CLOSE WINDOW

Gpb011.006: phrin las thams cad kyi rgyal po skabs sbyor bdus pa'i rgyud
Wyliee-texts produced with BDRC’s OCR application

བཀོད་པ་རྫོགས་སོ།། སྠི།། ཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཤེས་པའི་དུས་གཅིག་ན།། ་བཅོམ་ལྡན་འདས་ཡིད་བྱེད་པ་པོ་རང་བྱུང་གི་གནས་ན་བཞུགས་པ་ལ། ཡིད་ཀྱི་སྲས་གཉིས་སུ་མེད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱལ་པོའི ་སྐབས་སྦྱོར་བདུན་པའི་རྒྱུད་ཅེས་བགྱི་བ་དེ་གང་ལགས། སྐུའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། གསུང་གི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། ཐུགས་ཀྱི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། བལྟ ་བའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། བསྒྲུབ་པའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། སྤྱོད་པའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བདེ་བར ་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲས་མཆོག་དམ་པ་ཉོན་ཅིག། སྐབས་སྦྱོར་བདུན་པའི་རྒྱུད་འདི་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང ་གསུངས་ཤིང་བཤད་ལ་གསུངས་པ་ཡང་མི་མངའ། ངས་ཀྱང་བཤད་ལ་བཤད་པ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཅན་གྱི་མཚན་ཉིད་མ་ཡིན་པའི་ཕྱིར་ཏེ། དེས་ན་རིགས་ཀྱི་བུ་ཕྲིན་ལས་ཞེས་བྱ་བ་ཡང་། ་དམིགས་སུ་མེད་པའི་མན་ངག་ལས་མ་གཏོགས་པར། འདུས་བྱས་ཀྱི་མཚན་མའི་ལས་སུ་བསྟན་པ་མ་ཡིན་ཏེ། དེ་ལ་སྐུའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་སྐུ་གང་ཡིན་པ་ནི ་སེམས་ཅན་གྱི་ལུས་ལ། སེམས་ཅན་གྱི་ལུས་གང་ཡིན་པ་དེ་ནི་བདག་སྟེ། བདག་གི་ཕུང་པོ་ལངས་ཀྱང་རུང་། འདུག་ཀྱང་རུང་། འགྲོ་ཡང་རུང་། འགྲེངས་ཀྱང་རུང་། གནས་ཀྱང་རུང་། མི་གནས་ཀྱང ་རུང་། རོལ་ཀྱང་རུང་སྟེ། ཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལུས་ལངས་ན་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ནས་བཞེངས་པའི་སྐུ་སྟེ། དོན་ཆོས་ཉིད་དུ་སྦྱོར་བའི་ཕྲིན་ལས་སོ།། ལུས ་འདུག་ན་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་དག་པའི་མཁའ་ལ་བཞུགས་པའི་སྐུ་སྟེ། ཡབ་ཡུམ་དུ་སྦྱོར་བའི་ཕྲིན་ལས་སོ།། ལུས་འགྲོ་ན་ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པས་སྤྲུལ་པའི་སྐུ་སྟེ། ཐབས་དང་ཤེས ་རབ་ཏུ་སྦྱོར་བའི་ཕྲིན་ལས་སོ།། ལུས་འགྲེངས་ན། བདེ་ཆེན་ལོངས་སྤྱོད་པའི་སྐུ་སྟེ། ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་ཕྲིན་ལས་སོ།། ལུས་གནས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟེ། ་གཉིས་སུ་མེད་པའི་ཕྲིན་ལས་སོ།། ལུས་མི་གནས་ན་མ་སྐྱེས་པའི་ཆོས་ཉིད་མངོན་པར་བྱང་ཆུབ་པའི་སྐུ་སྟེ། ཡེ་ཤེས་ཆོས་ཉིད་དུ་དབྱེར་མེད་པའི་ཕྲིན་ལས་སོ།། ལུས་རོལ་ན། འཆི་བ་མེད་པ་རྡོ་རྗེའི་སྐུ་སྟེ། ལུས ་དངོས་སུ་སྣང་བ་ཐམས་ཅད་རྡོ་རྗེའི་རིགས་ཏེ། སངས་རྒྱས་སྤྱན་དང་གཉིས་སུ་མེད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་ཐམས་ཅད་དུ་རླན་ཞིང་སྡུད་པ་ཐམས་ཅད་ནི། རིན་པོ་ཆེའི་རིགས་ཏེ་མཱ་མ་ཀི ་དང་གཉིས་སུ་མེད་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་ལ་དྲོད་འབྱུང་བ་ཐམས་ཅད་ནི། པདྨའི་རིགས་ཏེ་གོས་དཀར་མོ་དང་གཉིས་སུ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས ་ཀུན་ཏུ་སྤྱོད་ཏུབ་ཏུབ་པ་ཐམས་ཅད་ནི། ལས་ཀྱི་རིགས་ཏེ་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་གཞིག་ན། རང་བཞིན་མེད་པ་ཐམས་ཅད་ནི་དེ་བཞིན་གཤེགས ་པའི་རིགས་ཏེ། ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། དེ་བས་ན་ལུས་སྐུའི་ཕྲིན་ལས་ཐམས་ཅད་ནི་ཡང་དག་པའི་ཕྲིན་ལས་ལ་ཡེངས་པ་མེད་པར་མཛད་དེ། དེ་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། གདོད་ནས་མ་སྐྱེས་རྣམ་དག་དབྱིངས་ཀྱི་སྐུ།། ཡོངས་ལ་ཁྱབ་པས་ཐུགས་རྗེ་སྤྲུལ་པའི་སྐུ།། ཐབས་མཁས་རོལ་པས་ལོངས་སྤྱོད་རྫོགས་པའི་སྐུ།། སྐྱེ་ཤི་མེད་པས་རྡོ་རྗེ་སེམས་ཀྱི ་སྐུ།། དོན་དམ་རྟོགས་པས་མངོན་པར་བྱང་ཆུབ་སྐུ།། གཉིས་མེད་གཡུང་དྲུང་བདེ་ཆེན་ཆོས་ཀྱི་སྐུ།། སྐུ་ལྔ་དབྱེར་མེད་རོལ་པའི་ཕྲིན་ལས་ཀྱི།། དོན་དམ་ཕྲིན་ལས་ཡེངས་པ་མེད་པར་མཛད།། ལུས་ཀྱི་བསྐུལ་བསྐྱོད ་ཕྱག་རྒྱའི་དཀྱིལ་འཁོར་ལ།། སྐུ་ཡི་ཕྲིན་ལས་ཅིར་ཡང་གཡོས་པ་མེད།། མ་ལུས་ཐབས་སུ་བསྒྱུར་བའི་ཕྲིན་ལས་ཀྱིས།། གང་ཞིག་བསྒྲལ་བ་བྱང་ཆུབ་དེ་ཐོབ་ནས།། སྲོག་བཅད་ཉིད་ཀྱིས་ཐར་ལམ་བདེ ་བ་ཐོབ།། ལུས་ཀྱི་སྤྱད་པས་སངས་རྒྱས་ཞིང་དུ་གྲགས།། སྐུ་ཡི་རོལ་པས་བདེ་ཆེན་འདུ་འབྲལ་མེད།། སྙིང་པོ་བྱང་ཆུབ་མ་བཀག་ཡན་དུ་ཁྱེ།། དོན་ལ་འདུས་མ་བྱས་པའི་རང་བཞིན་ལ།། མ་ལུས ་ཡོངས་ལ་སྙོམས་པའི་ཕྲིན་ལས་མཆོག། ན་དང་ཚ་བས་སྡུག་བསྔལ་ན།། དངོས་པོ་མཚན་མའི་ནད་འཇོམ་པ།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། བཀྲེས་དང་སྐོམ་པས་སྡུག་བསྔལ་ན།། ཆོས་ཉིད་དངོས་པོ་མཚན ་བསྒྲིབས་པས།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། རྒས་དང་རྒུད་པས་སྡུག་བསྔལ་ནི།། རྟག་ཆད་དོན་གྱི་མཐར་སྦྱོར་བས།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། གྲང་དང་འདར་བས་སྡུག་བསྔལ་ན།། མཚན་མར་ཞེན ་པ་རང་སྤྱོད་པས།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། སྐྱེ་དང་འཆི་བས་སྡུག་བསྔལ་ན།། མི་རྟག་གདོན་གྱི་མཐར་སྦྱོར་བས།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། བདེ་དང་སྐྱིད་པའི་ལོངས་སྤྱོད་དང་།། དྲོ་དང་འཇམ ་པའི་ལོངས་སྤྱོད་དང་།། རོ་དང་འདོད་པར་ལོངས་སྤྱོད་ན།། ཆོས་ཉིད་དོན་གྱི་རོ་ཚོར་བས།། འདི་ཡང་སྐུ་ཡི་ཕྲིན་ལས་མཆོག། སྐུ་ཡི་ཕྲིན་ལས་འདི་ཤེས་པའི།། རྣལ་འབྱོར་བློ་ལྡན་གང་སྤྱོད་པ།། དོན་ལ་ཐེ་ཚོམ ་མེད་པར་འགྲུབ།། དགོངས་དང་སྐུ་དང་དུས་གསུམ་དུ།། འདུ་འབྲལ་མེད་པའི་ཕྲིན་ལས་མཛད།། ཡེངས་པ་མེད་པར་བསྒྲུབ་པའི་ཀློང་།། གང་ཞིག་འདི་དང་མི་ལྡན་པ།། ཐར་པའི་དུས་མེད་འཆིང་བའི་རྒྱུ།། ལེགས ་པར་སྤྱད་ཀྱང་སྡིག་པའི་ཤས།། བསྒྲུབས་ཀྱང་དོན་མེད་གཡེང་བའི་རྒྱུ།། འདི་ལ་གང་ཞིག་གོམས་བྱེད་པས།། ཉེས་པར་སྤྱད་ཀྱང་ལེགས་པའི་ལམ།། མ་བསྒྲུབས་པར་ཡང་གྲུབ་པའི་གདེང་།། གཡུང་དྲུང་སྐུ་ཡི ་གཏེར་བཙུགས་པའོ།། སྐུ་ཡི་སྐབས་སྦྱོར་དང་པོའོ།། །། ད་ནི་གསུང་གི་སྐབས་སྦྱོར་ཡིད་ལ་ཟུང་ཞིག་དེ་ལ་སངས་རྒྱས་ཀྱི་གསུང་གང་ཡིན་པ་སེམས་ཅན་གྱི་ངག་ཡིན་ལ། སེམས་ཅན་གྱི་ངག་གང་ཡིན་པ ་བདག་གིས་སྨྲ་བ་སྟེ། བདག་གིས་སྨྲ་བ་བརྗོད་ཀྱང་རུང་། མ་བརྗོད་ཀྱང་རུང་། བདེན་པར་སྨྲས་ཀྱང་རུང་། རྫུན་པར་སྨྲས་ཀྱང་རུང་། སྙན་པར་སྨྲས་ཀྱང་རུང་། མི་སྙན་པར་སྨྲས་ཀྱང་རུང་། སྒྲ་ལྷང་ལྷུང་པོར་སྨྲས ་ཀྱང་རུང་། གསང་སྟེ་ཤུབ་བུར་བརྗོད་ཀྱང་རུང་། གང་ཟག་གི་སྒྲེན་ཚིག་ཏུ་སྨྲས་ཀྱང་རུང་། མན་ངག་གི་ཆོས་ཉིད་དུ་བརྗོད་ཀྱང་རུང་། འདོད་ཆགས་ཀྱི་སྦྱོར་སྔགས་སུ་བརྗོད་ཀྱང་རུང་། བཞད་གད་ཀྱི་བྲེ་མོའི ་གཏམ་དུ་སྨྲས་ཀྱང་རུང་། ཞེ་སྡང་གི་ཁྲོ་གཏུམ་དང་བྱམས་པའི་གཏམ་ངག་ཏུ་སྨྲས་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ངག་སྨྲ་ཞིང་བརྗོད་ན། སྐྱེ་བ ་མེད་པའི་ཆོས་ཀྱི་དབྱིངས་རུམ་ནས། འགྲོ་བ་འདུལ་བའི་ཐབས་སུ་ཐུགས་ཀྱིས་དགོངས་ནས། མགུར་གྱི་བུམ་པ་ལས་ཕྱུང་། ལྗགས་ཀྱི་དབང་པོ་ལ་བཀྲམ་ནས། སྣོད་ཀྱི་རིམ་པར་བསྒྲགས་པས། ངག་གསུང་ཆོས ་ཀྱི་འཁོར་ལོ་བསྐོར་བའི་ཕྲིན་ལས་སོ།། ངག་གིས་མ་བརྗོད་ཅིང་མ་གླེངས་ན། གསུང་ཆོས་ཉིད་བདེན་པའི་དོན་ལ་ཚིག་ཏུ་མ་གསུངས་པས་ཀྱང་དོན་གོ་བར་བཞེད་པས། མ་གཡོས་པའི་ཆོས་ཉིད་ཀྱི ་གསུང་ལ། སྐྱེ་བ་མེད་པའི་གསུང་ཅང་མི་གསུང་བར་བཞུགས་པས། ངག་གསུང་བརྗོད་པ་མེད་པའི་ཕྲིན་ལས་སོ།། ངག་གིས་བདེན་པར་སྨྲ་ན། མར་ཁུ་ཁོལ་མའི་ནང་དུ་ཆུ་མི་གནས་པ་བཞིན་དུ། ཆོས་ཉིད་ལ་རྫུན ་གསུང་དུ་མི་མངའ་སྟེ། ཅི་གསུངས་པ་དོན་དང་ལྡན་པས། རྫུན་མེད་པའི་རང་བཞིན་ཏེ། གསུང་བདེན་པའི་ཕྲིན་ལས་སོ།། ངག་གིས་རྫུན་དུ་སྨྲས་ཤིང་བརྗོད་ན། གསུང་རབ་དམ་པའི་ཆོས་ཀྱིས་ཉོན་མོངས་པ ་འཁོར་བའི་ཆོས་བསླུ་ཞིང་འབྲིད་ལ། རྫུན་དང་འདྲ་བ་ཡིན་པས། གསུང་འཁོར་བ་འདྲེན་པའི་ཕྲིན་ལས་སོ།། ངག་གིས་སྙན་པར་སྨྲས་ཤིང་བརྗོད་ན། ཆོས་ཉིད་ཀྱི་བྱིན་རླབས་ཀྱིས་འགྲོ་བ་ཀུན་གྱི་ཡིད་ཚིམ་པའི ་རང་བཞིན་པས། དབང་པོ་ཚིམ་ཞིང་གོ་བར་བྱེད་པས་སྙན་པར་སྨྲ་བ་སྟེ་གསུང་ཀུན་དང་མཐུན་པའི་ཕྲིན་ལས་སོ།། ངག་གིས་མི་སྙན་པར་སྨྲས་ཤིང་བརྗོད་ན། དཔེར་ན་དགྲ་སྡང་བ་ཉིད་ཀྱང་དགེ་བའི་བཤེས ་གཉེན་ལ། མི་སྙན་པར་སྨྲས་པ་ཉིད་ནི། རྒྱུ་ལ་ཤེས་པ་ཆེ་བས། འབྲས་བུ་འཁོར་བར་ཆགས་ཀྱིས་དོགས་པས་མི་སྙན་པར་བརྗོད་པ་སྟེ་གསུང་ཆགས་པ་དང་བྲལ་བའི་ཕྲིན་ལས་སོ།། ངག་གིས་སྒྲ་ལྷང་ལྷུང་པོར ་བརྗོད་ནའང་། སྒྲས་དབང་པོ་ཚིམ་ཞིང་སྒྲ་མཐར་སྟོང་པ་དང་འདྲ་བར། ཆོས་ཉིད་སྐྱེ་བ་མེད་པའི་དོན་གྱིས་ཕ་རོལ་གྱི་ཡིད་ཚིམ་པར་བྱེད་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་སྒྲ་མཐར་སྟོང་སྟེ། དེས་སྒྲ་ལྷང་ལྷང ་པོར་བརྗོད་པས། གསུང་གོ་བར་སྒྲོགས་པའི་ཕྲིན་ལས་སོ།། ངག་གིས་གསང་སྟེ་ཤུབ་བུར་བརྗོད་དེ་སྙིང་པོ་མ་ཡིན་པའི་སྙིང་པོ་ཡིད་ལ་བཟླས་པས། གསང་སྟེ་ཤུབ་བུར་བརྗོད་པ་སྟེ་གསུང་གསང་བའི་སྙིང་པོ ་སྔགས་ཀྱི་ཕྲིན་ལས་སོ།། གང་ཟག་གིས་སྒྲེན་ཚིག་ཏུ་སྨྲས་ན། འདུལ་བའི་དུས་ལ་གང་ལ་བབ་པར་གསུང་ཇི་སྐད་བསྒྱུར་དུ་རུང་བས། དོན་དུ་མི་འགལ་ན་ནི་ཚིག་ཉིད་ཀྱང་སྒྲེན་ཚིག་ཏུ་སྨྲ་བ་སྟེ་གསུང་ཐབས་མཁས ་པའི་ཕྲིན་ལས་སོ།། མན་ངག་གི་ཆོས་ཉིད་དུ་བརྗོད་ན། ཆོས་ཀྱི་འཁོར་ལོ་གསུང་དབྱངས་བརྒྱ་དང་ལྡན་པས། དབང་པོ་རབ་འབྲིང་གསུམ་ལ་ཇི་ལྟར་འདུལ་བ་བཞིན་གོ་བ་ནི་ཆོས་ཉིད་དུ་བརྗོད་པ་སྟེ། གསུང་ཆོས ་ཀྱི་འཁོར་ལོ་བསྐོར་བའི་ཕྲིན་ལས་སོ།། ངག་འདོད་ཆགས་ཀྱི་སྦྱོར་སྔགས་སུ་བརྗོད་ན། ཐམས་ཅད་ཡབ་ཡུམ་གྱི་ཚུལ་དུ་སྦྱོར་བའི་བརྡ་སྐད་དུ་སྨྲ་བ་སྟེ། གཉིས་སུ་མེད་པའི་ཆོས་རྣམས་ཀྱི་རང་བཞིན་པས། འདོད ་ཆགས་ཀྱི་སྦྱོར་སྔགས་སུ་བརྗོད་པ་སྟེ་གསུང་གཉིས་སུ་མེད་པའི་ཕྲིན་ལས་སོ།། ངག་བཞད་གད་ཀྱི་བྲེ་མོའི་གཏམ་དུ་བརྗོད་ན། དགྱེས་པ་ཆེན་པོ་ཆོས་ཉིད་ཀྱི་སྒྲ་བརྙན་དུ་བསྟན་པ་སྟེ། རང་བཞིན་གྱིས་བསྟན་པ ་ཉོན་མོངས་པ་རང་ག་མས་མི་དཀའ་བ་མེད་པས། བཞད་གད་བྲེ་མོའི་གཏམ་དུ་སྨྲ་བ་སྟེ་གསུང་དགྱེས་པ་ཆེན་པོའི་ཕྲིན་ལས་སོ།། ངག་ཞེ་སྡང་གི་ཁྲོ་གཏུམ་དང་བྱམས་པའི་གཏམ་ངག་ཏུ་བརྗོད་པ་ནི།། ་གཟུང་འཛིན་གྱི་རྣམ་པར་རྟོག་པ་སུན་ཕྱུང་བ་དང་། ཆོས་ཉིད་ཟུག་རྔུ་མེད་པའི་སྙིང་རྗེ་བཟུང་བས་ཁྲོ་གཏུམ་དང་གདམས་ངག་སྨྲ་བ་སྟེ་གསུང་ཇི་ལྟར་འདུལ་བ་བཞིན་དུ་མཛད་པའི་ཕྲིན་ལས་མཛད་པའོ།། དེ་བས ་མན་ངག་གསུང་གི་ཕྲིན་ལས་མཛད་པ་ནི། ཐམས་ཅད་ཆོས་ཉིད་དུ་ཕྲིན་ལས་ཡེངས་པ་མེད་པར་མཛད་པ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། རང་བཞིན་སྤྲོས་བྲལ་དེ་བཞིན་གཤེགས་རྣམས་ཀྱི་གསུང་།། ་བརྗོད་མེད་མ་སྐྱེས་ཡེ་ནས་སྟོང་པའི་གཞི།། ཚིག་དང་ཡི་གེར་མ་བརྟགས་མཚན་མ་མེད།། དངོས་མེད་མ་སྐྱེས་ཆོས་རྣམས་འབྱུང་བའི་མཛོད།། ཐབས་ལ་མཁས་པས་ཡོངས་ལ་ཁྱབ་པར་སྒྲོགས།། འགྲོ་བའི་དོན ་མཛད་གསུང་རབ་བདུད་རྩིའི་བཅུད།། མ་རིག་ལོག་རྟོག་ཁ་ལོ་གྱེན་ལ་བསྒྱུར།། དམ་པ་ཆོས་ཀྱི་ཡོན་ཏན་བརྗོད་མི་ལངས།། ཇི་སྙེད་བརྗོད་པས་གསུང་རབ་རྒྱ་མཚོ་སྟེ།། ཐེག་པའི་བྱེ་བྲག་བློ་ལ་སྣང་བར ་འགྱུར།། དོན་འདི་གང་ཞིག་བློ་ལ་འཆང་བ་དང་།། ངེས་པར་སེམས་ལ་གསལ་བའི་རྣལ་འབྱོར་དེས།། ཇི་སྙེད་བརྗོད་པ་ཆོས་ཀྱི་སྒོ་མོ་ལ།། ཕ་རོལ་གཞན་གྱིས་ཤེས་པས་གྲོལ་བ་ཡིས།། གསུང་རབ་དོན་དང་ལྡན་པ ་རྒྱལ་བས་གསུངས།། གང་ཞིག་འདི་དང་མ་ལྡན་ཆོས་སྨྲ་བ།། བདེན་པར་སྨྲས་ཀྱང་ཕ་རོལ་མི་གོ་སྟེ།། དཔེར་ན་རྒྱལ་པོ་མ་ཡིན་དམངས་རྣམས་ཀྱིས།། བདེན་པར་སྨྲས་ཀྱང་ཉན་པ་མེད་པ་ལྟར།། འདི་དག་མི་ཤེས ་རྣལ་འབྱོར་གཞན་རྣམས་ཀྱིས།། དོན་དང་ལྡན་ཡང་གང་ཡང་འདུལ་བ་མེད།། ཞལ་ནས་ཅི་གསུངས་གསུང་རབ་བདུད་རྩི་ལ།། གཞན་ལ་ཅི་བརྗོད་མན་ངག་སྟོན་པའི་མཆོག། ཚིག་གི་སྒྲ་སྐད་སྐྱེ་མེད་ཆོས་ཀྱི ་དབྱིངས།། དོན་གྱི་བདེན་པས་ངར་འཛིན་རྟོག་པ་མེད།། ལུང་དང་ལྡན་པས་བརྗོད་པ་དོན་གྱི་དབང་།། བླ་མའི་ལུང་ལས་ཕྱུང་སྟེ་བསྟན་པར་བྱའོ།། འདི་དང་མི་ལྡན་ཆོས་སྟོན་པ།། དམ་ཆོས་ཉམས་པའི་རྒྱུར་འགྱུར ་རོ།། བཤད་ཀྱང་དོན་མེད་གཡེངས་པའི་རྒྱུ།། འདི་ལྟར་རྟོགས་ནས་གང་སྨྲ་བ།། ལོག་པར་བསྟན་ཀྱང་ངེས་པའི་ལུང་།། སྤྲོས་པ་མེད་པའི་ཆོས་མཛོད་དེ།། མན་ངག་བདུད་རྩིའི་ཆར་ཕབ་པའོ།། གསུང་གི་སྐབས ་སྦྱོར་གཉིས་པའོ།། །། ད་ནི་ཐུགས་ཀྱི་ཕྲིན་ལས་ཀྱི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་ཐུགས་གང་ཡིན་སེམས་ཅན་གྱི་ཡིད་ལ། སེམས་ཅན་གྱི་ཡིད་གང་ཡིན་པ་བདག་གི་སེམས་ཏེ། བདག ་གིས་བསམས་ཀྱང་རུང་། མ་བསམས་ཀྱང་རུང་། ཡིད་ལ་དྲན་ཡང་རུང་། མ་དྲན་ཡང་རུང་། ཉོན་མོངས་པ་ལྔའི་སེམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་། བཟང་པོར་བསམས་ཀྱང་རུང་། ངན་པར་བསམས་ཀྱང ་རུང་། གཙང་བར་བསམས་ཀྱང་རུང་། མི་གཙང་བར་བསམ་ཀྱང་རུང་། དགའ་བར་བསམས་ཀྱང་རུང་། མི་དགའ་བར་བསམས་ཀྱང་རུང་། སྐྱེ་བར་བསམས་ཀྱང་རུང་། འཆི་བར་བསམས་ཀྱང་རུང་། ་རུང་བར་བསམས་ཀྱང་རུང་། མི་རུང་བར་བསམས་ཀྱང་རུང་། སྐྱེས་པར་བསམས་ཀྱང་རུང་། བུད་མེད་དང་མ་ནིང་ལ་སོགས་པ་འགྲོ་བ་རིགས་དྲུག་ཏུ་བསམས་ཀྱང་རུང་། མ་བསམས་ཀྱང་རུང་། གཟུགས་དང་ཁ ་དོག་ལ་སོགས་པ་ཡུལ་དང་དབྱིངས་སུ་བསམས་ཀྱང་རུང་། མ་བསམས་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བ་ཉིད་དུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡིད་ལ་བསམས་ན། ཆོས་ཉིད་ཀྱི་ཀློང ་ན་རིག་པའི་ཡེ་ཤེས་མ་བརྗོད་པའི་དགོངས་པ་རྒྱུན་མི་འཆད་པ་སྟེ་ཡིད་རྣལ་འབྱོར་གྱི་དགོངས་པ་ལ་བཞུགས་པའི་ཕྲིན་ལས་སོ།། ཡིད་ཀྱིས་མ་བསམས་པ་འཛིན་རྟོག་མེད་པའི་ཤེས་རབ་ཀྱིས་རང་བཞིན་བྱུང་ཚོར ་སྤོང་བའི་ཐབས་ལ་མཁས་པའི་རོལ་པ་སྟེ་རྣམ་པར་མི་རྟོག་སྒྲ་བསམ་བརྗོད་ལས་འདས་པའོ།། ཡོད་ཅེས་སྒྲོ་མ་བཏགས། མེད་ཅེས་སྐུར་པ་མ་བཏབ། ཅི་ལ་ཡང་སེམས་ཀྱིས་མི་རྟོག་པའི་སྒོ་ནས་ཕྲིན་ལས ་སོ།། ཡིད་དམ་སེམས་ཀྱིས་དྲན་ན་རང་བྱུང་གི་ཡེ་ཤེས་བཙལ་བ་མེད་པར་རང་བྱུང་བ་སྟེ། མཚན་མ་མེད་པ་ལས་མཚན་མ་མེད་པའི་དབྱིངས་བྱེ་བྲག། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་སེམས་ལ་ཅི་དྲན་སྙིང ་རྗེ་ཆེན་པོའི་རང་བཞིན་ཏེ། སྣང་ལ་རང་བཞིན་མེད་ལ་ཕྱོགས་དང་རིས་མེད་པར་ཁྱབ་པས། དེ་ཙམ་ན་ཕྱོགས་དང་རིས་སུ་མ་བཟུང་བས་ཐུགས་ཀུན་སྣང་གི་དགོངས་པའི་ཕྲིན་ལས་སོ།། སེམས་ལ་ཉོན་མོངས་པ ་ལྔའི་སེམས་སྐྱེས་ན། ཉོན་མོངས་པ་ཉིད་རྒྱུའི་བྱང་ཆུབ་སེམས་ཀྱི་རྩ་བ་མ་ནོར་བ་སྟེ། སེམས་འདོད་ཆགས་ན་ཆོས་ཉིད་སྤྲོས་པ་མེད་པ་བློ་ལ་སྣང་བའི་འདོད་ཆགས་པས། གསུང་བྱང་ཆུབ་སེམས་ཀྱི་རྒྱུ། སེམས་ཞེ ་སྡང་ན་རྣམ་པར་རྟོག་པའི་མཚན་མ་མི་གནས་པར་སུན་འབྱིན་པས། ཐབས་མཁས་པའི་ཞེ་སྡང་ཡིན་པས། ཐུགས་བྱང་ཆུབ་སེམས་ཀྱི་རྒྱུ། སེམས་གཏི་མུག་ན། གཟུང་འཛིན་གྱི་རྣམ་པར་རྟོག་པ་མགོ་རྨོངས་ཤིང་མི ་གནས་པར། གཏི་མུག་པས་སྐུ་བྱང་ཆུབ་སེམས་ཀྱི་རྒྱུ། སེམས་ང་རྒྱལ་ན། ཆེ་བའི་ཡོན་ཏན་གང་གིས་ཀྱང་དཔག་གིས་མི་ལངས་པས། གང་གི་དབང་དུ་མི་བཏང་བས། ཡོན་ཏན་བྱང་ཆུབ་སེམས་ཀྱི་རྒྱུ། དེ་ཉིད་རྒྱུ ་འབྲས་ཀྱི་དོན་མི་དམིགས་པའི་ཡེ་ཤེས་ཤེས་རབ་ཀྱི་ས་ཟིན་པས། ཐུགས་ཏིང་ངེ་འཛིན་གྱི་དགོངས་པའི་ཕྲིན་ལས་སོ།། སེམས་དེ་ལྟར་མ་སྐྱེས་ན་གླེང་བརྗོད་ཀྱི་བསམ་པ་རིལ་དང་བྲལ་བས། ཐུགས་ཐིག་ལེ་ཆེན ་པོའི་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་བཟང་པོར་བསམས་ན་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་དང་མཛད་སྤྱོད་ལ་སོགས་པ་བལྟ་བས་མི་ངོམས་པའི་དོན་བཟང་པོ།། གསལ་ལ་རྟོགས་པར་སྣང་ལ ་རང་བཞིན་མེད་པས། ཐུགས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དུ་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་ངན་པར་བསམས་ན། ངན་པ་ཉིད་ཀྱང་རྒྱུ་ནས་བདས་པས་བཟང་པོ་ལ། བཟང་པོ་ཉིད ་ཀྱི་འབྲས་བུ་ནས་དེད་པས་ངན་པ་ལ་ཐུག་པས། དེ་ཡང་གཉིས་སུ་མེད་པས་ཐུགས་མཉམ་པ་ཉིད་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་མི་གཙང་བར་བསམ་ན། མི་གཙང་བ་ཉིད་ཀྱང་གཙང་བ་གཙང་བ་ཡང ་དག་པར་ཤེས་པས། མི་གཙང་བ་ཉིད་དོན་ཆེ་བ་ཡིན་པས། ཐུགས་ཀུན་ཏུ་བཟང་པོའི་དགོངས་པའི་ཕྲིན་ལས་སོ།། ཚིག་ཁགས་ཆད།། དེ་ལྟར་དབང་ཐོབ་པ་ལ་མི་དགའ་བས། དེ་ཡང་ཐ་མི་དད་པས་ཐུགས་གཉིས་སུ ་མེད་པའི་དགོངས་པའི་ཕྲིན་ལས་སོ།། སེམས་སྐྱེ་བ་ཡང་བསམས་ན་རང་བཞིན་མེད་པ་ལས་སྐྱེས་པས། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས་ཐུགས་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དུ་དགོངས་པའི་ཕྲིན ་ལས་སོ།། སེམས་འཆི་བར་བསམས་ན། འགྱུར་བ་མེད་པ་ཆོས་ཀྱི་སྐུར་ནི་དངོས་པོ་དང་མཚན་མ་ཐམས་ཅད་མ་སྐྱེས་པར་འཆི་བས། ཐུགས་ཆོས་ཀྱི་སྐུའི་ཕྲིན་ལས་སོ།། སེམས་རུང་བར་བསམས་ན། ཐམས་ཅད་དུ ་གསལ་ལ་མི་བསྒྲིབ་པས། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་པས། ཐུགས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དུ་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་མི་རུང་བར་བསམས་ན་ཡང་། ཆག་ཆད་དང་། སོ་དེ་ལས་མི་ཞན་པས། ཐུགས ་དབྱེར་མེད་པའི་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་སྐྱེས་པ་དང་བུད་མེད་ལ་སོགས་པ་འགྲོ་བ་རིགས་དྲུག་གི་སེམས་སུ་བསམས་ན། སེམས་ཅན་གྱི་གཟུགས་ཉིད་སངས་རྒྱས་ཡིན་ལ། འགྲོ་བ་རིགས་དྲུག ་དང་ཡེ་ཤེས་དྲུག་དང་རིགས་ལྔ་རང་ཡིན་པས། ཐུགས་ཀྱི་དཀྱིལ་འཁོར་དུ་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱི་སྤྱོད་པ་བསྒོམ་དུ་བསམས་ན། མ་བསྐྱེད་ཀྱང་རྟོགས་པ་ལ་ཚང་བས། ཐུགས་བསྐྱེད་བསྒོམ་དང ་བྲལ་བའི་དགོངས་པའི་ཕྲིན་ལས་སོ།། སེམས་གཟུགས་དང་ཁ་དོག་ལ་སོགས་པ་ཡུལ་དང་དབྱིབས་སུ་བསམས་ན། རྒྱ་ཁྱོན་དཔག་ཏུ་མེད་པའི་གཞལ་ཡས་ཁང་རྒྱན་དང་ཁ་དོག་གིས་བརྒྱད་པའི་རང་བཞིན ་པས། ཐུགས་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་དགོངས་པའི་ཕྲིན་ལས་སོ།། སེམས་ཀྱིས་མ་བསམས་ན། གཞི་ཉིད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ། ཡེ་ནས་བྱས་ཟིན་པ་ལ་ཐུགས་བཙལ་བ་མེད ་ཅིང་། བསྐྱེད་བསྒོམ་དང་བྲལ་བས་དགོངས་པའི་ཕྲིན་ལས་སོ།། དེ་བས་ན་ཡིད་ཐུགས་ཀྱི་ཕྲིན་ལས་ནི། ཐམས་ཅད་དུ་ཡེ་ཤེས་ཀྱི་ཕྲིན་ལས་ལས་ཡེངས་པ་མེད་པར་མཛད་དོ།། དེ་ལ་འདི་སྐད་ཅེས་བརྗོད་པར ་བྱའོ།། རང་རིག་ཡེ་ཤེས་བདེ་གཤེགས་རྣམས་ཀྱི་ཐུགས།། མི་བརྗེད་མ་ཡེངས་དོན་གྱི་སྙིང་པོར་རྟོགས།། རང་རིག་སྤྲོས་བྲལ་འཛིན་མེད་ཡེ་ཤེས་ལ།། ཐབས་མཁས་བདེ་ཆེན་བྱང་ཆུབ་སེམས་རྣམས་འབྱུང་།། ་ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ་པར་མཛད།། འགྲོ་བའི་དོན་རྫོགས་ཐུགས་ཀྱི་ཕྲིན་ལས་ནི། མུན་པའི་སྒོ་ཕྱེ་ཁ་ལོ་གྱེན་དུ་བསྒྱུར།། ཡེ་ཤེས་ཐུགས་ཀྱི་ཡོན་ཏན་བརྗོད་མི་ལངས།། ཅི་ལྟར་དགོངས ་པ་ཡེ་ཤེས་རྒྱ་མཚོ་སྟེ།། དགོངས་པའི་མན་ངག་ཡིད་ལ་སྣང་བར་འགྱུར།། ངེས་པའི་དོན་འདི་གང་ཞིག་རྟོགས་པ་དང་།། དོན་ལ་གོམས་པའི་སྐྱེས་བུ་ཆེན་པོ་དེས།། ཅི་ལྟར་བསམས་ཀྱང་དགོངས་པའི་ཀློང་དུ ་འགྱུར།། སེམས་ཅན་གཞན་གྱི་དོན་ཀྱང་བྱེད་པར་ནུས།། ཡང་དག་དོན་དང་ལྡན་པར་རྒྱལ་བས་གསུངས།། གང་ཞིག་འདི་དག་མི་ལྡན་ཐུགས་དགོངས་པ།། དོན་དུ་བཅོས་ཀྱང་ཤེས་པར་མི་འགྱུར་ཏེ།། དཔེར་ན ་ཚངས་པ་མ་ཡིན་ངན་རྣམས་ཡིན།། ལེགས་པར་སྤྱད་ཀྱང་ཉེས་པར་གྱུར་པ་དག། འདི་ལྟར་མ་རྟོགས་གང་ཟག་གཞན་རྣམས་ཀྱིས།། གཞུང་དུ་བསྒོམས་ཀྱང་གང་ཡང་འགྲུབ་པ་མེད།། སེམས་ལ་ཅི་དྲན་དགོངས ་པའི་རྒྱ་མཚོ་ལ།། གཞན་ལ་ཅི་བསམ་རྣལ་འབྱོར་དགོངས་པའི་ཕུལ།། སེམས་ཀྱི་དྲན་རྟོག་ཐིག་ལེ་སྤྲོས་པ་མེད།། དོན་གྱི་དགོངས་པས་ཕྱོགས་རེའི་རྟོག་པ་སྤངས།། བཀའ་དང་འཚམས་པར་བརྗོད་པ ་འགྱུར།། སྟོན་པའི་བཀའ་ལས་ཕྱུང་སྟེ་བཤད་པར་བྱའོ།། འདི་དང་མི་ལྡན་སེམས་ཀྱིས་སྒོམ། ཚེ་ཆད་ལྟུང་བའི་རྒྱུར་འགྱུར་རོ།། བསྒོམས་ཀྱང་དོན་མེད་ཡེངས་པའི་རྒྱུ།། འདི་ལྟར་རྟོགས་ནས་གང་སྒོམ་པ།། ལོག ་པར་བསམས་ཀྱང་ངེས་པའི་ས།། ཀུན་ཏུ་བཟང་པོའི་ཐུགས་ཉིད་ལ།། སེམས་ཀྱི་དགོངས་པ་མཐར་ཕྱིན་པའོ།། ཐུགས་ཀྱི་སྐབས་སྦྱོར་གསུམ་པའོ།། །། ད་ནི་ལྟ་བའི་ཕྲིན་ལས་ཀྱི་སྐབས་སྦྱོར་བ་འདི་ཡིད་ལ ་ཟུང་ཞིག། དེ་ལྟར་སངས་རྒྱས་ཀྱི་ལྟ་བ་ཉིད་སེམས་ཅན་གྱི་ཡིད་དུ་གཅོད་ལ། སེམས་ཅན་གྱི་ཡིད་ཀྱང་སངས་རྒྱས་ཀྱི་ལྟ་བར་ཡངས་པ། བདག་ཅག་གི་ལྟ་བ་ཆོས་ཐམས་ཅད་ལ། ཡོད་པར་བལྟ་ཡང་རུང་། མེད་པར ་བལྟ་ཡང་རུང་། བདེ་བར་བལྟ་ཡང་རུང་། སྡུག་བསྔལ་དུ་བལྟ་ཡང་རུང་། རྟག་པར་བལྟ་ཡང་རུང་། མི་རྟག་པར་བལྟ་ཡང་རུང་སྟེ། ཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད ་ཡོད་པར་བལྟ་ན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཡོད་པར་བལྟ་བའི་རྒྱུ། རྣམ་པར་དག་པའི་ཕྲིན་ལས་སོ།། ལྟ་བས་ཆོས་ཐམས་ཅད་མེད་པར་བལྟ་བ། བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པར་སངས ་རྒྱས་པ་ལ། ངན་སོང་འཁོར་བའི་སྡུག་བསྔལ་ཡེ་ནས་མེད་པར་བལྟ་བའི་འབྲས་བུ་རྣམ་པར་དག་པའི་ཕྲིན་ལས་སོ།། ལྟ་བས་ཆོས་ཐམས་ཅད་ལ་བདེ་བར་བལྟ་བ་ནི། འཛམ་བུའི་གླིང་དུ་གསེར་དུ་འགྱུར་ན། ་བཙལ་གྱིས་མི་རྙེད་པ་བཞིན། ལྟ་བའི་རྒྱལ་པོ་འདི་ལ་སྡུག་བསྔལ་མེད་ཅིང་། ཐམས་ཅད་དུ་ལེགས་པའི་རང་བཞིན་པས། ཅི་ལྟར་སྣང་བ་བདེ་བར་གྱུར་པས་ལྟ་བའི་ཀློང་དུ་གནས་པའི་ཕྲིན་ལས་སོ།། ལྟ་བས ་ཆོས་ཐམས་ཅད་ལ་སྡུག་བསྔལ་དུ་བལྟ་ན། བཅོས་པ་མེད་པ་གཡུང་དྲུང་དུ་ལྟ་བ་ལས་མ་གཏོགས་པ། ཟིན་ཆགས་དང་རྩོལ་སྒྲུབ་སྡུག་བསྔལ་བས། ལྟ་བ་གདེངས་སུ་གྱུར་པའི་ཕྲིན་ལས་སོ།། ལྟ་བས ་ཆོས་ཐམས་ཅད་ལ་རྟག་པར་བལྟ་ན། སྐྱེ་ཤི་འཕོ་འགྱུར་མེད་པའི་ཆོས་ཀྱི་སྐུ་དེ་ནི། དུས་གསུམ་དུ་འཕོ་འགྱུར་མེད་པར་རྟག་པས། ལྟ་བ་མ་ཡེངས་པའི་ཕྲིན་ལས་སོ།། ལྟ་བས་ཆོས་ཐམས་ཅད་ལ་ཆད་པར་བལྟ་ན། ་དངོས་པོ་དང་མཚན་མ་རྒྱུ་དང་འབྲས་བུ་ལ་སོགས་པ་རང་བཞིན་བདེ་བ་ཆེན་པོའི་ངང་དུ་མི་གནས་པར་ཆད་པས། ལྟ་བ་མངོན་དུ་གྱུར་པའི་ཕྲིན་ལས་སོ།། དོན་ལྡན་བཀའ་ལས་བཀྲོལ་ཏེ་བཤད་པར་བྱའོ།། འཇིག ་རྟེན་མེད་པར་གང་བལྟ་བ།། འདི་ཡང་བལྟ་བའི་ཕྲིན་ལས་ཡིན།། འཕོ་འགྱུར་མེད་པར་གང་བལྟ་བ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། སྐྱེ་ཤི་མེད་པར་གང་བལྟ་བ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། བྱ་བཙལ ་པར་གང་བལྟ་བ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། ཡངས་དོག་མེད་པར་གང་བལྟ་བ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། རྒྱུ་འབྲས་མེད་པར་གང་བལྟ་བ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། ཐམས་ཅད ་ང་ཡིན་གང་ཤེས་པ།། འདི་ཡང་ལྟ་བའི་ཕྲིན་ལས་ཡིན།། ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ།། ཡོངས་ལ་ཁྱབ་ཅིང་དོགས་པ་མེད།། ཕྱོགས་ལ་བརྡལ་ཞིང་དོགས་པ་མེད།། ལྟ་བ་འདི་ལ་གང་གནས་པ།། དེ་ནི་ལྟ་བའི ་ཕྲིན་ལས་ཡིན།། འདི་དང་མི་ལྡན་སྐྱེ་བོ་རྣམས།། ཅི་ལྟར་བལྟས་ཀྱང་དོགས་པའི་ལམ།། དོན་གྱི་ཤེས་པ་འབྱུང་བར་དཀོན།། འདི་ནི་འདྲེན་པའི་ལམ་མཆོག་ཏུ།། རྒྱལ་བ་ཉིད་ཀྱིས་སྙིང་པོར་གསུངས།། འདི་འདྲ ་ཞེས་བསྟན་དཀའ་བའི་ཕྱིར།། ལྟ་བའི་སྐབས་སྦྱོར་བཞི་པའོ།། །། ད་ནི་བསྒྲུབ་པ་ཕྲིན་ལས་ཀྱི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་བསྒྲུབ་པ་གང་ཡིན་པ། སེམས་ཅན་གྱི་རྩོལ་བ་ཡིན་ལ།། ་སེམས་ཅན་གྱི་རྩོལ་བ་ཉིད་ཀྱང་སངས་རྒྱས་ཀྱི་བསྒྲུབ་པར་འགྱུར་བས། སྐུ་དང་ཕྱག་རྒྱར་བསྒྲུབས་ཀྱང་རུང་། མ་བསྒྲུབས་ཀྱང་རུང་། བསྒྲུབས་པའི་ཕྲིན་ལས་རྫོགས་ཀྱང་རུང་། མ་རྫོགས་ཀྱང་རུང་། བསྒྲུབས་པའི ་ཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བསྒྲུབ་པ་སྐུ་དང་ཕྱག་རྒྱར་བསྒྲུབས་ན། སྐུ་དང་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་བྱུང་ཡང་བདག་ཉིད་ལས་བྱུང་ལ། ཆོས་ཐམས་ཅད ་ཀྱང་བདག་ཉིད་ཀྱིས་ཐོབ་པར་རང་ལ་རང་ཆས་སུ་ཡོད་པས། བསྒྲུབ་པའི་གཞུང་མ་ནོར་བའི་ཕྲིན་ལས་སོ།། བསྒྲུབས་པའི་ཕྲིན་ལས་རྫོགས་ན་རིག་པའི་ཀློང་དུ་གྱུར་པ་ལ། ལས་དང་བྱ་བ་ཚང་ཞིང་དོན་དང་མན ་ངག་རྫོགས་པས་བསྒྲུབ་པ་ཐོགས་ཆགས་མེད་པའི་ཕྲིན་ལས་སོ།། བསྒྲུབས་པའི་ཕྲིན་ལས་མ་རྫོགས་ན། དོན་གྱི་མན་ངག་ནང་ནས་ཤར་བ་ལ། གཉིས་སུ་མེད་ཅིང་རྩོལ་བ་ལས་མ་གྲུབ་པས། མ་རྫོགས་སུ་ཟད ་པས། བསྒྲུབ་པ་བཙལ་དུ་མེད་པའི་ཕྲིན་ལས་སོ།། བསྒྲུབས་པའི་དངོས་གྲུབ་ཐོབ་པའི་དོན་ཡིན་པས། ཤེས་པ་གདེངས་སུ་ཆུད། རིག་པ་ནང་ནས་གསལ། མན་ངག་ངེས་པར་ཐོབ་པས། བསྒྲུབ་པ ་མཐར་ཕྱིན་པའི་ཕྲིན་ལས་སོ།། བསྒྲུབས་པའི་དངོས་གྲུབ་མ་ཐོབ་ན། ཡེ་ནས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ལ། གྲུབ་ཀྱང་གཞན་དུ་མ་སྤངས་ལ། མ་གྲུབ་ཀྱང་མེད་ཅིང་ལུས་པའི་རྒྱུ་མེད་པས། བསྒྲུབ་པ་ཚང་ཞིང ་རྫོགས་པའི་ཕྲིན་ལས་སོ།། དེ་བས་ན་བསྒྲུབས་པའི་ཕྲིན་ལས་དུས་གསུམ་དུ་ཡེངས་པ་མེད་པར་འགྲུབ་པ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། བསྒྲུབས་པའི་རྒྱལ་པོ་སངས་རྒྱས་རྣམས་ཀྱི་བཀའ། ཚུལ་འཆང ་གཞུང་ལས་ཕྱེ་སྟེ་བཤད་པར་བྱའོ།། རྒྱུ་ཉིད་དག་པ་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། རྩོལ་བསྒྲུབ་མེད་པར་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན། མ་བཙལ་བཞག་པས་གང ་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། བཅོས་མེད་སྙིང་པོར་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། མཉམ་པ་ཉིད་དུ་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། ཐིག་ལེ་ཆེན་པོར ་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། མ་བཀག་ཀློང་དུ་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། ཀུན་ཏུ་བཟང་པོར་གང་བསྒྲུབ་པ།། འདི་ཡང་སྒྲུབ་པའི་ཕྲིན་ལས་ཡིན།། བསྒྲུབ་པའི ་རྒྱལ་པོ་རྩོལ་བ་ཡང་།། ཐམས་ཅད་བསྒྲུབས་པས་ཐམས་ཅད་འགྲུབ།། གྲུབ་ཙམ་ཉིད་ན་གྲུབ་པ་མེད།། བསྒྲུབ་པ་མེད་ཙམ་རྫོགས་ཀྱང་རྫོགས།། སྙིང་པོ་བྱང་ཆུབ་བཅོས་མེད་པའི།། རྒྱུ་འབྲས་མེད་པའི་དངོས་གྲུབ ་འདི།། སངས་རྒྱས་བྱང་ཆུབ་ཉིད་ཀྱིས་མཁྱེན།། གང་ལ་ཕྱོགས་ཆར་བསྟན་པ་འདི།། དེ་ནི་བདེ་གཤེགས་སྙིང་པོ་མིན།། དོན་དང་མཐུན་པའི་རྣལ་འབྱོར་པ།། དོན་ལ་ཐེ་ཚོམ་མེད་པའི་བློས།། སྔགས་པ་བློ་ལྡན་འདི ་ལྟར་བསྒྲུབ།། དེ་ནི་ནམ་མཁར་འགྲོ་ཞེས་བཤད།། ཕ་དང་མ་ལ་སོགས་པ་དང་།། བུ་དང་ཆུང་མ་གང་ཡིན་པ།། ཡིད་འོང་ཆགས་པའི་གནས་མེད་དེ།། རྟོག་པས་བསྒྲལ་ལ་བསྒྲུབ་པ་བརྩམ།། བྱང་ཆུབ་སྙིང་པོར ་འགྲུབ་ཅེས་བཤད།། དེ་སྐད་ཅེས་སྟོན་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་རྟོག་པ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕ་མ་ལ་སོགས་པ། མཚམས་མེད་པ་ལྔའི་ལས ་དེ། བསྒྲུབ་པའི་མཆོག་ཏུ་གསུངས་པ་དེ། ཨེ་མ་ཧོ་ངོ་མཚར་ལགས་ན་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཕ་མ་རིག་པ་དང་། མ་འདོད་ཆགས་དང་། བུ་སྙིང་རྗེ་དང་། ་ཆུང་མ་ཉོན་མོངས་པ་དང་། ཡིད་འོང་གཉེན་སྡུག་རྟག་ཆད་རྣམས་ནི། རང་བཞིན་གྱིས་མི་གནས་པས་ནི། མ་སྐྱེས་པ་ཉིད་ཡིད་རང་བྱུང་དུ་བསྒྲལ་ན། སྙིང་པོ་བྱང་ཆུབ་སེམས་ཀྱི་དོན་མ་ནོར་བར་རྟོགས་པ་ཡིན་ཏེ། ་དེས་ན་འདི་སྐད་ཅེས་བཤད་པར་བྱའོ།། རྣལ་འབྱོར་རྟོག་པས་བསྒྲུབ་པ་ན།། ཕ་བསྒྲལ་མ་བསྒྲལ་གདོད་ནས་དག། ཆུང་མ་བུ་བསྒྲལ་རྣམ་རྟོག་མེད། ཡིད་འོང་གཉེན་བསྒྲལ་བདེ་བ་ཐོབ། འདི་མམམས ་ནས་བརླབ་པའི་མ་བར་དང་ད་པའི་གབས་གྱུར་གྱི་དགྲ་མ་ཆང་། སངས་རྒྱས་འབྲས་བུ་ཟག་མི་རིང་།། གོམས་པའི་ཡེ་ཤེས་སུས་སྤྱོད་པ། སྤྱོད་པ་དོན་དང་མི་འགལ་བའི་ཕྲིན་ལས་སོ།། སྤྱོད་པ་ནང་གི་སེམས་དྲན་རྩོལ་དུ་མི་སྤྱད་ན། རྣམ ་པར་མི་རྟོག་པའི་དོན་གྱི་ཡེ་ཤེས་སུས་ཀྱང་མ་བྱས་མ་བཅོས་པས། རང་བཞིན་མི་འགྱུར་བའི་དོན་ལ་སྤྱོད་པས། སྤྱོད་པ་རྩོལ་བསྒྲུབ་དང་བྲལ་བའི་ཕྲིན་ལས་སོ།། སྤྱོད་པས་ཐམས་ཅད་ལ་གཉིས་སུ་མེད་པར་སྤྱོད ་ན། ཕྱིའི་ཡུལ་དང་ནང་གི་སེམས་གཉིས་སུ་མེད་པས། སྟོང་པའི་ཞིང་ནང་གི་སེམས་དང་། ཕྱིའི་ཡུལ་གཉིས་སུ་མེད་པས་མ་བཅོས་པ། དེ་ཡང་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པས། འདུ ་འབྲལ་མེད་པའི་ཀློང་དེ་ཉིད་འདུས་མ་བྱས་པར་སྤྱོད་པས། སྤྱོད་པ་མཐར་ཕྱིན་པའི་ཕྲིན་ལས་སོ།། སྤྱོད་པ་གཉིས་སུ་མེད་པར་མི་སྤྱོད་ན།། ཡེ་ནས་སྤྱད་ཟིན་པ་ལ། ད་རྩོལ་བ་ནན་ཏན་དུ་འགྱུར་བ་དེ། དེ་དག་རྒྱུ ་འབྲས་གང་ལ་ཡང་རག་མ་ལུས་པའི་དོན་དུ་ཡིན་པས། སྤྱོད་པ་མ་ཡེངས་པར་གྲུབ་པའི་ཕྲིན་ལས་སོ།། དེ་བས་ན་སྤྱོད་པའི་ཕྲིན་ལས་ནི། ཐམས་ཅད་དུ་བདེ་བ་ཆེན་པོའི་རྒྱན་གྱིས་ལོངས་སྤྱོད་སྤྱོད་པ་སྟེ། དེ་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། སྤྱོད་པའི་རྒྱལ་པོ་བདེ་གཤེགས་རྣམས་ཀྱི་ལས།། རྣལ་འབྱོར་ཐུགས་ཀྱི་སྒྲོམ་བུ་དམ་པ་ལས།། ངེས་པར་གསལ་བའི་ལྡེ་མིག་སྒོ་ཕྱེ་ནས།། རྒྱལ་བའི་བཀའ་ལས་ཕྱུང་སྟེ་བཤད་པར ་བྱའོ།། ཕྱི་ནང་ཆོས་རྣམས་ཐམས་ཅད་ལ།། དམིགས་པ་མེད་པར་གང་སྤྱོད་པ།། འདིར་ཡང་སྤྱོད་པའི་ཕྲིན་ལས་ཡིན།། འཁོར་བའི་ལས་རྣམས་ཐམས་ཅད་ལ།། རྟོགས་དང་ལྡན་པས་གང་སྤྱོད་པ།། འདིར་ཡང་སྤྱོད ་པའི་ཕྲིན་ལས་ཡིན།། བདག་དང་གཞན་དུ་སྣང་བ་རྣམས།། གཉིས་སུ་མེད་པར་གང་སྤྱོད་པ།། འདིར་ཡང་སྤྱོད་པའི་ཕྲིན་ལས་ཡིན།། ཕྱོགས་དང་རིས་སུ་སྣང་བ་རྣམས།། གཉིས་མེད་རྒྱལ་པོར་གང་སྤྱོད་པ།། འདིར ་ཡང་སྤྱོད་པའི་ཕྲིན་ལས་ཡིན།། ལས་རྣམས་སངས་རྒྱས་ལས་ཡིན་པ།། སྤྱོད་པ་སངས་རྒྱས་ཉིད་དུ་སྤྱོད།། རོལ་པས་ཐབས་དང་ཤེས་རབ་ལ།། འདོད་པ་ཐབས་ཀྱིས་ལོངས་སྤྱོད་པའི།། སྤྱོད་པ་གཉིས་སུ་མེད ་པར་སྤྱོད།། དེ་བས་རྣལ་འབྱོར་རྫོགས་ལྡན་གྱིས།། སྤྱོད་པའི་ཕྲིན་ལས་བརྩམས་སོ།། ཧཱུཾ་རང་གི་སེམས་ཉིད་གདོད་ནས་མ་དག་ན།། ཕྱོགས་ཙམ་བསྒོམས་པས་དག་མི་འགྱུར།། ཆོས་ཉིད་བཅོས་མེད་ཡེ་ནས་ཡིན ་ཤེས་ན།། དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་བསྒོམས་གསལ།། ཐབས་ཀྱི་རྩ་བར་སྙིང་རྗེར་མ་ཤར་ན།། འཕྲལ་དུ་ཕྱོགས་ཆས་ཡོངས་ལ་ཁྱབ་མི་འགྱུར།། གདལ་བ་ཆེན་པོའི་བློ་ཡིས་སྤྱིར་ཁྱབ་ན།། ཀུན་ཏུ་སྣང་གི་ཏིང ་འཛིན་མ་བསྒོམས་གསལ།། རྒྱུ་ཉིད་དག་པའི་དོན་ཉིད་མ་ཤེས་ན།། འཕྲལ་གྱི་དམིགས་པས་རང་རིག་གསལ་མི་འགྱུར།། ཡེ་ནས་ཡིན་པར་རང་སེམས་གསལ་རྟོགས་ན།། རྒྱུ་ཡི་ཏིང་ངེ་འཛིན་ཉིད་མ ་བསྒོམས་གསལ།། རང་རིག་གིས་ཡོངས་ལ་མ་བརྡལ་ན།། འཕྲལ་དུ་ཡུམ་མཆོག་བསྐྱེད་པའི་སྐུ་མི་རྫོགས།། ཤེས་རབ་ཕ་རོལ་ཕྱིན་པར་དབྱེར་མེད་ན།། སྙིང་རྗེའི་ཡུམ་མཆོག་ཐབས་དང་ཤེས་རབ་རྫོགས།། སེམས ་ཀྱི་དབང་ཕྱུག་འདོད་དགུར་བསྒྱུར་བ་མ་ཤེས་ན།། འཕྲལ་དུ་ཐབས་ཀྱི་ཡེ་ཤེས་ལྔ་ཡི་དབང་མི་ཆགས། ཀུན་གཞི་ཕྱོགས་བཅུར་དབང་བསྒྱུར་བས།། ཡེ་འབྱམས་ཆེན་པོའི་དབང་མཆོག་མ་ལུས་རྫོགས།། བདེ་བའི ་བྱིན་རླབས་ཐིག་ལེར་མ་བརླབས་ན།། འཕྲལ་དུ་དགོངས་པས་སྐུ་གསུང་ཐུགས་མི་རློབ།། རང་བྱུང་བདེ་བས་ཁམས་གསུམ་བྱིན་རླབས་པས།། སྐུ་གསུམ་བྱིན་རླབས་ཆོ་འཕྲུལ་རང་བཞིན་ཚང་།། ཡིད་ཀྱི་མཆོད་པས ་སྟོང་གསུམ་མ་ཁྱབ་ན།། འཕྲལ་དུ་ཡུད་ཙམ་བདེ་བ་རྙེད་མི་འགྱུར།། ཡོངས་ལ་ཁྱབ་པའི་མཉེས་པ་རྒྱུན་མེད་ན།། མཆོད་པའི་ཆོ་འཕྲུལ་དོན་དུ་མ་བསྒོམས་ཚང་།། དགོངས་པ་ཡིད་ཀྱི་ཏིང་འཛིན་མ་གསལ ་ན།། འཕྲལ་དུ་འཕྲོ་འདུས་རིག་པའི་ལྷ་མི་གསལ།། ཆོས་ཉིད་རང་གསལ་དོན་གྱི་གཏིང་གོ་ན།། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་མ་བསྒོམས་གསལ།། དོན་གྱི་བསྙེན་པ་ཁོང་ནས་མ་ཤེས་ན།། འཕྲལ་དུ་མཚན་མར ་བརྗོད་པས་གྲུབ་པ་མིན།། ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་མེད་ན།། རྣལ་འབྱོར་བསྙེན་པའི་ཆོ་ག་ཡང་དག་རྫོགས།། རྣམ་སྨིན་ལས་ཀྱིས་བདས་པའི་སྲིན་པོ་དང་།། ཉོན་མོངས་འདམ་གནས་འཁོར་བའི་རཱ་ཏྲ ་རྣམས།། རྟོགས་དང་ལྡན་པའི་ལྟ་བས་མ་བཏུལ་ན།། མཚན་མར་བསྒོམས་པས་རྟོག་པའི་གནས་མི་འབྱོངས།། རྣལ་འབྱོར་རྣམས་ལ་དོན་དུ་འདི་ལྟར་བདེ།། མ་སྐྱེས་ཕྱིར་ན་ཐམས་ཅད་གསལ་གསང་བར་ཡིན་ནམ་པར ་རིགས།། དངོས་པོ་མེད་པས་འདི་དག་བཏུལ་བའི་རྫས།། ཞེན་ཆགས་ཆེ་བས་མི་བཞག་བསྒྲལ་བར་བྱའོ།། ལོག་པར་ལྟ་བའི་དོན་གྱི་ཙིཏྟ་དབྱུང་། རྒྱུ་འབྲས་བསླུ་བས་ཕུང་པོ་དུག་གསུམ་སྦྱངས།། ཉོན་མོངས་རྩད ་བཅད་ནང་ཁྲོལ་ཐབས་ཀྱིས་དྲངས།། དགོངས་པའི་ཏིང་འཛིན་གསལ་བས་དོན་དུ་གཅིག། ནམ་མཁའི་མཐའ་ལྟར་ཀུན་ཏུ་ཐུག་པ་མེད།། སྐྱེ་མེད་བྱང་ཆུབ་སེམས་ནི་ཡན་དུ་ཁྱེ།། མཐའ་ལ་ཐུག་པ་མེད་ཅིང་དབྱིངས ་ལས་གཡོས་པ་མེད།། ཆོས་སྒྲ་འགྱུར་མེད་དུས་གསུམ་ཀློང་ན་བཞུགས།། བྱང་ཆུབ་ཉིད་དེ་དོན་དུ་འཁྲུལ་པ་མེད།། མ་བཅོས་ཐིག་ལེ་དུར་ཁྲོད་གཅིག་ཏུ་འཁྱིལ།། རྟག་ཆད་མཚན་མར་མ་ཡིན་ཀློང་ནས ་བད་ལ།། འདུ་འབྲལ་མེད་པའི་བྱང་ཆུབ་སེམས་ཆེན་པོ།། བདེ་བ་ཆེན་པོའི་དྲོད་ནི་ཉམས་སུ་མྱོང་།། མི་སྐྱེ་མི་འགག་ཀློང་དུ་ཕྲིན་ལས་རྫོགས།། ཐིག་ལེ་དགུ་ནི་དབྱིངས་སུ་གསལ།། རྣམ་ཤེས་དགུ་ནི་ཀློང་ན ་འཕྱོ།། ཧེ་རུ་དགུ་ནི་རོལ་པ་མཛད།། ཡེ་ཤེས་དགུ་ནི་མྱ་ངན་འདས།། ཐེག་པ་དགུ་ནི་དོན་ལ་གསོལ།། ཕྲིན་ལས་དགུ་ནི་མཁའ་ལ་རྫོགས།། ལུང་ཆེན་དགུ་ནི་བཀའ་ལས་བཀྲོལ།། ཟླ་གམ་དགུ་ནི ་ཡུམ་གྱི་དབྱིངས།། སྣང་གསལ་དགུ་ནི་རིག་པའི་གདེང་།། དག་གོ་སྐྱེས་བུ་ཆེན་པོའི་ལྷ།། རྡོ་རྗེ་ལ་ཡང་ཉིད་སྦྱོར་ནས།། རང་གི་དོན་དུ་བསྒྲུབས་པའི་ལྷ།། གཞན་ན་སངས་རྒྱས་གཉིས་མེད་པས།། དུས་གསུམ་རྒྱལ ་བས་འདི་བསྔགས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ་ངོ་མཚར་རབ་འབྱམས་ཀྱིས།། སངས་རྒྱས་སྤྱོད་པ་ཁྱད་པར་ཆེ།། ཅི་ལྟར་སྤྱད་ཀྱང་དོན་དང་མཐུན།། འདྲེན་པའི་ལྷ་ལ ་ཕྱག་འཚལ་ལོ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་མ་རྟོགས་པས། ལས་དང་སྤྱོད་པ་ཐམས་ཅད་འཁོར་བའི་རྒྱུར་གོལ་བས། རྣལ་འབྱོར ་པ་གསར་བུས་དོན་མ་རྟོགས་པས་ཐེ་ཚོམ་ཟ་བ་ལ། གང་ཟག་རས་ཆོད་མཁན་གྱིས་བཀའ་ཕྱིན་ཅི་ལོག་ཏུ་བསླད། རྒྱུ་འབྲས་ལོག་པར་ཁྲིད། དྲག་ཤུལ་གྱིས་བཙན་ཐབས་ལ་སྟོན་པ་འཇིག་རྟེན་གྱི་སྒྲོན་མས་ཀྱང ་མ་ཐུལ། ང་རྒྱལ་གྱི་བཙན་ཚིག་ལ་བྱམས་པའི་ཏིང་ངེ་འཛིན་གྱིས་ཀྱང་མ་ཞི། གཏི་མུག་གི་ཆེད་ངག་ལ་ཞི་བའི་ཆོས་ཀྱིས་ཀྱང་མ་གྲོལ་བ། ལྟ་བ་མེད་པའི་རས་ཆོད། དམ་ཚིག་ཉམས་པའི་གཟུ་ལུམས། སྤྱོད་པ་རྩིང ་པའི་ཐོ་ཚོ། མན་ངག་མེད་པའི་བཙན་སྦྱོར། སྙིང་རྗེ་མེད་པའི་བཙན་སྒྲོལ། ཐར་པའི་ལམ་ནུབ་ཅིང་བདེན་པའི་ཤན་ཤོར་བའི་གང་ཟག་སྲིན་པོའི་སྤྱོད་པ་བྱེད་རྣམས་དང་པོར་ཐབས་ཀྱིས་འདུལ་བའི་ཕྱིར། ཧཱུཾ་ཧེ་ཧེ ་ཕཊ་བྷྱོ།། དེ་ནས་དྲག་པོས་འདུལ་བར་མཛད་པའི་ཕྱིར། གུ་ཧྱ་ཧེ་རུ་ཀ་རཱུ་ཏྲ་ཙལ་པ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་མངོན་སྤྱོད་ཀྱིས་འདུལ་བའི་ཕྱིར། གུ་ཧྱ་རཱ་ཏྲ་མཱ་ར་ཡ་པྲ་བྷནྡ་ན་པྲ་ཝེ་ཤ་ཡ་སྭཱ་ཧཱ། དེ་ནས་རྣམ་ཤེས་ཧཱུཾ། ་དེ་ནས་ཕུང་པོ་བྷྲཱུཾ། དེ་ནས་དུག་གསུམ་ཕཊ། དེ་ནས་ལྟ་བས་འདུལ་བར་མཛད་པའི་ཕྱིར། ཞི་ཞི་དེ་མ་མཱ་ཨཱ། དེ་ནས་དོན་དང་མཐུན་པར་བྱ་བའི་ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ།། དང་པོར་གང་ཡིན་ང་ཡིན། ་པ།། ང་ནི་རྒྱལ་བ་ཀུན་གྱི་ཡབ།། བར་དུ་ཐམས་ཅད་ངས་སྤྱོད་པས།། ང་ནི་ཐམས་ཅད་ཀུན་གྱི་རྗེ།། ཐ་མར་ཐབས་ཀྱིས་ངས་འདུལ་བ།། ང་ནི་རྣལ་འབྱོར་ཡོངས་ཀྱི་དཔོན།། ཁམས་གསུམ་དག་ན་ང་དབང་ཆེ།། ་ཡི་གོང་ན་སུ་ཡང་མེད།། སྲིད་གསུམ་ཆར་ལྟར་ཕབ་ཀྱང་ང་མི་འཆི།། ཁམས་གསུམ་ཆུ་ལྟར་འབྲུག་ཀྱང་ང་མི་འཁྱེར།། རྒྱུད་དྲུག་མེ་ལྟར་འབར་ཀྱང་ང་མི་འཚིག། སྟོང་གསུམ་རླུང་ལྟར་འཕྱོ་ཡང་ང་མི་བསྐྱོད།། དུག ་གསུམ་མུན་ལྟར་འཐིབས་ཀྱང་ང་མི་འཐོབ།། ཡེ་ཤེས་ཉི་མ་ཤར་ཡང་གསལ་རྒྱུ་མེད།། མ་རིག་མུན་པ་བྱུང་ཡང་གནག་རྒྱུ་མེད།། སྐྱེ་ཤི་རིས་སུ་བཅད་ཀྱང་འཆིང་བ་མེད།། ཉོན་མོངས་དུག་གསུམ་གནས་ཀྱང་ཡེངས ་པ་མེད།། དངོས་གྲུབ་རྣམ་གསུམ་ཡིན་ཡང་ཆགས་པ་མེད།། ཆོས་སྐུ་འགྱུར་མེད་འགྲུབ་ཀྱང་བཙལ་བ་མེད།། རང་བྱུང་ཉིད་དུ་གནས་པས་རག་མི་ལུས།། སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི ་བཅའ།། རྣལ་འབྱོར་སྤྱོད་པའི་ཕྲིན་ལས་ནི།། དང་པོ་ཐ་མ་མེད་པ་ལ།། ཡེངས་པ་མེད་པའི་ལས་སྤྱོད་པ།། འདི་ནི་ཕྲིན་ལས་དང་པོའོ།། ཡིད་ཀྱི་ཤེས་པ་གསལ་བཏབ་ནས།། གསང་ཆེན་ངེས་པའི་དོན་རིག ་པ།། འདི་ནི་ཕྲིན་ལས་གཉིས་པའོ།། རྣལ་འབྱོར་བླ་མ་བློ་ལྡན་ལ།། ལུང་དང་མཐུན་པའི་དོན་བསྟན་པ།། འདི་ནི་ཕྲིན་ལས་གསུམ་པའོ།། གཞན་ཡང་ཕྲིན་ལས་འདི་སྤྱོད་པ།། རྒྱུད་འདི་ཉན་པར་གང་བྱེད་པ།། སྣོད ་ཀྱི་རིམ་པ་འདི་དག་གོ། དང་པོར་དད་པའི་ཡོན་གྱིས་བསྟེན།། བར་དུ་སློབ་དཔོན་མིག་ལྟར་ཁུར།། ཐ་མར་མན་ངག་གཏིང་ནས་ནོས།། ལྟ་བའི་མན་ངག་གདེང་དུ་ཚུད།། སྒྲུབ་པའི་མན་ངག་ཕུལ་དུ་ཕྱིན།། སྤྱོད་པའི ་མན་ངག་གཞུང་དུ་སྤྱོད།། མཚན་ཉིད་ངང་ཚུལ་བཟང་ལ་ཤིས།། ཡོངས་ལ་ཕྲག་ཡངས་དོགས་པ་མེད།། ཀུན་དང་མཐུན་ལ་སྤྱོད་ལམ་གསལ།། རང་ཤེས་བསྐྱུངས་ལ་གཞན་མི་སྨོད།། དམ་ལ་གནས་ཤིང་བསྒྲུབས ་ལ་བརྩོན།། གཡོ་མེད་ཁོང་སྐྱོན་རྣམ་པར་སྤང་།། བཀའ་བཞིན་བྱེད་དང་དོན་དང་མཐུན།། འདི་དག་བཤད་པའི་སྣོད་ཡིན་ནོ།། སྣོད་མེད་རྣམས་ཀྱི་རིམ་པ་ནི།། དོན་མེད་ཁྱོད་ལ་བཤད་པར་བྱའོ།། དང་པོར་དད ་པའི་གཞུང་མེད་པས།། དབུལ་བར་མི་དགའ་གཞན་ཡང་སྡོམ།། མན་ངག་ལུང་མེད་གཞོགས་སློང་བྱེད།། སྟོན་པའི་བཀའ་མེད་ཡུག་སའི་ཚིག། ཁེ་དང་གྲགས་པའི་མཚན་ཉིད་པས།། བླ་མ་བཀུར་བར་མི་སེམས ་ཤིང་།། རང་ཉིད་ཆེ་འདོད་ཚུལ་འཆོས་བྱེད།། བཀའ་ལ་མི་ཉན་འཁོར་ཀུན་བསྒྱུར།། ཕན་པ་མེད་པའི་ཚིག་རྣམས་ཀྱིས།། གྲོགས་པོ་རྣམས་ཀྱི་ཞེ་གཅོད་ཅིང་།། བསྙེན་བསྒྲུབ་རྩོལ་བ་མ་བྱས་པར།། མཁས་པར ་འཆོས་ནས་གཞན་ལ་སྨོད།། གསང་བའི་བཀའ་འཆལ་ཡོངས་སུ་འཁྱམས།། མན་ངག་གསང་འཛག་ཕྱལ་པར་བཏང་།། མཚན་ཉིད་ངང་ཚུལ་ངན་པ་དེར།། འདི་དག་བཤད་ཀྱང་གོ་མི་འགྱུར།། ཁམས་ལ་སོགས ་སྣོད་ནང་དུ།། སེང་གེའི་འོ་མ་བཞོས་པ་ལྟར།། སྣོད་ཀྱང་ཆག་ལ་བཅུད་ཀྱང་འབོ།། དེ་བས་རིན་ཆེན་སྣོད་ནང་དུ།། བཅུད་མི་བོ་བར་གནས་པ་བཞིན།། བཀའ་བཞིན་མི་ལྡན་རྣལ་འབྱོར་པ།། བཀའ་གསང་ཡུལ་དུ ་བསྟན་མི་བྱ།། ཉམས་པའི་རྒྱུར་འགྱུར་ཚིག་པར་ངེས།། དེ་བས་སྣོད་དང་ལྡན་པ་ཡི།། དོན་གྱི་གཏེར་དུ་འདི་བཅང་ངོ་།། འདི་ནི་སྤྱོད་པའི་ཕྲིན་ལས་ཏེ།། འཇམ་པོར་སྤྱད་ན་ཞི་བའི་ལས།། མང་བར་སྤྱད་ན་རྒྱས་པའི ་ལས།། ཀུན་གྱི་བཟླུམས་ན་དབང་གི་ལས།། དྲག་པོར་སྤྱོད་ན་མངོན་སྤྱོད་ལས།། མ་སྤྱད་བཞག་ན་ཆོས་ཉིད་ལས།། སྤྱོད་པའི་ཕྲིན་ལས་མཐར་རྫོགས་པས།། འདི་ལྟར་སྤྱོད་པའི་ཕྲིན་ལས་ཡིན།། སྤྱོད་པའི་རྒྱལ་པོ ་བདེ་བ་ཡིན།། ཀུན་ལ་རོལ་ཅིང་ཐམས་ཅད་འགྲུབ།། སྦྱངས་སུ་སྤྱོད་ཅིང་ཡངས་པ་མེད།། སྣོད་དང་མཐུན་པས་ཐམས་ཅད་འགྲུབ།། སྤྱོད་པ་འདི་ལ་གང་གནས་པ།། དེ་ནི་མི་འཆིང་གྲོལ་བར ་འགྱུར།། རྣལ་འབྱོར་ཚོགས་གཉིས་རྫོགས་པ་ཡིས།། ངེས་པའི་གཞུང་དུ་དེ་འགྱུར་རོ།། འདི་དང་མི་ལྡན་གང་ཟག་རྣམས།། ཅི་ལྟར་སྤྱོད་པ་ལོག་པའི་ལམ།། ཐར་པའི་དུས་མེད་འོ་དོད་འབོད།། འཁོར་བར་ཁྱམས ་པའི་ལོག་པའི་ཆོས།། མནར་མེད་ཉམས་པར་དེར་འགྱུར་རོ།། དེ་ལ་དངོས་གྲུབ་འབྱུང་བར་དཀའ།། བུས་པས་ནོར་བས་འཁྲུལ་པའི་ཆོས།། ཤིན་ཏུ་མཐའ་རིང་སྤྱོད་པར་དཀའ།། གླང་ཆེན་འདམ་དུ་ཞུགས་པ ་བཞིན།། ཡན་ལག་གཡབ་པས་ཕྱི་ཕྱིར་དམ།། འདི་འདྲ་མི་ཤེས་གླེན་པ་ཡིས།། དཔྱད་ཅིང་བཙལ་ཀྱང་ཕྱི་ཕྱིར་དམ།། དེ་བས་རྣལ་འབྱོར་སྐལ་བ་བཟང་།། ཐམས་ཅད་ཀུན་གྱི་སྙིང་པོ་མཆོག། སྟོན་པ་ཉིད་ཀྱིས་འདི ་བསྔགས་པས།། སྣོད་ངན་རྣམས་ལ་མི་བསྟན་པའི།། སྤྱོད་པའི་སྐབས་སྦྱོར་དྲུག་པའོ།། །། ད་ནི་དམ་ཚིག་གི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཞིག། དེ་ལ་སངས་རྒྱས་ཀྱི་དམ་ཚིག་གང་ཡིན་པ་སེམས་ཅན་གྱི་སྡོམ ་པ་ཡིན་ལ། སེམས་ཅན་གྱི་སྡོམ་པ་གང་ཡིན་པ་སངས་རྒྱས་ཀྱི་དམ་ཚིག་ཡིན་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུངས་ཀྱང་རུང་། མ་བསྲུངས་ཀྱང་རུང་། ཉམས་ཀྱང་རུང་། མ་ཉམས་ཀྱང་རུང་། ཤེས་ཀྱང་རུང་།། ་མི་ཤེས་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཏེ་དམ་ཚིག་ཤེས་ན། དམ་པ་ནི་སངས་རྒྱས་དེས་ཞལ་ནས་གསུངས་པའི་ཚིག་ཡིན་པས། དམ་ཚིག ་ཆོས་རྣམས་སྒྲོགས་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་མ་ཤེས་ན། ཡང་དག་པ་མ་ནོར་བའི་ཆོས་ཉིད་དེ་ནི། ཚིག་དང་ཡི་གེར་བྲི་བ་ལས་འདས་པས།། དམ་ཚིག་ཆོས་ཉིད་ཀྱི་ཕྲིན་ལས་སོ།། རྩ་བ་དང་ཡན་ལག ་གི་དམ་ཚིག་འདི་ལྟར་བསྲུངས་ན། ཐམས་ཅད་དུ་མ་གཡོས་པའི་དོན་ཡིན་པས། ཚིག་དང་ཡི་གེ་གཟུང་འཛིན་གྱི་རྟོག་པ་བསྲུང་བས། དམ་ཚིག་བཀའ་དང་མཐུན་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་མི་བསྲུང ་ན། ཐམས་ཅད་དུ་བདག་ཉིད་བྱང་ཆུབ་སེམས་སུ་སྣང་བས། གཞན་གང་ཡང་མ་གྲུབ་པས་ཅི་ཞིག་བསྲུང་སྟེ། དམ་ཚིག་འདའ་བ་མེད་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་ཉམས་ནའང་།། རྟོགས་པ་ཀློང་དུ་གྲོལ།། ་བརྩམས་པ་མཐར་ཕྱིན་ནས། དངོས་གྲུབ་ལས་སུ་རུང་བས། དམ་ཚིག་མ་ཉམས་པའི་ཕྲིན་ལས་སོ།། དམ་ཚིག་འདི་དག་ཉམས་ནའང་། ཡེ་རྒྱ་ཆེན་པོས་ཐམས་ཅད་ལ་བཏབ་པས། ཉམས་པའི་རྒྱུ་མེད་པས་དམ ་ཚིག་བསྲུང་དུ་མེད་པའི་ཕྲིན་ལས་སོ། དེ་བས་དམ་ཚིག་གི་ཕྲིན་ལས་ཐམས་ཅད་ནི། ཐམས་ཅད་ནས་ཐམས་ཅད་དུ་བསྲུང་དུ་མེད་ཅིང་མཉམ་པའི་དམ་ཚིག་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དམ་ཚིག ་རྒྱལ་པོ་ལྷུན་གྲུབ་སྙིང་པོ་མཆོག། གསང་ཆེན་ངེས་པ་འདའ་མེད་དམ་པ་ལས།། དོན་གྱི་སྐྱེས་བུས་ཞུས་པས་རབ་བཀྲོལ་ནས།། མི་ཡིས་སེངྒེས་ཀུན་ལ་བསྟན་པར་བྱའོ།། དངོས་པོ་མཚན་མ་ཐམས ་ཅད་ལ།། འདའ་བ་མེད་པར་གང་བསྲུང་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཉོན་མོངས་ཟུག་རྔུ་ཐམས་ཅད་ལ།། གཡོས་པ་མེད་པར་གང་བསྲུང་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ལུང་དང་མཐུན་པ ་ཡང་བྱེད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཤེས་པ་སྒོ་ཡངས་ཆོས་དང་མཐུན།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། གཙང་སྨེ་མེད་པར་གང་ཟ་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། བཟང་ངན་མེད ་པར་གང་སྦྱོར་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། བྱམས་སྡང་མེད་པར་གང་སྒྲོལ་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། སྤང་ལེན་མེད་པར་གང་བགྲོད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཐོགས ་ཆགས་མེད་པར་གང་སྤྱོད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཆགས་སྡང་མེད་པར་གང་ཤེས་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ནོགས་དང་ལྡན་པས་གང་ཐུབ་པ།། འདི་ཡང་དམ་ཚིག་ཕྲིན་ལས ་ཡིན།། སྣོད་དང་ལྡན་པས་དོན་འབྱིན་ན།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ངེས་པའི་ཀློང་ལས་ཡེངས་མེད་པར།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། རྒྱུད་འདི་འཛིན་ནམ་འཆང་བ་དང་།། ཀློག་གམ་རབ་ཏུ ་བསྒྲུབ་པ་དང་།། ཡིད་ལ་ཤེས་པ་གང་ཡིན་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། སྔགས་པ་བློ་ལྡན་དད་པ་ཅན།། ཟང་ཟིང་ནོར་ལ་ཆགས་མེད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། གཡོ་སྒྱུ་ཟོལ་སྤང་བདེན ་པའི་ལམ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན།། སྐྱེ་བ་མེད་པར་གང་ཤེས་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། དམ་ཚིག་ཕྲིན་ལས་མི་ཤེས་པས།། བསླབ་པ་ནི་ལས ་རྣམས་ལོག་པར་བྱེད།། སྒྲོས་མེད་ཆོས་ལ་ཡ་ག་འདོགས།། རང་བཞིན་མེད་ལ་ཕྱོགས་ཆར་འཛིན།། མཉམ་པ་ཉིད་ལ་བླང་དོར་བྱེད།། ངེས་པའི་དོན་ལ་དབྱེ་བསྲིང་ཅན།། བླ་མའི་ལུང་མེད་ང་རྒྱལ་ཚིག། རང་ཤེས ་བྱེད་འདོད་ངེས་པ་མེད།། ལོག་པའི་ལམ་ཚོལ་བདེན་པ་ནུབ།། ཡོངས་ལ་ཕྲག་དོག་ཀུན་དང་འགྲས།། དམ་ཚིག་ཚུལ་མེད་ཉམས་པའི་ཞིང་།། འཁོར་བའི་ཆོས་རྟེན་ལོག་པའི་ལམ།། ཤེས་རབ་དོན་མེད་འཆལ་བའི ་ཚིག། དོན་མེད་ཡུག་ས་མུ་སུ་ན།། དོན་དང་མཐུན་པའི་གཏན་ཚིགས་མེད།། མུ་མེད་གང་ཟག་སྤྲོ་བའི་ཚིག། དེས་ནི་འཁོར་བའི་སྒོ་ཕྱེ་བས།། ལག་ནས་བཟུང་ལ་མངོན་དུ་བསྐལ།། སེམས་ཉིད་བདག་དང་གཅིག ་པའི་ཕྱིར།། སྙིང་ཁྲག་ཁར་ཡང་བཏུང་བར་བྱའོ།། དེ་དག་བསྒྲལ་ན་བདེ་ཆེན་ཐོབ།། དེ་ཡང་དམ་ཚིག་ཕྲིན་ལས་ཡིན།། བཞག་ན་ཉམས་པའི་རྒྱུར་འགྱུར་རོ།། དེ་ནས་བསྟོན་པ་མཉམ་གཞག་གིས།། རྡོ་རྗེ་སློབ་དཔོན ་བཀའ་འདི་བཤད།། ཡིད་བཞིན་རིན་ཆེན་འབྱུང་བ་ཡི།། སློབ་དཔོན་བློ་ལྡན་མན་ངག་ཅན།། ངེས་པའི་སྒོ་འབྱེད་གང་ཡིན་པ།། ཕངས་མེད་ཡོན་གྱིས་སྣ་དྲངས་ནས།། ལུས་ངག་ཡིད་གསུམ་ཕུང་པོ ་རྣམས།། དེ་ལ་གུས་པས་དབུལ་བར་བྱའོ།། སློབ་དཔོན་དེ་ལ་མཆོད་བྱས་ན། ཕྱོགས་བཅུའི་སངས་རྒྱས་མཆོད་དང་འདྲ།། བླ་མ་དེ་ལ་ཕྱག་བྱས་ན།། སངས་རྒྱས་བཀུར་སྟི་བྱས་པ་ཡིན།། རྡོ་རྗེ་སློབ་དཔོན་བརྙས ་བྱས་ན། སངས་རྒྱས་ཐམས་ཅད་བསླུས་དང་འདྲ།། སློབ་དཔོན་བཀུར་བར་མ་བྱས་ཤིང་།། མན་ངག་ངེས་པ་མ་ཐོབ་པར།། གང་ཞིག་ལུང་ལ་སྤྱོད་པ་ནི།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དུས་གསུམ་ནམ ་དུའང་མི་འབྲལ་ཞིང་།། བླ་མ་དེ་ལ་ཡོན་གྱིས་བསླུ།། ཐུགས་ཉིད་བྱང་ཆུབ་སེམས་དྲང་བས།། རྒྱལ་བ་ཀུན་ལ་མཆོད་དང་འདྲ།། གཉིས་མེད་དངོས་གྲུབ་དེ་ཡིས་ཐོབ།། སངས་རྒྱས་ཉིད་དུ་དེ་འགྱུར་རོ།། དེ་ནས་རིག ་པའི་བུ་མཆོག་དེས།། རྒྱུད་འདི་གཞུང་དང་བསྟན་པར་མཉན།། ལེགས་པར་བསྒྲིམས་ལ་སེམས་ལ་འཆང་།། སྔགས་དང་ཕྱག་རྒྱ་རྒྱུན་མེད་པས།། དུས་དང་གྲངས་དང་བསྐལ་པ་ཡིས།། འདི་དག་ནམས་ཀྱང་བར་མི ་གཅད།། གསང་བ་ལ་ནི་དབྱེར་མེད་ཀྱང་།། དམ་ཚིག་ཉམས་ལ་གསང་བ་དང་།། སྣོད་དུ་མིན་ལ་ཤིན་ཏུ་གསང་།། སྤྱད་པར་བྱ་བ་དེ་དག་ལ།། གང་ཡིན་རིམ་པར་གསལ་རྟོགས་ནས།། ངེས་པར་ཕྱེ་སྟེ་བཤད ་པའི་ཕྱིར། ལུང་ལས་བཀྲོལ་ཏེ་བཤད་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་།། རྡོ་རྗེ་སེམས་དཔས་གསོལ་པ།། བཅོམ་ལྡན་འདས་ཆོས་ཐམས་ཅད་རྒྱུ་དང་བྲལ་ཏེ། ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་ལགས་ན། ་དེ་ཅིའི་སླད་དུ་དམ་ཚིག་གི་རིམ་པར་ཕྱེ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི། མཛད་པ་ཐམས་ཅད་མི་མཛད་པ ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཛིན་ཆགས་མི་མངའ་བའི་དོན་ནོ།། སེམས་དཔའ་ཆེན་པོ་པའི་དོན་རྟོགས་གཤེགས་པ་རྣམས་ནི། མི་མཛད་པ་ཐམས་ཅད་མཛད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་ལས་སྐྱེ ་བའི་ཆོ་འཕྲུལ་དུ་འབྱུང་བའི་དོན་ནོ།། སེམས་དཔའ་ཆེན་པོ། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི། ཞལ་ནས་གསུངས་པ་ཐམས་ཅད་མ་གསུངས་པ་ཡིན་ཏེ། དེ་ནི་འདི་ལྟ་སྟེ། ཆོས་ཉིད ་སྟོང་པ་ལ་ཅི་ཡང་གསུང་དུ་མི་མངའ་བའི་དོན་ཏོ།། སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་རྣམས་ནི། མི་གསུང་བ་གསུང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་པས་མ་ཡེངས ་པའི་བློ་གསལ་བར་བྱེད་པའི་དོན་ཏོ།། སེམས་དཔའ་ཆེན་པོ། ཕྱོགས་བཅུའི་བདེ་བར་གཤེགས་པ་ནི་བཞུགས་པ་མི་བཞུགས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྣང་ལ་རང་བཞིན་མེད་པའོ།། སེམས་དཔའ་ཆེན་པོ།། ་བདེ་བར་གཤེགས་པ་ནི། མ་བཞུགས་པ་བཞུགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐུགས་ནམ་མཁའ་ལྟ་བུས་ཀུན་ལ་ཁྱབ་ལ། མངོན་པར་ཤེས་པའི་ཡེ་ཤེས་ལྔ་དང་ལྡན་པས། ཇི་ལྟར་བརྟགས ་པ་བཞིན། མཚན་དང་དཔེ་བྱད་དང་ལྡན་པའི་དོན་ཏོ།། སེམས་དཔའ་ཆེན་པོ། བདེ་བར་གཤེགས་པ་རྣམས་ཀྱི་དམ་ཚིག་འདི་དག་བསྲུང་བ་མི་བསྲུང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་མཉམ་པ་ཉིད་ཀྱི་དོན་ལ ་འདའ་ཞིང་ཉམས་པ་མེད་པའི་དོན་ཏོ།། སེམས་དཔའ་ཆེན་པོ། དེ་བཞིན་དུ་ཆོས་ཐམས་ཅད་ཡོད་པ་མེད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དངོས་པོར་མ་གྲུབ་ཅིང་། རྟག་པ་ཅན་མ་ཡིན་པའི་དོན་ནོ།། སེམས་དཔའ ་ཆེན་པོ། ཆོས་ཐམས་ཅད་མེད་པ་ཡོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྟོང་ཉིད་ཆད་པ་ཉིད་དངོས་པོའི་རྒྱུར་འགྱུར་བའི་ཕྱིར་རོ།། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་སྣང་བ་མི་སྣང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། ་མི་རྟག་པའི་མཚན་ཉིད་དོ།། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་མི་སྣང་བ་སྣང་བ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཕྱིན་ཅི་ལོག་གི་ལས་བཙན་པའོ།། སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དོན་མི ་དམིགས་པའི་གཏན་ཚིགས་ཀྱིས་སོ་སོར་འགྲེལ་ཏེ་ཇི་སྐད་གསུང་ལ། གང་དུ་ཡང་གསུང་བ་མེད་པའི་དོན་ཏོ།། དེ་སྐད་ཅེས་བཀའ་སྩལ་པས། རྡོ་རྗེ་སེམས་དཔའི་རྟོགས་པའི་བག་ཆགས་བྱང་ངོ་།། དེ་ནས་ཡང ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དམ་ཚིག་འདི་དག་གང་བསྲུང་བ།། དེ་ནི་མ་ཉམས་ཐར་བར་འགྱུར།། སྔགས་པ་དམ་ཚིག་མཐར་ཕྱིན་པའི། ས་མ་ཡ་ཡི་གཞུང་དུ་འགྱུར།། གལ་ཏེ་གཞུང་འདི ་མ་ཤེས་པས།། ཅི་ལྟར་བསྲུངས་ཀྱང་ཉམས་པར་འགྱུར།། དམྱལ་བའི་སྐྲོད་པ་ཡ་རེ་ང་།། འཁོར་བའི་སྡུག་བསྔལ་བཟོད་བླག་མེད།། དེ་ལས་ཐར་བར་རབ་ཏུ་བཀའ།། ནོར་པས་ལམ་ནོར་བར་ཁྲིད་པ།། འཁྲུལ ་པས་བྱང་ཆུབ་ཉིད་ལས་གོལ།། ཐམས་ཅད་ཀུན་གྱིས་བརྟག་དཀའ་བར།། སྙིང་པོའི་ལུང་དུ་འདི་བསྟན་པས།། སྣོད་དང་ལྡན་ལ་བསྟན་པའི་ཕྱིར།། དམ་ཚིག་སྐབས་སྦྱོར་བདུན་པའོ།། །། བཅོམ་ལྡན་འདས་ཀྱིས ་རྒྱུད་ཀྱི་ཕན་ཡོན་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ། རྒྱུད་འདི་གང་ཞིག་འཛིན་པ་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཉིད་ཡོངས་སུ་རྫོགས་པར་འཛིན་པ་སྟེ། དེ་ནི་ཆོས ་ཀྱི་དབྱིངས་དང་ཟ་མི་དད་དོ།། རང་བྱུང་གི་ཡེ་ཤེས་ཀྱང་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱང་རྒྱུད་འདི་ཉིད་ཡིན་ལ། རྒྱུད་འདི ་ཡང་ཐུགས་ཡེ་ཤེས་ཏེ། རྒྱུད་འདི་འཛིན་པ་ལ་ཐམས་ཅད་ཀྱིས་བདག་ཉིད་སྟོན་པ་འཇིག་རྟེན་གྱི་མགོན་ཞེས་བསྟོད་དེ། དུས་གསུམ་དུ་ཕན་ཡོན་ཆེ་བར་གྱིས་བཤིག། དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས ་དཔའ་ལ་སོགས་པ་གཉིས་སུ་མེད་པའི་འཁོར་ཐམས་ཅད་ཕྲིན་ལས་ཀྱི་རྒྱལ་པོ་མཐར་དུས་གཅིག་ཏུ་རྫོགས་ནས། མ་བཅོས་པའི་ཀློང་དགོངས་པ་ལྷུན་གྱིས་གྲུབ་ནས་བཞུགས་སོ།། འདི་ལྟ་བུའི་རྒྱུད ་འདི་སྟོན་པ་གང་གིས་ཀྱང་ཞལ་ནས་མ་གསུངས། གསུང་བར་ཡང་མི་འགྱུར་ལ། སྟོན་པ་ཉིད་ཀྱིས་གསུངས་ཤིང་བསྟན་པས། དེ་ཉིད་ཀྱི་དོན་དེ་ཉིད་ལ་ཡིད་ཆེས་ནས། དེ་ཉིད་ལ་གསལ་བར་གྱུར་ཏོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་སོགས་པའི་ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། ངེས་པར་བསྟན་པའི་འབྲས་བུ་བསྐོར་བ་རྫོགས་སོ།། །། རྡོ་རྗེ་ཡང་དབང་གཏེར་གྱི ་ལགས།། ། བོད་སྐད་དུ། སྤྱོད་པ་ཐམས་ཅད་ཀྱི་རྒྱལ་པོ་བརྩོན་པ་དོན་ལྡན་གྱི་རྒྱུད། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན་ཏུ་ཐབས་མཁས་པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་བསྟན་པའི་དུས ་