| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་སྱ། བཛྲ་པ་དོ་དྡྷ་ར་ཎ་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་དགྱེས ་པའི་རྡོ་རྗེའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་བར་མི་གནས ་འཁོར་བར་རྒྱུ་ལ་ཕྱག་འཚལ་ལོ། །འཇིགས་པ་ཞི་མཛད་འཇིགས་པ་བསྐྱེད་ལ་ཕྱག་འཚལ་ལོ། །ཆགས་བྲལ་འདོད་ཆགས ་བདག་ལ་ཕྱག་འཚལ་ལོ། །མུན་སེལ་མུན་ནག་འདྲ་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་བློ་དགེ་འཇུག་དང། ། ་མཚུངས་མེད་ཤེས་རབ་སྐྱབས་དང་ལྡན་གྱུར་པའི། །འཁོར་བ་བླ་མར་གྱུར་པ་ཇི་སྙེད་པའི། །ཞབས་རྡུལ་སྤྱི་བོའི ་གཙུག་གིས་གུས་བླངས་ནས། །དཔལ་ལྡན་རྒྱུད་རྒྱལ་དགྱེས་པའི་རྡོ་རྗེ་འདིའི། །རྡོ་རྗེའི་ཚིིག་རྣམས་མཁས་པས་སྦས་པ་རྣམས། ། ་སྒྲ་བཞིན་པ་ལ་ཞེན་པ་བཟློག་པའི་ཕྱིར། །བདག་གིས་ཅུང་ཟད་གསལ་བར་བཏུ་བར་བྱ། །འདི་ལྟར་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱིས་ངའི་གསུང་རབ་རྣམས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་གླེང་གཞི་དང་ལྡན ་པར་བསྡུས་ཤིག་ཅེས་གསུངས་པས། དེའི་ཕྱིར་ཡང་དག་པར་བསྡུས་པ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་འདིར་གླེང་གཞི་ཉེ་བར་དགོད ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། ཞེས་བྱ་བ་དང་པོར་བཀོད་པའི། འདིར་ཡང་དང་པོར་ཕུན་སུམ་ཚོགས་པ་བརྗོད་པར་བྱེད་པ་ཐུན ་མོང་གི་ལུགས་ཀྱི་བཤད་པར་བྱ་སྟེ། དེ་ལ་འདི་སྐད་ཅེས་བྱ་བ་ནི་དྲིས་པའི་ཚིག་གི་ལན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ ་རྡོ་རྗེའི་སྙིང་པོ་ལ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཇི་ལྟར་ཐོས་པ་ལྟར་སྨྲོས་ཤིག་ཅེས་དྲིས་པ་དང་དེས་བདག་གིས་འཆད་པར་བྱེད་པ་འདི་སྐད་བཅོཾ ་ལྡན་འདས་ལས་ཐོས་སོ། །ཞེས་ལན་བཏབ་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བ་ནི་འདི་སྐད་ཐོས་པ་དེ་ཉིད་མངོན་དུ་ཐོས་ཀྱི་གཅིག་ནས་གཅིག་ཏུ ་བརྒྱུད་པ་ལས་ནི་མ་ཡིན་ནོ་ཞེས་བསྟན་པའོ། །ཐོས་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་ཡུལ་དུ་བྱས་པའོ། །འདིས་ན་མངོན་སུམ་དུ་བྱས་པར་ཁས་མི ་ལེན་ཏེ། དེ་ནི་ཐམས་ཅད་མཁྱེན་པ་དེ་ཁོ་ནའི་ཡུལ་ཡིན་པའི་ཕྱིར་རོ། །དུས་གཅིག་ན་ཞེས་བྱ་བ་ནི། དུས་ཡང་དང་ཡང་དུ་འདི་མཉན་པ་མ་ཡིན་གྱི། དུས་གཞན་དུ་ནི ་གཞན་ཐོས་ལ། དུས་གཅིག་ན་ནི་འདི་ཐོས་ཞེས་བསམ་པའོ། །དེ་བླ་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱ་བའི་ཚིག་འདི་རྣམས་རིམ་པ་བཞིན ་དུ། གྱ་ཚོམ་དུ་མི་འཇུག་པ་དང། ལེགས་པར་གཟུང་བ་དང། སྟོན་པའི་མངོན་སུམ་དུ་སློབ་མ་ཡིན་པ་དང། ཐོས་པ་མང་པོའི་ཡོན་ཏན་རྣམ་པ་བཞིས། སྡུད་པ ་པོ་ཕུན་སུམ་ཚོགས་པ་བསྟན་ཏོ། །དུས་ཕུན་སུམ་ཚོགས་པ་བསྟན་པ་དུས་གཅིག་ན་ཞེས་སྨོས་པ་ཉིད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ལོ་བརྒྱད་ཅུར་འཛམ་བུའི་གླིང་དུ་བཞུགས་པ་དེ་སྲིད ་ལ་རྒྱུད་རིན་པོ་ཆེ་འདི་ནི་ཡང་ནས་ཡང་དུ་མ་གསུངས་ཀྱི། དུས་གཅིག་ན། ལན་ཅིག་གསུངས་པ་ཁོ་ན་སྟེ། དེ་བས་ན་འདིའི་དུས་ན་དུས་གཞན་པས་ཁྱད་པར་འཕགས་པ་དེ་ཁོ་ནའོ། །དེ་བཞིན་དུ་འདིས ་ནི་རྙེད་དཀའ་བའི་ཕྱིར་བསྟན་པའི་བདག་ཉིད་ཕུན་སུམ་ཚོགས་པར་ཡང་ལེགས་པར་བརྗོད་པའོ། །དེ་ལྟར་ཡང། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུ་མྦ་རའི་མེ་ཏོག་བཞིན། །རྒྱ་ལམ ་ན་ནི་ལན་འགའ་ཞིག་།འབྱུང་འགྱུར་ན་ཡང་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་བྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་གསུངས་སོ། །སྟོན་པ་ཕུན་སུམ་ཚོགས་པ་བརྙད་པར ་བཅོམ་ལྡན་འདས་ཞེས་སྨོས་ཏེ། བདུད་བཞིའི་དགྲ་བཅོམ་པའི་ཕྱིར། མཛད་པའི་ངེས་པའི་ཚིག་གི་ཚུལ་གྱིས། བཅོམ་ལྡན་འདས་ཏེ་ངེས་སོ། །ཡང་ན་ཉོན་མོངས་པ་འཇོམས་པའི་དོན་གྱིས་ཤེས ་རབ་ནི་བཅོམ་པའི་སྒྲས་བསྟན་ལ། དེ་དང་བཅས་པས་བཅོམ་ལྡན་འདས་སོ། །ཡང་ན་འཇིགས་པ་བྲལ་བས་ནི། བཅོམ་ལྡན་འདས་ཏེ། ཇི་ལྟར་འཕགས་པ་ཕྱིར་མི་ལྡོག ་པའི་འཁོར་ལོ་ཞེས་བྱ་བ་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ནི། ལུས་ཅན་དག་ལ་རབ་སྟོན་ཀྱང། །འདི་ལ་འཇིགས་པ་མི་མངའ་བས། །དེའི་ཕྱིར ་བཅོམ་ལྡན་འདས་ཞེས་བཤད། །ཅེས་གསུངས་པ་ལྟ་བུའོ། །ཡང་ན་ཡོན་ཏན་མཛའ་ཡས་པ་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཏེ། དེ་ཉིད་ནི་འདི་ཉིད་ལས། ཡོན་ཏན་དྲུག་ཅེས ་བཤད་པ་ནི། །དབང་སོགས་ཡོན་ཏན་མཛའ་དག་གོ་།ཞེས་འཆད་པར་མཛད་དོ། །ཡང་ན་སྲིད་པ་རང་མྱ་ངན་ལས་འདས་པ་བྲལ་བས་བཅོམ་ལྡན་འདས་ཏེ། རྟག་པ་མི་གནས་པ་མྱ་ངན་ལས་འདས? ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་དག་ནི་རྣམ་གྲངས་ཀྱིས་རབ་ཏུ་སྦྱོར་བས་ཡིན་གྱིས། ཐེ་ཚོམ་གྱིས་སྦྱོར་བས་ནི་མ་ཡིན་ནོ། །འཁོར་ཕུན་སུམ་ཚོགས་པར་བརྗོད་པར ་དེ་བཞིན་གཤེགས་པ་ཐམས་ཅད་དང། སྐུ་དང་གསུང་དང། ཐུགས་དང། རྡོ་རྗེ་བཙུན་མོ་རྣམས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་འཁོར ་རྣམ་པར་སྣང་མཛད་ལ་སོགས་པར། དེ་བཞིན་གཤེགས་པ་ཐམས་ཅད་དང། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱི་བསྡུས་པ་སྐུ་དང། ་གསུང་དང། ཐུགས་རྡོ་རྗེའི་བྱང་ཆུབ་སེམས་དཔའ་རྣམས་དང། བདག་མེད་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་བཙུན་མོ་རྣམས་དང། ཐབས་གཅིག་ཏུ་ཐོས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འཇིག་རྟེན་པའི་འཁོར་རྣམས་དང་ཡང་སྟེ། དེ ་ལྟར་ཡང་རྒྱུད་འདི་ཉིད་ཀྱ་བརྟག་པ་སུམ་ཅུ་རྩ་གཉིས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། རྗེ་སུ་ཡི་རང་བརྗོད་པ་ལས། ལྷ་ལ་སོགས་པའི་འཁོར་སྨོས་པའི་ཕྱིར་རོ། དེ་ལྟར་ཅིའི་ཕྱིར་དང་པོར་མ་བྱས་ཤེ་ན། འདིའི་ཟླས་གྲུབ་པའི་ཕྱིར་མི་དགོས་ཏེ། དེས་པར་འདུ་བར ་ཟླའི་སྒོ་ནས་རྟོག་པར་འགྱུར་བ་ཁོ་ནའོ། །གནས་ཕུན་སུམ་ཚོགས་པ་གསལ་བར་བྱ་བའི་ཕྱིར། །བྷ་ག་ཞེས་བྱ་བ་སྨོས་ཏེ། ཡཻས་ཀྱི་བདག་ཉིད་ཀྱི་ཕྱིར་བེམས་པོ་མ་ཡིན་པའི་ཁད་པ་བརྩེགས་པ། གྲུ་བཞི་སྒོ་བཞི་པ་འཇིག་རྟེན་ལས་འདས་པའི་རྐྱེན་གྱིས ་ཁྱད་པར་གྱི་སྤྲས་པ། ཚད་མེད་པའི་བསོད་ནམས་ཀྱིས་རྒྱུ་ལས་བྱུང་བ་དེ་ནི་བྷ་ག་སྟེ་དེ་ནའོ། །འདི་ཉིད་གདན་ཞེ་ན། གར་དག་སྐལ་པ་དང་ལྡན་པ་དེ་དག་ལ་ནི་རྒྱལ་པོའི་ཁབ་ལ་སོགས་པ་ཐ་མལ་པའི་གནས་འདི་དག་ཉིད་དེ་ལྟར་སྣང་བའོ། །ཁ་གཅིག་ན་རེ་འདོད ་ཆགས་དང་བཅས་པའི་ལམ་ནི་གཞན་འཕྲུལ་དབང་བྱེད་ཀྱིས་གནས་སུ་བཤད་དོ། །ཞེས་ཟེར་ལ་དེ་ཉིད་ཀྱི་ཕྱིར་རི་རབ་རིའི་རྩེ་མོ་ཁང་བུ་བརྩེགས་པའི་གཞལ་ཡས་ཁང་ན་བྷ་ག་སྟེ་དེར་ཞེས་སོ། །ཁ་གཅིག་ན་རེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འདི ་གསུངས་ལ། དེ་ཡང་གཟུགས་ཀྱི་རྩེ་མོ་འོག་མིན་ན་གནས་པས། གཞི་ཚད་མེད་པ་ཐམས་ཅད་ཀུན་ཏུ་སོན་པ། མཛའ་དེ་བཞིན་གཤེགས་པའི་ཡུལ་དུ་གྱུར་པ་སྟུག་པོ་བཀོད་པའི་ཞིང་ཁམས་ཁོ་ན་བྷ་ག་སྟེ་དེར་ཞེས་སོ། །བཞུགས་ཏེ་ཞེས་བྱ་བ་ནི ་གདུལ་བྱ་རྣམས་ཀྱི་ཡུལ་དང་མཐུན་པར་སྤྱོད་ལམ་བཞི་དང་ལྡན་པར་བཞུགས་པའོ། །དེ་ལྟར་ན་འདི་སྐད་བདག་གིས་ཐོས་པ་ཞེས་པས་ནས། བཞུགས་ཏེ་ཞེས་པའི་བར་གྱིས་རྒྱུད་ཀྱི་རྒྱལ་པོ་འདིའི་ཕུན་སུམ་ཚོགས་པ་རྣམ་པ་དྲུག་ལགས ་པར་གསུངས་པ་ལོ། ད་ནི་རྒྱུད་ཀྱི་གླེང་གཞི་སྡུད་པ་པོ་ཕུན་སུམ་ཚོགས་པར་བསྟན་པའི་སྒོ་ནས་བཤད་དེ། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་སྐུ་དང། གསུང་དང། ཐུགས་ནི ་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་རྣམས་ཉིད་འདི་ལྟར་གདུལ་བྱའི་དབང་གིས་བཙུན་མོར་གྱུར་པའོ། །དེ་རྣམས་ཀྱི་བྷ་ག་ནི་བླ་མའི་ཡང་བླ་མའི་ཆོས་བསྟན་པ་དང་མཐུན་པའི་ཆོས་ཁང་པ་བརྩེགས་པ་སྟེ་དེ་ལའོ། །བཞུགས་ཏེ་ཞེས་པ་ནི་སྡམ་བཞིན་ནོ། །སུ་བཞུགས ་ཤེན། བཅོམ་ལྡན་འདས་ཏེ་སྔ་མ་བཞིན་ནོ། ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེན། དེའི་ཕྱིར་འདི་སྐད་བདག་གིས་ཞེས་པ་སྟེ། ཚད་མེད་པ་བཞི་པོ་དང་ངོ། །ཐོས་པ་ནི་ལྡན་པར་འགྱུར་བའོ། །དུས་གཅིག་ན་ནི་སྐད་ཅིག་གཅིག་ལའོ། །དེ་བས་ན་འདི་སྐད་དུ་ཚད་མེད་པ ་བཞི་དད་ལྡན་པར་གྱུར་པའི་བཅོམ་ལྡན་འདས་བཙུན་མོའི་བྷ་ག་ལ་བཞུགས་པ་དེ་སྡུད་པ་པོས་སྐད་ཅིག་གིས་མངོན་དུ་བྱས་ནས་ཡང་དག་པར་སྡུད་པ་པོ་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པར་ཁས་བླངས་པའོ། །ཞེས་བསྟན་པར་འགྱུར་རོ། །ད་ནི ་རྒྱུད་ཀྱི་གླེང་གཞི་སྐྱེ་པོ་འདོད་ཆགས་ཅན་དགའ་བར་བྱེད་པའི་ཚུལ་གཉིས་པ་བརྗོད་དེ། དེ་ལ་འདི་སྐད་ནི། སྟོན་པ་སུམ་ཅུ་རྩ་གཉིས་མཚན་གཙོ་བོ་དཔེ་བྱད་བརྒྱ་དཅུའི་སྐུ། ཞེས་པའོ། །བདག་གིས་ནི་འདོད་ཆགས་དང་བཅས་པའི་སེམས་ཀྱིས་སོ། །ཐོས ་པ་ནི་བསྟོན་པའོ། །དུས་གཅིག་ན་ནི་སྐབས་གཅིག་ནའོ། བཅོམ་ལྡན་འདས་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མེ་ཏོག་ཀུན་ད་ལྟ་བུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང ་དད་རྡ་ཐུགས་དེ་རྣམས་ཉིད་རྣམ་པར་མི་རྟོག་པ་ཏིང་ངེ་འཛིན་གྱི་ཚུལ་གྱིས་རྡོ་རྗེའོ། །ཡང་དེ་རྣམས་ཉིད་འདོད་ཆགས་ཆེན་པོས་འདུལ་བའི་དབང་གིས། བཙུན་མོར་གྱུར་པའོ། །དེ་རྣམས་ཀྱིས་བྷ་ག་ནི་ཡི་གེ་ཨེ་འདྲ་སྟེ། དེ་ལ་གནས་པའི་ཁང་པ་བརྩེགས?? ་པ་རྣམས་ལའོ། །བཞུགས་ཏེ་ཞེས་པ་རྣམ་པ་གཉིས་མ་སྤངས་པས་གདུལ་བྱ་འདོད་ཆགས་ཆེན་པོས་འདུལ་བ་དང། རྗེས་སུ་མཐུན་པར་བཞུགས་པ་སྟེ། །འདི་ལྟར་སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུའི་སྐུ། །བཙུན་མོའི་བྷ་གྲ་བདེ ་ལྡན་ལ། །ཁུ་བའི་མིང་གིས་བཞུཌ་བར་འགྱུར། དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་ང་མེད་འགྱུར། །ཞེས་གསུངས་པཱི་ཕྱིར་རོ། ད་ནི་རྒྱུད་ཀྱི་གླེང་གཞི་སྟོན་པ་ཕུན་སུམ་ཚོགས་པ་བརྗོད་པས་ཀྱང་བཤད་དེ། །འདི་ལྟར་འདི་སྐད་ནི་ཆོས་ཀྱི་སྐུའོ། །བདག་གིས་ནི་ལོངས ་སྤྱོད་རྫོགས་པའི་སྐུའོ། །ཐོས་པ་ནི་སྤྲུལ་པའི་སྐུའོ། །དུས་གཅིག་ན་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐུ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །འདིར་གསུངས་པ། །འཆད་པ་པོ་སྟེང ་ཡི་ཆོས། །རང་ཡོན་ལྡན་པས་ཉན་པ་ད་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེའི་བཙུན་མོ་ནི་སྔམ་བཞིན་ནོ། །དེའི་བྷ་ག་ལ་ཞེས་པ་ནི་འདི་སྐད་དུ། རྡོ་རྗེ་བཙུན་མོ་དམ་པ་ཡི། བྷ་ག་ཡི་གེ་ཨེ་གཟུགས ་འདྲ། །སངས་རྒྱས་རིན་ཆེན་ཟ་མ་རྟོག། བདེ་ལྡན་ང་ཡི་གཙུག་ལག་ཁང་ཞེས་གསུངས་པའི་དོན་ནོ། །བཞུགས་ཏེ། ཞེས་པ་ནི་འཁོར་རྣམ་པ་གསུམ་གྱིས་ཡིད་དང་མཐུན་པར་རོ། །འདི་དག་ནི་རྒྱུད་ཀྱི་གླེང་གཞི་རྣམ་པར་བཤད་པ་གཞིར ་བྱས་པའོ། །གླེང་གཞི་དེ་ལྟ་བུ་དང་ལྡན་པའི་རྒྱུད་འདིའི་དགོས་པ་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གཞུང་འདི་ནི་རྗོད་པར་བྱེད་པའོ། དེས་ཡང་དག་པར་བསྟན་པར་བྱ་བའི་དོན་གྱི་ཚོགས ་མ་ལུས་པ་ནི་བརྗོད་པར་བྱ་བའོ། །འདི་དག་རྒྱུ་དང་འབྲས་བུར་གནས་པ་ནི་འབྲེལ་པ་ཞེས་པ་སྟེ། ཕན་ཚུན་རག་ལས་པའི་ཕྱིར་རོ། །འདི་དག་ལ་རྟེན་ཏེ་ལེགས་པར་རྟོགས་པ་སྔོན་དུ་སོང་བས། སྐུ་གསུམ་གྱི་མཐར་ཐུག་པ་གྲུབ་པའི་བར་ན་དགོས་པའོ། ། ་འཁོར་ཇི་སྲིད་དུ་གཞན་གྱི་དོན་འབྱུང་བ་ནི་འདིར་དགོས་པའི་ཡང་དགོས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། དེ་ལྟར་ཡང་གསུངས་པ། གཞན་དོན་ཕུན་སུམ་སངས་རྒྱས་ཀྱི། །འབྲས་བུའི་གཙོ་བོར་བཤད་པ་སྟེ། སངས ་རྒྱས་ཉིད་སོགས་དེ་ལས་ཡང། །དེ་ཡི་དོན་གྱི་འབྲས་བུར་བརྗོད་ཅེས་སོ། །འདི་ནི་དགོས་པ་ལ་སོགས་པ་བརྗོད་པའོ།། །།ད་ནི་ལེའུ་དང་པོའི་རྡོ་རྗེའི་ཚིག་བཏུ་བར་བྱ་སྟེ། །ལུས་སུ་གནས་དང་ཡེ་ཤེས་ཆེ། །རྟོག་པ་ཐམས་ཅད་སྤངས་པ་ཡིས། ་དངོས་པོ་ཀུན་ལ་ཁྱབ་བྱེད་དེ། །ལུས་སུ་གནས་ཀྱང་ལུས་མི་སྐྱེ། ཞེས་བྱ་བ་ལ། ལུས་སུ་གནས་དང་ཞེས་པ་དམིགས་པ་དང་བཅས་པ་དེ་བཞིན་གཤེགས་པར་དབུགས་དབྱུང་པའོ། །ཡེ་ཤེས་ཆེ་ཞེས་པ་ནི་དམིགས་པ་མེད་པར་རྡོ་རྗེ་འཆང ་ཆེན་པོར་དབུགས་དབྱུང་བའོ། །རྟོག་པ་ཐམས་ཅད་སྤངས་པ་ཡི་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཏི་ངེ་འཛིན་གྱི་ཚུལ་གྱིས་སོ། །དངོས་པོ་ཀུན་ལ་ཁྱབ་བྱེད་དེ་ཞེས་པ་ནི་ཐམས་ཅད་ནི་འགྲོ་བའི་དོན་བྱེད་པའོ། །ལུས་སུ་གནས་ཀྱང་ཞེས་བྱ་བ ་ནི། ཆོས་དང་པོ་ལོངས་སྤྱོད་དང་སྤྲུལ་པའི་བསྐུར་བཅས་ཀྱང་ངོ། །ལུས་མི་སྐྱེ་ཞེས་པ་ནི་དེ་ལས་གཞན་པའི་ལུས་ལས་མའི་བྱུང་ཞེས་བྱའོ། །འདི་སྐད་དུ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམ་པར་མི ་རྟོག་པའི་ཚུལ་གྱིས་འགྲོ་བའི་བདེ་བ་ལ་སྤྱོད་པ་ནི་སྐུ་གསུམ་ལ་གནས་པ་སྟེ། །དེའི་ཕྱིར་ལུས་གཞན་ལས་དེ་འབྱུང་གི་།བདག་ཉིད་ཀྱི་སེམས་ཀྱི་རྒྱུའོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་ལུས་སུ་གནས་དང་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན ་གཟུགས་ཀྱི་སྐུའི་ངོ་བོའོ། །ཡེ་ཤེས་ཆེ་ཞེས་པ་ནི་མི་དམིགས་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །རྟོག་པ་ཐམས་ཅད་སྤངས་པ་ཡི་ཞེས་བྱ་བ་ནི། རྣམ་པར་རྟོག་པ་མ་ལུས་པ་ནུབ་པའི་རང་བཞིན་ནོ། །དངོས་པོ་ཀུན་ལ་ཁྱབ་བྱེད་དེ་ཞེས་པ ་ནི་ཐོག་མ་དང་ཐ་མ་མེད་ཅིང་མི་ཉམ་པ་དང་མཉམ་པ་ནམ་མཁའ་ལྟ་བུས་ཆོས་ཐམས་ཅད་ལ་ཁྱབ་པར་བྱེད་པ་མཆོག་ཏུ་ཟབ་བའི་རང་བཞིན་ཆོས་ཀྱི་སྐུའོ། །ལུས་སུ་གནས་ཀྱང་ཞེས་པ་ནི་ལུས་ཀྱི་རྣམ་པ་ཡིན་ཡང་ངོ། །ལུས་མི་སྐྱེ་ཞེས་བྱ་བ་ནི། ་ལུས་དེ་ཡང་ལུས་ཀྱི་ཤེས་པར་མི་བྱེད་ཅེས་པའོ། །འདི་སྐད་བསྟན་ཏེ། གཟུགས་ཀྱི་སྐུ་དང། ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ནི། སྐུ་གསུམ་གྱི་མཆོག་གི་རྣམ་པ་ཡིན་མོད་ཀྱི། དེ་ལྟར་ལུས་ཅན་དུ་འབྱུང་བ་མ་ཡིན་ནོ། །སྨེ་ཤ་ལྟ་བར་འབར ་པ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང། །སྤྱན་མ་ལ་སོགས་བསྲེགས་པ་དང། །ཧཾ་ལས་ཟླ་བ་འབབ་པའོ། །ཞེས་བྱ་བ་ལ། སྨེ་ཤ་ཞེས་བྱ་བ་ནི། རེག་པར་བྱ་བ་མ་ཡིན་པ་ཡི་གེ་ཨོཾ་གྱི་གཟུགས་ཅན་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་རང་བཞིན་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་རེག་པར་མི་ནུས་པའོ། །དེ་ཡང་འབར་བ་དང། མཆེད་པ་དང། དྲོ་བ་དང། དུ་བར་འཐིབས་པ་དང། གསལ་བ་ལ་སོགས་པའི་གཟུགས་ཀྱིས་གནས་པའོ། །ལྟེ་བར་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོའི ་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨའི་ལྟེ་བར་རོ། །འབར་བ་ཡི་ཞེས་བྱ་བ་ནི། འབུད་པ་དང། འབར་བས་སྦར་ཏེ། མར་མེའི་རྩེ་མོ་ལྟ་བུར་ཨ་བ་དྷཱུ་ཏིའི་རྩའི་ལམ་ནས་སོང་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ཞེས་བྱ་བ་ནི། དེ་ནས་སྙིང་ཁར ་གནས་པའི་ཆོས་ཀྱི་འཁོར་ལོ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུཾ་དང། འདབ་མ་བཞི་ལ་ས་བོན་བཞི་གནས་བ་རྣམས་ལེགས་པར་བསྲེགས་པའོ། །སྤྱན་མ་ལ་སོགས་པ་བསྲེགས་པ་དང་ཞེས་བྱ་བ་ནི། འཁོར་ལོ་དེ་ཉིད་ཀྱི་མཚམས་ཀྱི་འདབ་མ ་བཞི་ལ་ས་བོན་བཞི་གནས་པ་ལེགས་པར་བསྲེགས་པའོ། །དེ་བས་ན་ཕུང་པོ་ལྔ་དང། ཁམས་བཞིའི་བདག་ཉིད་སངས་རྒྱས་ལྔ་དང། །ལྷ་མོ་བཞིའི་རྣམ་པར་རྟོག་པའི་བདག་ཉིད་རྣམས་བསྲེགས་པས། སྣང་བ་མེད་པ་ལ་འཇུག་པར་འགྱུར་རོ། །དེ་ནས ་ཡང་བར་ཆད་མེད་པར་མཚན་མ་དང་བཅས་པར་ལངས་ཏེ། ལོངས་སྤྱོད་ཀྱི་འཁོར་ལོར་སོང་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གནས་སོ། །དེའི་འོག་ཏུ་བདེ་བ་ཆེན་པོའི་གནས་སུ་སོང་ནས་རྣམ་པར་རྟོག་པ་མ་ལུས་པ་ནི་བདག་གིས་བསྲེག ་སོ་ཞེས་སམས་པས། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པས་མ་ལུས་བས་མི་གོས་པས། སྟོབས་དང་མི་འཇིགས་པ་དང། ཆོས་མ་འདྲེས་པའི་རང་བཞིན་གྱི་ཟླ་བའི་ཐིག་ལེ་སུམ་ཅུ་རྩ་གཉིས་ནས་བབ་ནས། སྤྲུལ་པའི་འཁོར་ལོར་འཛག་པའོ། །དེ་བས་ཧཾ་བསྲེགས ་ཟླ་བ་འབབ་པའོ། །ཞེས་གསུངས་པ་སྟེ། འདིར་ཧཾ་བསྲེགས་པ་ཞེས་པ་ནི་བསྲེག་པ་ཡིན་ཏེ། གཞན་དུ་ན་བྱང་ཆུབ་སེམས་བབ་པའི་གཞི་མི་འབྱུང་བའི་ཕྱིར་རོ། །འདི་ལ་མན་ངག་ནི། བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་རྐང་པའི་མཐིལ་དག་ནི ་གསང་བའི་གནས་ཀྱི་མཐར་ཐུག་པར་རླུང་གི་དཀྱིལ་འཁོར་དུ་རྣམ་པར་བསམས་ལ། དེ་ནས་ཡང་གསང་བའི་གནས་ཉེ་འཁོར་དང་བཅས་པ་མE་དི་ཀྱོར?་གྲུ་གསུཾ་དུ་བྱས་ཏེ། དེ་ཡང་ཨ་བ་དྷཱུ་ཏིའི་རྩའི་ལཾ་ནས་སོང་སྟེ་སྙིང་ག་ཆོས་ཀྱི་འཁཽར་པདྨ་འདབ་མ་བརྒྱད་པ་མ་ལུས ་པར་བསྲེགས་ཏེ། སྣང་བ་མེད་པཱི་ཡིས་ལ་འཇུག་པའོ། །དེ་ནས་ཡང་སླར་འོད་ཟེར་གྱིས་གཟུགས་ཀྱིས་ལམ་དེ་ཉིད་ནས་བྱུང་སྟེ། མགྲིན་པར་སོན་པ་དང། ལོངས་སྤྱོད་ཀྱི་འཁོར་ལོ་ལ་ལོང་སྤྱོད་རྫོགས་པའི་སྐུ་ཡིས་གནས་སོ། །དེ་ནས་ཡང་སླར་ལོངས ་སྤྱོད་རྫོགས་པའི་སྐུ་དོར་ནས། །འོད་ཟེར་གྱིས་གཟུགས་ཀྱིས་ལམ་དེ་ཉིད་ནས་བྱུང་སྟེ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོར་སོང་ནས་ཡི་གེ་ཧཾ་དཀར་པོ་ཁ་སྤུབས་པར་གནས་པ་ལ་རེག་པས་དྲ་བར་བྱས་ཏེ། སླར་འོག་ཏུ་ཐིམ་པའི་ཚུལ་གྱིས་སོང་བ་དང། ་དེ་ནས་ཧཾ་ལས་ཁུ་འཕང་གི་རི་ལུ་ལྟ་བུར་ཟླ་བ་འབབ་པས་འཁོར་ལོའི་གནས་རྣམས་སུ་སོང་སྟེ། ཆོས་ཀྱི་འཁོར་ལོ་ཡང་བསྤུབས་ནས། སྤྲུལ་པའི་འཁོར་ལོར་སོད་བ་དང། སླར་གྱེན་དུ་དང་པའི་གནས་ཀྱི་མཐར་ཐུག་པར་འཕངས་ཏེ། དེ་ནས་སླར་ ་ཡང་བབས་པའི་རིམ་པ་ཡིས་གང་གིས་ཚེ་མངོན་སུམ་གྱུར་གྱི་བར་དུའོ། །དེ་ནས་སྣང་བ་མེད་པ་ལ་འཇུག་པར་འགྱུར་བའོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། རྟོག་པ་དང་པོའི་ལེའུ་བརྒྱད་པ་ལས། གང་གིས་དགྱེས་རྡོར་མི་ཤེས་པ། ཁ་དེའི ་རྩེ་མོར་གནས་པ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་ལ་བརྟེན་པ་ཨཾ་གི་ཡི་གེ་འོད་ཟེར་ཁ་དོག་ལྔ་པ་བལྟས་ཏེ། དེ་ནས་རླུང་གི་དཀྱིལ་འཁོར་ནས་རླུང་ལངས་པས། མེའི་དཀྱིལ་འཁོར་འབར་བར་གྱུར་པ་དང། ཡི་གེ་ཨཾ་ལས་མར ་མེའི་རྩེ་མོ་ལྟ་བུའི་འོད་བྱུང་སྟེ། །ཆུ་བོའི་རྒྱུ་ནི་འཐབ་པ་དང། །མར་མེའི་སྣང་བ་འབྲེལ་བ་བཞིན། །ངལ་པ་འབྲས་བུ་མེད་པས་ན། །རྟག་ཏུ་དེ་ཉིད་སྤྱོར་བ་ཡིས། །ཉིན་དང་མཚན་དུ་གནས་པར་བྱ། ཞེས་གསུངས་ལ། དེ་བཞིན་དུ་བརྟགས་པ ་གཉིས་པའི་ལེའུ་བཞི་པ་ལས་ཀྱང། ལྟེ་བའི་དཀྱིལ་འཁོར་ལ་གནས་པ། །དབྱངས་ཡིག་དང་པོའི་ངོ་བོ་ཉིད། །བློ་ལྡན་མཁས་པས་དེར་བརྟག་གོ་།དེ་འདིར་བཅོམ་ལྡན་ཤེས་རབ་མ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །རིང་པོ་མ་ཡིན་ཐུང་དུ་མིན། གྲུ ་བཞི་མ་ཡིན་ཟླུམ་བུ་མིན། །བྲོ་བའི་རོ་དང་དྲི་མིན་ཏེ། །ལྷན་ཅིག་སྐྱེས་དགའ་བྱས་པ་ཡིས། །རྣལ་སྦྱོར་པ་ཡིས་དེ་བསྐྱེད་ལ། དེ་ཡི་བདེ་བ་སྤྱད་པྲ་བྱ། ཕྱག་རྒྱ་ཆེན་པོ་བདེ་སྦྱིན་པའི། །མདོས་གྲུབ་དེ་ཡི་ལྷན་ཅིག་འགྱུར། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་དེ་བཞིན ་འདིར། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡི། །ཤེས་རབ་ཏུ་ནི་ཉེ་བར་སྤྱད། །དེ་ནི་ལྷན་ཅིག་སྐྱེས་དགའ་དངོས། །དོ་འདིར་བདེ་ཆེན་རྣལ་འབྱོར་བཟང། །དེ་འདིར་དོ་དཀྱིལ་འཁོར་ལོ་དང། །ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །མེ་ལོང་ལྟ་བུའི་ཡེ་ཤེས་ཧེ། །མཉམ་པ་ཉིད་ཀྱི་ཡེ ་ཤེས་སོ། །སོ་སོར་རྟོག་པར་ཡང་དག་འགྱུར། །དེ་འདིར་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །དེ་འདིར་དཀྱིལ་འཁོར་བདག་པོར་གསུངས། །དེ་འདིའི་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །ཞེས་གསུངས་སོ། །དེ་ལ་འདིར་རྣལ ་འབྱོར་རྣམ་པ་གཉིས་ཀྱང་འདིའི་ཡན་ལག་ཡིན་ཏེ། འདི་ལྟ་སྟེ། ཤིན་ཏུ་སྤྲོས་པའི་ཡན་ལག་དང། མདོར་བསྡུས་པའི་ཡན་ལག་གོ་དེ་ལ་ཤིན་ཏུ་སྤྲོས་པའི་ཡན་ལག་ནི། རྗེ་བཙུན་ནག་པོའི་ཞལ་སྔ་ནས་ཀྱིས་རིམ་པ་བཞི་པར་གསམ ་བར་རབ་ཏུ་མཛད་དོ། །མདོར་བསྡུས་པའི་ཡན་ལག་འདིར་བརྗོད་དེ། ལུས་ལ་འཁོར་ལོ་བཞི་རྣམས་གནས། །སྤྲུལ་དང་ཆོས་དང་ལོངས་སྤྱོད་དང། །བདེ་བ་ཆེན་པོ་ཞེས་བྱའོ། །དེ་ལ་སྤྲུལ་དང་ལོངས་སྤྱོད་ནི། །ཤེས་རབ་རང་བཞིན་གྱེན་ཕྱོགས་ཤིང། །ལྟེ་བ་ཉི ་མས་རབ་བརྒྱུན་པ། །དྲུག་ཅུ་རྩ་བཞི་བརྒྱད་ཕྲག་གཉིས་འདི་གཉིས་འདབ་མར་ཤེས་པར་བྱ། །དེ་དག་དབུས་ནས་ཨི་དང་ཨོ། །འོད་ཟེར་གྱེན་དུ་རྒྱུ་བའོ། །དེ་བཞིན་ཚེས་དང་བདེ་ཆེན་ནི། །ཐབས་ཀྱི་རང་བཞིན་ཐུར་བལྟས་ལྡན། །འདི་དག་ལྟེ་བ་ཟླ་བས་བརྒྱན་།ཟླ ་དབུས་ཧཱུཾ་དང་ཧཾ་ལྡན་པའོ། །བརྒྱད་དང་སུམ་ཅུ་རྩ་གཉིས་ཀྱི། །འདབ་མས་འདི་གཉིས་མཛེས་པར་བྱས། །དེ་ནས་མཆོངས་དང་རེག་ལྡན་དང། །འཕྱང་དང་རབ་ལྡན་འབར་བ་དང། །སླར་ཡང་རབ་གནས་ཐིམ་པ་དང། །ཤེས་རབ་བཞི་ལ་གནས་པར་བསམ། །རིམ་པ ་དག་ནི་འདི་ཉིད་ཀྱིས། །གང་ཚེ་སེམས་ནི་བརྟན་གྱུར་དང། །སྣང་བ་མེད་ལ་འཇུག་པར་བྱ། །ཞེས་བྱ་བ་ནི་འདིའི་མན་ངག་གོ་།དེ་བཞིན་དུ། །ལྟ་བར་པདྨ་དམར་པོ་ནི། །རྣམ་རྒྱས་འདོང་མ་བཞི་པ་གཉིས། །གྱེན་དུ་ཕྱོགས་པའི་ལྟེ་བའི། །ཉི་མ་ཤེས་རབ་ཨི་གཟུགས ་མའོ། །འདི་ཡི་འདབ་མ་གཞན་ལ་ནི། །དབྱངས་ཀྱི་ཡི་གེ་བཅུ་བཞི་སྟེ། །འོག་དང་སྟེང་དང་མཚམས་སུ་ཡང། །བསམ་བྱ་དེ་རྣམས་འབར་བ་ཡིས། །པདྨའི་རྩ་བའི་སྐུང་པ་ལྟར། །ཤིན་ཏུ་པྲ་བའི་རི་མོ་རྣམས་སྐ?་བར་མེད་ཡིད་ཀྱིས་བྲིས་པ་རྣམས། །རྣལ་འབྱོར ་ཅན་གྱི་རྣམས་བསམས་ན། །ཉི་མ་དག་ནི་ཆུང?་ཤས་ཀྱིས། །མངོན་དུ་བྱེད་འགྱུར་འཁྲུ?་ལྔ་མེད། །ཅེས་བྱ་བ་འདི་ཡང་མདོར་བསྡུས་པའི་ཡན་ལག་གོ་།འདི་ལྟ་བུ་ལ་སོགས་པ་སྤྲོས་པ་དང་བཅས་པའི་རྫོགས་པའི་རིག་པ་རྣམས་ནི། སྤྲོས་པ་མེད་པའི ་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་བའི་དོན་ཁོ་ན་ཡིན་པར་ཤེས་པར་བྱའོ། །།ལེའུ་དང་པོའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ་ལྔ་པའི་རྡོ་རྗེའི་ཚིག་ལ་འཇུག་པར་བྱ་སྟེ། འདིར་ནི་མ་དང་སྲིང་མོ་སོགས། །རྣལ་འབྱོར་ལྡན་པས་རྟག་ཏུ་མཆོད། ཅེས་བྱ་བ ་ལ། འདིར་ནི་ཞེས་བྱ་ནི་གསང། བ་བླ་ན་མེད་པ་འདོད་ཆགས་དང་བཅས་པའི་ལམ་འདིར་རོ། །མ་དང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་གང་ཞིག་གི་རིག་མ་ཤེས་རབ་མར་བྱིན་གྱིས་བརླབས་པའོ། །སྲིང་མོ་སོགས་ཞེས་བྱ་བ་ལ། །སྲིང་མོ་ནི་གང་ཞིག་རང་དང་ན་ཚོང་མཚུང ་པའི་བུད་མེད་ལས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པའོ། །སོགས་ཞེས་བྱ་བ་ནི་བུ་མོ་དང། ཚ་མོ་ལ་སོགས་པ་གཟུང་བའི་ཕྱིར་རོ། །འདི་དག་ཀྱང་རང་པས་གཞོན་པ་ལ་སོགས་པ་ཕྱག་རྒྱག་རྒྱར་བྱིན་གྱིས་བརླབས་པ་ལ་བྱའི་སྒྲ་ཇི་བཞིན་པར་ནི་མ་ཡིན་ཏེ། རྒྱུད ་རྣམས་ལས་གསུངས་པའི་འཁྲུལ་པ་གསལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་ལ་ལར་གསུངས་པ། མ་དང་བུ་མོ་སྲིང་མོ་སོགས། །བགྲོང་བྱ་མིན་ལ་བགྲོད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེའི ་ཕྱིར་བརྟག་པ་གཉིས་པའི་ལེའུ་ལྔ་པ་ལས། མ་དང་བུ་མོ་སྲིང་མོ་དང། །ཚ་མོ་སྲུ་མོ་མེའུ་མོ་དང། །སྒྱུག་མོ་རང་གི་ནེ་ནེ་མོ། །རིག་མ་བརྒྱད་དུ་རྣམ་གྲགས་ཏེ། འོ་བྱེད་དམ་དུ་འཁྱུད་པ་ཡིས། །རྣལ་འབྱོར་བ་ཡིས་མཆོད་པར་བྱ། །ཞེས་གསུངས་པ་ཡང། དཀར ་མོ་དང། རྐུན་མོ་དང། རོ་ལངས་མ་ལ་སོགས་པ་བརྒྱད་དུ་བྱིན་གྱིས་བརླབས་པའི་རིག་མ་བརྒྱད་ལ་དགོངས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པའི་ལེའུ་བདུན་པ་ལས། གང་ཞིག་མདང་སྲིང་མོ་དང། །ཚ་མོ་དང་ནི་སྒྱུགས་མོ་ལ་འང། །ཚོགས་ཀྱི་འཁོར ་ལོའི་མཚད་ཆེན་པོ། །བྱས་ནས་དངོས་གྲུབ་ངེས་འཐོབ་པོ། །ཞེས་གསུངས་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་དེ་ལྟ་བར་བྱའི། །སྒྲ་ཇི་བཞིན་པ་ནི་མ་ཡིན་ནོ། །རྣལ་འབྱོར་ལྡན་པས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཏི་ངེ་འཛིན་རྡོ་རྗེ་དང ་པདྨ་བྱིན་གྱིས་བརླབས་པའི་མཐར་ཐུག་པ་ལ་གནས་པར་གྱུར་པའོ། །རྟག་ཏུ་མཆོད་ཅེས་བྱ་བ་ནི་ཇི་སྲིད་སྤྲོས་དང་བྲལ་བའི་གནས་མ་ཐོབ་ཀྱི་བར་དུ་སྙོམས་པར་འཇུག་པའི་བདེ་བས་ཚིམ་པར་བྱ་བའོ། །དེ་འདིར་བསྡུས་པའི ་དོན་ནི་ན་ཆོད་ལ་སོགས་པའི་བུད་མེད། མ་ལ་སོགས་པའི་བརྡས་བསྟན་པ་དག་གཟུང་ལ་ལེགས་པར་སྦྱངས་ཏེ་བདག་ཉིད་ཀྱང་སྦྱངས་ལ། དེ་དང་སྙོམས་པར་འཇུག་པའི་བདེ་བས་ལུས་ཀྱི་བདག་ཉིད་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་བདག་ཉིད ་ལྷའི་དཀྱིལ་འཁོར་རྣམས་དེས་ཚིམ་པར་བྱས་ཏེ། དེ་ནས་རྡོ་རྗེ་ནོར་བུའི་ནང་དུ་སེམས་སོན་པ་བླ་ན་མེད་པའི་མཆོད་པས་དགྱེས་པར་བྱའོ། །གང་གི་ཚེ་བླ་ན་མེད་པའི་མཆོད་པ་ལ་ལེགས་པར་གནས་བ་ན་དེས་སྙོམས་པར་འཇུག་པའི་མཆོད་པ་བརྩམ་པར ་མི་བྱའི། །བླ་ན་མེད་པའི་མཆོད་པ་ཁོ་ན་ལ་གནས་པར་བྱའོ། །དེ་ལྟར་གསུངས་པ། བུད་མེད་སྦངས་ཤིང་དོར་ནས་སུ། །ཡེ་ཤེས་ཕྱག་རྒྱ་གོམས་པར་བྱེད། ཡེ་ཤེས་གྲུབ་དེ་ནས་ནི། །ཕྱག་རྒྱ་ཆེན་པོས་བྱང་ཆུབ་འགྲུབ། །ཅེས་པའོ། ཡང་གསུངས་པ། ་གསང་བའི་སྙོམས་པར་འཇུག་པ་འདིས། །ཕྱི་རོལ་སྦྱོར་བ་བལྟ་མི་བྱ། །ཞེས་སོ། །དེ་བས་ན་གང་ངག་ཕྱག་རྒྱ་ཆེན་པོ་དང་སྙོམས་པར་འཇུག་མི་ནུས་པ་དེ་དག་ལས་ཀྱི་ཕྱག་རྒྱ་དང། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་གསུངས་ཀྱི་ཕྱག་རྒྱ་ཆེན ་པོ་དང་སྙོམས་པར་འཇུག་ནུས་པ་རྣམས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་བརྟག་པ་གཉིས་པའི་ལེའུ་བརྒྱད་པ་ལས། ཧ་ཅང་མི་རིང་མི་ཐུང་ཞིང་ཞེས་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་བསྟན་པ་ནི་ཐུགས་རྗེ་ཆེན་པོས་ཆད་པ་སྟོང་པ་བསྟན་པའི་དཔེ་ཡིས། ། ་དམན་པ་རྣམས་བྲིང་པར་གསུངས་པ་ཁོ་ནའོ། །དེ་ལྟར་མིན་ན་སྤྲོས་པ་མེད་པའི་རྫོགས་པའི་རིམ་པས་ཅི་ཞིག་བྱ། །ཕ་ལས་ཐོབ་པའི་ཇི་ལྟའི་བདེ། །བདེ་བ་དེ་ནི་བདག་ཉིད་སྤྱོད། །གང་གི་འཆི་པའང་བདེ་བ་སྟེ། །བདེ་བ་དེ་ནི་བསམ་གཏན་བརྗོད། ། ་ཅེས་བྱ་བ་ནི། །ཕ་སྟེ་སེམས་ཅན་གྱིས་རྣམ་པ་ནི་ཕ་ཞེས་བྱའོ། །ཕ་དེ་ལས་ཐོབ་པའི་བདེ་བ་ཇི་ལྟ་བའི་བདེ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་མཚན་ཉིད་ཀྱི་བདེ་བ་ཙམ་མོ། །བདེ་བ་ནི་དེ་ནི་བདག་ཉིད་སྤྱོད་ཅེས་བྱ་བ་ནི། རང་གི་བདག་ཉིང ་བླ་ན་མེད་པའི་སྟོང་པ་དང། སྙིང་རྗེའི་ངོ་པོ་ཐོག་མ་མེད་པ་ནས་མངོན་པར་སངས་རྒྱས་པར་རྟོག་པར་བྱ་བའོ། །བདེ་བ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། །དེའི་ཕྱིར་གང་གིས་འཚོ་བའང་བདེ་བ་སྟེ་ཞེས་བྱ་བ་གསུངས་ཏེ། བདེ་བ་གང་གིས་འཆི་བ་ནི་ལུས་དང ་ཡིད་ཀྱིས་རྩོལ་བའི་སྲོག་གི་རླུང་འགགས་པ་ནི་གང་གིས་འཆི་བའོ། །ངེས་ཅིར་འགྱུར་ཞེ་ན། བདག་གི་བདེ་བ་དེ་ནི་ཞེས་བྱ་བ་སྨོས་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ནོ། །བསམ་གཏན་ཞེས་བྱ་བ་ནི་དེ་ཉིད་རྣམ་པར ་མི་རྟོག་ཅིང་རྩེ་གཅིག་པའི་ཕྱིར་རོ། །བརྗོད་ཅེས་བྱ་བ་ཇི་ལྟར་བཤད་པ་ནི་ཀུན་རྫོབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཆིག་གོ་།འདི་སྐད་བསྟན་ཏེ། ཆོས་ཐམས་ཅད་སེམས་ཙམ་དུ་རྟོགས་པས་དེ་དང་མི་ལྡན་པ་རྣམས་ལ་བྱམས་པ་ཆེན་པོ་སྔོན་དུ་བྱས ་ཏེ། སྣང་བ་མེད་པ་ལ་འཇུག་པ་ནི་ཐ་མལ་པའི་སྲོག་ཆད་པའི་ངོ་བོ་འཆི་བ་ཞེས་བསྟན་པ་རྫོགས་པའི་བྱང་ཆུབ་ཐོབ་སྟེ། བསམ་གཏན་ཞེས་བྱ་བའི་མིང་གིས་ཀུན་རྗོབ་ཏུ་གནས་པར་མ་གྱུར་ཏོ། །ཡང་ཕ་ཞེས་བྱ་བ་ནི་ཤེས་རབ་དད་ཡེ་ཤེས ་ཀྱི་བདག་ཉིད་ཀྱི་སེམས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཚོགས་པ་ཇི་ལྟ་བའི་འོ། །བདེ་བ་ནི་ཁམས་གསུམ་པའི་བདེ་བའི་རང་བཞིན་ནོ། །ཐོབ་པ་ཞེས་པ་ནི་རྙེད་པའོ། །བདེ་བ་དེ་ནི་བདག་ཉིད་སྤྱོད་ཅེས་བྱ་བ་ནི་བླ་ན་མེད་པའི་བདེ་བ་དེ་བཞིན་གཤེགས ་པའི་རང་བཞིན་དེ་ལས་ཀྱིས་ཕྱག་རྒྱ་ལ་མི་བལྟོས་པར་བསྒོམ་པ་ཙམ་གྱིས་འགྲུབ་པར་བྱའོ། །གང་གིས་བདེ་བཞེས་བྱ་བ་ནི་རང་བཞིན་གྱིས་འབྱུང་བའོ། །འཆི་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང། །ཁམས་དང་སྐྱེ་མཆེད ་རྣམས་ཤིན་ཏུ་སྐྱེ་བ་མེད་བས་ཤི་བར་བྱས་པའོ། །བདེ་བ་ནི་བསམ་གཏན་བརྗོད། །ཅེས་བྱ་བ་ནི་བསམ་གཏན་ཕུལ་དུ་བྱུང་བ་ལས་དེ་འབྱུང་བའོ། །དེ་ཉིད་རྡོ་རྗེ་འཆང་བདེ་བ་ཆེན་པོའི་རང་བཞིན་ནོ། །བརྗོད་ཅེས་བྱ་བ་ནི་བླ་མ་རྣམས ་ཀྱིས་རང་གི་སེམས་ཁོ་ན་ལས་དེ་འབྱུང་གིས་སྐྱེའོ་ཞེས་བརྗོད་དོ། །འདི་སྐད་དུ། རྣལ་འབྱོར་བའི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་སེམས་བདེ་བའི་འབྱུང་གནས་དེ་ཚོགས་པ་བཟང་ངན་གྱིས་འགྲོ་བ་དམ་པ་དང། དམ་པ་མ་ཡིན་པར་གྱུར་པ ་ཐམས་ཅད་ལ་བདེ་བ་ཆེན་པོ་དབྱེར་མེད་པར་རྟོགས་པ་འཐོབ་པའི་ཐབས་ནི་རང་གི་སེམས་ཁོན་བས། །རང་བཞིན་གྱིས་བདེ་བ་འབྱུང་བ་ཟག་པ་དང་བཅས་པའི་ཆོས་རྣམས་འགགས་པ་ཐོབ་པ་ནི་བསམ་གཏན་ཕུལ་དུ་བྱུང་པ་བརླབས་པ་ལས་བྱུང་བར ་བླ་མ་དམ་པ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བ་སྟེ་འདི་ནི་འདིར་མན་ངག་གི་སྟེ། དེ་བས་ན་བརྟག་པ་དང་པོའི་ལེའུ་བཅུ་བ་ལས། ཕྱག་རྒྱའི་རྒྱུ་དང་རྣམ་པར་བྲལ་ཞེས་གསུངས་པ་སྟེ། སྐྱེ་བོ་ཤེས་རབ་དང་སྙིང་རྗེའི་རྐང་པ་དང་ལྡན་བ་དེ་དག་ལ་ནི་དང་པོ ་ཡང་གསང་བ་ཤེས་རབ་ཡེ་ཤེས་དང། བཞི་པ་རྣམས་དགོས་པ་མ་ཡིན་ལ། ཕྱི་ནས་ཀྱང་སྤྲོས་པ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་མ་རྟོགས་པར་ཕྱག་རྒྱ་གཞན་ལ་རྟེན་བ་ཉིད་མི་དགོས་སོ། །དེ་ལྟར་ན་དེ་དག་ནི་འདོད་ཆགས་ཀྱིས་ཉེས་པས ་ཀྱང་མ་རེག་ལ། འདོད་ཆགས་ཀྱིས་གྲོལ་བར་བྱེད་པའི་ཐབས་ལ་ཡང་གནས་པས་ན་གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་གནས་ཀྱི་མན་ངག་རྣམས་གཟུང་བ་དང། སྦྱིན་པ་ལ་དབང་ཐོབ་པ་ཡང་ཡིན་ནོ། །ཇི་ལྟར་ན་དེ་དག་དབང་བསྐུར་བ ་དང་བྲལ་བཞིན་དུ། །དེ་ཡི་མན་ངག་འཛིན་པ་དང། །སྦྱིན་ལ་དབང་ཐོབ་དེ་ལྟ་ན། །ཡང་དག་དབང་ནི་བསྐུར་བ་ལ། །དེ་ཉིད་བསྟན་ཅེས་རྡོར་འཛིན་གསུངས། །གཞན་དུ་དེ་ལ་དངོས་གྲུབ་ནི། །མེད་ཅིང་བྱང་ཆུབ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ ་ཡང་དེ་ལྟ་མིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་དཔེར་ན་མིག་སྨན་གྱི་ཐུར་མས་མིག་དབྱེ་བའི་ཆོར་བ་སྡུག་བསྔལ་མ་མྱོང་བ་རྣམས་ལ། ཐུར་མའི་རིག་པ་གཟུང་བ་དང། སྦྱིན་པའི་དབང་མེད་པ་ནི་མ་ཡིན་པ་ལྟར། །དེ་ཡང་དེ་དང་འདྲའོ། །གལ་ཏེ་དེ་ནི་མ ་ཡིན་ཏེ་འདིར་ཉམས་སུ་མྱོང་བའི་ངོན་སྟོན་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ལྷན་ཅིག་སྐྱེས་དགའ་གཞན་དག་གིས། །བརྗོད་མིན་གང་ནས་མི་རྙེད་ཀྱང། །ཞེས་གསུངས་པའི་ཕྱིར་དང། །དེ་བཞིན་དུ། གཞོན་ནུ་མའི་རབ་དགའ་ལྟར། །བསྟན་དུ་མེད་པའི ་བདེ་བ་འབྱུང། །ཞེས་གསུངས་པས། རང་གིས་ཉམས་སུ་མྱོང་བ་ཇི་ལྟ་བ་སློབ་མ་ལ་བརྗོད་པ་མ་ཡིན་ནོ། །གཞན་ཡང་ཉམས་སུ་མྱོང་བའི་དོན་བརྗོད་ན། ཅི་དབང་པོ་གཉིས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་བརྗོད་པའམ། ཡང་ན་སྤྲོས་པ་དང ་བྲལ་བའི་ཡེ་ཤེས་རྟོགས་པ་བརྗོད། །དང་པོ་ནི་མ་ཡིན་ཏེ། དེ་ནི་བླ་མ་ལ་རག་མི་ལས་ཤིང་འདོད་ཆགས་དང་མ་བྲལ་བ་ཐམས་ཅད་ལ་འབྱུང་བའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ནི་དེ་ཐོབ་པ་ལ་རག་མི་ལས་ཤིང་ཕ་རོལ་ཏུ་ཕྱིན་པའི་རྣམ་པ ་དང་མི་ལྡན་པ་འགའ་ཞིག་གིས་ཀྱང་འགྲུབ་པར་ཐལ་བའི་ཕྱིར་རོ། །གང་གསུངས་པའི་ཡང་དག་དབང་བསྐུར་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཟློག་པར་བྱེད་པ་ཉིད་མ་ཡིན་ཏེ། རིག་པའི་དབང་གིས་དགོངས་པ་དང་ཡུལ་ཐམས་ཅད་མ་གཟུང་བའི་ཕྱིར ་རོ། །དེ་ལྟ་མོད་ཀྱི་འདི་ནི་རིགས་པ་མ་ཡིན་ཏེ། རིག་པའི་དབང་ནི་སྐུ་རྣམ་པར་དག་པ་ཡིན་ལ། གསང་བ་དང་ཤེས་རབ་ཡེ་ཤེས་དག་པ་ནི་གསུང་དང། ཐུགས་རྣམ་པར་དག་པ་ཡིན་པའི་ཕྱིར། གང་གིས་རིག་པའི་དབང་བསྐུར་བ་དེ་ནི་སྐུ་འབའ་ཞིག་རྣམ་པར ་དག་པ་ཡིན་གྱི་ཐུགས་དང་གསུང་དག་པ་མ་ཡིན་ནོ་ཞེ་ན། དེ་ལྟ་མོད་ཀྱི་འདི་ནི་མཆོག་ཏུ་འཁྲུལ་པའི་གནས་གང་ཟག་གི་བསམ་པ་ལ་བརྟེན་པ་ཙམ་ཡིན་གྱི་ངེས་པར་གྱུར་པ་ཉིད་མ་ཡིན་ནོ། །དེ་ལྟར་མིན་ན་རིག་པའི་དབང་ཡོངས་སུ་ཉམས་པར་འགྱུར་ཏེ ་འདི་ལྟར་ཆུ་དང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང། མིང་གིས་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང། བྱ་བ་གྲུབ་པ་དང། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་འགྲུབ་པར ་གསུངས་པའི་ཕྱིར་རོ། །གང་ཡང་ཡེ་ཤེས་ལྔ་རྣམ་པར་དག་པའི་མཐར་གྱུར་ཀྱང་གསུང་དང་ཐུགས་རྣམ་པར་མ་དག་པ་ཞིག་ན་སུ་ཞིག་བསྟན་པ་འདི་ལ་བརྩོན་པར་འགྱུར། དེ་བས་ན་གང་གིས་རིག་པའི་དབང་གཟུང་བ་དེ་ནི་དབང་རྣམ་པ་གསུམ་ལ་དབང ་བ་ཁོ་ནའོ། །དེ་ལྟར་ན་འདི་དག་བསྟན་པར་མི་འགྱུར་ཏེ། དོན་མེད་དོ་ཞེ་ན། ཐམས་ཅད་དུ་ནི་དགག་པར་མི་སྦྱོར་རོ། །དཔེར་ན་འགའ་ཞིག་ཏུ་མུ་ཏིག་གི་དོ་ཤལ་དག་པ་བས། ཆང་སྟོང་པ་བསྟན་པ་ཉིད་ཆེས་ཐབས་སུ་འགྱུར་བ་ལྟ་བུའོ། །ལེའུ་ལྔ་པའི་རྡོ་རྗེའི ་བཏུ་བའོ།། །།ད་ནི་ལེའུ་དྲུག་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། ཤིང་གཅིག་དྲུང་མ་དུར་ཁྲོད་དུ། །བསྒོམ་པ་དག་ནི་དགེ་བར་གསུངས། །མཚན་མོ་མེ་མོའི་ཁྱིམ་དེ་བཞིན། །ཡང་ན་དབེན་ངང་བས་མཐར་ནི། །ཅུང་ཟད་དྲོད་ནི་ཐོབ་བྱས ་ལ། །གང་ཞིག་འདོད་པས་སྤྱོད་པ་བྱ། །ཞེས་བྱ་བ་ལ་ཤིང་གཅིག་ཅེས་བྱ་བ་ནི་ལག་པ་ལ་སོགས་པ་ལ་ཡལ་ག་དུ་མ་དང་ལྡན་པའི་ལུས་ཉིད་དོ། །དུར་ཁྲོད་ཅེས་བྱ་བ་ནི་རང་གི་ལུས་ཉིད་དེ། །དེ་ལྟར་ཡང་འདི་ཉིད་ལས། །དབུགས་དང་རབ་ཏུ་ལྡན་པ་ལ། ། ་དུར་ཁྲོད་ཅེས་ནི་མངོན་པར་བརྗོད་ཅེས་གསུངས་སོ། །ཁམས་བདུན་པ་ནི་མ་མོ་སྟེ་དེ་རྣམས་འདུས་པ་ནི་མ་མོའི་ཁྱིམ་མོ། །དེ་བས་ན་དེ་ཡང་རང་གི་ལུས་ཉིད་དོ། །འདོད་ཆགས་ལ་སོགས་པ་གཉིད་ལོག་པའི་དུས་ནི་མཚན་མོའོ། །དཔེན་པ་ནི་རྣམ་པར ་རྟོག་པ་མི་རྒྱུ་བའོ། །བས་མཛའ་ཞེས་བྱ་བ་ནི། པདྨའི་ལྟེ་བར་རོ། །བསྒོམ་པ་དག་ནི་དགེ་བར་གསུངས་ཞེས་བྱ་བ་ནི་རང་གི་ལུས་དང་འདྲ་བཱི་ཤེས་རབ་མ་དང་སྙོམས་པར་འཇུག་པས་རྫོགས་པའི་རིམ་པ་བསྒོམ་པར་བསྔགས་པའོ། །འདི་སྐད་བསྟན ་ཏེ། རང་གི་ལུས་ཐ་མལ་པའི་འདོད་ཆགས་ལ་སོགས་པ་དང་བྲལ་བ་རྣམ་པར་རྟོག་པ་ངན་པ་དང་བྲལ་བས་རིག་མའི་པདྨའི་ལྟེ་བར་རྡོ་རྗེ་བཞག་སྟེ། མན་ངག་ཇི་ལྟ་བས་བསྒོམ་པར་བྱའོ། །གང་ཞིག་རྣལ་འབྱོར་ངལ་བར་བྱས་པས ་ནུས་པ་ཁྱད་པར་ཅན་རྙེད་པས་ཉེ་བར་འཚེ་བས་མི་གནོད་པའི་མཐུ་དེ་ནི་དྲོད་ཅེས་བརྗོད་ལ། དེ་ཡང་ཡོངས་སུ་རྫོགས་པར་མ་ཡིན་པས་ན་ཅུང་ཟད་ཐོབ་ཅེས་བྱས་ལ་ཞེས་སྨོས་སོ། །དེ་ལྟར་དྲོད་ཐོབ་པ་དེ་དག་ཀྱང་ངེས་པར་ནི་སྤྱོད་པ་བྱེད ་པ་མ་ཡིན་ཏེ། རང་གི་འདོད་པ་ལ་རག་ལས་པས་ན་གང་ཞིག་འདོད་པས་སྤྱོད་པ་བྱ་ཞེས་གསུངས་སོ། །འདི་དག་ནི་སྒྲ་ཇི་བཞིན་བཤད་པ་ནི་གོ་སླའོ། །རྟག་ཏུ་སྙིང་རྗེ་བཏུང་བྱ་སྟེ། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུར། །རྣལ་འབྱོར་བ་ཏུང་དགའ་ཨི་རྣལ ་འབྱོར་པ། །བཏུད་པ་གཞན་གྱིས་གཟི་མི་བྱེད། །ཅེས་བྱ་བ་ལ་རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །སྙིང་རྗེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་འདོད་པས་སོ། །བཏུང་བྱ་སྟེ། ཞེས་པ་ནི་ལོངས་སྤྱོད་རྫོགས་པ་དང ་སྤྲུལ་པའི་སྐུར་གྱུར་པས་འཇིག་རྟེན་ཐམས་ཅད་ལ་ཆོས་བསྟན་པས་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཛུད་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་དོན་གྱི་རྒྱུར་ཞེས་གསུངས་སོ། །རྣལ་འབྱོར་ནི་ཐབས་དང་ཤེས ་རབ་གཉིས་སུ་མེད་པའི་ཡེ་ཤེས་འདི་ཉིད་ཀྱང་དམ་པ་དག་གིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་བཏུང་བའོ། །དེ་འཐུང་བ་ལ་དགའ་བའི་རྣལ་འབྱོར་པ་དེས་ནི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་ཏེ་བླང་པར་བྱ་བའི་ཕྱོགས་སོ། ། ་ཕྱོགས་ཅིག་ཤོས་བསྟན་པར་བཏུང་པ་གཞན་གྱིས་གཟི་མི་བྱེད་ཅེས་གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་བདུད་རྩིའི་བཏུང་བ་ལས་གཞན་པ་ཐམས་ཅད་ཀྱི་བཟི་པར་མི་བྱེད་པ་སྟེ། ཆོས་ཀྱི་སྐུ་ཐོབ་པར་མི་འགྱུར་རོ། །འདི་ལྟར་གསུངས་པ། ་མཚན་དང་དཔེ་བྱང་ཀྱི་སྐུ་གཟུགས་ཀྱིས་སྒྲུབ་པ་ལ་མངོན་པར་དགའ་བར་གྱུར་ན་འདི་ནི་བརྩོན་འགྲུས་རྩོམ་པ་མ་ཡིན་ནོ། །འོན་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ལྷུན་གྱིས་གྲུབ་པར་འཇུག་པའི་ཆོས་ཀྱིས ་མངོན་པར་རྟོགས་པ་བསྒྲུབ་པ་ལ་མངོན་པར་དགའ་བར་འགྱུར་རོ་ཞེས་སོ། །ཡང་ན་རྟག་ཏུ་སྙིང་རྗེ་བཏུང་བྱ་སྟེ། ཞེས་བྱ་བ་དུས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བས་ཆང་ལ་སོགས་པ་རྣམས་བདུད་རྩིའི་ཆུར་བྱིན་གྱིས་བརླབས་ཏེ། །བདག་ཉིད་ལྟའི ་དང་འཛིན་པ་དད་བཅས་པས་བཏུང་བར་བྱ་སྟེ་ལོངས་སྤྱང་པར་བྱའོ། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །རྣལ་འབྱོར་པ་ཞེས་པ་ནི་དམ་ཚིག་དང་ཏིང་ངེ་འཛིན་གྱི་ཚུལ་མ་ལུས་པར་ཤེས་པའོ། །བཅུད?་མིན་གཞན་གྱིས་ཅོས ་པར་བྱའོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་ཏི་དེ་འཛིན་ཏོ། །དེ་བཏུང་བ་ལ་དགའ་བ་ནི་རྟག་པར་རྒྱུན་མི་འཆད་པར་ཡིད་ལ་བྱེད་པའོ། །རྣལ་འབྱོར་པ་ཞེས་པ་ནི་དམ་ཚིག་དང་ཏིང་ངེ་འཛིན་གྱི་ཚུལ་མ་ལུས་པར་ཤེས་པའོ། །བཏུད་མིན་གཞན་གྱིས་ཅོས ་བྱ་བ་ནི། །འགྲོ་བ་རྣམས་མངོན་པར་མ་དང་བ་རྣམས་བྱེད་པ་བསྲུང་བར་བྱ་བ་ལ་སོགས་པའི་དམ་ཚིག་ཉམས་པར་བྱེད་པ་ཐབས་དང་ཤེས་རབ་ཀྱི་ཚུལ་ལས་རིང་དུ་སོང་བའོ། །བཟི་བར་བྱེད་ཅེས་པ་ནི། རྣམ་པར་གཡེང་བ་སྔོན་དུ་སོང་བས་ལུས་དང་ངག ་དད་ཡིད་འབྲི་བར་བྱེད་བ་སྟེ། བརྒྱལ་བ་དང་འདྲ་བར་འགྱུར་རོ། །གང་གསུངས་པ་ཡང། ངར་འཛིན་པ་ནི་བསྐྱེད་པའི་ཕྱིར། །ཇི་ལྟར་ཡེ་ཤེས་མི་བརྒྱལ་བར། །དམ་པ་དགའ་བའི་སེམས་ཀྱིས་ནི། །ཆུང་ངུ་ཉིད་ལ་གོམས་པར་བྱ། །ཞེས་སོ། །ལེའུ་དྲུག་པ ་རྡོ་རྗེའི་ཚིག་བཅུ་པའོ།། །།ད་ནི་ལེའུ་བཅུ་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། མཆོག་ཏུ་དགའ་བའི་བསྒོམ་བྱ་དང། ཞེས་བྱ་བ་ནི་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྟེན་གྱི་དཀྱིལ་འཁོར་ཏེ། དེ་མེད་ཅེས་བྱ་བར་སྦྱར་རོ། ། ་སྒོམ་པ་པོ་ཡང་མེད་པ་སྟེ། ཞེས་བྱ་བ་ནི། གང་ལ་ལྷ་དགུ་ལ་སོགས་པར་བཀོད་པའི་ལྷ་རྣམས་ཏེ། བརྟེན་པའི་དཀྱིལ་འཁོར་དེ་མེད་པའོ། །ལུས་མེད་གཟུང་མེད་འཛིན་པའང་མེད་ཅེས་པ་ནི། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན ་རྡོ་རྗེ་མ་ལ་སོགས་པ་ལྔ་དང། གཟུགས་ལ་སོགས་པའི་རང་བཞིན་དཀར་མོ་ལ་སོགས་པ་དྲུག་དང། མིག་ལ་སོགས་པའི་རང་བཞིན་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་མེད་ཅེས་པའོ། །ཤ་མེད་ཁྲག་མེད་པ་བཤད་གཅི་མེད་ཅེས ་པ་ནི་སྤོས་མོ་ལ་སོགས་པ་མཚམས་བསྲུངས་པ་བཞི་མེད་ཅེས་པའོ། །སྨེ་བ་མེད་ཅིང་རྨོངས་པའང་མེད་ཅེས་བྱ་བ་དང། ཁྲུས་དང་གཙང་སྦྲ་མེད་པ་སྟེ། ཞེས་བྱ་བ་ནི་སྤྱན་མ་དང། བདག་ཉིད་མ་དང། གོས་དཀར་མ་དང། སྒྲོལ་མ ་རྣམས་མེད་ཅེས་པའོ། །ཆགས་མེད་སྡད་མེད་གཏི་མུག་མེད། །ཕྲག་དོག་ཕྲ་མ་ང་རྒྱལ་མེད། །ཅེས་པ་ནི་རིགས་དྲུག་འཁོར་ལོས་སྒྱུར་བ་མི་བསྐྱོད་པ་དང། སྒྱུ་འཕྲུལ་དྲ་བ་དང། རྡོ་རྗེ་ཉི་མ་དང། པདྨ་གར་གྱི་དབང་ཕྱུག་དང། རྡོ་རྗེ་མྱུར་འགྲོ? ་དང། དམ་པ་དང་པོ་རྣམ་མེད་ཅེས་པའོ། །སྒོམ་དང་བསྒོམ་པ་ལྟ་བུ་དང་ཞེས་བྱ་བ་ནི་ལམ་དང་དེར་བརྟེན་པ་དག་སྟེ། མེད་ཅེས་བྱ་བར་སྦྱར་རོ། །དགྲ་དང་གཉེན་གཤེས་དག་དར་ནི་ཤེས་བྱ་བ་ནི། གཞོན་པར་བྱ་བའི་བདག་ཉིད་ཉོན་མོངས་པ་དང། ཉེ་བར་བླང་བར ་སངས་རྒྱས་ཀྱི་ཡོན་ཏན་དག་སྟེ། དེ་དག་ཀྱང་མེད་ཅེས་བྱ་བར་སྦྱར་རོ། །རླབས་མེད་ལྷན་ཅིག་སྐྱེས་བཤད་དེ། སྣ་ཚོགས་དང་བྲལ་བའོ། །ཞེས་བྱ་བ་ལ་ཡུལ་གྱི་ཆུ་བོ་ལ་རྐྱེན་དག་གིས་རླུང་གིས་བསྐུལ་ཞིང་འབྱུང་བའི་བདག་ཉིད་རྣམ་པར ་རྟོག་པ་དག་ནི་རླབས་ཏེ། གད་ལ་དེ་ཆད་པ་དེ་ནི་སྤྲོས་པ་དང་བྲལ་བ་དཔེ་ཅན་གྱི་ལྷན་ཅིག་སྐྱེས་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འདི་ནི་རྟོག་བ་སྣ་ཚོགས་ནུབ་པར་མར་མེའི་རྒྱུན་རླུང་མེད་པ་ལྟར་ཞི་བ། ཡེ་ཤེས་རང་དང་གཞན་རིག་པ་བྲལ་བ་ཉིད ་ཀྱིས་བདག་མེད་པ་གང་ཡིན་པ་དེ་ཉིད་ཀྱི་ཕྱིར། སྣ་ཚོགས་དང་ནི་བྲལ་བའོ། །ཞེས་གསུངས་ཏེ། །འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་ལ་འདོད་པར་བྱའི། །དཔེའི་ལྷན་ཅིག་སྐྱེས་པའི་བྱིས་པའི་སྐྱེ་བོ་ཐམས ་ཅད་དང་མཚུངས་པར་སྤྱོད་པ་དབང་པོ་གཉིས་ལས་སྐྱེས་པའི་བདེ་བ་ལ་ནི་གདུང་བར་མི་བྱའོ། །བརྟག་པ་དང་པོའི་ལེའུ་བཅུ་པའི་རྡོ་རྗེའི་ཚིག་བཏུ་བའོ། །ད་ནི་བརྟག་པ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། རང་གི ་ཁྱིམ་དུ་མཚན་མོ་ནི། །གྲུབ་པ་ང་ཞེས་བསམ་པར་བྱ་ཞེས་བྱ་བ་གསུངས་ཏེ། །རང་གི་རྣམ་པར་རྟོག་པས་ཕུང་པོ་ལྔ་ལེན་པས་ན་སྲེད་པ་དང་བཅས་པའི་ཕུང་པོ་ལྔ་པོ་དེ་དག་ནི་རང་གི་ཁྱིམ་མོ། །མཚན་མོ་ཞེས་བྱ་བ་ནི་དབང་པོའི་གྲོང ་གཉིས་ལོག་པ་སྟེ། གང་ཡུལ་ལ་མི་འཇུག་པའོ། །གྲུབ་པ་ང་ཞེས་བསམ་པར་བྱ་ཞེས་བྱ་བ་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་གྲོལ་བས་གྲུབ་པའི་སྐྱེས་བུ་དཔལ་ཧེ་རུ་ཀ་ལ་སོགས་པ་ནི་བདག་གོ་ཞེས་བསམ་པར་བྱའོ། །དེ་ལྟར ་ཡང་གསུངས་ཏེ། ཐ་མལ་རྣམ་པ་གཞོམ་པའི་ཕྱིར། །རང་ལ་ལྷ་ཡི་ངར་འཛིན་བྱ། །དར་འཛིན་དེ་ཡང་གཞོམ་པའི་ཕྱིར། །དམིགས་པ་མེད་པ་རྣམ་པར་བསྒོམ། །གང་ཚེ་སེམས་ནི་མཉམ་གནས་པའང། །དེའི་ཚེ་དེ་ཉིད་ཡིན་པར ་ངེས་ཅེས་སོ། །ཇི་ལྟར་དར་འཛིན་པའི་ཚུལ་ཡང། །དང་པོའི་ལས་ཅན་རྣལ་འབྱོར་པ། །དེས་ནི་སྤྲུལ་སྐུ་ལ་གོམས་བྱ། །སྤྲུལ་པ་བརྟན་པར་གྱུར་པ་ན། །ལོངས་སྤྱོད་རྫོགས་པ་བརྟན་པར་བསྒོམ། །སྤྲུལ་པའི་སྐུ་ནི་གསལ ་གྱུར་ཅིང། །ཕོངས་སྤྱོད་རྫོགས་པ་གསལ་ཙམ་ན། །ཆོས་སྐུ་དམིགས་པ་མེད་འདི་ནི་མདོར་བསྡུས་སྨོས་བའོ། །ཞེས་གསུངས་སོ། །ལེའུ་གཉིས་པའི་རྡོ་རྗེའི་ཚིག་བཏུ་བའོ།། །།ད་ནི་ལེའུ ་བཞི་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། འཇུག་པའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ནོ། །ཞེས་བྱ་བ་ལ། འཇུག་པ་ནི་རྡོ་རྗེའོ། །དེའི་བདེ་བ་ནི་ནོར་བུའི་ནང་དུ་སོང་བའི་བདེ་བའི་ཡེ་ཤེས་སོ། །དེ་ཉིད་ནི་ཆོས ་ཐམས་ཅད་བདག་ཉིད་གཅིག་པར་རྒྱས་འདེབས་པའི་ཕྱིར། །ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ནི་མི་དམིགས་པའི་ཡེ་ཤེས་ཏེ། དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེ་བོའི་སྒོར་གྱུར་པས་ནི། སྐྱེ་མཆེད་དོ། །ཐབས་ཡིན་ནོ་ཞེས་བྱ་བ་ནི་ཕུལ་དུ ་བྱུང་བའི་ཡེ་ཤེས་སུ་ཉེ་བར་འགྲོའོ། །ཡང་ན་འཇུག་པ་ནི་རྡོ་རྗེའོ། །དེའི་བདེ་བ་ནི་དམ་པའི་བདེ་བ་མཛའ་དང་བྲལ་བའི་དང་པོའོ། །ཡེ་ཤེས་དེའི་རང་བཞིན་ནི་ཕྱག་རྒྱ་ཆེན་པོ་སྟེ། ཡི་གེ་ཨཾ་གི་གཟུགས་ཅན་ནི་ཤེས་རབ་མའོ། །རྡོ་རྗེ་ནི་མི་ཕྱེད ་པའོ། །སྐྱེ་བ་ནི་རྣམ་པར་ཤེས་པ་སྟེ། མཆེད་པ་ནི་ཞུམ་པ་དང་ལོངས་སྤྱོད་པ་དང། དབང་བྱེད་པའི་རིམ་པའོ། །ཐབས་ཡིན་ནོ་ཞེས་པ་ནི། དེ་ཉིད་ཀྱང་གནས་དང་ཉེ་བའི་གནས་ལ་སོགས་པ་དག་ཏུ་ཁྲོད་པའོ། །རབ་ཏུ་དམ་པར་གྱུར ་ཏེ་སྐྲག་ནས་འདར་བར་གྱུར་ཅིང་བརྒྱལ་ནས་ས་ལ་དགྱེལ་ཏོ་ཞེས་བྱ་བ་ལ་སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ལྷན་ཅིག་དབྱེར་མེད་པར་བསྒྲུབ་པའི་ཚེས་འདི་ནི་ངོ་མཚར་དུ་བྱ ་བ་ཡིན་ནོ་ཞེས་ཤེས་པས་ན་རབ་ཏུ་དམ་པར་གྱུར་ཏོ་ཞེས་གསུངས་སོ། །སྐྲག་ནས་ཅེས་བྱ་བ་ནི་འཁོར་བ་ཇི་སྲིད་དུ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཅིང་རྟོགས་པར་དཀའ་བ་མཆོག་ཏུ ་ཟབ་པས་དད་པ་དམན་པ་རྣམས་ཀྱིས་འཇུག་པར་མི་ནུས་པས་ནའོ། །འདར་བར་གྱུར་ཅིང་ཞེས་བྱ་བ་ནི། །འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་པ་དཀའ་བ་མེད་ཅིང་མྱུར་བའི་ཐབས་བླ་ན་མེད་པ་དགྱེས་པའི་རྡོ་རྗེ་ཞེས ་བྱ་བའི་ཆོས་ཐོས་པས། འདའ་བར་གྱུར་པ་ལ་སོགས་པའི་མཚན་མ་རྣམས་ཐོབ་པའོ། །བརྒྱལ་ནས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པ་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱི་ཚུལ་གྱི་སེམས་དང་སེམས ་ལས་བྱུང་བ་ཐམས་ཅད་ཤིན་ཏུ་སྐྱེ་བ་མེད་པར་བྱས་པའོ། །ས་ལ་དགྱེལ་ཏོ་ཞེས་བྱ་བ་ནི། བག་ཆགས་དང་བཅས་པའི་ཕུང་པོ་ལ་སོགས་པ་བཅད་པ་དེ་ཁོ་ནའི་ཆོས་ཐོས་པས་དམན་པ་དག་འཇིག་སྟེ། ལུས་ཀུན་ས་ལ་ལྷུང་བར་གྱུར་པའོ། །ལེའུ ་བཞི་བའི་རྡོ་རྗེའི་ཆིག་བཏུ་བའོ།། །།ད་ནི་ལེའུ་བཅུ་གཅིག་པའི་རྡོ་རྗེའི་ཚིག་བཏུ་བ་ལ་འཇུག་པར་བྱ་སྟེ། ཡེ་ཤེས་འདི་ནི་ཆོས་ཕྲ་སྟེ། ཞེས་བྱ་བ་ནི་རྟག་ཏུ་ཉམས་སུ་མྱོང་བའི་བདག་ཉིད་བེམ་པོ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་ནི་འདི་ནའོ། །ཆོས ་ཕྲ་སྟེ་ཞེས་བྱ་བ་ནི་དེ་ཙམ་དུ་ཡང་བློ་རགས་པ་དག་གིས་རྟོགས་པར་མི་ནུས་པའི་ཕྱིར་ཏེ། གང་ཡང་ཡང་དག་པ་ཉམས་སུ་མྱོང་བར་བྱ་བ་མ་ཡིན་པ་ལྷ་སྨོས་ཀྱང་ཅི་དགོས། །རྡོ་རྗེ་ནི་སེམས་སོ། །དེ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་གྱི་ཕྱིར་སྙིང་པོ་ཞེས་བཤད་དོ། ། ་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ཡིན་པས་ན། སེམས་དེ་ཉིད་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུ་ཁོ་ན་བས་ནམ་མཁའ་འདྲ་བ་ཞེས་གསུངས་སོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྡུལ་མེད་པས་ན་རབ་ཞི་བ་ཞེས་སོ། །མི་གནས་པའི་མྱ ་ངན་ལས་འདས་པའི་བར་པ་སྦྱིན་པས་གྲོལ་སྦྱིན་ནོ། །སྒྲིབ་པ་རྣམས་རབ་ཏུ་ཞི་བས་ན་རབ་ཞི་བའོ། །བླ་མའི་བླ་མ་དེ་ཁོ་ན་ཡེ་ཤེས་རང་བྱུང་གི་མིང་གིས་བརྙད་པ་རྟོགས་པའི་ཐབས་སུ་གྱུར་པས་ན། ཁྱོད་ཀྱི་ཕར་ནི་ཁྱོད་ཉིད་འགྱུར་ཞེས་པའོ། །འདི ་སྐད་བསྟན་ཏེ། དབང་བཞི་པའི་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་ཡེ་ཤེས་དེ་བླ་མའི་མན་ངག་དང། རང་གི་བསོད་ནམས་ཀྱིས་མཐུས་མངོན་སུམ་དུ་བྱོས་ཤིག་།ཅེས་བརྗོད་པའོ། །འདི་ཡང་ཡང་དག་པའི་ཡེ་ཤེས་མངོན ་སུམ་དུ་བྱས་པ་དང། དེ་དཔེའི་ཡེ་ཤེས་མངོན་སུམ་དུ་བྱས་པའི་དབྱེ་བས་རྣམ་པ་གཉིས་ཉིད་དུ་ཤེས་པར་བྱ་སྟེ། དེ་ལྟ་མིན་ན་དཔེའི་ཡེ་ཤེས་འབའ་ཞིག་ལ་ནི་དོན་མེད་ལ་དཔེ་ཅན་གྱི་ཡེ་ཤེས་ཉི་ཚེ་འབྱུང་བར་ཡང་དང་པོར་དཔེ་སྔོན་དུ་ངེས་པར་འགྲོ་བའི་ཕྱིར ་ན་མི་སྲིད་པའོ། །དེ་བས་ན་དཔེའི་ཡེ་ཤེས་ཀྱིས་ནི་འདི་སྨད་པ་ཉིད་ལ། དཔེ་ཅན་གྱི་ཡེ་ཤེས་ཀྱིས་མཆོག་ཏུ་གྱུར་པ་ཁོ་ནའོ། །དེའི་ཕྱིར་གང་གིས་དབང་པོ་ཉིད་ནས་དཔེ་ལ་མ་བརྟེན་པས་དཔེ་ཅན་གྱི་ཡེ་ཤེས་འབྱུང་བར་ནུས་པ་དེ་དག་ནི་དཔེའི་ཡེ་ཤེས་ལ་མི་བརྟེན ་ལ། འགའ་ཞིག་དཔེའི་ཡེ་ཤེས་ལ་མ་བརྟེན་པར་དཔེ་ཅན་ལ་འཇུག་པར་མི་འགྱུར་བ་དེ་དག་ནི་གཉི་ག་ལ་བརྟེན་པའོ། །འདིར་ཡང་ངེས་པར་ཚངས་པར་སྤྱོད་པའི་སྔགས་བས་ནི་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མི་བྱ་སྟེ། རྩ་བའི་རྩ་བས་བླ་མ་དང་བཅས་ཏེ་ངན་འགྲོར ་གཞོར་བའི་ཕྱིར་རོ། །གང་ཞིག་ངས་དེ་ཉམས་སུ་མྱོང་བར་འགྱུར་གྱི། །གཞན་གྱིས་ནི་མ་ཡིན་པ་དེ་དག་གིས་ཀྱང། དང་པོའི་སྡོམ་པ་ཉམས་པར་མི་བྱའི་ལེགས་པར་གཏང་བར་བྱའོ། །ལེའུ་བཅུ་གཅིག་པའི་རྡོ་རྗེའི་ཚིག་གཏུ་བའོ།། །། ་དཔལ་ལྡན་རྒྱུད་རྒྱལ་འདི་ལ་རྣམ་དཔྱོད་པའོ། །སྐྱེ་བོ་བླ་འཕགས་དུ་མས་རྣམ་མང་དུ། །དོན་གྱི་སྡེབ་སྦྱོར་མང་དུ་ལྷུར་བླངས་པས། །ཤིན་ཏུ་གསལ་བ་རྣམ་བཤད་རྣམ་མང་མཛད། །བདག་གིས་དེ་རྣམས་ལ་གནས་དོན་ཉིད་འདིར་བསྡུས་ཀྱི། སྔོན་ཆད ་མ་བྱུང་འགའ་ཞིག་འདིར་བརྗོད་གང་ཡང་མེད། །འོན་ཀྱང་འདི་ལས་དྲི་མེད་བསོད་ནམས་གང་སྐྱེས་དེས། །བདག་ནི་རྣམ་ཀུན་འགྲོ་བའི་དོན་ལ་མངོན་དགར་བཤད། །དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ། རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ་ནང་གི་དོན ་བཤད་པ། སློབ་དཔོན་ཆེན་པོ་ཀཱ་མ་དྷེ་ནུས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ན་ཡ་དེ་བ་དང། །ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་དོན་སྡུས་པ་ཞེས་བྱ་བ་བཞུགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ནཱ་མ་སཾ་གྲ་ཧ། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་དོན་བསྡུས་པ། དཔལ ་