའི་བར་དུ་མ་ཡིན་ནོ། །མ་རིག་པ་ནས་རྒ་ཤིའི་བར་དུ་རྟེན་འབྲེལ་བཅུ་གཉིས་ནི་འཁོར་བ་འཛིན་པའི ་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད་མ་ཡིན་པས་མ་རིག་པ་ནས་རྒ་ཤིའི་བར་དུ་མ་ཡིན་ནོ། །མ་རིག་པ་ཟད་པ་ནས། རྒ་ཤི་ཟད་པའི་བར་དུ་རྣམ་པར་བྱང་བའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མཚན་ཉིད ་མེད་པས་མ་རིག་པ་ཟད་པ་ནས་རྒ་ཤི་ཟད་པའི་བར་དུ་མ་ཡིན་ནོ། །སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ཡང་མ་ཡིན་ནོ། །སྡུག་བསྔལ་ནི་ཉོན་མོངས་པའི་མཚན་ཉིད། ཀུན་འབྱུང་བ་ནི་ཉེ་བར ་ལེན་པའི་མཚན་ཉིད་།འགོག་པ་ནི་ཞི་བའི་མཚན་ཉིད། ལམ་ནི་ཤེས་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་བདེན་པ་བཞི་མ་ཡིན་ནོ། །ཡེ་ཤེས་མ་ཡིན། ཡེ་ཤེས་ནི་ཆོས་ཐམས ་ཅད་མངོན་སུམ་དུ་གྱུར་པའི་མཚན་ཉིད་ཡིན་གྱི། སྟོང་པ་ཉིད་ལ་མཚན་ཉིད་མེད་པས་ཡེ་ཤེས་མ་ཡིན་ནོ། །ཐོབ་པ་མ་ཡིན། མ་ཐོབ་པ་ཡང་མ་ཡིན་ནོ། །ཐོབ་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་བོ། །མ་ཐོབ་པ་ནི་སེམས་ཅན་གྱིས་བླ་ན་མེད་པ་མ་ཐོབ་པའོ། །མ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱང་མེད། སེམས་ཅན་ཡང་མེད་པས་ཐོབ་པ་ཡང་མ་ཡིན། མ་ཐོབ་པ་ཡང ་མ་ཡིན་ནོ། །རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ། སྟོང་པ་ཉིད་ནི་དེ་ལྟ་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འདི་ཡན་ཆད་ནི་སྟོང་ཉིད་ཀྱི་མཚན་ཉིད་དོ། །དེ་ནི་ཤེས་རབ་ཀྱི་སྤྱོད ་ཡུལ་གྱི་དོན་གྱིས་བཤད་དེ། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཐོབ་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྤྱོད་དེ་ཞེས་པ་ལ། །མ་ཆུད་པ་ལ་ཆུད་དོ་སྙམ་པ་འབྱུང་བའི་ཕྱིར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་འདི་ཙམ་ཞིག་དང་ལྡན་ན་སྟོང་པ་ཉིད་དུ་སྤྱོད་པའི་མཚན་མར་བཤད་པ་དེ་ལྟར་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕུང་པོ་ལྔ་ནས་ཐམས་ཅད་མཁྱེན་པའི་བར་དུ་ཅི་ཡང་ཐོབ་པ་མེད་པར་ཤེས་ཤིང་ཆོས ་གང་ཡང་རྡུལ་ཙམ་རྗེས་སུ་མི་མཐོང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་སྟེ། མི་གནས་པའི་རང་བཞིན་ཡིན་ཡང་དེ་ལྟར་མི་ཤེས་པའི་མ་རིག་པའི་འཁྲུལ་པའི་སེམས་ཀྱིས་མུན་པར་གྱུར་པས ་སྲིད་པའི་རྒྱ་མཚོར་འཁོར་ཞིང་འཁྱམ་མོ། །འཁྲུལ་པའི་སེམས་དེ་ཉིད་ཅི་ཡིན་ཞེས་ཤེས་རབ་རྣམ་གསུམ་གྱིས་བརྟགས་ན། སེམས་ནི་དམིགས་སུ་མེད་པས་ཉོན་མོངས་པ་ཡང་མི་མཐོང། རྣམ་པར་སྤྱད་པར་ཡང་མི་མཐོང ་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡང་མི་མཐོང་ངོ། །སྟོང་པ་ཉིད་དང། མཚན་ཉིད་མེད་པ་དང། མི་སྐྱེ་བ་དང། མི་འགག་པ་ལ་སོགས་པ་ཡང་མི་མཐོང། ཤེས་རབ་ཉིད་ཀྱང་ཡང་དག་པར་རྗེས་སུ ་མི་མཐོང། ཅི་ཡང་མཐོང་བ་མེད་པ་དེ་ནི་སེམས་ཀྱི་ངོ་བོ་ཉིད་མཐོང་བའོ། །དེ་ལྟར་སེམས་ཀྱི་ངོ་བོ་ཉིད་མཐོང་བ་དེ་ནི་བྱང་ཆུབ་མཐོང་བའོ། །གང་བྱང་ཆུབ་མཐོང་བ་དེ་ནི་ཆོས་ཉིད་ཀྱིས་སངས་རྒྱས་མཐོང་བའོ། །ཆོས་ཉིད་ཀྱིས ་སངས་རྒྱས་མཐོང་བ་དེས་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐབས་འདིར་ནི་ཐེ་ཚོམ་པས་སྨྲས་པ། དེ་ལྟར་ཅི་ཡང་མེད་པ་ཤ་སྟག་ཏུ་བཤད་པས་མུ་སྟེགས་ཅན་ཆད་པར་ལྟ ་བ་དང། ཉན་ཐོས་ཞི་བའི་འགོག་པའི་ནང་དུ་ལྟུང་བར་མི་འགྱུར་རམ་ཞེ་ན། ལན་དུ་སྨྲས་པ། དེ་ལྟར་མི་འགྱུར་ཏེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང། ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་སྤྱོད་པར་བྱེད་པས་དེ་ལྟར་སྐྱོན་དུ་མི་འགྱུར་རོ། །འདི་ཡན་ཆད་ནི་ཤེས་རབ་ཀྱི་སྦྱོད་ཡུལ་ལོ། །ད་ནི་ཤེས་རབ་ཀྱི་ཡོན་ཏན་གྱིས་བཤད་དེ། །སེམས་ལ་སྐྲག ་པ་མེད་པས་སྒྲིབ་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོན་ལ་ཐོས་པ་དང། བསམས་པ་དང། བསྒོམ ་པའི་བར་དུ་མི་སྐྲག་པས། སེམས་པ་དང། ཡིད་དང། རྣམ་པར་ཤེས་པ་དང། བག་ཆགས་ཐམས་ཅད་ཟློག་པར་བྱེད་པས་ན། སེམས་ཀྱི་སྒྲིབ་པ་མེད་ཅེས་བྱའོ། །བྱིས་པ་ལྟ་བུའི་སྤྱོད་པ་མུ་སྟེགས་ཅན་དང་ཉན་ཐོས ་དང། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་ནས་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཟད་དེ། མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་ཏོ། །འདི་ཡན་ཆད་ནི་ཤེས་རབ་ཀྱི་ཡོན་ཏན་ནོ། ། ་ད་ནི་ཤེས་རབ་ཀྱི་འབྲས་བུའི་དོན་གྱིས་བཤད་དེ། དུས་གསུམ་དུ་རྣམ་པར་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་སུ་མངོན་པར་སངས་རྒྱས་སོ་ཞེས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་།ཀློག་།ཁ ་ཏོན་བྱེད། སྒོམ། གཞན་ལ་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྐྱེད་ཤེས་ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའོ། །འདི་ཡན་ཆད་ནི་ཤེས་རབ་ཀྱི་འབྲས་བུའོ། །ད་ནི་ཤེས་རབ་ཀྱི་གཟུངས་ཀྱི་དོན་གྱིས་བཤད་དེ། དེ་ལྟ་བས་ན་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ནི་བདེན་དེ་མ་ནོར་བའོ་ཞེས་པ་ལ། དེ་ལྟ་བས་ན་ཞེས་བྱ་བ་ནི། གོང་དུ་གསུངས་པ་ཡིན་པས་ན་དེ་ལྟ་བས་ན་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་བདེན་ཏེ་མ་ནོར་བ་ཞེས་བྱ ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པར་སྤྱོད་པ་ནི་སྔགས་ཞེས་བྱ་སྟེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱང། བླ་ན་མེད་པའི་བྱང་ཆུབ་ཀྱི་ཐེག་པ་ཆེན་པོར་འགྱུར་ཞིང། བདག་དང་གཞན་ཡང་བླ་ན་མེད་པའི་བྱང་ཆུབ ་ཏུ་འཚང་རྒྱ་བས་ན་བདེན་ཏེ་མ་ནོར་བ་ཞེས་བྱའོ། །རིག་པ་ཆེན་པོའི་སྔགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རིག་པའི་སྔགས་ནི་འདོད་ཆགས་ཞེ་སྡང་གཏི་མུག་དང། འཁོར་བའི་སྡུག་བསྔལ་ཐམས་ཅད ་བརྗོད་པ་མེད་པའི་རང་བཞིན་མེད་པར་སྟོན་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིག་པ་ཆེན་པོའི་སྔགས་སོ། །བླ་ན་མེད་པའི་སྔགས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་བྱེད ་པས་ན། བླ་ན་མེད་པའི་སྔགས་སོ། །མི་མཉམ་པ་དང་མཉམ་པའི་སྔགས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་སྤྱོད་པ་དང་མི་མཉམ་ཞིང། སངས་རྒྱས ་ཐམས་ཅད་ཀྱི་ཡེ་ཤེས་དང་མཉམ་པར་བྱེད་པས་ན། མི་མཉམ་པ་དང་མཉམ་པའི་སྔགས་སོ། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སུ་ཤེས་པར་བྱ་སྟེ། ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འཆང། གློག་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་གཞན་ལ་འཆད་པ་ནི་མིག་ནད་ལ་སོགས་པ་ནད་ཐམས་ཅད་མེད་པར་འགྱུར་ཞིང། ཕྱོགས་བཅུའི་སངས་རྒྱས་དང། ལྷ་ཀླུ་ལ་སོགས་པས ་སྐྱོབ་པས་སྐྱོབ་པར་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པས་ངན་འགྲོ་དང། འཁོར་བའི་རྒྱ་མཚོ་ཐམས་ཅད་ཟློག་པར་བྱེད་པས་ན་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་སོ། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ། ག་ཏེ། པ་ར་ག་ཏེ། པ་ར་སཾ་ག་ཏེ། བོ་དྷི་སྭཱཧཱ་ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་ནི་ཟབ་མོའི་མཆོག་ཐམས་ཅད་ཀྱི་དོན་བསྡུས་པ་རང་བཞིན་གྱིས ་གྲུབ་པར་བྱེད་པས་བྱིན་གྱིས་བརླབས་པའི་སྔགས་སུ་གསུངས་པའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པ་ནི་དུས ་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ལས་སངས་རྒྱས་པས་ན་ཐེག་པ་ཆེན་པོ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཟབ་མོའི་ཏིང་ངེ་འཛིན་ལ་ཞུགས་པའི་མཐུས་ཤཱ་རིའི་བུས་དྲིས་ཏེ། སྤྱན་རས་གཟིགས་ཀྱིས་བཤད་ནས ་དེའི་དོན་རྫོགས་པ་དང་ཏིང་ངེ་འཛིན་ལས་བཞེངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་སྙིང་པོའི་དོན་སྨྲས་པ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་ཏེ། མ་ནོར་བའི་ཕྱིར་ལེགས་སོ་ཞེས་བསྟོད་པའོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཟབ་མོ་བསྟན་པ་བཞིན་དུ་སྤྱད་པར་བྱ་སྟེ། ཞེས་པ་ནི་སྤྱན་རས་གཟིགས་ཀྱིས་ཇི་སྐད་སྨྲས་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་མཐུན་པས་ན་དེ་བཞིན་ནོ། །འཕགས་པ་སྤྱན་རས་གཟིགས་ཀྱིས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་བཞིན་དུ། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་པར་བྱའོ། །དེ་བཞིན་གཤེགས་པ་ཡང་རྗེས་སུ་ཡི་རང་ངོ་ཞེས་པ་ནི། སྤྱན་རས་གཟིགས ་ཀྱི་བཤད་པ་ལ་དེ་བཞིན་གཤེགས་པ་རྗེས་སུ་ཡི་རང་བར་མཛད་ན། གཞན་གྱིས་ཐེ་ཚོམ་མི་ཟ་བ་ལྟ་ཅི་སྨོས་ཞེས་པའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་སྨྲས་པ་ངེས་འཁོར་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་གྱུར་ནས། ཐེག་པ་ཆེན་པོ་ལ་སྒྲིབ་པ་མེད་པའི་ཕྱིར་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང། བྱང ་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོ་དང། ལྷ་དང་མི་དང་ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཁོར་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཨོ། །བཅོམ་ལྡན་འདས་མ་ཤེས་ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ་རྫོགས་སྟོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་བཞུགས་སོ།། །།རྒྱ་གར་སྐད་དུ། བྷ ་