| Wylie | e-texts based on the ACIP/ALL Input |
དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པའི་སྒྲུབ་པ་པོ། དམ་ཚིག་དང་ལྡན་པས་སའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས། ས་སྟེགས་གྲུ་གསུམ་མེ་ལོང་གི་ངོས་ལྟར ་བྱས་ལ། ཐོག་གདབ་སྟེ་དབུས་ལྟེ་བ་མུ་ཁྱུད་ཀྱིས་བསྐོར་ལ་ལྟེ་བ་ལྗང་གུ་མུ་ཁྱུད་དམར་པོ་སྣ་ཚོགས་པདྨས་བསྐོར་བ། གྲུ་ཆད་ལྗང་གུ་བར་ཁྱམས་གཉིས་པ་དཀར་སེར་སྒོ་དང། སྒོ་ཁྱུད་དུ་བཅས་པ་བྲིས་ལ། མཚན་ཉིད་དང་ལྡན་པའི་བུམ་པ་ལ་གྷི་ཧཾ་གི་མཚན་རྡོ་རྗེ་རྒྱ་གྲམ ་ཕྱོགས་གཅིག་མེད་པ་བཏབ་ལ་ལས་ཐམས་ཅད་པའི་བུམ་པ་ལ་སྐུ་དཀར་གྱི་སྣ་ཚོགས་རྡོ་རྗེ་བྲིས་ལ་བྱང་དུ་བཞག་།པཱུ་ཛ་ཇི་ལྟར་འབྱོར་པ་དང་བཱ་ལི་བཤམ། ལག་པ་གན་ཡིས་རྡོ་རྗེ་བཅིངས་ལ་མཐེ་བོང་བསྒྲེངས་ལ་སྲིན་ལག་སྦྱར་ཏེ་མཛུབ་མོ་ཕྱིས་ནས། ནས་གང་གི་མ ་རིག་པ་བྱས་ལ་མཐེའུ་ཆུད་བླང་ལ། ཨོཾ་བཛྲ་ཛཝ་ལཱ་ན་ཡ་ཧཱུཾ་ཕཊ། ཅེས་པ་བརྒྱ་རྩ་བརྒྱད་བཟླས་པས་བུམ་པའི་ནང་དུ་པཾ་དང་མཾ་ལས་པདྨ་ཉི་མ་བརྩགས་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སེར་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་རྡོ་རྗེ་རྒྱ་གྲམ ་ཕྱོགས་གཅིག་མེད་པས་ཁ་བཅད་པ་ཐུགས་ཀར་འཛིན་པ། སྐུ་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། ཞལ་ཡིད་ཙམ་ཁྲོ་བ་ཡན་ལག་སྦྲུལ་རིགས་བཞིས་བརྒྱན་པ་བསྐྱེད་དོ། །དེའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས ་པས་དོན་གཉིས་བྱས་ནས། ཨོཾ་བཛྲ་ཛྙཱ་ན་ཧཱུཾ་སྭཱཧཱ་ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་ཅི་འདྲ་བ་ཟླ་བའི་གདན་ལ་བསྐྱེད་པ་དེ་ཉིད་ལ་མཆོད་པ་དང་གཏོར་མ་བྱའོ། །དེའི་ཐུགས་ཀའི་ཧཱུཾ་ལ་དམིགས་ཏེ། བདག་ཉིད་ཁྲུས་བྱ་བ་དང། གོས་རྗེ་བ་ལ་སོགས་པ་བྱ་སྟེ། སྙིང་པོ་བརྒྱ ་རྩ་བརྒྱད་བསྡུས་པ་ལ་སྟོང་ཕྲག་གཅིག་ཤིན་ཏུ་བསྡུས་པ་ལ་སྟོང་ཕྲག་བཟླས་ཏེ། སློབ་མ་ལ་བསྲུང་སྐུར་གདགས་པ་དང། དམ་ཚིག་སྡོམ་པ་འབོགས་པ་ལ་སོགས་པ་བྱ་སྟེ། དཀྱིལ་འཁོར་དུ་གཞུག་།གཟུངས་ཉི་ཤུ་རྩ་གཅིག་ཀླག་ཏུ ་བཞུག་།དེ་ནས་ལྷ་བོ་བསྟན། དབུགས་འབྱུང། གཟིངས་བསྟོད། དབང་བསྐུར། ལག་ཏུ་རྡོ་རྗེ་དང་དྲིལ་བུའི་སྒྲས་དཀྱིལ་འཁོར་བསྐོར། དབང་རྫོགས་པར་བྱིན་ལ་གོས་རྗེ་ཟས་ཀྱི་རྣལ་འབྱོར་བྱའོ། །དེ་ཡང་མཆོད་པ་དབུལ་བ་དང་གཏོར་མ་བཏང། དཀྱིལ་འཁོར་བསྡུ། བཀྲ ་ཤིས་གསོལ། སློབ་མ་ལ་ཆོས་བཤད། སློབ་མས་བླ་མ་ལ་ཡོན་དབུལ། བདེན་པའི་ཚིག་བརྗོད་དོ། །དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩི་བུམ་པའི་ཆོ་ག་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ།། །། ་