CLOSE WINDOW

H303: 'phags pa dge ba'i bshes gnyen bsten pa'i mdo
Wyliee-texts based on the ACIP/ALL Input

གཎྜཱིའི་དུས་ཀྱི་མདོ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ། རྒྱ་གར་སྐད་དུ། ཨཱཪྱ་ཀ ་ལྱ་ཅ་མི་ཏྲ་སེ་བ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ཏེ། དེ་ནས ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་པ་ཁོ་ནའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས ་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་དང་གནས་པར་བྱའི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་དང་གནས་པར་མི་བྱའོ། ། ་ཞེས་དགེ་སློང་དག་།ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ|་འདིར་བདག་གཅིག ་པུ་དབེན་པར་མཆིས་ནས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི ་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི། ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི། དེ་ལྟ་མ་ལགས་སོ། ། ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི། ཚངས ་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་ནི། དེ་ལྟ་མ་ཡིན་ནོ། །ཞེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི། ཚངས་པར་སྤྱོད་པའི་རིལ་པོ་དང་། མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས ་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་འདི་ནི། དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། ་བཤེས་གཉེན་དང་། ང་ལ་བརྟེན་ནས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་། སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན ་དང་|་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ། དེ་བས་ན། རྣམ ་གྲངས་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་དང་། དགེ་བའི་རྟེན་འདི་ནི། ཚངས་པར་སྤྱོད་པའི་རིལ་པོ་དང་། ་མ་འདྲེས་པ་དང་། ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་དང་། སྡིག་པའི་རྟེན་འདི་ནི ་དེ་ལྟ་མ་ཡིན་ནོ། །ཞེས་ཀུན་དགའ་བོ། ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས ་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ་རྫོགས་སོ།། །། ་