CLOSE WINDOW

Gpb003.004: rdzogs pa chen po kun tu bzang po ye shes gsal bar ston pa'i rgyud phyi ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་སནྣི་ས་མནྟ་བྷ་དྲ་ཛྙཱ་ན་པྲ་ཀ་ཊ་ཤསྟུ་སྟནྡྷ་པཤྩི་མ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ཞེས་བྱ་བ། བཅོམ་ལྡན་འདས ་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་སངས་རྒྱས་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཆོས་ཀྱི་དབྱིངས་ཀྱི ་ཕོ་བྲང་ནས། སྟོང་གསལ་ཆེན་པོའི་ཏིང་ངེ་འཛིན་ལ་བཞུགས་སོ།། དེ་ནས་རྡོ་རྗེ་འཛིན་པས་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་འདས་བདེ་ཆེན་ཀུན་ཏུ་བཟང་པོ་ཉིད་ཀྱིས།། སྟོང་གསལ་བདེ་ཆེན་བཤད་དུ་གསོལ།། དེ ་སྐད་གསོལ་བ་གསན་ནས་ཀྱང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སྟོང་གསལ་རིག་པ་བཤད་ཀྱིས་ཉོན།། གཞི་ཉིད་སྟོང་པ་གསལ་བ་སྟེ།། དེ་ཉིད་མ་རྟོགས་འཁྲུལ་པ་ཡིན།། དེས་ན་སྟོང་གསལ་ངོ་ཡིས ་བཟུང་།། ཞེས་གསུངས་སོ།། གཞི་གཏན་ལ་དབབ་པའི་ལེའུ་སྟེ་དང་པའོ།། །། དེ་ནས་གཞན་ཡང་བཀའ་སྩལ་པ།། ལམ་ནི་རྣམ་པ་གཉིས་ཡིན་ཏེ།། ཐུན་མོང་སྤྱི་རུ་བསྟན་པ་དང་།། ཁྱད་པར་ལམ་དུ་བཀྲི ་བའོ།། དེ་ལ་སྤྱི་རུ་བསྟན་པ་ནི།། ལྟ་བ་དབྱེར་མེད་རང་གྲོལ་ཡིན།། བསྒོམ་པ་འཛིན་མེད་རང་གསལ་ཏེ།། སྤྱོད་པ་རང་བྱུང་ལྷུག་པའོ།། ཁྱད་པར་ལམ་དུ་བཀྲི་བ་ནི།། རང་བཞིན་གནས་པའི་བར་དོ་ལ།། ད་ཕྲུག་མ ་དང་ཕྲད་པ་བཞིན།། ཐིག་ལེ་སྟོང་གསལ་ངོ་ཡིས་སྤྲད།། ཏིང་ངེ་འཛིན་གྱི་བར་དོ་ལ།། སྒེག་མོ་མེ་ལོང་ལྟ་བ་ལྟར།། རྟོགས་པའི་དོན་ལ་གནས་པར་བྱ།། རྨི་ལམ་དག་གི་བར་དོ་ལ།། བག་ཆགས ་ཉིང་མཚམས་སྦྱོར་བ་ནི།། ཆུ་བོའི་གཞུང་ལྟར་ཤེས་པར་བྱ།། སྐྱེ་ཤི་དག་གི་བར་དོ་ལ།། ཡེ་ཤེས་ངོ་ཡིས་བཟུང་བ་ནི།། རྐང་ཆད་པ་ལ་ཝ་ནི་འཛུགས་པ་བཞིན།། ལུས་དང་སེམས་ནི་གཙུན་བྱས་ལ།། རབ་ནི་ཆོས་སྐུ ་དག་ལ་འཕོ།། འབྲིང་ནི་གཟུགས་སྐུ་དག་པར་འཕོ།། ཐ་མ་ཞིང་ཁམས་དག་ཏུ་འཕོ།། དེ་ནས་ཡེ་ཤེས་རྒྱུན་ཉིད་དེ།། སྲིད་པ་དག་གི་བར་དོ་རུ།། མུན་པར་མར་མེ་བཏེག་པ་ལྟར།། ཐམས་ཅད་གསལ་བར་མངོན ་ཤེས་འཆར།། ཡར་འགྲོ་མར་འགྲོ་ཐ་མལ་གསུམ།། རིག་པ་ཉིད་ལས་ལོག་ན་མེད།། ཞེས་གསུངས་སོ།། ལམ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་གཞན་ཡང་བཀའ་སྩལ་པ།། འབྲས ་བུའི་རིམ་པ་འདི་ལྟར་འབྱུང་།། འབྲས་བུ་སངས་རྒྱས་ཉིད་ཡིན་ཏེ།། རིག་པ་ཉིད་ནི་སྐུ་དང་ཡེ་ཤེས་དག་ཏུ་སྣང་བ་སྟེ།། དེ་ཡང་རིག་པ་སེམས་ཉིད་ནི།། བདེ་བ་ཆེན་པོར་རབ་ཏུ་གནས་པའོ།། མ་རྟོགས་རིག་པ་འདི ་ཉིད་རང་།། སྡུག་བསྔལ་དག་ཏུ་འགྱུར་བ་ཡིན།། གཞན་ནས་ཐོབ་པའི་གནས་མེད་དོ།། ཞེས་གསུངས་སོ།། འབྲས་བུ་གཏན་ལ་དབབ་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་དཔལ་ཀུན་ཏུ་བཟང་པོ་རྡོ། ་རྗེ་འཆང་ལ་འཁོར་གྱིས་བསྟོད་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། སྟོང་གསལ་དང་ལས་ཆོས་ཉིད་སྟོན།། སྐུ་དང་ཡེ་ཤེས་བདག་ཉིད་ཅན།། བདེ་ཆེན་ཀུན་བཟང་ཉིད་ལ་བསྟོད།། ཅེས་བསྟོད་ནས། འཁོར་ཐམས ་ཅད་ཀྱང་རྡོ་རྗེ་འཆང་གི་ངང་དུ་སངས་རྒྱས་པར་གྱུར་ཏོ།། དེ་ནས་ཡང་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། རྒྱུད་འདི་སྟོན་པ་རྡོ་རྗེ་འཆང་།། འདི་ཐོས་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་ཀྱི་དངོས་གྲུབ་དམ་པ ་ཡིན།། དེ་ཕྱིར་རྒྱུད་འདི་གཟུང་བར་བྱ།། ཞེས་གསུངས་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ལས། རྒྱུད་གཟུང་ཞིང་གཏད་པའི་ལེའུ་སྟེ་བཞི་པའོ།། །། དུས ་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་པའི་རྒྱུད་རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ། ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཕྱི་མ་ཞེས་བྱ་བ་རྫོགས་སོ།། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར།། ་