CLOSE WINDOW

N2300: 'phags pa rdo rje rnam par 'joms pa zhes bya ba'i gzungs kyi rgya cher 'grel pa rim po che gsal ba zhes bya ba
Wyliee-texts based on the ACIP/ALL Input

གསང་སྔགས་མཛའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཛད་པའོ།། (།།རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་བཞུགས་སོ།)་།རྒྱ་གར་སྐད་དུ། ཨཱརྱ་བཛྲ་བི་དཱ་ར་ཎ་ནཱ་མ་དཱ་ར་ཎི་ཊཱི་ཀཱ་རཏན་སྭཱ ་རཱ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བ། རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །དོན་དམ་གཉིས་མེད་མཆོག་ཏུ་གསང་བའི་བདག་།སངས་རྒྱས ་བྱང་ཆུབ་སེམས་སོགས་བསྐྱེད་མཛད་རྡོ་རྗེའི་སྐུ། །སྣ་ཚོགས་རྣལ་འབྱོར་སྐུ་གསུམ་ཡེ་ཤེས་དག་གྱུར་པའི། །འཇམ་དཔལ་གསུང་གི་དབང་ཕྱུག་ལ་ནི་སྤྱི་བོས་མདུང། །རྡོ་རྗེ་ཐམས་ཅད་འཇོམས་མཛད་ཅིང། །ཁྱད་པར་གདུག་པ་ཀུན་འདུལ་ཕྱིར། །རྡོ་རྗེའི་སྐུར ་གནས་རྣམས་འཇོམས་དང། །བླ་མ་གཞོན་ནུའི་སྡེ་ལ་བསྟོད། །སངས་རྒྱས་ཀུན་གྱི་གསུངས་པ་ཡི། །དོན་གྲུབ་རྡོ་རྗེ་རྣམ་འཇོམས་ནི། །གླམ་ལྷས་ནི་བྱིན་བརླབས་ནས། །འཇམ་དཔལ་གོ་ཆས་གསོལ་བཏབ་བཤད། །སངས་རྒྱས་མཆོག་གིས་ཆོས་གསུངས་པ། །མདོ་སྡེ ་མདོ་ན་བ་འདུལ་བ་དང། །རིག་པ་འཛིན་པའི་སྡེ་བཞིར་གནས། །དེ་ཡང་བཞི་སྟེ་བྱ་བའི་རྒྱུད། །སྤྱི་དང་བྱེ་བྲག་དེ་ལ་གཉིས། །རྟོག་པ་བདག་ནི་ལས་སུ་བཤད། །རིགས་གསུམ་ཕྱེ་ལས་རྡོ་རྗེ་སྟེ། །མི་བསྐྱོད་ཕྱག་རྡོར་བདུད་རྩི་དང། །མཱ་མ་ཀཱི་དང་ལུ་གུ ་རྒྱུད། །དེ་དག་དོན་སྟོན་རྡོ་རྗེ་ནི། །རྣམ་པར་འཛིན་གཟུངས་གསུངས་པ་ནི། །ལེག་པའི་སྙིང་པོ་གདུལ་ཕྱིར་དང། །མ་འོངས་པ་ལ་ཕྱིར་གསུངས་པ། །འདི་ནི་རྩ་བའི་རྒྱུད་ཆེན་ཏེ། །རྡོ་རྗེ་ལྷུན་པོའི་རི་རབ་ཟོམ། །རྒྱུད་དོ་ཅོག་ནི་བརྒྱ་རྩ་བརྒྱད། །དེའི་དང་པོར་འདི ་གསུངས་པས། །རྩ་བ་བཤད་པར་རབ་ཏུ་གྲགས། །རྒྱུད་ཆེན་དེའི་དོན་རྣམས་ཀུན། །མདོར་བསྡུས་ཟབ་མོར་སྟོན་པས་ན། །མདོ་སྡེར་བདེ་བར་གཤེགས་པས་གསུངས། །དེ་ཡི་དོན་རྣམས་མདོར་བསྡུ་ན། །སྔོན་བྱུང་སངས་རྒྱས་འཕྲུལ་པ་དང། །རྗེས ་འཇུག་མངོན་རྟོགས་མན་ངག་གོ་།དང་པོ་ལ་ནི་རྣམ་བཞི་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་དང། །དེའི་འཇུག་ནི་བསྡུ་བར་འདོད། །དང་པོ་ལྔ་ཡིན་གཉིས་པ་ལ། །གཉིས་ཏེ་དེ་དག་གཉིས་གཉིས་གསུངས། །གསུམ་པ་གསུམ་དེ་དང་པོ་ལ། །གཉིས ་གཉིས་དག་དུ་ཤེས་པར་བྱ། །བཞི་པ་གཉིས་སུ་དང་པོ་གཉིས། །གཉིས་པ་བཞི་རུ་ཤེས་པར་བྱ། །དང་པོ་གཉིས་པ་མན་ངག་བཞིན། །དབང་པོ་རབ་འབྲིང་ཐ་མ་ལ། །བཤད་པ་རྣམ་པ་གསུམ་བྱའོ། །དགོས་པ ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔར་ནི་འདིར་ཤེས་བྱ། །དེ་ལ་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ། །དེ་ཡང་རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ། །ཞེས་གསུངས་པ་ ་དང། སྔགས་ཉིད་ལྷ་སྟེ་དེ་ཉིད་སྔགས་ཞེས་གསུངས་སོ། །དེ་ལྟ་བུ་དེ་ལ་མདོ་སྡེར་ཡང་གྲགས་ཏེ། དོན་གཉིས་མདོར་སྟོན་མདོ་སྡེ་ཞེས། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་ཉོན་ཞེས་གསུངས་སོ། །དེ་བཤད་པར་བྱ་བ་ནི་ལྔ་སྟེ། བརྗོད་པ་བྱ ་བ་ནི་སྟོང་པ་ཉིད་ཀྱི་དོན་རྡོ་རྗེ་རྣམ་པར་འཇོམས་པའི་ཐབས་དང་བཅས་པའོ། །བརྗོད་པར་བྱེད་པ་ནི་གཞུང་གི་ཚོགས་སོ། །དེའི་དགོས་པ་ནི་རྒྱལ་པོ་ལོག་པའི་སྙིང་པོ་དང། གདོན་མ་རུངས་པ་འདུལ་བ་དང། མ་འོངས་པའི་སྐྱེ་བོ་བྱང་ཆུབ་ལ་གནས ་པར་བྱའོ། །དགོས་པའི་ཡང་དགོས་པ་ནི་དེ་དག་ཀྱང་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པའོ། །འབྲེལ་བ་ནི་བརྗོད་བྱ་རྗོད་བྱེད་དག་ཐབས་དང་ཐབས་ལས་བྱུང་བ་སྟེ། ཐབས་དང་ཐབས་བྱུང་ཇི་ལྟ་བུ་ཞེས་གསུངས་སོ། །དེ་ནི་རྒྱུད་ཀྱི ་དོན་ཉིད་བཤད་པར་བྱ་སྟེ། ཤེས་རབ་དང་ལྡན་པ་ལ་མཚན་བསྟན་པས་གོ་ལ། དེ་ཡང་ཕན་པའི་མཇུག་ནས་དྲང་བར་བྱ་སྟེ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་སྨོས་ཏེ། དེ་ལ་རྡོ་རྗེ་ནི་མི་ཕྱེད་ཅིང་མི་ཤིག་པའོ ་ཕྱིར་ན་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ལྷ་དང་གཟུངས་ལ་གདགས་པར་བྱ་སྟེ། དེ་ཡང་རྡོ་རྗེ་ཞེས་བརྗོད་པས། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད་ཞེས་པ་དང། ལྷ་དང་སྔགས་ནི་རྡོ་རྗེར་འདུས་ཞེས ་གསུངས་སོ། །དེས་ནི་བདག་གི་དོན་འགྲུབ་པར་བྱེད་པ་སྟེ། འོག་ནས་སྟོན་ཏོ། །རྣམ་པ་ནི་དངོས་པོ་མ་ལུས་པ་སྟེ། དེ་ཡང་འབྱུང་པོ་ལ་སོགས་པ་དང། རྣམ་པར་རྟོག་པའོ། །དེ་དག་སྔགས་དང་རྡོ་རྗེའི་ཚིག་བླ་དགས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས ་ཀྱིས་འཇོམས་པ་ནི་མེད་ཅིང་བརླག་པར་མཛད་པའོ། །དེ་ཡང་འཇོམས་ཕྱིར་རྡོ་རྗེར་བརྗོད་པ་ཡིན་ཞེས་སོ། །དེས་ནི་གཞན་དོན་འགྲུབ་པར་བྱེད་པ་སྟེ། དེ་ཡང་འཆད་པར་འགྱུར་རོ། །ཡང་རྡོ་རྗེ་རྣམ་པར་འཛིན་པ་ཞེས་པ་སྟེ། དོན་དང་རྣམ་པའི་སྒོ་ནས ་བརྗོད་དོ། །གཉིས་ཀའི་དོན་སྒྲུབ་པ་ནི་གཟུངས་ཏེ་དེ་ཡང་ཉམས་པ་ལས་འཛིན་ཅིང་མི་རྗེད་ལ་དོན་ཐམས་ཅད་འགྲུབ་པས་ནའོ། །དེ་ཡང་གཉིས་ཏེ། དོན་བརྗོད་པར་བྱ་བས་འབྱུང་པོ་དང་འཁོར་བ་ལས་སྐྱོབ་ལ། ཚིག་གི་ཀྱང་དེ་དག་འབྱུང ་པའོ། །དེ་ཡང་ཉམས་པ་ལས་ནི་སྐྱོབ་པའི་གཟུངས། །དེ་ཡང་དོན་དང་ཚིག་ཏུ་འདུས་ཞེས་གསུངས་སོ། །ཞེས་བྱ་བ་ནི་མིང་སྟེ་འདི་ཞེས་པའོ། །འདི་དག་གིས་ནི་གཞུང་གི་དོན་མ་ལུས་པ་སྟོན་པར་བྱེད་པས། གསུངས་པ་དང་མི་འགལ་བ་ཡིན ་ནོ། །མ་འོངས་པ་དག་གིས་ནི་རྡོ་རྗེ་རྣམ་པར་འཇོམས་པ་ནན་ཏན་དུ་བྱས་པས་བདག་དང་གཞན་གྱི་དོན་རྫོགས་པར་བྱད་དོ་ཞེས་ཤེས་པར་བྱའོ། །དེ་ལྟར་མཚན་བརྗོད་ནས། ད་ནི་རྡོ་རྗེའི་མདོའི་དོན་བསྟན་པར་བྱ་བ་ནི་འདི་སྐད་ཅེས་བྱ་བ་ལ་སོགས ་པ་གསུངས་ཏེ། དེ་ཡང་སྔོན་གྱི་དབང་དུ་བྱས་ནས་རྡོ་རྗེའི་མདོ་འབྱུང་བའི་རྒྱུ་ཡིན་ལ། མ་འོངས་པ་ལ་ནི་འབྲས་བུར་ཡང་འགྱུར་རོ། །དེ་ཡང་མཚན་མ་མེད་པའི་ཕུན་སུམ་ཚོགས་པ་ལྔར་འགྱུར་ཏེ། དེ་ལ་འདི་སྐད་བདག་གིས་ཐོས ་པ་ཞེས་བྱ་བས་སྡུད་པ་པོ་བསྟན་ཏེ། སྔོན་མཐོང་ཞིང་རྗེས་སུ་གནང་བའི་བཀའ་བཞི་པས་འགལ་བ་མེད་དོ། །དེ་ལ་ཇི་ལྟར་ཐོས་ཤེ་ན། དེ་ལ་འདི་སྐད་ཐོས་ཞེས་པ་ནི་གཞུང་འདིའི་དོན་དང་ཚིག་མ་ལུས་པ་ལ་འཇུག་པར་བྱེད་དེ ་ཉེ་བར་མངོན་སུམ་དང་མ་བཅོས་པ་སྟེ། སྒྲོ་སྐུར་དང་བྲལ་བའོ། །སུས་ཐོས་ཞེས་པ་ནི་བདག་གིས་ཐོས་པ་ནི་སྡུད་པ་པོ་ཡང་ཕྱག་ན་རྡོ་རྗེ་ཉིད་ཀྱི་མཛད་པ་སྟེ། བདག་གསང་བ་ཐམས་ཅད་འཛིན་པའི་ཕྱག་ན་རྡོ་རྗེས་བཅོམ ་ལྡན་འདས་ལ་རྣ་བས་མངོན་སུམ་དུ་སྒྲ་དོན་གྱི་རྣམ་པར་ཐོས་ཏེ། བརྒྱུད་པ་མ་ཡིན་པའོ། །ད་ནི་དུས་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་དུས་ཇི་ཙམ་ན་ཐོས་ཤེ་ན། དུས་གཅིག་མ་ཐོས་ཏེ་མི་འདའ་བས་དུས་དེ་ཀུན་ཚོགས་པའོ། །དེས་ནི་དཀོན ་པར་བསྟན་པའོ། །ཡང་ན་དུས་ནི་སྐད་ཅིག་མ་སྟེ། ཤེས་རབ་ཆེ་བར་སྟོན་ཏོ། །གང་ལ་ཐོས་ཤེ་ན། བཅོམ་ལྡན་འདས་ལ་ཐོས་ཏེ་ཞེས་གསུངས་ཏེ། དེས་ནི་སྟོན་པ་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད ་པ་དང་ལྡན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཞི་བཅོམ་ཞིང། ཡོན་ཏན་དྲུག་དང་ལྡན་པའི་སྟོན་པ་མཆོག་ཏུ་གྱུར་པ་ལས་ཐོས་པར་སྟོན་ཏོ། །འོ་ན་འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ་རྡོ་རྗེ་རྣམ་པར་འཇོམས་པས་སྨས?་པ? ་ན་བཅོམ་ལྡན་འདས་ལ་ཐོས་པ་ཞེས་པས་ཇི་ལྟར་རུང་ཞེ་ན། འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ཏེ། ཁྲོ་བོ་གཉིས་པོ་ཉིད་དེ་ཉིད་ཀྱི་ངོ་བོ་ཡིན་པ་དང། དེ་དག་ལ་དེའི་ནུས་པ་ཞུགས་པ་ཡིན་པས་འགལ་བ་མེད་དོ། །མདོ ་གཞན་བཞིན་ནོ། །གང་དུ་ཐོས་ཤེ་ན། གནས་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་ལ་བཞུགས་པ་ལས་ཐོས་པ་སྟེ། དེ་ཡང་དོན་གཉིས་མེད་པའི་ཡེ་ཤེས་ཡིན་ལ། རྣམ་པ་ནི་རྡོ་རྗེ་རིན་པོ་ཆེའི་གནས་རི་རབ་ཀྱི་ཤར་ལྷོ་ནས་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཆོས? ་ཞེས་བྱ་བས་ཕྱོགས་ལ་སོགས་པ་རྡོ་རྗེར་གཏམས་པར་ཐོས་པའོ། །རྡོ་རྗེ་གདན་ནི་མ་ཡིན་ཏེ། རྡོ་རྗེ་གདན་དུ་སྔགས་གསུངས་པ་ནི་མེད་དེ། དེ་ཡང་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དང་པོ ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཡང་དེར་ཆོས་གསུངས་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་བདུད་འདུལ་བ་ལས་སེམས་ཅན་གཞན་འདུལ་བ་མ་ཡིན་ཏེ། རྡོ་རྗེ་སྙིང་པོ་དེ་ད་ལྟའི་སེམས་ཅན་གྱི་མ་རྟོགས་པའི་ཕྱིར་རོ། །ཞེས ་གསུངས་པའི་ལུང་དང་འགལ་བའི་ཕྱིར་རོ། །དེར་བཞུགས་པ་ནི་གནས་ཤིང་བརྟེན་པར་སྟོན་ཏེ་མཛད་པ་རྣམ་པ་གསུམ་གྱིས་རྡོ་རྗེའི་སྐྱིལ་ཀྲུང་དུ་རྡོ་རྗེ་དང་སེང་གེའི་གནས་ལ་བཞུགས་སོ། །དེ་ནི་བཞི་པའི་དོན་ལས་གསུམ་པ་སྟེ་ཆོས་སྟོན་པའི་དོན་དུའོ། །འཁོར ་གང་དང་ལྷན་ཅིག་ཏུ་ཐོས་ཤེ་ན། ཕྱག་ན་རྡོ་རྗེ་ཞེས་པ་ཐོག་མར་དྲངས་ནས་བསྟན་ཏོ། །དེ་ཡང་མ་སྨོས་ཀྱང་རྒྱལ་པོ་ལྟ་བུ་སྟེ་དེའི་དུས་ན་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་མིང་ཅན་དུ་གྲགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང། ཤཱ ་རིའི་བུ་ལ་སོགས་པ་ཉན་ཐོས་དཔག་ཏུ་མེད་པ་དང། འོད་སྲུངས་ལ་སོགས་པའི་དགྲ་བཅོམ་པ་དང་གཞན་ཡང་ལྷ་ལ་སོགས་པ་གྲངས་མེད་པ་དང། ལྷན་ཅིག་ཏུ་ཐོས་པར་སྟན་ཏེ། རྡོ་རྗེ་ལྷུན་པོའི་རི་རབ་ཀྱི་ཟོམ་མདོ་བཞིན་ནོ། །དེ ་དག་གིས་ནི་རྡོ་རྗེའི་མདོ་འདིའི་རྒྱུ་དང་མདོ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། མ་འོངས་པའི་གང་ཟག་དག་རིག་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་དབང་དང་དམ་ཚིག་ཐོབ ་ཅིང་ཡོན་ཏན་དང་ལྡན་པས་འཁོར་བཟང་པོ་དང་ལྷན་ཅིག་ཏུ་གནས་ལེགས་པར་དུས་བཟང་པོ་ལ་གནས་ཏེ། ཡོ་བྱད་དང་ལྡན་པས་མཎྜལ་བྱས་ལ་འོག་ནས་འབྱུང་བའི་བུམ་པ་བཅས་པ་སྟེ་བསྒྲུབ་པར་བྱའོ་ཞེས་པའོ། །དེ་ཡང ་སྔགས་པས་གནས་བཟང་གནས་ཏེ་དུས་དང་ལྡན་འཁོར་དང་འབྱོར་པ་རྟེན་དང་ལྡན་པས་བསྒྲུབ་ཞེས་གསུངས་སོ། །དེ་ལྟར་རྡོ་རྗེའི་ལས་འབྱུང་བའི་རྒྱུ་བཤད་ནས། ད་ནི་དེའི་རྐྱེན་གླེང་བསླང་བ་བསྟན་པ་ནི་སངས་རྒྱས་ཀྱི་མཐུས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་འཁོར་གྱི་གཙོ་བོ་ཏིང་ངེ་འཛིན་ལ་གནས་པའི་གླེང་བསླང་གི་རྒྱུར་འགྱུར་བའོ། །དེ་ཡང་དུས་དེས་བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་ཆོས་གསུངས་པ་ནི་ཐོག་མར་དགེ་བ་ལ་སོགས་པ་སྟེ། ་འཛམྦུའི་གླིང་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུམ་སྐྱེས་དགྲ་ཞེས་ཀྱང་གྲགས། །ལོག་པའི་སྙིང་པོ་སྐྱེས་ཙམ་ན་རྐང་པ་ལ་ལྕགས་ཀྱི་གཟུགས་ཅན་དེས་ཁ་ནས་མཱ་ར་ཡ་འདོན་ཅིང་མ་དང་ཕ་བསད་དེ་འཁོར་མི་དགེ་བ་བཅུ་ལ་བཙུད་པས་མི་མ་ཡིན་པ་ཐམས་ཅད ་འཁྲུགས་པས་ནད་ལ་སོགས་པ་སྣ་ཚོགས་བྱུང་ངོ། །དེས་སེམས་ཅན་ཐམས་ཅད་སྡུག་བསྔལ་ནས་སྐྱོ་བ་སོ་སོ་ལས་འདོད་ཞིང་སྨྲའོ། །དེ་རྒྱལ་པོ་བཞིས་གཟིགས་ནས་བཅོམ་ལྡན་འདས་ལ་བསྐུར་བས་ཅང་མི་གསུང་བར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། ་རྡོ་རྗེ་གསོར་ཞིང་ཁས་བླངས་ཏེ་རྡོ་རྗེ་རྣམ་པར་འཇོམས་པ་བསྟན་ཏེ། དེས་སྔགས་གསུངས་པས་འབྱུང་པོ་དང་ལོག་པ་བཏུལ་ཏེ་འདི་ལ་ཞུགས་པས་བྱང་ཆུབ་ཐོབ་པར་བཤད་དོ། །དེ་ཡང་བྲམ་ཟེ་ནི་མ་ཡིན་ནོ། །དེ་ལ་སངས་རྒྱས་ནི་ཉོན་མོངས་པའི ་གཉིད་ལས་སད་ཅིང། ཡེ་ཤེས་པདྨ་ལྟར་གྱུར་པ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པར་བསྟན་ཏེ་དེས་བསྐུལ་བའོ། །དེའི་མཐུ་ནི་ནུས་པ་སྟེ་དེའི་སྟོབས་ཀྱི་ནུས་པ་དང་ལྡན་པའོ། །གང་ཞེ་ན། ལག་ན་རྡོ ་རྗེ་ཞུགས་སོ་ཞེས་བྱ་བར་འབྲེལ་པའོ། །དོན་གཉིས་སུ་མེད་པའི་ཡེ་ཤེས་འཆང་བ་ཡིན་ལ། རྣམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང། གསང་བ་གསུམ་སྟོན་པ་དྲག་པོའི་ཐོགས་པ་སྟེ་འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ། ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར་གྲགས་པ་འདིའོ། །གང་ལྟར་ཞེ་ན་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་རླབས་ནས་ཞེས་པའོ། །དེ་ཡང་ལུས་ནི་སྤྱི་བོ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ངག་དང་ཡིད་ཀྱང་ངོ། ། ་རྡོ་རྗེ་ནི་དེ་དག་དང་སྟོང་པ་ཉིད་དང། ཐོགས་པ་མེད་ཅིང་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པ་ནི་བསྒྱུར་བ་སྟེ་ནུས་པ་ཅན་དུའོ། །དེས་ནི་ཁྲོ་བོར་འགྱུར་བར་བསྟན་ཏོ། །དེས་ནི་མ་འོངས་པའི་རྣལ་འབྱོར་པའི་འཁོར་ལོ་བྱའོ། །ཞེས་པའི་ཐ་ཚིག་གོ་།གང་ལ་ཞེ་ན། ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་དང་ཐོགས་པ་མེད་པ་ལ་རྩེ་གཅིག་པར་སྙོམས་པར་ཞུགས་པ་ནི་མཉམ་པར་བཞག་པའོ། །མདོར་ན་སྟོང་པ་ཉིད་ལས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རྣམ་པར་འཇོམས་པ་གདོན་པ་ཐུགས་རྩེ་གཅིག་པར་འགོངས་པ ་སྟེ། ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ཐུགས་ཀྱི་སྤྲུལ་པ་དངོས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྲས་སོ་ཞེས་བྱ་བར་འབྲེལ་ཏོ། །དེ་ལ་དེ་ནས་ནི་འདས་མ་ཐག་པའོ། །ལག་ན་རྡོ་རྗེ་ནི་བཤད་དོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ ་ཐམས་ཅད་ཀྱི་མཐུ་ནི་ནུས་པའོ། །བྱིན་གྱིས་བརླབས་པ་ནི་རང་བཞིན་གྱི་ཤུགས་ཀྱིས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྟེ་དེ་ཡང་དོན་དམ་པའི་འབྲས་བུ་གཉིས་སུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ། །དེ་ཡང་བྱང་ཆུབ་ནམ་མཁའ་ཨི་མཚན་ཉིད་དེ། །ཀུན་ཏུ ་རྟོགས་པ་ཐམས་ཅད་སྤངས། །དེ་ལ་སེམས་དཔའ་གང་ཡིན་པ། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ་ཞེས་བྱ་བ་དང། བྱང་ཆུབ་ནི་དོན་དམ་པའོ། །སེམས་དཔའ་ནི་ཀུན་རྫོབ་ཅེས་གསུངས་སོ། །དེ་ཡང་སེམས་དཔའ་ཆེན་པོ་ཞེས་སྦྱར་རོ། །ཐམས་ཅད་ནི་མ་ལུས་པ་སྟེ་རྡོ་རྗེ ་སྤྱན་རས་གཟིགས་ལ་སོགས་པའོ། །དེ་དག་གིས་ཀྱང་བྱིན་གྱི་བརླབས་པ་སྟེ། དེས་ནི་ཏིང་ངེ་འཛིན་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །ལག་ན་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཁྲོ་བོ་གདུག་པ་ཚུལ་དགུ་དང་ལྡན་པར་འབྱུང་བ་ནི་རྡོ་རྗེ་ཁྲོ་བོའོ། །ལས་བྱུང ་པ་ནི་དེས་སྤྲུལ་པ་སྟེ་བཞི་པའོ། །གང་བྱུང་ཞེ་ན་རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲོ་བོ་རྡོ་རྗེ་བསྣམས་པ་ནི་ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེས་རབ་ཏུ་སྨྲས་པ་ནི་མྱུར་བར་རབ་ཏུ་སྔགས་གསུངས་པ་སྟེ་གསུམ་ ་པའོ། །འོ་ན་འདི་ནི་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པས་བཅོམ་ལྡན་འདས་ཀྱི་བཀའ་མ་ཡིན་ཞེ་ན། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱིན་གྱི་བརླབས་པའི་ཕྱིར་དང། ཐ་མི་དད་པའི་ཕྱིར་ཏེ། དཔེར་ན་མདོ ་གཞན་བཞིན་ནོ། །དེ་དག་ནི་ཕྱག་ན་རྡོ་རྗེས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་འོག་ནས་སྤྲུལ་ཏེ་མདུན་ན་གནས་པ་ལ་བཀའ་སྒོ་ནས། དེས་རྡོ་རྗེ་རྣམ་འཇོམས་སྔགས་ཀྱི་འབྱུང་པོ་འདུལ་བར་བྱེད་པ་གསུངས་པའོ། །ཕྱག་ན་རྡོ་རྗེས་སྨྲས་པ་ནི་མ་ཡིན་ཏེ། རྒྱུད ་དང་འགལ་བའི་ཕྱིར་རོ། །འདིས་ནི་འདི་སྐད་སྟོན་ཏོ། །རྣལ་འབྱོར་པས་ཁྲུས་བྱས་ཏེ། ཁྲོ་བོ་མི་འཆི་བ་དང་གནོད་པ་མེད་པར་བྱས་ཏེ། སྟན་ལ་གནས་ནས་སྤྲུལ་པ་བྱས་ལ་ཚོགས་བསགས་ཏེ། རྡོ་རྗེ་གདན་ལ་གནས་པས་བྱིན་གྱི་བརླབ་པར་གསོལ་ཏེ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞུགས་པས་སྟོང་པ་ཉིད་ལ་སོགས་པའི་བྱང་ཆུབ་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བ་དང། མདུན་དུ་བུམ་པ་ལྷ་དྲུག་འཁོར་དང་བཅས་པ་བསམ་པ་དང། སྤྱན་དྲང་བ་དང། མཆོད་པ་ལ་སོགས་པ ་རྒྱུད་ལ་བརྟེན་པ་སྒྲུབ་ཐབས་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་རྒྱུད་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས་རྡོ་རྗེ་གདན་ལ་གནས་ནས་ནི། མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང། །ཕྱག་རྒྱ་མཚན་མ་དྲུག ་ཡིན་ཏེ། བུམ་པར་བསྐྱེད་སོགས་རྫོགས་བྱས་ལ། །ནོར་བུ་སྤྱོད་ལམ་སྔགས་བཟླས་ཏེ། །ཤ་ལ་སོགས་པ་བདུན་སྤང་ངོ། །ཞེས་གསུངས་སོ། །དེ་ལྟར་གླེང་བསླང་བའི་རྒྱུ་བསྟན་ནས། ད་ནི་གླེང་བསླངས་པ་དངོས་བསྟན་པའི་ཕྱིར། མི་ཆོད་པ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་འདི་རྣམས་ནི་རྡོ་རྗེ་རྣམ་པར་འཇོམས་པས་སྔགས་ཀྱི་ཡོན་ཏན་འདི་ལྟ་བུ་ཞེས་ཚིག་ཏུ་གསུངས་པ་དངོས་ཏེ། དེ་ལ་ཡང་གཉིས་ལས་བདག་གི་དོན་ཕུན་སུམ་ཚོགས་པ་ནི་རྡོ་རྗེའི་ཚིག་བདུན་གྱི་བསྟོན ་ཏོ། །དེ་ལ་སྟོང་པ་ཉིད་དང་སྔགས་དང་ཏིང་ངེ་འཛིན་ནི་རྡོ་རྗེ་སྟེ་ཕྱི་རོལ་རྡོ་རྗེ་རིན་པོ་ཆེ་ལ་ཆོས་བདུན་ཡོད་པ་དང་འདྲ་བར་འདི་ལ་འབྱུང་བས་མི་ཆོད་ཅིང་སྙིང་པོ་ཡོད་པའོ། །དེ་ལ་ཆུས་ཕྱེ་མར་མི་ཤིག་ཤིང་མི་ཕྱེད་པའོ། །བདེན་པ་ནི་གནས་པ་སྟེ་མེས་ཐལ་བར་མི ་འགྱུར་བའོ། །སྲབ་ནི་གཞིག་པར་དཀའ་བ་སྟེ་རླུང་གི་གཏོར་དུ་མེད་པའོ། །ཚིག་དེ་དག་གིས་རྡོ་རྗེ་ཡེ་ཤེས་དེ་ལ་སྐྱེ་བ་ལ་སོགས་པ་བཞི་དང། མཛའ་བཞི་དང་འབྲལ་བར་ཤེས་པར་བྱའོ། །དེས་ན་མཚན་མའི་དངོས་པོ་དང། གདོན་ཐམས་ཅད་ལ་ཐོགས་པ་མེད་པ་སྟེ ་གཅོད་ཅིང་འཇོམས་ལ་བེམས་པོ་མ་ཡིན་པའོ། །དེའི་ཕྱིར་མི་འགྱུར་བར་གནས་པས་བསྟན་པ་ཞེས་སྦྱོར་རོ། །ཚུར་ལ་ཚུགས་སམ་ཞེ་ན། ཐམས་ཅད་དུ་མ་ཕམ་པ་སྟེ་རང་ལ་ཉམས་པ་མེད་ཅིང་མ་བཅོམ་ལ་རྒྱལ་བས་སོ། །དེ་ཡང་སྲ་བརྟན་སྙིང་ལྡན་ཁོང་སྟོང ་མེད། །མི་ཕྱེད་མི་ཤིག་མི་ཚིག་པས། །རྡོ་རྗེ་ཞེས་ནི་བརྗོད་པའོ་ཞེས་གསུངས་སོ། །དེ་དག་གིས་ནི་སྔོན་བྱུང་རྒྱལ་པོ་ལོག་པའི་སྙིང་པོ་ལ་སོགས་པ་ཉམས་སུ་བླངས་ནས་བདག་གི་དོན་ཆས་སྐུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་ལྟ་བུའི ་གྲུབ་པའོ། །དེ་ཡང་བདེ་གཤེགས་ལས་ནི་སྣ་ཚོགས་པ་མ་འོངས་པས་ན་སྔོན་དུ་སྙེན་པ་རྫོགས་པས་བདག་དོན་འགྲུབ་པར་ཤེས་པར་བྱའོ། །ཞེས་བསྟན་ཏོ། །བདག་གི་དོན་གྲུབ་ནས་གཞན་གྱི་དོན་མེད་དམ་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ ་ལ་སོགས་པ་བཅོ་ལྔས་སྤྲུལ་པའི་སྐུ་རྡོ་རྗེ་ལྟ་བུས་གཞན་གྱི་དོན་འགྲུབ་པར་སྟོན་ཏོ། །དེ་ཡང་བསྡུན་ལས་རིན་?། དེ་ཡང་ལས་ནི་སྣ་ཚོགས་པ་མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས། །ཚར་གཅས་དང་ནི་རྗེས་བཟུང་ངོ། །ཞེས་གསུངས་སོ། དེ་ལ་སེམས་ཅན་ནི་ཀུན་གཞི ་སྲོག་དང་བཅས་ཤིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་སྟེ་སྐྱེས་གནས་བཞིས་བསྡུས་པ་རིས་དྲུག་པོ་ཐམས་ཅད་དོ། །དེ་དག་སྐྲག་པར་བྱེད་པ་ནི་ལུས་སེམས་འཇིག་ཅིང་སྡངས་པར་བྱེད་པ་སྟེ་དྲག་པོ་ཚར་གཅོད་པར་བྱེད་པའི་རིག་སྔགས་འདི ་སྨྲས་སོ། །ཞེས་བྱ་བར་སྦྱོར་རོ། །འཇིལ་བ་ནི་ལུས་སེམས་སྤ་བཀོང་ནས་འགུལ་མི་ནུས་པའོ། །དེ་ཡང་སྔགས་དང་ལྷ་འདིས་བྱེད་པའོ། །དེ་ཡང་དྲག་པོའོ། །རིག་པ་ནི་ལྷ་སྟེ་དེའི་སྔགས་ནི་ནུས་པ་ཅན་དེ་ཤེས་ནས་སྐྱོབ ་པའོ། །དེ་ཡང་གཞན་ཐམས་ཅད་ཀྱིས་སྦྱར་བ་སྟེ་དེ་དག་གཅོད་པ་ནི་ནུས་པའི་རྒྱུད་མེད་པར་བྱེད་པའོ། །དེ་ཡང་དྲག་པོའོ། །གནོད་པར་བྱེད་པ་ནི་ནུས་པ་མེད་ཅིང་ཟིལ་གྱིས་མནན་ནས་མི་གཡོ་བ་སྟེ། སྒྱུ་མཁན་བཟང་པོའི་སྒྱུ་མ་བཞིན་ནོ། །དེ ་ནི་དབང་ངོ། །ཞི་བའི་ལས་ནི་ཐམས་ཅད་འཇོམས་པར་བྱེད་པ་སྟེ་ཕ་རོལ་གྱི་སྦྱོར་བ་ངན་པ་བྱད་སྟེམས་ལ་སོགས་པ་དང། གོས་པས་ན་ལས་ཏེ་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་དོ། །དེ་དག་པར་བྱེད་ཅིང་བཟློག་པའོ། །གཞན་ནི་ཕ ་རོལ་ཏེ་འབྱུང་པོ་སེམས་ཅན་ནོ། །དེ་དག་གི་ལས་ནི་ནང་ལ་སོགས་པ་དང་སྒྲིབ་པ་སྟེ་འཇིགས་པ་ནི་བརླགས་པར་མཛད་པའོ། །གདོན་ནི་འདོན་པར་བྱེད་པ་སྟེ་ལྷ་ལ་སོགས་པ་ཐམས་ཅད་དོ། །དེ་དག་བརླག་པ་ནི་ཐལ་བའི་བྱེད་པ་སྟེ་དྲག་པོའོ། ་ཐར་པ་ནི་སྔར་བཟུང་བ་ལས་གྲོལ་བའོ། །དེ་ནི་ཞི་བའོ། །དབང་ནི་འབྱུང་པོ་ནི་སེམས་ཅན་ཐམས་ཅད་དེ་ཁམས་གསུམ་དུ་འབྱུང་བས་སོ། །དེ་དག་འགུགས་པ་ནི་འདྲེན་པ་སྟེ་དབང་དུ་བྱས་ནས་བསྟན་པ་ལ་གནས་པར་བྱེད་པའོ། །རིག་སྔགས ་ནི་འཇིག་རྟེན་པ་དང་འདས་པའོ། །ལས་ནི་ནུས་པ་སྟེ་ཞི་བ་ལ་སོགས་པ་ཐམས་ཅད་འདིས་མྱུར་དུ་བྱེད་དུ་འཇུག་པ་སྟེ་ལས་ལ་འཛུད་པའོ། །དེ་ཡང་དབང་པོ། །སྔར་མ་གྲུབ་པ་ནི་མངོན་དུ་མ་གྱུར་བ་སྟེ་ལྷ་རྣམ་པ་གཉིས་ཀྱི་དངོས་གྲུབ ་པོ་དེ་དག་འདིས་གྲུབ་པར་བྱེད་པ་ནི་མངོན་སུམ་དུ་གྱུར་པའོ། །སྔར་གྲུབ་ཟིན་ཨ་ནི་འབྲས་བུ་དེ་ཡན་བར་ཆད་ཀྱིས་མཁྱེར་བར་བྱེད་ཅིང་དོན་ཡོད་པ་ཆུད་མི་ཟ་བའོ། །འདོད་པ་ནི་ཡིད་ཀྱི་མངོན་པར་འདོད་ཅིང་དོན་དུ་གཉེར་བ་སྟེ་ནོར་ལ ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །དེ་དག་འདིས་སྦྱིན་པ་ནི་འདི་ལས་བྱུང་ཞིང་སྟེར་བའོ། །དེ་དག་ནི་རྒྱས་བའོ། །སྲུང་བ་ནི་ནང་དང་གདོན་ལ་སོགས་པ་སྔར་མ་འོངས་པ་དག་ཕྱིས་མི་འོང་པར་བྱེད་ཅིང་སྡོམ་པའོ། །དེ་ཡང་ཞི་བའོ། མཇུག ་བསྡུ་བ་ནི་ཞི་བ་སྟེ་ནད་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །རྒྱས་པ་ནི་ཚེ་ལ་སོགས་པ་མ་ལུས་པ་ཐམས་ཅད་འཕེལ་བར་བྱེད་པ་སྟེ། དེ་གཉིས་དབང་ནི་རྗེས་སུ་གཟུང་བའོ། །གཞན་ཐམས་ཅད་ནི་ཚར་གཅོད་པའོ། །དྲག་པོའི་ལས ་ལ་བྱུང་པོ་དང་སེམས་ཅན་གང་དག་སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པ་དེ་དག་རེངས་པར་བྱེད་པ་ནི་མི་གཡོ་བ་སྟེ་ངག་དང་ལུས་སོ། །རྨུགས་པ་ནི་སེམས་རྨོངས་པ་སྟེ་ཅི་ཡང་མི་ཤེས་པར་བྱེད་པའོ། །གསུམ་པའི་སྒྲ་དང་འོག་གི་ཚིག་ནི ་རེ་རེ་ལ་སྦྱར་རོ། །ཡང་ནི་ཚིག་དེ་རྣམས་ནི་མན་ང་གི་འོག་གི་སྔགས་རེ་རེ་ལ་སྦྱར་བར་བྱའོ། །ཞེས་བསྟན་པའོ། །དེ་ལྟ་བུ་འདི་རྡོ་རྗེ་རྣམ་པར་འཇོམས་པས་གསུང་དུ་ཁྲོ་བོའི་ཚིག་དུ་སྨྲས་སོ། །ཞེས་སྦྱོར་ཏེ་བརྗོད་པའོ། །གང་གིས་བརྗོད་ཅེ ་ན་ལག་ན་རྡོ་རྗེ་འདིར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བྱའི། །ཕྱག་ན་རྡོ་རྗེ་དངོས་མ་ཡིན་ནོ། །གང་གི་བརླབས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བརླབས་པ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང་རྒྱལ་བའི་ཉན་ཐོས་པ་དག་ཇི་རྙེད ་ཆོས་སྟོན་དང་ཞེས་པ་ལ་སོགས་པ་དང། ཡང་སྟོན་ཅིང་འཚད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ། །ཞེས་བསྟན་པའི་ཕྱིར་རོ། །གང་ལྟ་བུ་ཞེ་ན། གསང་སྔགས་ཏེ་སྦ་ཞིང་དམན་པ་ལ་མི་བསྟན་པས་ནུས་པ་ཁྱད་པར་དུ་འཕགས་པའོ། །ཞེས་བྱ ་བའི་ཐ་ཚིག་གོ། ནུས་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་བྱུང་བའི་འོག་གི་རྡོ་རྗེའི་སྔགས་ནི་མཐུ་ཆེན་པོ་འདི་ཞེས་པ་སྟེ་དེ་དག་སྨྲས་པའོ། །དེ་དག་གི་ནི་སྔོན་གྱི་འཁོར་ལ་ཡོན་ཏན་ནི་གཞན་དོན་ཐམས་ཅད་འགྲུབ་པར་བསྟན་ལ ་མ་འོངས་པ་ལ་ནི་སྔོན་དུ་བསྙེན་པ་ཚོགས་པས་སྒྲུབ་ཐབས་བཞིན་བྱས་པས་དེ་དག་འགྲུབ་པར་འགྱུར་རོ། །ཞེས་པོ་འདི་སྐད་སྟོན་ཏེ་དེ་ལྟར་མཆོད་པ་ལ་སོགས་པ་རྫོགས་ནས་སྔགས་ཀྱི་ནོར་བུ་བཟང་སྟེ། སྔགས་ཀྱི་གནས ་དང་ལྡན་པས་རྡོ་རྗེའི་ཚིག་དང་ཁྲོ་བོའི་ངག་དུ་བཟླས་པས་བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྲོ་བསྡུ་བྱ་སྟེ། དེ་ཡང་བསྙེན་པ་དང་ལས་སྦྱོར་གྱིས་དུས་སུ་སྒྲིབ་པ་ལ་སོགས་པ་མེད་པའི་སྦྱོར་བས་སྤྱོད་ལས་བྱའོ། །ཞེས་པའི་དོན་ཏོ། །དེ་ལྟར་རྒྱུ་དང་རྐྱོན ་རྣམ་པ་གཉིས་བསྟན་ནས་ད་ནི་དེའི་འབྲས་བུ་གང་བསྟན་པར་བྱ་བའི་ཆོས་ཕུན་སུམ་ཚོགས་པ་རྡོ་རྗེ་རྒྱུད་རྡོ་རྗེའི་སྔགས་ཟབ་མོ་སྔར་གྱི་ཡོན་ཏན་ཅན་དེ་བསྟན་པའི་ཕྱིར་ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བདག་གི་དག་དོན་རྟོགས་སླ་པའི ་ཕྱིར་བརྗོད་པར་བྱ་སྟེ། སྔོན་བྱུང་བ་ལ་ནི་རྡོ་རྗེའི་སྔགས་འདི་དག་བཀྲིས་པ་བདག་པོ་ལ་མཆོད་པ་བརྗོད་པ་ནས་རྣམ་པར་འཇོམས་པའི་རྡོ་རྗེ་གསུངས་པས་འབྱུང་པོ་ཐམས་ཅད་པ་རྣམ་པ་བཞིས་ཚར་བཅད་པ་དང། རྗེས་སུ་གཟུང་བས་སངས་རྒྱས་ལ་སྐྱབས་སུ ་འདོད་པ་ལ་སོགས་པའི་ཚུལ་གྱི་དཀྱིལ་འཁོར་དུ་བཙུད་དེ་ནས་ལ་སོགས་པ་ཞི་བས་མི་དག་སངས་རྒྱས་ལ་སོགས་པ་ལ་དད་དེ། རྒྱལ་པོ་ལོག་པའི་སྙིང་པོ་ཡང་གནས་དེར་འོད་ཟེར་ལ་ཞོན་ཏེ་འོངས་ནས། དེ་བཞིན་དུ་བྱས་པས་བཀྲིས་ལས་ཐར་པ ་ལ་གནས་སོ། །དེ་ཡང་འོག་ནས་རྒྱལ་པོ་ཞེས་པའོ། །བསྐྲད་པ་དང། ལས་བཞི་དང་ཁྲོ་བོ་བཞི་དང་བཅུ་བསྐུལ་བ་དང། གཙོ་བོ་ལ་སོགས་པ་དྲུག་པོ་བསྐུལ་བའི་ཚུལ་གྱིས་སོ། །མ་འོངས་པའི་སྒྲུབ་པ་པོས་ནི་སྔོན་དུ་བསྙེན་པ་ལ་སོགས་པ་ལ་བསྲུང་བ་དང ་བསྙེན་པ་ལ་སྔགས་མཚན་གསུམ་གང་ཡང་རུང་བ་བཟླས་པ་དང། ལས་སྦྱར་ལ་གཉིས་སུ་བྱ་བ་དང། ལས་སྒྲུབ་ན་གཙོ་བོ་དང་འབྲེལ་པ་དང་འཁོར་དང་གཉི་ག་དང་འབྲེལ་པ་གསུམ་གྱི་ཞི་བའི་ལ་སོགས་པའི་ལས་ལྷ་དང་རྫས་དང་བསམ་པ་དང ་ཕྱོགས་དང་དུས་དང་སྔགས་དང་འཁོར་ལོ་དང་ཏིང་ངེ་འཛིན་དང་བྱ་བས་སྒྲུབ་པ་ནི་སྒྲུབ་པའི་ཐབས་བཞིན་དུ་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཡང་རྣལ་འབྱོར་བསྙེན་པ་གསུམ་དུ་བྱས། །ལས་ལ་གཉིས་ཏེ་ལས་ལ་གསུམ། །གཙོ་དང་འཁོར་དང་འདུལ་བ་ནི། ། ་ལས་བཞི་སྔགས་སོགས་དབྱེ་བར་བྱ་ཞེས་འདིའི་བཤད་པའི་རྒྱུད་ལས་གསུངས་སོ། །ད་ནི་གཞུང་ཉིད་ལ་འཇུག་པར་བྱ་སྟེ། དེ་ལ་དང་པོ་བཀྲིས་པའི་དོན་རྣམ་པ་གཉིས་ཀྱི་ཕྱག་བྱ་བ་ནི། ན་མོ་རཏན་ཏྲ་ཡཱ་ཡ་ཞེས་པ་ལ་སོགས་པས་གཙོ་བོ་གསུམ་ལ་འདུད་པའོ། །དེ་དག ་ནི་སྔགས་ཀུན་ལ་ཤེས་པར་བྱའོ། །འབྲུ་ནི་དོན་ཉམས་པའི་ཕྱིར་བཤད་པར་མི་བྱ་སྟེ་རང་ཉིད་ཀྱི་སྒྲས་ཤེས་པར་བྱས་ལ་དོན་ཡིད་ལ་དྲན་པར་བྱའོ། །དེ་ནས་ཚར་གཅོད་ཅིང་བསྲུང་བའི་སྔགས་ནི་ཏདྱ་ཐཱ་ཨོཾ་ལ་སོགས་པ་སྟེ་ཉེ་བར་སྦྱར་བའོ། །དེ་ཡང་དང་པོ་ཐ ་མར་ཡེ་ཤེས་དང་དྲག་པོ་དང་ཤེས་པའི་གཞི་འཛུག་པ་ཅན་དེ་བཞིན་དུ་ཤེས་པར་བྱའོ། །ད་ནི་གཟུངས་ལ་གསུམ་ལས་དང་པོ་རྒྱས་པ་སྟེ་དེ་ཡང་གཙོ་བོའི་སྔགས་ནི་སརྦ་བིདྱཱ་བཛྲ་བཛྲ་ཞེས་པ་ལ་སོགས་པ་སྟེ་བསྟོད་ཅིང་བོད་པའོ། །མ་འོངས་པས་ནི་འདི ་ལ་སྔགས་གདགས་བར་ཤེས་པར་བྱའོ། །ལས་དང་འབྲེལ་པ་ནི་མན་ངག་བཞིན་དུ་བཞི་པའི་སྔགས་ནི་ཧེ་ཕུ་ལུ་ཞེས་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ། །ཙ་ར་ནི་ཙ་ར་ལ་སོགས་པ་ནི་རྒྱས་པའིའོ། །ཀི་ལི་ཀི་ལ་ཡ་ལ་སོགས་པ་ནི་དབང་གིའོ། །མཱ་ར་ཡ ་ལ་སོགས་པ་ནི་བསད་པའོ། །ཚིནདྷ་ལ་སོགས་པ་ནི་རིག་སྔགས་བཅད་པའོ། །བནདྷ་ལ་སོགས་པ་ནི་རིག་སྔགས་མནན་པའོ། །དེ་བཞིན་སྐྲག་པར་བྱེད་པ་ལ་སོགས་པ་ལ་ཡང་མན་ངག་བཞིན་དུ་སྦྱར་རོ། །ད་ནི་འཁོར་གྱིས་སྔགས་བསྟན་པ་ནི། ཙུ་རུ་ཞེས་པ་ལ ་སོགས་པ་སྟེ། སྔ་མ་བཞིན་དུ་བྱས་པ་ནི་རྡོ་རྗེ་ཕུར་བའི་སྔགས་སོ། །ཏྲཱ་ས་ཡ་ལ་སོགས་པ་ནི་རྡོ་རྗེ་བེ་ཅོན་གྱིའོ། །ཧ་ར་ལ་སོགས་པ་ནི་རྡོ་རྗེ་ཐོ་བའིའོ། །པྲ་ཧ་རཾ་ལ་སོགས་པ་ནི་རྡོ་རྗེ་གཏུམ་པ་ཡིའོ། །དེ་དག་སྟོད་ཅིང་སྐུལ་བར་བྱེད་པ་ནི་ཨེ་ཧཡེ་ལ་སོགས ་པའི་སྔགས་བརྟག་སྟེ་བཟླས་པར་བྱའོ། །དེ་དག་དང་འབྲེལ་པའི་ལས་སྔགས་ལ་ཞི་བའི་སྔགས་ལ་མ་ཏིསྠིར་བཛྲ་ཞེས་བྱ་བ་ལ་སོགས་པའོ། །རྒྱས་པའི་སྔགས་ནི་དྷ་ར་དྷ་ར་ཞེས་པ་ལ་སོགས་པའོ། །དབང་གི་སྔགས་ནི་ན་མ ་ས་མན་ཏ་ཞེས་པ་ལ་སོགས་པའོ། །གསང་བའི་སྔགས་ནི་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པའོ། །རིག་སྔགས་བཅད་པའི་སྔགས་ནི་མཧཱ་བ་ལེ་ཞེས་པ་ལ་སོགས་པའོ། །རིག་སྔགས་མནན་པ་ནི་ད་ཧ་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་ཐམས་ཅད་སྔ ་མ་བཞིན་དུ་བྱས་པས་ལས་ཀུན་འགྲུབ་པར་འགྱུར་ཏེ་སྦྱར་བ་གསུམ་ཤེས་པར་བྱའོ། །དེ་ཡང་རྡོ་རྗེའི་གསང་སྔགས་འདི་ཡིན་ཏེ། ལས་ཀུན་ཐོགས་པ་མེད་པར་འགྲུབ་ཅེས་གསུངས་སོ། །འདིར་མན་ངག་གི་གཙོ་བོ་ཡབ་ཡུམ་གྱི་སྔགས་ནི་དང་པོ་ཨོཾ ་དང་ཐ་མའི་ཡན་ལག་བོར་ལ་ཛ་ལ་ལ་སོགས་པའི་ན་བྱིན་ཏེ་ཡ་ཧཱུཾ་ཕཊ་སྭཱ་ཧཱ་གཉིས་ཤེས་པར་བྱའོ། །སྟེང་དང་འོག་དེ་བཞིན་དུ་བྱས་ལ་འཁོར་གྱི་ཞི་བའི་ཀུ་ལ་འམ་ལམ་བོར་ཏེ་ཕྱག་འཚལ་བ་ནི་བྱིན་དེ་རྒྱས་པའི་དྷ་རའི་ར་ལ་ཨི་བྱིན་ལ་གཙོ་བོ ་ཡི་བཅིང་བ་གཉིས་དབྲོག་གོ། ཡང་ན་འདི་ལྟར་ཡང་ཡིན་ཏེ། ཐམས་ཅད་སྔ་མ་བཞིན་ལ་སྐྲད་པའི་ཤ་ལ་སཾ་གྱི་སྟོད་ཕྲོགས་ཏེ་བྱིན་ལ་གཙོ་བོའི་ཞི་བའི་ཀུ་རུ་གཉིས་ཀྱི་ཨུ་ཕྱི་ལ་ཀ་ཡ་ཨེ་བྱིན་ཏེ་འཁོར་གྱི་ལྷའི་མ་ཧཱ་དང་དབང་གི ་ས་མན་གྱི་ན་བསད་པའི་ཡ་གསོད་ལ་ཨེ་བྱིན་པ་ནི་གཅིག་སྟེ། དེ་གཉིས་གང་ཡང་རུང་བ་དམ་ཚིག་བསྟན་ཅིང་བརྟན་པར་བྱ་བ་ཡིན་ནོ། །ཞེས་བླ་མས་བསྟན་ཏོ། །ཡང་ན་དེ་རྣམས་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་པ་ལ་སོགས ་པ་དང་རིམས་པ་བཞིན་སྦྱར་བར་བྱའོ། །ཞེས་དགོངས་སོ། །ད་ནི་སྙིང་པོ་བསྡུ་བ་བསྟན་པའི་ཕྱིར། ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ལྷ་ལྔ་པོའི་འཁོར་ན་གནས་པའི་ཐུགས་ཀྱི་ཁྲོ་བོ་བཅུ་སྔོན་ནི ་བསྐུལ་ལ། མ་འོངས་པ་ལས་བཞི་འགྲུབ་པ་ཡིན་པས་དེ་བཤད་པ་ནི། ཧ་ར་ནི་ཧཱུཾ་མཛད་བསྐུལ་བ་སྟེ་དྲག་པོའོ། །དྷུ་ན་ནི་དབྱུག་སྔོན་ཅན་དེ་དབང་ངོ། །ད་ཧ་ནི་གཤིན་རྗེ་མཐར་བྱེད་དེ་དེ་ཡང་དབང་ངོ། །པ་ཙ་ནི་མི་གཡོ་བ་སྟེ་དྲག་པོའོ། །དྷ་ར་ནི་རྟ་མཆོག ་སྟེ་ཞི་བའོ། །དཱ་ར་ཡ་ནི་གཞན་གྱིས་མི་ཐུབ་པ་སྟེ་རྒྱས་པའིའོ། །དཱ་རུ་ཎ་ནི་བདུད་རྩི་འཁྱིལ་པ་སྟེ་ཞི་བའོ། །ཙྪིནད་ནི་ཁམས་གསུམ་ལས་རྒྱལ་བ་སྟེ་རིག་སྔགས་བཅད་པའོ། །བྷིནད་ནི་སྟོབས་པོ་ཆེའི་སྔགས་ཏེ་དེས་རིག་སྔགས་མནན་པ་འགྲུབ་པའོ། །དེ་དག ་གིས་ནི་བྱ་བ་ཀུན་སྔ་མ་བཞིན་དུ་སྦྱར་བས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ད་ནི་ལྷ་རྣམས་ཀྱི་ཡང་སྙིང་ཤིན་ཏུ་ཡང་བསྡུས་པ་གསུངས་པ་ནི་ན་ཞེས་པ་ལ་སོགས་པ་སྟེ་དེ་ཡང་གཙོ་བོ་རྣམས་གཉིས་ལ་མཆོད་ཅིང་དེའི་སྙིང་པོའོ། །ཧུ་ལུ་ནི་རྡོ་རྗེ་ཀཱི་ལ ་ཡའི་སྟེ་རྒྱས་པའོ། །ཏིཥྛ་རྡོ་རྗེ་བེ་ཅོན་གྱི་ཞི་བའིའོ། །བདྷ?་ནི་རྡོ་རྗེ་ཐོ་བ་?་ཏེ་དབང་གིའོ། །ཧ་ན་ནི་རྡོ་རྗེ་གཏུམ་པོ་ཡི་སྟེ་དྲག་པོ་ཡིའོ། །ཡ་མྲི་ཏེ་ནི་ཕོ་ཉ་དང་མངག་པ་ཡབ་ཡུམ་ཁྲོ་བོ་མི་འཆི་བ་དང། ལུ་གུ་རྒྱུད་མའི་སྔགས་ཏེ་ཁྲུས་དང་བསྐྲད་པ་ལ་ཤེས ་པར་བྱ་སྟེ་དེ་དག་གིས་ཀྱང་དེ་བཞིན་དུ་འགྱུར་རོ། །འདི་སྐད་སྟེ་སྔོན་དུ་བསྙེན་པ་ལ་ནི་གསུམ་པ་གང་ཡང་རུང་བཟླས་ལ་སྒྲུབ་པ་པས་ལ་སྒྱུར་བ་ནི་གཉིས་སུ་ཤེས་པར་བྱ་སྟེ་ལས་བསྒྲུབ་པ་ལ་ནི་མན་ངག་བཞིན་དུ་སྦྱར་རོ། །དེ་ཡང་བསྙེན་པ་གསུམ་སྟེ་སྒྲུབ ་པ་གཉིས་ལས་སྒྲུབ་སོ་སོར་ཤེས་པར་བྱ་ཞེས་གསུངས་སོ། །ད་ནི་དེ་དག་གི་མཇུག་བསྡུ་བ་ཆོ་ག་ཕན་ཡོན་དང་བཅས་པ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་སྡུག་བསྔལ་ཐམས་ཅད་སེལ་བའི་ཕན་ཡོན་ནི། སྡིག་པ་ཐམས་ཅད་བྱང་བྱས་ནས ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་གི་སྔོན་བྱུང་དུ་རྒྱལ་པོ་ལོག་པའི་སྟོབས་ལ་སོགས་པའི་འཁོར་རྣམས་ཐེ་ཚོམ་སྐྱེས་པ་ལ་དེ་དག་བྲོང་པ་སྐྱེད་པའི་ཕྱིར་གསུངས་ལ། མ་འོངས་པ་ལ་ནི་སྒྲུབ་པའི་ཕན་ཡོན་དུ་སྦྱར་རོ། །དེ་ལ་སྡིག་ནི་སྒྲིབ་བས ་ན་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པའི་ལས་སོ། །ཐམས་ཅད་ནི་དེ་དག་དང་ཉེ་བ་མ་ལུས་པའོ། །འདིས་དེ་དག་བྱང་བར་བྱས་པ་ནི་དག་པར་བྱེད་པའོ། །གཞན་ཡང་དེར་མ་ཟད་དེ་ལུས་ངག་ཡིད་གསུམ་ཟུག་རྔུ་གཟིར་བས་ན ་སྡུག་བསྔལ་ཏེ་འགྱུར་བ་ལ་སོགས་པ་གསུམ་མམ་བརྒྱད་དོ། །མེད་པར་བྱེད་པ་ནི་སེལ་བར་བྱེད་པའོ། །དེ་ནས་སེམས་ཅན་ཞེས་བྱ་བ་ལ་སོགས་པར་འབྲེལ་ཏེ། སེམས་ཅན་གང་དག་སྔོན་གྱི་ལས་དང་རྐྱེན་དང་འབྱུང་པོས་མིག་ལ་སོགས་པའི་དབང ་པོ་དྲུག་ཉམས་པ་ནི་ལོང་བ་ལ་སོགས་པ་སྟེ། དེ་ལ་སྔགས་འདིས་བཀྲུས་ནས་ཉམས་པ་ལས་སོགས་ཏེ་ཐར་ཞེས་པར་འབྲེལ་ཏོ། །དེ་བཞིན་དུ་ཚེ་ནི་འཚོ་བ་སྟེ་དེ་ཟད་པ་ནི་དུས་ལ་བབ་སྟེ་དེ་ཡང་རིང་བར་འགྱུར་རོ། །ཚེ་ཉམས་པ་ནི་རྐྱེན་གྱི་ཚེ་ཚད་ལས ་ཐུང་བར་གྱུར་བ་སྟེ་དེ་ཡང་ཚད་དུ་འཚོའོ། །ཕུན་སུམ་ཚོགས་པ་ནི་མ་ཚང་བ་མེད་པ་སྟེ་ནོར་ལ་སོགས་པ་ཡིན་ལ། དེ་དག་མ་ཚོགས་པའི་གྱུར་ནི་མིན་པ་སྟེ། དེས་སེམས་ཅན་གང་ལ་ཆགས་པ་ནི་གང་ལ་བྱུང་ཞིང་གནས་པ་ཡང་ཕུན་སུམ་ཚོགས་པར་འགྱུར་རོ།། ་ལྷ་རྣམས་ནི་མཐུ་དང་རྫུ་འཕྲུལ་དང་ལྡན་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལྷ་སྟེ། དེ་དག་བསྒྲུབས་ཀྱང་འཕངས་ནས་གྲུབ་པ་མི་སྟེར་བ་ནི་རྒྱབ་ཀྱིས་ཕྱོགས་པ་ནི་རིང་བའོ། །དེ་ཡང་ཉེ་བར་བྱེད་དོ། །བདག་དང་ཡིད་ཅུགས? ་ཤིང་ཡིད་དུ་འོང་བ་ནི་མཇའ་སྡུག་སྟེ་སོ་སོར་གནས་པས་སྐྱེ་བོ་སྟེ་བདེན་ཕ་མ་མཐོང་བའོ། །དེ་སྡང་བ་ནི་བྱམས་པ་དང་བྲལ་བ་སྟེ་དེ་ཡང་བྱམས་པའོ། །བྲན་ནི་འཁོར་བཟང་པོའོ། །བཟའ་མི་ནུ་ཆུང་མ་ལ་སོགས་པའོ། །སོགས་པ་ནི་མ་ལུས ་པའི་ཉེ་བའོ། །དེ་དག་འབྱུང་པོས་གཙེས་པ་ནི་བསྐྲག་ཅིང་བཅོམ་པ་སྟེ་དེ་ཡང་མི་འཚོ། ཡང་བྲམ་ཟེ་ལ་སོགས་གཙེས་པ་དང་ཞེས་གླེགས་བམ་ལ་ལན་གནས་ཏེ། འཇིག་རྟེན་བྲམ་ཟེ་དང་རྒྱལ་པོ་དང་རྡེའུ་དམངས་ཀྱིས་བ་དག ་གཙེས་པ་ལས་ཐར་བའོ། །ཡང་ན་བདག་གི་བྲམ་ཟེ་དང་དགེ་སློང་ལ་སོགས་པ་ནུས་པ་ཅན་དང་ཞིང་དག་པས་གཙེས་པ་ཡང་ནུས་པ་ཟློག་ལ་ཞིང་དག་འགྱུར་རོ། །ཡང་ན་བྲམ་ཟེས་ཁྱེར་བ་ཞེས་པ་སྟེ་བཟའ་སྐར་ངན་པ་ལ་ཤི་བ་ཡང་ཆོ་གས་ཕན་ནོ། །བདག ་དང་གཞན་གཉིས་ནི་ཕན་ཚུན་ཏེ་དེ་དག་མི་མཐུན་པ་ནི་སེམས་མི་བཙུགས་ཅིང་ངག་དང་ལུས་འཐབ་པ་སྟེ་མཐུན་པར་འགྱུར་རོ། །སྔར་ལོངས་སྤྱོད་ཆེ་བ་ལ་དབྱིག་ཡིན་པས་ནོར་ཏེ་གསེར་ལ་སོགས་པའོ། །འབྲིབ་པ་ནི་བྲི་བའོ། །དེས་རྒྱུད་ལ་སྡུག་བསྔལ ་བསྐྱེད་པས་གནོད་པའོ། །མྱ་ངན་མངལ་དང་གནོད་པ་ནི་གདུངས་པས་དུབ་པ་སྟེ། དེ་ལ་གདོན་གྱིས་ཚུགས་པར་སླའོ། །ཡང་ན་དང་ཞེས་སྦྱར་ཏེ་དུབ་པས་གནོད་པ་དང། ཕལ་པར་གནོད་པ་ཐམས་ཅད་དོ། །གཞན་ཡང་སྐྲག་ཅིང་བག་ཚ་བ་ནི་འཇིག་པ་སྟེ ་རྒྱལ་པོའི་ཆད་པ་ལ་སོགས་པ་བརྒྱད་དོ། །ཕོངས་པ་ནི་སྔ་ནས་དབུལ་བའོ། །གཞན་ཡང་གདུག་པ་བཟའ་སྟེ་པ་བསངས་ལ་སོགས་པ་གནོད་ཅིང་དེ་དག་ངན་པ་ལ་ལ་བབ་པའོ། །རྒྱུ་སྐར་ནི་ནམ་མཁའ་ཨི་ལ་སོ་སོར་འཐོར་ནས་རྒྱུ་བ་སྟེ་སྨིན་དྲུག་ལ་སོགས ་པའོ། །དེ་དག་ནི་ཁྲུས་བྱས་ཏེ་བཟློག་པས་ཞི་བར་འགྱུར་རོ། །བྱང་སྟེམས་ཅེས་པ་ནི་རིག་སྔགས་ངན་པའི་འཁྲུལ་འཁོར་གྱི་བཙུགས་ཏེ་གསད་པར་འདོད་པའོ། །མི་བཟད་པའི་གདོན་ནི་ནད་ལ་སོགས་པ་ཚོ་བས་ཆེར་འདེབས་པ་སྟེ་རྫུ་འཕྲུལ་ཆེ་བའི་ལྷ ་ལ་སོགས་པའོ། །དེ་དག་གིས་ཉེན་པས་ནི་བཏབ་པའོ། །མྱ་ངན་ནི་ལུས་ངག་ཡིད་གསུམ་གདུངས་པའི་ཁྱད་པར་ཏེ་དེ་དེས་ཕུང་པོ་ངལ་ཏེ་གཉིད་ལོག་པ་འམ། དངོས་སུ་འབྱུང་བའོ། །དེའི་སྟོབས་ཀྱིས་གཉིད་ལོག་པས་སེམས་རྨོངས་ཏེ་ཡིད་ཀྱི་རྣམ ་ཤེས་རྒྱུ་བས་རྨི་ལམ་སྟེ། དེར་སྡིག་པ་མཐོང་བས་ནི་ངན་པ་སྟེ་བཙོན་ར་ལ་སོགས་པའོ། །ཡང་ཞེས་པ་བཟླས་པ་སྟེ་ཀུན་ལ་སྦྱར་རོ། །ཡང་ན་དང་ཞེས་པ་སོ་སོར་སྦྱར་རོ། །དེ་དག་ཐམས་ཅད་ཀྱང་འདིའི་སྒོ་ནས་སེལ་ཅིང་དེ་དག་ལས ་ཐལ་བར་འགྱུར་རོ་ཞེས་སྦྱར་རོ། །དེ་དག་གི་རྒྱུད་ལས་འབྱུང་བ་ཐམས་ཅད་སེལ་བའོ། །ད་ནི་རྒྱུད་ལ་བདེ་བ་ཐམས་ཅད་ལྡན་པར་བྱེད་པ་གསུངས་པ་ནི་རྒྱུད་དོ་ཅོག་གི་རྩ་བ་སྟེ་ཞེས་པ་བླང་ངོ། །དེ་ཡང་སྔོན་དུ་ནི་འབྲེལ་ཅིང་རྒྱུན་ཆགས་པས ་བརྒྱུད་དེ་རྒྱུད་དོ། །ཅོག་ནི་མ་ལུས་པའོ། །རྩ་བ་ནི་གཞན་ལ་མ་ལྟོས་ཤིང་གཞན་བསྐྱེད་པར་བྱེད་པ་སྟེ། དེ་ནི་རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་ཡི་དང་པོར་འདི་གསུངས་ལ། ངས་འདི་བཤད་པའོ། །རྒྱུད་དེ ་བདག་གི་མཐོང་ངོ། །མ་འོངས་པ་ལ་ནི་ཡོན་ཏན་མ་ལུས་པ་ནི་རྒྱུད་དོ། ཅོག་ཡིན་ལ་དེ་ལས་འབྱུང་བས་རྩ་བའོ། །ཡང་ན་ཚེས་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་སོ། །ལ་ལ་དག་རྒྱུད་ཐམས་ཅད་ཀྱི་རྩ་བ་དབང་བསྐུར་བ་སྟེ། དེ ་ཡང་ཆུ་ལ་རག་ལས་བས་ཞེས་འཆད་དེ་མ་ཡིན་ནོ། །གཞན་ཡང་དཔལ་ཀུན་ཏེ་བསྟེན་པར་འོས་ཤིང་ཡོན་ཏན་ཆེ་བ་སྟེ། འབྱོར་པ་དང་བུ་ལ་སོགས་པའམ་ཚོགས་གཉིས་སོ། །དེས་ལེགས་པར་བརྒྱན་པ་ནི་དེ་དག་ཡོངས་སུ་རྫོགས་ཤིང་ཚང་བ་འདིའི ་སྒོ་ནས་བྱེད་པ་ཡིན་ནོ། །དེ་ནས་ཚེ་དང་བསོད་ནམས་འཕེལ་བར་འགྱུར་ཞེས་པར་སྦྱར་ཏེ་བསོད་ནམས་ནི་གྲགས་པ་དང་ལོངས་སྤྱོད་དེ་ཡིད་བདེ་ཞིང་ལུས་ངག་རྒྱས་པར་བྱེད་པའོ། །སྡིག་པ་ཀུན་ནི་གོང་དུ་བསྟན་པའོ། །དེ་ལ་ཐར་བ་ནི་གྲོལ་བ་སྟེ། ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་ཐོབ་པར་འགྱུར་བའོ། །ཞེས་དགོངས་སོ། །དེ་དག་ནི་སྤྱིའི་བྱ་བའི་ཆོ་གའི་ཕན་ཡོན་ནོ། །ཡང་ན་ལས་དེ་དག་ལ་བྱ་བ་སོར་སྦྱར་བར་ཤེས་པར་བྱའོ། །དེ་ལྟར་ཕན་ཡོན་འབྱུང་བ་བཤད་ནས། ད་ནི་ཆོ་ག་བཤད ་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྒྲུབ་པ་པོ་དང་བསྒྲུབ་བྱ་སྟ་གོན་ལ་གནས་པའོ། འདི་དག་གི་ནི་འདས་པ་ལ་འདི་ལྟར་གྱིས་ཅིག་ཅེས་གདམས་ལ་མ་འོངས་པ་ལ་ནི་ཆོ་ག་བྱ་བ་དངོས་ཡིན་ནོ། །དེ་ལ་སྒྲུབ་པ ་པོ་དང་བསྒྲུབ་བྱ་དེས་ནི་རབ་བཀྲུས་གཙང་མ་ཡིན་ཞེས་གསུངས་ཏེ། ཕྱིའི་ཁྲུས་ནི་ཆུ་དང་སས་ལེགས་པར་བཀྲུས་པས་དྲི་མ་དག་པར་བྱ་བ་སྟེ་ལན་གསུམ་དུའོ། །གཙང་མའི་གོས་ནི་གཞན་དུ་ལོངས་མ་སྤྱད་པའི་གོས་སར་པ་ལན་གསུམ་དུ་བརྗེའོ། །དེ་བཞིན ་དུ་ཟས་དཀར་གསུམ་བཟའ་བ་དང། ཞག་ཅིག་སྨྱུང་བར་གནས་པར་བྱས་ལ། ནང་གིས་ཁྲུས་ནི་གང་དག་ཡིད་དགེ་སེམས་དང་ཞིང་ཞེས་པ་སྟེ་ལུས་དང་ངག་དང་ཡིད་གསུམ་གྱིས་མི་དགེ་བ་བཅུ་མི་བྱེད་པར་སྡོམ་ལ། སེམས་དང་པ་ནི་དད་པའོ། །དེ ་དག་གི་ནི་རྟེན་གྱི་གང་ཟག་དང་སྟ་གོན་ལ་གནས་པ་བསྟན་ཏོ། །དེ་ནས་བླང་བ་ལ་སོགས་པ་ཆོ་ག་དང་སྒྲུབ་ཐབས་ལས་བྱུང་བ་བཞིན་དུ་དཀྱིལ་འཁོར་འབྱོར་བའི་བྱེ་བྲག་གི་བྲིས་ལ་རྫས་བཀོད་དེ་བསྒྲུབ་པར་བྱའོ། ཞེས་བྱ་བའི་བར་དུའོ། ད་ཡང་དང ་པོ་སྟ་གོན་གནས་པ་ཡིས། །སའི་ཆོ་ག་རྫོགས་བྱས་ཏེ། །འབྱོར་བ་དཀྱིལ་འཁོར་བྲིས་བྱས་ལ། །རྟེན་ལ་བརྟེན་དེ་བསྒྲུབ་པར་བྱ་ཞེས་གསུངས་སོ། །དེའི་འོག་ཏུ་ཁྲུས་ལ་སོགས་པ་སྔོན་དུ་སོང་བས་ལྷ་བསྐྱེད་པ་ནི་མདོ་སྡེ་ཞེས་བྱ་བ་ལ་སོགས་པའོ། །དེ ་ཡང་སྔོན་བྱུང་ལ་ནི་མདོ་སྡེ་ཟབ་མོ་སངས་རྒྱས་ཀྱི་གསུངས་པ་འདི་མཉན་པར་བྱ་བ་དང། དེའི་ཕན་ཡོན་བསྟན་ལ་རྗེས་སུ་འཇུག་པ་ནི་ལྷ་བསྐྱེད་པ་དང་སྔགས་བཟླས་པའི་ཐབས་སུ་འགྱུར་རོ་ཞེས་དགོངས་པའོ། །དེ་ལ་མདོ་སྡེ་ནི་རྒྱུད་དང་གཅིག་པ ་སྟེ་དོན་ཟབ་མོ་མདོ་སྡེར་སྟོན་ལ་ཚིག་མདོ་ཙམ་དུ་གསུངས་པས་སོ། །ཡང་ན་གནས་དང་སྟོན་པ་ལ་སོགས་པ་གསུངས་པའོ། །དེ་ཡང་གནས་རྣམས་དང་མཚན་ཉིད་དང། ཆོས་དོན་སྨོས་ཕྱིར་མདོ་སྡེའོ་ཞེས་པ་དང། ཚིག་ཉུང་བ་ལ་དོན་རྒྱས་པའོ། །མདོ་སྡེ་དམ་པ ་བལྟ་བར་བྱ་ཞེས་གསུངས་སོ། །དོན་དུ་བྱ་ན་གཟུངས་སྔགས་ཐམས་ཅད་དང་བཅས་པ་སྟེ་དེ་དམ་པ་ནི་མཆོག་གོ་།མཉན་པར་བྱ་བ་ནི་གདམས་པ་སྟེ་སངས་རྒྱས་དང་བླ་མ་ལ་རྣ་བས་ཐོས་ཤིང་ཤེས་པར་བྱ་བའོ། །དེ་ཉིད་གཞན་གྱི་དཀའ་བས་ཟབ་མོ ་སངས་རྒྱས་སྤྱོད་ཡུལ་ཏེ་སངས་རྒྱས་ཀྱིས་གསུངས་པའོ། །ཡང་ན་ཆོས་ཉིད་སྟོང་པའི་ལྷ་ལ་སོགས་པ་དྲུག་པོ་ཟབ་ཅིང་དེ་སངས་རྒྱས་ཀྱི་སྐུ་སྟེ་སྤྱོད་ཡུལ་དུ་བསྐྱེད་པའོ། །དེས་ནི་བསྙེན་པ་སྒྲ་ལ་གནས་པའི་བསམ་གཏན་གྱི་སྔགས་བཟླས་པ་ཡང ་ཤེས་པར་བྱའོ། །ཞེས་བྱ་བའི་དོན་ཏེ། །ཉན་བྱེད་ན་ནི་ཐོས་ནའོ། །གཟི་བརྗིད་ནི་འོད་ཟེར་ཏེ་དཔལ་གང་ཡིན་པའོ། །ཡང་ན་ལྷ་དྲུག་པོའི་དོན་ནི་མདོ་སྡེ་ཡིན་ལ་ད་ཉན་པ་ནི་སྒོམ་པའོ། །དེ་ནི་བཟླས་པའི་བསམ་གཏན་ནི་ནོར་བུའི་ཕྲེང་བ་དང་ལྡན་པས་མདོ་སྡེ་ལྷ་རྣམས་ཀྱི ་ཐུགས་ཀ་ནས་གནས་པའི་ཟླ་བ་དང། རྡོ་རྗེ་དང་སྔགས་སོ། །དེའི་འོད་ཟེར་གྱི་སྤྲོ་བསྡུ་ནི་གཟི་བརྗིད་དོ། །དེས་ཇི་ལྟར་བསམས་ན་སྲོག་ཆགས་ཏ་རླུང་ནང་ན་གནས་པ་འཚོ་བའོ། །མི་བཟད་པའི་ནད་ནི་འཚོ་བ་དཀའ་བའི་མཛེས་སྟེ་འབྱུང་བ་ལས་གྱུར་པ་དང། ཀླུའི་གདོན་ནོ།། ་ཀྱང་ཞེས་པ་ནི་མི་མཐུན་པའི་རྒྱན་ཏེ་དེ་ཡང་ཞེ་ན་ནད་གཞན་སྨོས་ཅི་དགོས་ཞེས་པའི་དོན་ཏེ། །ཞི་བར་བལྟ་ནི་ཞི་བར་འགྱུར་བའོ། །ཡང་ན་ཞི་བར་བལྟ་ནི་སྔགས་བཟླས་སོ། །དེ་ནི་ཁྲོ་བོའི་དག་དུ་ལས་སྦྱོར་གྱི་སྔགས་བཟླས་པར་བསྟན་ཏོ། །ད་ནི་རྟེན་གང་ལ་བརྟེན ་དེ་སྒྲུབ་པ་ནི་གཟེར་རམ་ཡང་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ལ་བུམ་པ་གཅིག་ལས་ལ་ལྔའོ། །དེའི་རྒྱུ་ནི་རིན་པོ་ཆེ་གསེར་ནི་རབ་བོ། །ཡང་ན་ནི་ཞེས་ཕྱོགས་གཞན་སྟོན་པ་དེ་འདུལ་ནི་འབྲིང་ངོ། །ཀྱང་རུང་ཞེས་པ་ནི་བསྡུ་བ་སྟེ་ཟངས ་ནི་ཐ་མའོ། །དེ་ལྟར་མ་འབྱོར་ན་ས་ལས་བུམ་པ་དམར་པོ་ནག་པོར་རི་མེད་པར་བྱའོ། །དེ་ཡང་བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང་ཞེས་པ་ལ་སོགས་པ་གསུངས་སོ། །དེས་ནི་བུམ་པའི་རྒྱུ་བསྟན་ཏོ། །འདི་དག་ནི་སྔོན་གྱི་དུས་དང་རྗེས་ཀྱི་དུས་འདྲ་བའོ།། ་ད་ནི་སྙིང་པོ་དང་རྒྱན་ནི་ཆུ་ཡིས་དགང་ཞེས་པ་ལ་སོགས་པས་སྟོན་ཏེ། ད་ཡང་འདིར་ཆུ་བོ་ཆེན་པོའི་ཆུ་དང་འོ་མས་ནང་དགང་བ་སྟེ་བཀྲུ་བ་དང་བསང་བས་བྱའོ། །འདིར་ཆུ་ཡི་གསེར་ཞེས་བྱ་བར་འདོད་དེ་འདི་ནི་རྨོངས་པས་མི་ཤེས་པར་བལྟའོ་དེ་ནས ་གཞན་དུ་ལོངས་མ་སྤྱད་པའི་རས་ཀྱི་གོས་གཙང་མས་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །དེར་སྙིང་པོ་ནི་ནོར་བུ་སྟེ་ཡིད་དུ་འོང་བའི་མུ་ཏིག་མིག་མེད་པ་དང། ཡུངས་ཀར་ཏེ་སྒྲུབ་པའི་རྫས་བགེགས་སྐྲོད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་གཞག་གོ་།དར?་བ་ནི་རི ་པ་སྟེ། བཀྲིས་པས་ལོ་མ་དང་བཅས་པ་དང། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་བདུན་ཁར་གཟུགས་སོ། །དཀོན་པས་ན་རིན་ཆེན་དེ་དེ་དག་རྨ་མེད་པ་ནི་མ་སྤྱད་ཅིང་མ་བརྙིངས་པའི་སར་བའོ། །ཡང་ན་མིག་མེད་པ་སྟེ་གསེར་ལ་སོགས་པ་ལྔ་དང། ཙན་དན་ནི་དྲི་དང་ལྡན ་པ་དཀར་པོ་སྟེ། དེ་ལ་སོགས་པ་དྲི་ལྔ་དང་བཅས་པ་ནི་ལྷན་ཅིག་དོན་ཏེ་ཏིལ་ལ་སོགས་པ་འབྲུ་ལྔ་དང། ཧ་ས་དེ་བ་ལ་སོགས་པ་སྨན་ལྔ་དང། བུ་རམ་ལ་སོགས་པ་སྙིང་པོ་ལྔ་གསང་བ་སྤྱི་རྒྱུད་བཞིན་དུ་བླུགས་པར་བྱའོ། །དེར་ཡང་ཤེལ་དང། རྡོ ་རྗེ་ཕ་ལམ་དང་མེ་ཏོག་སྔོན་པོ་བཅུག་ལ་དེའི་ཕྲེང་བས་ཁ་ལ་བརྒྱན་ནོ། །དེའི་ཁར་ནི་བཀྲིས་པའི་ཤིང་མྱ་ངན་མེད་པ་ལ་སོགས་པ་འབྲས་བུ་ཅན་གྱི་བརྒྱན་ལ། རྡོ་རྗེ་བཞག་སྟེ་བཀྲིས་པའི་ཐག་པས་བཏགས་ཏེ་ལས་ལ་སྔར་གཞུག་གོ་།དེ་དག་ནི་བསྙེན ་པ་ལ་ཤེས་པར་བྱའོ། །དེ་ཡང་རིན་པོ་ཆེ་ལ་སོགས་པའི་ཡོན་ཏན་ཤེས་པར་བྱ་སྟེ། ལྷའི་མཚན་མ་ནི་དགོད་པ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཟླས་པའི་དྲང་བསྟན་པའི་ཕྱིར་ལན་གྲངས་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ནས་ཡང་དུ་བསྐྱར ་བས་ལན་གྲངས་ཏེ་གཟུང་རིངས་ནི་ཉི་ཤུ་རྩ་གཅིག་ཡིན་ལ་གཉིས་པ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླས་སོ། །སུ་ནི་བྱེད་པ་གསུམ་པའི་གསུམ་པ་སྟེ་དེ་ནས་ཁྲུས་བྱ་ཞེས་པའོ། །འདི་སྐད་སྟོན་ཏེ་བཟླས་པ་ལ་ནི་གྲངས་ངེས་ཆོག་པ་ཡིན་ལ། མ་འདས་པ ་ལ་ནི་སྔོན་དུ་བསྙེན་པ་འབུམ་རྫོགས་ནས་ལས་ལ་བསམ་གཏན་དང་ལྡན་པས་ཤེས་པར་བྱའོ། །ཞེས་པའི་ཐ་ཚིག་གོ་།ལས་ལ་སྦྱར་བ་དངོས་བསྟན་པའི་ཕྱིར་རྒྱལ་པོ་ཞེས་གསུངས་ཏེ། སྔོན་བྱུང་ལ་ནི་ལྷ་འམ་མི་ཆེ་བས་རྒྱལ་པོ་སྟེ་ལོག་པའི་སྙིང་པོའོ ་དེ་ནི་འཁོར་ཉེ་བའི་གདུལ་བྱ་ལ་དགོངས་པ་སྟེ་འཁོར་གཞན་ཡང་བཀག་པ་ནི་མ་ཡིན་ནོ། །རྗེས་འཇུག་ལ་ནི་རྒྱལ་པོ་བསོད་ནམས་སྨོས་ཏེ། རྒྱལ་པོ་ལ་སོགས་པ་ཐམས་ཅད་ཅེས་སྦྱར་རོ། །རྟག་ཏུ་ནི་དུས་གསུམ་དུའོ། །བུམ་པའི་ཆུ་དེས ་ཁྲུས་ཀྱིས་ཤིག་དང་ཞེས་གདམས་པའོ། །དེ་ལྟར་བྱས་ནི་གོང་གི་ཕན་ཡོན་ཐོབ་པར་འགྱུར་ཞེས་སྦྱར་རོ། །དེས་ན་རྣལ་འབྱོར་པ་དུས་གསུམ་དུ་བཀྲུ་ལ། བསྒྲུབ་བྱ་ལ་ནི་མ་ཞི་བར་དུ་ཁྲུས་བྱ་བ་དང། བྱ་བའི་རྒྱུད་ཡིན་པར་བསྟན་ཏོ། །དེ་ཡང་རྟེན་མཆོག ་དག་དང་ལྡན་བྱས་ནས། །མཁས་པ་གང་ལ་བཀྲུ་བྱས་ན། །མངོན་མཐོ་ངེས་ལེགས་འབྱུང་བར་འགྱུར་ཞེས་གསུངས་སོ། །དེ་དག་གིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། སྔོན་དུ་བསྙེན་པ་རྫོགས་ནས་སྟ་གོན་ལ་གནས་པས་སའི་ཆོ་གས ་དཀྱིལ་འཁོར་འབྱོར་བའི་བྱེ་བྲག་གིས་བྲིས་ཏེ་བུམ་པ་དགོད་ཅིང་ལྷར་བསྐྱེད་ལ་སྔགས་དང་ཏིང་ངེ་འཛིན་དང་ལྡན་པས་བཟླས་ཏེ་ཁྲུས་ཀྱི་མན་ངག་བཞིན་བྱ་བ་དང། བསྲུང་བ་དང་བཀྲུ་བ་ལ་སོགས་པ་བྱས་ཏེ་འབྱོར་པ་ཆུང་བས་དཔའ་བོ་གཅིག་པ ་བརྟག་པར་བྱའོ། ཞེས་དགོངས་སོ། །རྫོགས་པ་ནི་ཐོབ་པ་སྟེ་རྒྱུད་ཆེན་པོ་ནས་ཕྱུང་ཞེས་པའོ། །འདི་ལྟར་རྡོ་རྗེའི་གདམས་ངག་འདི། །ང་ཡིས་སྔོན་དུ་དོན་མཐོང་གིས། །ཐེ་ཚོམ་མེད་པར་སྒྲུབས་ཤིག་དང། །དཔག་མེད་བསམ་པ་རྫོགས་པར་བྱེད། །ལྷ་དང ་བླ་མས་བསྐུལ་བའི་ཕྱིར། །འགྲེལ་པ་དྲི་མ་མེད་པ་འདི། །སངས་རྒྱས་སྤས་པས་བྱས་པ་སྟེ། །འདི་ཡིས་ཀུན་ཀྱང་དེ་གྲོལ་ཤོག་།འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་འགྲེལ་པ་རིན་པོ་ཆེ་གསར་བ་ཞེས་བྱ་བ། བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང ་པས་མཛེད་པ་རྫོགས་སོ།། །།མཁན་པོ་དེ་ཉིད་དང། ལོ་ཙ་བ་དཔའ་མཉྫུ་ཤྲཱི་ཝརྨམས་བསྒྱུར་བའོ། །ཕྱིས་པཎྜི་ཏ་ཛནྟེ་ཏ་དུ་ལ་དང། ལོ་ཙ་བ་འོག་བསོད་ནམས་མེས་པས་བསྒྱུར་ཅིང་ཡང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་