CLOSE WINDOW

D2537: 'phags pa 'jam dpal gyi mtshan yang dag par brjod pa'i 'grel pa/_ mtshan don gsal bar byed pa zhes bya ba
Wyliee-texts based on the ACIP/ALL Input

སོ། ། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་མཛོད་ཀྱི་སྒོམ་པ་ཡེ་ཤེས་གྲགས་པའི་དོན་དུ་བསྒྱུར་བའོ།།[་]@##། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སདྷཱི་ཏི་ཐི་ཏ་བཱ་ཏི་ནཱ་མ་ཀ་ར། ་བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྐུ་གསུམ་ངོ་བོ་ཉིད་ལྡན་པའི། །ཐབས་དང་ཤེས་རབ་གཉིས་ལྡན་པའི། །ལོག་རྟོག་དྲ་བ ་གཅོད་མཛད་པ། །ཡིད་བཞིན་ནོར་བུ་འཇམ་དཔལ་བསྟོད། །བླ་མེད་ཐེག་པ་ལམ་གྱི་དོན། །བླ་མའི་དྲིན་གྱིས་ཐོབ་ནས་བརྩམས། །གླེང་གཞི་དཀྱིལ་འཁོར་མཚན་གྱི་དོན། །སྔགས་དང་ཕན་ཡོན་མདོར་བསྡུས་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་བྱ་བའི་དོན་ནི ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགའ་ལྡན་དུ་སྐྱེ་བ་བཞེས་ནས། དེ་ནས་འཆི་འཕོ་བ་མཛད་དེ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པར་སྤྲུལ་ཏེ་ལྷུམས་སུ་ཞུགས་ནས། དེ་ཉིད་ཡེ་ཤེས་སེམས་དཔའ་མཐིང་ག་ཐལ་བའི་མདོག་གོ། །དེ་ཡང་མི་རྣམས་ཐེག་ཆེན་གྱི་ལམ ་ལ་ཞུགས་པའི་ཕྱིར་གླང་པོ་ཆེའོ། །འགྲོ་བ་དྲུག་གི་སྒོ་གཅོད་པའི་ཕྱིར་མཆེ་བ་དྲུག་ཞུ་ནས་ཞལ་དྲུག་པ་སྟོན་པས་ན་དཔལ་ལྡན་ནོ་ཞེས་བྱ་བའོ། །ཡུམ་གྱི་ཕོ་བྲང་དེ་ཉིད་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུའི་སྤྲུལ་པ་ཕྱག་ན་རྡོ་རྗེ་དཔག་ཏུ་མེད་པས ་བསྐོར་བས་ན་རྡོ་རྗེ་འཆང་ཞེས་བྱ་བའོ། །འཇིགས་བྱེད་ཀྱི་དོན་དེ་སྐུ་ལ་རྫོགས་པ་ཡང་ངོ་། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་བྱ་བའི་དོན་ནི། པདྨ་ནི་ཡུམ་གྱི་མཁའ་གཞལ་ཡས་ཁང་གདན་དང་བཅས་པའོ། །དེ་ལྟར་སྣང་བ་ལས ་རྒྱལ་བ་རིགས་ལྔས་འོད་ཀྱིས་བསྐུལ་ཏེ། སྐུ་ཁྲོ་བོ་ཞུ་བ་ལས་ཕུང་པོ་ལྔ་རིགས་ལྔས་བྱིན་གྱིས་བརླབས་པའི་སྐུ་ལྔའོ། །ཡུམ་ལ་བསྟོད་ཅིང་ཉོན་མོངས་པ་དང་ཤེས་བྱ་སྤངས་པའི་རྟགས་སུ་པོ་ཏི་དང་རལ་གྲི་བསྣམས་པ། ཐམས་ཅད་མཉམ་པའི་ས་ལ་བཞུགས་པའི་རྟགས ་སུ་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་པའོ། །དེའི་ཕྱིར་ཡེ་ཤེས་ཡོངས་སུ་རྫོགས་ཤིང་རྒྱས་པས་ན་པདྨ་རྒྱས་པའི་གདན་ལ་བཞུགས་པའོ། །དེ་ཉིད་ཕྱི་ནང་མེད་པར་རྒྱས་པར་གསལ་བས་ཉོན་མོངས་པའི་དྲི་མ་དག་པས་ན། པདྨ་དཀར་པོ་རྒྱས་འདྲའི་སྤྱན་ནོ། །རིགས་ལྔས ་བྱིན་གྱིས་བརླབས་པའི་སྐུའོ། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་།ཅེས་བྱ་བའི་སྒྲའི་དོན་ནི་ལུམ་པའི་ཚལ་བྱང་ཆུབ་ཀྱི་ཤིང་རྩར་ཡུམ་གྱི་རྩིབ་མའི་བར་ན་ཚུར་ལ་སྐུ་གཞལ་ཡས་ཁང་དང་བཅས་པ་བཏོན་ནས་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས། གཞོན་ནུའི་རོལ་པ ་མཛད་པས་ནང་གི་བདུད་ཕྱི་རོལ་གྱི་སྟོབས་ཀྱིས་བཏུལ་བས་ན་གདུལ་དཀའ་འདུལ་བ་ཞེས་བྱ་བའོ། །ད་ནི་རོལ་པ་སྟོན་ཏེ། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ནི། དཔའ་བོ་ནི་ཉོན་མོངས་པ་ཅན་འདུལ་བའི་སྟོན་པའོ། །རྡོ་རྗེ་ནི་རྡོ་རྗེའི་གདན་ནོ། །དབང་ཕྱུག་ནི་ཀླུའི་རྒྱལ་པོ ་གཉིས་ཀྱིས་སྐུ་ཁྲུས་གསོལ་བའོ། །རྡོ་རྗེ་ནི་གཉིས་སུ་མེད་པའི་ཆུའོ། །གསང་བའི་རྒྱལ་ནི་ནང་ལས་ཁྱད་པར་དུ་གྱུར་པའོ། །རྒྱལ་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། རང་བཞིན་གྱི་དོན་ཏོ། །བསྡུ་བ་ཐ་མ་ནི་ཕྱག་ན་རྡོ་རྗེས་བསྡུས་ཏེ། ཡང་དང་ཡང་དུ་ཞེས་བྱ་བ་ནས། ་ལུས་བཏུད་རྣམས་དང་ཞེས་བྱ་བས་བསྡུས་སོ། །རྡོ་རྗེ་གསོར་ཞིང་འཇིགས་བྱེད་ཀྱི་སྐུ་བསྟན་ནས་ཕྲིན་ལས་བཞི་ལས་དྲག་པོའི་ཕྲིན་ལས་ཀྱིས་ཞུ་བའོ། །ལུས་བཏུད་རྣམས་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཁོར་དང་ལྷན་ཅིག་ཏུའོ། ། ་དེ་ནི་དང་པོ་ཐབས་དང་ཤེས་རབ་དང་པོའི་སངས་རྒྱས་ཀྱི་སྐུ་བསྟན་པ་དང་། རང་བཞིན་གྱིས་བྱིན་གྱིས་བརླབས་པའི་སྐུ་བསྟན་པ་དང་། རོལ་པའི་གདུལ་བྱ་སྣ་ཚོགས་པའི་ཡེ་ཤེས་ཀྱི་སྐུ་བསྟན་ཏེ། དང་པོ་ཡུམ་བཞིས་བསྡུས། གཉིས་པ་ཀླུའི་བདག་པོ་གཉིས་ཀྱིས་བསྡུས། ་གསུམ་པ་ཚངས་པ་དང་བརྒྱ་བྱིན་གྱིས་བསྡུས། འཇིགས་བྱེད་ཕྱག་ན་རྡོ་རྗེས་བསྡུས་པའོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་བྱ་བ་ནས། མིང་ནི་ཡང་དག་བརྗོད་པའི་མཆོག་།ཅེས་བྱ་བས་ནི་བསྡུ་བར་འོས་པ་ཇི་ལྟར ་འོས་པ་བསྟན་པའོ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་བྱ་བ་ནི་བསྡུ་བར་འོས་པ་ཉིད་དུ་བསྟན་པའོ། །དེ་ལ་ཡང་དང་ཡང་དུ་ཞེས་བྱ་བ་ནི ་ཡུམ་གྱི་ཕོ་བྲང་དུ་ཡེ་ཤེས་སེམས་དཔའ་རང་བཞིན་གྱིས་བྱིན་གྱི་རླབས་ཀྱིས་རིགས་ལྔའི་སྐུ་དང་། དང་པོ་སངས་རྒྱས་ཡུམ་བཞིས་བྱིན་གྱིས་བརླབས་པའི་སྐུ་དང་། འཇིགས་བྱེད་སྲུང་བའི་སྤྲུལ་པའི་འཁོར་ཁྲོ་བོའི་སྐུ་དང་། རྣམ་པར་འཕྲུལ་པའི་སྐུའི་སྒོ་ནས་གསུངས་པ་དེ ་བཤད་དུ་གསོལ་ཞེས་པའོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱིས། །ལུས་བཏུད་ནས་ནི་སྤྱན་སྔར་འདུག་།ཅེས་བྱ་བས་ནི་ཞུ་བ་པོ་བདག་སྣོད་དུ་རུང་བའི་ཕྱིར་དང་། རྩེ་གཅིག་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་དང་། དུས་གསུམ་གྱི་སྡུད་པ་པོ་ཡིན་པའི་ཕྱིར་དང་། ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་ཞུ་བའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནི་ཞུ་བ་པོ་མཚན་ཉིད་དང་ལྡན་པ་དེ་ལ་ཟིལ་གྱིས་མནན་པའི་ཕྱིར། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། བདུད་བཞིའི་དགྲ་འདུལ་བ་དང་། འཁོར་སྦྱང་བ ་མཛད་ནས་འཛུམ་པ་མཛད་དེ། གསུང་སྙན་པ་བཏོན་ནས་གསུང་བ་ནི། ཞུ་བ་པོ་སྤྲོ་བ་བསྐྱེད་ནས་གསུངས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནི་སྟོན་པའོ། །གསང་སྔགས་རིག་སྔགས་ཐམས་ཅད་དང་། །ཞེས་བྱ་བ་ནི་དང་པོ་སངས ་རྒྱས་དང་། ཡེ་ཤེས་སེམས་དཔའ་དང་རྡོ་རྗེ་འཇིགས་བྱེད་དོ། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་དང་པོའི་སངས་རྒྱས་ནི་སྨན་པས་འདས་པའོ། །རྡོ་རྗེ་འཇིགས་བྱེད་ནི་འཇིག་རྟེན་པའོ། །ཡེ་ཤེས་སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་རིགས་སོ། ། ་དེའི་ཆེད་དུ་ཚིགས་སུ་བཅད་ནས། དེ་ཁོ་ན་ཉིད་ཡི་གེ་ཨའི་སྒོ་ནས་སྔགས་བརྗོད་པ་ནི། ཤཱཀྱ་ཐུབ་དང་ཐུབ་པ་དང་། །འོད་དང་རབ་ཏུ་གྲགས་པ་དང་། །སེང་གེ་དང་ནི་གཟི་བརྗིད་དང་། །སྟོབས་དང་ཡེ་ཤེས་ཆེན་པོ་དང་། །རབ་ཏུ་གྲགས་དང་གྲགས་ཆེན་དང་། །སྤྲུལ་པ་དང ་ནི་རྫུ་འཕྲུལ་ཆེ། །སྣང་དང་འོད་ཆེན་སྣང་བ་དང་། །དཔའ་བོ་སྡེ་དང་མི་འཇིགས་དང་། །གཙུག་ནས་བྱུང་དང་གཙུག་ཕུད་མཛེས། །ཁྱབ་པ་པོ་དང་ནམ་མཁའི་བདག་།བླ་མེད་འབྱུང་དང་མི་ཡི་ཐེག་།དབང་ཕྱུག་པོ་དང་རིན་ཆེན་ཕྱག། །ཙནྡན་དྲི་དང་དྲི་ཡི་འོད། །འོད་ཟེར་འཕྲོ ་དང་འོད་འཕྲོ་བཟང་། །དབང་པོ་ཞི་དང་ཙནྡན་ཕྱག་།མཆོག་ཏུ་མཛེས་དང་རབ་མཛེས་དང་། །སྦྱིན་དགའ་བ་དང་རྟག་ཏུ་གཏོང་། །སངས་རྒྱས་སྡེ་དང་དམ་པ་དང་། །པདྨ་དང་ནི་འཁོར་ལོའི་ཕྱག་།སྡེ་དང་རབ་ཏུ་འཇོམས་པ་དང་། །ཀུན་དུ་འོད་དང་འོད་པོ་ཆེ། །རབ་ཏུ་གྲགས་དང ་གྲགས་འཛིན་དང་། །མུ་ཁྱུད་འཛིན་དང་ལྷུན་པོ་ཆེ། །ལྷ་དང་ལྷ་ཡི་དབང་པོ་དང་། །མར་མེ་འོད་དང་འོད་པོ་ཆེ། །ཐུབ་དང་གཞན་གྱིས་མི་ཐུབ་དང་། །སྟོབས་དང་དཔུང་རབ་ཞི་བ་དང་། །ལེགས་པའི་ལམ་དང་སྤུ་གྲི་དང་། །སྦྲང་རྩི་བྱུང་དང་དགའ་བའི་དཔལ། །གནས ་པའི་གནས་དང་གཙུག་ན་ནོར། །གླང་པོ་དཔལ་དང་ཀ་ཏིའི་བུ། །གསེར་གྱི་མདོག་དང་འཁོར་ལོ་དང་། །སྨན་དང་ཡོངས་སུ་སྐྱོབ་དང་མར་མེ་དང་། །ཉི་མའི་འོད་དང་རིག་སྔགས་གྲུབ་དང་རྒྱལ་བའི་ཏོག་།ནམ་མཁའ་སྐུ་དང་དག་གཟུགས་གསང་སྔགས་མཆོད། །གཙོ་བོ་རྣམ་རྒྱལ ་ཐུགས་རྗེ་ཆེ། །འཇིག་རྟེན་དམ་པ་མཚན་ལས་འདས། །དམ་ཚིག་འཇིགས་བྱེད་སྟོབས་དང་ལྡན། །ཧ་ལ་གཤིན་རྗེ་ནམ་མཁའ་དང་། །རྒྱ་མཚོ་གླང་ཆེན་སྒྲ་སྒྲོགས་དང་། །སྒྲ་སྒྲོགས་བྱམས་ཚེ་དགའ་བའི་འོད། །ཤེས་རབ་སྣ་ཚོགས་འབར་བའི་མིག་།ཤེས་རབ་ལུས ་འཕགས་པདྨའི་རྩེ། །མེ་ཏོག་འབྲུག་སྒྲ་འཇམ་པའི་དབྱངས། །སྒྲ་དབྱངས་དང་ནི་ནོར་ལྷ་མཚན། །བརྟུལ་ཞུགས་བློ་དང་ཤེས་རབ་དང་། །ཆོས་རྒྱུན་འབྲས་བུ་ཆེ་དང་གཟུགས། །གཟུགས་སྣང་མཚུངས་མེད་འཁོར་ལོས་སྒྱུར། །འཇིག་རྟེན་བདག་དང་མཚན་མཆོག་སྐྱབས། ། ་སྐྱབས་དང་ནམ་མཁའི་སྲིད་པ་སེལ། །དྲི་མ་དབང་ཕྱུག་ཡོངས་སུ་ཞི། །ངེས་གྲོལ་དྲི་བྲལ་དུས་མེད་རྟོགས། །ཡོན་ཏན་ཡོན་ཏན་ཡོངས་སུ་སྨིན། །སེམས་ཅན་སྙིང་རྗེ་དབང་དོན་ཤེས། །ལམ་སྟོན་རང་འབྱུང་དགའ་བ་ཆེ། །དགའ་བའི་མཆོག་སྦྱིན་བརྩོན་འགྲུས་ལྡན། །གཙུག ་ཕུད་ཕུད་པུ་བརྟུལ་ཞུགས་ཆེ། །གཽ་ཏ་མ་ཚངས་པའི་མཚན་དང་ཞི། །མཐའ་གཉིས་ཆགས་བྲལ་མཐའ་ལས་འདས། །དྲི་མེད་ཉེས་དག་ཆོས་ཉིད་ཐོབ། །རྣམ་རྟོག་ཐོགས་མེད་དྲི་མེད་ཅན། །ཡེ་ཤེས་ལུས་དང་ཉེས་པ་འཇོམས། །འོད་དང་འོད་བཟངས་དུག་སེལ་དང་། །གཉེན ་པོ་དཔལ་དང་འཁོར་ལོ་བསྐོར། །སྤྱོད་ལམ་བཞི་དང་ཉི་མ་དང་། །ཏིང་འཛིན་རིན་ཆེན་དབང་ཕྱུག་དྲི། །ཏིང་ངེ་འཛིན་དང་ཆེ་བའི་འོད། །འབར་དང་ཐུགས་རྗེ་ཡེ་ཤེས་ཆེ། །སྡེ་དང་ཤེས་རབ་སྨྲ་བའི་རྒྱལ། །ཡེ་ཤེས་རྣམ་དག་དྲ་བའི་འོད། །རྡོ་རྗེ་བློ་ལྡན་སྙིང་རྗེའི་ཐུགས། ། ་སྤྲུལ་དང་རབ་གྲུབ་སྦྱིན་པ་དང་། །བར་བཅད་དག་དང་མི་གཡོ་བ། །མངོན་དུ་གཙུག་ཕུད་ཞིང་དང་ནི། །ས་གནོན་རྫུ་འཕྲུལ་ཆེ་ནས་ཆེ། །དེ་ནི་རྩ་བའི་འཁོར་ལོའོ། ། ཨཱ་ཞེས་བྱ་བ་ནི་རིགས་བྱིན་གྱིས་བརླབས་པའི་དང་པོའི་སངས་རྒྱས་ཀྱི་སྔགས་སོ། །སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟི། དུས ་གསུམ་གྱི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་ཕྱག་གི་སྔགས་སོ། །བཛྲ་ཏཱིཀྵྩ་ཞེས་བྱ་བའི་སྔགས་ནི། ཡེ་ཤེས་སེམས་དཔའི་སྔགས་སོ། །དབྱངས་ཡིག་ལ་བཞི་བསྣན་པ་ནི་ཁྲོ་བོ་བཅུ་དྲུག་གིའོ། །རིགས་ལྔ་ཡུམ་དད་བཅས་པ་ནི་བཛྲ་ཏཱིཀྵྞ་དང་། ཨ་ར་པ་ཙ་ནའི་བར་དུའོ། ། ་ཨ་ཨཱ་ཨཾ་ཨཿནི་སྒོམ་བཞིའོ། །ར་པ་ཙ་ན་ནང་གི་མཆོད་པའི་ལྷ་མོ་བཞིའོ། །ཡ་ཏེ་ན་མཿཕྱིའི་བཞི་སྟེ། སུམ་ཅུ་རྩ་བདུན་གྱིས་བསྟན་པ་སྟེ། རྡོ་རྗེ་འཇིགས་བྱེད་དོ། །དེ་ལྟར་དྲུག་ཅུ་རྩ་བཞི་བའི། །ོཾ་དང་ཧཾ་དང་ཨོཾ་གྱིས་ནི། །ཐབས་དང་ཤེས་རབ་དབྱེར ་མེད་རླུང་། །སུམ་ཅུ་རྩ་གཉིས་དྲུག་ཅུ་བཞི། །བཅུ་དྲུག་བརྒྱད་དུ་ཤེས་བྱའོ། །རིགས་ལྔ་དྲུག་པ་འོག་ཏུ་བསྟན། །ད་ནི་དཀྱིལ་འཁོར་ལྔ་ལས་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་སྟོན་ཏོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནི་དང་པོའི་སངས་རྒྱས་སོ། །རྫོགས ་པའི་སངས་རྒྱས་ཞེས་བྱ་བ་ནི་བསྐྱེད་པ་དེ་ཉིད་དེ་ཨ་ནི་ཡིག་འབྲུ་ཞེས་བྱ་བ་ནི་ཐབས་སོ། །དོན་ཆེན་ཡི་གེ་དམ་པ་ནི་ཤེས་རབ་པོ། །ཁོང་ནས་འབྱུང་བ་ནི་ཡུམ་གྱི་མཁའི་དཀྱིལ་འཁོར་ཆེན་པོ་དེ་འབྱུང་བ་བཞི་ཡུམ་བཞིས་བསྐྱེད་དེ། སྐྱེ་བ་མེད་པའི་དོན་ཆོས་ཉིད་སྟོང་པ་ཉིད་དོ། །དེ ་ལ་ཡུམ་བཞིས་ཆོས་ཀྱི་དབྱངས་སྟོང་པ་ཉིད་དགའ་ལྡན་ནས་འཆི་འཕོ་བ་མཛད། ཆོས་སྐུ་ལ་བསྟོད་པ་ཚིག་ཏུ་བརྗོད་པ་སྤངས་པའོ། །ལོངས་སྐུ་སྤྲུལ་སྐུར་བཞེངས་པར་བསྐུལ་བ་ནི། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཅེས་པས་བསྟོད་པའོ། །བསྐུལ་ནས་བཞེངས་པས་བསྟོད ་པ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་ནི་འདུ་བྱེད་དོ། །ཞེ་སྡང་ནི་རྣམ་པར་ཤེས་པའོ། །བྱང་ཆུབ་ཀྱི་རང་བཞིན། གཏི་མུག་ནི་གཟུགས་ཏེ་འབྲས་བུའོ། །ཆགས་པ་ནི་ང་རྒྱལ་ཏེ་འདུ་བྱེད་སྨིན་པའི་ཚོར་བའོ། །ཁྲོ་བ་ནི་ཕྲག་དོག་སྟེ་འདུ་བྱེད་དོ། །དེས་ནི་ཆོས་སྐུ ་ལས། གཟུགས་སྐུ་སོ་སོར་རྟོགས་པ། བྱམས་པ་མེ་ལོང་ལྟ་བུ་སྙིང་རྗེ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་མཉམ་པ་ཉིད་བཏང་སྙོམས་སོ། །བྱ་བ་གྲུབ་པ་དགའ་བ་སྟེ། དུག་ལྔ་མ་སྤངས་གཟུགས་སྐུར་བཞེངས་པ་ལ་བསྟོད་པའོ། །འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ ་ནི་འདོད་ཆགས་རྣམ་པར་དག་པའི་འབྲས་བུ་བདེ་བའོ། །ཞེ་སྡང་རྣམ་པར་དག་པའི་འབྲས་བུ་དགའ་བ་ཆེ་དང་མགུ་བའོ། །གཏི་མུག་རྣམ་པར་དག་པའི་འབྲས་བུ་གཟུགས་ཆེ་ཞིང་ལུས་ཆེ་བའོ། །ང་རྒྱལ་རྣམ་པར་དག་པའི་འབྲས་བུ་ལ་ཁ་དོག་ཆེ་བ་དང་ལུས་བོང་ཆེ་བའོ། ། ་ཕྲག་དོག་རྣམ་པར་དག་པའི་འབྲས་བུ་མིང་ཆེ་བའོ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་བྱ་བ་ནི་སྐུ་དེ་རྣམས་མ་འདྲེས་པའོ། །དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་སྒོ་ནས་བསྟོད་པའོ། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་།ཅེས་བྱ ་བས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གསལ་བར་བསྟན། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །ཞེས་བྱ་བས་ནི་ཡུམ་གྱི་མཁའ་ཨེའི་གནས་ན་བཞུགས་པའི་ཚེ། ནང་གི་སྐུ་དེ་ཕྱི་ན་ཡང་གསལ་ཞིང་། གང་དང་གང་གིས་མཐོང་པའི ་སྡུག་བསྔལ་རབ་ཏུ་ཞི་བའོ། །དེ་མཐོང་ན་ཡིད་ཚིམ་ཞིང་ཐོས་ན་དགའ་བའི་སྟོབས་དང་ལྡན་པའི་ཕྱིར། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་བྱ་བ་ནི་ཕྱི་ནང ་མེད་པ་བསྐུ་དེ་ལས་སྤྲུལ་པ་དང་པོ་འོད་དཔག་ཏུ་མེད་པ་བྱུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་དགའ་བ་དང་བདེ་བའི་གཟི་མདངས་དང་ལྡན་ཏེ། ཡུམ་གྱི་ཉེས་པ་སྦྱངས་ཏེ། དེ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་སྒོ་ནས་བསྟོད་པའོ། ། ་ཡུམ་གྱི་ཕོ་བྲང་དུ་ཟླ་བ་བཅུ་བཞུགས་པ་ལས་སྐུ་བལྟམས་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པ་ནི། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་བྱ་བའོ། །ཡང་ན་དེ་ལྟར་གནས་ཤིང་ཡོན་ཏན་དང་ལྡན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡོན་ཏན་ཏེ། སྦྱིན ་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་།བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །བསམ་པའི་ཡེ་ཤེས་རྒྱ་མཚོ ་སྟེ། །ཞེས་བྱ་བས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བསྟོད་པའོ། །དེ་ནས་འབྲས་བུ་མངོན་པར་རྫོགས་པར་མཛད་པ་ནི། བྱམས་ཆེན་རང་བཞིན་དགའ་ལྡན་དུ་བྱམས་པ་ལ་མི་ནུབ་པར་མཛད་པའི་དབང་བསྐུར་མཛད་ནས། གླིང་བཞི་ལས་འཛམ་བུའི་གླིང་དུ་གདུལ ་བྱ་འདོད་ཆགས་ཅན་དང་། ཞེ་སྡང་ཅན་གདུལ་པའི་དོན་དུ་གཤེགས་པ་ནི། རྫུ་འཕྲུལ་ཆེན་པོ་ཞེས་གསུངས་ཏེ། གླང་པོ་ཆེ་རྫུ་འཕྲུལ་དང་ལྡན་པར་སྤྲུལ་ནས་བྱུང་བའོ། །སྟོབས་ཆེན་པོ་ཕ་རོལ་གྱི་སྡེ་གནོན་པས། སྟོབས་ཆེན་ཕ་རོལ་གནོན ་པའོ། །དེ་ནས་སྟོབས་ཞེས་པ་སྟེ། སྟོབས་བཅུ་དང་ཤིན་ཏུ་མྱུར་བ་དང་། ལྷ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པས་ན་ཆེ་བར་གྲགས་ཞེས་པའོ། །དེས་སྲིད་པའི་རི་བོ་ཆེན་པོ་འཇོམས་ཞེས་པ་སྟེ། རྫུ་འཕྲུལ་རྣམ་པ་དུ་མ་བསྟན་ནས་སྲིད་པའི་ལམ་དུ་ཞུགས་པ ་དེས་ནི་མགོན་པོ་ཞེས་པ་སྟེ། བཅོམ་ལྡན་འདས་སོ། །བླ་མ་ནི་ཡུམ་གྱི་ལུས་ཤིན་ཏུ་རྫུ་འཕྲུལ་ཆེ་ཞིང་སྟོབས་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་གྱི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གནས་ཀྱི་ཕྱིར་རོ། །དེས་ན་ཕ་རོལ་གྱི་སྡེ་འཇོམས་ཤིང ་ཉོན་མོངས་པ་སྤོང་བའི་དེ་ཉིད་ཀྱི་ཕྱིར་སྲིད་པའི་རི་བོ་ཆེན་པོ་འཇོམས་པས་བརྟན་ཞིང་མི་འགྱུར་བའོ། །དེའི་ཕྱིར་འདོད་ཆགས་འཇོམས་པའོ། །ཞེ་སྡང་འཇོམས་པ་ནི། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་པ་སྟེ་ཁྲོ་བོ་འཇིགས་བྱེད་ཀྱི་སྐུས་སོ། །དེས་ན། དྲག ་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པས་ཞེ་སྡང་ཅན་འདུལ་བར་བྱེད་པ་བསྟན་ཏོ། །དེའི་དོན་ནི་ཤེས་རབ་ཐབས་ཀྱི་སྦྱོར་བའོ། །དེས་ནི་ཕྱག་རྒྱ་བཞི་སྟོན་ལ་དེ་ལས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པས་ན་བླ་མའོ། །དེའི་ཕྱིར་ན་སྐྱེད་པར་བྱེད་པའི་ཡུམ་ཉིད་དོ། །རྩ་བའི་མངོན ་རྟོགས་མཚན་རྣམས་ནི། །འོད་ཟེར་བཟང་དང་ཀུན་དུ་འོད། །མར་མེ་མཛད་དང་སྨན་གྱི་བླ། །རིན་ཆེན་མཚན་དང་འོད་ཀྱི་མཚན། །བྱམས་པའི་སྟོབས་དང་དཔའ་བོའི་སྡེ། །སེང་གེའི་མཚན་དང་རབ་ཏུ་འཇོམས། །ཟླ་བའི་འོད་དང་འོད་ཟེར་འཕྲོ། །རི་རབ་མཚན་དང་པདྨ ་གནོན། །སྐར་མའི་རྒྱལ་དང་ཚངས་པའི་མཚན། །རྒྱུན་དུ་གནས་དང་རི་བོའི་རྩེ། །རྣམ་པར་གནོན་དང་རིན་ཆེན་སྣང་། །ཡིད་དགའ་གནས་དང་འོད་དཔག་མེད། །ནམ་མཁའི་འོད་དང་པདྨའི་ཞབས། །དཀོན་མཆོག་བརྩེགས་དང་རབ་ཞི་འོད། །གཙུག་ཏོར་ཅན་དང་དཔེ་བྲལ ་ཐུགས། །སྣང་བ་ཤར་དང་དཀོན་མཆོག་དཔལ། །ཕྱག་གི་འོད་དང་ཐུགས་རྗེའི་གནས། །པདྨའི་སྤྱན་དང་པདྨའི་ཞལ། །ཆུའི་ལྷ་དང་ཙནྡན་ཕྱག་།ཡོངས་སུ་དག་དང་ནམ་མཁའི་མཛོད། །འོད་ཟེར་སྣང་བ་ཀུན་ནས་སྣང་། །རིན་ཆེན་ཕྱག་དང་པདྨའི་ཕྱག་།འོད་ཟེར་བཟང་དང ་ཉི་ཟེར་འོད། །སྲ་བས་བརྟན་དང་ཤུགས་བྱུང་བའོ། །སྤྱན་བཟང་པོ་དང་ཐུགས་རྗེའི་སྤྱན། །བདུད་སྡེ་འཇོམས་དང་ཉོན་མོངས་སེལ། །ནམ་མཁའི་འོད་དང་ཀླུ་དབང་རྒྱལ། །གཞོན་ནུའི་འོད་དང་རྫུ་འཕྲུལ་ཅན། །རྫུ་འཕྲུལ་མཛད་དང་ཡོངས་སུ་དགེ་།ཡིད་དགེ་བ་དང་རི་རབ་ལྷ། ། ་བྱམས་པའི་སྟོབས་དང་དགའ་བས་སྦྱིན། །རབ་གྲོལ་མཛད་དང་མི་མཉམ་གཟིགས། །ཐོགས་མེད་མཛད་དང་ཀུན་སྐྱོབ་མཛད། །སྣང་བའི་སྟོབས་དང་སྟོན་པའི་རྒྱལ། །ཐོགས་མེད་ཡེ་ཤེས་སྤྱན་ལྡན་ནོ། །ཐུགས་རྗེའི་སྟོབས་དང་རྒྱ་མཚོའི་སྤྲིན། །རྒྱལ་བའི་བཀའ་དང་སྤྲིན ་གྱི་ཤུགས། །སྤྱོད་ལམ་ཞི་དང་ལོག་དད་སེལ། །བྱམས་པའི་འོད་དང་སྤོས་ཀྱི་ཞིང་། །མཚན་མ་ཞི་དང་སྟོན་ཀའི་རྩེ། །ཆོས་ཀྱི་སྤྲིན་དང་ཡོན་ཏན་སྡེ། །འཕགས་པའི་ལམ་དང་དྲི་མ་བྲལ། །མཆོག་ཏུ་དགའ་དང་དྲི་མ་མེད། །སྤྱོད་ཡུལ་སྤངས་དང་ཀུན་དུ་འཕྲོ། །རྒྱལ་བའི་འོད ་དང་ཕྱག་རྒྱ་ཅན། །དེས་ནི་སྤྲུལ་པའི་མཚན་ཉིད་དེ། །དགའ་དང་སྐད་ཅིག་བདག་ཉིད་དོ། །དེ་ལྟར་བསྟན་པ་དེས་སྤྲུལ་པ། །མངལ་གྱི་སྐུ་ལ་བསྟོད་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱ་བས་ནི ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དོ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བས་ནི་སོ་སོར་རྟོག་པ་དང་བྱ་བ་གྲུབ་པའོ། །དེ་ལྟར་གྱུར་པ་ནི་འཇམ་དཔལ་ཡུམ་གྱི་རང་བཞིན་ཏེ། སེང་གེ་དང་ནི་རབ་གསལ་བྱེད། །ཐུབ་པ ་དང་ནི་མེ་ཏོག་དང་། །མེ་ཏོག་མཛེས་དང་སྤྱན་གསལ་ལོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་བྱ་བས་ནི་སེམས་བསྐྱེད་པའི་ཁྱད་པར་ཡུམ་མཱ་མ་ཀཱིའི་རང་བཞིན་ནོ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་བྱ་བས་ནི་སྤྱོད་པའི་ཁྱད་པར་ས་གཉིས་པ་ནས་བདུན་པ་ཡུམ་ནམ ་བཟའ་དཀར་མོའོ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་བྱ་བས་ནི་བསྒོམ་པས་སྤོང་བའི་ལྷག་མ་བརྒྱད་པ་དང་བཅུ་པའི་བར་ཏེ། ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན་ཏེ། ས་མ་ཡ་མཉམ་པར་རྟོགས་པའོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ཞེས ་བྱ་བས་ནི་དེ་བདག་ཉིད་སྐུ་དང་ས་བཅུ་ལ་ནི་གནས་པའོ་ཞེས་བྱ་བ་ནི་དེའི་འཁོར་གྱི་བདག་ཉིད་དང་དེ་ཉིད་ནི་ས་བཅུ་གཅིག་པ། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་བྱ་བ་ནི་སྤོང་བ་དང་། ཐོབ་པའི་ཡོན་ཏན་གཉིས་དང་ལྡན་པའི་རང་བཞིན་གྱིས་ཆོས་སྟོན་པ་ཡུམ་སངས་རྒྱས ་སྤྱན་ནོ། །དེ་རྣམས་ཀྱི་དོན་ནི་འབྱུང་བ་ཡུམ་གྱི་ཕོ་བྲང་དུ་ཟླ་བ་བཅུ་བཞུགས་པ་ནི་ས་བཅུ་དང་ལྡན་པའོ། །དེས་འགྲོ་བའི་དོན་མ་ལུས་པར་བྱེད་པས་ན། ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་བྱ་བས་ནི་དེ་ཡང་དབང་བཅུས་འགྲོ་བའི་དོན་བྱེད་པ་དང་ལྡན་ནོ། །འོ་ན་འཇམ ་དཔལ་ནི་ཡེ་ཤེས་ཀྱི་ངོ་བོ་ཡིན་ན་སྐྱེ་འགག་མི་འགལ་ལམ་ཞེ་ན། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་བྱ་བས་ནི་ལོངས་སྐུའི་བདག་ཉིད་ཀྱི་ཕྱིར་རོ། །དེད་དཔོན་ཀུན་དང་ཆེན་པོའི་ཕྱག་།སྟོབས་པོ་ཆེ་དང་རྒྱུ་སྐར་རྒྱལ། །བྱང་ཆུབ་སེམས་དཔའ་སྨན་པའི་མཆོག་།རྒྱན ་གྲགས་པ་དང་མཚན་དང་ནི། །འོད་ཟེར་ཆེ་དང་རྣམ་གྲོལ་ལུས། །རྣམ་སྣང་མཛད་དང་སྙིང་པོ་ཉི། །ཟབ་པའི་མཚན་དང་འོད་ཟེར་འབར། །འོད་འཕྲོ་བཟང་དང་མྱ་ངན་མེད། །སྐབས་དེ་བཞིན་དང་ཕྲེང་བ་འཆང་། །ཡོན་ཏན་འོད་དང་དོན་བསྟན་པ། །མར་མེ་མཆོག་ཅེས་བསྟན ་པའོ། །ལོངས་སྐུའི་བདག་ཉིད་བསྟན་པའོ། །ཐོག་མ་མེད་པ་ཞེས་པ་ནས་བདེན་པར་སྨྲ་ཞིང་ཞེས་བྱ་བས་ནི། སྐྱེ་བ་མེད་པའི་ཆོས་ཉིད་ལ་ཟེར་ཡང་ཀུན་རྫོབ་ཕྱག་རྒྱ་ཆེན་པོ་སྟེ་དེ་ལས་ཕྱག་རྒྱ་ཆེན་པོ་དེ་ཉིད་རྟོགས་པའི་ཕྱིར་རོ། །གང་ལས་ཤེ་ན་བླ་མའི་མན་ངག་ལས་ཏེ། ཇི་སྐད ་སྨྲས་པ་དེ་བཞིན་བྱེད། །ཅེས་པས་སོ། །དེ་བཞིན་ཉིད་གང་ཞེ་ན། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་བྱ་བའོ། །འོ་ན་གང་ལ་བརྟེན་ནས་རྟོགས་ཤེ་ན། དགའ་བ་བཞིའི་བདག་ཉིད་ལྷན་ཅིག་སྐྱེས་པ་ལས་ཏེ། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱའོ། །དེའི་ཕྱིར་ན ་གདོད་མ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདག་ཉིད་ལ་སྐྱེ་འགག་དང་བྲལ་ཡང་སྣང་བ་ཐབས་ལ་བརྟེན་ནས་སྐྱེ་འགག་སྟོན་པ་སྟེ་དེའི་ཕྱིར་མི་འགལ་ལོ། །དེ་བས་ན་ཡང་དག་པའི་མཐའ་ཡེ་ཤེས་ཆེན་པོ་དེ་འཇམ་དཔལ་གྱི་རང་བཞིན་དུ་གནས་སོ། །དེའི་དོན་ནི་སྐྱེ་བའི་མཐའ་མ ་སྲིད་པའི་མཐའ་སྤངས་པའོ། །དེས་ནི་ཆོས་སྐུ་སྟེ་དོན་དམ་པའོ། །འབར་བ་བཟང་དང་སྨན་བཟང་པོ། །མཛོད་སྤུ་འཛིན་དང་དཔའ་བོ་དང་། །བརྟན་པོར་གནས་དང་དཔལ་མགོན་ལྷ། །མཐོང་བར་དཀའ་དང་ཡོན་ཏན་ཏོག་།སྒྲ་གཅན་བྱང་སེམས་སྒྲ་གཅན་ནོ། །དེས་ནི་ཡུམ ་ལ་བསྟོད་པའོ། །ཕྱག་རྒྱ་ཆེན་པོ་དེའི་ཡོན་ཏན་ཅི་ཡོད་ཅེ་ན། བདག་མེད་སེང་གེའི་སྒྲ་དང་ལྡན། །ཞེས་བྱ་བ་ནི་དཔེར་ན་སེང་གེའི་ཕྲུ་གུ་སྐྱེས་མ་ཐག་ཏུ་གཞན་འཇོམས་པ་བཞིན་དུ། བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྐུ་དེ་ཡང་བལྟམས་པ་ཙམ་གྱིས་བདུད་དང་མུ་སྟེགས་དང ་རྣམ་རྟོག་ལས་བྱུང་བ་ཐམས་ཅད་འཇོམས་པའོ། །ཆོས་ཀྱི་སྐུའི་བདག་ཉིད་དུ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །ཞེས་བྱ་བས་ནི་བར་མ་དེའི་སྐུ་ཞུ་བ་དེའི་བདག་ཉིད་དེ། རྒྱལ་བ་རྣམ་རྒྱལ་ཞེས་བྱ་བ་སྟེ་ལོངས་སྐུའོ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། ། ་ཞེས་བྱ་བ་ནི་ཞུ་བ་དེའི་བདག་ཉིད་དུ་གནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའི་ལོངས་སྐུ་ལས་སྣ་ཚོགས་ཀྱི་གཟུགས་ཀྱི་བདག་ཉིད་དུ་གྱུར་པའི་སྤྲུལ་སྐུ་སྟེ། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག་།ཅེས་བྱ་བ་སྟེ། ཚོགས་ནི་མང་པོ་སྟེ་དཔག་ཏུ་མེད་པའི་དོན་ཏོ། །དེ ་རྣམས་ཀྱི་བདག་པོར་གྱུར་པས་ན་བདག་ཅེས་བྱ་བའོ། །མཐུ་ཆེན་ཞེས་པ་ནི་ཇི་ལྟར་ཀུན་གྱིས་རྒྱལ་བའི་སྐུ་དེ་གཅེས་པར་འཛིན་ཏོ། །དེ་ལྟར་ལྷན་ཅིག་སྐྱེས་པ་དེ་ཡང་ཤེས་པའི་བདག་ཉིད་དུ་འགྱུར་བའི་ཕྱིར་རོ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག་།ཅེས་བྱ་བ་ནི་ཇི་ལྟར་ཡུམ་གྱི་ཟས་ནུས ་པ་དང་ལྡན་ཞིང་རོ་མཆོག་ཐམས་ཅད་ལྡན་ཏེ། དེ་བཞིན་དུ་ལྷན་ཅིག་པའི་རང་བཞིན་དང་ལྡན་པས་རོ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །ཚིག་རྗེ་ཞེས་བྱ་བ་ནི་ཇི་ལྟར་བལྟམས་པར་གྱུར་པ་དེའི་ཚེ་ན་ཐམས་ཅད་ཀྱང་སྐད་སྙན་པ་ཀ་ལ་བིང་ཀ་ལྟར་མཐའ་དག་ཤེས་པ་དེ་བཞིན་དུ ་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་ཐམས་ཅད་ཀྱི་སྒྲ་ལྷན་སྐྱེས་ཀྱི་རང་བཞིན་དུའོ། །དེ་ཡང་བདེན་པ་དང་སྙན་པར་རོ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་བྱ་བ་ནི་ལམ་མོ། །དེ་ཡང་སྐུ་བཞི་དང་འཁོར་ལོ་བཞི་དང་། དགའ་བ་བཞི་དང་སྐད་ཅིག་མ་བཞི ་དང་། ཕྱག་རྒྱ་བཞི་དང་། བདེན་པ་བཞི་དང་། སྡེ་པ་བཞིའི་བདག་ཉིད་དུ་སྟོན་ཏོ། །འོ་ན་ལམ་དུ་ཇི་ལྟར་གནས་ཤེ་ན། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་པའོ། ། ་དེ་བས་ན་བདེན་པ་བཞི་བདག་ཉིད་བསྡུས་པ་དང་། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །ཞེས་བྱ་བས་སྡེ་པ་བཞི་བདག་ཉིད་དུ་བསྡུས་པའོ། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་།ཅེས་བྱ་བས་སྐུའི་བདག་ཉིད་དུ་བསྡུས་པའོ། །དེས་ན་ཐམས ་ཅད་འདུས་པའི་ཡུམ་གྱི་སྐུ་སྟེ་མངལ་གྱི་ཕྲུ་མ་ཆོས་གོས་ཏེ་རང་བཞིན་གྱིས་དགྲ་བཅོམ་པའི་དགེ་སློང་ངོ་། །དེ་གཅིག་པུ་གནས་པས་རང་རྒྱལ་བའོ། །ངེས་པར་འབྱུང་བའི་རྟེན་འབྱུང་བ་ཆེན་པོ་བཞིས་བསྐྱེད་པའི་རྒྱུ་གཅིག་པོ་དང་ལྡན་པས་ཉན་ཐོས་པའོ། །ཚུལ་ཁྲིམས་མཐའ ་དག་རྫོགས་ཏེ་ཟླ་བ་བཅུར་བཞུགས་པས་བྱང་ཆུབ་སེམས་དཔའོ། །ཐབས་དང་ཤེས་རབ་ཀྱི་སྐུར་རྫོགས་ཤིང་རྒྱུན་མི་འཆད་པའི་གསང་སྔགས་དང་ལྡན་པས་ཕྱག་རྒྱ་ཆེན་པོའི་སྡོམ་པ་རྫོགས་པ་ནི་བདེ་བར་གཤེགས་པའོ། །ཚངས་པའི་མཚན་དང་སྟོབས་པོ་ཆེ། །རིག་པས་འཛིན ་དང་འོད་མཛད་པ། །ཆེན་པོའི་རི་དང་རྒྱལ་བའི་མཚན། །འཇིགས་པར་བྱེད་དང་རིན་ཆེན་དང་། །པདྨའི་སྡེ་དང་སྟོབས་དང་ནི། །མེ་ཏོག་འོད་དང་ཡེ་ཤེས་འོད། །ལྷ་མིན་འོད་དང་ཚངས་པ་དང་། །འོད་དཔག་མེད་དང་ཀླུ་སྦྱིན་ནས། །རིམ་པར་སྟོན་དང་དོན་ཡོད་མཐོང་། །དཔའ་བོ་སྦྱིན་དང ་མི་ལྡང་བ། །སེང་རྒྱལ་མཚན་དང་ཁམས་གསུམ་སྡུད། །ཆོས་མོས་དང་ནི་དགའ་བའི་རྒྱལ། །དོན་ཆགས་པ་དང་དགའ་བར་མཛད། །ཆུ་ཡི་ལྷ་དང་ཡོན་ཏན་ལག་།སྤོས་གླང་པོ་དང་དོན་ཡོད་དབྱངས། །ཐུབ་བཟང་པོ་དང་ཟླ་བ་དང་། །ཟླ་འོད་གྲགས་དང་གླང་ཆེན་སྟོབས། །གཙུག་ནོར ་བུ་དང་དྲག་པོ་དང་། །སེང་གེ་མཆོག་དང་ངང་པའི་འགྲོས། །དོན་རྣམས་རྒྱལ་དང་ཤེས་རབ་བརྩེགས། །ལེགས་པར་གནས་དང་བློ་གྲོས་བརྟན། །ཡན་ལག་བྱུང་དང་བདུད་རྩི་ཤིང་། །ལུས་བཟང་པོ་དང་ཡེ་ཤེས་ལྡན། །འོད་འཕྲོ་བ་དང་དཀའ་ཐུབ་གནས། །བཀྲ་ཤིས་འབྱུང་དང ་བདེན་སྨྲ་དང་། །པདྨ་དང་ནི་མི་ཡི་ཐེག་།ུཏྤལ་དང་ཡེ་ཤེས་བློ། །བློ་དྲི་བྲལ་དང་ཚངས་པས་བྱིན། །རིན་ཆེན་མཛོད་དང་མེ་ཏོག་ལྷ། །ལེགས་བསམ་དོན་དང་དབང་ཕྱུག་ཆོས། །བློ་གྲོས་གྲགས་དང་རྣམ་པར་རོལ། །ཤེས་པ་མཆོག་དང་མང་པོའི་ལྷ། །དྲི་མཆོག་དང་ནི་ཤེས་རབ ་ཟེར། །རིན་ཆེན་སྙིང་དང་གྲོང་ཁྱེར་མཐོང་། །ཟླ་བའི་འོད་དང་ཚེས་པའི་མཆོག་།ཡིད་ཀྱི་ཡུལ་དང་ཡོན་ཏན་གྲགས། །ཟླ་བས་བསིལ་དང་གསང་བའི་འོད། །སེང་གེའི་ཏོག་དང་ལུགས་ལས་བཟློག་།སྙིང་པོ་དཔལ་དང་དངོས་མཐར་སྟོན། །གློག་གི་འོད་དང་སེང་གེ་སྦྱིན། ། ་གཞན་གྱིས་མི་ཐུབ་ཅེས་པའོ། །རིག་པའི་མཆོག་།བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པས་ནི་ཐབས་ཤེས་རབ་སེམས་ཀྱི་རང་བཞིན་ཉིད་ཀྱི་སྡོམ་པར་གྲུབ་བོ། །དེས་ཇི་ལྟ་བུ་ཞིག་སྤངས་ཤེ་ན། འཁོར་བའི་ཕ་རོལ་མཐར་སོན་པ། ། ་བྱ་བ་བྱས་པ་སྐམ་སར་གནས། །ཞེས་པའོ། །འབྲས་བུ་གང་དང་ལྡན་ཞེ་ན། ཡེ་ཤེས་འབའ་ཞིག་ལས་འབྱུང་བ། །ཞེས་བྱ་བའི་ཡོན་ཏན་གྱི་ཁྱད་པར་ཅི་ཞེ་ན། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་བྱ་བས་སོ། །འོ་ན་གདུལ་བྱ་གང་ལ་སྣང་ཞེ་ན། བསོད་ནམས་ལྡན་པ་ཞེས་པའོ། ། ་ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ་ནི་ལུས་དང་སེམས་ཐ་དད་དུ་འདོད་པ་ཉན་ཐོས་རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ལས་ཁྱད་པར་དུ་གྱུར་པ་ནི་ཡེ་ཤེས་ལྡན་པ་སྟེ། ཡོད་པ་ལུས་མེད་སེམས་གཉིས་ལྡན་པར་ཤེས་པའོ། །དེས་ཁྱད་པར་ཆེའོ། །འོན་ཏེ་རྟོགས་པའི་གང་ཟག ་དེ་ཚོགས་གཉིས་རྫོགས་ཤིང་དུས་རྟག་ཏུ་རྣལ་འབྱོར་གུས་པའི་གང་ཟག་གིས་སོ། །དེ་ཇི་ལྟར་བསམ་གཏན་བདེ་བ་དང་རིག་པ་དབྱེར་མེད་ཅིང་མི་གཡོ་བ་སྟེ། དེའི་ཕྱིར། བསམ་གཏན་བསམ་བྱ་བློ་ལྡན་མཆོག་།ཅེས་བྱ་བས་བསྟན་ཏོ། །དེ་ལ་བསྡུས་པའི་དོན་ནི། འདི་ལྟར ་སངས་རྒྱས་ཞེས་པས་ནི་རྡོ་རྗེ་གླུས་ནི་བསྐུལ་བའོ། །བྱམས་ཆེན་རང་བཞིན་ཞེས་པས་ནི། །དགའ་ལྡན་གནས་ནས་བསྐུལ་བའོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །གླང་ཆེན་ལྟ་བུར་གཤེགས་པའོ། །མཆོད་པ་ཆེན་པོ་ཞེས་བྱ་བས། །རྒྱུ་ལྔས་འབྲས་བུ ་བསྐྱེད་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཕོ་བྲང་དབྱིངས་ན་བཞུགས་པའོ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཐམས་ཅད་ཟིལ་མནན་བཀྲ་ཤིས་བརྗོད། །ཅེས་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཚོགས་གཉིས་ཡོངས་སུ་རྫོགས་པ་ཡིས། །དྷརྨ་དྷཱ་ཏུ་ལུས ་དབུས་སུ། །དེ་ནས་ཡེ་ཤེས་ལྔ་བསྒོམ་སྟེ། །དེ་ལྟར་མཚན་ནི་བརྗོད་པར་བྱ། །ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ལ། །ཚིགས་བཅད་སུམ་ཅུ་རྐང་པ་གཉིས། །མཚན་ནི་ཉིས་བརྒྱ་ལྔ་བཅུ་གཉིས། །གཙོ་ལ་རྩ་གསུམ་གཞན་ལ་རེ་རེ་ལྷག་།ཡེ་ཤེས་ལྔའི་དཀྱིལ་འཁོར་བསྟན ་པའོ། །ད་ནི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་པར་བྱ་སྟེ། ཡུམ་དང་འཁོར་དང་ཕོ་བྲང་སྟེ། །དེའི་ཕྱིར་སོ་སོ་རང་རིག་མི་གཡོ་བའོ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྐུ་དེ་ཉིད་མཐིང་ག་ཆོས་སྐུའི་རང་བཞིན་ཁྲོ་བོའི་རྣམ་པ་ནི། ལོངས ་སྐུ་སྤྲུལ་པ་འཕྲོ་བ་ནི་སྤྲུལ་སྐུའོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་བྱ་བས་ནི་ཐབས་ཀྱི་བདག་ཉིད་སྐུ་དང་ཡུམ་གྱིས་བསྐྱེད་པའི་སྐུ་བསྟན་ཏོ། །སངས་རྒྱས་སྲས་པོ་དམ་པའི་མཆོག་།ཅེས་བྱ་བས་ནི་ཡུམ་གྱི་གནས་ཆོས་ཀྱི་དབྱིངས་ལ་བཞུགས་པའོ། །དེ་ཡང་སྐུ ་ལྔའི་བདག་ཉིད་དེ་རིགས་ལྔས་བྱིན་གྱིས་བརླབས་པའོ། །དེ་ནི་དབུས་ཀྱི་ཡུམ་གྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་བསྟན་ཏེ། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་བྱ་བའི་དོན་ཏོ། །སྐྱེ་བའི་གནས་མེད་པ་ཅི་ཞེ་ན། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཞེས་པའོ། །དེའི་རང་བཞིན་ཅི་ཞེ་ན། ་གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག་།ཅེས་པའོ། །ནམ་མཁའ་ལས་བྱུང་རང་འབྱུང་བ། །ཞེས་བྱ་བ་ནི་ནམ་མཁའ་ནས་འབྱུང་བའི་སྐུའི་ཤེས་རབ་ཅེས་བྱ་བ་ནི་ཤེས་རབ་བོ། །ཡེ་ཤེས་ནི་ཡེ་ཤེས་སོ། །མེ་བོ་ཆེ་ཞེས་པ་ནས། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་ནི་ཐབས ་སོ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་བྱ་བས་ནི་སྔགས་ཀྱི་བདག་པོ་བར་དུ་གཅོད་པ་སེལ་བ་རྣམས་སོ། །གཙུག་ཏོར་ཆེན་པོ་རྨད་འབྱུང་གཙུག་།ཅེས་པ་ནི་གཙོ་བོ་རྣམ་པ་ལྔའི་བདག་ཉིད་དེས་ཁྲོ་བོའི་བདག་ཉིད་དོ། ། ་ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་བྱ་བ་ནི་དེ་རྣམས་ཀྱི་སྤྲུལ་པའོ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག་།འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཞེས་བྱ་བས་ནི་རིགས་ལྔ་དང་ཡུམ་ལྔའོ། །དེ་ཡང་ཞལ་གྱི་འོད་ཟེར་དང་སྐུའི་འོད་ཟེར་གྱིས་བསྐྱེད་པ་ནི། སྣ་ཚོགས་གཟུགས ་ཅན་སྐྱེད་པ་པོ། །དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད། །ཅེས་བྱ་བས་སྐུ་དཔག་ཏུ་མེད་པ་སྲུང་བ་དེ་ཡང་དྲང་སྲོང་གི་ཆ་བྱད་ཅན་གྱིས་དེ་ལ་མཆོད་ཅིང་ཤིས་པ་བརྗོད་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཚོགས་གཉིས་བསགས་པ་དང་། གཞལ་ཡས་ཁང་བསྐྱེད་པ་ནི། ཚོམ་བུ་ལྔ ་དང་ལྡན་པ་འཁོར་ལོ་རྩིབས་བཅུ་དྲུག་གྲུ་ཆད་བཞི་དང་། རྟ་བབས་དང་སྒོ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་ལྡན་ཞིང་ཤིན་ཏུ་མཛེས་པའི་ནང་སེང་གེ་དང་། གླང་པོ་ཆེ་དང་རྟ་དང་། རྨ་བྱ་དང་ཤང་ཤང་ངོ་། །དེའི་སྟེང་དུ་ལྷ་ཆེན་པོ་དང་། དྲི་ཟ་དང་གཤིན་རྗེ་དང་གནོད་སྦྱིན་ནོ། །དེའི་སྟེང་དུ ་ཉི་མའོ། །ས་བོན་ཨ་ལས་བསྐྱེད་པ་ནི་དབུས་སུ་འཇིགས་བྱེད་ཆེན་པོའི་སྐུ་མདོག་མཐིང་ག་མཆེ་བ་གཙིགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ་ས་གནོན་གྱི་ཕྱག་རྒྱ་ཅན་ནོ། །དེའི་ཐུགས་ཀར་ཤེས་རབ་འཁོར་ལོ། །དེའི་སྟེང་དུ་ཉི་མའི་སྟེང་དུ་བཅོམ་ལྡན་འདས ་འཇམ་པའི་རྡོ་རྗེ་མཐིང་ག་ཞལ་དྲུག་པ་རལ་པའི་ཐོར་ཅོག་ཅན་སྟེང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་བཞུགས་པ། ཕྱག་དྲུག་ནི་གཡས་ན་ཀེང་རུས་ཀྱི་དབྱུག་པ་དང་མདའ་གཞུ་དང་རལ་གྲིའོ། །གཡོན་ན་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་མདུང་བསྣམས་པའོ། །དེ་ལས ་སྤྲུལ་པའི་སྐུ་དྲུག་འཕྲོ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་ཞབས་བཞི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་བརྐྱང་བསྐུམ་དུ་བཞུགས་པའོ། །དེ་རྣམས་ལ་བསྟོད་པ་ནི། སོ་སོ་རང་རིག་མི་གཡོ་བ། །ཞེས་བྱ་བ་ནས། ཆོས་ལས་འབྱུང་བ་སྲིད་པ་སེལ། །ཤེས་རབ་འཁོར་ལོ་ལ ་བསྟོད་པའོ། །ཡེ་ཤེས་སྐར་མ་ལམ་མེ་བ། །ཞེས་བྱ་བས་ནི་གཙོ་བོ་ལ་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བས་ནི་ཡེ་ཤེས་སེམས་དཔའ་ཉིད་ལ་བསྟོད་དོ། །མཚན་ནི། རྒྱལ་བའི་ཏོག་དང་རབ་གྲུབ་གྲགས། །བརྩོན་འགྲུས་བརྟན ་དང་དཔེ་བྲལ་གྲགས། །ཤིན་ཏུ་གྲགས་དང་དགྲ་བཅོམ་ལྷ། །མར་མེ་ཆེ་དང་འཇིག་རྟེན་འོད། །དཔའ་བོ་དྲི་དང་ཡོན་ཏན་འཛིན། །མུན་པ་བྲལ་དང་སེང་གེ་སྤྲས། །རིན་ཆེན་གྲགས་དང་ཞི་རབ་སྒྲོན། །ཡིད་སྐྱེས་ཟླ་དང་ལེགས་པར་སྟོན། །རྒྱལ་མཚན་གཟུགས་དང་ནོར་བུ་བཟང་། ། ་རི་བོའི་རྩེ་དང་ཆོས་འབྱུང་གནས། །དོན་རྣམས་པ་དང་ཆོས་སྦྱིན་པ། །རིན་ཆེན་གནས་དང་དབང་པོ་རྒྱལ། །སེང་གེ་མནན་དང་ངོ་བོའི་གནས། །སྐལ་བྲལ་གདུགས་དང་ཐམས་ཅད་དཔལ། །སེང་གེ་སྒྲ་དང་ཐམས་ཅད་འཕགས། །སེང་གེ་སྒྲ་དང་ཡོན་ཏན་ཕྲེང་། །མེ་ཏོག ་རི་དང་དབྱངས་ལྡན་ནོ། །དབང་ཕྱུག་དྲི་དང་ཤིན་ཏུ་དགའ། །སྟོབས་ཀྱི་ལྷ་དང་བདེན་པར་སྨྲ། །ཀླུ་ཡི་ཕྱག་དང་རྒྱལ་མཚན་དང་། །རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ། །བདུད་རྩི་འགྲོ་དང་ཉི་མ་འཆད། །བློ་རབ་ཞི་དང་གཟུགས་མཐའ་ཡས། །རྒྱལ་བས་བྱིན་དང་སྣང་བར་མཛད། ། ་རིན་ཆེན་ཏོག་དང་དོན་གྲུབ་དང་། །ལེགས་པར་ཞི་དང་རྟོགས་པ་འཆང་། །མེ་ཏོག་དང་ནི་དབང་པོ་རྒྱལ། །གཟི་བརྗིད་ཅན་དང་དོན་སྟོན་མཛད། །ཚེ་དཔག་མེད་དང་ཁྲོ་དབང་ཕྱུག་།དོན་གནས་ཅན་དང་མི་ཤིགས་གྲགས། །མྱ་ངན་མེད་དང་དྲི་མ་བྲལ། །དྲི་མ་བྲལ་བའི་ལྷ་ཞེས་པའོ། ། ་རྡོ་རྗེ་འཇིགས་བྱེད་དུར་ཁྲོད་བདག་།འཇོམས་མཛད་རྒྱལ་དང་རྣམ་པར་འཕྲུལ། །ཁམས་གསུམ་རྒྱལ་དང་སྒྱུ་འཕྲུལ་དྲ། །རྣམ་པར་འཇོམས་དང་མེ་ལྟར་འབར། །བི་ལོ་ཀི་དང་གཞན་གྱིས་མི་ཐུབ་པའོ། །མི་གཡོ་བ་དང་རྡོ་རྗེ་ཁུ་ཚུར་ཞེས་པའོ། །དེ་ནས་ཡུམ་བཞི་གཙོ་བོ་འཁྲིལ ་བ་དཀར་པོ་དང་དམར་པོ་དང་། སེར་པོ་དང་ལྗང་གུའི་མདོག་གོ། །གླང་པོའི་པགས་པ་འཛིན་པའི་ཕྱག་གི་གཡོན་ན་ཨུཏྤ་ལའོ། །དེ་ལ་བསྟོད་པ་ནི། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པས་ནི། ཐེག་པ་མཆོག་གསུམ་སྟོན་པའོ། །ཞེས་བྱ་བས་ཚིག་རྐང་ལྔས ་བསྟོད་པའོ། །རིགས་ལྔ་ནི་སེང་གེའི་སྟེང་ན་རྣམ་པར་སྣང་མཛད་མདོག་དཀར་པོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་ན་གཞུ་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ནོ། །བསྟོད་པ་ནི། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་བྱ་བས་བསྟོད་པའོ། །རིན་ཆེན་འབྱུང་ལྡན ་རྟའི་སྟེང་ན་མདོག་སེར་པོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཕྱག་ན་དུར་ཁྲོད་ཀྱི་རས་འཛིན་པ་རལ་པའི་ཐོར་ཚུགས་ཅན་ནོ། །བསྟོད་པ་ནི། ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པས་བསྟོད་པའོ། །སྣང་བ་མཐའ་ཡས་རྨ་བྱ་དང་ཆུ ་ལྷའི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་དམར་པོ་ཕྱག་ན་མདུང་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ནོ། །བསྟོད་པ་ནི། རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །ཞེས་པས་སོ། །དོན་ཡོད་གྲུབ་པ་ནི་མདོག་ལྗང་གུ་ཤང་ཤང་དང་གནོད ་སྦྱིན་གྱི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ཕྱག་ན་རྡོ་རྗེའི་ཐོ་བ་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ནོ། །བསྟོད་པ་ནི། རྡོ་རྗེ་དྲག་པོ་རྡོ་རྗེ་སྙིང་། །ཞེས་པས་སོ། །དེའི་མཚན་ནི། འདོད་པའི་རྒྱལ་དང་ཟླ་བའི་གཙོ། །གནོད་མཛེས་དང་ནི་ཧཱུཾ་མཛད་དོ། །རྡོ་རྗེ་གནོད་སྦྱིན་རྡོར་ལྕགས ་ཀྱུ། །བདུད་རྩི་འཁྱིལ་དང་པདྨ་འཁྱིལ། །ཕྱག་ན་རྡོ་རྗེ་རྗེ་ཁྲག་འཐུང་། །རྡོ་རྗེ་ལྕགས་སྒྲོག་སྟོབས་པོ་ཆེ། །རྡོ་རྗེ་ཞགས་པ་རྟ་མགྲིན་དང་། །དྲག་པོ་ཆེ་དང་འཁོར་ལོའོ། །དང་པོས་མཚན་དང་ཡོན་ཏན་དང་ཁ་དོག་གོ། །གཉིས་པས་ནི་མདོག་དང་མཚན་ནོ། །གསུམ་པས་མཚན་དང ་མདོག་དང་སྐུ་དང་། ཐབས་དང་ཤེས་རབ་ཀྱི་གནས་སོ། །བཞི་པས་མཚན་དང་མདོག་དང་རྒྱན་ཆའོ། །འཁོར་ལོའི་རྩིབས་ཆེན་བཞི་རྣམས་ལ། ནང་གི་དུར་ཁྲོད་དེ་ཨགྣི་པྲ་བྷ་དང་། མ་རི་ཧ་ཧ་ཁ་དང་། བྷེ་ར་བ་ཛྭ་ལ་ཁར་དང་། མ་རུ་ཙེ་འགའ་ན། ནང་ན་རོའི་སྟེང་ན་ཉི་མ་ལ་བརྐྱང ་བསྐུམ་དུ་བཞུགས་པའོ། །ནང་གི་ལྷ་མོ་བཞི་ནི། དཀར་མོ་དང་། སེར་མོ་དང་། དམར་མོ་དང་། ལྗང་གུའི་མདོག་ཅན་གྱི་ཁྲོ་མོ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། རོའི་སྟེང་ན་རོལ་པའི་ཚུལ་ཅན་ཕྱག་ན་མིའི་མགོ་བོ་དང་། རྒྱུ་མ་དང་། ཅང་ཏེའུ་དང་། རྐང་པའོ། །ཉི་མའི་འོད་ཅན ་ཉི་མའི་གདན་ལ་བཞུགས་པའོ། །གྲགས་ཆེན་ཧ་ཧ་ཞེས་པ་ནས། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །ཞེས་བྱ་བས་བསྟོད་དེ། དེའི་མཚན་ནི་འདི་ཡིན་ཏེ། དབྱུག་སྔོན་ཅན་དང་འཇིགས་བྱེད་ཆེ། །ནམ་མཁའི་མདོག་དང་དྲག་ཤུལ་འཇོམས། །རྡོ་རྗེ་སྐུའི ་བདག་རྡོར་དབང་སྒྱུར། །བདུད་སྡེ་འཇོམས་དང་ཞགས་པ་ཆེ། །ནག་པོ་ཆེ་དང་ཞེ་སྡང་འཇོམས་སོ། །དེའི་དོན་ནི་འདི་ཡིན་ཏེ། འདོད་ཆགས་ང་རྒྱལ་ཕྲག་དོག་དང་། །ཞེ་སྡང་ལ་སོགས་འཇོམས་མཛད་མའོ། །འཁོར་ལོ་བཅུ་དྲུག་ལ་ཤེས་རབ་ཀྱི་སེམས་དཔའ་བཅུ ་དྲུག་ནི། གདན་ནི་མི་དང་གླང་པོ་ཆེ་དང་མ་ཧེ་དང་བོང་བུ་བཞིའི་སྟེང་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་དཀར་པོ་ཕྱག་ན་རྡོ་རྗེ་དང་གྲི་གུག་དང་། མདའ་དང་། ལག་པ་རྣམས་འཛིན་པའོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ། ་ཞེས་བྱ་བ་ནས། མཚན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་བྱ་བས་བསྟོད། གདན་ནི་རྔ་མོ་དང་ཁྱི་དང་ལུག་དང་ཝའི་སྟེང་ན་ཉི་མའི་སྟེང་དུ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་སེར་པོ་ཕྱག་ན་ཆུ་གྲི་དང་རལ་གྲི་དང་འཁོར་ལོ་དང་ཤང་ལང་བསྣམས་པའོ། །རྡོ་རྗེ་རལ་གྲི ་མ་ལུས་གཅོད། །ཅེས་པ་ནས། རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་བྱ་བས་བསྟོད། གདན་ནི་བྱ་རྒོད་དང་འུག་པ་དང་བྱ་རོག་དང་ནེ་ཙོའི་སྟེང་དུ་ཉི་མ་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་མདོག་དམར་པོ་ཕྱག་ན་དབྱུག་ཏོ་དང་ཁ་ཊྭཱཾ་ག་དང་གསལ་ཤིང་དང་ཐོད་ཚལ་བ་བསྣམས ་པའོ། །རྡོ་རྗེ་འབར་བ་མིག་མི་བཟང་། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་བྱ་བས་བསྟོད། གདན་ནི་ཁྲ་དང་ཀང་ཀ་དང་སྲིན་བྱ་དང་། ཁྲུང་ཁྲུང་གི་སྟེང་དུ་ཉི་མ་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པ། མདོག་ལྗང་གུ་ཕྱག་ན་རྩེ་གསུམ་པ་དང་ཕུབ་དང་སྟ་རེ་དང་གཏུན་ཁུང་ངོ་། ། ་ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུ་ལུས། །སེན་མོ་སྐྱེས་པ་རྡོ་རྗེ་རྩེ། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །ཞེས་བྱ་བས་བསྟོད་པའོ། །དེ་རྣམས་ཀྱི་མཚན་ནི། འོད་ཟེར་འཕྲོ་དང་བདུད་སྡེ་འཇོམས། །དྲག་ཤུལ་འཇོམས་དང་ཤུགས་ཆེན་མོ། །ཤིན་ཏུ་ཁྲོས་དང་ཁྲག ་འཛག་དང་། །ཐོད་པ་འཆང་དང་ཨུཏྤ་ལ་མདོག་།རྡོ་རྗེ་འདུས་དང་ཕྲིན་ལས་མཛད། །གཏུམ་ཁྲོ་འབར་དང་རྔ་བོ་ཆེ། །ཁམས་གསུམ་འཇོམས་དང་དྲག་པོའི་སྟོབས། །ཐལ་བའི་མདོག་དང་མ་ཧེའི་ཞལ། །བདུད་རྩི་ཕྱག་དང་ནམ་མཁའི་མདོག་།དྲ་བའི་འོད་དང་མི་ཤིགས ་བསྣམས། །ཐུགས་རྗེའི་ཞགས་དང་རིན་ཆེན་ཞགས། །པདྨ་ཁྲོས་དང་རྡོ་རྗེ་ཁྲོས། །ཞེས་པས་སོ། །གྲུ་ཆད་ལྷ་མོ་བཞི་པོ་ནི། ཕྱིའི་དུར་ཁྲོད་དེ། བི་བི་ཤ་དང་། ཛྭ་ལ་པར་པ་ཏ་དང་། འགའ་ན་དུ་ཁ་དང་། པ་རི་ཁྲེ་ཏ་དང་། བཞིའི་ནང་ན་རོའི་སྟེང་། ཉི་མ་ལ་བརྐྱང་བསྐུམ་དུ ་བཞུགས་པ། མདོག་ཤེལ་གྱི་མདོག་དང་། གསེར་བཙོམ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལྟ་བུ་ཕྱག་ན་རླུང་གི་རས་དང་འཕན་རྩེ་གསུམ་པ་དང་མེ་ཐབ་དང་ཀ་པཱ་ལ་བསྣམས་པའོ། །བསྟོད་པ་ནི། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། ། ་ཞེས་པའོ། །མཚན་ནི་ལས་ཀྱི་ཁྲོས་དང་རིན་ཆེན་ཁྲོས་སོ། །སྒོ་མ་བཞི་ནི་ཉི་མའི་གདན་ལ་ཞབས་བརྐྱང་བསྐུམ་དུ་བཞུགས་པའོ། །མདོག་ནག་པོ་སེར་པོ་དམར་པོ་སྣ་ཚོགས་པའོ། །ཕྱག་ན་ལྕགས་ཀྱུ་དང་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་བསྣམས་པའོ། །བསྟོད་པ་ནི། ་གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་བྱ་བས་སོ། །མཚན་ནི། འབར་བའི་འོད་དང་དབྱུག་པ་སྔོ། །ཞེས་བྱ་བས་བསྟོད་པའོ། །དེའི་དོན་ནི། དཀྱིལ་འཁོར་ལྷ་རྣམས་རྫོགས་བསྒོམ་དང་། །ཐམས་ཅད་འཇམ་དཔལ་སྐུར་བསྡུས་ནས། །འཇིགས་བྱེད་ཆེན་པོར་གྱུར་པ་ནི། །རྣམ ་ཐར་བརྒྱད་ལྡན་ཞལ་བརྒྱད་པ། །སྤྱན་ནི་ཉི་ཤུ་རྩ་བཞིར་མཛེས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །དོ་ཤལ་དོ་ཤལ་མི་མགོ་བརྒྱ། །ཕྱག་ནི་སུམ་ཅུ་རྩ་གཉིས་མཛེས། །བྱང་ཆུབ་ཕྱོགས་རྣམས་ཡོངས་སུ་རྫོགས། །ཞབས་ནི་བཅུ་དྲུག་གདུག་པ་གདོན། །སྟོང་པ་བཅུ་དྲུག་ཡོངས་སུ ་དག་། མཚན་མ་འགྲེང་བ་ཆགས་པ་སྟེ། །ཁྲོ་བོས་ཤེས་རབ་ཤིན་ཏུ་གསལ། །རྟེན་གྱི་གཞལ་ཡས་དེ་བསྒོམ་བྱ། །དེ་ནི་ཤིན་ཏུ་ཁྲོས་པའི་གནས། །ཤིན་ཏུ་འཇིགས་པ་དུར་ཁྲོད་གནས། །ཐབས་དང་ཤེས་རབ་ཡེ་ཤེས་ཀྱི། །རོལ་པའི་དཀྱིལ་འཁོར་དེ་ལ་བརྟེན། །ཞི་དང་རྒྱས ་དང་དབང་དང་དགུག་། བསད་པའི་འཁྲུལ་འཁོར་བཅུ་དྲུག་སྟེ། །སྒྲུབ་པ་རིགས་ཀྱི་འཁོར་ལོ་ལྔ། །བསྡུས་པའི་འཁོར་ལོ་དེར་བསྡུས་པས། །ཉི་ཤུ་རྩ་གཅིག་འཁྲུལ་འཁོར་ནི། །གདམས་ངག་གཞན་དུ་ཤེས་པར་བྱ། །ཚིག་རྐང་བཅུ་བདུན་རྐང་པ་གཅིག་། ་མ་ཚང་མཚན་ནི་བརྒྱ་རྩ་བདུན། །བཅུ་བཅུ་ལྷག་ལ་གཙོ་བོ་ལ། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྟན་པའོ། །ད་ནི་འཇམ་དཔལ་རོལ་པའི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ཉིད་ཀྱི་སྐུ་བསྐྱེད་པ་དང་བསྲུང་བའོ། །ད་ནི་སྐུ་འཇིག་རྟེན་དུ་བྱུང་བའི་ཚུལ་སྟོན་པ་ནི་དེ་ནི་འདི ་ཡིན་ཏེ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནས། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པས་ནི། རིགས་པ་དང་ཆོས་གཉིས་ཀ་ལས། ཡོན་ཏན་དཔག་ཏུ་མེད་ཅིང་སྡུག་བསྔལ་སིམ་པར་བྱེད་པའི་སྒྲ་འབྱུང་བས་བསྟོད་པ་ཙམ་ཐོས་པ་ཙམ་གྱིས་དེ་ཁོ་ན་ལྷན་ཅིག་སྐྱེས་པའི་རོ་རྟོགས ་ཏེ། རྒྱུ་མཚན་ཇི་ལྟ་བུས་རྟོགས་པ་ནི། །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་ནི་ཡི་གེ་མེད། །ཅེས་པའོ། །གང་གིས་བསྟན་ཞེ་ན། ཆོས་སྣ་ཚོགས་ཀྱི་ངོ་བོར་སྣང་བའི་སྒྲས་བསྟོད་པས་དེ་ཁོ་ན་ཉིད་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་སྐད་ཅིག་མ་ལ ་སྦྱོར་བའོ། །འོ་ན་འབྲས་བུ་གང་ལ་སྦྱར་ཞེ་ན། ལྷན་ཅིག་སྐྱེས་པ་མི་གནས་མྱ་ངན་ལས་འདས་པ་ལ་སྦྱོར་བའོ། །རིག་པའི་བདག་ཉིད་ཆོས་ཅན་དུ་གྱུར་པའི་སྒྲས་ཅི་སྟོན་ཞེ་ན། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་རིག་པའི་བདག་། ་ཅེས་བྱ་བ་ནི་འདོད་པ་ནི་གཟུགས་དུ་མར་གནས་པའོ། །གང་ཟག་དེ་རྣམས་ཀྱི་བསྟོད་པ་ནི། མཚུངས་པ་མེད་ཅིང་ཆེ་བར་གྲགས། །ཡེ་ཤེས་ཀྱི་སྐུ་དེ་ལ་བསྟོད་པ་ནི། མཚུངས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །ཞེས་བྱ་བའོ། །འོ་ན་འབྲས ་བུ་ཅི་ཞེ་ན། འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག་།འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་།གནས་བརྟན་རྒན་པོ་སྐྱེ་དགུའི་བདག་།སུམ་ཅུ་རྩ་གཉིས་མཚན་དང་ལྡན། །སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར ་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའོ། །འདོད་པ་དང་གཟུགས་དང་གཟུགས་མེད་པས་ཁམས་གསུམ་གྱི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་ལ་དེ་ལྟར་བསྟོད་པའོ། །འོ་ན་ཡེ་ཤེས་ཀྱི་སྐུ་གང་ཞེ་ན། འཇིག་རྟེན་གསུམ ་ན་གཞོན་ལུས་གཅིག་པའི་སྐུ་དེ་ལ་བསྟོད་པའོ། །དེའི་དོན་ནི་འཇིག་རྟེན་ནི་འཇིག་རྟེན་གསུམ་དུ་ཡེ་ཤེས་ཀྱི་སྐུ་བལྟམས་པའོ། །ཇི་ལྟར་བལྟམས་པར་བྱེད་ཅེ་ན། ཡུམ་གྱི་སྐུ་བསྟོད། ཤེས་རབ་ཤིན་ཏུ་ཡངས་པ་དེར་འོད་ཀྱིས་འཇིག་རྟེན་གསུམ་གསལ་བར་མཛད་ནས། ་འཁོར་ཐམས་ཅད་བདེ་བའི་རང་བཞིན་དུ་ཚིམ་པར་བྱེད་པ་སྟེ། གནས་བརྟན་རྒན་པོ་སྐྱེ་དགུའི་བདག་པོ་ཚངས་པ་དང་། སུམ་ཅུ་རྩ་གཉིས་ཀྱི་བདག་པོ་ཡོན་ཏན་རྣམ་སྨིན་གྱི་མཚན་དང་ལྡན་པའི་བརྒྱ་བྱིན་གྱིས། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག ་རྟེན་ཡིད་གཅུགས་པ། །ཞེས་བྱ་བ་ནི་ཡོན་ཏན་དེ་དང་ལྡན་པའི་དབྱེར་མེད་ཀྱི་སྐུ་དེ་ཐབས་དང་ཤེས་རབ་གཉིས་ཀྱི་ཚུལ་དུ་བླངས་པའོ། །འོ་ན་དེའི་དོན་ཅི་ཞེ་ན། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པ་ནས། སྲིད་པའི་རི་བོ་འཇོམས་པ་པོ། །ཞེས་བྱ་བས་ནི་འཇིག་རྟེན་པའི་སྤྱོད་པ ་དང་བསྟུན་ནས། སྐྱེ་བས་འགྲོ་བ་ལ་སྐྱོབ་ཅིང་འདྲེན་པའི་རྟགས་སུ་ཕྱོགས་བཞིར་ནམ་མཁར་གོམ་པ་བདུན་གྱིས་པདྨ་བདུན་བདུན་ནོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཡེ་ཤེས ་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། ། ་དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ལུས་ཀུན་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའི་ལམ་ལ་རབ་ཏུ་གནས། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་།དཔག་བསམ་ཤིང ་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག་།ཅེས་བྱ་བའི་དོན་ནི། མ་རིག་པའི་དྲི་མ་དང་། སྲིད་པའི་དྲ་བ་དང་། ཉོན་མོངས་པ་ཞི་བ་དང་། འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དབང་བསྐུར་ཞིང་ཁྲུས་གསོལ་བའོ། །གང་ལ་ཞེ་ན། ཡེ་ཤེས་ཀྱི་སྐུ ་དེ་ལའོ། །གང་དང་ལྡན་པས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱིས་དེ་ཁོ་ན་དང་ལྡན་པ་དང་། སྡུག་བསྔལ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་བྱེད་པས་སོ། །དེ་ཇི་ལྟར་དག་སྟེ། མི་དག་ཅེ་ན། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ ་ཀུན་ལས་འདས་པས་སོ། །ཇི་ལྟར་རྒྱུ་མཚན་ཅི་ཞེ་ན། དུས་གསུམ་དུས་མེད་རྟོགས་པའོ། །གང་གི་ལས་སུ་བྱས་ཤེ་ན། ཀླུ་ཆེན་པོས་སེམས་ཅན་གྱི་ཡེ་ཤེས་ཀྱི་སྐུ་དེ་ལའོ། །ཇི་ལྟར་མཛད་ཅེ་ན། ཡོན་ཏན་གྱི་རྒྱན་སྦྲུལ་མགོའི་གདེངས་ཀ་ཅན་གྱི་ཀླུའི་གཙོ་བོ་དགའ་བོ་དང ་འཇོག་པོའོ། །དེ་ཡང་ནམ་མཁའ་ལ་ལུས་སྤྲིན་དང་བཅས་པ་དབུ་ལ་རིན་ཆེན་འབར་བས་བརྒྱན་པ། རིན་པོ་ཆེའི་རྒྱན་དུ་མས་ལུས་ལ་བརྒྱན་པ། དེས་བྱང་ཆུབ་ཀྱི་ཤིང་འབྲས་བུ་སྤོས་ཀྱི་ངད་དང་ལྡན་པའི་བུམ་པ་ལ། ཐབས་ཤེས་རབ་ཀྱི་ཆུ་རྒྱུན་གྱིས་འཁྲུ་བའི་བུམ་པ་ལག་ཏུ ་ཐོགས་ནས། ཤིང་ཆེན་པོ་དེའི་ལག་ན་བཟུང་བའི་དུས་དེ་ཉིད་དུ་ཁྲུས་གསོལ་བའོ། །ལས་ཀྱི་ཁྱད་པར་ཅི་ཞེ་ན། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །བྱ་བ་བདག་དམ་ཤེས་དམ་ཚིག་ལྡན། །དུས ་ཤེས་སེམས་ཅན་དབང་དོན་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །ཞེས་བྱ་བའོ། །འོ་ན་ལས་གང་དང་འབྲེལ་པས་ཤེ་ན། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་།ཞེས་གོང་དུ་བསྟན་པ་དང་འབྲེལ་ཏོ། །དེས་ནི་བྲམ་ཟེ་དང་། རིག་བྱེད་ལྟར་བཀྲ་ཤིས་པའོ། །ཚིགས་སུ་བཅད་པ་རྐང་པ་གསུམ་པ་འདིར་ནི་ལུས་དགེ་བར་གྱུར་ཅིག་།ངག་དགེ་བར་གྱུར་ཅིག་།སེམས་དགེ་བར་གྱུར་ཅིག། ་ཅེས་པའི་དོན་ཏོ། །ཡོན་ཏན་འོད་དང་ཁྱད་པར་ཆེ། །རྣམ་ཤེས་གྲགས་དང་ཀུན་དུ་གྲགས། །ཟླ་བ་གང་དང་པདྨའི་འོད། །དཀའ་ཐུབ་རྒྱལ་དང་མར་མེ་རྒྱལ། །གློག་གི་ཏོག་དང་རྒྱལ་བའི་འོད། །གསང་བ་ལྡན་དང་དཔེ་བྲལ་གྲགས། །པདྨ་གྲགས་དང་མེ་ཏོག་མཚན། །སྤྱན ་མཆོག་བཟང་དང་གྲགས་མེད་དོན། །དྲག་པོ་སྡེ་དང་བསོད་ནམས་འོད། །ཁྱད་པར་ཅན་དང་ཐོགས་མེད་བློ། །སྒྲ་གཅན་དང་ནི་ཡེ་ཤེས་འོད། །གྲགས་ལྡན་དང་ནི་ཡེ་ཤེས་ལྡན། །སྐར་མ་སྟོན་དང་རཱ་ཧུ་ལ། །སྨན་ཆེན་པོ་དང་སྨན་པའི་རྒྱལ། །བསོད་ནམས་གླང་པོ་དང་རྒྱུ་སྟོབས། ། ་སྐར་མ་རྒྱལ་དང་རྒྱལ་བའི་སྐུ། །ཉི་འོད་འཆང་དང་ཆོས་ཀྱི་མཛོད། །བློ་གྲོས་ལེགས་དང་རྒྱལ་བ་པོ། །རྡོ་རྗེ་སྡེ་དང་ཤེས་རབ་བརྩེགས། །ལེགས་པར་གནས་དང་རྒྱལ་བའི་བློ། །ཆགས་པའི་གནས་དང་ཀླུ་དབང་པོ། །ཡོན་ཏན་གསལ་དང་ཡེ་ཤེས་དག་།ཏོག་གི་འོད་དང་ཚངས ་པའི་དགེ་། སྒྲ་མི་སྙན་དང་རོལ་པར་གར། །ཀླུ་ཡིས་སྦྱིན་དང་བདེ་བའི་ཏོག་།མཁས་པས་དབྱངས་དང་གཞན་ཐུབ་མིན། །རི་འོད་སྦྱིན་དང་གསུང་དབྱངས་ཅན། །སེང་གེ་དང་ནི་སྣ་ཚོགས་ཉིད། །ཡེ་ཤེས་དཔལ་དང་པདྨ་ཆུ། །མེ་ཏོག་དང་ནི་རྣམ་གྲོལ་ལུས། །བསོད་ནམས ་སྤུངས་དང་མཚན་འགྱུར་བློ། །གསལ་བ་དང་ནི་ཟླ་མར་མེ། །མི་བཟད་པ་དང་བློ་བཟང་སྤྱན། །ཡན་ལག་མཆོག་དང་ཤེས་རབ་ཡུལ། །མཆོག་ཏུ་གྱུར་དང་རབ་འཇོམས་ཟེར། །ཤེས་རབ་སྦྱིན་དང་འཇམ་པའི་དབྱངས། །ཐོགས་མེད་མཛོད་དང་མཐུ་སྦྱིན་དང་། །དག་པ་དང་ནི ་ཡེ་ཤེས་གནས། །བདེ་གཤེགས་འོད་དང་དབང་པོའི་འོད། །ཐུབ་པ་ཆེ་དང་ལྷ་ཆེན་དང་། །འོད་ཟེར་བཟང་དང་གཟུགས་མཛེས་དང་། །རྒྱལ་བའི་སྐུ་དང་དོན་ཡོད་སྟོན། །སིང་ང་ལ་དང་དྲི་ལྡན་དང་། །གྲགས་པའི་མཚན་དང་བཀྲ་ཤིས་དང་། །སྙིང་པོ་མཆོག་དང་བསོད་ནམས ་དགེ་། ཉན་པ་ཆགས་དང་ཉན་འདོད་པ། །མར་མེ་རྒྱལ་དང་རིན་ཆེན་བརྩེགས། །ཚོགས་མེད་ལྷ་དང་ས་ཡི་བདག་།གྲོལ་བར་འགྲོ་དང་གཙུག་བུང་གསེར། །སྒྲ་གཅན་བཟང་དང་མི་ཐུབ་སྟེ། །རང་བཞིན་ཐུབ་དང་ཟླ་བའི་འོད། །གསེར་མདོག་བཟང་དང་འོད་དགེ་བའོ། །ཡོན་དབང་ལྷ ་དང་ཆོས་ཀྱི་གདུགས། །ཡོན་ཏན་ལག་དང་དྲན་པའི་མཚན། །ཡེ་ཤེས་རྫོགས་དང་བློ་གྲོས་འཕྲོ། །འོད་རྣམས་འབར་དང་སྨན་གྱི་སྐྱབས། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་བྱ་བའི་འོས། །ཇི་ལྟར་དེ་ལ་བྱ་བར་འོས་ཤེ་ན། འཇིག་རྟེན་དགྲ་སྟེ ་རབ་ཀྱི་མཆོག་། འཇིགས་པ་མ་ལུས་སེལ་བའོ། །དེའི་ཕྱིར་བྱིན་གྱི་རླབས་ཀྱི་ཡོན་ཏན་དེ་རྣམས་དང་ལྡན་པའོ། །དེ་གང་གིས་རྟོགས་ཤེ་ན། གཙུག་ཕུད་ཕུད་པུ་ལྕང་ལོ་ཅན། །ཞེས་པ་ནས། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་།ཅེས་བྱ་བས་ནི་སྐྱེ་གཉིས་པའོ། །ཇི་ལྟར ་རྟོགས་པའི་རྒྱུ་གང་དང་ལྡན་པས་རྟོགས་ཤེ་ན། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཅན། །གཙང་གནས་དམ་པ་གཽ་ཏ་མ། །ཇི་ལྟར་ཤེས་ཤེ་ན། བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ ་ཉིད། །ཅེས་བྱ་བ་ནི་རྒྱུ་ཁྱད་པར་ཅན་དང་ལྡན་པར་བྲམ་ཟེས་ཤེས་སོ། །བྲམ་ཟེ་དེ་ཡང་དྲི་མ་དག་པའི་ཕྱིར་རྟགས་ལ་བརྟེན་ནས་དཔོག་པ་ནི། མྱ་ངན་འདས་པ་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །ཞེས་བྱ་བར་རྟོགས་པས་སོ། །བདེ་སྡུག་སེལ་བར་མཐར་གྱུར་པ། ། ་ཆགས་བྲལ་ལུས་ལས་འདས་པ་པོ། །རྟགས་ནི་འཇིག་རྟེན་པའི་སྟོབས་ཀྱིས། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་བདག་ཉིད་དུ་རྟོགས་ཏེ། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས ་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག་།ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་གཟུགས་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དེའི་དོན་ནི ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་རྟགས་ཀྱི་སྒོ་ནས་ཤེས་ལ། འཇིག་རྟེན་པའི་འཕོང་དང་བཟོ་དཔེ་མེད་ཅིང་གཞན་གྱིས་བསྐྱོད་པར་མི་ནུས་པས་ཀྱང་ཤེས་སོ། །དེ་གང་གི་ཕྱིར་ཞེ་ན། ཐམས་ཅད་ཀྱིས་རྟོགས་པར་དཀའ་བ་ཕྲ་བ་དང་། དྲི་མ་བྲལ་བ་དང་། ཉེས་སྐྱོན་ཐམས ་ཅད་ཟད་པའི་ཕྱིར། འབྲས་བུ་ཀུན་ཤེས་པའི་བདག་ཉིད་མངོན་སུམ་དུ་གྲུབ་བོ། །དེའི་ཕྱིར། དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དེ་ཅིའི་ཕྱིར་ཞེ་ན། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་ལྟ་བུའི་རང་བཞིན་དུ ་གནས་ཤེ་ན། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་མཚུངས་པ་མེད། །ཀུན་དུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག་།འོད་བཟང ་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་བྱ་བའི་དོན་ནི་ཡེ་ཤེས་ཀྱི་ལུས་ཀྱི་བདག་ཉིད་ནི་རྣམ་པ་ལྔར་གནས་ལ། སྔགས་ནི་ཡེ་ཤེས་ལྔའི་བརྡ་སྟོན་པའོ། །ཡིད་ནི་དཔལ་བེའུའི་ཚུལ་དུ་ཞུ་བའི་བདག་ཉིད་དུ་གནས་སོ། ། ་དེ་ཡང་གཞོན་ནུའི་རོལ་པ་དང་སྐྱོ་བས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། ཞི་གནས་ཀྱི་འཁོར་བའི་རྒྱུ་སྤངས་པ། ཤེས་རབ་ཀྱི་སྤྱན་གྱིས་སེམས་ཅན་ལ་གཟིགས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པའོ། །དཀའ་བའི་གནས་སུ་ཞི་གནས་བསྒོམ ་པའི་ཚུལ་དུ་བཞུགས་ཀྱང་ཡེ་ཤེས་ཆེན་པོ་དང་པོ་སངས་རྒྱས་ཡེ་ཤེས་ལྔའི་ལུས་སུ་ཆོས་ཀྱི་ལོངས་སྤྱོད་པ་དང་། གཟི་བརྗིད་དང་ལྡན་པས་ནིའོ་ཐུག་གསོལ་བས་མདངས་དང་ལྡན་ནོ། །དེས་ནི་སྤྲུལ་པ་དང་གཞི་རྟེན་དང་པོ་སངས་རྒྱས་སོ། །རྣམ་གྲོལ་ཏོག་དང་ཤེས་རབ་མཆོག་། ་ཡེ་ཤེས་རྒྱལ་དང་གཟུགས་འཇིགས་པ། །གློ་བུར་འཇིགས་དང་ཐོགས་མེད་གྲགས། །བདེ་བ་ལྡན་དང་ངག་སྙན་རིགས། །གྲགས་དབང་པོ་དང་ཆོས་ཀྱི་བརྩེགས། །འགྲོ་བའི་འོད་དང་ལེགས་པའི་རྒྱལ། །རང་བཞིན་ལུས་དང་ཡེ་ཤེས་གསུང་། །སྣ་ཚོགས་པ་དང་ཉོན་མོངས་སེལ། ། ་འགྲོ་བའི་མཆོག་དང་སེང་གེ་རིག་།ཆོས་ཀྱི་མཚན་དང་སྐལ་བ་བཟང་། །མི་བསྐྱོད་གདོང་དང་འབར་བའི་རྒྱལ། །རྟོག་པའི་གསུང་དང་སྤྱན་བཟང་པོ། །རིག་དོན་བློ་དང་འཇིགས་པ་བྲལ། །དྲི་ཡི་འོད་དང་དགའ་བའི་འོད། །དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག་།གཟུགས་མཆོག་དང་ནི་བརྟན ་པའོ། །རྟོགས་པར་བྱེད་དང་ཤེས་རབ་སྤྱན། །དོན་རིག་བློ་དང་དྲག་པོའི་བཞིན། །ཉི་མའི་ལྷ་དང་ཤེས་རབ་གསལ། །ཤིང་རྟ་འགྲོས་དང་གསེར་བཙོ་མ། །སྐལ་ལྡན་གཙུག་དང་དབང་ཕྱུག་དང་། །དགའ་བ་བརྟན་དང་མོས་པ་འཇོམས། །ཚངས་པར་ཤེས་དང ་ཙནྡན་དང་། །མྱ་ངན་འཇོམས་དང་སེངས་གེའི་འོད། །ཏོག་གི་ཡུལ་དང་པདྨའི་སྙིང་། །མཐའ་ཡས་འོད་དང་སྙིང་པོ་ལྷ། །མེ་ཏོག་མཛེས་དང་རིག་པའི་ཧཾ། །ཤེས་རབ་འབར་དང་ཚངས་དབང་པོ། །རིན་ཆེན་ཕྱག་དང་དབང་པོ་ལྡན། །དཔེ་མེད་དྲི་དང་ཐེ་ཚོམ་བྲལ། །མཆོད་པར་འོས ་དང་འབར་བའོ། །པདྨའི་གདུགས་དང་འདུམ་གྱི་མཆོག་།ཡེ་ཤེས་འོད་དང་བྱ་བརྩལ་གྲུབ། །གསལ་བའི་མདོག་དང་ཆོས་ལྡན་པ། །ཕན་ལྡན་གཟུགས་དང་ཡེ་ཤེས་དང་། །གྲགས་པ་དང་ནི་འོད་ཟེར་འབར། །སྙིང་པོ་བཻཌཱུར་བྱེ་བཻ་ཌཱུརྱ། །རྒྱུ་སྐར་ཚོགས་དང་ལྷ་ཉིད་དང་། །ཟླ་བའི་འོད ་དང་དྲ་བའི་འོད། །དགེ་བའི་འོད་དང་ཡོན་ཏན་ཅན། །དམ་ཆོས་བརྗོད་དང་མིག་ལས་རྒྱལ། །སྨྲ་བའི་སྟོབས་དང་ཚོགས་དབང་སྒྱུར། །ལེགས་པའི་ཡིད་དང་རིགས་ཀྱི་འོད། །སྤྱོད་ལམ་ཞི་དང་ཡེ་ཤེས་མཆོག་།ཆོས་དབང་ཕྱུག་དང་རིས་ལྷ་སྐུ། །ཡོན་ཏན་ལས་དང་འཁོར་ལོ ་སྟོབས། །ལེགས་པར་སྦྱངས་དང་ལེགས་པར་རིག་།དོན་གྲུབ་དཔལ་དང་གཟི་བརྗིད་དཔལ། །ཐམས་ཅད་སྙོམས་དང་བདུད་རྩི་དབྱངས། །སྣང་བདེ་འབར་དང་ལེགས་པའི་བློ། །རྣམ་གྲོལ་དོན་དང་དབང་ཕྱུག་འཕགས། །དེ་ལ་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་ལུས་དེ་བཞིན ་གཤེགས་པའི་གཟུགས་སུ་སྣང་བ་དེའི་ཐུགས་ཀར་དཔལ་གྱི་བེའུ་ནི་འཁོར་ལོ་ཨུཏྤལའི་འདབ་མ་ལྟ་བུའོ། །དེའི་ཐུགས་ཀར་ཨ་ཐུང་ངུ་བསྒོམས་ལ། ལག་པ་འོད་འབར་བའི་རལ་གྲི། སྨན་དང་སྨན་པ་ལྟ་བུས་ནད་འཇོམས་པ་དང་འདྲ་བའི་པོ་ཏི་ཤིང་ཨུཏྤལའི་སྟེང་ན་མཚན་པ། ་སྐུ་ཤིན་ཏུ་མཛེས་པའི་སྐུ་འོད་ཟེར་གྱི་དྲ་བ་ལས་སྐར་མདའ་ཕོག་པ་དང་འདྲ་བ་འཕྲོ་ཞིང་སངས་རྒྱས་དེའི་ལུས་ལས་འཕྲོ་བའི་ཕྱིར། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་།དེའི་ཕྱིར། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པ། །ཆོས་ཀྱི་རྒྱལ ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག་།ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཅན། །སངས་རྒྱས ་ཀུན་གྱི་བསྟན་པ་གཅིག་། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་བྱ་བ་ནི་ཡང་ན་གོང་དང་འདྲ་བའི་ཡེ་ཤེས་ཀྱི་སྐུ་ལྔའི་བདག་ཉིད་དེའི་ཐུགས་ཀར་ཨུཏྤ་ལའི་འཁོར་ལོ་སྐར་མའི་འོད་དམ་ཟླ་བའི་འོད་དམ་ཉི་མའི་འོད་ཟེར་ལྟ་བུ་དཀར་པོ་ཤིན་ཏུ་ཕྲ་བའི་སྟེང་དུ་ཞུ་བ་ཀུན་ལྟ་བུ་དམར ་པོའི་མདོག་ཅན་བསམས་ཏེ། དེ་ལས་འོད་ཟེར་དཀར་དམར་འཕྲོས་པས་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་སྟེ། སྤྲུལ་པའི་སྐུ་འགྲོ་བ་དང་འདུག་པ་དང་ཉལ་བ་དང་བཞེངས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསམས་ནས། དེ་ཡང་བྱམས་པ་དང་སྙིང་རྗེའི་བདག་ཉིད ་ཅན་དུ་བྱས་ཏེ། པདྨའི་སྟེང་ན་བཞུགས་ཤིང་བདེ་བ་ལ་ལོངས་སྤྱོད་པའི་སྐུར་བསྒོམ་མོ། །ཡང་ན་ལྟེ་བའི་དཀྱིལ་ཉིད་དུ་པདྨ་འདབ་མ་བཞི་པའི་སྟེང་དུ་བསམ་པ་ནི་ཨ་ཐུང་ངུའོ། །ཡང་ན་ཁྱབ་པའི་བདག་པོའི་ཟེའུ་འབྲུ་དང་། ཟེའུ་འབྲུ་ལ་ཉི་མ་དང་ཟླ་བའི་ཐིག་ལེ་བསམས་ཏེ། ་གཟི་བརྗིད་མེའི་རང་བཞིན་གྱིས་སངས་རྒྱས་ཀུན་གྱི་བདག་ཉིད་བསྲེག་པ་དང་། སངས་རྒྱས་ཀུན་གྱིས་བསྲེགས་ནས་རྣལ་འབྱོར་མ་ཡུམ་ལྔའི་རང་བཞིན་ཡང་བསྲེགས་ཏེ་སྨིན་མཚམས་སུ་བཏོན་ནས། འགྲོ་བ་དང་བཞེངས་པ་དང་འདུག་པ་དང་ཉལ་བ་ལ་སོགས་པས་སེམས་ཅན་གྱི ་དོན་བྱས། སངས་རྒྱས་རྣམས་མཆོད་ནས། སྤྱི་གཙུག་ཏུ་ཞུགས་ཏེ་གསོལ་བ་བཏབ་པར་བསྒོམ་པར་བྱའོ། །དེ་ལྟར་བལྟ་ཞིང་རྡོ་རྗེའི་གླུ་བླང་བར་བྱའོ། །རོལ་པའི་མཆོག་དང་ལྷག་མཐོང་དང་། །ཉེས་པ་སྤངས་དང་ཉི་མའི་འོད། །དགྲ་རྒྱལ་བློ་དང་པདྨའི་མཆོག་།ཉི་མའི ་འོད་དང་སོ་སོར་གསུང་། །ལེགས་པའི་མུ་དང་ཚོགས་དབང་པོ། །འཇིགས་པ་བྲལ་དང་ཡེ་ཤེས་སྲེད། །དེ་ལྟར་བསྟོད་པ་དེ་ནི་ཡེ་ཤེས་སེམས་དཔའི་རང་བཞིན་བརྗོད་པའོ། །འཇམ་དཔལ་རོལ་པའི་དཀྱིལ་འཁོར་ལ་ཚིགས་སུ་བཅད་པ་སུམ་ཅུ་གཅིག་གོ། །མཚན་ཉིས ་བརྒྱ་སུམ་ཅུའོ། །དེ་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྟོན་ཏེ། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་ནས། སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་ས་བོན་བསྟན་ཏེ། བྱང་ཆུབ་སེམས་སོ། །དེ་ཡང་ཆོས ་ཀྱི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོའོ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག་།ཅེས་བྱ་བ་ནས། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་བྱ་བས་ནི་ཧཱུཾ་དང་ཨའོ། །དེ་ཡང་དམར་པོ་དང་དཀར་པོའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་བྱ་བས་ནི། ་འོད་ཟེར་ལྔ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་སྐུ་སྟེང་གི་ཧཱུཾ་ལས་རྡོ་རྗེ་འོད་ཁ་དོག་ལྔ་ལས་ཐབས་ཀྱི་ཡེ་ཤེས་ལྔ་དང་ལྡན་པའི་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ ་འཕྲུལ་སྣ་ཚོགས་འཆང་། །ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་ལ་རྫོགས་པ་ཉིད་དུ་བསྟན་པ་ནི་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དང་པོའི་སངས་རྒྱས་ཀུན་མཁྱེན་པའི་ཞལ་དང་ལྡན་པ། ཤེས་རབ་དང་ཡེ་ཤེས་ཀྱི་ཕྱག་མཚན་འཛིན་པའོ། །དེའི་ཐུགས་ཀར་ཐབས་དང ་ཤེས་རབ་ཀྱི་རང་བཞིན་དེ་བསྒོམ་པར་བྱའོ། །དེ་ཉིད་གང་ཞེ་ན། རྡོ་རྗེ་ཟབ་མོ་ཛིན་ཛིཀ་། རྡོ་རྗེ་བློ་གྲོས་དོན་བཞིན་རིག་།རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག་།ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེའི་ཆོས། །ཞེས་བྱ་བས་ནི་ཡེ་ཤེས་ལྔ་ལྔ་བཅུར ་གྱུར་པས་ཤེས་པར་བྱའོ། །འོ་ན་རྒྱུ་མཚན་ཅིས་ཤེས་ཤེ་ན། ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །ཞེས་བྱ་བ་ནི། ཕ་རོལ་ཕྱིན་པ་བཅུའི་བདག་ཉིད་དང་། ས་བཅུའི་བདག་ཉིད་ཀྱིས་བཅུའོ། །དེ་རྣམས་ཀྱང་རྒྱན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་དྲུག་པར ་ཅིས་ཤེས་ཤེ་ན། རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཞེས་བྱ་བས་བསྟན་ཏེ། དེས་ནི་དྲུག་པ་རྡོ་རྗེ་འཆང་གི་རང་བཞིན་དུ་བསྟན་ཏོ། །དེ་བས་ན། སའི་སྙིང་པོ་འགྲོ་བ་འཛིན། །ཀུན་དུ་བཟང་པོ་བློ་གྲོས་བཟང་། །ཞེས་བྱ་བ་སྟེ་ཐབས་དང་ཤེས་རབ་ཀྱི་རང ་བཞིན་ནོ། །གནས་གང་དུ་ཞེ་ན། སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག་།དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཞེས་བྱ་བ་ནི་ལྟེ་བའི་གནས་དངོས་པོ་བསྐྱེད་པའི་ས་སྐྱེ་བ་མེད་ཀྱང་ཆོ་འཕྲུལ་སྣ་ཚོགས་སྟོན ་པ་སྤྲུལ་པའི་གནས་སུའོ། །རྣམ་པ་ཇི་ལྟ་བུ་ཞེ་ན། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བོ་སེལ། །མི་གཡོ་རབ་ཏུ་དང་བའི་བདག་།རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས ་མེ་ལྕེ་འོད་འབར་གསལ། །འདོད་པའི་དོན་གྲུབ་དམ་པའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་དུ་དག་པའི་ཡེ་ཤེས་འཆང་བ་ནི་གང་ཞེ་ན། ལྷག་མཐོང་གི་ཤེས་རབ་དང་བསམ་གཏན་གྱི་རང་བཞིན་ལྟར་ཞུ་བ་དེ་དབྱེར་མི་ཕྱེད་པའི་ཤེས་རབ་མི་གཡོ་བ་རྟོགས་པའོ། །དེ་ཁོ་ན ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་གྲུབ་པའོ། །ཇི་ལྟར་རྟོགས་པས་གྲུབ་ཅེ་ན། མངོན་སུམ་ཉིད་དུ་ཡུལ་དུ་བྱས་པས་གྲུབ་པའོ། །དེ་བས་ན་དེ་རྣམས་བསྒོམ་པ་ནི་ཨུཏྤ་ལའམ་མར་མེའི་རྩེ་མོ་དང་འདྲ་བར་བསྒོམ་མོ། །འོ་ན་གཞན་དོན་ཇི་ལྟར་བྱེད་པར་འགྱུར། །ངན་སོང ་ཐམས་ཅད་རྣམ་པར་སྦྱོང་། །མགོན་པོ་སེམས་ཅན་ཀུན་གྱི་མཆོག་།སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །ཞེས་བྱ་བ་དེས་ནི་གཏི་མུག་གི་མུན་པ་འཇོམས་པའོ། །དཔལ་ལྡན་བློ་དང་སྒེག་པ་འཆང་། ། ་བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་བྱ་བ་ནི་གཉིས་པའོ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟོབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱད་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་ཅིང་། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག ་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་སེལ། །ཞེས་བྱ་བ་ནི་དང་བོ་བསྙེན་པ་སྔོན་དུ་སོང་བས་ས་བསྲུང་ཞིང་སྦྱང་བ་དང་། སྟ་གོན་ལ་གནས་པས་བསྲུང ་བར་བྱ་བ་དང་། དཀྱིལ་འཁོར་བྲི་ཞིང་སྒྲུབ་པ་ནི་ཇི་ལྟར་ཤེས་པར་བྱའོ། །དབང་བསྐུར་བ་ནི་གང་ཞེ་ན། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད ་ཆགས་བློ། །སྲིད་པའི་འདོད་ཆགས་སྤངས་པ་སྟེ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་བྱ་བ་ནི་དགའ་བའི་རང་བཞིན་གྱི་སེམས་ཅན་ལ་དབང་བསྐུར་བའི་ཕྱིར། རྡོ་རྗེ་དང་དྲུག་པ་རྫོགས་སངས་རྒྱས་ཀྱི་དབང་ལ་སོགས་པ་བསྐུར་བར་བྱའོ། །སྤོབས་པའི་མཚན་དང་བློ་འཆང་བ། ། ་ཟླ་བ་དང་ནི་རིན་ཆེན་ཟླ། །མི་འཇིགས་པ་དང་མེ་འོད་ཆེ། །ཚངས་པའི་སྒྲ་དང་སྙན་པའི་གསུང་། །ཤེས་རབ་མ་དང་ཀུན་མཉམ་བློ། །རྡོ་རྗེ་ཚིག་དང་བློ་སྤོབས་ལྔ། །ནམ་མཁའ་དབང་དང་ངག་དབང་ཕྱུག་།ཡོན་ཏན་མཆོག་དང་གནས་ཀྱི་མཆོག་།འཕགས་པའི་འོད་དང་གསང་བའི ་རི། །གསང་བའི་དོན་དང་རྔ་ཡི་སྒྲ། །འདོད་སྤྱོད་སྦྱིན་དང་ཡེ་ཤེས་ལེགས། །ཞི་བས་བཞུགས་དང་ཡེ་ཤེས་གསུང་། །ཤིན་ཏུ་གདུགས་དང་རྒྱལ་མཚན་ཆོས། །དྲི་མ་བྲལ་དང་ཡེ་དབང་བློ། །སྐལ་བྲལ་བརྗོད་དང་གཟི་བརྗིད་འོད། །དྲང་སྲོང་ཆེ་དང་ཤེས་རབ་བསགས། །འཁོར ་ལོ་སྤོང་དང་ཟླ་བའི་ཞལ། །ཉི་ཟླའི་འོད་དང་ཡོན་ཏན་ནོ། །ཡོན་ཏན་སྡུད་དང་བླ་མེད་རྟོགས། །བསོད་ནམས་རྟོགས་དང་ཡུལ་སྤངས་པ། །རིགས་སུ་སྐྱེས་དང་རྒྱལ་པོའི་རིགས། །རྣམ་གྲོལ་གསུང་དང་དབང་ཕྱུག་པོ། །མཆོག་ཏུ་ཡེ་ཤེས་ཡེ་ཤེས་དབྱིངས། །ནམ་མཁའ་དང་ནི་མཆོད་འོས ་དང་། །དཔུང་ཚོགས་བཅས་དང་རིན་ཆེན་འཕྲོ། །ཟླ་བའི་སྐུ་དང་བདུད་རྩི་འོད། །པདྨའི་འོད་དང་འོད་སྟོབས་དང་། །སེང་གེའི་གདོང་དང་ཡེ་ཤེས་སྐུ། །དོན་གྲུབ་དཔལ་དང་ཡེ་ཤེས་ཉི། །དོན་ཡོད་གྲུབ་དང་སྟོན་པའི་སྟོབས། །རིན་ཆེན་བརྩེགས་དང་སྒྲ་འབྱིན་དང་། །པདྨ་དཔལ་དང་ཉོན ་མོངས་འཇོམས། །ཡེ་ཤེས་སེམས་དང་བདེ་འགྲོ་དང་། །བདེ་བྲལ་བཞད་དང་དྲི་ཡི་འོད། །མཐའ་ཡས་སྟོན་དང་རིན་ཆེན་དང་། །ཟླ་བ་ཕྱེད་དང་སེང་གེ་མཆོག་།བསམ་གཏན་འོད་དང་དཔའ་བར་འགྲོ། །རིན་ཆེན་ཡོན་ཏན་རྣམ་པར་རོལ། །དོན་སྟོན་པ་དང་དགྲ་བཅོམ་གྲགས། །རིན་ཆེན་འོད ་དང་སྲིད་བཅིངས་གྲོལ། །སྤྱོད་ཡུལ་སྤངས་དང་ནམ་མཁའི་མཛོད། །སྤོབས་པ་གྲགས་དང་རྡོ་རྗེ་ནོར། །དེ་ལྟར་བུམ་པ་རྫོགས་པ་ཡིས། །གསང་བའི་དབང་བསྐུར་བའི་ཕྱིར་རོལ་བས་བར་དུ་བཅད་དེ། ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་དབབ་པོ། །དེ་ཇི་ལྟ་བུ་ཞེ་ན། སྤྲིན་དཀར་དག་པ་བཞིན་དུ ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་བྱ་བ་དེས ་བསྟན་ཏོ། །དེ་དབུལ་ནས་བྱིན་གྱིས་རླབས་ནས་དབང་བསྐུར་བ་ནི། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་ཅིང་། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་བྱ་བས་བྱིན་གྱིས་བརླབས་ནས་སློབ་མའི ་ཁ་རུ་སྦྱིན་པའོ། །ཚེ་དཔག་མེད་དང་ནོར་བཟང་བཀོད། །དབང་ཕྱུག་ཆེ་དང་ཡོན་ཏན་འོད། །རི་བོའི་གྲགས་དང་བཅུ་འོད་ལྡན། །གཉིས་དང་བྲལ་དང་ཀླུ་ཡི་སྟོབས། །ཤིན་ཏུ་གྲགས་དང་རིན་ཆེན་ཟླ། །ཤུགས་ཅན་དང་ནི་གསལ་བར་བྱེད། །དགའ་བའི་དབང་ཕྱུག་གཙུག་ཕུད ་འོད། །འཇིགས་པ་བྲལ་དང་ཡོན་ཏན་སྙིང་། །འོ་ན་དེ་ལ་བརྟེན་ནས་ཇི་ལྟར་རྟོགས་ཤེ་ན། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་།ཡང་དག་སངས་རྒྱས་ལམ་རིག་པའོ། །དེ་ལྟར་གསང་བའི་དབང་བསྐུར་ནས། སློབ་མའི་སྤྱོད་ཡུལ་དུ་བྱ་བའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར ་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག་།སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །དེའི་ཕྱིར་ན་སེམས་ཀྱི་དྲི་མ་དག་པར་བྱེད་དོ། །དེ་ལྟར་བསྟན་ན་ཆགས ་པ་དང་བྲལ་བས་སེམས་ཀྱི་དྲི་མ་ཇི་ལྟར་དག་། དེ་ལས་གཞན་ཇི་ལྟར་ཡོད་ཅེ་ན། དེ་ཉིད་ཀྱང་སེམས་ཀྱི་རྣམ་པའོ། །དེ་ལྟར་ཡིན་པས་ན་དགེ་སློང་གིས་ཀྱང་མི་འགལ་ཞེས། འཇམ་དཔལ་གྲགས་པ་གསུང་ངོ་། །འོ་ན་དབང་པོ་གཉིས་སྙོམས་པར་འཇུག་པ་ཇི་ལྟར་མི་འགལ། ་མི་འགལ་ཏེ། འཇིག་རྟེན་པའི་འདོད་པའི་ཆགས་སེམས་ལྟ་བུ་ནི་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱིས་ཏེ། ཀུན་རྫོབ་སྒྱུ་མའི་བློས་འཇམ་པའི་རྡོ་རྗེ་ནི་གཟུགས་ཀྱི་རང་བཞིན་གྱི་ཞེན་པས་ནི་མ་ཡིན་ནོ། །དཔེར་ན་རྨི་ལམ་གྱི་བུད་མེད་ལ་སྤྱད་ཀྱང་སད་ན་དགའ ་བ་དང་ལྡན་ན་བདེན་མོད། མི་ལྡན་ན་མ་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་དང་ལྡན་ན་མི་འགལ་ལོ། །དེ་བས་ན་སྨད་པའི་ལྟུང་བར་ཡང་མི་འགྱུར་རོ། །དྲི་མ་མེད་དང་གཟི་བརྗིད་གཞི། །གདུང་བ་གྲགས་དང་ལྷ་ཡི་གནས། །ལེགས་པར་མཉམ་དང་སངས་རྒྱས་འབྱུང་། །དེ་ལྟར་དབང ་གསུམ་པ་བསྟན་ནས་བཞི་པ་ནི། ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་བྱ་བས་སྟོན་ཏེ། ཞལ་ལས་ཤེས་པར་བྱའོ། །དེ་ཡང་དད་དང་ཤེས་རབ་དང་ལྡན་བླ་མ་བརྟེན། །དབང་གི ་ད་ཉིད་ཆོ་ག་ཇི་བཞིན་བསྟན་པར་ནུས། །ཞེས་བྱ་བས་བསྟན་ཏོ། །འོ་ན་ཁྱད་པར་ཅི་ཡོད་ཅེ་ན། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །ཞེས་བྱ་བས་ནི་རང་རྒྱལ་བསྟན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་དུ་བྱས་ནས་དག་པར ་འདོད་ལ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །དེ་ཉིད་རྣམ་པ་བཅུ་དྲུག་རིག་།ཅེས་བྱ་བས་ཐེག་པ་ཆུང་ངུའི་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བཞི་དང་། དེ་ཁྱད་པར་ཤེས་པས་བསྟན་ཏོ། །དེས་ཉན་ཐོས་དང་རང་རྒྱལ་བའི་དབང ་དུ་བྱས་ནས་བསྟན་ཏོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག་།ཅེས་བྱ་བ་ཤེས་བྱ་སྟོང་པ་ཉིད་བཅུ་དྲུག་དང་། རྣམ་པར་ཐར་པ་བཞིའི་བདག་ཉིད་དེ་ཉིད་དེ་ཉི་ཤུས་ནི། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་མོ། །འོ་ན་ཁྱད་ཅི་ཡོད་ཅེ་ན། དེ ་རྣམས་ནི་སྤང་བྱ་དང་གཉེན་པོའི་བདག་ཉིད་དུ་རྟོགས་ལ་ལམ་འདི་ཉིད་ནི་ལམ་དུ་བྱེད་པས་ན་ཁྱད་པར་དུ་གྱུར་པའོ། །དེའི་ཕྱིར་ན། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། ། ་གསང་སྔགས་དོན་ཀུན་བསྐྱེད་པའོ། །བསྐྱེད་པའི་རིམ་པའི་དེ་ཁོ་ན་ཉིད་བསྟན་ལ། ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་།རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བས་ནི་ལུས་ཀྱི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སེམས་ཀྱི་དེ་ཁོ་ན་ཉིད ་བསྟན་པ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་བྱ་བས་སེམས་ཀྱི་བདག་ཉིད་བདེ་བ་རིག་པའི་གསལ་བའི་རང་བཞིན་དུ་བསྟན་ཏེ། སྤང་བྱ་དང་གཉེན་པོ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །བསམ་གཏན ་བཞི་ཡི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་བྱ་བ་ནི་དགའ་བ་བཞི་དང་སྐད་ཅིག་མ་བཞིའི་བདག་ཉིད་དུ་གནས་པས་ན་དེའི་བདག་ཉིད་དོ། །དེ་ཉིད་གང་ཞེ་ན། ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་།ལོངས་སྤྱོད་རྫོགས ་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་།ཅེས་བྱ་བས་ཏེ། དེ་ལས་བྱུང་བའི་འབྲས་བུའོ། །ཡང་ན། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །ཞེས་པ་ནས། ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་བྱ་བས་ནི་ཐེག་པ་གཞན་དྲང་དོན་འདི་ངེས་དོན་དུའོ། །ཉོན་མོངས ་ཁམས་ཞེས་བྱ་བ་ནས། བག་ཆགས་བཅས་པ་གཏན་དུ་སྤངས། །ཞེས་བྱ་བས་དྲི་མ་དག་ན། དེ་ལྟར་དབང་དང་མན་ངག་རྟོགས་པས་དག་པའི་ཞེས་པའོ། །སྙིང་རྗེ་ཆེ་དང་ཞེས་པ་ནས། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་བྱ་བས་ཐབས་དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུ་དེ ་ཁོ་ན་ཉིད་ཀྱི་འབྲས་བུའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་བྱ་བས་ནི་ཆོས་སྐུ་ཐོབ་པར་བྱ་བ་དང་བཅས་པའི་དོན་བསྟན་ལ། གཟུགས་བརྙན་མ་ལུས་ཞེས་བྱ་བས་ནི། གཟུགས་སྐུ་སྟེ་འབྲས་བུའོ། །དེ་ཡན་ཆད་སྐྱེ་བ་ཀུན་རྫོབ་ཀྱི་བདེན ་པའོ། །དྲི་མེད་གྲགས་དང་གཟི་བརྗིད་གཙོ། །གདུང་བ་གྲགས་དང་དབང་ཆེན་པོ། །ཡོན་ཏན་འོད་དང་འོད་མ་གདུགས། །བཅུ་འོད་ལྡན་དང་གཉིད་དང་བྲལ། །ཀླུ་ཡི་སྟོབས་དང་ཤིན་ཏུ་གྲགས། །རིན་ཆེན་ཟླ་དང་ཤུགས་ཅན་དང་། །གསལ་བར་བྱེད་དང་དགའ་དབང་ཕྱུག་། ་གཙུག་ཕུད་འོད་དང་འཇིགས་པ་བྲལ། །ཡོན་ཏན་སྙིང་དང་དྲི་མེད་གྲགས། །གཟི་བརྗིད་བཞི་དང་གདུང་བ་སེལ། །ལྷ་ཡི་གནས་དང་ལེགས་པར་མཉམ། །སངས་རྒྱས་འབྱུང་དང་རིན་ཆེན་སྐུ། །སངས་རྒྱས་སྟོབས་དང་རིན་ཆེན་ཁྱབ། །གྲོང་ཁྱེར་མཐོང ་དང་བློ་གྲོས་ལེགས། །འཇིག་རྟེན་འོད་དང་རིན་ཆེན་ལྷ། །སྐལ་ལྡན་ཤིང་རྟ་ཡང་དག་རྒྱལ། །དགའ་བའི་བཀོད་དང་མུ་ཡི་འོད། །དཀའ་ཐུབ་རྒྱལ་དང་བྱང་ཆུབ་ཟླ། །ཆོས་འཆང་བ་དང་གཞན་དོན་ཟླ། །རི་ཡི་འོད་དང་ཚངས་པའི་དབྱངས། །བདེ་བའི་ལྷ་དང་ཡོན་ཏན་བརྩེགས། ། ་སེང་གེའི་བྲ་དང་ནོར་བུ་ཅན། །ཟླ་བ་ཞེས་དང་སྒྲ་དང་མཚུངས། །གྲགས་ཆེན་དང་ནི་གཟི་བརྗིད་ཤུགས། །ཚོགས་ཀྱི་གྲགས་དང་དགེ་བར་སྟོན། །དྲི་བཟངས་དང་ནི་རི་རྒྱལ་མཚན། །དགའ་བའི་དོན་དང་མཆོད་པར་འོས། །སྤྲིན་མཐའ་དང་ནི་བདེན་པའི་གསུང་། །རྣམ་སྣང་མཛད་དང་བདེན ་པར་ངེས། །གྲགས་པའི་བདེ་དང་གྲགས་ཚངས་པ། །གསེར་འོད་གསེར་དང་སྲོག་དང་ལྡན། །འགྲོ་བའི་ཐེག་དང་ཐུན་ཚོད་དང་། །གྲགས་པའི་མཆོག་དང་བློ་བཟང་ཆུབ། །ནོར་ལྷ་དཀའ་ཐུབ་གྲིབ་པོ་དང་། །དོན་གསལ་བྱེད་དང་ནོར་གྱི་འཁོར། །འཇིག་རྟེན་འདས་དང་གསེར་གླང་པོ། ། ་ཡོན་ཏན་རྒྱལ་དང་རི་ཡི་འོད། །དབང་བྱེད་རྒྱལ་དང་རབ་ཏུ་ཞི། །མཉམ་སངས་རྒྱས་དང་རྟོག་བྲལ་དང་། །དྲི་རབ་ཞི་དང་རྨོངས་ལ་སྟོན། །དགེ་བཟང་པོ་དང་ཡེ་ཤེས་ཐུགས། །སྨྲ་བའི་དབང་དང་ལྷ་ཆེན་པོ། །བློ་གྲོས་བཟང་དང་འཚེ་བ་མེད། །ཆོས་ཀྱི་དོན་དང་འཇིག་རྟེན་ཆོས། །སྒྲ ་གཅན་ཉིད་དང་རྒྱལ་མཚན་གྲགས། །སྨན་པའི་མཆོག་དང་མེ་ཏོག་འོད། །དགེ་གཙུག་ཕུད་དང་བདུད་རྩི་འོད། །བྱང་ཆུབ་ཆེ་དང་རྒྱ་མཚོ་བརྟན། །རིན་ཆེན་སྤུངས་དང་རོལ་པའི་སྟོབས། །ཉི་མ་ཅན་དང་དགའ་བའི་འོད། །གཙུག་ན་ནོར་དང་སྡིག་བྲལ་བདག་།འགྲོ་བ་འདུལ་དང ་སྡུད་པའོ། །མེ་ཏོག་སྦྱིན་དང་འགྲོ་བའི་འོད། །མཐུན་པར་སྨྲ་དང་པདྨ་དང་། །ཡེ་ཤེས་འོད་དང་བཀོད་པའི་རོལ། །བརྟན་པའི་འོད་དང་རྒྱལ་མཚན་འཛིན། །བདེན་པའི་གནས་དང་རྣམ་གྲོལ་བཟང་། །བསམ་བ་ཤེས་དང་སེམས་ཅན་འཛིན། །རིན་ཆེན་འཛིན་དང་རྒྱ་མཚོ་བརྒལ། ། ་མི་ཐུབ་འཇོམས་དང་སྒྲ་ཆེན་པོ། །འདུལ་བ་དང་ནི་མཎྜལ་བསྣམས། །ལྷ་རྣམས་མཆོད་དང་དྲི་མ་སྤངས། །མཆོག་གི་མུ་དང་ལྷ་ཡི་གསུང་། །དེ་ལ་དོན་དམ་པ་ནི། ནོར་བུ་རིན་ཆེན་ཞེས་པ་ནས། གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་བྱ་བས་ནི་རྟེན་གྱི་གང་ཟག་འབྲས་བུ་ཐོབ་པར ་བྱེད་པའི་ཐབས་སོ། །དེ་ནི་ཨ་ལས་སྐུ་དེ་ཉིད་བདེ་བ་དང་སྟོང་པ་ཉིད་དུའོ། །གསང་སྔགས་ཆེན་པོ་ཞེས་པ་ནས། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བས་ནི་རྟེན་གྱི་གང་ཟག་གསུམ་ལས་ཁྱད་པར་དུ་བྱས་པ་དེས་ལྷའི་སྐུ་བསྐྱེད་པ་ལྟེ་བར་སྤྲུལ་པ་ལ་ཁ་དོག་ལྔ་དང་ལྡན་པའི་རླུང ་ཐུན་བཞི་དང་། ཐུན་མཚམས་བརྒྱད་དང་། འཕོ་བ་བཅུ་དྲུག་ཆུ་ཚོད་སུམ་ཅུ་སོ་གཉིས། དབྱུ་གུ་དྲུག་ཅུ་རྩ་བཞི་བསྒོམས་པས་འབྱུང་བ་བཞི་ཡོན་ཏན་དང་པོའོ། །བཅུ་དྲུག་ཕྱེད་ཕྱེད་ཅེས་བྱ་བས་ནི། དགའ་བ་བཅུ་དྲུག་གོ། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་བྱ་བས་ནི ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་ཕྲི་བ་དང་བསྐྱེད་པའི་འཁོར་ལོ་བཞིའོ། །རྩེ་མོ་ན་ཨ་གཏུམ་མོ་མར་མེ་ལྟ་བུའོ། །དེ་ལ་བརྟེན་ནས་ས་འོག་རྣམས་ཐིག་ལེའི་རང་བཞིན་དུ་གསལ་ཞིང་འབབ་པའི་ཐིག་ལེ་ནི་ཐབས་དང་ཤེས་རབ་རྒྱུད་མི་འཆད་པའི་ཐིག་ལེ་འཛག་པའོ། །དེ་བས་ན ་བསམ་གཏན་ནི་ལྷན་ཅིག་སྐྱེས་པའོ། །ཡན་ལག་ནི་དེ་རྟོགས་པར་བྱེད་པའི་ཐབས་དེའོ། །འབྲས་བུ་ནི། ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་།ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བས་ན་བླ་མ་དམ་པ་དེ་ལ་ཕྱག་བྱ་བར་འོས་པའི་ཕྱིར། ་མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག་།ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་བྱ་བའོ། །འོ་ན་དེ་ཉིད་ཀྱི་ཡོན་ཏན་ཅི་དང་ལྡན་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས ་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག་།དཔེར་བྱ་ཀུན་ལས་འདས་བ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག་།གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞིའི་དོན་སྟེན་པ། །དེ་ལྟ་བུ་དེ་ལ་འགྲོ་བས་བསྙེན་བཀུར་གནས་ཀྱི་མཆོག་།དེ་ཅིའི་ཕྱིར་ཞེ་ན། ་ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །སྟོན་པའི་ཕྱིར་རོ། །དེ་རྟོགས་ཤིང་གུས་པའི་བསམ་པ་དང་ལྡན་པ་གང་ཞེ་ན། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་།ཅེས ་བྱ་བའི་རྟོགས་པས་སོ། །རིན་ཆེན་ལྷ་དང་དཔག་མེད་འོད། །བདུད་དགྲ་འཇོམས་དང་རྟོག་པ་སྤངས། །དོན་གྲུབ་དང་ནི་མེ་ཏོག་དང་། །ཡུལ་དོན་གྲུབ་དང་ཟླ་བ་དང་། །བརྟུལ་ཞུགས་གྲུབ་དང་མི་གཡོ་བ། །བློ་གྲོས་དང་ནི་མར་མེ་དང་། །སྒྲ་དོན་རྟོགས་དང་དམ་པའི་ཏོག་། ་གཟི་བརྗིད་སྟོབས་དང་ཤེས་རབ་སྐུ། །ཟླ་བ་གང་དང་ཉི་མའི་འོད། །བྱ་བ་རྫོགས་དང་སྟོན་པར་མཛད། །གཟི་བརྗིད་བཟང་དང་ཡེ་ཤེས་སྟོབས། །གཟི་བརྗིད་དགེ་དང་རྟེན་པའི་སྟོབས། །ལྷ་ཡི་བུ་དང་རབ་ཏུ་ཞི། །ཉི་མའི་ཞལ་དང་དྲོ་བའི་འོད། །ཚུལ་ཁྲིམས་འོད་དང་དཀའ་ཐུབ ་རྒྱལ། །དྲི་མ་བྲལ་དང་རྒྱ་མཚོ་སྒྲ། །གཟུགས་བརྙན་སྣང་དང་ཀུན་ལས་གྲོལ། །རྒྱ་མཚོ་འོད་དང་དྲི་མ་མེད། །དྲན་དབང་པོ་དང་མཆོག་དོན་བློ། །དཔུང་རབ་ཞི་དང་ཆོས་དབང་ཕྱུག་།གསལ་བ་སྣ་ཚོགས་གསལ་བའོ། །ཚིགས་སུ་བཅད་པ་ལྔ་བཅུ་དྲུག་ལ་རྐང་པ་གཅིག་མ་ཚང ་བའོ། །མཚན་ཉིས་བརྒྱ་བདུན་ཅུ་རྩ་བདུན་ནོ། །མཆོག་སྦྱིན་རྡོ་རྗེ་ཞེས་པ་ནས། །སངས་རྒྱས་བྱང་ཆུབ་ཅེས་བྱ་བས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ལ་བསྟོད་པའོ། །དེ་ཡང་ཡུམ་བཞིས་སོ། །སངས་རྒྱས་ཆགས་པ་ཞེས་པ་ནས། སངས་རྒྱས་རོལ་ལ་ཞེས་བྱ་བས་དང་པོའི་སངས་རྒྱས་ཀྱི ་དཀྱིལ་འཁོར་ལ་བསྟོད་པའོ། །སངས་རྒྱས་གསུང་ཞེས་པ་ནས། ནམ་མཁའ་ལས་བྱུང་ཞེས་བྱ་བས་ནི། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་བསྟོད་པའོ། །ཡེ་ཤེས་ལས་བྱུང་ནས་ཡེ་ཤེས་སྐུ་ཉིད་ཅེས་བྱ་བས་ནི། སྐུ་བལྟམས་པ་དང་། རོལ་པ་མཛད་པ་དང་། དཀའ ་བ་མཛད་པ་དང་། འབྲས་བུ་ཡེ་ཤེས་ཆེན་པོ་ཐོབ་པ་ལ་བསྟོད་དེ་རོལ་པའོ། །ཚིགས་སུ་བཅད་པ་ལྔ་བཅུ་རྩ་དྲུག་ལ་ཚིག་རྐང་པ་གཅིག་མ་ཚང་བའོ། །མཚན་ཉིས་བརྒྱ་བདུན་ཅུ་རྩ་བདུན་ནོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་པ་ནས་དེ་ནི་ཁྱོད་ཀྱི་རྒྱུད་ལ་ཡང་གསང་སྔགས་ཐམས་ཅད་ཀྱི ་བྱིན་གྱི་རླབས་ཀྱིས་ཞེས་བྱ་བས་ནི། དགའ་ལྡན་དུ་བྱམས་པ་ལ་སོགས་པའི་དབང་བསྐུར་བ་ལ་སོགས་པའི་སྒོའི་ཡོན་ཏན་ནོ། །ལག་ན་རྡོ་རྗེ་འཆང་ཞེས་པ་ནས། དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ་ཞེས་བྱ་བས་ནི། དགའ་ལྡན་ནས་བྱུང་བ་སྟེ། མཁས་པ་ཆེན་པོ་ཐབས་ཆེ ་བའི་ཡོན་ཏན་ནོ། །དེ་གཉིས་ཀྱིས་ལྷའི་ཡོན་ཏན་ནོ། །ཉན་ཐོས་དང་རང་རྒྱལ་ཞེས་པ་ནས། ཡང་དག་པར་བསྡུ་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་རྟོགས་པའི་ཁྱད་པར་བསྟན་པའི་ཡོན་ཏན་ནོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྡུ་བ་ཞེས་བྱ་བ་ནས། བྱང ་ཆུབ་སེམས་དཔའི་སྤྱོད་པ་མྱུར་དུ་ཞེས་བྱ་བས་ནི་སྦྱིན་བདག་སྟེ། སྤྱོད་པ་མཐའ་དག་རྫོགས་པའི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་ཞེས་པ་ནས། ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་བྱ་བས་ནི། སངས་རྒྱས་རྣམ་པར་སྣང་མཛད་ཅེས་བྱ་བའི་ཡོན་ཏན་ཏེ། ཕ་རོལ་ཏུ ་ཕྱིན་པ་བཅུ་དང་ས་བཅུའི་ཡོན་ཏན་ཏོ། །འཕགས་པ་ཞེས་པ་ནས་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་པས་ནི། འདི་ལྟར་སངས་རྒྱས་ཏེ་སྐྱེ་བའི་ཡོན་ཏན་ནོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་བྱ་བ་ནས་དེ་ཡན་ཆད་ཀྱིས་དང་པོའི་སངས་རྒྱས་ཏེ། བདག་ཉིད་རྡོ་རྗེའི་ལྟེ་བ་ལ་པདྨའི་སྟེང ་དུ་དང་པོ་སངས་རྒྱས་སུ་བསྐྱེད་པ་ལ་བསྟོད་པའི་ཡོན་ཏན་ནོ། །ད་ནི་འཇམ་དཔལ་རྣམ་པར་རོལ་པ་བསྟན་པ་ནི། ལག་ན་རྡོ་རྗེ་ཞེས་པ་ནས། ཆོས་ཐམས་ཅད་བརྗོད་དུ་མེད་པ་ཞེས་པ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་པས་ནི་ཐམས་ཅད་ལ་ཁྱབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ ་བསྟོད་པའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །ཞེས་པ་ནས་ཚེ་ནུར་བར་བྱེད་དོ་ཞེས་བྱ་བས། དེ་ཡང་ཐམས་ཅད་ཁྲོ་བོའི་ཆ་ལུག་ཅན་དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་སྟེ་རྡོ་རྗེ་འཇིགས་བྱེད་ཀྱི་ཡོན་ཏན་ནི། །ལག་ན་རྡོ་རྗེ་ཞེས་པ་ནས་ཆོས་ཀྱི་རྒྱལ་པོར་འགྱུར་རོ་ཞེས་བྱ་བས་ཡེ་ཤེས་སེམས་དཔའ་ཡོན ་ཏན་ཏེ། ཐབས་ཤེས་རབ་དང་ལྡན་པའོ། །ད་ནི་འཁོར་ལོའི་རིམ་པ་བསྟན་པ་ནི། འདི་ལྟར་སངས་རྒྱས་ཞེས་པ་ནས། ཡ་ཏེ་ན་མཿཞེས་པས། གསུམ་དབང་དང་ནི་རབ་ཏུ་གྲོལ། །དྲི་མ་བྲལ་དང་དཀའ་ཐུབ་རྒྱལ། །ཚངས་པ་དང་ནི་ཚངས་ཆེན་དྲི། །དག་པའི ་ཞིང་དང་ཡོན་ཏན་འོད། །ལྔ་ཡིས་སྤྱི་གཙུག་འཁོར་ལོའོ། །བྱམས་ཆེན་རང་བཞིན་ཞེས་པ་ནས། །རྡོ་རྗེ་འཇིགས་བྱེད་ཅེས་པས་ནི། །ཐུགས་རྗེ་ལྡན་དང་ཐུགས་རྗེའི་སྟོབས། །བྱམས་པ་དང་ནི་དགའ་བའི་འོད། །སྟོབས་ལྡན་དང་ནི་མི་ཐུབ་དང་། །གཞན་གྱིས་མི་ཐུབ་འོད་དང་ལྡན། ། ་དཀའ་ཐུབ་དང་ནི་ཤུགས་ཅན་དང་། །རབ་ཏུ་ཞི་དང་ཞི་བ་དང་། །མྱ་ངན་མེད་དང་མྱ་ངན་འཇོམས། །མྱ་ངན་སྤངས་དང་མྱ་ངན་མེད། །ཀུན་ནས་འོད་དང་འོད་ཟེར་འཕྲོ། །འོད་འཕྲོ་དང་ནི་ཀུན་དུ་འོད། །གཟི་བརྗིད་འོད་དང་འོད་འབར་བ། །བྱམས་པའི་འོད་དང་འོད་ཟེར་ཅན། །འོད ་ཟེར་ཅན་དང་ཀུན་ནས་བསྐོར། །ཟླ་བའི་འོད་དང་ཟླ་བ་དང་། །ཙནྡན་དང་ནི་ཙནྡན་དྲི། །འབར་བའི་འོད་དང་འོད་ཀུན་སེལ། །ཡོངས་སུ་དག་དང་དག་པར་ལྡན། །ཤུགས་ཅན་དང་ནི་ཤུགས་ལས་བྱུང་། །རབ་ཏུ་སྡེ་དང་རབ་ཞི་དང་། །དབང་པོ་དང་ནི་ཀུན་དུ་གྲགས། །ཡོངས་སུ ་དག་དང་ཚངས་པ་དང་། །པདྨ་དང་ནི་པདྨའི་ཞབས། །ཙནྡན་ཚལ་དང་ཨུཏྤལ། །ུཏྤལ་མདོག་དང་རྣམ་པར་རྒྱལ། །ཉོན་མོངས་འཇོམས་དང་དཔའ་བོ་ལྡན། །ཐོགས་མེད་སྟོབས་དང་རྡོ་རྗེ་ཅན། །ཏོག་དང་པདྨ་བསྣམས་པ་དང་། །འཁོར་ལོ་འཛིན་དང་ཨོཾ་ལྡན་དང་། །དུང་དང་དུང ་ཅན་དག་དང་ནི། །ཤིན་ཏུ་ཁྲོས་དང་དྲག་པོ་སྟེ། །སྟོབས་འཇོམས་དང་ནི་སྒྲ་ལས་རྒྱལ། །འཇིགས་བྱེད་དང་ནི་འཇིགས་པར་བྱེད། །སུམ་ཅུ་རྩ་གཉིས་སྤྱི་བོར་རོ། །མཆོད་པ་ཆེན་པོ་འདོད་ཆགས་ནས། ཡེ་ཤེས་རྒྱ་མཚོ་ཞེས་པས་ནི། འོད་དཔག་མེད་དང་མེ་ཡི་འོད། །ཞེ་སྡང་ཞི་དང ་ཞེ་སྡང་འཇོམས། །གཏི་མུག་སེལ་དང་གཏི་མུག་འཇོམས། །ང་རྒྱལ་སེལ་དང་ང་རྒྱལ་འཇོམས། །ཕྲག་དོག་སེལ་དང་ཕྲག་དོག་འཇོམས། །སེར་སྣ་སེལ་དང་སེར་སྣ་འཇོམས། །གཟུང་འཛིན་སེལ་དང་སེལ་བར་བྱེད། །ཉོན་མོངས་སྤངས་དང་རབ་ཏུ་འཛིན། རྒྱན་གྱིས་སྙིང ་གའི་འཁོར་ལོ་བསྟན། །གྲགས་ཆེན་ཧ་ཧ་ཞེས་པ་ནས། །ཡེ་ཤེས་མེ་ལྕེ་ཞེས་པ་ནི། །ཧ་ཧ་སྒྲོགས་དང་སྒྲ་དང་ལྡན། །བདུད་ལས་རྒྱལ་དང་བདུད་སྡེ་འཇོམས། །མི་མགོ་བསྣམས་དང་གླང་ཆེན་བསྣམས། །རྟ་མགྲིན་དང་ནི་སྟོབས་པོ་ཆེ། །གཤིན་རྗེ་གཤེད་དང་འདོད་པའི་རྒྱལ། །རྡོ་རྗེ ་འཇོམས་དང་བེ་ཅོན་བསྣམས། །བདུད་རྩི་འཁྱིལ་དང་ཧཱུཾ་ཀར། །བདག་མེད་སྟོབས་དང་གཏི་མུག་ཞི། །གསེར་ཐུབ་དང་ནི་འོད་སྲུངས་དང་། །ཤཱཀྱ་ཐུབ་དང་ལོག་དད་སེལ། །རྣམ་པར་གཟིགས་དང་ཐམས་ཅད་སྐྱོབ། །གཙུག་ཏོར་ཅན་དང་འཁོར་བ་འཇིག་།མར་མེ་འོད་དང ་སྐར་མ་དང་། །ཟླ་བ་དང་ནི་སྒྲ་གཅན་དང་། །བྱང་ཆུབ་སེམས་དང་སྐྱབས་གནས་དང་། །སྐྱབས་སུ་འོས་དང་ཕྱག་རྒྱ་དང་། །འོད་འཕྲོ་དང་ནི་རིན་ཆེན་དང་། །ཚངས་དང་ཚངས་པའི་རྒྱལ་པོ་དང་། །བྱ་བརྩལ་ཅན་དང་བྱ་བརྩལ་བྲལ། །གྲངས་དང་གྲངས་ལས ་འདས་པ་དང་། །གྲུབ་སྦྱིན་དང་ནི་ཡིད་ཡུལ་འདས། །ལུས་འཕགས་དང་ནི་ཉི་མའི་གཙུག་།པདྨའི་ཞལ་ནས་འཛུམ་པ་མཛད། །སྐྱབས་གནས་དང་ནི་དགེ་གནས་དང་། །དཔག་མེད་མཛད་དང་དོན་མཛད་པའོ། །རོལ་དང་རོལ་པའི་གར་དང་ནི། །སྒྲ་དང་ཚངས་པའི ་སྒྲ་དབྱངས་དང་། །རབ་གྲུབ་གྲགས་དང་གྲགས་པ་དང་། །གྲུབ་པ་སྦྱིན་དང་སྦྱིན་པ་དང་། །ཚུལ་ཁྲིམས་དང་ནི་ཚུལ་གནས་དང་། །བརྩོན་འགྲུས་དང་ནི་བཟོད་པར་ལྡན། །རབ་ཏུ་བརྩོན་འགྲུས་བསམ་གཏན་མཛད། །ཤར་དང་སྣང་བ་ཤར་མཛད་དང་། །མུན་པ་སེལ་དང་དྲང་སྲོང ་ཆེ། །དཀའ་ཐུབ་ཆེ་དང་གཙང་མའི་གནས། །དགེ་འདུན་སྡེ་དང་འཁོར་ལོས་སྒྱུར། །ཤི་ཤུ་དང་ནི་དཔལ་འབྱུང་དང་། །འབྱུང་གནས་ཀུན་གྱི་འབྱུང་གནས་དང་། །ཤེས་རབ་བརྩེགས་དང་ཆོས་ཉིད་བྱུང་། །རྣམ་པར་སྣང་མཛད་རྣམ་པར་རོལ། །རྣམ་པར་གནོན་དང་རྣམ་པར་འཇོག། ་སྨྲ་བ་ཆེ་དང་དོན་སྟོན་དང་། །དོན་རབ་སྟོན་དང་དོན་གསལ་དང་། །སྨྲ་བའི་གནས་དང་གཞན་ལ་སྟོན། །བཤད་པར་བྱེད་དང་ཚིག་བདེན་པ། །གཙུག་ཏོར་ཆེ་དང་འཁོར་ལོ་ཕྱག་།ནྱ་གྲོ་དྷཱ་དང་རིན་ཆེན་ཕྱག་།རིན་པོ་ཆེ་དང་རིན་ཆེན་བརྩེགས། །འཁོར་ལོ་འཛིན་དང་གྲུ་འཛིན་དང་། ། ་རི་བོ་འཛིན་དང་རལ་གྲི་འཛིན། །འཛམ་བུ་གླིང་དང་འཛམ་བུ་ཤིང་། །འཛམ་བུ་གསེར་དང་གསེར་འོད་དང་། །གསེར་གྱི་མདོག་དང་ཁྲུས་ཀྱི་བདག་།རིན་ཆེན་མེ་དང་མེ་འོད་དང་། །གཙུག་ཕུད་ལྔ་དང་ལྔ་ལེན་དང་། །བྱམས་པས་འདུལ་དང་བྱམས་མགོན་དང་། ། ་དམ་པ་ཏོག་དང་ཟླ་བའི་ཏོག་།འབྲུག་གི་སྒྲ་དང་གློག་གི་འོད། །འོད་རྣམས་སྟོན་དང་གསལ་བའི་འོད། །ཉི་མའི་འོད་དང་ཉི་ཟེར་དང་། །བཻ་ཌཱུརྱ་དང་དོན་ཡོད་དང་། །མཐོང་ན་དགའ་དང་དོན་ཡོད་མཐོང་། །མཐོང་དོན་ཡོད་དང་མི་འཇིགས་པ། །འཇིགས་པ་སྤངས་དང་རྣམ་པར ་གྲོལ། །ཀུ་ཀུ་ར་དང་གླང་ཆེན་གནོན། །སེང་གེ་དང་ནི་གླང་ཆེན་སྟོབས། །འཇིག་རྟེན་གྲོལ་དང་ལམ་སྟོན་དང་། །སྦྱིན་གནས་དང་ནི་ལེགས་པར་གཟིགས། །ཕ་རོལ་སྡེ་དང་སྡེ་དཔུང་འཇོམས། །དྲུག་ཆུ་རྩ་བཞི་སྤྲུལ་པ་སྟེ། །སངས་རྒྱས་ཀུན་གྱི་སྤྲུལ་སྐུ་ནས། །འཇམ་དཔལ ་དཔལ་དང་ལྡན་པས་ནི། །བྱ་བརྩལ་བྲལ་དང་དགེ་བའི་ཡིད། །པདྨ་གནོན་དང་གཟུགས་མཛེས་དང་། །མེ་ཏོག་མཛེས་དང་པདྨ་གདོང་། །འཛམ་བུ་ཤིང་དང་རྒྱན་དང་ནི། །འོད་དང་རྣམ་པའི་སྒྲ་དང་ནི། །རྔ་དང་སྒྲ་ཡི་བདག་ཉིད་དང་། །ཐུགས་ལས་འབྱུང་དང་དཔལ་འབྱུང་དང་། ། ་ལས་རྣམས་གྲུབ་དང་ལས་མཐར་ཕྱིན། །བཅུ་དྲུག་མགྲིན་པའི་འཁོར་ལོའོ། །མཚན་ནི་ཉིས་བརྒྱ་ཉི་ཤུ་གཉིས། །ཚིགས་བཅད་བརྒྱ་དང་ཉི་ཤུ་གཅིག་།སོ་སོར་བཞི་བཅུ་དབུས་སུ་གཉིས། །སྒྱུ་འཕྲུལ་དྲ་བ་ལ་བསྟོད་པའོ། །འཁྲུལ་འཁོར་ལས་ནི་བྱ་བའི་ཕྱིར། །རྩ་བའི ་འཁོར་ལོ་དྲུག་དང་ནི། །ལས་ཀྱི་འཁོར་ལོ་བཅུ་དྲུག་སྟེ། །དེ་ལྟར་ཁྱད་པར་བདེ་ལྡན་པའི། །ཚིག་གཅིག་ལྷག་པ་ཀུན་གྱི་སྟེ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེའི་ཡོན་ཏན་ཡང་རྣམ་པ་ལྔར་ཤེས་པར་བྱའོ། །ད་ནི་རྗེས་སུ་ཡི་རང་སྟོན་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ ་ཞེས་བྱ་བ་ནི། བར་མ་ཆོད་པ་དང་སྡུད་པའོ། །དགའ་ཞིང་མགུ་ནས་ཞེས་བྱ་བ་ནི་གུས་པའི་དོན་ཏེ་སྡུད་པའོ། །མགོན་པོ་ནི་ཡུལ་ལོ། །ཕྱག་འཚལ་ནས་ཞེས་པ་ནི། ལུས་ཀྱི་ལས་ལེགས་སོ་ལེགས་སོ་དག་གོ། །དེས་རྗེས་སུ་ཡི་རང་བའི་ཚིག་གོ། །བླ་མེད་ཐེག་པ་ལམ་གྱི་དོན། ། ་བླ་མ་ལ་བརྟེན་ལམ་འདི་བརྩམས། །བདག་གིས་དགེ་བ་འདི་བྱས་པས། །མགོན་པོ་འཇམ་དཔལ་དེ་འདྲར་ཤོག་།བསོད་ནམས་དག་ལ་བརྟེན་ནས་ནི། །འགྲོ་ཀུན་འཇམ་དབྱངས་དེ་འདྲར་ཤོག་།དད་པའི་དབང་གིས་དགེ་བ་མི་ཟད་གཏེར། །དངོས་གྲུབ་བླ་མ་ལ་བརྟེན་སྒྲུབ་པ ་བས་གྲུབ། །བདག་གི་གདམས་ངག་ལ་བརྟེན་འགྲེལ་པ་འདི། །ཐོས་པས་བདག་དང་སེམས་ཅན་རྣམས། །སྒྲིབ་པ་རྣམས་གཉིས་ཡོངས་དག་ནས། །རྟག་ཏུ་བླ་མ་རྣམས་དང་འགྲོགས། །དེ་ཡི་འབྲས་བུ་མྱུར་ཐོབ་ཤོག་།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར ་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་སྦས་པས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང་། བོད་ཀྱི་དགེ་སློང་ཆོས་ཀྱི་བཟང་པོས་ཨུ་རྒྱན་གྱི་ཛམྦུ་དྷ་ར་ཞེས་བྱ་བའི་མཐར་བསྒྱུར ་བའོ། །[་]@##། །འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ་བཞུགས། @##། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །འཕགས་པ་ཞེས་པ་རྗེ་བཙུན་འཇམ་དཔལ་གྱི་མཚན་བརྗོད་པ་འདི་ནི་སྙིང་པོ་བསྡུས་པའི་རྒྱུད་ཡིན་པས ་