| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བཱཧཡ་ཨནྟ་བོདྷི་ཙིཏྟ་བནདྷ་ནཱ་མ། བོད་སྐད་དུ། ཕྱི་ནང་བྱང་ཆུབ་སེམས་བཅིང་པའི་མན་ངག་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ལྷན་ཅིག་སྐྱེས་ཏེ་མུན་བས་བསྒྲིབས། །ཀུན་ཏུ་སྐྱེ་བའི་ཉམས་ལེན ་ནི། །བདག་གིས་འདི་རུ་བཤད་པར་བྱ། །སྤྱི་བོའི་གཙུག་ནས་བོ་ལའི་བར། །སྣ་ཚོགས་རྩ་ནི་བསྒོམ་པར་བྱ། །དེ་ནས་བདེ་ཆེན་འཁོར་ལོ་རུ། །སྒོ་ངའི་ཁོག་པ་ལྟ་བུ་ཡི། །བྱང་ཆུབ་སེམས་ལ་སེམས་གཏད་ནས། །བོ་ལའི་རྩ་ལ་རྒྱལ་པོ་ཙམ། །གསལ་ལ་སྲན་རྡོག་ཙམ་དུ་བསྒོམ།། ་བདེ་ཆེན་སྒོ་ངའི་རྩེ་ལ་ནི། །བྱང་ཆུབ་སེམས་ནི་འཇིག་པར་བྱ། །ལྟེ་བའི་བར་དུ་རྣལ་འབྱོར་ཀྱེ། །གཉིས་མེད་བདུད་རྩིས་བཀང་བྱས་ནས། །ཤེས་པ་བདེ་བའི་མཆོག་ཏུ་འགྱུར། །སྒོམ་པའི་སྤྱོད་ཡུལ་ཕར་མི་སྤྲོ། །སེམས་ནི་ཚུར་ལ་བཀུག་མི་བྱ། །དཔེར་ན་སྤྲུལ ་གྱི་མདུད་པ་བཞིན། །སེམས་ནི་རང་གྲོལ་གནས་པ་སྟེ། །དངོས་པོའི་བྱ་བ་བྲལ་འགྱུར་བ། །རྣལ་འབྱོར་ཡིད་ཀྱི་ཞེན་པ་མཆོད། །མི་ནཱ་བདག་གིས་རྟོགས་པས་གྲོལ། །བྱང་ཆུབ་ཀྱི་སེམས་བཅིང་བའི་མན་ངག་ཅེས་བྱ་བ། སློབ་དཔོན་མི་ན་བས་མཛད་པ་རྫོགས་ཤོ།། །། ་