CLOSE WINDOW

Gpb034.028: rig pa nam mkha' ltar gsal ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི་སིདྷ་དང་། བོད་ཀྱི་ལོ་ཙ་བ་བེ་རོ་ཙ་ནས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཙིཏྟ་པ་ས་མོ་གྷ་འོདྡྷ་ཡེ་ན་མ། བོད་སྐད་དུ། རིག་པ་ནམ་མཁའ་ལྟར་གསལ་བ་ཞེས ་བྱ་བའི་རྒྱུད། རིག་པའི་ཡེ་ཤེས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཉིད་ནམ་མཁའ་དབྱིངས་ཀྱི་ཀློང་། བྷ་ག་བགྱིལ་བའི་གནས་ན་སྟོན་པ་ཉིད་བཞུགས་ཏེ། ཉིད་ལས་བྱུང་བ ་དང་། ཉིད་ཀྱི་རྗེས་སུ་མཐུན་པ་དང་།། ཉིད་ཀྱི་རྗེས་སུ་སློབ་པའི་འཁོར་འདི་ལྟ་སྟེ། ས་དང་། ཆ་དང་། མེ་དང་། རླུང་། ནམ་མཁའ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བའི་སངས་རྒྱས་དང་། རྣལ ་འབྱོར་བཞི་པོ་དང་། འབྱེད་པ་མི་མངའ་བའི་ཐུགས་རྗེས་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་ཉིད་ཀྱི་སྤྲུལ་པ་ཉིད་ལས་བྱུང་བའི་འཁོར།། རྡོ་རྗེ་སེམས་དཔའ་ཉིད་ལ་བསྐུལ་ཞིང་འདི་སྐད་གསོལ་ཏོ།། ཐམས་ཅད ་མཁྱེན་པ་སྤྱན་གྱི་མཆོག། ཐེ་ཚོམ་ཐམས་ཅད་གཅོད་མཛད་པ།། དྲང་བའི་ཐེག་པ་མཐར་ཕྱིན་ནས།། ངེས་པའི་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་མི་སྐྱོད་དམ།། ཞེས་བསྐུལ་བས། ཉིད་ཀྱི་ཡེ་ཤེས་ལས་ཉིད་ཀྱི ་སྣང་བ་ཆེན་པོར་མཛད་ནས། འདི་སྐད་ཅེས་གསུངས་སོ།། སངས་རྒྱས་ཀུན་གྱི་ཡེ་ཤེས་ལྡན་ཕྱིར་ཁྱེད་གཉིས་སྨྲ་བའི་སེང་གེ་སྟེ།། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་རྨད་དུ་བྱུང་བར་བཤད།། རིན་ཆེན་འཕྲུལ ་སྣང་ཟབས་རྣམས་མོས་པའི་བློ་ལ་སྣང་།། བརྗོད་མེད་ཆོས་ཉིད་ཆོས་རྣམས་ཀུན་གྱི་ཆོས་ཉིད་དོན།། ཅེས་གསུངས་སོ།། དེ་ནས་ཉིད་ཀྱི་ཡང་སྤྲུལ་པའི་སྤྲུལ་པར་མཛད་ནས། སྤྲུལ་པའི་སྤྲུལ་པ་དེས་འདི་སྐད་ཅེས ་གསོལ་ཏོ།། བདག་གིས་སེམས་ཀྱི་མཚན་ཉིད་སྐྱེ་མེད་ལ།། ཉིད་ཀྱིས་སྐྱེ་བར་བྱུང་བའི་དོན་སྡེ་ལྟ་བུ་ལགས།། བདག་གིས་སེམས་ཀྱི་མཚན་ཉིད་རྩོལ་བྲལ་ན།། ཉིད་ཀྱི་རྒྱུ་ལས་རྐྱེན་གྱིས་བསྒྲུབས།། སྐྱེ་བ་མེད་ལས ་སྐྱེ་བ་དང་།། འགག་པ་མེད་ལས་འགག་པ་སྟེ།། བདག་གིས་མ་རིག་བརྟག་པར་དཀའ།། གསུང་གི་སྒྲོན་མས་གསལ་བར་མཛོད།། ཅེས་གསོལ་བ་དང་།། དེ་ནས་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐམས ་ཅད་སེམས་ཀྱི་རང་བཞིན་སྐྱེས་མེད་ན།། རྟག་པ་སྔོ་ཡིས་རྟག་ན་འཁྲུལ་པའི་ནད།། དེ་ཡི་རང་བཞིན་ཅི་ཡང་མ་ཡིན་སྐྱེས་པ་མེད།། སྐྱེ་བ་མེད་པའི་ཆོ་འཕྲུལ་སྐྱེ་བར་སྣང་།། ཞེས་གསུངས་སོ།། རིག་པ་ནམ་མཁའ ་ལྟར་གསལ་བའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། དངོས་པོ་གསུམ་པོ་དབྱེར་མེད་ཅིང་།། མ་བཅོས་སྐུ་གསུང་ཐུགས་སུ ་གནས།། བདེ་བ་ལ་སོགས་ཉོན་མོངས་ལྔ།། རྒྱུ་མེད་མ་བྱུང་རང་གསལ་དག། བརྟགས་པའི་འབྲས་བུ་སྒྱུ་མ་འདྲ།། ནམ་མཁའི་མཐའ་བཞིན་མཉམ་པར་གནས།། ཡེ་ནས་གྲུབ་ཅིང་འགྱུར་བ་མེད།། ཕྱི་ནང་མེད་པས ་ཀུན་ལ་ཁྱབ།། ཐམས་ཅད་འདུ་ཞིང་དེ་ལས་བྱུང་།། སྣང་བའི་དངོས་པོ་ཐམས་ཅད་ཀུན།། བཙལ་མེད་རང་བྱུང་རྒྱལ་པོར་བཤད།། མཚོན་དུ་མེད་ཅིང་ལྷུན་གྱིས་རྫོགས།། ཀུན་ཏུ་བཟང་པོའི་རང ་བཞིན་བླང་དོར་མེད།། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་འདྲ།། ཅི་ཡང་མི་སྒོམ་མི་བཙལ་དམིགས་མི་བྱ།། མི་སྤྲོ་མི་བསྡུ་གྱི་ན་ལྷུག་པར་བཞག། ཆོས་རྣམམས་གཅིག་པའི་སྙིང་པོར་མི་འགྱུར་དོན།། རྒྱུ་ཡིས ་མ་བསྐྱེད་རྟོག་པའི་རྒྱུ་དང་བྲལ།། དེ་ཡི་རང་བཞིན་དེ་ཡིན་མི་གསལ་ཏེ།། གཉེན་པོ་མེད་ཕྱིར་དེ་ཉིད་རང་རིག་ཡིན།། མི་གནས་མི་བརྟེན་མི་འཆའ་ཡུལ་དང་བྲལ།། རྩོལ་བས་བསྐྱེད་པ་མེད་ཅིང་རང་ལུས ་མེད།། སྔོན་དུ་བྱེད་པའི་ཡན་ལག་མེད།། འབྲས་བུ་རང་བཞིན་མེད་དེ་ཡེ་ནས་ལྷུན་གྱིས་གྲུབ།། གདེང་དང་ལྡན་པས་གང་ཡང་བསྒྲུབ་པ་མེད།། མཚན་མ་ཆོས་ཀྱི་མི་རྩོལ་གང་ཡང་རྩོལ་བ་མེད།། མ་སྐྱེས་སེམས་ཀྱི ་རང་བཞིན་བརྗོད་མེད་གྲོལ།། རང་བཞིན་སྣང་བས་མི་རྩོལ་མཚོན་དང་བྲལ།། རྒྱུ་འབྲས་རྟེན་དང་བྲལ་བའི་ཆོས་ཉིད་ལ།། རྒྱུ་དང་འབྲས་བུར་ལྟ་བ་སྒྲོ་འདོགས་ཆོས།། འབྱུང་བ་ལྔ་ལས་མ་བྱུང་བསྐྱེད་པ་མེད།། སྐུ ་གསུང་ཐུགས་ལ་མི་དམིགས་རྟེན་མི་འཆའ།། རང་བཞིན་གནས་པས་མ་བཙལ་ཐོག་ཏུ་ཕེབས།། འདས་དང་མ་འོང་ད་ལྟར་ཐོས་མེད་དགེ། ཆོས་ཀྱི་ཆོས་ཉིད་གསལ་བ་སྣང་བ་མེད།། མི་རྟོག་བསམ་མི་ཁྱབ་པ་ཡེ ་ཤེས་ཆེ།། བརྟག་པ་མ་ཡིན་རིག་པ་ཚད་མ་སྟེ།། ཤེས་པ་གསུམ་གྱི་མཚན་ཉིད་མ་འདྲེས་གསལ།། རིག་པ་ཅིར་ཡང་མ་འགགས་ནམ་མཁའི་མཐའ།། ཉི་མའི་འོད་ལྟར་གསལ་ཞིང་རང་རིག་སྣང་།། གཉིས་སུ་མེད ་ཅིང་དབྱེར་མེད་ཅིར་མི་དགོངས།། ལོག་རྟོག་འཁྲུལ་པའི་རང་བཞིན་བྱང་ཆུབ་སེམས།། ཐམས་ཅད་ཆོས་ཉིད་རང་གསལ་སེམས་ཉིད་གསལ།། སྤྱོད་པ་ཐམས་ཅད་བྱང་ཆུབ་སེམས་སུ་གནས།། དབྱིངས་དང་ཡེ ་ཤེས་ཐ་དད་བྲལ་བ་མེད།། མཚན་མའི་གཟུང་འཛིན་མེད་ཅིང་དེ་ཡི་དང་།། ཐབས་ཀྱི་རང་བཞིན་འབྲེལ་བའི་དོན་དུ་གནས།། ཞེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། ལྟ་བ་བསྟན་པའི ་ལེའུ་སྟེ་གཉིས་པའོ།། །། དེ་ནས་སྤྲུལ་བའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། ཆོས་རྣམས་ཐམས་ཅད་སྐྱེ་མེད་རྩལ་བྲལ་ན།། སྐལ་ལྡན་གདུལ་བྱ་རྣམས་ཀྱི་ངོ་དག་དང་།། སྐུ་གསུམ་རྣམ་གྲངས་སྣང ་བའི་དོན་གང་ལགས།། དེ་ཉིད་སྔོ་ལ་སྣང་ངམ་དངོས་པོ་ལགས།། ཞེས་གསོལ་པ་དང་། སྤྲུལ་པའི་སྟོན་པས་འདི་ཅེས་བཀའ་སྩལ་ཏོ།། ཆོས་རྣམས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་ཡང་།། ལས་དང་སྐལ་བར་ལྡན་པ ་གང་དག་ལ།། ཐ་དད་མ་འདྲེས་གསལ་ཞིང་འདྲེན་པར་མཛད། ཉོན་མོངས་རྐྱེན་གྱིས་མ་གོས་པདྨ་འདྲ།། ཞེས་གསུངས་སོ།། དེ་ནས་ཡང་སྤྲུལ་བའི་སྤྲུལ་བ་དེས། སྔོ་ལ་སྣང་བའི་རྟོག་པ་འདི་སྐད་ཅེས་གསོལ ་ཏོ།། སྣང་བ་མ་བཅོས་ཆོས་ཀྱི་སྐུ།། རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས།། ཐུགས་རྗེས་སྤྲུལ་པའི་སྐུ་རུ་ཤར། སྣང་སྲིད་ཐམས་ཅད་ཞིང་ཁམས་ཡིན།། སྣོད་བཅུད་སེམས་ཅན་སངས་རྒྱས་རྣམས།། སྐྱེ ་མེད་ཐམས་ཅད་བྱིན་རླབས་འཁོར།། གསང་སྔགས་གཏེར་གྱི་རིག་པ་རྫོགས།། མི་རྟོག་སྤྲོས་མེད་སེམས་སུ་ཤར།། འདུ་ཤེས་འཕེལ་ཕྱིར་དེ་ཡི་འཁོར།། མ་སྐྱེས་འགྱུར་མེད་རྟག་པ་ཡིན།། རང་བྱུང་སྤྲོས་མེད་བྱིན ་རླབས་ཤར།། རང་རིག་གཟུགས་སུ་སྣང་བ་དང་།། བདེ་བ་མ་ལུས་རང་རིག་ཀྱང་།། རིག་པ་ཉིད་ལ་གདོད་ནས་རྫོགས། ཁྱད་པར་བདེ་བ་ལྷ་ཡི་ཡིན།། ལྷག་པའི་བདེ་བ་ལྷ་ཡི་ཡིན།། རང་འབྱུང་སྤྲོས་མེད་སེམས་ལ ་རྫོགས།། ཤིན་ཏུ་བདེ་བ་ཐམས་ཅད་ཀྱང་།། རང་བྱུང་སྤྲོས་མེད་སེམས་ལ་ཤར།། བདེ་བ་ཆེན་པོ་ཐམས་ཅད་ཀྱང་།། རང་བྱུང་སྤྲོས་མེད་སེམས་ལ་འདུས།། ལོངས་སྤྱོད་མ་ཆགས་ཞིང་ཁམས་ཡིན།། རིགས་པའི ་འཁོར་ལ་དགོངས་པ་ཆད།། ཏིང་འཛིན་རིག་པ་གདེང་གིས་གོ། གནས་དང་འཁོར་དང་བསྟན་པ་ཚང་།། རིག་པའི་ངོ་བོ་གསལ་བར་སྟོན།། མ་བཅོས་པ་ལ་དགོད་པར་མཛོད།། མཚོན་བྱེད་ཐབས་དང་སྤྲད་པ ་དང་།། དབང་གི་མན་ངག་སྟོན་པར་མཛོད།། མཚོན་བྱ་མཚོན་བྱེད་འབྲེལ་བར་གནས།། ཐུགས་རྗེ་རང་བཞིན་སྤྲུལ་པར་ཤར།། སྟོང་གསུམ་འཇིག་རྟེན་ཐུགས་རྗེའི་གནས།། ཞེན་པའི་བསམ་པས་བརྟགས་པ ་རྣམས།། བདག་མེད་རང་སྣང་འབྲས་བུར་ཤར།། སྟོན་པ་དྲུག་གི་མཛད་པར་ཤར།། གང་ཟག་བློ་ལ་འཚམས་ཕྱོགས་སུ།། གང་དང་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། སྐུ་གསུམ་དབྱེ་བའི་ལེའུ་སྟེ་གསུམ ་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། ཐམས་ཅད་རང་རིག་རྐྱེན་དང་བྲལ།། སྣང་བའི་ཆོས་སུ་བཏགས་པ་རྣམས།། དེ་ལ་དེ་དག་ཡོད་མ་ཡིན།། དེ་ལ་དེ་དག་ཡོད་པ ་ན།། མཉམ་པའི་དོན་ལ་ཅིས་མི་མཐོང་།། དེ་ལ་དེ་མེད་དེ་མཐོང་འཁྲུལ།། དངོས་པོའི་ཆོས་ལ་འཁྲུལ་པ་བཞིན།། དེ་ལ་དེ་ཡོད་བདེ་བར་ན།། དེ་ལ་བདེན་པར་ཅིས་མི་མཐོང་།། དེ་ཕྱིར་དེ་དག་འཁྲུལ་པར ་སྣང་།། དེས་ན་རང་རིག་རྐྱེན་དང་བྲལ།། དེ་རྐྱེན་བྱེ་བྲག་བཞིན་ཏུ་གནས།། དང་པོ་གཉིས་པ་གསུམ་པ་བཞི།། ཐ་དད་བཞི་པ་ལྷུན་གྱིས་གྲུབ།། མ་བཅོས་རང་སྣང་ཆུ་ཟླ་འདྲ།། དངོས་གཞི་ངེས་མེད་གཟུང་བ ་མེད།། ཐམས་ཅད་བྱང་ཆུབ་སེམས་ཀྱི་ལུང་།། རྟོགས་པའི་རྨི་ལམ་ཆོས་ཉིད་འདྲ།། ནམ་མཁའ་ལྟ་བུའི་ཚུལ་དུ་གནས།། མ་བགྲོད་ཅིག་ཆར་འཇུག་པའི་ས།། གང་ལྟར་སྤྱད་ཀྱང་གཡོས་པ་མེད།། རྟོགས་པ་སེམས་སུ ་ཤེས་པ་ལ།། ཡེ་ཤེས་བྱེ་བྲག་བསམ་མི་ཁྱབ།། རིག་པའི་ཤེས་པ་རིག་པའི་ཉམས།། དང་པོ་གཉིས་པ་གསུམ་པ་བཞི།། རྒྱ་མཚོ་དཔེ་ཡི་ཚུལ་གྱིས་བསྟན།། རྣམ་རྟོག་ཅིར་ཡང་མི་ལྟ་དྲང་བའི་དོན།། ཟིན་པའི་ནད ་སྤངས་ལྷུན་གྱིས་གནས།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། རིག་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། སྐྱེ་མེད་སྐུ ་མ་ལྷུན་གྲུབ་ལ།། ཡོན་ཏན་འབྲས་བུ་ལྷུན་གྲུབ་གནས།། ལྷུན་གྲུབ་སྒྱུ་མ་སྐྱེ་མེད་ལ།། བཙལ་མེད་རིག་པའི་ཡེ་ཤེས་ལྔ།། བཙལ་བ་མེད་པར་ཀུན་ཏུ་ཤར།། མི་གནས་ཐུགས་ལ་ཕྱི་ནང་མེད།། སྟོང་པའི་ཡེ་ཤེས་རྐྱེན ་དང་བྲལ།། གསལ་བའི་ཡེ་ཤེས་ཆེན་པོ་ནི།། ཤེས་བྱ་ཐམས་ཅད་བསལ་མེད་ཤར།། རྟག་པ་སེམས་སུ་ཤེས་པ་ལ།། བཟང་ངན་ཆེ་ཆུང་བླང་དོར་མེད།། ཤེས་བྱའི་དོན་ལ་མ་འདྲེས་གསལ།། ཐུགས་རྗེའི་མཚན་མ ་ཀུན་ཏུ་འཆར།། མ་བཅོས་ཡེ་ཤེས་ཆེན་པོ་ལ།། ཆོས་ཚུལ་མི་ཟད་རྒྱ་མཚོ་འདྲ།། རང་རིག་ཡུལ་གྱིས་བསྐྱེད་པ་མིན།། རྒྱུ་མེད་བསྐྱེད་པའི་ཡེ་ཤེས་མིན།། རྩོལ་བ་མེད་པས་རྒྱུ་དང་བྲལ།། ནམ་མཁའ་ལྟ་བུའི་ཡེ་ཤེས ་ལ།། ནམ་མཁའ་ལྟ་བུར་ཡེ་ནས་བད་ལ།། ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན།། ཅེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། ཡེ་ཤེས་ལྔ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་སྦྲུལ ་པའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། མ་འོངས་དུས་ཀྱི་གང་ཟག་དག། རྒྱུད་ཀྱི་དོན་ལ་མི་མཁས་ཤིང་།། རལ་ཆོད་གཟུ་ལུམས་བྱེད་པའི་ཕྱིར།། བརྩེ་བས་དོན་འདི་བརྗོད་པར་བྱ།། བཅོས་མེད་ཡེ་ཤེས་རང ་གསལ་ལ།། མི་འགྱུར་འགྱུར་མེད་ཡེ་ཤེས་གསལ་བར་གནས།། འཇིག་རྟེན་བྱ་བས་བསྒྲུབ་མི་བྱེད།། ཀུན་ལ་སྙོམས་པའི་ཐུགས་ཀྱི་གནས།། འགྲོ་དོན་མཛད་དང་ཉམས་པ་མེད།། ངེས་པའི་ཡེ་ཤེས་མ་རྙེད ་བར།། ཆགས་སྡང་ཞེན་པའི་ལས་མི་བྱེད།། སེམས་ཉིད་བླང་དོར་འཛིན་མེད་ཀྱང་།། ལྷག་པའི་སྤྱོད་པ་གཙོ་ཆེར་འཛིན།། དེ་ཉིད་དོན་ལྡན་ལེགས་པ་ཆེ།། སེམས་ཉིད་དག་པ་རྡེང་བྱས་ན།། ཐོས་བསམ་མི་བྱེད་བློ ་འཕངས་དམའ།། འདུ་བྱེད་ལས་ཀྱི་རྗེས་སུ་འབྲང་།། མཁས་འདོད་སོགས་སུ་མི་འཛིན་ལ།། རྣ་བརྒྱུད་མི་རྟེན་མཁའ་འགྲོ་འདྲ།། སྲོག་ཕྱོར་བཙལ་ཞིང་ལས་ལས་བྱུང་།། བསྐལ་པ་གྲངས་མེད་སྔོན་རོལ ་ནས།། སེམས་ཀྱི་དོན་ལ་སྦྱངས་སྦྱངས་པས།། མན་ངག་རྒྱལ་འཐེབ་གཅིག་ལ་བསྟན།། བླ་མའི་བདུད་རྩི་བཀའ་ཡི་བཅུད།། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན།། ཅེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ ་བའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པས་དེས་འདི་སྐད་ཅེས་གསོལ་ཏོ།། སྡེ་ལྟར་སེམས་ཀྱི་རང་བཞིན་ནི།། ཟླ་བའི་དཀྱིལ་འཁོར་མ་འཕྲོས་ལྟར།། མ ་འདྲེས་གསལ་ཕྱིར་དེ་དང་འདྲ།། ཀུན་གྱི་རང་བཞིན་དེ་རུ་གཅིག། གཅིག་པས་མ་འཕྲོས་ཐ་དད་སྣང་།། ཨེ་མ་རང་སྣང་ཡེ་ཤེས་ས།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། རྒྱུ་ཡིས་མ་བསྐྱེད་རང་བཞིན་འབྱུང་།། རྐྱེན་གྱིས་མ ་བསྐྱེད་ཡེ་ནས་གྲུབ།། ཅི་ཡང་མ་ཡིན་ཅིར་ཡང་སྣང་།། བརྟགས་ན་དངོས་གཞི་གང་ཡང་མེད།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། ཆོས་རྣམས་མ་ལུས་དེ་རུ་འདུས།། འདུས་པ་ཉིད་ན་དེ་ལས་བྱུང་།། ཨེ་མ ་ཀུན་ཏུ་བཟང་པོའི་ས།། དེ་ཕྱིར་དེ་ལ་ངོ་མཚར་ཆེ།། ཡེ་ཤེས་རིག་པ་རང་གསལ་ལ།། ཐིག་ལེའི་མཚན་ཉིད་ཡེ་ནས་གྲུབ།། ཆེ་བའི་རྒྱན་གྱིས་རྣམ་པར་བརྒྱན།། གཉེན་པོ་མེད་པས་ཡེ་ནས་ཆེ།། སྤང་བྱ་མེད་པས་ཡེ ་ནས་གསལ།། ཐ་དད་མེད་ཕྱིར་གཉིས་དང་བྲལ།། འདུ་འབྲལ་མེད་པའི་ཡེ་ཤེས་ནི།། མཚན་མའི་དངོས་པོ་ཀུན་ལས་འདས།། བློ་ཡི་ཡུལ་དུ་དེ་མ་གྲུབ།། དེ་ལ་དམིགས་ནས་དེ་དོན་བསྐྱེད།། དེ་ཕྱིར་དེ་ལ་ངོ་མཚར ་ཆེ།། དེ་ཉིད་དེ་ཡུལ་མ་ཡིན་ན།། དེ་དོན་ཐབས་དང་བྲལ་བའི་ཕྱིར།། མཚོན་བྱེད་ཐབས་ཀྱི་མན་ངག་བསྟན།། རྟོག་པའི་རིམ་པ་བློ་ལ་བསྐྱེད།། དེ་ཕྱིར་གཞི་ནས་མ་གཡོས་པས།། མཐར་ཕྱིན་གཞི་ལ་གཡོས་པ ་མེད།། ཅེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། ཐེག་པའི་ཁྱད་པར་ཆེ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ།། བླ་མ ་མཁས་པ་རྟག་ཏུ་རྟེན།། དམ་པའི་དོན་དུ་དེ་ལ་འདུན།། བསམ་པའི་ཡེ་ཤེས་གོམས་པར་བྱ།། ཉམས་བླངས་བསམ་པས་གཟུང་བའི་བློ།། ཟད་འགྱུར་མི་རྟོག་གསལ་མཐར་ཕྱིན།། འགྱུར་མེད་རང་གསལ་གྱི་ན ་བདེ།། ལུང་སྟོན་ལྟ་བས་ཐག་བཅད་བཞིན།། བསམ་མེད་དྲན་པ་མ་ཤེས་ཏེ།། ལུས་སེམས་ཁོང་སློད་ལྷུག་པར་གནས།། དེ་ཉིད་དོན་ལ་མི་གཡོ་བར།། ཆ་ཤས་བཟེས་པས་དོན་མི་བཟུང་།། མི་བསྐུལ་མི་སྤྲོས་མི ་རྟོག་གསལ།། རྡུལ་ཕྲན་རིག་པ་དེ་ཉིད་ཙམ།། སེམས་ཉིད་ལྷུག་པ་གླང་ཆེན་འདྲ།། རིག་པ་གླང་ཆེན་བཅོས་མེད་བཞག། ཉམ་ང་མེད་པས་ཁྱུད་དང་མཚུངས།། སྐྱོད་པ་མེད་པས་རྒྱ་མཚོ་འདྲ།། མཐའ་དང་བྲལ་བས ་ནམ་མཁའ་བཞིན།། དགོས་པ་སྐོང་བས་རིན་ཆེན་འདྲ།། བདེ་བ་བསྐྱེད་པས་སྨན་དང་འདྲ།། དེ་འདྲའི་འོད་ཟེར་སྟོབས་ཀྱི་གསལ།། མི་བསྡུ་ཆེད་དུ་ཡིན་པ་མེད།། གོམས་པའི་ཤུགས་ཀྱི་འབྱུང་གྱུར་ན།། འཛིན་པའི ་རྟོག་པ་རྗེས་སུ་དྲན།། དེ་འདྲ་དེ་ཡིན་དེ་གསལ་མེད།། དེ་ཉིད་མི་དམིགས་ནམ་མཁའ་འདྲ།། གང་ལྟར་མ་ཡིན་དེ་ལྟར་ཡིན།། ཞེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། འཛིན་རྟོག་ཡེ་ཤེས ་སུ་གསལ་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་སྤྲུལ་པའི་སྤྲུལ་པ་དེས། མཚན་གྱི་དོན་ལ་འཇུག་པའི་མན་ངག་འདི་ཉིད་སྟོན་ཅིང་། འདི་སྐད་ཅེས་གསོལ་ཏོ།། ཐ་དད་བརྟགས་པའི་ཡུལ་མེད་ན།། རིག་པ ་མ་འགགས་ཕྱོགས་མེད་གསལ།། དེ་ཉིད་དེ་ལ་འཛིན་མེད་རྒྱ་མེད་རྒྱུར་སྣང་གསལ།། དེ་ཕྱིར་དེ་ཉིད་རང་རིག་ཡིན་ཕྱིར་འཛིན་རྟོག་བྲལ།། གང་གིས་དེ་ལ་དེ་རྟགས་མེད་ཕྱིར་དེ་ཡིས་སྟོང་།། རྒྱུ་ཡིས་བསྐྱེད་པ་མེད ་ཕྱིར་རྐྱེན་གྱིས་བསྒྲུབས་པ་མེད།། དེ་ཕྱིར་དེ་ལ་ནམ་མཁའ་ལྟ་བུའི་བསམ་པས་འཇུག། ཕྱོགས་རིས་ཚད་ལས་འདས་ཤིང་མཐའ་ལས་རྟག་ཏུ་གྲོལ།། དེ་ཕྱིར་དེ་ལ་ནམ་མཁའ་ལྟ་བུའི་བསམ་པ ་འཇུག། ཅི་ཡང་མ་ཡིན་མཐའ་དང་དབུས་ལས་གྲོལ་བར་གནས།། དེ་ཕྱིར་དེ་ལ་ནམ་མཁའ་ལྟ་བུའི་བསམ་པས་འཇུག། མ་རིག་ལོག་རྟོག་སྒྱུ་མ་འདྲ་ཕྱིར་དངོས་པོ་མེད།། དེ་ཕྱིར་དེ་ཉིད་བསམ་མེད་སྒྲིབ་པ་ཡེ་ནས ་དག། དེ་ཉིད་བསམ་ལས་འདས་པས་ནམ་མཁའི་དོན་ལ་སྒོམ།། ནམ་མཁའི་དོན་ཉིད་མི་སྒོམ་སྒོམ་པའི་ཡུལ་ལས་འདས།། ཞེས་གསོལ་ཏོ།། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་ལས། མཚན་གྱི་དོན་ལ ་འཇུག་པའི་གདམས་པའི་ལེའུ་སྟེ་དགུ་པའོ།། །། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་ཤྲཱི་སིདྷ་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་བཻ་རོ་ཙ་ནས་བསྒྱུར་ཞིང་ཞུས་ཏེ ་གཏན་ལ་ཕབ་པའོ།། ཡེ་ཤེས་གསང་བའི་རྒྱུད་ཅེས་བྱའོ།། །།་