| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མཧཱ་སནྟི་དྲྀཥྚ་ཏཱི་གརྦྷ། སརྦ་བུདྡྷ་ཤ་ཡ། ག་ག་ནོརྨྨི་བི་པུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི ་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་ངོ་བོ་ཉིད་ཀྱི་སྐུ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག ་ན།། བཅོམ་ལྡན་ཀུན་རིག་རྒྱལ་པོ་དེ།། འོག་མིན་ཆོས་དབྱིངས་ཕོ་བྲང་དུ།། སྙིང་པོ་བྱང་ཆུབ་སྐུ་བཞུགས་པས།། རིགས་ལྔའི་འཁོར་ལ་ཐུགས་གཟིགས་ཏེ།། ཡེ་ཤེས་འཁོར་ལོའི ་དགོངས་པ་ལས།། གཡོས་པ་མེད་པར་ལྷུན་གྱིས་གྲུབ།། དེ་ཚེ་འདུས་པ་རྣམ་བཞི་ཡང་།། རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། འཁོར་འཇིག་བསོད་སྐྱབས་རིན་ཆེན ་མང་།། མར་མེ་ལོག་པར་དད་སེལ་དང་།། འོད་སྲུངས་རིན་ཆེན་སྙིང་པོ་དང་།། དབང་པོ་ཞི་དང་པདྨ་བརྩེགས།། གསེར་ཐུབ་དང་ནི་ཤཱཀྱ་ཐུབ།། མེ་ཏྲི་མཐུ་ཆེན་ཐོབ་དང ་ནི།། སྤྱན་རས་གཟིགས་དང་འཇམ་པའི་དཔལ།། དྲི་མེད་ཕྱག་ན་དགའ་བའི་དབང་།། དུས་གསུམ་སངས་རྒྱས་རྣམས་ཀྱང་བཞུགས།། སེམས་དཔའ་རྡོ་རྗེ་སྣང་བ་དང་།། ཡེ་ཤེས ་དཔལ་དང་ཡོན་ཏན་སྙིང་།། སྐྱོན་མེད་གྲགས་པ་གྲུབ་པ་རྩལ།། ཡེ་ཤེས་སྤྱན་མ་རྡོ་རྗེ་དབྱིངས།། དཔལ་འབར་མ་དང་དཔལ་ལྡན་བདེ།། ལས་ཀྱི་སེམས་མ་ཆེན་མོ་རྣམས།། རང་རང ་གཙོ་ལ་འཁྱུད་ནས་འཁོད།། གཞན་ཡང་ཆོས་སྲུང་སྤྲུལ་པའི་ཚོགས།། འཇིག་རྟེན་མཁའ་འགྲོ་ཕོ་མོ་དང་།། དྲེགས་ཅན་དམ་བཏགས་ཞལ་འཆེས་པ།། རང་དབང་མེད་པར་དད་འདུས ་རྣམས།། རང་སེམས་རྟོགས་པར་འདོད་པའི་ཕྱིར།། ལུས་ངག་སེམས་ཀྱིས་ཟོལ་མེད་པར།། ཐབས་ཅིག་རིམ་པར་འཁོད་གྱུར་ཏེ།། དེ་ཚེ་རྡོ་རྗེ་སེམས་དཔའ་ཡིས།། དུས་གསུམ་བདེ་བར་གཤེགས་པ་ཡི།། ཐམས ་ཅད་སྐུ་གསུང་ཐུགས་དང་ནི།། རྡོ་རྗེ་ལས་བྱུང་ཕུན་སུམ་ཚོགས།། ཀུན་རིག་རྒྱལ་པོའི་དགོངས་པ་དེས།། མངོན་པར་གཟིགས་པའི་དོན་གོ་ནས།། རྡོ་རྗེ་ཡིད་ཀྱི་དོན་བསྐུལ་བ།། འཁོར་འདས་མ་རིག་རྣལ ་འབྱོར་ཐུགས།། ནམ་མཁའ་བཞིན་དུ་ཡེ་གནས་པས།། ཡེ་ཤེས་རྣམ་པར་གྲོལ་བའི་ཐུགས།། ངོ་བོ་ཉིད་ཀྱི་སྐུ་བསྐྱོད་ནས།། ཐུགས་དམ་དབང་གིས་བཞེངས་སུ་གསོལ།། དེ་སྐད་བསྐུལ་བ་མཁྱེན་གྱུར་ནས།། ངོ་བོ ་ཉིད་ལས་གཟུགས་སྐུར་བཞེངས།། གཟུགས་སྐུ་རོལ་པའི་མཛད་སྤྱོད་ཀྱིས།། འོད་ཟེར་སྤྲོས་པས་ནམ་མཁའ་ཁྱབ།། ཐམས་ཅད་ཀུན་ཏུ་སྣང་མཛད་པས།། འཁོར་རྣམས་ངོ་མཚར་དུ་གྱུར་ནས།། རྩེ་གཅིག་ལུས ་ངག་ཡིད་ཀྱིས་ཀྱང་།། རྣལ་འབྱོར་ཚོགས་ཀྱིས་ཕྱག་འཚལ་ནས།། བདེན་པའི་ཡིད་ཀྱིས་ཡང་བསྐུལ་བ།། འཁོར་འདས་རྩ་བ་ཐུགས་ཀྱི་དབྱིངས།། ཤེས་རབ་ཆེན་པོར་མངའ་བརྙེས་པས།། སྤྲུལ་པ་གྲངས་མེད་འབྱུང ་བའི་གནས།། ཆོས་སྐུ་བདེ་བས་འགྲོ་དོན་གྱིས།། དེ་དོན་བསྐུལ་བ་ཐུགས་ཆུད་ནས།། འཁོར་འདས་མ་རེག་དོན་ཆེན་ལ།། འབྲལ་མེད་དགོངས་པར་སྙོམས་ཞུགས་ཏེ།། ཅང་མི་གསུང་བར་ལྷུན་གྱིས་བཞུགས།། དེ ་ནས་བློ་གྲོས་དམ་པ་དེ།། ཅང་མི་གསུང་བར་ངོ་མཚར་ཏེ།། དཔའ་བོ་མགོན་པོར་ཡང་ཞུས་པ།། ཨེ་མ་ནམ་མཁའ་ལྟ་བུ་ཡི།། སྐུ་མཆོག་ཁྱབ་པའི་བྱིན་རླབས་ཀྱིས།། ཐོགས་མེད་རོལ་པའི་ཆོ་འཕྲུལ ་གྱིས།། བདུད་དཔུང་གཟི་བརྗིད་ཟིལ་གྱིས་གནོན།། ཡིད་བཞིན་གསུང་མཆོག་སྒྲ་སྙན་གྱིས།། ཚིག་གཅིག་དོན་གོ་ཐམས་ཅད་འདུས།། གཟུང་སླ་ཡན་ལག་ཚང་བའི་གསུང་།། སེང་གེའི་སྒྲ་ཡིས་གསང་སྔགས ་གསུང་།། ཡེ་ཤེས་སྙིང་པོ་རྡོ་རྗེའི་ཐུགས།། ཉི་ཟླ་ལྟ་བུར་རང་གསལ་བ།། འཁོར་འདས་སྤྲོས་བྲལ་ཐིག་ལེའི་ཐུགས།། ཡེ་ཤེས་རིག་པར་བྱིན་གྱིས་བརླབས།། ཐུགས་རྗེ་ཀུན་གྱི་བདག་པོ་ཁྱོད།། སངས་རྒྱས་རྣམས ་ཀྱི་ཡང་མེས་པོ།། རྣལ་འབྱོར་ཀུན་གྱི་དམ་པའི་ལམ།། བདུད་རྣམས་ཀུན་གྱི་བདུད་ཆེན་པོ།། ཡོན་ཏན་ཐམས་ཅད་འབྱུང་བའི་གནས།། བྱང་ཆུབ་སེམས་ཀྱི་མཛོད་ཆེན་པོ།། མ་རིག་མུན་པ་བསལ་དུ་གསོལ།། དེ ་སྐད་གསོལ་བའི་དོན་གོ་ནས།། བཅོམ་ལྡན་ངོ་བོ་ཉིད་སྐུ་དེས།། འཁོར་རྣམས་ལ་ནི་ཐུགས་གཟིགས་ནས།། ཕྱོགས་བཅུར་ཞལ་ནི་འཛུམ་མཛད་དེ།། དཔེར་ན་ཉི་མའི་སྙིང་པོ་ལས།། འོད་ཟེར་ཀུན་ཏུ་བཀྱེ་བ ་ལྔར།། ཁྱབ་པར་མཛད་ཅིང་བཀའ་སྩལ་པ།། འཁོར་འདས་མེད་པའི་གོང་རོལ་དུ།། ང་རྟོགས་ཀུན་ཏུ་བཟང་པོ་བྱུང་།། གཞན་པའི་ཞི་གནས་བློས་བསྒོམས་པས།། སངས་རྒྱས་ཉིད་ཀྱང་གདེང་མེད་གོལ།། ཕྲ་མོའི ་རྣལ་འབྱོར་སྨོས་ཅི་དགོས།། དེ་སྐད་བཀའ་སྩལ་གསུངས་མ་ཐག། འཁོར་རྣམས་མ་དགའ་ཡིད་འདྲོགས་ཏེ།། དོན་ལ་ཐེ་ཚོམ་ཟ་གྱུར་ཏེ།། མྱ་ངན་ཡིད་ཀྱིས་ཟིན་གྱུར་ནས།། འཇིག་རྟེན་ཀུན་འགུལ་རབ་ཏུ ་གཡོས།། ལྷ་མི་མི་མ་ཡིན་ལ་སོགས།། ཀུན་ཀྱང་སྐྲག་ཅིང་ཡ་ངར་གྱུར།། དེ་ནས་རྡོ་རྗེ་སེམས་དཔའ་ཡི།། ཐུགས་ཀྱིས་གཟིགས་ནས་དོན་རིག་པ།། འཁོར་རྣམས་ཞི་གནས་བསམ་གཏན་ལ།། ཞེན་པ་གསལ་བར ་ཡིད་གཟིགས་ནས།། ཏིང་ངེ་འཛིན་གྱིས་དོན་གསོལ་པ།། འཇིག་རྟེན་མཁས་པ་རྫོགས་སངས་རྒྱས།། ཡེ་ཤེས་ཐུགས་རྗེ་ཆེན་པོ་ཡིས།། ཆོས་ཉིད་གནས་ལུགས་ཇི་ལྟ་བ།། མ་ནོར་མ་བཅོས་སྙིང ་པོའི་ཐུགས།། འཁྲུལ་པའི་བློ་ཡིས་རྟོགས་པའི་ཐབས།། འཁོར་འདས་མ་རིག་ལྷག་མཐོང་དོན།། དུས་འདིར་བདག་ལ་བཤད་དུ་གསོལ།། རང་བྱུང་ངོ་བོ་ཉིད་སྐུ་དེས།། དོན་རིག་ཐུགས་ཀྱིས་བཀའ་སྩལ་པ།། སངས ་རྒྱས་ཆོས་ཉིད་ཇི་ལྟ་བ།། འཁོར་འདས་མ་རིག་སྙིང་པོའི་དོན།། ཡང་མེས་ང་ཡིས་དོན་བཤད་དུ།། རྫོགས་ཆེན་སྐྱེ་མེད་དོན་ཟབ་ཀྱང་།། མ་རྟོགས་པ་ལ་སྡིག་མོར་ཆེ།། ནོར་བུ་རིན་ཆེན་རྙེད་དཀའ་བཞིན།། ཕྱི་མའི ་དུས་ཀྱི་མི་ངན་རྣམས།། དར་དྲག་དང་ཐུང་ཚོར་རྐྱེན་ལ།། བཀའ་ཡི་དོན་ལ་ཡིད་མི་ཆེས།། གཞུང་མང་སྒྲིན་ཚིག་རྟོག་པ་ཟ།། བྱང་ཆུབ་པས་ནི་ཁེ་གྲགས་བསྒྲུབ།། ལེ་ལོ་ཆེ་བས་གྲུབ་རྟགས་རིངས།། འཇུག་ལ ་བརྩོན་ནས་འདོར་བ་སྐྱེན།། ངེས་པའི་དོན་ལ་གལ་ཆེན་འཇུག། བདེན་པའི་ཚིག་ལ་སྒྲོ་སྐུར་འདེབས།། ཚིག་ཏུ་ཞི་བ་ལ་དོན་ཏུ་རྩིང་།། ཐོས་བསམ་པས་ནི་ངོམ་པར་རིངས།། ཤེས་ནས་མི་བསྒྲུབ་ཡལ ་བར་འདོར།། གོང་འོག་གཞུང་ནི་བསྲེས་ཏེ་བསླད།། བཀའ་མིན་མི་ཆོས་དོན་དུ་བྱེད།། མན་ངག་ཟབ་མོ་ཟོང་དུ་འཚོང་།། ཚིག་ཉུང་ཟབ་མོ་གཏིང་ཕྱིན་ལ།། ཤ་ཐང་མི་ཕྱེད་སྦོམ་ཞེས་སྨྲ།། གདམས་ངག་བློས་ཆུད་མི ་གསོན་པར།། དོན་ཉིད་རྟོགས་པར་བྱེད་པ་ལ།། ཡིད་མི་ཆེས་པའི་རིགས་པ་འཇུག། མང་པོར་བཤད་ཀྱང་དོན་མེད་ལ།། མཁས་པ་ཡིན་ཞེས་ཡོན་ཏན་བརྗོད།། བླ་མ་སྨོད་པའི་གང་ཟག་ལ།། ཁོ་བདེན་ཟེར་ཞིང ་རྗེས་སུ་འཇུག། གསང་བའི་མན་ངག་མགོ་བར།། སློབ་བུས་མ་བྱས་སློབ་དཔོན་འཁངས།། ཁུངས་ནས་བརྒྱུད་པའི་མན་ངག་ལ།། མ་ནོར་ཡིན་པར་མི་བརྩི་བར།། རང་བཟོ་ཁ་ཚབས་བསྲེས་པ་ལ།། ཡིད་ཆེས་བྱེད ་ཅིང་དམ་པར་འཛིན།། ལྷ་དམན་རྣམས་ཀྱི་ངོ་སྲུང་བྱེད།། དེ་ལྟ་བུ་ཡི་དུས་བྱུང་ཚེ།། དོན་བསྟན་སྐད་ཅིག་དེ་ཉིད་ལ།། རྒྱུད་ལུང་སངས་རྒྱས་སྐྲག་ཅིང་དངངས།། ཉན་ཐོས་མདོ་སྡེ་བརྒྱལ་ཅིང་འབོག། ལྷ་དང་ལྷ་མིན ་སྲིན་པོའི་ཚོགས།། སྒྲོ་སྐུར་འདོགས་པའི་གང་ཟག་རྣམས།། གཏན་དུ་དམྱལ་བ་ཆེན་པོར་ལྟུང་།། འདི་ལ་ཚེ་ཡི་བར་ཆད་དང་།། འཇིགས་པ་སྣ་ཚོགས་དེ་ལ་འོང་།། མགོ་ལུས་ཚལ་པ་སྟོང་དུ་འགས།། རིག་འཛིན ་རྣམ་ཀྱིས་སྤོངས་པར་འགྱུར།། དེ་ཕྱིར་ཤིན་ཏུ་གསང་བའི་དོན།། སྣོད་ལྡན་སློབ་བུ་མི་རྙེད་དཀོན།། དེ་སྐད་བཀའ་སྩལ་དོན་གོ་ནས།། འཁོར་རྣམས་མགྲིན་གཅིག་ཐལ་སྦྱར་ནས།། ཡིད་ཀྱིས་གདུང་བའི་དོན་གསོལ ་པ།། འཁོར་བའི་གཡང་སར་ལྟུང་བ་ལ།། ཐུགས་རྗེ་ཆེན་པོས་མི་འཛིན་ནམ།། རི་དྭགས་འཛིན་པའི་རྒྱར་ཆུད་ན།། རྣམ་རྟོག་དྲ་བ་མི་གཅོད་དམ།། སེམས་ཅན་ལས་ལ་ཐུགས་ཚད་ཀྱང་།། འགྲོ་དོན་སྙིང་རྗེ་མི་མཛད ་དམ།། མ་རིག་མུན་པའི་སྨག་རུམ་དུ།། དམུས་ལོང་བཞིན་དུ་རང་སེམས་འཐིབས།། ཡེ་ཤེས་ཉི་མ་མི་འཆར་རམ།། ཞེ་སྡང་མེ་ཆེན་འབར་བ་ནི།། ལས་ཀྱི་རླུང་དམར་ཆེན་པོས་བུས།། ཆོས་ཉིད་རླན་ཀྱིས་མི་འཇིལ ་ལམ།། འདོད་ཆགས་ཆུ་ལྟར་བྲུབ་པ་ཡིས།། བསེ་རྩི་བཞིན་དུ་ཞེན་པ་ལ།། ཡེ་ཤེས་མེ་ཡིས་མིང་བསྲེག་གམ།། དོན་སྟོར་ལུས་ཀྱི་ནང་དུ་སྟོར།། ལམ་སྟོར་བདག་ལ་ས་མཁན་མཛོད།། དུས་འདིར་འདུས་པ་རྣམས ་ཀྱིས་ཀྱང་།། འགལ་སེམས་རྡུལ་ཙམ་མེད་པར་ནི།། དད་པས་བྱང་ཆུབ་དོན་ལ་མོས།། ངེས་ཤིང་དད་པས་ཡིད་བསྡུས་སོ།། དེ་ནས་ངོ་བོ་ཉིད་སྐུ་དེས།། ཡེ་ཤེས་འཁོར་ལོའི་དགོངས་པ་ལས།། ཐུགས་ནི་མངོན་པར ་བཞེངས་ནས་ཀྱང་།། ཀུན་བཟང་ཆོས་སྐུའི་རྟོགས་དོན་དེ།། འདུས་པའི་འཁོར་ལོ་བཀའ་སྩལ་པ།། ལེགས་སོ་དད་ལྡན་འཁོར་རྣམས་ཉོན།། ལྷག་མཐོང་གསལ་བར་ངས་བཤད་ཀྱི།། ལེགས་པར་ཉོན་ལ་ཡིད་ཀྱིས ་ཟུང་།། གོལ་ས་ཆོད་པའི་ལྟ་བ་ཡི།། གདེང་དུ་གོ་འགྱུར་རྣལ་འབྱོར་པས།། ཆེད་དུ་མི་བསྒོམ་རང་ཡིན་ཏེ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས།། དབང་པོ་རང་ཡན་བཏང་ལས་བྱུང་།། མ ་བསྒོམས་ཡེ་ཤེས་ཤུགས་ལ་འཆར།། གོལ་མེད་ཡེ་ཤེས་ཆོས་ཉིད་ཀློང་།། ཐུགས་ཀྱི་འོད་ཟེར་སྟོང་གི་ཆ།། ཕྱོགས་བཅུ་ཀུན་ཏུ་རབ་སྤྲོས་པས།། འཁོར་རྣམས་སེམས་ལ་དོན་ཤར་ནས།། ཞི་གནས་ལ་ནི་ལྷག་མཐོང ་དུ།། རྡུལ་ཙམ་དུ་ཡང་མ་བསྒོམས་པར།། ཕྲ་མོ་ཆ་ཙམ་རྟོགས་གྱུར་ནས།། དགའ་བའི་ཡིད་ཀྱིས་དོན་བསྟོད་པ།། འཁོར་བའི་ནད་འབྱིན་སྨན་པའི་མཆོག། རབ་མེད་སྒྲོལ་བ་ཆོས་ཀྱི་གྲུ།། འཇིགས་སར་རྟེན་པའི་ཡེ ་ཤེས་མཁར།། དྲིན་མེད་བྱམས་པའི་ཕ་དང་མ།། འདྲེན་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། དེད་དཔོན་ཀུན་བཟང་ཆོས་ཀྱི་སྐུ།། འཁོར་བའི་ལམ་མེད་ལམ་སྟོན་པ།། རང་རིག་ཡེ་ཤེས་བྱང་ཆུབ་ཀློང་།། ཡེ་ཤེས ་སྐུ་ལ་ཡིད་ཀྱིས་བསྟོད།། ནམ་མཁའ་ལྟ་བུར་དངས་པ་ཡི།། ཁྱབ་གསལ་རབ་བརྗིད་སྐུར་སྟོན་ཅིང་།། མཁས་ལ་རྒྱ་ཆེ་ཤིན་ཏུ་གསལ།། ཨེ་མ་སངས་རྒྱས་བཅོམ་ལྡན་གསུང་།། ཤེས་རབ་གཏིང་ཕྱིན་གཡོས་པ ་མེད།། རྒྱུན་མི་གཅད་ལ་ཕྱག་འཚལ་ལོ།། མ་རྩོལ་བདུད་རྣམས་འདུལ་མཛད་པ།། སྟོབས་ལྡན་དཔའ་བོ་ཆེན་པོ་སྟེ།། ཡོན་ཏན་ཕྲིན་ལས་རྫོགས་མཛད་པ།། ཅི་བསམ་འགྲུབ་ལ་ཕྱག་འཚལ་བསྟོད།། ད་ནི་ཁྱོད་ཀྱི ་འབངས་སུ་མཆི།། དཔའ་བོ་ཆེན་པོ་བདག་ལ་དགོངས།། བཀའ་ལས་མི་འདས་ཡིད་ཀྱིས་བཟུང་།། ལྟ་བའི་ཡང་སྙིང་བཤད་དུ་གསོལ།། དེ་སྐད་གསོལ་བའི་དོན་གསན་ནས།། བཅོམ་ལྡན་ངོ་བོ་ཉིད་ཆེན ་དེས།། གདོད་ནས་འབྲལ་མེད་ཏིང་འཛིན་ལ།། བདེ་བར་ཞུགས་ནས་བཀའ་སྩལ་པ།། ཡང་སྙིང་ལྟ་བའི་རྒྱུད་ཆེན་འདི།། ཡིད་ཀྱིས་བཤད་པས་རྟོགས་པའི་དོན།། ངས་ཤེས་ཡེ་ཤེས་དམ་པར་གྱིས།། བདུད་དང་བར ་གཅོད་ཐམས་ཅད་ཀྱང་།། ང་ཉིད་རོལ་པ་ལས་གཞན་མེད།། ང་མ་ཤེས་པར་ཅི་སྤྱད་ཀྱང་།། འབྲས་བུ་བརླག་ཅིང་འཚིག་པར་འགྱུར།། དེ་སྐད་གསུངས་ནས་སྐུ་གསུང་ཐུགས།། སྐྱེ་འགག་མེད་པའི་ཡེ་ཤེས ་ཀྱིས།། རྒྱུན་མི་ཆད་ཀྱི་དགོངས་པ་ལ།། ཐུགས་ནི་ཤིན་ཏུ་ཐིམ་གྱུར་ཏོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ལ་ཕན་བཏགས་ཕྱིར།། ཡིད་ཀྱིས་ངེས་དོན་འདི་སྐད་གསོལ།། དད་པས་བསྒོམ་དང ་རྟོགས་པ་ཡིས།། སྣོད་ལྡན་སྣོད་ངན་བྱེ་བྲག་གི། འབྲས་བུ་བསྟན་པ་བཤད་དུ་གསོལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཁྱོད་ཀྱི་ཞུས་པ་ངས་བཤད་ཉོན།། ང་ཡི་ཡེ་ཤེས་ལྷུན་གྲུབ་ལ།། རེ་ཞིག་མོས་པ་དྲང ་བའི་ཕྱིར།། སྤྱི་ཡི་མཚན་ཉིད་རྟོགས་པའི་ཐབས།། བརྡའ་ཙམ་མཚོན་ནས་ཞེན་གྲོལ་བའི།། རང་དོན་སེམས་ཀྱི་མོས་པ་ཡིས།། ཐེག་པ་ཀུན་ལ་ཐོས་བསམ་གནས།། དབེན་པའི་དགོན་པར་གང་བསྒོམ་པ།། རང ་སེམས་དམུ་རྒོད་སྟོང་ཁམས་ཡིན།། མངལ་གྱི་སྒྲིབ་གཡོགས་ཁང་སྟོང་བསྲུང་།། བཅོས་མའི་སྤྱོད་པ་སུས་བསྒོམ་པ།། འབྲས་བུ་སངས་རྒྱས་ཐོབ་འདོད་པ།། ཞེ་འདོད་ཡོད་ཕྱིར་འཁོར་བའི་རྒྱུ།། སྣང ་བ་སེམས་སུ་བྱས་པའི་ཕྱིར།། འབྲས་བུ་ཡེ་ཤེས་འབྱུང་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་ཚིག་ཏུ་བརྗོད་དཀའ་བ།། ཆོས་སྐུ་ནམ་མཁའ་ལྟ་བུ་དེ།། ཀུན་ལ་གནས་ཀྱང་རྟོགས་པར་དཀའ།། ཨུ ་དུམ་ཝ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ཡང་རེ་འགའ་ཞིག། འབྱུང་སྲིད་ཀུན་གྱི་ཐུན་མོང་མིན།། དོན་འདི་ཀུན་ལ་བཤད་ཀྱིས་ཉོན།། བླ་མ་རྡོ་རྗེ་སློབ་དཔོན་ལས།། ཉན་བཤད་སྒྲུབ་པའི་དབང་མནོས ་ནས།། མཆེད་ལ་སྲིང་ལྟར་གདུང་བྱེད་ཅིང་།། ཐོས་བསམ་བསྒོམ་པར་འདོད་པའི་ཕྱིར།། བྱང་ཆུབ་སྲོག་དང་བསྔོ་བ་ཡི།། སྣོད་ལྡན་མ་ནོར་ཕྲད་གྱུར་ན།། འཚོ་བ་རང་གི་སྦྱར་ལ་ཡང་།། ལྟ་བའི་དགོངས་དོན་འདི ་བསྟན་ཏེ།། མ་མཚོན་གོ་དང་མ་དཔྱད་རྟོགས།། དོན་ལྡན་མན་ངག་རིག་པའི་བློས།། མ་བསྒོམས་རྟོགས་པས་ངེས་པར་ཆོག། དེ་ཡི་འབྲས་བུ་ད་ལྟ་ཉིད།། སངས་རྒྱས་རྒྱལ་པོ་ཡེ་ཤེས་སྐུ།། ཐམས་ཅད་མཁྱེན་པའི་ཡེ ་ཤེས་ཏེ།། འབྲས་བུ་ཀུན་གྱི་མཆོག་ཏུ་བཤད།། རྡོ་རྗེ་སེམས་དཔའ་ད་ཡང་ཉོན།། ངོ་བོ་ཉིད་ཀྱི་ཆོས་སྐུ་ལ།། འདས་དང་མ་འདས་མི་མངའ་ཡང་།། ང་ཉིད་དངོས་སུ་མི་བཞུགས་ཚེ།། འཛམ་གླིང་དབུས་ཀྱི་ཤར ་ཕྱོགས་སུ།། སྐལ་ལྡན་རིགས་ཀྱི་སྤྲུལ་པ་གཅིག། ཕ་མེད་བྲམ་ཟེའི་རིགས་སྐྱེས་ནས།། ང་ཡི་ངེས་དོན་ལྟ་བ་འདི།། གདམས་ངག་མི་འཆད་སྟོན་པ་འབྱུང་།། ཕྱིས་ཀྱི་རྣལ་འབྱོར་འཇུག་འདོད་པས།། ང་ཡི་རྒྱུད་འདི ་རྟོགས་པར་གྱིས།། འདི་ཤེས་བླ་མ་དམ་པར་བཟུང་།། དེ་བཟུང་ཡོན་ཏན་བརྗོད་མི་ལངས།། ངེས་དོན་འདི་ལ་གང་མོས་རྣམས།། བཀའ་དང་མཐུན་པར་དོན་གོ་ནས།། རྡུལ་ཙམ་དུ་ཡང་མ་བསྒོམས་ཀྱང་།། སངས ་རྒྱས་ས་ལ་སྨོས་ཅི་དགོས།། དེ་ཚེ་དད་ལྡན་འདི་ལ་འཇུག། འཁོར་འདས་མ་རིག་ཆོས་སྐུའི་དོན།། ལས་ཅན་ཀུན་གྱི་རྟོགས་དོན་ཆོས།། མན་ངག་རྫོགས་ཆེན་བསྟན་པ་འབྱུང་།། དེ་ཚེ་ང་ཡི་འཁོར་རྣམས་ཀྱིས།། ངེས ་དོན་ལྟ་བ་འཆད་པ་ལ།། ལྷ་དམན་ཚུལ་འཆོས་སྡེ་པ་ནི།། སྔགས་པར་ཁས་འཆེའི་མུ་སྟེགས་དང་།། དྲང་དོན་ཐེག་པ་ལ་ཞེན་རྣམས།། ཞེ་སྡང་བྱེད་པའི་དུས་བྱུང་ཚེ།། ཁ་ཟེར་འཕྱར་ཁ་གཏོང་བ་དང་།། དུག་དང་རྡོ། ་དང་མཚོན་སོགས་ཀྱིས།། དེ་ལ་གསོད་པར་སེམས་འགྱུར་ཞིང་།། ས་ཕྱོགས་མངའ་རིས་འགེགས་པའི་ཚེ།། ཀུན་བཟང་ལྟ་བ་ངེས་དོན་འདི།། ངོ་བསྲུང་ཚུལ་འཆོས་མ་ཡིན་པར།། ཞུམ་མེད་དམ་ཆོས་འདི་འཆད ་པ།། ཚམ་ཚོམ་མེད་པ་དཔའ་བོའི་མཆོག། འཇིགས་མེད་མ་ནོར་སྟོན་པའི་ལམ།། བདེ་གཤེགས་རྣམས་ཀྱི་བྱིན་གྱིས་རློབས།། མཁའ་འགྲོ་ཆོས་སྐྱོང་སྨོས་ཅི་དགོས།། གནོད་པས་མི་ཚུགས་བསོད ་ནམས་འཕེལ།། དེ་ཚེ་མུ་སྟེགས་ཉན་ཐོས་སོགས།། རང་རང་བརྐམ་ཆགས་རྩོད་འགྱུར་ནས།། གཡུལ་འགྱེད་བྱེད་ཅིང་རུ་ཏྲ་འདྲ།། རིམས་ནད་སྣ་ཚོགས་བཀྲ་མི་ཤིས།། ཡོན་བདག་རྣམས་ནི་དད་པ ་ལྡོག། འོག་མའི་བསྟན་པ་འཇིག་པའི་རྟགས།། ཕྱི་མ་ངན་སོང་སྨོས་ཅི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟ་བུ་ཡི་དུས་བྱུང་ཚེ།། གལ་ཏེ་ཚོགས་ལ་ཆོས་འཆད་ན།། ཉམས་དང་ལྐུགས་པ་ཞེ་འཁོན ་རྣམས།། ཡོད་མེད་གཤེར་ལ་བཤགས་སུ་བཞུགས།། དེ་མི་ནུས་པར་ཆོས་མི་འཆད།། དཔེར་ན་ལྡུམ་རར་དུག་སྐྱེས་ན།། བདག་པོས་དུག་ཏུ་ཤེས་མ་ཐག། རྩད་ནས་ཕྱུང་སྟེ་མེད་པར་བྱེད།། དེ་བཞིན་དམ་ཉམས་མི ་མཐོང་ན།། གང་ཡིན་ཚོགས་ལས་བཀར་ལ་བཏང་།། ལྟ་བཤགས་ཆེད་དུ་ཡིད་ལ་བྱ།། དེ་ལྟར་མ་ཡིན་ཕྱལ་བཞག་ན།། རྟེན་མེད་མ་ཐུག་སྲོག་གཅོད་བཞིན།། ཉམས་གྲིབ་སྐྱོན་གྱིས་ན་ཚ་འབྱུང་།། མཁའ་འགྲོས ་ཆད་པ་རིམས་གྱིས་གཅོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གལ་ཏེ་དད་པས་གདུང་སེམས་ཀྱིས།། དམ་ཚིག་ཉམས་པའི་སྐྱོན་འགྱོད་ནས།། བསྐང་བཤགས་གཡོ་སྒྱུ་མི་བྱེད་པ།། གསེར་དངུལ་ཆག་བཅོས་ཕྱིར ་ལེགས་བཞིན།། དོན་ལ་བརྩོན་འགྲུས་ཤིན་ཏུ་ཆེ།། དེ་ནི་སྣོད་ཀྱི་དམ་པའི་མཆོག། མན་ངག་ཡང་སྙིང་རྫོགས་པར་བསྟན།། དེ་དོན་ཤིན་ཏུ་བཙལ་དཀའི་ཕྱིར།། སྣོད་ལ་བརྟག་པ་ཤིན་ཏུ་གཅེས།། བཀའ་དང་མཐུན ་པའི་དོན་འགྲུབ་ཕྱིར།། མ་བརྟགས་རང་འདོད་ཆོས་མི་འཆད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བསྟན་པ་འབྱུང་བའི ་རྒྱུ་གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཞལ་གྱིས་བཞེས་ཏེ་བཀའ་སྩལ་པ།། རྒྱུད་ལུང་མན་ངག་ཡུལ་ལ་བལྟ།། དེ་ཕྱིར་མ་ནོར་ཆོས་སྐུ་མིན།། སེམས ་ཡིན་ཟེར་ཞིང་སྣང་བར་འཆེལ།། སེམས་དང་འབྲེལ་མེད་བརྗོད་བྱས་ཀྱང་།། གླང་པོ་ཕག་དང་འདྲ་བ་བཞིན།། འབྲེལ་མེད་དོན་ནི་རྟོགས་བྱའི་ཕྱིར།། དེ་ཕྱིར་ཡུལ་འདི་སེམས་འདྲ་ཡང་།། སྣང་བ་ཆོས་སྐུར་འབྲེལ ་མེད་པས།། གཞི་ཉིད་རང་སེམས་རྟོགས་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་གྱི་སྣང་བ་འདི་ཉིད་ལ།། མཐའ་ཡས་མིང་དུ་བཏགས་པ་ཡིན།། ཡོད་མཐོང་སྣང་གྲགས་ཆོས་རྣམས་ཀུན།། བླ་དྭགས་ཙམ ་དུ་བཏགས་པར་ཟད།། དེ་ལ་དངོས་གཞི་ག་ལ་ཡོད།། མེད་པ་ཉིད་ན་ཡོད་རྟོག་པ།། འཁྲུལ་པ་རྣམས་ཀྱི་ཤེས་པ་ལ།། སངས་རྒྱས་རྣམས་ཀྱིས་མི་མཁྱེན་ཕྱིར།། ཕྱི་རོལ་ཡུལ་ལ་དོན་མི་བཞག། དེ་ཕྱིར་འཁོར་འདས ་འབྱུང་བ་ཀུན།། གློ་བུར་ཡིན་ཕྱིར་གནས་ལུགས་མིན།། དེ་ཕྱིར་འདུས་པའི་སྙིང་པོ་ཉོན།། ང་ཡི་གསུང་གི་འོད་ཟེར་གྱིས།། མ་རིག་སེམས་ཀྱི་མུན་ཁུང་དུ།། སྒྲོན་མའི་སྣང་བ་ཉི་བཞིན་འཆར།། ཡུལ་དང་མ་འབྲེལ ་ཆོས་ཀྱི་སྐུ།། རང་ལ་རང་ཆས་ཡེ་གནས་པས།། ལུང་ལྡན་རྐྱེན་གྱིས་རྟོགས་པ་བྱུང་།། རྒྱུ་འབྲས་རྐྱེན་རྣམས་ངས་བཤད་ཉོན།། ངོ་བོ་གནས་ལུགས་ཆོས་སྐུ་དང་།། དེ་ལས་འཁྲུལ་པས་འཁོར་བར ་འཁྱམས།། ལྡོག་ཐབས་སྣོད་བཅུད་ལྡན་པ་ཡིས།། ངེས་པའི་དོན་མཐུན་གདམས་ངག་གིས།། ཐེ་ཚོམ་གེགས་ཆེན་བསལ་བ་དང་།། འབྲས་བུ་ལྷུན་རྫོགས་གདུལ་བྱ་འབྱུང་།། དེ་སྐད་གསུངས་པའི་དོན་ཐོས ་ཏེ།། འཁོར་རྣམས་དགའ་ཞིང་ཡི་རངས་ཏེ།། གུས་པའི་སེམས་ཀྱི་ཆོས་ཉན་ཏོ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གསུང་བར་ཞལ་གྱིས་བཞེས་པའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་ཀུན་རིག་རྒྱལ་པོ་ཡིས།། དད་ལྡན་འདུས་པའི་འཁོར་རྣམས་ལ།། སེམས་ཀྱི་རྟོག་པ་བསལ་བའི་ཕྱིར།། ཆེད་དུ་བརྗོད་པའི་དོན་གསུངས་པ།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། ངོ་བོ་ཉིད་ཀྱི་སྐུ ་མཆོག་ནི།། རང་བྱུང་ཡིན་ཕྱིར་ཐོག་མཐའ་མེད།། འདུས་མ་བྱས་ཀྱི་ནམ་མཁའ་འདྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་མཚོན་གོ་དང་མ་དཔྱད་པར།། དེ་ཉིད་རྟོགས་པའི་ཀུན་བཟང་ལ།། མྱ་ངན་ཐོག་མཐའ ་དུས་གཅིག་གཅོད།། རི་བོ་ཏ་ལའི་ཉི་ཤར་འདྲ།། ལུང་ལྡན་རྐྱེན་གྱི་གདམས་ངག་གིས།། ཐོག་མའི་གཞི་ཤེས་རྣལ་འབྱོར་པས།། འཁོར་བའི་མཐའ་མ་ཤུགས་ལ་ཆོད།། མུན་པ་ནམ་ལངས་ཉི་ཤར་འདྲ།། སེམས་ཅན ་རང་སེམས་འཁྲུལ་པའི་ཕྱིར།། མཚོན་དཔྱད་རྟོག་པ་འཁོར་བའི་ཆོས།། འཁྲུལ་པ་ཡོད་ཕྱིར་ཐོག་མཐའ་ཡོད།། ཕྱི་ནང་འབྱུང་བ་ཆགས་འཇིག་འདྲ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། འཁོར་བའི་གཞི་ནི་ཞེན་རྟོག ་ཡིན།། གཟུང་འཛིན་ཞེན་པས་འཁོར་བར་སྣང་།། རས་དཀར་ལ་ནི་སྣུམ་ཞེན་འདྲ།། བག་ཆགས་བརྟས་ཕྱིར་ཀུན་གཞི་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་ཤེས་མྱ་ངན་འདས་པའི་རྒྱུ།། ཤེས་རབ་ལྷག ་མཐོང་ལས་བྱུང་བ།། ལུང་ལྡན་རྐྱེན་གྱིས་རྟོགས་པ་དེ།། ཐིག་ལེ་ཆོས་སྐུ་དེ་ལ་བྱ།། གཉིས་ཀའི་རྒྱུ་ཡི་རྒྱུ་རུ་ནི།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། ཆོས་རྣམས་ཀུན་གྱི་གཞི་ཡིན་ཕྱིར།། ཡེ་ཤེས་རྒྱུ་ཞེས་དེ་ལ་བྱ།། རྟོགས ་མ་རྟོགས་ལ་ཐ་དད་ཀྱང་།། ལུང་ལྡན་རྐྱེན་གྱི་ཡེ་ཤེས་དེ།། ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ཕྱིར།། རྒྱུ་ཡི་ཡེ་ཤེས་དེ་ལ་བྱ།། བྱ་བྱེད་ལམ་གྱི་འབད་རྩོལ་གྱིས།། རང་བྱུང་བྱང་ཆུབ་གེགས་ཡིན་པས།། ཤེས་པ་རྩོལ ་མེད་ཡེ་ཤེས་འདི།། ལམ་གྱི་ཡེ་ཤེས་དམ་པར་གསུངས།། རྟོགས་པའི་ངང་ལས་མ་གཡོས་པར།། ཐེག་བརྒྱད་ལམ་གྱི་སྤོང་ལེན་དང་།། ཕ་རོལ་མཛད་སྤྱོད་འདི་ཡིས་འགྲུབ།། ཡོན་ཏན་སྟོབས་རྣམས་མ་ལུས ་འབྱུང་།། ཡེ་ཤེས་འབྲས་བུ་འདི་ཤེས་པས།། དབུལ་པོ་རིན་ཆེན་རྙེད་པ་བཞིན།། ཕྱི་མ་མ་ཡིན་དུས་འདི་རང་།། རྩོལ་མེད་རིག་པ་མངོན་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མི་གནས་ཆོས་སྐུའི་དོན ་རྟོགས་པ།། འཆིང་གྲོལ་དགེ་སྡིག་གཉིས་ཀྱི་ཆོས།། གཞི་ལ་གཉིས་ཀ་གདོད་ནས་མེད།། དེ་ཕྱིར་ཐིག་ལེ་ཉག་གཅིག་གོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མའི་དཀྱིལ་ན་མུན་མེད་ལྟར།། དེ ་བཞིན་དོན་རྟོགས་མ་བསྒོམས་ཀྱང་།། སྐྱེ་མེད་བྱང་ཆུབ་ཆོས་སྐུའི་ཀློང་།། གོལ་སྒྲིབ་དག་ལ་ཡ་མི་ང་།། དཔེར་ན་སེང་གེའི་སྒྲ་གྲགས་པས།། རི་དྭགས་ཕྲ་མོ་འབྱེར་བ་བཞིན།། དོན་འདི་རྣལ་འབྱོར་གང་ཡོད ་ལ།། ལྷ་དམན་སྒྲོ་སྐུར་ཟིལ་གྱིས་གནོན།། དཔེར་ན་པདྨ་འདམ་གནས་ཀྱང་།། དྲི་མས་མི་གོས་ཤིན་ཏུ་གསལ།། དེ་བཞིན་རྣལ་འབྱོར་ལུས་ཡོད་ཀྱང་།། སྒྲིབ་པས་མི་གོས་ཡེ་ཤེས་གསལ།། དཔེར་ན་འཁོར་ལོས ་སྐྱུསྦྱར་རྒྱལ་ཉིད།། གླིང་བཞི་གླིང་ཕྲན་དབང་དུ་བསྡུས།། དེ་བཞིན་དོན་འདི་རྟོགས་པ་ཡིས།། ཕ་རོལ་ཕྱིན་བཅུའི་དབང་རྣམས་ཀྱང་།། རང་བཞིན་མ་བཙལ་ལྷུན་གྲུབ་རྫོགས།། རྣལ་འབྱོར་གདེངས་སུ་དེ་འཆང ་ན།། དེ་ལ་བསྒྲུབ་པ་མ་བྱས་ཀྱང་།། གཅིག་ཤེས་པས་ནི་ཀུན་ཤེས་པས།། འབྲས་བུ་སངས་རྒྱས་སྨོས་ཅི་དགོས།། དེ་ལས་གཞན་པའི་དོན་མེད་ཕྱིར།། ལྷུན་གྱིས་རྫོགས་པའི་ཆོས་སྐུ་ལ།། སྐྱེ་ཤིའི་སྡུག་བསྔལ་མི ་འབྱུང་བས།། གཞི་ལས་མི་འགྱུར་གསེར་བཞིན་ནོ།། དེ་སྐད་གསུངས་པའི་དོན་གོ་ནས།། རང་སེམས་རྟོགས་པར་བྱ་བའི་ཕྱིར། རྩེ་གཅིག་དད་པས་གུས་གྱུར་ནས།། ལ་བཟླ་བ་ལ་དོན་གྱིས་མོས།། རྫོགས་པ་ཆེན་པོ ་ལྟ་བའི་ཡང་སྙིང་།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས།། ཆེད་དུ་བརྗོད་པས་གོ་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། འདུས་པའི་འཁོར་གྱིས་དོན་ཞུས་པ།། ཆོས་ཉིད་རང ་བྱུང་གནས་ལུགས་ཀྱི།། དཔེ་དོན་ཁྱད་པར་གང་གིས་དབྱེ།། ཡིད་ཆེས་པ་ཡི་གཏན་ཚིགས་གང་།། ཀུན་བཟང་ཐུགས་ནི་ཇི་ལྟར་རྟོགས།། ཞུས་པའི་དོན་གསན་བཀའ་སྩལ་པ།། དཔེ་དོན་ཁྱད་པར་ངས་བཤད ་ཀྱིས།། ནམ་མཁས་གར་ཁྱབ་སེམས་ཅན་གྱིས།། ནམ་མཁའ་དག་ལ་རིག་པ་མེད།། སེམས་ཉིད་མ་བསྒྲིབས་རིག་པར་གསལ།། དེ་ཕྱིར་ནམ་མཁའ་བྱང་ཆུབ་དཔེ།། འདེགས་བྱེད་རླུང་གི་འབྱུང་བ་ལ།། ཡེ་ཤེས་རླུང ་གིས་བྱང་ཆུབ་ཁྱབ།། དྲན་རིག་དངོས་མེད་བྱང་ཆུབ་དཔེ།། ཆོས་ཉིད་ཀློང་དུ་མངོན་སངས་རྒྱས།། སྡུད་པའི་ཆུ་ལ་སེམས་ཀྱིས་ཁྱབ།། ཆུ་ཉིད་བྱང་ཆུབ་དངོས་མ་ཡིན།། དེ་བས་རིག་པ་སེམས་ཀྱི་ཆུ།། བྱང་ཆུབ་སྐུར ་ནི་མངོན་སངས་རྒྱས།། སྲ་བྱེད་འདེགས་པའི་ས་ཉིད་ལ།། རང་སེམས་སྙིང་པོ་དངོས་མེད་ཀྱང་།། ཐམས་ཅད་བསྐྱེད་ཕྱིར་བྱང་ཆུབ་དཔེ།། འགྱུར་མེད་སྲ་ཕྱིར་མངོན་སངས་རྒྱས།། དྲོད་སྙོམས་ཚ་བ་མེ་འདི་ལ།། རང ་སེམས་མེ་ཡི་གཞི་མེད་ཀྱང་།། ཉོན་མོངས་སྲེག་བྱེད་དཔེ་བསྟན་པ།། བྱང་ཆུབ་མེར་ནི་མངོན་སངས་རྒྱས།། འབྱུང་བ་ལྔ་པོ་འདི་ཉིད་ཀྱང་།། དོན་གྱི་སངས་རྒྱས་མ་ཡིན་ཀྱང་།། བཏགས་པའི་སངས་རྒྱས་ཡིན་པའི ་ཕྱིར།། འདི་ལ་དགག་སྒྲུབ་ཅི་ཡང་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། མ་དྲོས་མཚོ་དཀྱིལ་མེ་འབར་བ།། མཐོང་ནས་གསལ་བ་ཆུ་ཡིས་ནི།། བསྐལ་པར་དེ་ལ་གནོད་མི་ནུས།། དེ་བཞིན་མ་རིག ་ཡེ་ཤེས་ཀྱིས།། ཐོག་མཐའ་རྩ་བ་མཆོད་ན།། མྱང་འདས་ཡོན་ཏན་མི་འབྱུང་ཕྱིར།། འཁོར་བ་ཟིལ་གྱིས་ཅི་ལ་ནོན།། བྱ་ཁྱུང་རྒྱལ་པོ་རླབས་ཆེན་གྱིས།། རིན་ཆེན་ནམ་མཁར་ཐོན་པའི་ཚེ།། རྒྱ་མཚོ་ཉིད་ཀྱང་བདུད ་རྩིར་འགྱུར།། དེ་བཞིན་བླ་མའི་གདམས་ངག་གིས།། རང་བྱུང་སྙིང་པོ་རྟོགས་ཙམ་གྱིས།། སྡུག་བསྔལ་ཉིད་ཀྱང་བདེ་ཆེན་འཆར།། ཚིག་དང་ཡི་གེས་མཚོན་པ་རྣམས།། མིང་དུ་བཏགས་པའི་ཆོས་ཀུན་ནོར།། འཁྲུལ ་རྐྱེན་དཔེ་ཡིས་བསྟན་པའི་ཕྱིར།། དཔེ་དོན་དབྱེ་བ་ཤིན་ཏུ་གཅེས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། མཚོན་པའི་དཔེ་དོན་མ་ཡིན་པར་བསྟན་པའི་ལེའུ་སྟེ་བཞི ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དོན་གྱི་དབྱེ་བ་བཀའ་སྩལ་པ།། སངས་རྒྱས་པས་ཀྱང་སེམས་ཅན་གཉེན།། སེམས་ཅན་དུས་ནས་མ་རྟོགས་ན།། དུག་ལྔ ་རང་གྲོལ་ཅི་ལ་འོང་།། མཉམ་བཞག་པས་ཀྱང་རྗེས་ཐོབ་གཅེས།། རྗེས་ཐོབ་ལྟ་བར་མ་ཤེས་ན།། ཐུན་མཚམས་བསྒོམ་པས་སངས་མི་རྒྱ།། ལུས་ལ་བརྟེན་ནས་རྟོགས་པ་ཡི།། དུས་བཞིའི་གདམས་ངག་མ་ཤེས ་ན།། ཡེ་ཤེས་འབྲལ་མེད་ཅི་ལ་འཆར།། དེ་ཡང་སེམས་དཔའ་ཆེན་པོ་ཉོན།། སྐྱེ་ཤི་གཉིས་ཀྱི་བར་དོར་ནི།། ལུང་བསྟན་རྐྱེན་གྱི་གདམས་ངག་ཞུ།། འཁོར་འདས་གཉིས་ཀྱི་བར་དོར་ནི།། ཆོས་ཉིད་གནས་ལུགས ་རྟོགས་པར་བྱ།། ཡུལ་སེམས་གཉིས་ཀྱི་བར་དོར་ནི།། ཕྱི་ཡི་གོལ་སྒྲིབ་བཅད་པར་བྱ།། མཉམ་བཞག་རྗེས་ཐོབ་པར་འདོར་ནི།། རྣམ་རྟོག་ཡེ་ཤེས་བླང་བར་བྱ།། སྲིད་པ་དག་གི་བར་དོར་ནི།། སངས་རྒྱས་རྒྱལ་པོ་ཡེ ་ཤེས་སྐུ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ།། ངེས་དོན་འདི་རྟོགས་ཁྱད་པར་འཕགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དོན་རྟོགས་པས་ནི་འཛིན་རྟོག་ནུབ།། ཉི་མ་ཤར་ནས་མུན་པ་མེད།། ལུང་འདི ་རྟོགས་པས་རྟོག་པ་བྲོས།། འཁོར་འདས་འབྱུང་བ་རྣམ་རྟོག་བཅོམ།། སྤོང་སྡུད་གཉིས་པོ་འཆོར་མེད་བཟུང་།། རྟག་ཆད་གཉིས་པོ་རྡུལ་དུ་བརླག། ཞེན་ལེན་གཉིས་པོ་ཕྱེར་མར་བཏག། བཟང་ངན་འཛིན་པ་སྤྲིན། ་ལྟར་དེངས།། སངས་རྒྱས་སེམས་ཅན་གཅིག་ཏུ་བྱས།། མཐོ་རིས་ངན་སོང་རྫུན་དུ་སོང་།། འཁོར་བ་ཆོས་ཉིད་ངང་དུ་བརླག། ཆགས་སྡང་སྐྱེས་ཤིང་ཏིང་འཛིན་གསལ།། གཡེང་བ་ཆེན་བདེ་ཆེན་རྒྱས།། སྐྱེ་ཤི་མེད ་པའི་གཡུལ་ངོ་རྒྱལ།། རིག་འཛིན་རྣམས་ཀྱི་ཐུགས་ངན་སངས།། རྫོགས་པ་ཆེན་པོ་བལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དོན་གྱི་དབྱེ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཀུན་རིག ་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། རང་སེམས་སྙིང་པོ་ཡེ་ཤེས་ནི།། རྟོགས་དང་མ་རྟོགས་མེད་པར་གནས།། དེ་ཡི་ཆོས་ཉིད་མཚོན་པའི ་དཔེ།། བར་སྣང་རྐྱེན་གྱིས་མི་ཚུགས་ལྟར།། རང་སེམས་སྟོང་པའི་ཡེ་ཤེས་ནི།། སྔ་ཕྱི་མེད་པའི་ཆོས་སྐུ་ལ།། འཁོར་བའི་རྣམ་རྟོག་གཟུང་འཛིན་མེད།། ཁྱུང་ཕྲུག་སྒོ་ངར་གཤོག་རྒྱས་ལྟར།། རྣལ་འབྱོར་རང་སེམས ་རྟོགས་པའི་མི།། མངལ་གྱི་སྒྲིབ་གཡོགས་མ་བྲལ་ཀྱང་།། རང་བྱུང་ཡེ་ཤེས་ཐུགས་ལ་གནས།། ཁུ་བྱུག་བྱ་བྲན་ཟིལ་གནོན་ལྟར།། ཆོས་སྐུ་སེམས་ལ་ངོས་ཟིན་པས།། ཐེག་བརྒྱད་གོལ་སྒྲིབ་ཟིལ་གྱིས་གནོན།། དེ ་ཕྱིར་འཁོར་བ་མིང་ཡང་མེད།། སེང་ཕྲུག་མངལ་དུ་རྩལ་རྫོགས་ལྟར།། ལུང་ལྡན་གདམས་ངག་བསྟན་མ་ཐག། སྒྲིབ་གཉིས་མ་སྤངས་ཤུགས་ལ་དག། རྟོག་པ་མངོན་གྱུར་སངས་རྒྱས་ཡིན།། པདྨ་འདམ་གྱིས་མ་གོས ་ལྟར།། དུག་ལྔའི་ནང་ནས་རང་བྱུང་གསལ།། ཉོན་མོངས་ཉིད་ཀྱང་རང་སར་གྲོལ།། ཡེ་ཤེས་དོན་ལ་འདུ་འབྲལ་མེད།། དངུལ་རྡོས་རང་ཆོས་མི་འགྱུར་ལྟར།། དང་པོ་ཤེས་བཞིན་ལུང་མ་བསྟན།། བར་དུ་ངེས་པའི ་དོན་རྟོགས་པས།། ད་ལྷའི་ཤེས་པ་འདི་ཉིད་ལ།། ངེས་དོན་ཆོས་སྐུར་རང་གསལ་ཉིད།། དུས་གསུམ་མི་འགྱུར་ཡེ་ནས་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་གཞི་ཉིད་སྤྲོས་བྲལ་བས།། བརྗོད་དུ ་མེད་པར་ཡིད་ཆེས་པས།། ཡུལ་ལ་མི་ལྟོས་དོན་གོའི་ཕྱིར།། དགོས་དོན་གཞི་ཉིད་ཡེ་ནས་བདེན།། ངོ་བོ་ཉིད་ཀྱི་ལྟ་བ་དེ།། རྟོགས་མ་རྟོགས་ཀྱི་ཁྱད་པར་ལས།། འཁོར་འདས་གཉིས་སུ་ཤར་བ་ཡི།། གང ་ཡང་གཉིས་མེད་ཡིད་ཆེས་པས།། རིག་པ་ལྟ་བར་བཞག་པ་ཡིན།། ཆོས་ཉིད་རང་གི་མཚན་ཉིད་ནི།། མི་གཡོ་གསལ་བའི་ཏིང་འཛིན་གྱི།། འཁོར་འདས་གཉིས་ལ་རྩ་བ་གཅིག། དེ་ཕྱིར་མ་ཡེངས་བསྒོམ་པའི ་མཆོག། ཡེ་ནས་རང་སེམས་འགྱུར་མེད་པས།། དེ་དང་མཐུན་པར་རྟོགས་པ་ཡིས།། འཁོར་འདས་མ་རིག་འབྲས་བུ་ལ།། རེ་དོགས་མེད་པར་ལྷུན་གྱིས་གྲུབ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཆུ་ཉིད་རྐྱེན་གྱིས ་འཆང་འགྱུར་ལྟར།། བླ་མའི་མན་ངག་དོན་སྟོབས་ཀྱིས།། ཅི་སྤྱོད་རང་བྱུང་ཤར་བ་ལས།། ཐོག་མ་མ་ཡིན་ཐ་མ་མིན།། ད་ལྟའི་ཤེས་པ་འདི་ཉིད་ལས།། བཟང་པོར་སོང་བ་གང་ཡང་མེད།། རྫོགས་པ་ཆེན་པོ་ལྟ་བའི ་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཡིད་ཆེས་པའི་གཏན་ཚིགས་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། དོན་གྱི་གནས་ལུགས ་བཀའ་སྩལ་པ།། ཆོས་སྐུ་གཞན་དང་མ་འབྲེལ་ཕྱིར།། ཕྱི་ནང་སྣོད་བཅུད་ཀུན་གྱི་གོང་།། སངས་རྒྱས་སེམས་ཅན་གཉིས་པས་སྔ།། བལྟར་མེད་ངོ་བོ་ཀུན་གྱི་གཞི།། རང་བྱུང་སྙིང་པོ་ཆོས་སྐུ་དང་།། སངས་རྒྱས་རྣམས ་ཀྱིས་ང་མ་མཛད།། སེམས་ཅན་རྣམས་ཀྱིས་ང་མ་བཅོས།། འབྱུང་བ་ལྔ་ལ་རག་མ་ལུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་ཆོས་སྐུའི་གཞི་ཉིད་ནས།། རྒྱུ་རྐྱེན་གཉིས་ལས་འདས་པ ་དང་།། གཉེན་པོ་ཅིས་ཀྱང་མི་ཚུགས་ཤིང་།། དུས་གསུམ་མི་འགྱུར་ཡང་དག་ཡོད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ནམ་མཁའ་མཐའ་དབུས་མེད་པ་ལྟར།། རང་སེམས་ཕྱོགས་བཅུར་དམིགས་དང ་བྲལ།། དམིགས་མེད་ཆོས་སྐུར་ཤེས་ཤིང་རིག། དེ་ཙམ་ཉིད་ནས་ཞེན་མེད་བདེ།། ཉི་མ་མ་བསྒྲིབས་གསལ་བ་ལྟར།། སྒོ་ལྔ་གསལ་ལ་རྟོག་པ་མེད།། རྟོག་མེད་སྙིང་པོ་ཡེ་ཤེས་ཐུགས།། འཁོར་བའི་འཛིན་པ་ཀུན ་དང་བྲལ།། རིན་ཆེན་ཡོན་ཏན་འབྱུང་བ་བཞིན།། དོན་རྟོགས་འབྲས་བུ་ཆོས་སྐུ་ལ།། སངས་རྒྱས་ཆེ་བའི་ཡོན་ཏན་ཀུན།། མ་བཙལ་ལྷུན་གྱིས་རྫོགས་པ་འབྱུང་།། ས་གཞི་སྤྱད་པའི་གཞི་ཡིན་ལྟར།། རང་བྱུང་ངོ་བོ ་ཉིད་ཀྱི་སྐུ།། འཁོར་འདས་ཀུན་གྱི་གཞིར་གྱུར་པ།། རིག་དང་མ་རིག་ཁྱད་པར་ལས།། རྒྱུ་འབྲས་རྣམས་ནི་དེ་ལས་བྱུང་།། རྒྱ་མཚོ་གཡོ་བ་མེད་པ་ལྟར།། སྙིང་པོ་རྟོགས་པའི་ཡེ་ཤེས་ཀྱི།། ཏིང་ངེ་འཛིན་ལ་གཡོ་བ ་མེད།། དེ་ཉིད་ཡེ་ཤེས་ཆོས་ཉིད་སྐུ།། རི་བོ་འགྱུར་བ་མེད་པ་ལྟར།། ཡུལ་མེད་རིག་པ་ངེས་པའི་གཞི།། རྐྱེན་གྱིས་མི་འགྱུར་བྱང་ཆུབ་སེམས།། མ་བསམས་འདུ་འབྲལ་མེད་པར་གནས།། དེ་ཡང་འདུས་པའི་སྙིང ་པོ་ཉོན།། དུས་གསུམ་སངས་རྒྱས་ཀུན་གྱི་ནི།། རྟོག་པ་ང་དང་འབྲལ་བ་མེད།། མ་བྲལ་ཆོས་སྐུར་རྟོགས་པ་ལ།། འཁོར་མེད་ཡོན་ཏན་བསམ་མི་ཁྱབ།། རྣལ་འབྱོར་དམ་པ་ལས་ཅན་གྱིས།། ཡིད་ཀྱི་དོན་རྟོགས་ངོ ་ཤེས་པས།། ཀུན་བཟང་ཆོས་སྐུ་ད་ལྟ་ང་།། དམན་པའི་ལུས་ལ་སངས་རྒྱས་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཀུན་ཏུ་བཟང་པོའི་ཐུགས་བརྟོལ་བའི་ལེའུ་སྟེ་བདུན ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ངོ་བོ་ཉིད་ཀྱི་ཀུན་བཟང་ལ།། བདེན་པའི་ཚིག་གིས་འདི་སྐད་གསོལ།། ཆོས་ཉིད་ངོ་བོ་གནས་ལུགས་དང་།། ཐོག་མར་འཁོར་བ་གང་ནས་བྱུང་།། ཚོགས ་བརྒྱད་ཆོས་སྐུ་ཇི་ལྟར་མིན།། ཐེག་བརྒྱད་འཁྲུལ་གཞི་ཅི་ལས་བྱུང་།། མ་རྟོགས་བསྒོམས་ན་ཇི་ལྟར་གོལ།། ལྷ་སྤྱོད་ཉམས་པའི་ཉེས་པ་གང་།། རྣམ་སྨིན་ལུས་ཀྱིས་ཇི་ལྟར་བསྒྲིབས།། འཁོར་བའི་བག་ཆགས་གང ་ན་གནས། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་གསོལ་བའི་དོན་གསན་ནས།། སེམས་ཅན་འཁྲུལ་ཚུལ་ཐུགས་རྗེ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། གཞི་ལ་འཁྲུལ་པ་བྱུང་བ་ནི།། ཐོག་མའི ་དུས་ཀྱི་མཐའ་དྲུག་ནི། ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་ཀྱང་།། རང་སེམས་ཡིན་ཏེ་ཆོས་སྐུ་མིན།། ཡར་ལྡན་མར་འཁྲུལ་འཁོར་འདས་བྱུང་།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མ་འཆར་ཀའི་མདངས་བཞིན ་དུ།། དང་པོ་ཤེས་བཞིན་ལུང་མ་བསྟན།། ཆོས་ཉིད་དག་པའི་རྩལ་ཡིན་ཀྱང་།། ལུང་མ་བསྟན་པས་རྐྱེན་དབང་གྱུར།། མ་རིག་རྒྱུ་ལ་ལོག་རྟོག་རྐྱེན།། རྐྱེན་བཞི་དག་གིས་བསྐྱེད་གྱུར་པས།། མ་རིག ་རྣམ་པ་གཉིས་སུ་ཚང་།། ཟུང་དུ་འཛོམ་ནས་ཀུན་གཞིར་གྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡོད་མེད་ལ་སོགས་མ་རིག་པས།། ཐོག་མ་མེད་ནས་བདེན་འཛིན་པས།། འཁོར་བ་ལུགས་འཇུག་ཕྱིར་འབྱུང ་རྟགས།། ཐག་སྦྲུལ་ཐོ་ཡོར་མི་བཞིན་དུ།། དབང་པོ་ཡུལ་ལ་རྟག་ཏུ་ཡེངས།། ཐར་ལམ་མི་ཐོབ་སྐྱེ་ཞིང་འཆི།། འཁོར་བའི་རྒྱུ་ནི་རྟོག་པ་སྟེ།། ལྟ་བས་མ་བསྒྱུར་ཡུལ་ལ་ཞེ་ན།། ཆོས་བརྒྱད་གཟུང་འཛིན་དམ་པར ་བལྟ།། སྐྱེ་ཤི་སྡུག་བསྔལ་མི་འཇིག་ཕྱིར།། བག་ཆགས་མཚན་མས་རྐྱེན་བྱས་ནས།། ཁམས་གསུམ་འཁོར་བའི་འཁོར་ལོར་འཁྱམས།། ཐར་མེད་འཁོར་བར་ཀུན་གཞིས་བྱས།། དེ་ཕྱིར་འཁོར་བ་འབའ་ཞིག ་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་བ་དང་པོ་གང་ནས་བྱུང་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན ་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བ་རྣམས་ཀྱི་རྩ་བ་ནི།། ཡུལ་དང་སེམས་ནི་གཉིས་སུ་འདུས།། ཡུལ་ཀྱང་རང་སེམས་འཁྲུལ་པ་སྟེ།། སེམས་ནི་རྣམ་ཤེས་ཚོགས་བརྒྱད་ལ།། སེམས་ལས་འབྱུང་བ་ལྔ་བཅུ ་གཅིག། རྩ་བ་ཀུན་གཞི་ཉིད་དུ་འདུས།། སེམས་ཅན་ཀུན་ལ་གནས་ལུགས་ནི།། ཕྱི་བལྟ་བ་དང་ནང་བལྟ་བ།། གཉིས་ཀར་བལྟས་པའི་ཤེས་པ་དང་།། བཅོས་དགོས་པ་དང་མི་དགོས་སུ།། རྟག་ཆད་བྲལ་དོན་ངོ་བོར ་གནས།། ཡང་དག་ཡོད་དང་བྱིན་རླབས་སུ།། ལན་དུ་ཕྱེ་ནས་བསྟན་པའི་དོན།། ཚོགས་བརྒྱད་སེམས་སུ་བསྟན་པ་ཡང་།། འཁོར་བའི་བག་ཆགས་བརྟས་པའི་ཕྱིར།། ངེས་དོན་སྙིང་པོ་མ་ཡིན་ནོ།། དེ་ཡང་སེམས ་དཔའི་སྙིང་པོ་ཉོན།། སྒོ་ལྔའི་རྣམ་ཤེས་ངོ་བོ་ནི།། ཡུལ་སྣང་ཙམ་ནས་ཤེས་པ་སྐྱེ།། ཡུལ་མི་སྣང་ཙམ་ཤེས་པ་འགག། ཡིད་ཀྱི་རྣམ་ཤེས་ངོ་བོ་ནི།། ཡུལ་ལ་སྣ་ཚོགས་སེམས་པའི་ཕྱིར།། ཆགས་སྡང་ལོག་རྟོག་དག་ཏུ ་འཛིན།། རྣམ་རྟོགས་སྣ་ཚོགས་ངོ་བོར་གནས།། ཉོན་མོངས་ཡིད་ཀྱི་ངོ་བོ་ནི།། ནང་དུ་ཞེན་པ་དམ་པར་ནི།། རྟག་ཏུ་འདུན་པ་ངར་འཛིན་པའོ།། ཀུན་གཞིའི་རྣམ་ཤེས་ངོ་བོ་ནི།། མ་རྟོགས་ཐ་མལ་དུས་ཙམ་ན།། རྟོག ་པ་རྒྱས་ཤིང་རིག་པ་བསྒྲིབ།། རྟོགས་པ་མངོན་དུ་གྱུར་ཙ་ན།། མ་རིག་བསྒྲིབས་ཤིང་ཡེ་ཤེས་རྒྱས།། གཞན་དུ་དེ་དང་མཚུངས་པར་ནི།། ཚོགས་བདུན་སྐྱེས་ནས་འཕེལ་བར་སྣང་།། ཚོགས་བདུན་འགགས་ན་བསྒྲིབ ་པར་སྣང་།། དེས་ན་ཤེས་པའི་ཚོགས་བརྒྱད་ཀྱང་།། ཡང་དག་མ་ཡིན་འཁོར་བའི་ཆོས།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། སེམས་ཅན་མོས་པ་ཐ་དད་པས།། གང་ཟག་བློ་ཡི་རིམ་པ་ལ།། གནས་འགྱུར་ཆོས་སུ ་བསྟན་པ་ཡང་།། བཀྲི་དྲང་ལྡེམ་དགོངས་ཙམ་དུ་བསྟན།། དེ་ཡི་སྐྱོན་ཡོན་ཁྱད་པར་ནི།། འབྱུང་བ་མེ་ཆུའི་དཔེ་བཞིན་དུ།། ཡེ་ཤེས་ལོག་རྟོག་ཁྱད་པར་གྱིས།། ཤེས་པ་ཀུན་གཞིའི་མཚན་ཉིད་ནི།། རྒྱུ ་རྐྱེན་གཉེན་པོས་འཇིག་པ་དང་།། དུས་གསུམ་མི་རྟག་འགྱུར་བ་དང་།། བག་ཆགས་མཚན་མའི་རྟེན་བྱས་པས།། ཡང་དག་མ་ཡིན་འཁོར་བའི་གཞི།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི ་རྒྱུད་ལས། ཚོགས་བརྒྱད་ཆོས་སྐུ་མིན་པར་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ལོག་ལྟ་མུ་སྟེགས་རྣམ་གཉིས་དང་།། ཕྱི་རོལ་ཡང་དག་གསང་སྔགས ་དང་།། གསང་ཆེན་འཁྲུལ་ཚུལ་ངས་བཤད་ཉོན།། ངོ་བོ་ཆོས་སྐུ་གཉིས་མེད་དེས།། གཞི་བྱས་ཕ་རོལ་རྒྱུ་འབྲས་མེད།། འབྱུང་བ་ལྔ་བྱུང་རང་ཞི་སྟེ།། ཆད་པར་འདོད་པ་འཁྲུལ་པ་ཡིན།། དངོས་མེད་ངོ་བོ་མི་འགྱུར ་།། གཞི་བྱས་རང་སེམས་དངོས་པོ་དག། ཁ་དོག་དབྱིབས་སུ་གྲུབ་པ་ལ།། རྟག་པ་ཐེར་ཟུག་འདོད་པ་འཁྲུལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་ཆོས་ཀྱི་དབྱིངས་ཉིད་ཀྱིས།། གཞི་བྱས་སེམས་ལ་ཐ་དད ་པས།། ཕྲ་རགས་འདོད་ཡོན་རྣམ་ལྔའི་ཡུལ།། དོན་དམ་བདག་མེད་འདོད་པ་འཁྲུལ།། དྲང་དོན་སྒོར་ཞུགས་སྐྱེ་བོ་དང་།། ཚིག་ལ་ཁྱད་ཡོད་དོན་ལ་མེད།། དེ་ཕྱིར་ཉན་ཐོས་ཐེག་པ་བས།། རང་སེམས་མ་རྟོགས་ཤིན ་ཏུ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངོ་བོ་དངོས་མེད་རིག་པ་དེས།། གཞི་བྱས་སྣང་བ་རང་སེམས་སུ།། བློས་བྱས་རིག་པ་སྐད་ཅིག་དེ།། གོང་འོག་མཐའ་བྲལ་ཤེས་དག་འཁྲུལ།། རང་སེམས་རྒྱུན་གྱི་རྟག ་པར་འདོད།། བདག་ཏུ་ཁས་ལེན་མུ་སྟེགས་དང་།། ཚིག་ལ་ཁྱད་ཡོད་དོན་ལ་མེད།། སྣང་བ་སེམས་སུ་འདོད་པའི་ཕྱིར།། སྒྲོ་འདོགས་སེམས་ཙམ་དོན་ལ་གོལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རིག་པ་ངོ་བོ ་གཉིས་མེད་དེས།། གཞི་བྱས་ཡུལ་སེམས་ཆོས་གཞིག་ནས།། སྐད་ཅིག་མ་དེ་མ་གྲུབ་འདོད།། སྟོང་པར་བཏགས་དེ་དོན་ལ་འཁྲུལ།། མུ་སྟེགས་ཆད་པར་ལྟ་བ་དང་།། ཚིག་ལ་ཁྱད་ཡོད་དོན་ལ་མེད།། ཡུལ་སེམས ་གཉིས་ལ་སྐུར་བཏབ་ཕྱིར།། དབུ་མར་འཛིན་པ་དོན་ལས་གོལ།། དེ་ཡང་སེམས་དཔའ་ཆེན་པོ་ཉོན།། འགྲོ་དྲུག་སེམས་ཅན་ཐམས་ཅད་དང་།། ཉན་ཐོས་རང་རྒྱལ་མདོ་སྡེ་བཅས།། ང་ཉིད་འགྲོགས་པས་ངོ་མ ་ཤེས།། དེ་ཕྱིར་བླུན་པོའི་སྦྱོར་ཡུལ་མིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྒྱུ་མཚན་ཉིད་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་འདུས་པའི ་གས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། གསང་སྔགས་འཁྲུལ་ཚུལ་བཀའ་སྩལ་པ།། དག་དང་མ་དག་གཞི་གཅིག་པ།། ཡུལ་མེད་རང་སེམས་དག་པར་འདོད།། ཆོས་ཉིད་ངང་ལས་བཟང་ངན ་འབྱུང་།། དངོས་གྲུབ་གཞན་ལ་རེ་ཕྱིར་འཁྲུལ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རྗེ་འབངས་ཚུལ་དུ་སྤྱོད་པའི་ཕྱིར།། གཙང་སྦྲ་སྤྱོད་པའི་བྲམ་ཟེ་དང་།། ཚིག་ལ་ཁྱད་ཡོད་དོན་ལ་མེད།། དེ་ཕྱིར་དག ་བྱེད་ཀྲི་ཡ་གོལ།། གཞི་ལ་གཉིས་མེད་ངོ་བོ་ལ།། ལྟ་སྤྱོད་གོང་འོག་གཉིས་འདོད་པས།། ལྟ་སྤྱོད་ཡ་ཆ་བདུད་ཀྱི་ལས།། ལྟ་བས་ཁྱད་པར་འཕགས་འདོད་འཁྲུལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡུལ་དང་མ ་འབྲེལ་ངོ་བོ་ལས།། དབྱེར་མེད་ཆོས་དབྱིངས་འདོད་པ་དེ།། སྤུན་གྲོགས་ཚུལ་དུ་མཉམ་ཟེར་ནས།། ཏིང་འཛིན་གཙོར་བྱེད་ཐ་དད་འཁྲུལ།། དེ་ཡང་འདུས་པའི་སྙིང་པོ་ཉོན། ཀུན་རྫོབ་ཡིག་འབྲུ་ལྷར་བསྐྱེད ་འདོད།། དོན་དམ་མ་གྲུབ་ཟེར་བ་དེ།། ཀྲི་ཡོག་རྣམ་གསུམ་ལྟ་བ་སྟེ།། མཚན་ཉིད་ལྟ་བ་རྣམ་པ་གཉིས།། ཚིག་ལ་ཁྱད་ཡོད་དོན་ལ་མེད།། དེ་ཕྱིར་ཀྲི་ཡོག་དོན་ལ་གོལ།། ཡོ་ག་མན་ཆད་ང་ཡི་གཏམ།། ཇི་སྙེད་བརྗོད ་ས་ང་མི་རྙེད།། སྣང་བ་ལྷ་རུ་འདོད་པའི་ཕྱིར།། མཚན་མ་རགས་ཕྱིར་ང་མི་རྟོགས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློངས་ཡངས་ཀྱི་རྒྱུད་ལས། ཕྱི་རྒྱུད་རྣམ་གསུམ་གྱི་འཁྲུལ་ཚུལ་བསྟན་པའི ་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་འདས་མ་རིག་ཆོས་སྐུ་ལ།། ཡུལ་སེམས་སྣང་སྟོང་དབྱེར་མེད་འདོད།། རྟོག་ཚོགས ་བཟང་ངན་ལྷར་གྱུར་བསྒོམ།། བཟང་ངན་འབྱུང་ཕྱིར་མ་ཧཱ་འཁྲུལ།། དེ་ཡང་བློ་གྲོས་དམ་པས་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སྐྱེ་མེད་མཁའ་ཀློང་སྟོང་པ་ལས།། སྣང་བ་ཀུན་བཟང་རོལ་པར་འདོད།། གཉིས་མེད ་བདེ་ཆེན་སྲས་སུ་བསྒོམ།། རྩོལ་བས་བསྒོམ་ཕྱིར་ཨ་ནུ་འཁྲུལ།། དོན་དམ་ཀུན་རྫོབ་གཉིས་ཀའི་ཆོས།། མཐའ་དབུས་མེད་པའི་དབུ་མ་དང་།། ཁྱད་མེད་རྒྱུད་ལུང་དོན་མ་རིག། དེ་ཕྱིར་རྒྱུད་ལུང་ལྟ་བ་གོལ།། དེ་ཡང ་འདུས་པའི་སྙིང་པོ་ཉོན།། རྒྱུད་ལུང་རྣལ་འབྱོར་ཆེན་པོ་ལས།། ང་ཚོལ་པས་འཁོར་ང་མི་རྙེད།། ང་མ་རྙེད་པས་སྣང་བ་འཆོལ།། དེ་ཕྱིར་ང་ཉིད་རྟོགས་མི་འགྱུར།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ ་ཀློང་ཡངས་ཀྱི་རྒྱུད་ལས། བསྐྱེད་རྫོགས་རྣམ་གཉིས་ཀྱི་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། དོན་གྱི་གནས ་ལུགས་ངོ་བོ་ནི།། འཁོར་འདས་པར་དོར་མ་ཤེས་པར།། གང་བསྒོམས་མ་རིག་རྨོངས་པས་གོལ།། རང་སེམས་མ་རྟོགས་རྩོལ་བ་སྟེ།། ཡུལ་གྱི་འབྱུང་བར་སེམས་བསྡུས་ནས།། གསལ་སྟོང་མཉམ་བཞག་དོན་ཚོལ ་བ།། དུག་ལྔ་བསྒོམས་པའི་གང་ཟག་དེ།། བྱིང་རྒོད་ཕྲག་དོག་བྱ་ར་མཁན།། ལྟ་བར་མ་ཤེས་གཏི་མུག་སྟེ།། གསལ་ལ་མི་རྟོགས་འདོད་ཆགས་བསྒོམས།། དེ་ལ་ཞེན་པའི་ང་རྒྱལ་ཅན།། ཉོན་མོངས་སྤོང་བའི་ཞེ་སྡང ་གིས།། རྩ་དང་ཐིག་ལེའི་ཐབས་སྒོ་ནས།། ཡུལ་ལ་དམིགས་པའི་བསྒོམ་པ་པོ།། རྟོག་པ་བཟང་ངན་སེམས་སུ་བྱས།། བསྒོམས་ཀྱང་ཡུལ་ལ་འགྱུར་མེད་ཕྱིར།། ཇི་བཞིན་མ་ནོར་དོན་དང་བྲལ།། ད ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔྱིད་དུས་སོ་ནམ་མ་བྱས་པར།། སྟོན་དུས་རྩ་རུ་འགྲོ་བ་བཞིན།། རང་སེམས་དོན་ཉིད་མ་རྟོགས་པར།། བསྒོམ་དུ་འགྲོ་བ་སྙིང་རེ་རྗེ།། རྒྱལ་མ་སྦྱངས་པ་ཆུར་འཇུག་འདྲ།། དེ་བཞིན ་མ་རྟོགས་སུ་བསྒོམ་པ།། འབྲས་བུ་མི་འབྱུང་བདུད་ཀྱི་ལས།། རྒྱུ་མཐུན་བག་ཆགས་བློར་བརྟས་པས།། ལྗོན་ཤིང་བཞིན་དུ་སྡུག་བསྔལ་རྒྱས།། རང་སེམས་སྙིང་པོ་མ་རྟོགས་པས།། བསྒོམ་ཆེན་ཡིན་ཞེས་ཕུག་ལ ་འདུག། མ་རྟོགས་བསྒོམ་པའི་ཚུལ་ནི་སྟོན།། དམུས་ལོང་ཆུང་མ་མཛེས་མ་བཞིན།། ངོ་བོ་ཉིད་ནི་མ་རྟོགས་པར།། འཁོར་འདས་ཆོས་ལ་ཅི་བསམ་ཀྱང་།། བསྒོམ་པས་གྲོལ་བར་མི་འགྱུར་རོ།། དེ་ཡང་རྡོ་རྗེ་སེམས ་དཔའ་ཉོན།། ཕྲ་རབ་རྡུལ་ནི་གཉེན་པོས་སྤང་།། རིས་སུ་འཛིན་པ་དབྱེ་བ་སྤོང་།། ཡོད་མེད་འཆེལ་བས་རྒྱུ་འབྲས་སྤོང་།། ཆེད་དུ་སྤོང་པའི་རྟོག་པ་ཡིས།། བློ་ཡིས་གཞི་ཉིད་འཆོས་པའི་ཕྱིར།། འཁོར་བའི་མཐའ ་ལས་ཐར་པ་མེད།། རྫོགས་པ་ཆེན་པོ་བལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བསྒོམས་པ་གོལ་བར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ལྷ ་བའི་དམ་ཚིག་ཉམས་པའི་སྐྱོན།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། བླ་མ་དག་ལ་མ་བརྟེན་པར།། གསང་སྔགས་གསང་བའི་སྒོར་ཞུགས་ནས།། རང་དབང་མ་ཐོབ་གཞན་དབང ་བསྐུར།། མཁས་ལ་སྨོད་ཅིང་གཞན་ལ་འགྲན།། རང་ལ་དོན་གྱི་གདེང་མེད་པར།། དྲེགས་ཤིང་ང་རྒྱལ་མཁས་འདོད་ནས།། ཚིག་ཙམ་ལུང་ལས་ཁུངས་ཕྱུངས་ནས།། རྩལ་བཤད་ཐོ་ཆོས་གཞུང་ཉམས་བྱེད།། དམྱལ ་བར་ངེས་འགྲོ་གཏན་དུ་འཁྱམས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནོང་པོས་བློན་གྲལ་མི་འཛིན་བཞིན།། ཉན་པའི་དབང་ནི་མ་ནོས་པར།། གསང་སྔགས་རྒྱུད་ཆེན་མཉན་པ་རྣམས།། སྲོག་གི་བར་ཆད་ཚེ་ཐུང ་འགྱུར།། སྔར་མས་དཔའ་བོ་མི་ནུས་བཞིན།། འཆད་པའི་དབང་ནི་མ་བསྐུར་པར།། རྒྱུད་དང་སྒྲུབ་ཐབས་གང་འཆད་པ།། ལྕེ་ལ་ཞིང་རྨོད་དམྱལ་བར་སྐྱེ།། གདོལ་པས་རྒྱལ་ས་མི་ཟིན་བཞིན།། བསྒོམ་བསྒྲུབ་དག ་གི་དབང་མེད་ན།། དམ་རྫས་འདྲེ་བཀྲེན་ཉོད་པར་འགྱུར།། རང་ཉིད་གླིང་བར་མུན་པར་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱུས་མེད་དུག་འཐུང་བཞིན།། སྐུ་ཡི་དམ་ཚིག་ཉམས་པ་ནི།། སུམ་ལྡན་རྡོ ་རྗེ་སློབ་དཔོན་ལ།། བརྙས་ཤིང་ངན་སེམས་བསྐྱེད་བྱས་ན།། རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་།། ངོ་མ་ཤེས་ནས་གཉེན་གསོད་བཞིན།། གསུང་གི་དམ་ཚིག་ཉམས་པ་ནི།། སྣོད་མེད་ཆོས་བཤད་ལྷ་མི་དགའ།། འབྲས ་བུ་མི་ཐོབ་སྤྲོ་འབོག་འབྱུང་།། དོན་མ་རིག་པར་མནའ་ཟ་ཞིང་།། ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན།། གསང་མི་ཐུབ་ཅིང་འཛག་པ་ཡིས།། ལྐུགས་པའི་དམྱལ་བ་ཆེན་པོར་སྐྱེ།། དེ་ཡང་འདུས་པའི་སྙིང ་པོ་ཉོན།། ནར་མ་ཕྱིན་ན་ཤེད་མི་རྫོགས།། གོང་འོག་ལ་ཤན་མ་ཕྱེད་ཅིང་།། ལྟ་བའི་སྙིང་པོ་དོན་མེད་ན།། གོལ་ས་མི་ཆོད་རྒྱུད་མི་གྲོལ།། དབང་མེད་གྲོས་ཟག་མི་ཆོད་བཞིན།། དོན་གྱི་གདེང་མེད་རྐྱེན ་མི་ཐུབ།། གདམས་ངག་མེད་པས་སེམས་མི་རྟོགས།། ལུས་ངག་ཆོས་སྤྱོད་སངས་མི་རྒྱ།། གཤོག་མ་རྒྱས་པར་འཕུར་མི་ནུས།། ཉམས་སུ་མ་བླངས་ཁ་ཚིག་གིས།། ཆགས་སྡང་ཟིལ་གྱིས་མི་ནོན་ཏེ།། སྐྱེ་བོ་རང་རྒྱུད ་པ་རུ་གོལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་སྤུན་ངན་རང་སྡུག་བཞིན།། གང་ཡང་གོམས་པར་མ་བྱས་པར།། ཞི་གནས་ལས་སུ་མི་རུང་ཕྱིར།། སྣང་བའི་ཞེན་པ་ཅི་ལ་ཟློག། མུན་སྲོས་ལམ་ནི་སྟོར་བ ་བཞིན།། ལྷག་མཐོང་གསལ་བར་མ་རྟོགས་པར།། གཟུགས་སྐུ་རྣམ་གཉིས་མི་འབྱུང་བས།། སེམས་ཅན་འགྲོ་དོན་བྱེད་མི་ནུས།། འབྲས་བུ་ལོ་ཉེས་ལྟོ་བཀྲེས་བཞིན།། ལྟ་བསྒོམ་གཅིག་ཏུ་མ་ཤེས་ན།། རེས ་འཇོག་ཐུན་མཚམས་བསྒོམ་པ་དེ།། འབྲལ་མེད་རྒྱུན་གྱི་རྣལ་འབྱོར་མིན།། རྡོ་རྗེ་སེམས་དཔའ་དེ་ཡང་ཉོན།། གོས་གོན་མི་ཤེས་དྲལ་བ་བཞིན།། ལུས་ཀྱི་སྤྱོད་པ་མ་བསྲུངས་ནས།། ཐོ་ཚོ་སྤྱོད་པའི་ལས་བྱས ་ན།། འབྲས་བུ་སྡུག་བསྔལ་རྒྱུ་རུ་འགྱུར།། ཟ་མི་ཤེས་པས་བརྣངས་པ་བཞིན།། ངག་གི་སྤྱོད་པ་མ་བསྲུང་ནས།། གཞན་གྱི་ཆོས་ལ་སྐུར་པ་འདེབས།། ཕྱི་མ་ཚ་བའི་དམྱལ་བར་སྐྱེ།། འཐུང་མ་ཤེས་ནས་འབོ་བ ་བཞིན།། ཡིད་ཀྱི་སྤྱོད་པ་མ་བསྲུང་ན།། བདག་དུ་རྟོག་པས་གཟུང་འཛིན་སྐྱེས།། ཕྱི་མ་མུན་པའི་དམྱལ་བར་སྐྱེ།། ད་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུས་མེད་ངོ་མི་ཤེས་པ་བཞིན།། ལས་ཀྱི་གོ་རིམ་མ་ཤེས ་ན།། གསང་སྔགས་མཛད་སྤྱོད་ཉམས་པ་ཡིན།། མཐུ་དང་བྱིན་རླབས་མེད་པར་འགྱུར།། མིག་མེད་ལམ་མི་མཐོང་བ་བཞིན།། ཕྱག་རྒྱ་ཡེ་ཤེས་མ་གསལ་ན།། ཡེ་ཤེས་ལྷ་ཡི་དོན་རྟགས་མེད།། མཆོག་གི་དངོས ་གྲུབ་ཐོབ་མི་འགྱུར།། གྲུ་མེད་ཆུ་ནི་མི་སྒྲོལ་བཞིན།། བདག་དང་གཞན་གྱི་དོན་གྱི་ཕྱིར།། ཏིང་འཛིན་གསལ་བར་མ་གྱུར་ན།། གནས་མ་འབྱོངས་ཤིང་བགེགས་སུ་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དབང་དང ་དམ་ཚིག་ལ་སོགས་པ།། ཉམས་པར་བྱེད་པའི་གང་ཟག་དེ།། སྐྱེས་བུའི་ལག་པར་བརྐྱང་བསྐུམ་ཙམ།། སྐད་ཅིག་གཅིག་ལ་དམྱལ་བར་ལྟུང་།། དེ་ཡི་སྡུག་བསྔལ་བརྗོད་མི་ལངས།། དེ་ལས་འཇིགས་ཤིང་ཐར་འདོད ་ཀྱང་།། རང་སེམས་སྙིང་པོ་མ་རྟོགས་པར།། མ་ཧཱ་ཡོ་ག་མན་ཆད་ཀྱིས།། བསྐང་བཤགས་གཞུང་དུ་བྱས་གྱུར་ཀྱང་།། ལྟ་བ་ཉམས་པ་བསྐང་བ་མེད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི ་རྒྱུད་ལས། ལྷ་སྤྱོད་ཉམས་པའི་སྐྱོན་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རྣམ་སྨིན་ལུས་དང་མ་བྲལ་བར།། སངས ་རྒྱས་ཡོན་ཏན་འབྱུང་མི་སྲིད།། མཚན་དང་དཔེ་བྱད་སྟོབས་དང་ནི།། མི་འཇིགས་ཆོས་ནི་བཅོ་བརྒྱད་ཀྱང་།། ད་ལྟར་མི་འབྱུང་ལུས་ཀྱིས་བསྒྲིབས།། ཁྱུང་ཆེན་སྒོ་ངར་ཤོག་རྒྱས་ཀྱང་།། མ་བཅག་བར་དུ་འཕུར་མི ་ཤེས།། དེ་བཞིན་སེམས་རྟོགས་རྣལ་འབྱོར་པས།། ལུས་འདིས་ཆེ་བའི་ཡོན་ཏན་བསྒྲིབས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱུད་ལུང་སློབ་དཔོན་སྤྲེའུ་འདྲ་བས།། ང་ཡི་དྲང་དོན་རྩེད་མོ་ལ།། ཚེ་ཡི་དངོས ་གྲུབ་ཐོབ་འདོད་པས།། ཐུན་མོང་སྨན་གྱི་སྦྱོར་བ་ཡི།། བཅུད་ལེན་རི་ལུ་རྒྱུན་ལྡོག་དང་།། འོ་མས་ལུས་གསོས་བཀྲག་རྒྱས་ཚེ།། དུག་མཚོན་ལ་སོགས་ཚུགས་མི་འགྱུར།། བྱ་བཞིན་འཕུར་བ་བྱུང་ནས་ཀྱང་།། རྨི་ལམ ་མངོན་ཤེས་ཕྲ་མོ་འོང་།། ལྷ་དང་བགེགས་ལ་དམ་པར་འཛིན།། རང་སེམས་མ་རྟོགས་འཁོར་བའི་ཕྱིར།། ལུས་འདི་ཕྱི་རོལ་ཡུལ་ཡིན་པས།། གནས་སྐབས་འབྲལ་མེད་ཡོད་མོད་ཀྱང་།། ཐབས་སྦྱོར་མི་གྲོལ་ཤིན ་ཏུ་འཆིང་།། དེ་བས་བློ་གྲོས་དམ་པ་ཉོན།། སེམས་ཅན་ལུས་དང་མ་བྲལ་བར།། སངས་རྒྱས་ཡོན་ཏན་ཅི་ལ་འབྱུང་།། ལུས་བཅས་འབྲས་བུ་ཐོབ་འདོད་པ།། ཤིན་ཏུ་གཏི་མུག་སྨད་པའི་གནས།། དེ་ཡང་འཁོར་གྱི ་སྙིང་པོ་ཉོན།། བཅོམ་ལྡན་འདས་ཀྱང་རྩ་མཆོག་ཏུ།། རང་ལུས་བོར་ནས་པར་དོ་ལ།། འོག་མིན་གནས་སུ་མངོན་སངས་རྒྱས།། སེམས་ཅན་ཀུན་ལ་སྨོས་ཅི་དགོས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ ་ཀློསློང་ཡངས་ཀྱི་རྒྱུད་ལས། ལུས་དང་མ་བྲལ་བར་སངས་མི་རྒྱ་བར་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། མ་རྟོགས་པར་དོར ་འཁྱམས་པ་ནི།། ཐོག་མར་འཁྲུལ་པའི་གཞི་གནས་ཀྱིས།། འདོད་ཆགས་གཉིད་དང་འཇིག་ཚོགས་རྣམས།། སྔར་གྱི་སྐྱེ་བ་བླངས་པའི་རྟགས།། དེ་ཕྱིར་གཞི་གནས་བག་ཆགས་ཡིན།། དེ་ཡང་བློ་གྲོས་དམ་པ ་ཉོན།། མ་རྟོགས་ཚེ་འཕོས་པར་དོ་ནི།། སྤྲིན་དང་ལིང་ཏོག་མུན་པ་ཡིས།། ཆུ་བུར་མིག་ནི་སྒྲིབ་པ་བཞིན།། མ་རིག་ངོ་བོ་ཉིད་སྐུ་བསྒྲིབས།། མིག་ཕྱུང་ལོང་བའི་བག་ཆགས་བཞིན།། དེ་ཚེ་སྔོན་གྱི་གནས་དྲན ་སྟེ།། གོས་དང་གཉེན་འདུན་དྲན་པ་འབྱུང་།། ལུས་ཀྱི་མིག་བྲལ་འཐོམས་ནས་སྡུག། དཔེར་ན་འདབ་ཆགས་མཁར་འགྲོ་ཡང་།། འདོད་པའི་དབང་གི་རྙིས་འཛིན་བཞིན།། དབང་པོ་ཀུན་ཚང་གྲོལ་བའི་ཕྱིར།། མ ་རིག་དབང་གིས་རྐྱེན་འགྱུར་འཇུག། ལྟ་བའི་ཤེས་རབ་མིག་མེད་ཕྱིར།། ལུས་ངག་དགེ་བ་ཅི་སྤྱད་ཀྱང་།། རྡུལ་ཙམ་མི་ཕན་དོན་མེད་འཁྱམ།། བར་དོའི་གནས་སུ་དོན་དྲན་མེད།། གཅིག་གམ་ཐ་དད་གང་ལེན ་པ།། ཆར་སོགས་སྡུག་བསྔལ་ཉེན་གྱུར་པ།། བྲ་ག་སྤྱིལ་བུ་ཁྱིམ་སོགས་སུ།། དབང་མེད་ཤུགས་ཀྱིས་མངལ་དུ་འཇུག། ལྟ་བའི་ཤེས་རབ་མིག་མེད་ཕྱིར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ ་རིག་བག་ཆགས་རྣམ་གཉིས་ཀྱིས།། མི་ཤེས་བཞིན་དུ་སྐྱེ་བའི་གནས།། རྣམ་བཞི་གང་རུང་ལས་ཀྱི་སྐྱེ།། མཐོ་དམན་གནས་ལ་གདམ་དབང་མེད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི ་རྒྱུད་ལས། སྲིད་པ་བར་དོའི་བག་ཆགས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འཁོར་བའི་ས་མཚམས་བཀའ་སྩལ་པ།། དཔེར་ན་མུན ་པའི་སྨག་རུམ་དུ།། རང་གི་མགོ་བོ་ཟུག་པ་ལྟར།། ཕྱིས་འབྱུང་མ་རིག་རྐྱེན་གྱིས་བསླང་།། ཉོན་མོངས་རང་རྒྱུད་རིམ་གྱིས་སྐྱེ།། ལང་ཚོ་བབ་པའི་སྐྱེས་བུ་ནི།། འགྲོ་བ་བཟང་མོས་བསླུས་པ་བཞིན།། འཇིག་རྟེན་ཁ ་བྲིད་ཉོན་མོངས་པ།། ཞེན་པའི་དབང་གིས་སེམས་ལ་འཆང་།། དཔེར་ན་རྒྱ་མཚོར་ནོར་ལེན་པས།། ང་རྒྱལ་གྱིས་ནི་ས་འཁོར་བཞིན།། བརྩམ་པའི་རྗེས་སུ་ཉོན་མོངས་པས།། སྐྱེ་རྒ་ན་འཆིར་ཐར་པ་མེད།། ད་ཡང ་འདུས་པའི་སྙིང་པོ་ཉོན།། དང་པོ་སེམས་ཀྱི་ཀུན་གཞི་དེ།། རྒྱུ་རྐྱེན་ངན་པས་བསྐྱེད་པས་ན།། མིན་པའི་ཆོས་ལ་ཡིད་འཛིན་པས།། ཉོན་མོངས་ཐམས་ཅད་བསྐྱེད་པར་བྱེད།། ཁམས་གསུམ་འཁོར་བའི་ས ་བོན་ཡིན།། བར་མ་བག་ཆགས་ཀུན་གཞི་དེ།། སྔ་མའི་རྗེས་སུ་འབྲང་བྱེད་ཅིང་།། རང་བྱུང་མི་ནུས་རྐྱེན་ལ་ལྟོས།། སྐྱེད་པའི་རྐྱེན་ནི་རྣམ་བཞིའོ།། ཐ་མ་ལུས་ཀྱི་ཀུན་གཞི་དེ།། ཆགས་སྡང་ལྔ་ལ་དངོས་སུ་སྤྱོད།། དེ ་ཡི་སྡུག་བསྔལ་འབྲས་བུ་ནི།། སྐྱེ་རྒ་ན་འཆི་བསམ་མི་ཁྱབ།། སེམས་ཅན་ཀུན་ལ་གནས་པ་ཡིས།། ཀུན་གཞི་འཁོར་བའི་གཞི་ཡིན་པས།། ཆོས་ཀྱི་སྐུ་ཡི་གཞི་ཉིད་མིན།། དེ་ཕྱིར་ཀུན་གཞི་འདུས་བྱས་ལ།། རྐྱེན་གྱི ་དབང་གིས་འཁོར་བ་སྟེ།། ཆུ་བོ་བཞི་ཡི་མཐའ་ལ་ཆུད།། མ་བསྒྲལ་བར་དུ་ཟར་མི་སྲིད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་བ་ད་ལྟ་གང་ན་གནས་པ་བསྟན་པའི ་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་བཟང་ཉིད་ལ་འདི་སྐད་གསོལ།། འཁྲུལ་པ་བཟློག་པའི་ཐབས་ཆེན་གྱིས།། སྣོད་བཅུད་དག་པའི་རྟོགས་ཐབས་གང་།། རང་བྱུང་ཡེ ་ཤེས་ཅི་ལྟར་དབྱེ།། ཐ་མ་འཁོར་བ་ཇི་ལྟར་བརླག་ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། འཁྲུལ་པ་བཟློག་པའི་ཐབས་ཆེན་དེ།། དད་པ ་བརྩོན་འགྲུས་དམ་ཚིག་གསུམ།། རྟོགས་པའི་ཐབས་སུ་ཤེས་པར་བྱ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བྲམ་ཟེ་ཟླ་དཔལ་ཇི་བཞིན་དུ།། བླ་མ་དམ་པ་དོན་ལྡན་ལ།། ལུས་དང་སྲོག་ལ་མི་བལྟ་བར།། གུས་ལྡན་མན ་ངག་གནང་བར་གྱུར།། དཔེར་ན་དྲང་སྲོང་རླུང་ནད་ཅན།། སྨན་པའི་ངག་ནི་ཉན་པ་བཞིན།། འཁོར་འདས་གཅིག་ཏུ་བསྟན་པ་ལ།། སྐྲག་ཅིང་ཡང་མེད་པར་ཞུ།། གཞན་གྱིས་མ་བསླད་བུད་མེད ་ལ།། དུས་ཚོད་ཟིན་པའི་བུ་བཞིན་དུ།། ཐེ་ཚོམ་མེད་པར་དད་པ་ཡིས།། རང་སེམས་དོན་གཉིས་རྟོགས་པར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།། སེང་གེ་ལྟ་བུའི་བརྩོན ་འགྲུས་ཀྱིས།། སྔགས་དང་མཚན་ཉིད་མ་རིག་པའི།། འཁོར་འདས་རྩ་བའི་གདམས་ངག་ཞུ།། གླང་ཆེན་མི་ལྡོག་དགྲ་འཇོམས་བཞིན།། བླ་མའི་སྤྱོད་པ་མི་རྟོགས་པར།། ཆོས་ཉིད་གདམས་ངག་དོན་ལ ་བརྟག། བརྩོན་འགྲུས་མི་ལྡོག་ཐེ་ཚོམ་གཅད།། ས་ཀུ་ཙེ་ཡི་རྐང་ལག་བཞིན།། བདག་ཉིད་སྤྱོད་ལམ་ཐམས་ཅད་དུ།། དོན་ལ་ཡེངས་པ་མེད་པར་ནི།། ཡིད་ལ་རྒྱུན་དུ་དྲན་པར་བྱ།། ད་ཡང་འཁོར་གྱི་སྙིང་པོ ་ཉོན།། བརྩེ་གདུང་དམ་ཚིག་ཆེན་པོ་ནི།། མ་མེད་བུ་ནི་མི་འབྱུང་བཞིན།། རང་སེམས་མ་རྟོགས་སངས་རྒྱས་ནི།། དུས་གསུམ་བཙལ་ཡང་མི་རྙེད་པས།། ཐ་མལ་འདི་ལས་བཙལ་མི་བྱ།། གཟུགས་སྤངས་གྲིབ་མ་མི ་རྙེད་བཞིན།། དུག་ལྔ་སྤངས་པའི་ཕ་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། དེ་ཉིད་རྟོགས་ན་ཆོས་སྐུ་ཡིན།། དཔེར་ན་ཟངས་ལྕགས་ལ་སོགས་ལ།། གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན།། རང་གི་སེམས ་ཀྱི་དུག་ལྔ་ལ།། མན་ངག་རྩི་ཡིས་ཐེབས་པས་རྟོགས།། དུག་ལ་སྔགས་བཏབ་དཔེ་བཞིན་དུ།། དུག་མ་བསལ་བར་སྨན་འགྱུར་བཞིན།། དགག་བསྒྲུབ་མེད་པའི་དོན་གྱིས་ན།། དུག་ལྔ་ཡེ་ཤེས་ངོ་བོར་ཤར།། ནོར་བུ ་རིན་ཆེན་རྙེད་པའི་མིས།། འཇིག་རྟེན་སོ་ནམ་མི་དགོས་བཞིན།། མ་བསྒོམས་སེམས་ཀྱི་དོན་རྟོགས་ནས།། དེ་ལས་མི་འདའ་དམ་ཚིག་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད ་ལས། འཁྲུལ་པ་བཟློག་པའི་དུས་ཐབས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། རང་བྱུང་ཡེ་ཤེས་ཆེན་པོ་ཡིས།། ཡིན་མིན་དབྱེ་བ་ངས་བཤད་ཀྱི།། ཡིད་ཀྱིས་ཉོན ་ལ་ལེགས་པར་ཟུང་།། ཡེ་ཤེས་མ་ཡིན་རང་བྱུང་དེ།། སེམས་ཅན་ཀུན་ལ་ཡོད་མོད་ཀྱང་།། མ་རྟོགས་ཕྱིར་ན་ཡེ་ཤེས་མིན།། ལོང་བ་མིག་མཁན་མ་རྙེད་འདྲ།། རང་བྱུང་མེད་པའི་ཡེ་ཤེས་དེ།། གནས་འགྱུར་ཡེ་ཤེས ་ལྔར་འདོད་པ།། རྐྱེན་གྱིས་འགྱུར་ཕྱིར་རང་བྱུང་མིན།། ར་གན་གསེར་དུ་འཛིན་པ་འདྲ།། ཡེ་ཤེས་རང་བྱུང་མ་ཡིན་པ།། ཡིད་གཉིས་ཀུན་གཞི་གློ་བུར་རྐྱེན།། ཡིད་འཁྲུལ་ཕྱིར་ན་གཉིས་ཀ་མིན།། རི་བོང་ར་ཡི་ཁ ་དོག་འདྲ།། རང་བྱུང་ཡེ་ཤེས་ཡིན་ལུགས་ནི།། ཤེས་རབ་ལྷག་མཐོང་ལས་བྱུང་བ།། ཡེ་ནས་གནས་པའི་རང་བྱུང་དེ།། ལུང་ལྡན་རྐྱེན་གྱིས་རྟོགས་པའི་ཕྱིར།། རང་བྱུང་ཡེ ་ཤེས་འཛོམ་པ་ནི།། མར་གྱི་ཡང་ཞུན་ལྟ་བུར་གསུངས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ཀྱི་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ་དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལུང་ལྡན་བླ་མའི་གདམས་ངག་གིས།། རང་སེམས་སྙིང་པོ་ཆོས་སྐུ་ནི།། བསྟན་ན་དེ་མ་ཟག་ཏུ་ཤེས།། མ་བསྟན་བར་དུ་ཤེས་མི ་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཡེ་ཤེས་འོད་པོ་ཆེ།། འགྲོ་འོད་མེད་པར་འཁོར་བ་བརླག། མ་རིག་ལོག་པས་ཡེ་ཤེས་སྐྱེད།། འཁོར་བ་རུ་བཟློག་མྱ་ངན་འདས།། ཡེ་ཤེས་མ་བསྒོམས་ལྷུན་གྱིས ་གྲུབ།། དོན་དང་མཐུན་པར་ཉམས་མྱོང་སྐྱེ།། བསྒོམས་ཀྱང་དེ་ཉིད་ཡེ་ཤེས་སྐྱེ།། དེ་ཕྱིར་རྟོག་པ་རབ་ཏུ་གཅེས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཐ་མ་འཁོར་བ་རང ་བརླག་ཏུ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཡིད་ཀྱི་དྲན་པ་འདི་སྐད་གསོལ།། ངེས་པའི་དོན་མཐུན་གདམས་ངག་གིས།། ངོ་བོ་ཉིད་ཀྱི་སྐུ ་མཆོག་གང་།། སྣང་བ་ཆོས་དབྱིངས་ཇི་ལྟར་ལགས།། རང་སེམས་ཆོས་སྐུ་ཇི་ལྟར་སྤྱད།། འབྲལ་མེད་མཐུན་འཇུག་ཇི་ལྟར་སྤྱད།། གསང་བ་རྣམ་བཞིའི་གནང་བཀག་གང་།། བསྒོམ་མེད་ལ་ནི་ཇི་ལྟར་བཟླ།། མཉམ ་པའི་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ང་ཡི་ཆོས་ཉིད་གནས་ལུགས་ནི།། སེམས་ཅན་མེད་པའི་གོང་རོལ་དུ།། བག་ཆགས་མ་བསགས་ལུས་མ་བླངས།། སངས་རྒྱས་མེད་པའི་སྔོན ་རོལ་དུ།། རྟོགས་པ་མ་བཞག་བྱང་མ་ཆུབ།། འཁོར་འདས་མ་རིག་ཀུན་གྱི་གཞི།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དངོས་མེད་སེམས་ཀྱི་སྙིང་པོ་ནི།། འདུས་མ་བྱས་པའི་གཉུག་མ་ལ།། བཟང་ངན་རྣམ་རྟོག་གཏིང ་ནས་མེད།། རྒྱུ་རྐྱེན་མེད་པའི་སྙིང་པོ་ཡིན།། མ་རིག་མེད་པའི་རང་འབྱུང་ནི།། མི་སྲིད་ཕུང་པོ་ག་ལ་སྐྱེ།། ལུས་མེད་ཆོས་སྐུ་འགྱུར་མེད་དེ།། རང་འབྱུང་སངས་རྒྱས་ཡང་དག་ཡོད།། ཐ་སྙད་མིང་བས་ང་སྔའི ་ཕྱིར།། ཡོད་ཅིང་རྟག་པར་སྒྲོ་མ་འདོགས།། སྟོང་པ་ཉིད་པས་ང་སྔའི་ཕྱིར།། ང་ལ་མེད་པར་སྐུར་མ་འདེབས།། འབྱུང་བཞི་མ་འབྲེལ་རིག་པ་ལ།། སྒྲིབ་བྱེད་མེད་པར་རང་གསལ་འདི།། དུས་གསུམ་གཅིག་པ་ཤེས ་པའི་རྒྱུན།། མ་བྱུང་མ་སྐྱེས་ད་ལྟ་ཉིད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རང་བྱུང་སྐུ་ལ་སྐྱེ་འཆི་མེད།། དེ་ཕྱིར་འཁོར་བ་ལྟུང་མ་མྱོང་།། དོན་མ་རྟོགས་པའི་སངས་རྒྱས་མེད།། དེ་ཕྱིར་མྱ་ངན་འདས་མ་མྱོང་།། རང ་གསལ་ང་ཉིད་ཀུན་གྱི་མེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་པས་ནམ་མཁའ་འདྲ།། མི་འགྱུར་སྲ་བས་རྡོ་རྗེ་འདྲ།། སྐྱེ་བ་མེད་པས་ཨ་དང་འདྲ།། དོན་མ་ཡིན་ཕྱིར་དཔེ་འདི་བསྟན།། ངོ་བོ་ཉིད་ཀྱི ་སྐུ་མཆོག་ནི།། དངོས་པོ་མཐའ་བྲལ་ཉོན་མོངས་ལྡོག། སྟོང་པའི་མཐའ་བྲལ་ངོ་བོ་ཉིད།། གཉིས་ཀ་ལས་བཟློག་ཆོས་ཀྱི་སྐུ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། མཚན་ཉིད་ཕྱིར་བལྟས་འདྲ་བ ་མེད།། རྒྱལ་པོ་གདུང་ཆང་བུ་བཞིན་དུ།། ཁ་དོག་འདི་འདྲ་མཚོན་མི་ནུས།། གདོད་ནས་དཔེ་མེད་ཆོས་ཀྱི་སྐུ།། ནང་དུ་བསམ་པའི་ཡིད་མེད་དེ།། ནམ་མཁའ་ལྕགས་ཀྱིས་བྱུག་པ་བཞིན།། རིག་ཚོར་རྣམ་པ་ཅིར་ཡང ་སྣང་།། དྲན་པ་ཉིད་ནི་ཡེ་ཤེས་ཀློང་།། ཡུལ་གྱི་སྣང་གྲག་འདི་ཉིད་ལ།། ཉི་མ་ཤར་ནས་མུན་མེད་ལྟར།། ད་ལྟའི་རང་སེམས་ཆོས་ཀྱི་སྐུ།། དེ་ལ་འཁོར་བའི་རང་བཞིན་མེད།། འགྲོ་དྲུག་སེམས་ཅན་ཐམས་ཅད ་ལ།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། རང་སེམས་ཡེ་ཤེས་བྱང་ཆུབ་སེམས།། བདེར་གཤེགས་སྙིང་པོ་ཆོས་སྐུས་ཁྱབ།། ཡེ་ནས་དོན་དང་མི་བྲལ་བའི།། ལུང་ལྡན་རྐྱེན་གྱིས་རང་སེམས་རྟོགས།། ནོར་བུ་རིན་ཆེན ་འོད་བཞིན་དུ།། ཡེ་ཤེས་དག་པ་འཆར་ནུབ་མེད།། འཁོར་བ་དག་གི་མཚན་ཉིད་ཀྱང་།། མིན་པ་ཙམ་གྱི་མི་སྤངས་པར།། ཡང་དག་དོན་དུ་མི་བྱའི་ཕྱིར།། དགག་བསྒྲུབ་མེད་པ་ཙམ་དུ་བཞག། མྱ་ངན་འདས་པའི ་ཆོས་ཀུན་ཀྱང་།། ཡིན་པ་ཙམ་གྱིས་མི་བླང་བར།། སེམས་ཅན་གདུལ་ཕྱིར་མ་གཏོགས་པར།། ཆེད་དུ་མི་བསྒྲུབ་བཏང་སྙོམས་བཞག། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས།། ་རིག་པ་མ་བསླད་ངོ་བོ་ཉིད་ཀྱི་སྐུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། སྣང་བའི་མཚན་ཉིད་བཀའ་སྩལ་པ།། རྣམ་བཞིའི་ཕྱི་ལ་བར་སྣང་ནང་།། གསུམ་བྲལ ་སྣང་བ་ཆོས་ཀྱི་དབྱིངས།། གཅིག་ལས་ཐ་དད་དངོས་འཛིན་པས།། ཉི་མའི་ཟེར་དང་འཆར་དོགས་བཞིན།། དགག་བསྒྲུབ་མེད་ཕྱིར་ཆོས་ཀྱི་དབྱིངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲེད་མོ་གདོས་ཐག་མ་ཆོད ་པར།། བྲིད་པ་སྡིག་གཉིས་ཀྱིས་མི་ཕན་བཞིན།། ཡུལ་དང་གོལ་ས་མཆོད་པར།། ཅི་བསྒོམ་དོན་མེད་འཁོར་བར་འཁྱམས།། འཁྲུལ་པ་ལས་ནི་ཡུལ་མེད་ཀྱང་།། འབྱུང་བ་ཆེན་པོ་ལྔ་ཉིད་ལ།། རང་སེམས་རིག་པའི ་དོན་མེད་པར།། རང་བྱུང་ཡིན་ཕྱིར་ཡེ་ཤེས་མིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གསེར་དང་སེར་པོའི་ཚུལ་བཞིན་དུ།། བྱིས་པ་ཐ་དད་ཞེན་ཟློག་ཕྱིར།། བདག་ཉིད་གཅིག་པའི་འབྲེལ་བ་ཡོད།། དེ་ཕྱིར་ཡུལ ་འདི་སྤང་མི་དགོས།། ཕྱི་ཡི་འབྱུང་བར་སེམས་སྡུད་པས།། ཟེར་མཐོང་སྙིང་པོ་མ་མཐོང་བཞིན།། གཉིས་མེད་སྣང་སྟོང་ཁས་མི་ལེན།། ཡུལ་ལ་རྩོད་ཕྱིར་དོན་མི་རྟོགས།། བདེན་པ་མཐོང་བའི་དགེ་སློང་ནི།། འཁོར ་འདས་ལོངས་སྤྱོད་མི་སྡུད་བཞིན།། གཞི་ལ་སྣང་བ་མེད་པའི་ཕྱིར།། ཡུལ་འདི་སེམས་སུ་བློས་མི་སྡུད།། མེ་དང་དུ་བའི་ཚུལ་བཞིན་དུ།། སྣང་བ་འདི་ལ་རང་རྒྱུད་དུ།། རང་སེམས་ཡུལ་དུ་འཁྲུལ་པ་ཡིས།། བདག་ཏུ ་རྟོག་པའི་ཞེན་པ་ཟློག། ཀུན་དུ་རྒྱུ་བའི་སྐྱེ་ལམ་བཞིན།། མཐར་ཟུག་འབྲེལ་པ་མེད་པ་ཡིས།། ཟ་དད་གཅིག་ཏུ་མི་བསམ་པས།། སྣང་བ་འདི་ལ་དོན་མི་བཞག། ད་ཡང་འདུས་པའི་སྙིང་པོ ་ཉོན།། དཔེར་ན་ཁྱུང་ཆེན་མཁའ་ལྡིང་ལ།། ཆུ་ཀླུང་གྱེན་ཐུར་ཉམས་མི་ང་།། བར་སྣང་ཁམས་ཀུན་ལམ་དུ་བདེ།། དམིགས་པའི་ས་ཕྱོགས་ཡུད་ཀྱིས་ཕྱིན།། དེ་བཞིན་སྣང་བ་མ་བཅོས་པས།། སྣ་ཚོགས་མདུན་ན་སྣང ་བཞིན་དུ།། སྣང་ཙམ་ཉིད་ནས་སྤང་སྡུད་མེད།། ཞེན་མེད་རྣལ་འབྱོར་སྤྱོད་ཡུལ་ལ།། འཁྲུལ་པའི་རྟོག་པས་གཞི་མི་འགྱུར།། བཙལ་བའི་བསམ་པས་དབྱིངས་མི་བསྐྱེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉི་མ་ལྟ ་བུའི་ཆོས་ཀྱི་སྐུ།། ཐིག་ལེའི་རྩལ་ནི་མ་འགགས་པས།། སྒོ་ལྔ་གསལ་བ་ཉི་ཟེར་འདྲ།། ངོ་བོ་གཅིག་ཕྱིར་དགག་བསྒྲུབ་མེད།། དེ་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང ་ཡངས་ཀྱི་རྒྱུད་ལས། སྣང་བ་མ་བཅོས་ཆོས་ཀྱི་དབྱིངས་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཆོས་སྐུ་ངོ་སྤྱོད་བཀའ་སྩལ ་པ།། རྣམ་སྨིན་ལུས་དང་བཅས་པ་ཡིས།། ཐ་མལ་ཀུན་གཞི་གཞི་ཆ་ལ།། སྔ་ཕྱི་རང་བྲལ་ཆོས་སྐུ་གསལ།། ཆུ་དངས་རྙོག་མེད་དཔེ་བཞིན་ནོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ཟབ་མོ་ཆོས་སྐུ་ནི།། སྐྱེ་བ ་མེད་ཅིང་འགག་པ་མེད།། རྣམ་རྟོག་མཚན་མ་གཞི་ནས་མེད།། ཉོན་མོངས་ངར་འཛིན་རྣམས་དང་བྲལ།། འཕེལ་འགྲིབ་སྐྱོན་རྣམས་ངང་གིས་མེད།། དེ་ཡི་ངང་ལ་གནས་ཐབས་ནི།། སྔ་ཕྱི་གཞི་ལ་མེད་ཤེས ་པས།། སེམས་ཅན་དུས་ན་ཆོས་ཀྱི་སྐུ།། ཡིད་ཀྱི་ཡུལ་དུ་མ་བསྒོམས་ཀྱང་།། རང་བྱུང་རིག་པའི་ཏིང་འཛིན་གསལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་གི་ཐིག་ལེའི་དོན་ལྟ་ན།། རབ་འབྲིང་ཐ་མའི་བློ་ཚད ་དུ།། རིམ་གྱིས་བསྒོམས་པར་ངས་བཤད་ཀྱིས།། གཞན་དུ་མ་ཡེངས་ཡིད་ལ་ཟུང་།། ཐ་མ་རྣལ་འབྱོར་སྒོམ་པ་པོས།། སྔ་ཕྱི་མེད་པའི་གཉུག་མ་ལ།། མ་འཕྲོས་མ་བྱིང་རང་ལུགས་ཙམ།། དེ་ལ་རྒྱུན་དུ་མ་ཡེངས ་བསྒོམ།། ཆགས་སྡང་དབང་གིས་འཕྲོ་གྱུར་ན།། དོན་དམ་དགག་བསྒྲུབ་མེད་པའི་ཕྱིར།། རང་བྱུང་སྙིང་པོ་རང་ཤར་བས།། བ་མོར་ཉི་ཤར་ཇི་བཞིན་ནོ།། གཏི་མུག་དབང་གིས་བྱིང་བ་ནི།། རང་སེམས་ཤེས་པ ་གཟེངས་བསྟོད་ལ།། ཕྱི་རོལ་ཡུལ་ལ་མི་སྤྱད་པར།། དབང་པོ་སྒོ་དབྱེ་ཡན་དུ་གཞུག། འབྲིང་གི་རྣལ་འབྱོར་སྒོམ་པ་པོས།། ཆོས་སྐུ་ནམ་མཁའ་ལྟ་བུ་ལ།། ཇི་བཞིན་པ་ཡི་ཡེ་ཤེས་དེ།། བརྗོད་མེད་རྒྱུན་མི་ཆད་པར ་ལྟལྷ།། གལ་ཏེ་བྱུང་ཚོར་རྟག་ཆད་རྣམས།། རྣམ་རྟོག་ཡེ་ཤེས་བསྐུལ་མར་ཤེས།། མེ་ལ་ཤིང་བསྣན་ཇི་བཞིན་དུ།། དེ་ཙམ་ཉིད་ནས་བསྒོམ་པ་གསལ།། སྒོ་ལྔ་ཤེས་པ་རྨུགས་གྱུར་ན།། ཉམས་གསུམ་བསྲེས་པའི་དོན ་དྲན་པས།། ཆོས་ཉིད་ཡེ་ཤེས་ཀློང་དུ་བྱིང་།། བུམ་ནང་རིན་ཆེན་གཏེར་དང་འདྲ།། དབང་པོ་རབ་ཀྱི་བསྒོམ་པ་ལ།། ཉམས་དང་མི་ཉམས་མེད་པའི་ཕྱིར།། འབྲལ་མེད་དོན་ལ་བཅོས་མི་དགོས།། སྤྲིན ་མེད་ནམ་མཁའ་ཇི་བཞིན་ནོ།། དེ་ཡང་བློ་གྲོས་དམ་པ་ཉོན།། ཉི་ཟླ་གཟས་ཟིན་དཔེ་བཞིན་དུ།། དབྱིངས་དང་ཆོས་སྐུ་དུས་མཉམ་ཕྱིར།། ཆོས་ཉིད་རང་གསལ་རང་གནས་པས།། ཡེ་ཤེས་མི་འབྲལ་རྫོགས་པ ་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། འབྲལ་མེད་སྤྱོད ་པ་བཀའ་སྩལ་པ།། རང་སེམས་ལྟ་བ་རྟོགས་པ་ཡིས།། མཉམ་རྗེས་དུག་ལྔ་གཅིག་ཏུ་ཤེས།། དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང་།། ངོ་བོ་ཉིད་ལ་འཕེལ་འགྲིབ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཙམ་ཉིད་ན་ངོ་བོ ་ཉིད།། དེ་དོན་མི་བརྗེད་རྟོགས་པའི་ཕྱིར།། ཆེད་དུ་བྱས་ལ་བསྒོམ་མི་བྱ།། མ་གི་ཏ་ལ་གང་རེག་འདྲ།། ཡུལ་ཉིད་སེམས་སུ་མི་བསྒོམ་པས།། དྲན་རིག་ཆོས་ཉིད་བྱང་ཆུབ་སེམས།། དེ་ཉིད་སྤྱོད་པའི་ཡུལ་ལས ་འདས།། དེ་ཕྱིར་དོན་ལ་ཉམས་པ་མེད།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། གཉིད་ཉིད་བསྒོམ་པར་གསལ་ཐེབས་ནས།། ལྡོག་ཀ་སད་ཀའི་དུས་དག་ཏུ།། དེ་ཚེ་ཆོས་སྐུའི་དོན་དྲན་ན།། རིན་ཆེན་ག་འུར་བཅུག། ་པ་འདྲ།། གཤོག་རྣོ་རྡུལ་མེད་ཚ་གྲང་སྙོམས།། མི་འཚུབ་ཆུ་ཡི་ཉ་བཞིན་དུ།། རྨི་ལམ་འབྲེལ་ཐབས་མེད་པར་འབྱུང་།། ཚོགས་དྲུག་འགགས་ཀྱང་ཆོས་སྐུར་གནས།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། འཆི་ཀ། ་བར་དོའི་དོན་དྲན་ན།། གནད་གཅོད་སྡུག་བསྔལ་ཅི་བྱུང་ཡང་།། འཇིགས་པ་བརྒལ་འདོད་མི་བཞིན་དུ།། ཆེད་དུ་དྲན་པ་ཤིན་དུ་གཅེས།། ན་བ་ཏ་ཡི་མིག་གཉིས་འདྲ།། རྩ་དྲོད་ཡོད་ལ་སྲོག་དང་བྲལ།། རྩ་མེད་དྲོད ་བཅས་བཀྲག་མ་ཉམས།། ཆོས་ཀྱི་སྐུ་ནི་དྲན་པའི་རྟགས།། ན་ཚ་བྱུང་ན་སྨོས་ཅི་དགོས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དབང་པོ་འབྲིང་གི་རྣལ་འབྱོར་པས།། གཞི་ཤེས་མངོན་དུ་མ་གྱུར་པས།། ལུས་སུ་ཞུགས ་ཀྱང་དོན་དྲན་ཏེ།། རྟོགས་པ་ཡིན་ཕྱིར་མངལ་ན་བསྒོམ།། ཚེ་འཕོས་ནས་ནི་མངོན་སངས་རྒྱས།། ཐ་མ་ཕྱི་རོལ་བརྟགས་པས་བརྗེད།། དྲན་ཚེ་རྐྱེན་དང་ཕྲད་པའི་ཕྱིར།། སྐད་ཅིག་ཟུར་ཙམ་བརྡའ་ཡིས་ནི།། ཐེ་ཚོམ ་མེད་པར་དོན་གོ་ནས།། སྐྱེ་བ་གཅིག་གིས་སངས་རྒྱས་འགྲུབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་མ་རྟོགས་རྣལ་འབྱོར་པས།། ཇི་ལྟར་བསྒོམས་ཀྱང་དོན་མེད་འཁྱམས།། འཁོར་བ་ལུགས་ཀྱི་ནད་དུ ་འཇུག། དེ་ཚེ་ལུས་ཀྱི་བཟའ་བགོ་ནི།། མི་དགོས་གཉིད་མི་འོང་ཞིང་བདེ།། གསལ་ལ་ཡུལ་གྱི་རྟོག་པ་མེད།། དུས་ལ་མ་བབ་བར་དུ་ནི།། མཁས་ཀྱང་ལྟ་སྒོམ་བསྟན་ཐབས་མེད།། བུམ་པ་ནང་གི་མར་མེ་འདྲ།། དེ ་ཡང་འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་རྣལ་འབྱོར་པས།། སོ་སོར་སྣང་བ་མ་ཡིན་ཏེ།། མ་འཁྲུལ་མ་རྟོགས་གོང་རོལ་གྱི།། ངོ་བོ་ཉིད་ཀྱི་སྐུ་དང་ནི།། མ་འཁྲུལ་རྟོགས་པའི་ཀུན ་བཟང་ཐུགས།། འཁྲུལ་ནས་མ་རྟོགས་སེམས་ཅན་སེམས།། འཁྲུལ་ཀྱང་རྟོགས་པའི་རྣལ་འབྱོར་ཟུགས།། ངོ་བོ་གཅིག་ཕྱིར་གོལ་ས་མེད།། དེ་ཚེ་ཆོས་སྐུ་ཟད་ཀ་མ།། མི་འགྱུར་བརྟན་པས་གསེར་བཞིན་ནོ།། རྫོགས ་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློངས་ཡངས་ཀྱི་རྒྱུད་ལས། དུས་བཞི་རིགས་སྤྱོད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ ་པ།། མཐུན་འཇུག་ཐབས་ཀྱི་སྤྱོད་པ་ཡི།། ཚོགས་ཆེན་མ་ལུས་རྫོགས་པ་ཡིས།། འགྲོ་དོན་ཐུགས་རྗེ་མཐར་དབྱུང་ཕྱིར།། རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་པས།། བླ་མེད་གོ་འཕང་མཆོག་བརྙེས་པར།། སེམས་ཅན ་གནས་ཕྱིར་བླ་མ་བཀུར།། བླ་མ་བསྒོམ་ན་ཆོས་སྐུ་བསྒོམ།། ལྷ་སྐུའི་འབུམ་ཕྲག་སྟོང་བསྒོམས་པའི།། བསོད་ནམས་དེ་ཡི་ཆར་མི་ཕོད།། དེ་ཕྱིར་དཀར་པོའི་ཆོས་སྤྱོད་ཀྱི།། ཉན་བཤད་བསྒོམ་དང་འཛིན་པ ་དང་།། མཆོད་གཏོར་ལ་སོགས་གང་བྱེད་ཀྱང་།། སྔོན་དུ་འགྲོ་བའི་ལས་བྱེད་ཕྱིར།། བླ་མ་དུས་གསུམ་སངས་རྒྱས་དཔལ།། དཀྱིལ་འཁོར་སྒོར་ཞུགས་ཐམས་ཅད་ཀྱི།། འབྲལ་མེད་ཡི་དམ་ལྷ་ཚོགས་དང་།། མན ་ངག་རྒྱུད་དོན་རང་རིག་ལྷ།། རྩོལ་མེད་འབྲས་བུའི་ཆོས་དང་ནི།། དོན་ལྡན་རྣལ་འབྱོར་མཁའ་འགྲོ་ལ།། ལུས་ངག་ཡིད་ཀྱིས་ཕྱག་འཚལ་ནས།། བླ་མེད་མཆོད་གཏོར་གཏོང་བའི་ཚེ།། ཕྱི་ཡི་འཇིག་རྟེན་སྣོད་ནང ་དུ།། བདུད་རྩིའི་རྒྱ་མཚོ་གཏིང་ཟབ་གྱུར།། དེ་སྟེང་འབྲུ་ཡི་ཕྱེ་བཏབ་པས།། གསེར་གྱི་ས་གཞི་ཆེན་པོར་གྱུར།། མེ་ཏོག་སྣ་ཚོགས་གཏོར་བས་ན།། འཛམ་གླིང་བྱེ་བ་ཕྲག་བརྒྱར་བསམ།། རིན་ཆེན་སྣ་ལྔ་བརྡར་བས ་ནི།། རིན་ཆེན་རི་བདུན་མ་བསྐྱེད་རྫོགས།། སྙིང་པོ་རྣམ་ལྔ་བླུགས་པ་ཡིས།། མི་བརྗེད་དྲན་པའི་གཟུངས་ཐོབ་འགྱུར།། སྨན་ལྔ་འབྲུ་ལྔ་བླུགས་པ་ཡིས།། ནད་དང་མུ་གེའི་བསྐལ་པ་ཐར།། ལྟ་བས་བྱིན་གྱིས་བརླབས ་པའི་ཕྱིར།། མགྲོན་བཞིར་རིམ་པས་བསྔོ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྔོ་བ་མེད་པའི་བསྔོ་བ་ནི།། བླ་མེད་མྱ་ངན་འདས་པས་ན།། འཇིག་ཚོགས་དམྱལ་བ་ཡན་ཆད་དུ།། བླ་མེད་མཆོད་སྦྱིན་འདི ་བསྔོས་པས།། སེམས་ཅན་བསམ་པ་འགྲུབ་གྱུར་ནས།། ལྷུན་གྲུབ་ས་ལ་གནས་པར་ཤོག། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཕྱིའི་མཆོད་གཏོར་བཏང་བའི་ལེའུ་སྟེ་ཉི་ཤུ་རྩ ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ནང་གི་མཛད་སྤྱོད་ཚོགས་ཆེན་ནི།། ཕྲིན་ལས་རྣམ་པ་བཞི་ཡི་ཆོས།། དོན་ལྡན་དབང་བསྐུར་བྱེད་ལ ་སོགས།། ཚོགས་མཆོད་རིམ་པ་གང་བྱེད་ཀྱང་།། ཡིད་མཐད་པ་ཡི་གནས་དག་ཏུ།། དམ་ཚིག་སེལ་མེད་འཁོར་ཚོགས་བཅས།། དཀྱིལ་འཁོར་མཎྜལ་གཞུང་བཞིན་དུ།། ཡེ་ཤེས་ཚོགས་ཆེན་བསགས ་པའི་ཕྱིར།། དགའ་ལྡན་ལྷ་ཡི་ལོངས་སྤྱོད་དང་།། འབྱོར་ལྡན་མི་ཡི་ལོངས་སྤྱོད་དང་།། དགོངས་ལྡན་འཕྲུལ་གྱི་ལོངས་སྤྱོད་རྣམས།། ཡིད་དང་དངོས་སུ་བསགས་བསམས་ལ།། སྔོན་དུ་འགྲོ་བའི་ལས་བྱས ་ཏེ།། གནས་ཁང་བྱིན་གྱིས་བརླབས་པ་དང་།། ཏིང་འཛིན་ཞལ་ཟས་སྒྲོ་བསྐྱེད་ནས།། དམ་ཅན་འདུ་བར་བསྒོ་བ་དང་།། ཐུགས་དམ་བསྐུལ་དང་ཚར་བཅད་ནས།། གསང་བའི་ལྷ་མོས་མཚམས་བཅད་དེ།། རྣལ ་འབྱོར་ནོངས་བཤགས་བྱས་ནས་ནི།། དཀྱིལ་འཁོར་བསྐྱེད་དང་དབང་བསྐུར་དང་།། དོན་རྟོགས་བྱིན་གྱིས་བརླབས་མི་དགོས།། མ་རྟོགས་སྔགས་དང་ཡིག་འབྲུས་བརླབ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡིད་ཀྱི ་མདུན་གྱི་ནམ་མཁའ་ལ།། དུས་གསུམ་བཞུགས་པའི་སངས་རྒྱས་དང་།། བླ་མེད་ཁྲག་མཐུང་རིགས་ལྔའི་ཚོགས།། རིག་འཛིན་རྗེ་བཙུན་བླ་མ་རྣམས།། མཁའ་འགྲོ་འཁོར་བཅས་སྤྱན་དྲངས་ནས།། ཅི་འབྱོར་པ་ཡི ་ཚོགས་དྲངས་ནས།། དེ་ནས་རྣལ་འབྱོར་དད་ལྡན་གྱིས།། སྣང་བ་གཟུགས་ཀྱི་མཆོད་པ་དང་།། སྒྲོགས་པ་སྒྲ་ཡི་མཆོད་པ་དང་།། ཐབས་དང་ཤེས་རབ་བདེ་བ་ཡིས།། ཡེ་ཤེས་ལྷ་ལ་རྫོགས་པར་མཆོད།། ལྷག་མ་རོལ ་ལ་ལྷ་བཤགས་དང་།། སྐྱེ་ཤི་དུས་ཀྱི་སྨོན་ལམ་བཏབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་ལྟར་ཚོགས་ཆེན་གཉིས་རྫོགས་མིའི།། སྟོང་གསུམ་སངས་རྒྱས་སར་ཤེས་ཀྱང་།། གྲོང་ཡུལ་གནས་ལ་ཆགས་མི ་བྱ།། ཅི་སྤྱོད་རྒྱལ་བའི་མཛད་སྤྱོད་ཀྱང་།། འདུ་འཛི་གཡེང་ཕྱོགས་དབང་མེད་གཏང་།། རྣམ་སྨིན་ལུས་དང་མ་བྲལ་ཀྱང་།། སེམས་ལ་ཆོས་སྐུ་ཤིན་ཏུ་གསལ།། ཉིན་དང་མཚན་མོ་དབྱེ་རུ་མེད།། ཅི་སྤྱོད་རང་བྱུང་ཡེ ་ཤེས་ལ།། མ་ཆགས་དང་དུ་བླང་བ་མེད།། རྟོག་པ་སྐྱོན་དུ་འབོར་བ་མེད།། དཀའ་ཐུབ་ཚུལ་གྱིས་བསྡམ་པ་མེད།། གང་ཡང་བློ་ཡི་རྟེན་མེད་ཀྱང་།། འོན་ཀྱང་མ་གོ་དྲང་བའི་ཕྱིར།། རེ་ཞིག་ཙམ་དུ་དཀར ་ཆོས་སྤྱོད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གསང་སྔགས་ཀྱི་ཚོགས་འབུལ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ ་པོས་བཀའ་སྩལ་པ།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། སྲོག་ནི་རྣམ་པ་གཉིས་སུ་འདུས།། མ་རིག་ཐར་པ་གང་སྤྱོད་པ།། དེ་ཡི་བྱེ་བྲག་ངས་བཤད་ཉོན།། ཐར་པ་མྱ་ངན་འདས་པའི་ཆོས།། སེམས་གསང་ལྟ་ཉམས་རང ་སྲོག་གཅོད།། ཉོན་མོངས་དབང་དུ་གྱུར་པས་ན།། འདུས་བྱས་ཆོས་ཀྱིས་མི་སྐྱོབ་ལྟུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དུག་ལྔ་འཁོར་བའི་རྩ་བ་ནི།། མ་རིག་ཀུན་གཞི་ཡིན་པའི་ཕྱིར།། ལུས་ཅན་སྲོག་ནི་བཅད ་མི་འགྱུར།། ཀུན་བཟང་ཤེས་རབ་མཚོན་རྣོན་གྱིས།། ཐོག་མཐའི་བར་དུ་མ་རིག་བསད།། དེ་ཡང་སེམས་ཅན་སྲོག་འདི་ལ།། ལུས་འདི་གནས་སྐབས་འབྲེལ་ཡོད་ཀྱི།། ལུས་ཅན་སྲོག་ནི་བཅད་མི ་བྱ།། གལ་ཏེ་ཞེ་སྡང་སྲོག་གཅོད་ན།། རང་སེམས་མ་རྟོགས་ཐ་མལ་ཏེ།། སྐྱབས་འགྲོ་ཉམས་ཕྱིར་དམྱལ་བར་ལྟུང་།། སྐྱེ་བོ་བདུན་འགྱུར་སྡིག་པ་ཆེ།། དེ་ཡང་བློ་གྲོས་དམ་པ་ཉོན།། ནམ་མཁའ་མེ་ཡིས་མི་ཚིག ་བཞིན།། དེ་བཞིན་དོན་རྟོགས་རྣལ་འབྱོར་པས།། སློབ་དཔོན་སྐུ་དགྲ་ལ་སོགས་པ།། བསྒྲལ་བའི་ཞིང་བཅུ་བསྒྲལ་འགྱུར་ཀྱང་།། སྒྲིབ་པར་མི་འགྱུར་ཚོགས་སུ་འགྱུར།། ངོ་བོ་ཉིད་ཀྱི་སྐུར་དྲན་ན།། མ་རིག་སྲོག་ནི ་བཅད་པའི་ཕྱིར།། སྲོག་གི་ནང་ན་དམ་པའི་མཆོག། དེ་དང་མི་འབྲལ་མངོན་སངས་རྒྱས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གཞན་གྱི་མི་དང་མི་མ་ཡིན།། རྒྱུད་བཟུང་ནོར་ནི་དངོས་པོའི་རྫས།། གསང་སྔགས་སྒོར ་ཞུགས་རྣལ་འབྱོར་པས།། རྐུ་བའི་སེམས་ཀྱིས་བླང་མི་བྱ།། དེ་ཕྱིར་བདག་ཉིད་རྫས་ལ་ཡང་།། མ་བྱིན་བླང་སེམས་དྲན་ན་ནི།། ཡི་དྭགས་གནས་སུ་སྐྱེ་འགྱུར་གསུངས།། གཞན་གྱི་རྫས་ལ་སྨོས་ཅི་དགོས།། དེ་ཡང ་བློ་གྲོས་དམ་པ་ཉོན།། རྒྱ་མཚོ་སྒྱོགས་ཀྱིས་མི་འགྲིབ་ལྟར།། དོན་རྟོགས་རྣལ་འབྱོར་གདེང་ལྡན་པས།། སེར་སྣས་བཅིངས་པའི་རྫས་རྣམས་ནི།། གཡོ་སྐུའི་ཐབས་ཀྱི་ནོར་བླངས་ལ།། བླ་མ་དཀོན་མཆོག་ཚོགས་སུ ་འབུལ།། བླ་མ་ངེས་པའི་ལུང་ལྡན་གྱིས།། དེ་ལ་གསང་བའི་སྐུ་ལྔ་བྱིན།། དེ་ཕྱིར་མ་བྱིན་བླངས་ན་གྲོལ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། གནས་སྐབས་འབྲེལ་བའི་ལུས་ཡོད་པས།། འཚོ་བའི་བཟའ་བགོ་དགོས ་པའི་ཕྱིར།། ལོག་འཚོའི་གཡོ་སྒྱུ་མ་ཡིན་པར།། ཆོས་ཀྱིས་འཚོ་བའི་རྫས་རྣམས་བཙལ།། དེ་ཡང་ལམ་གྱི་རྣལ་འབྱོར་པས།། བུང་བ་བཅུད་ལེན་ཞེན་མེད་ལྟར།། ཁྱིམ་པ་སུན་ནི་མ་ཕྱུང་བར།། འཚོ་བའི་ཡོ་བྱད་ཚོད ་ཟིན་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལུས་ལ་ཕོ་མོ་ཡོད་པའི་ཕྱིར།། སེམས་ཅན་ལས་ཀྱི་ཆགས་སྤྱོད་ཚེ།། འཁོར་བའི་འབྲས་བུ་མ་སྨིན་ན།། དོན་ཟིན་བདེ་བ་གྲོགས་སུ་ཆེ།། དེ་ཕྱིར་སྔ་ཕྱི་མ་སོང་བའི།། ཡེ ་ཤེས་ཆོས་སྐུ་རང་ཡིན་པས།། དེ་ལ་སྐྱོན་གྱིས་མི་གོས་ཕྱིར།། ཐབས་དང་ལྟ་བས་ཟིན་པར་བྱ།། དེ་ཡང་བློ་གྲོས་དམ་པ་ཉོན།། བདག་ཉིད་མ་ཡིན་གཞན་དག་ལ།། ཆགས་སེམས་ཙམ་ཡང་མི་བྱ་ལ།། དམ་ཚིག་སྡོམ ་པ་སྲུང་བ་དང་།། རྒྱལ་རིགས་མོ་དང་བསླབ་སྲུང་དང་།། བདག་པོ་ཅན་གྱི་བུད་མེད་ནི།། རྩ་བ་ཡན་ལག་དམ་ཚིག་གི།། ཉམས་པར་བྱེད་པའི་བཞི་ཡིན་ཕྱིར།། རོ་མྱགས་ངུ་འབོད་དམྱལ་བར་ལྟུང་།། བག་ཆགས ་ཞེན་པའི་རྒྱུ་ཡིན་པས།། བལྟ་བས་མ་ཟིན་རྟག་ཏུ་སྤང་།། ཞེན་མེད་ཆོས་སྐུའི་སྤྱོད་པར་བཤད།། དེ་ཕྱིར་འཁོར་སྤངས་རབ་ཏུ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག་རྟེན་འཁོར་བ་རྫུན་གྱི་ཆོས།། ཡོད ་མེད་སྐྱོན་ལ་དམ་པར་བལྟ།། མ་རིག་འཁྲུལ་པར་ཐེ་ཚོམ་མེད།། མི་བདེན་རྫུན་པར་ཤིན་ཏུ་སྨྲ།། དེ་ཡང་བློ་གྲོས་དམ་པ་ཉོན།། འདུ་ཤེས་བསྒྱུར་ནས་རང་འདོད་ཀྱིས།། མི་ཆོས་བླ་མའི་རྫུན་སོགས ་བློས།། རང་སེམས་བཅོས་ཕྱིར་དོན་དང་འགལ།། དེ་བཞིན་ལྕེ་རྨོད་དམྱལ་བར་ལྟུང་།། དེ་ཡང་རང་སེམས་རྟོགས་པའི་དོན།། འཁོར་བ་མྱ་ངན་འདས་པའི་ཆོས།། གཉིས་ཀས་འབྲས་བུ་མི་འབྱིན་ན།། དུག་ལྔ་རང ་གྲོལ་རྒྱལ་བའི་ཐུགས།། རྟོགས་ལ་དྲང་པོ་མ་བཅོས་པ།། སངས་རྒྱས་མཛད་སྤྱོད་དེ་གོ་བས།། གཡོ་སྒྱུ་མེད་པ་དམ་པའི་དོན།། དེ་ལྟར་རྣལ་འབྱོར་དམ་པའི་ལམ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ ་ཀློང་ཡངས་ཀྱི་རྒྱུད་ལས། གསང་བའི་སྤྱོད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། མ་བསྒོམས་འབྲེལ་མེད་བཀའ་སྩལ་པ།། སེམས་ཉིད་བསྒོམ་དུ་མེད་པའི ་དཔེ།། ནམ་མཁའ་བསྒོམ་དུ་སེམས་དང་བྲལ།། དེ་བཞིན་སེམས་ཀྱི་སེམས་བསྒོམ་དུ།། ཆོས་ཉིད་སྤྱད་པའི་ཡུལ་ལས་འདས།། སེམས་ཀྱི་གཞི་ཤེས་བསྒོམ་མི་དགོས།། དོན་གཉིས་ཚིག་ཏུ་འབྱུང་བའི་ཕྱིར།། ཚིག་ལ ་དོན་མེད་ཟེར་བ་འཁྲུལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྒྱུན་དུ་འབྲལ་མེད་ཆོས་ཀྱི་སྐུ།། ཉམས་མྱོང་མེད་པ་ཉམས་ཀྱི་མཆོག། ཅི་ཡང་ཡིད་ལ་མི་བྱེད་ན།། གོལ་དང་སྒྲིབ་པར་ག་ལ་འགྱུར།། བསྒོམ་པའི ་མཆོག་ཏུ་དེ་གསུངས་སོ།། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། ལྟ་བའི་དམ་ཚིག་ཆེན་པོ་ནི།། མ་ནོར་མ་བཅོས་དམ་ཚིག་གིས།། དེ་རྟོགས་དེ་ལས་མི་འདའ་བས།། རྒྱལ་བ་རྣམས་ཀྱི་ཐུགས་དམ་ཡིན།། སྐྱེ་མེད ་དོན་ལ་སེམས་ཞུགས་པའི།། ནམ་མཁའ་ལྟ་བུའི་རྣལ་འབྱོར་དེ།། དེ་ལས་མི་འདའ་དམ་ཚིག་ནི།། རང་རིག་ཆོས་སྐུ་དམ་པའི་མཆོག། བརྗོད་པ་མེད་པའི་དམ་ཚིག་ཡིན།། བསྲུང་དུ་མེད་པའི་ངང་དུ་བསྡམ།། དེ་ཉིད ་དྲན་པའི་རྣལ་འབྱོར་པས།། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་།། འཆིང་བར་མི་འགྱུར་གྲོལ་བར་ངེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྙིང་པོ་ཆོས་སྐུ་རང་གསལ་དོན།། མ་བསྒོམས་འབྲལ་མེད་ཡེ་ཤེས ་ཀློང་།། རང་སེམས་ཤེས་པ་སྣ་ཚོགས་པ།། ཡེ་ཤེས་ལས་ནི་གཞན་མེད་པ།། ཐ་མལ་རང་སེམས་ཆོས་ཉིད་ནི།། དེ་ཡང་མི་འགྱུར་ངོ་བོ་སྟོན།། དག་དང་མ་དག་གཞི་གཅིག་ཕྱིར།། དུས་དང་སྤྱོད་ལམ་ཐམས་ཅད ་དུ།། གཉིད་དང་བར་དོར་བསྒོམ་པ་ནི།། ད་ལྟར་ཝལ་ལེ་སྣང་བ་རྣམས།། མ་རྟོགས་བར་དུ་འཁྲུལ་པ་སྟེ།། རྟོགས་ན་དེ་ཉིད་ཆོས་སྐུ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཐིག་ལེ་མ་བཙལ་ལྷུན་གྱིས་གྲུབ།། ཡེ ་ནས་རང་བྱུང་ཆོས་སྐུ་ནི།། ཡུལ་ཉིད་སེམས་སུ་མི་བསྒོམས་ཕྱིར།། སྒོམ་པ་པོ་ཡང་མེད་པར་འགྱུར།། གང་གིས་གང་ལ་བསམས་ཤིང་བསྒོམ།། དེ་ཕྱིར་གནས་ལུགས་བསྒོམ་དུ་མེད།། མ་རྟོགས་ཐབས་ཀྱིས་ཅི་ཞིག ་བྱ།། དབང་པོ་རབ་ཀྱིས་བཙལ་དུ་མེད།། ཐ་མལ་མི་རྟོག་གདམས་ངག་མེད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བསྒོམ་དུ་མེད་པར་ལ་བཟླ་བའི་ལེའུ་སྟེ་ཉི ་ཤུ་རྩ་བརྒྱད་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། དད་ལྡན་འཁོར་ལ་ཕན་དོན་དུ།། ཀུན་རིག་སྟོན་པ་ཆོས་རྗེ་ལ།། བདེན་པའི་ཡིད་ཀྱིས་འདི་སྐད་གསོལ།། འབྲལ་མེད་རྐྱེན་ཐུབ་ཏིང་འཛིན ་གྱིས།། ཡེ་ཤེས་བདེ་བ་རྐྱེན་ཐུབ་དང་།། སྡུག་བསྔལ་ཞི་བྱེད་རྐྱེན་ཐུབ་དང་།། བཏང་སྙོམས་ལྷག་མཐོང་རྐྱེན་ཐུབ་དང་།། རྨི་ལམ་ཀློང་ཐིམ་རྐྱེན་ཐུབ་དང་།། དུག་ལྔ་རང་གྲོལ་རྐྱེན་ཐུབ་དང་།། སྐྱེ་ཕྱིས་མི་ལེན ་རྐྱེན་ཐུབ་རྣམས། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། བདེ་བ་ནང་ནས་ཕྱིར་བསྟན་པ།། ནང་གི་ཞི་གནས་བདེ་བ་སྟེ།། གང་ཟག་བདག ་མེད་བདེ་བ་དང་།། ཆོས་ལ་བདག་མེད་བདེ་བ་དང་།། འཇིག་རྟེན་མི་གཡོའི་བདེ་བ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕོ་མོ་ལུས་ཀྱི་བདེ་བ་དང་།། རང་སེམས་རྟོགས་པའི་བདེ་བ་དང་།། ཐབས་ཟིན་འཕྲང ་གི་བདེ་བ་དང་།། ཐབས་མེད་འདོད་ཆགས་བདེ་བའོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་འཛིན་ལོངས་སྤྱོད་བདེ་བ་ཡང་།། ཟས་ནོར་འཁོར་གྱི་ལོངས་སྤྱོད་དང་།། འདོད་ཡོན་ལྔ་ལ་ཅི་བདེར་སྤྱོད།། ཞེན་པའི ་དབང་གིས་ཆོག་ཤེས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནང་གི་ཞི་གནས་བདེ་བ་ནི།། གང་ཟག་བདག་མེད་འགགས་པ་རུ།། མི་གོལ་རྐྱེན་གྱི་གདམས་ངག་གིས།། སྒོ་ལྔ་མི་འགག་རང་གསལ་ལ།། ཡིད་ལ ་ལྷག་མཐོང་དྲན་པས་བཟུང་།། རྐྱེན་ཐུབ་འབྲལ་མེད་ཡེ་ཤེས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཆོས་ལ་བདག་མེད་བདེ་བ་ནི།། དབུ་མ་སེམས་ཙམ་བསྒོམ་པ་སྟེ།། དེར་མི་གོལ་བའི་གདམས་ངག་ནི།། བདེན ་གཉིས་སེམས་སུ་བློ་མི་བསྡུ།། རིག་པས་མི་གཞིག་རང་ས་ལ།། ཡུལ་མེད་ཤེས་པ་རང་བྱུང་ཤེས།། ཡེངས་པ་མི་འབྱུང་རྐྱེན་ཐུབ་རྣམས།། དེ་ཕྱིར་འབྲལ་མེད་ཡེ་ཤེས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འཇིག ་རྟེན་མི་གཡོའི་བདེ་བ་ནི།། བསམ་གཏན་གསུམ་སོགས་བདེ་བ་དེ།། ཞེན་པ་ཡོད་ཕྱིར་འཁོར་བའི་རྒྱུ།། དེར་མི་གོལ་བའི་གདམས་ངག་ནི།། ལུང་ལྡན་རྐྱེན་གྱི་གདམས་ངག་རྒྱུན།། ཤན་ཕྱེད་ངོས་ཟིན་ལ་ཟློས ་ཕྱིར།། བདེ་བ་ཞེན་མེད་རྐྱེན་ཐུབ་པའི།། ཡིད་ཆེས་གདེང་གིས་ཟིན་པའི་ཕྱིར།། འགལ་རྐྱེན་མི་འབྱུང་ཆོས་སྐུར་གསལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་འཛིན་ལོངས་སྤྱོད་ཡུལ་ལ་ཞེན།། དེར་མི་གོལ་བའི ་དམམས་ངག་ནི།། ཡུལ་རིག་པར་དུ་བདག་གཞན་གྱི།། ངར་འཛིན་བདེན་འཛིན་དམ་པར་ནི།། སྣང་བར་ཞེན་པ་མེད་པའི་ཕྱིར།། ཕྱི་ཡི་ཡེངས་པའི་རྐྱེན་རྣམས་ཐུབ།། དེ་ཕྱིར་སྣང་བ་ཆོས་ཀྱི་དབྱིངས།། རྫོགས་པ ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བདེ་ལ་ཞེན་མེད་ཡེ་ཤེས་སུ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས ་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། སྡུག་བསྔལ་ཞི་བྱེད་བཀའ་སྩལ་པ།། སེམས་ཅན་ཀུན་ལ་གནས་པ་ཡི།། ཕྱི་ཡི་སྡུག་བསྔལ་ཞི་གྱུར་པའི།། ལུས་ཀྱི་སྡུག་བསྔལ་ནད་ཡིན་ཏེ།། བཞི་བརྒྱ་རྩ་གཅིག་འདུ་བ ་བཞི།། མི་བདེ་སྣ་ཚོགས་བསྐྱེད་པར་བྱེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ནང་གི་སྡུག་བསྔལ་བདག་གཞན་ལ།། བྱམས་བྲལ་སྡང་འཕྲད་དོགས་པ་དང་།། ཡོད་སྐྱོང་མེད་ཚོལ་ཞེན་པ་ཀུན།། ཕྱི་ཡི་སྡུག་བསྔལ ་ཡིན་པར་གསུངས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རང་ལུས་ན་ཚ་བཟོད་དཀའ་སྟེ།། རྐྱེན་དབང་མི་གོལ་གདམས་ངག་ནི།། གང་ན་བློ་ཡིས་མ་བཟུང་བར།། བཟོད་དཀའ་རང་རིག་ཆོས་སྐུར་ཤེས།། སྔ་ཕྱི་མ ་བཏང་ད་ལྟ་ཡི།། བདེ་སྡུག་བདག་ཀྱང་ཆོས་སྐུར་གསལ།། སྡུག་བསྔལ་རང་ཞི་ཡེ་ཤེས་འཆར།། ཡི་ཆད་ཁ་བཞིའི་རྐྱེན་རྣམས་ཐུབ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་ཡི་སྡུག་བསྔལ་རྣམས་བཞི་ལ།། ཞེན་པ ་རང་རྒྱུད་མི་གོལ་བ།། ཡུལ་སེམས་པར་དོའི་གདམས་ངག་ནི།། ངེས་དོན་དྲན་པས་རྐྱེན་མི་ཚུགས།། སྡུག་བསྔལ་ཡེ་ཤེས་དང་དུ་ཤར།། རྣམ་རྟོག་མི་བྱེད་ཆོས་ཀྱི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་སྡུག ་བསྔལ་ཕྱི་ནང་གཉིས།། རྩ་བ་མ་རིག་བློས་བྱས་ཏེ།། ལུང་ལྡན་རྐྱེན་གྱིས་མ་རིག་འབྲལ།། ཡེ་ཤེས་རང་རིག་ཆོས་སྐུར་ཤེས།། སྡུག་བསྔལ་བྱ་བའི་མིང་ཡང་མེད།། རང་འབྱུང་རྟོགས་པས་མངོན་སངས་རྒྱ།། རྫོགས ་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། སྡུག་བསྔལ་ཞི་བྱེད་ཆོས་སྐུ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་ཆོས ་ཀྱི་རྒྱལ་པོ་ཡིས།། མ་རིག་ལས་བྱུང་བཏང་སྙོམས་ལ།། ལྷག་མཐོང་རིག་པས་བཀའ་སྩལ་པ།། བདེ་སྡུག་མ་དྲན་བཏང་སྙོམས་ནི།། ཞི་གནས་མ་རིག་གཏི་མུག་སྟེ།། གང་ལ་བློ་ཡང་མ་ཞུགས་པས།། དགེ་སྡིག ་གཉིས་སུ་ལུང་མ་བསྟན།། དེ་ལས་བག་ཙམ་ཆ་ཕྲ་ལས།། ལུང་མ་བསྟན་པ་རྣམ་གསུམ་བྱུང་།། བདེ་སྡུག་སྐྱེད་པའི་རྒྱུར་ནི་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཤེས་བཞིན་ལུང་མ་བསྟན་དུ་ནི།། མི་གོལ་བ ་ཡི་གདམས་ངག་ནི།། ཐོག་མར་རང་བྱུང་ངོ་ཤེས་ནས།། མ་རིག་མེད་ཕྱིར་ངེས་ལུང་བསྟན།། དེ་ཕྱིར་རང་རིག་ཆོས་སྐུ་རྟོགས།། བཏང་སྙོམས་ལྷག་མཐོང་རིག་པར་ཤར།། ཀུན་གཞི་དག་ཕྱིར་རྐྱེན་ཐུབ ་པས།། འགྱུར་མེད་ཡེ་ཤེས་ཆོས་ཀྱི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བཏང་སྙོམས་ལྷག་མཐོང་རང་བྱུང་དེ།། ཤེས་པ་གསལ་ལ་མི་རྟོག་པ།། ཆོས་སྐུ་མི་གཡོ་དོན་གྱིས་ཟིན།། དེ་ཕྱིར་ལུང་ལྡན་ཆོས་སྐུར ་གསལ།། གསལ་ཙམ་ཉིད་ན་རྐྱེན་ཐུབ་ཕྱིར།། རང་བྱུང་ཐུགས་ལ་འགྱུར་བ་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་ལུང་བསྟན་གདམས་ངག་གིས།། དགེ་སྡིག་མ་དྲན་ཆོས་སྐུར་དྲན།། དེ ་ཕྱིར་ལྷག་མཐོང་རིག་པ་ལ།། ཐིག་ལེ་ཉག་གཅིག་དེ་ལ་བྱ།། རང་བྱུང་སྙིང་པོ་ཡུལ་ལས་འདས།། སེམས་ཀྱི་སྤྱོད་ཡུལ་མ་ཡིན་ཕྱིར།། རྟོགས་པའི་ཆོ་ག་ལ་བསྒོམ་མི་དགོས།། ནོར་བུ་རིན་ཆེན་རྙེད་དང་འདྲ།། དེ་ཡང ་འཁོར་གྱི་སྙིང་པོ་ཉོན།། ཐ་མ་ཤེས་པ་བཏང་སྙོམས་འདི།། ཀུན་བཟང་རྒྱལ་པོའི་དགོངས་པར་ཤེས།། དེ་ཚེ་ཡུལ་སེམས་གཉིས་ལས་འདས།། རང་བྱུང་ཆོས་སྐུར་ཇི་ལྟར་གསལ།། དེ་ལ་འགལ་བའི་སྐྱོན་མི ་འབྱུང་།། འདུས་མ་བྱས་ནི་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བཏང་སྙོམས་ལྷག་མཐོང་རིག་པས་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་སོ་གཅིག ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། རྨི་ལམ་ཀློང་ཐིམ་བཀའ་སྩལ་པ།། རྣལ་འབྱོར་དམ་པ་གཉིད་བྱུང་ཚེ།། རྨི་ལམ་དགེ་སྡིག་ལུང་མ་བསྟན།། བག་ཆགས ་མཚམས་སྦྱོར་ལྟས་བསྟན་པའི།། རྨི་ལམ་སྣ་ཚོགས་བྱུང་དུས་སུ།། ཡེ་ཤེས་ཀློང་ཐིམ་ཤེས་པར་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཚེ་སྟོད་སྔར་བྱས་གང་རྨིས་པ།། བག་ཆགས་རྨི་ལམ་ཡིན་ཤེས་པས།། དེ་རྗེས ་མི་གཅོད་དོན་དྲན་ཕྱིར།། བག་ཆགས་རྨི་ལམ་རང་སྟོང་ནས།། ཡེ་ཤེས་ཀློང་ཐིམ་རྐྱེན་ཐུབ་ཚེ།། འདི་ལ་མ་མཐོང་མེད་མ་མྱོང་།། གང་རྨིས་པ་ཡི་མཚམས་སྦྱོར་བས།། བག་ལ་ཉལ་དུ་ཤེས་པའི་ཕྱིར།། ཀུན་བརྟགས ་མེད་པའི་ལྷག་མཐོང་གིས།། མཚམས་སྦྱོར་རང་ཞི་རྐྱེན་རྣམས་ཐུག། དེ་ཡང་རྡོ་རྗེ་སེམ་དཔའ་ཉོན།། འཇིག་རྟེན་ལྷས་བྱས་ལུང་བསྟན་པའི།། རྨི་ལམ་བཟང་ངན་གང་བྱུང་ཡང་།། བསླུ་བའི་བདུད་དུ་ཤེས་པའི ་ཕྱིར།། དམ་པར་གཏད་མེད་གང་བཞག་པ།། བསླུ་མེད་རྐྱེན་ཐུབ་ཆོས་སྐུར་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དམ་པ་གཉིད་ལོག་ཚེ།། དགེ་སྡིག་ལུང་མ་བསྟན་པའི་ཚེ།། གང་དམིགས་གང་ཡང ་མ་བསམ་པར།། ཆོས་ཉིད་ངང་ལ་གནས་པར་བྱ།། གང་ཡང་རྟོག་པ་མ་ཞུགས་ན།། བཟང་ངན་ཞེན་པ་རང་ཞི་སྟེ།། ཡེ་ཤེས་ཀློང་ཐིམ་རྐྱེན་རྣམས་ཐུབ།། དེ་ཕྱིར་ངེས་དོན་གདམས་ངག་ཆེ།། རྫོགས་པ་ཆེན་པོ་ལྟ་བའི ་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གཉིད་ཡེ་ཤེས་ཀློང་ཐིམ་དུ་རྐྱེན་ཐུབ་པར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་འདུས་པའི་དད་ལྡན་ལ། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། དུག་ལྔ ་རང་གྲོལ་བཀའ་སྩལ་པ།། ཉི་ཤར་མུན་སྒྲིབ་མེད་པ་བཞིན།། ལུང་ལྡན་མ་རིག་རྩད་གཅོད་ནས།། ངོ་བོ་རིག་པ་ཆོས་སྐུར་གསལ།། མ་རིག་མེད་པས་གཏི་མུག་སངས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྡུམ་བུ ་སད་ཀྱི་བསད་པ་ལྟར།། ཞེ་སྡང་ཡུལ་མེད་དོན་ཤེས་པས།། ལོག་གནོན་དྲན་པ་བསལ་བའི་ཕྱིར།། ཞེ་སྡང་རང་གྲོལ་རྐྱེན་རྣམས་ཐུབ།། རྨི་ལམ་འདོད་ཆགས་འཆལ་མེད་བཞིན།། སྔ་ཕྱིར་མ་སོང་དུས ་དེ་རུ།། ཕོ་མོ་འདོད་ཆགས་ཅི་སྤྱོད་ཀྱང་།། དེ་ཙམ་ཉིད་ན་སྐྱོན་མི་གོས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རི་བོ་ཆེན་པོའི་ཁར་ཕྱིན་ལྟར།། ང་རྒྱལ་ཆེན་པོའི་རྟོག་པ་འཆང་།། ལྷག་མཐོང་རིག་པའི་ཡེ་ཤེས ་ཀྱིས།། ང་རྒྱལ་རང་སར་རྐྱེན་ཐུབ་གྲོལ།། ལྟ་བ་མ་ནོར་གདེང་གི་འཕྲང་།། གོལ་སྒྲིབ་མེད་པའི་ཆོས་སྐུ་ལ།། ཕྲག་དོག་རང་སར་རྐྱེན་ཐུབ་ཕྱིར།། བ་མོ་ལ་ནི་ཉི་ཤར་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ངེས ་དོན་ཤེས་པས་གཏི་མུག་འཇོམས།། རང་རིག་དྲན་པས་ཞེ་སྡང་བརླག། བདེ་བ་ཞེན་མེད་འདོད་ཆགས་བྲལ།། ཡིད་ཆེས་འཛིན་མེད་ང་རྒྱལ་གྲོལ།། ཆོས་སྐུ་དྲན་པས་ཕྲག་དོག་དག། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། དོན་གྱི་ངོ་བོ་གནས་ལུགས་ལ།། སྒྲོ་སྐུར་གཉིས་ཀྱི་སྐྱོན་མེད་པས།། དུག་ལྔ་ཀུན་བརྟགས་རང་སར་གྲོལ།། དེ་ཕྱིར་ཆོས་སྐུ་སྙིང་པོར་གསུངས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི ་རྒྱུད་ལས། དུག་ལྔ་རང་གྲོལ་རྐྱེན་ཐུབ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པ་ཆོས་རྗེ་ཡིས།། བར་དོར་རྐྱེན་ཐུབ་བཀའ་སྩལ་པ།། ངེས་དོན་རྟོགས ་པའི་རྣལ་འབྱོར་པས།། དུས་ཀྱི་ཐ་མ་བྱུང་བའི་ཚེ།། སྣང་བ་སྐྱེ་དང་མཆེད་པ་དང་།། སྣང་བ་འགྱུར་ཞིང་ཐོབ་པའི་དུས།། ལུང་ལྡན་ངེས་པའི་གདམས་ངག་གིས།། བར་དོར་སྐྱེ་བ་མི་ལེན་པའོ།། རྐྱེན་ཐུབ་འབྲས་བུ ་སངས་རྒྱས་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྣང་བ་འགྱུར་ཞིང་སྤང་བའི་དུས།། བར་དོར་ལུས་གསུམ་མི་ལེན་པའོ།། ངེས་དོན་གདམས་ངག་དོན་དྲན་པས།། གཞི་གནས་མ་རིག་མེད་པའི་ཕྱིར།། རྐྱེན ་བཞིས་མ་བསྐྱེད་ལུས་མི་ལེན།། ཤེས་པ་ཆོས་སྐུ་འགྱུར་མེད་བརྟན།། མངོན་ཤེས་དྲུག་དང་རྗེས་དྲན་དྲུག། སངས་རྒྱས་ས་ཡི་ཡོན་ཏན་ཀུན།། ཐོགས་པ་མེད་པར་དུས་གཅིག་རྫོགས།། དེ་ཕྱིར་རྐྱེན་ཐུབ་ས་ཟིན ་པས།། མ་རིག་སངས་ལ་ཡེ་ཤེས་རྒྱས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་།། སངས་རྒྱས་ཡོན་ཏན་ཀུན་རྫོགས་ཕྱིར།། འགྲོ་དོན་གཟུགས་སྐུ་དུས་གཅིག་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཚེ་ཡེ་ཤེས ་སྣང་བ་ལས།། བག་ཆགས་བྲལ་བས་ཆགས་སྡང་མེད།། སྣང་བ་མེད་པས་ཞེན་པ་གྲོལ།། རིག་པ་གསལ་བ་ཆོས་སྐུར་ཤེས།། ལུས་ཅན་གང་ཡང་མེད་པའི་ཕྱིར།། ཕོ་མོ་མ་མཐོང་མངལ་མི་འཇུག། དེ་ཕྱིར་སྐྱེ་བ་མི ་ལེན་ངེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་འབྲས་བུ་སངས་རྒྱས་ནི།། རྣམ་དག་ཆོས་སྐུ་གཅིག་གཅིག་ལ།། ངེས་དོན་འབྲས་བུ་ལོགས་ན་མེད།། དྲང་དོན་སངས་རྒྱས་གྲངས་མང་ཡང་།། མཐར་ཐུག ་ཆོས་སྐུ་ཡིན་པའི་ཕྱིར།། བསྒྲུབ་པ་བས་ཀྱང་རྟོགས་པ་གཅེས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། སྲིད་པ་བར་མ་དོ་ལ་སྐྱེ་བ་ཕྱི་མ་མི་ལེན་པར་བསྟན་པའི ་ལེའུ་སྟེ་སོ་བཞི་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། འདུས་པའི་འཁོར་གྱིས་ཡང་གསོལ་པ།། ཐེ་ཚོམ་གེགས་རྣམས་བསལ་བའི་ཕྱིར།། གདམས་ངག་རྣམ་དབྱེ་ཇི་ལྟར་དབྱེ།། འཁྲུལ་པ་ལོག་པའི་རྟགས ་ཆེན་གང་།། ཐིག་ལེའི་ལ་ཤན་ཇི་ལྟར་དབྱེ།། ངེས་པར་ཐེ་ཚོམ་ཇི་ལྟར་བསལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལྷ་སྒོམ་སྤྱོད་པ་འབྲས་བུ་ཡི།། དབྱེ་བ་རྣམ་པ་དྲུག་དྲུག ་གི།། དབྱེ་བ་བསྟན་གྱིས་ལེགས་པར་ཉོན།། ལྟ་བའི་ངོ་བོ་ཤེས་རབ་སྟེ།། མོས་པའི་བློ་ཡིས་གང་བཟུང་བ།། དབྱེ་བ་རང་གནས་ངོ་བོ་ནི།། སྟོང་པར་ཁྱབ་པས་ནམ་མཁའ་འདྲ།། ངེས་ཚིག་ཆོས་སྐུར་ལྟ་བ ་ཡིན།། གོལ་ས་མ་རིག་རྟག་ཆད་གཉིས།། སྐྱོན་ནི་ཡུལ་སེམས་བསྲེ་བྱེད་པ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྒོམ་པའི་ངོ་བོ་མི་རྟོགས་པ།། དབྱེ་བ་མཐུན་པ་འབྲལ་མེད་དེ།། ཏིལ་གྱི་མར་མེ་དུད་མེད་འདྲ།། ངེས ་ཚིག་དབང་པོ་མ་ཡེངས་པ།། གོལ་ས་བྱིང་དང་རྒོད་པའོ།། སྐྱོན་ནི་ནན་གྱིས་གླེན་བསྒོམ་བྱེད།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། སྤྱོད་པའི་ཚུལ་ནི་མ་བཅོས་པ།། དབྱེ་བ་རིག་གསང་མཐུན་པའི་ཐབས།། ཚོམ་མེད ་གླང་ཆེན་ཆུར་འཇུག་འདྲ།། ངེས་ཚིག་ཤུགས་འབྱུང་བླང་དོར་མེད།། གོལ་ས་རང་རྒྱུད་ཉོན་མོངས་སྤྱོད།། སྐྱོན་ནི་ཆོས་བརྒྱད་ཡུལ་ལ་ཞེ་ན།། ད་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་ངེས་པའི་གདེང་ཟིན ་པས།། དབྱེ་ན་གནས་སྐབས་མཐར་ཐུག་འགྲུབ།། རིན་ཆེན་རྒྱན་གྱི་ཡོན་ཏན་འདྲ།། ངེས་ཚིག་བསླུ་མེད་རང་ཡིད་ཆེས།། གོལ་ས་འབད་པ་དོན་མེད་འཁྱམས།། སྐྱོན་ནི་ཕྱིས་འབྱུང་རེ་དོགས་བློ།། དེ་ཡང་རྡོ་རྗེ ་སེམས་དཔའ་ཉོན།། དེ་དག་དབྱེ་བ་ཐ་དད་ཀྱང་།། མ་རིག་རྨོངས་པ་བསྟན་པ་ལ།། ངོ་བོ་རང་བྱུང་ཉིད་འདི་ལས།། གཞན་དུ་གཡོས་པ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ་བལྟ་བའི་ཡང་སྙིང་། ནམ་མཁའ་ཀློང ་ཡངས་ཀྱི་རྒྱུད་ལས། གདམས་ངག་གི་དབྱེ་བ་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁྲུལ་ལྡོག་རྟགས་བདུན་ངས ་བཤད་ཀྱིས།། ལེགས་པར་ཟུང་ལ་ཡིད་ཀྱི་ཉོན།། ཆོས་རྣམས་ཀུན་གྱི་གཞི་ཤེས་པས།། འཁོར་འདས་གློ་བུར་འཁྲུལ་པར་ཤེས།། རེ་དོགས་མེད་པ་གཞི་ཤེས་རྟགས།། མཐའ་དྲུག་རྐྱེན་བཞི་འཛིན་མེད་པས།། ཡིད ་ཆེས་གདེང་གི་དོན་ཟིན་ནས།། ལྷན་ཅིག་མ་རིག་ལོག་པའི་རྟགས།། ཐོག་མའི་རང་བྱུང་ངོ་ཤེས་པས།། དུས་གསུམ་གཅིག་ཏུ་ཤེས་པའི་ཕྱིར།། འཁྲུལ་པའི་དུས་ལས་ལོག་པའི་རྟགས།། ཡུལ་ནི་མ་ངེས་སྣ་ཚོགས ་ཀྱང་།། ཆོས་བརྒྱད་ཞེན་པ་མེད་པའི་ཕྱིར།། ཀུན་བརྟགས་མ་རིག་ལོག་པའི་རྟགས།། ཟག་པ་རང་དུ་ཤེས་ཙམ་ན།། སྦྲུལ་དུ་འཛིན་པ་རང་སར་གྲོལ།། དཔེ་ལས་དོན་དུ་ལོག་པའི་རྟགས།། རྫུན་ལ ་བདེན་པར་མི་འཛིན་པས།། བསྒོམ་དུ་མེད་པ་རང་སར་གྲོལ།། འཁྲུལ་པའི་ངོ་བོ་ལོག་པའི་རྟགས།། མ་རིག་མེད་ཕྱིར་བག་ཆགས་བྲལ།། བླང་དོར་གཉིས་སོགས་དོན་དྲན་པས།། ལུགས་སུ་འཇུག་པ་ལོག་པའི ་རྟགས།། རང་གི་སེམས་ལ་དབང་ཐོབ་པས།། ཤེས་བཞིན་སྐྱེ་བ་དྲང་དོན་ཕྱིར།། སྐྱེ་ཤིའི་སྡུག་བསྔལ་ལོག་པའི་རྟགས།། ཤེས་རིག་རང་སེམས་སྙིང་པོ་སྟེ།། གློ་བུར་མ་ཡིན་ཡེ་གནས་པས།། ཤེས་རིག་དུས་གསུམ ་མི་འགྱུར་ཕྱིར།། ཆད་པའི་འཁྲུལ་པ་ལོག་པའི་རྟགས།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། དངོས་པོ་ཡུལ་ལས་འདས་པ་དེ།། ཤེས་རིག་རང་སེམས་སྙིང་པོ་སྟེ།། ཁ་དོག་དབྱིབས་མེད་གཉུག་མར་རྟོགས།། རྟག་པར་འཛིན། ་པའི་འཁྲུལ་ལོག་རྟགས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། འཇིག་རྟེན་འཁྲུལ་པ་དེ་དག་དང་།། མ་རིག་དབང་གི་ལོག་ལྟ་བ།། ནམ་ལངས་མུན་པ་མེད་པ་བཞིན།། དེ་ཉིད་རྟོགས་པས་འཁྲུལ་པ་སངས།། རྫོགས་པ ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་བར་འཁྲུལ་པ་ལོག་པའི་རྟགས་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས ་བཀའ་སྩལ་པ།། མྱང་འདས་འཁྲུལ་པ་ལོག་པ་དང་།། ཡུལ་སེམས་ཐ་དད་མི་འདོད་ཅིང་།། ཡེ་ནས་གཉུག་མའི་གཞི་ཤེས་པས།། འགྲོ་དོན་སྙིང་རྗེ་མི་འབྲལ་ན།། ཉན་ཐོས་འཁྲུལ་པ་ལོག་པའི་རྟགས།། སྣང་བ ་སེམས་སུ་མི་སྡུད་ཅིང་།། དོན་དམ་སྐད་ཅིག་མི་འདོད་པས།། འཕེལ་འགྲིབ་མེད་པའི་དོན་རྟོགས་ན།། སེམས་ཙམ་འཁྲུལ་པ་ལོག་པའི་རྟགས།། བདེན་པ་གཉིས་སུ་མི་རྟོག་ཅིང་།། ཡང་དག་སྟོང་པར་མི་འདོད ་པས།། རང་བྱུང་ཡེ་ཤེས་འགྱུར་མེད་དེ།། དབུ་མའི་འཁྲུལ་པ་ལོག་པའི་རྟགས།། ཡུལ་མེད་སེམས་སུ་མི་འདོད་ཅིང་།། སྔགས་དང་ཡིག་འབྲུ་ལྷར་མི་སྐྱེད།། རེ་དོགས་དངོས་གྲུབ་མི་འཚོལ་བས།། ཀྲི་ཡོག་འཁྲུལ་པ ་ལོག་པའི་རྟགས།། བདེན་པ་དབྱེར་མེད་མི་འདོད་ཅིང་།། ཏིང་འཛིན་རིམ་གྱིས་མི་བསྒོམ་པས།། རྩོལ་བ་མེད་པའི་དོན་རྟོགས་པས།། མ་ཧཱར་འཁྲུལ་པ་ལོག་པའི་རྟགས།། མཁའ་ཀློང་རོལ་པར་མི་འདོད ་ཅིང་།། སྙིང་པོ་དྲན་ཙམ་ལྷར་མི་བསྒོམ།། ངང་འཇོག་མི་དགོས་དོན་རྟོགས་པས།། ཨ་ནུར་འཁྲུལ་པ་ལོག་པའི་རྟགས།། དེ་རྟགས་བརྒྱད་ལྡན་སྐྱེས་བུ་ནི།། མི་ཡི་ལུས་ལ་སངས་རྒྱས་སྲས།། རིག་འཛིན་གདུང་འཚོ་བ ་སྤྲུལ་པའི་སྐུ།། དེ་ཡི་ཡོན་ཏན་བརྗོད་མི་ལངས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཐེག་པ་འོག་མ་པའི་འཁྲུལ་པ་ལོག་པའི་རྟགས་བསྟན་པའི་ལེའུ་སྟེ་སོ་བདུན ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ། ཀུན་རིག་སྟོན་པས་བཀའ་སྩལ་པ།། ཕྱི་ནང་མ་བཅོས་མྱ་ངན་འདས།། མྱང་འདས་དོན་ནི་ཆོས་ཀྱི་སྐུ།། ཆོས་ཀྱི་དབྱིངས་ན་ཆོས་སྐུའི ་འོད།། སྙིང་པོ་འབྲས་བུ་ཡེ་ཤེས་སྐུ།། སྙིང་པོ་ཀུན་ལ་ཁྱབ་ཅིང་འདུས།། ཐུགས་ཀྱི་ཉིང་ཁུ་ཡིན་པའི་ཕྱིར།། ཐིག་ལེ་འགྱུར་བ་མེད་པའི་ཕྱིར།། ཀུན་བཟང་རྡོ་རྗེའི་བྱིན་གྱིས་བརླབས།། ཚིག་ཏུ་མ་བཀོད་ཐུགས་ལ ་བརྒྱུད།། དོན་གྱི་གཏིང་ཕྱིན་བསྟན་པའི་ཕྱིར།། ཚིག་ཉུང་དོན་ལ་རྫོགས་པ་ཡིས།། ཐིག་ལེ་ལ་ཤན་དབྱེ་བ་ནི།། མཚན་ཉིད་བཏགས་པའི་ཐིག་ལེ་དང་།། གསང་སྔགས་གཞི་ཡི་ཐིག་ལེ་དང་།། རྫོགས་ཆེན་སྤྱི་ཡི་ཐིག ་ལེ་དང་།། ཡང་ཏི་ཐིག་ལེ་ཉག་གཅིག་དང་།། རེ་རེ་ལའང་བཞི་བཞི་སྟེ།། ངོ་བོ་དཔེ་དང་གཏན་ཚིགས་ཀྱིས།། འགྲོ་ས་ལ་ཤན་དབྱེ་བ་ཡང་།། རྩལ་གྱི་སྒོ་ནས་གསུམ་བསྟན་པ།། སྣང་བ་ཆོས་ཀྱི་དབྱིངས་ལས ་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བཏགས་པ་མིང་གི་ཐིག་ལེ་ནི།། མཚན་ཉིད་ཐེག་པ་རྣམ་གསུམ་སྟེ།། ངོ་བོ་རྣམ་ཤེས་ཚོགས་བརྒྱད་ལ།། དཔེ་ནི་དམུས་ལོང་གཡུ་རྡོ་འདྲ།། གཏན་ཚིགས་ངེས་པ་གང་ཡིན ་པ།། ཐིག་ནི་ཚོགས་བརྒྱད་སེམས་སུ་གཅིག། ལེ་ནི་ཁམས་གསུམ་ཡོངས་ལ་ཁྱབ།། འགྲོ་ས་སྲིད་པའི་ཡང་རྩེ་ཡིན།། གོལ་ས་སྐྱེ་མཆེད་མུ་བཞི་ལགས།། གཞི་ཡི་ཐིག་ལེ་བསྟན་པ་ནི།། གསང་སྔགས་ཕྱི་རྒྱུད་རྣམ་པ ་གསུམ།། ངོ་བོ་ཀུན་གཞིའི་རྣམ་ཤེས་ལ།། དཔེ་ནི་ས་དང་ཆུ་འདྲེས་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཀུན་གཞི་སེམས་ཀྱི་གཞི།། ལེ་ནི་འགྲོ་དྲུག་ཡོངས་ལ་ཁྱབ།། འགྲོ་ས་འདས་དང་མ་འདས ་པ།། དོན་གྱི་ཐིག་ལེ་བསྟན་པ་ནི།། རྫོགས་ཆེན་ཨ་ཏི་སྤྱི་ཡི་གཞུང་།། ངོ་བོ་ཀུན་གཞི་ལུང་མ་བསྟན།། དཔེ་ནི་ཞོ་དང་འོ་མ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཀུན་གཞི་གཉུག་མ་ལ།། ལེ་ནི་ཐམས ་ཅད་སེམས་སུ་སྣང་།། འགྲོ་ས་གར་འགྲོ་ངེས་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་ཐིག་ལེ་བཞི་བསྟན་པ།། ཐེག་པ་ཀུན་གྱི་སྒོ་བསྟན་ཕྱིར།། ཤན་གྱི་སྒོ་ནས་བསྟན་པ་ཡིན།། དོན་ལ་དབྱེར་མེད་དོ། ་བོར་གཅིག། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཐིག་ལེ་ཤན་དབྱེ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ ་པོ་ཡིས།། ལ་བཟླ་བ་ཡི་ཐིག་ལེ་གསུངས།། ནང་ནི་རིག་པ་ཆོས་སྐུ་ལ།། སྒྲ་མཐུན་དོན་དཔག་གཏན་ཚིགས་ཀྱིས།། དོན་གྱི་ངོ་བོ་གཉིས་སུ་འདུས།། ལ་བཟླ་གཅིག་གིས་ངང་དུ་རྫོགས།། དེ་ཡང་རྡོ་རྗེ་སེམས་དཔའ ་ཉོན།། རྟག་པའི་ཐིག་ལེ་ལ་བཟླ་ན།། ངོ་བོ་སྣང་ལ་རང་བཞིན་མེད།། དཔེ་ནི་ཉི་མའི་འོད་བརྡ་ལ་ལ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་དངོས་པོ་ཡུལ་དང་བྲལ།། ལེ་ནི་ཐམས་ཅད་རྒྱལ་བའི ་ཞིང་།། འགྲོ་ས་ཐིག་ལེ་ཕྱི་མའི་རྩལ།། གཞི་ཡི་ཐིག་ལེ་ལ་བཟླ་ན།། ངོ་བོ་རང་གི་མཐུ་དང་བྲལ།། དཔེ་ནི་དུག་ཉིད་སྨན་གྱི་ངང་།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་ཐམས་ཅད་མཁྱེན་པའི ་རྒྱུ།། ལེ་ནི་འགྲོ་དྲུག་ཡོངས་ལ་ཁྱབ།། ཡེ་ཤེས་ཀུན་གྱི་རྩལ་དུ་འགྲོ།། སྤྱི་ཡི་རྫོགས་ཆེན་ལ་བཟླ་ན།། ངོ་བོ་སྐུ་གསུང་ཐུགས་ཀྱི་རྒྱུ།། དཔེར་ན་ནོར་བུ་རིན་ཆེན་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་མ ་ནོར་དྲང་པོའི་ལམ།། ལེ་ནི་བརྡལ་བ་ཆེན་པོའི་ངང་།། འགྲོ་ས་ཐིག་ལེ་ཕྱི་མའི་རྩལ།། ཡང་ཏི་རྫོགས་ཆེན་ལ་བཟླ་ན།། འཁོར་འདས་མ་རིག་རང་བྱུང་ཞིང་།། ངོ་བོ་ཐིག་ལེ་ཉག་གཅིག་ཉིད།། དཔེ་ནི་ཉི་མའི་སྙིང་པོ ་འདྲ།། གཏན་ཚིགས་ངེས་པ་གང་ཡིན་པ།། ཐིག་ནི་བག་ཆགས་སྐྱོན་དང་བྲལ།། ལེ་ནི་ཉོན་མོངས་རྣམ་པར་དག། འགྲོ་ས་ཀུན་བཟང་སངས་རྒྱས་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཕྱི་ནང་མེད་པར་ཐིག་ལེ ་ལ།། འཁོར་འདས་མེད་པར་ཉག་གཅིག་མ།། སྣང་སྟོང་མེད་པར་ཕྲ་ལ་ཟབ།། ཐམས་ཅད་ཐིག་ལེར་སངས་རྒྱས་པས།། སྟེང་འོག་མཐའ་དབུས་མེད་པ་དང་།། ཕྱི་ནང་འཁོར་འདས་མེད་པ་ཀུན།། ཐམས་ཅད་ཐིག ་ལེ་ཆེན་པོ་ལས།། གཞན་གྱི་ཆོས་ནི་རྡུལ་ཙམ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ང་ཡི་སྐུ་གསུང་ཐུགས་ལ་ཚང་།། ཡེ་སངས་རྒྱས་པའི་རང་བཞིན་ལས།། ཡོན་ཏན་ནམ་མཁའི་མཐའ་ལས་འདས།། གཞན་ཡང ་ཆོས་ཀྱི་དབྱིངས་ཀྱི་ཀློང་།། རྫོགས་ནི་ལྷག་མ་མེད་པར་རྫོགས།། འཁོར་ནི་དུས་གསུམ་རྒྱལ་བར་ལྡན།། ཐམས་ཅད་ཀུན་ཏུ་བཟང་པོའི་ས།། སྐད་ཅིག་རྟོགས་པས་མངོན་སངས་རྒྱས།། རྟོགས་ཐབས་བཞི་ནི་བསྟན ་པར་ཟད།། དེ་ལས་མང་དུ་འབྱེད་པ་ནི།། ཐིག་ལེ་མ་ཡིན་འཆལ་ཚིག་ཡིན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཐིག་ལེ་ཉག་གཅིག་ལ་ལ་བཟླ་བའི་ལེའུ་སྟེ་སོ་དགུ་པའོ།། ། ་དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཟུང་ལྔ་ཡ་བཅུ་བདུད་གྱི་གེགས།། རིམ་པར་བཤད་ཀྱི་ཡིད་ཀྱིས་ཉོན།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པས།། རྟག་ཆད་མ་ཡིན་ཆོས ་སྒུསྐུར་ངེས།། སྣང་བ་ངེས་མེད་ཡིན་པའི་ཕྱིར།། ཡུལ་དང་གོལ་ས་བཅད་པ་གཅེས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་སེམས་ཡུལ་དང་ཡུལ་ཉིད་སེམས།། གཉིས་ཀ་མ་ཡིན་གཉིས་མེད་མིན།། ཐ་དད་མ་ཡིན་མི ་བསྡུ་བར།། ཞེན་མེད་རང་སར་གྲོལ་བའི་ཕྱིར།། སྣང་བ་མ་བཅོས་ཆོས་ཀྱི་དབྱིངས།། རྟོགས་དང་མ་རྟོགས་ཁྱད་པར་གྱིས།། སངས་རྒྱས་སེམས་ཅན་རྣམ་པ་གཉིས།། སོ་སོར་མ་ཡིན་གཅིག་པ་སྟེ།། གནས་སྐབས ་འབྲལ་མེད་མཐར་ཐུག་ཡོད།། ལས་དང་ཐུགས་རྗེ་ཐ་དད་ཕྱིར།། གདམས་ངག་མེད་ལ་ཕན་མི་ནུས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། འཁོར་འདས་འབྱུང་བ་རྟོག་པ་ཡིན།། ལོག་རྟོགས་ཡེ་ཤེས་ཐ་དད་ཀྱང་།། ངོ་བོ ་ཉིད་ཀྱི་གཞི་ལ་མེད།། སྣང་ལུགས་ཞེན་ངོར་ཅི་ཡང་འཆར།། རྣལ་འབྱོར་ཉམས་སུ་བླང་ཟབས་ཀྱིས།། བསྒོམ་དུ་ཡོད་མེད་གཉིས་ཀ་འགལ།། ཡོད་པར་སྒྲོ་བཏགས་རྟག་པར་འགྱུར།། མེད་པར་སྐུར ་བཏབ་ཆད་པར་འགྱུར།། དེ་ཕྱིར་ངེས་དོན་སྙིང་པོ་ནི།། མ་བསྒོམས་འབྲལ་མེད་དགོངས་པ་གཅེས།། ཟུང་ལྔ་ཡ་བཅུ་དེ་ལ་བྱ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། མ་ནོར་ངེས་པའི་ལུང་ཆེན་ནི།། སངས་རྒྱས་སེམས ་ཅན་གཉིས་ཀྱི་གཞི།། ངོ་བོ་ཉིད་ཀྱི་ཀུན་བཟང་གིས།། ཚིག་མེད་དོན་གྱི་རྟོགས་ཤར་བས།། དོན་ཉིད་ཚིག་ཏུ་འབྱུང་བའི་ཕྱིར།། ངེས་པ་ཡི་ནི་ལུང་དུ་བཤད།། ཀུན་བཟང་ང་ཡི་བྱིན་རླབས་ཀྱིས།། ཐུགས་ནས་སྙན་དུ ་གསུང་བརྒྱུད་པ།། ཚིག་མེད་དོན་ཆེན་རྟོགས་པའི་ཕྱིར།། ཚིག་ལ་བརྟེན་ནས་དོན་གོ་བས།། བླ་མ་སློབ་དཔོན་ཁྱད་པར་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཉམས་མྱོང་ཡོད་མེད་གཉིས་ཀ་སྐྱོན།། གང་ཡང་མི ་འགལ་གདམས་ངག་གི།། དོན་གསལ་ཡུལ་ལ་མ་ཡེངས་པ།། ཉམས་མྱོང་དམ་པར་ང་ཡི་བཤད།། རྣམ་རྟོག་ཐ་མལ་གློ་བུར་པ།། བཅོས་ན་ཐུལ་བའི་ཞི་གནས་ཡིན།། མ་བཅོས་བཀའ་ལ་དགོས་མེད་ཕྱིར།། བཅོས ་མེད་དྲན་པ་ཆོས་སྐུར་གསལ།། མདོ་རྒྱུད་ངེས་དོན་གང་ཡང་རུང་།། དྲང་བའི་དོན་ལ་ཁྱད་ཆེ་ཡང་།། གཞི་རྟོགས་བྱེད་པའི་ཐབས་ལ་འདྲ།། ངེས་པའི་དོན་ལ་ཁྱད་པར་མེད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ངེས ་དོན་ཆོས་སྐུར་བ་ཉིད་ལ།། ཡོད་མེད་འགལ་བ་མེད་ན་ཡང་།། ཡོད་ཀྱང་མ་རྟོགས་སེམས་ཅན་ལ།། ལུང་ལྡན་རྐྱེན་གྱི་གདམས་ངག་སྟོན།། དེ་ཕྱིར་མཐར་ཟུག་འབྲེལ་པ་ཡོད།། གཞི་ཉིད་འཁྲུལ་ལུགས་བློས་བཅོས ་པས།། མ་རིག་འཁྲུལ་ངོར་བདེན་འཛིན་ཀྱང་།། ཡར་ལྡན་མར་འཁྲུལ་གཞི་ལ་མེད།། དེ་ཕྱིར་འཁྲུལ་མེད་དོན་འདི་གཅེས།། བདུད་ཀྱི་གེགས་ནི་དེ་ལ་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་འགལ་བགེགས ་རྣམ་མང་ཡང་།། བློ་ཡིས་བྱས་པ་ཐམས་ཅད་མིན།། ངོ་བོ་ཉིད་སྐུ་ངོས་ཟིན་ན།། ཐེ་ཚོམ་ཐམས་ཅད་ཤུགས་ལ་ཆོད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང ་ཡངས་ཀྱི་རྒྱུད་ལས། ཐེ་ཚོམ་གྱི་གེགས་བསལ་བའི་ལེའུ་སྟེ་བཞི་བཅུ་པའོ།། །། དེ་ནས་འདུས་པའི་རྒྱལ་པོ་ལ།། འདུས་པའི་འཁོར་གྱི་འདི་སྐད་གསོལ།། ཐིག་ལེ་གཅིག་ཏུ་འདུས་པ་ཡིས།། ཕྱི་ནང་ཆོས་རྣམས་ཇི ་ལྟར་རྫོགས།། གོལ་ས་སྒྲིབ་པ་ཇི་ལྟར་མེད།། ཉམས་རྟོགས་དོན་ལྡན་ཇི་ལྟར་འབྱུང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཐིག་ལེ ་གཅིག་དུ་རྫོགས་པ་ཡི།། རང་སེམས་སྙིང་པོ་བྱང་ཆུབ་དེས།། སྙིང་རྗེ་བྱ་མེད་དོན་ཟིན་པས།། སེམས་བསྐྱེད་གོང་འོག་དེ་ལ་རྫོགས།། དད་པ་སྔོན་དུ་དྲན་བྱས་པས།། མི་དམིགས་དོན་ལ་མ་བལྟས་ཀྱང་།། བྱིང་རྒོད ་གཉིས་ཀྱི་རྐྱེན་བྲལ་བས།། ཞི་གནས་བསམ་གཏན་དེ་ལ་རྫོགས།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། སྒྱུ་མ་ལྟ་བུར་རབ་ཤེས་པས།། རང་བཞིན་མེད་པའི་ལྷག ་མཐོང་རྫོགས།། འཇིག་རྟེན་གོལ་བར་དོན་རྟོགས་པས།། སེར་སྣ་འཛིན་པའི་དོན་མེད་ཕྱིར།། རེ་བ་མེད་པའི་བསམ་པ་ཡིས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། མ་ནོར་ཁྲིམས་ལས་མི་འདའི་ཕྱིར།། ལུས་ངག་ཡིད ་ཀྱི་ལས་རྣམས་ཀུན།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། ཟབ་ལ་རྒྱ་ཆེའི་ལྟ་བ་ཡིས།། ཡིན་དང་མིན་པའི་ཆོས་རྣམས་ཀུན།། ཆོས་ཀྱི་དབྱིངས་སུ་ཀུན་ཤོང་བས།། བཟོད་པའི་ཕ། ་རོལ་ཕྱིན་པ་རྫོགས།། ངོ་བོ་ཉིད་ལས་འབྲལ་མེད་ཕྱིར།། ཆེད་དུ་མི་བསྒོམ་ད་ལྟ་ཉིད།། ལྟ་བའི་དོན་ལ་ཡེངས་མེད་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། གཞི་གསུམ་དུས་གསུམ་འབྲལ་མེད་པས།། ཡེ ་ཤེས་ཀུན་ཏུ་རྒྱུན་མི་ཆད།། སྙིང་པོའི་དོན་ལས་མ་གཡོས་པས།། བསམ་གཏན་ཕ་རོལ་ཕྱིན་པ་རྫོགས།། དང་པོ་འཁོར་བ་རྩད་གཅོད་པ།། ཡེ་ཤེས་རིག་པའི་ངོས་ཟིན་ཕྱིར།། ཡིད་ཆེས་གདེང་གིས་ཐག་ཆོད་པས།། ་ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་ཕྱིར་ཡུལ་གྱི་རྣམ་པ་ལ།། སྤོང་སྡུད་ཞེན་པ་མེད་པའི་ཕྱིར།། སྣང་བ་གང་ཡང་མི་འགོག་པས།། ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། ཚེ་རབས ་སྔོན་ནས་སྦྱངས་པའི་ཕྱིར།། མི་གནས་བླ་མེད་དོན་རྟོགས་པས།། ད་ལྟའི་ཉིད་དུ་རང་ཡིད་ཆེས།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། རང་སེམས་སྙིང་པོ་རྟོགས་པའི་ཕྱིར།། མ་རིག་སྒྲིབ་པ་ཟིལ་གནོན་པར།། ལུས ་ངག་རྩོལ་བ་མི་དགོས་པས།། སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། འཁོར་འདས་གཉིས་མེད་གོང་རོལ་དུ།། སྐྱེ་ཤི་མེད་པར་ཐག་ཆོད་དེ།། བྱང་ཆུབ་སེམས་ལ་འགྱུར་མེད་པས།། ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས།། ལྟ ་བ་རྟོགས་པའི་རྣལ་འབྱོར་པས།། ལུས་ངག་དོན་ལས་མ་ཉམས་པས།། ཕྱི་ནང་སྤྱོད་པའི་དོན་ཟིན་ཕྱིར།། ཚོགས་ཆེན་མ་ལུས་དེ་ལ་རྫོགས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད ་ལས། ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་རྫོགས་པར་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། ལས་ཅན་རྣལ་འབྱོར་དོན་ལྡན ་གྱིས།། ཡེ་དབང་སྙིང་པོ་སེམས་ཉིད་དོན།། ཆོས་ཉིད་རིག་པའི་དབང་ཐོབ་པས།། ཕྱི་ནང་དབང་རྣམས་དེ་ལ་རྫོགས།། ལྟ་བ་ངེས་པའི་གདེང་ཟིན་པས།། མི་རྟོག་ཡེ་ཤེས་གེགས་བསལ་བས།། རྣམ་པར་རྟོག་པའི ་བགེགས་མེད་ཕྱིར།། ཕྱི་ནང་མཚམས་བཅད་དེ་ལ་རྫོགས།། ཡེ་ནས་ངོ་བོ་ཉིད་སྐུ་ལས།། བསྒྲུབ་ཏུ་མེད་པའི་ཆོས་ཉིད་ལ།། མ་རིག་རྣམ་རྟོག་སྒྲིབ་པ་མེད།། དོན་གྱི་བཤགས་པ་དེ་ལ་རྫོགས།། སངས་རྒྱས་སེམས ་ཅན་གཉིས་མེད་ཕྱིར།། ཡུལ་དང་དབང་པོ་མི་འབྱེད་པ།། གཉིས་མེད་དོན་གྱི་ཀློང་ཁྱབ་པས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། རང་བྱུང་ཡེ་ཤེས་ཀུན་ཁྱབ་ཕྱིར།། དུག་ལྔར་རང་གྲོལ་དོན་རྟོགས ་པས།། ཉོན་མོངས་བདུད་རྩི་ཆེན་པོ་ལ།། ཡེ་ཤེས་བྱིན་རླབས་དེ་ལ་རྫོགས།། དབང་པོ་ཡུལ་གྱི་རྣམ་པ་ལ།། དངོས་པོ་འབྱུང་བའི་རྩ་བ་དེ།། ས་ཆུ་མེ་རླུང་ཀུན་ཁྱབ་པས།། དབང་ཆེན་རིམ་པ་དེ་ལ་རྫོགས།། གདན ་དང་ཡིག་འབྲུ་ལ་སོགས་པ།། རང་གི་སེམས་ཀྱི་ཆོ་འཕྲུལ་ཏེ།། ཕྱོགས་བཅུར་རང་བཞིན་ལྷུན་གྲུབ་པས།། ཞལ་ཡས་ཁང་ཆེན་དེ་ལ་རྫོགས།། འཁོར་འདས་བཟང་ངན་མི་འབྱེད་པར།། རིག་ཚོར་དོན་གྱི་ལྷ་ཡིན ་པས།། མ་བཙལ་ལྷུན་གྱིས་གྲུབ་པ་ལས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། ངོ་བོ་ཉིད་ཀྱི་སྙིང་པོ་ལ།། སངས་རྒྱས་སེམས་ཅན་རྒྱུ་གཅིག་པས།། ཆེད་དུ་བྱར་མེད་རང་རིག་ཕྱིར།། སྤྱན་དྲངས་བསྟིམ་པ་དེ་ལ ་རྫོགས།། གཞི་ལ་སྣང་བ་མེད་པའི་ཕྱིར།། རང་གི་དྲན་རྟོག་ཅིར་སྣང་ཡང་།། སྐྱེ་མེད་ཆོས་ལས་མི་འདའ་བས།། ཟིལ་གྱི་གནོན་པ་དེ་ལ་རྫོགས།། ཐམས་ཅད་འདྲེས་པ་ཆེན་པོ་ལ།། རྣམ་པར་གྲོལ་བ་མཚོན་པའི ་ཕྱིར།། རིག་པའི་དོན་འདི་གསལ་ཐེབས་པས།། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། ལུས་ངག་ལས་ཀྱི་རྣམ་པ་ལ།། དྲང་བའི་དོན་གྱིས་ཟིན་པའི་ཕྱིར།། བསྐུལ་བསྐྱོད་ཐམས་ཅད་ཡེ་ཤེས་ལ།། ཕྱག་རྒྱའི་མཆོད་པ་དེ་ལ ་རྫོགས།། ཡེ་ཤེས་སྙིང་པོ་བྱང་ཆུབ་ལ།། བློ་དང་དངོས་པོ་གཅིག་པའི་ཕྱིར།། སེམས་དང་ཆོས་སྐུའི་དོན་འབྱོར་པས།། སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས།། ཡེ་ནས་གནས་པའི་དོན་གོ་བས།། སྐྱེ་ཤི་མེད་པར་ཐག ་བཅད་ཕྱིར།། ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས།། མཐར་ཕྱིན་སྨོན་ལམ་དེ་ལ་རྫོགས།། སངས་རྒྱས་ཆེ་བའི་ཡོན་ཏན་རྣམས།། ད་ལྟ་ཉིད་དུ་རྟོགས་པའི་ཕྱིར།། སྐུ་གསུང་ཐུགས་ཀྱི་དོན་ཚང་བས།། བཟླས་བརྗོད ་འཕྲོ་འདུ་དེ་ལ་རྫོགས།། དགའ་ལྡན་ལྷ་དང་འབྱོར་ལྡན་ཚོགས།། ངེས་པའི་ལྟ་བས་གདེང་ཟིན་པས།། སྣོད་བཅུད་ཡེ་ནས་ཚོགས་ཡིན་ཕྱིར།། ཚོགས་ཀྱི་མཆོད་པ་དེ་ལ་རྫོགས།། གཙོ་འཁོར་བཟང་ངན་མི་འབྱེད། ་པས།། ཕུད་དང་ལྷག་མ་ངོ་བོ་གཅིག། བདེ་ཆེན་གཉིས་མེད་རང་སེམས་ལ།། ལྷག་མའི་མཆོད་པ་དེ་ལ་རྫོགས།། བྱ་བ་མེད་པའི་ཏིང་འཛིན་གྱིས།། མི་བཟུང་ཡེ་ཤེས་ཆེན་པོ་ལ།། རང་གི་རིག་པ་གསལ་ཐེབས ་པས།། གཏོར་མའི་མཆོད་པ་དེ་ལ་རྫོགས།། འཁོར་བ་མྱ་ངན་འདས་པའི་ཆོས།། ཐིག་ལེ་གཅིག་ཏུ་འདུས་པའི་ཕྱིར།། ཅི་སྤྱོད་རང་གི་ལུས་ངག་ལ།། དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས།། དེ་རྟོགས་རྣལ་འབྱོར་ཆེན ་པོ་ལ།། ཡེ་ཤེས་ཆེན་པོ་རྫོང་གི་ལུས།། ཡེ་ཤེས་ལྷུན་གྲུབ་གོ་ལྡན་པས།། བཀའ་ནན་ལུས་བསྲུང་དེ་ལ་རྫོགས།། ཡེ་ནས་སངས་རྒྱས་ཡིན་པའི་དོན།། རང་གི་སེམས་ཀྱིས་ཤེས་པའི་ཕྱིར།། གཉིས་མེད་དོན་དུ་སངས ་རྒྱས་པས།། དགེ་བ་བསྔོ་བ་དེ་ལ་རྫོགས།། ཆོས་ཀྱི་སྐུ་ལ་མངའ་བརྙེས་པས།། ཡོན་ཏན་ཐམས་ཅད་རང་ལས་སྦྲུལ།། གཞན་དོན་བྱ་བ་སྨོས་ཅི་དགོས།། ཡེ་ནས་ལྷུན་གྲུབ་དེ་ལ་རྫོགས།། རྫོགས་པ ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཕྲིན་ལས་མཛད་སྤྱོད་རྫོགས་པའི་ལེའུ་སྟེ་ཞེ་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ ་པ།། འཁོར་འདས་མ་རིག་རྫོགས་ཆེན་ལ།། གོལ་སྒྲིབ་མེད་པར་བསྟན་པ་ཡང་།། བཅུ་གཉིས་དགུ་ཡིས་དོན་བསྟན་པ།། ཡིད་ལ་མ་བརྒྱུས་གོལ་ས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཕྱི་རོལ་ཡུལ་གྱི་ཐ་སྙད ་ལ།། དམ་པར་ཞེན་པའི་རྟོག་པ་ཡིས།། བྱུང་ཚོར་རྗེས་སུ་མ་འབྲངས་པས།། འཇིག་རྟེན་ཕལ་པའི་སར་མི་གོལ།། རང་གི་སེམས་ཀྱི་སྙིང་པོ་འདི།། དྲན་རྟོག་བློ་ཡི་རྣམ་པ་ཡིས།། ཡོད་མེད་ཡུལ་དུ་མ་བསྒོམས ་པས།། རྟག་ཆད་མཐར་ནི་དེ་མི་གོལ།། ལུང་རིག་མན་ངག་ལ་བརྟེན་ནས།། ཐོས་བསམ་ལྟ་བས་ཡིད་ཆེས་པས།། ཤེས་རབ་བཟང་མོའི་དོན་ཟིན་པས།། ལུང་དུ་མ་བསྟན་དེར་མི་གོལ།། མི་དམིགས་པ་ལ་བློ་གཏོད ་ཅིང་།། བྱིང་རྒོད་རྣམ་གཉིས་བསལ་བ་ཡིས།། ཞི་གནས་རོ་ལ་མ་ཞེན་པས།། སེམས་འཛིན་བསམ་གཏན་སར་མི་གོལ།། ཕྱི་རོལ་ཡུལ་གྱི་སྣང་བ་ལ།། རང་གི་སེམས་དང་མ་འབྲེལ་ཕྱིར།། སྒོ་ལྔའི་རྣམ་ཤེས་མི ་དགག་པས།། འདུ་ཤེས་མེད་པར་དེ་མི་གོལ།། རང་བྱུང་རང་སྣང་འདི་ཉིད་ལ།། སེམས་ཀྱི་རྩོལ་བའི་གཉེན་པོ་ཡིས།། རྣམ་རྟོག་མ་སྤངས་རང་ཞི་བས།། ཉན་ཐོས་འགོག་པར་དེ་མི་གོལ།། ཕྱི་རོལ་རྟེན་འབྲེལ་བཅུ ་གཉིས་ལ།། བརྟེན་ནས་སེམས་ཀྱི་རྒྱུ་བ་ཡིས།། རྟོག་དགག་སྟོང་པར་མི་བསྒོམ་པས།། རང་རྒྱལ་སེམས་སུ་དེ་མི་གོལ།། ཡུལ་མེད་སེམས་སུ་བློས་བསྡུས་པས།། དོན་དམ་རང་གི་ཤེས་པའི་དོན།། རང་རིག་སྐད ་ཅིག་མི་བསྒོམ་པས།། སེམས་ཙམ་ལྟ་བར་དེ་མི་གོལ།། ཡུལ་འདི་ཀུན་རྫོབ་བློས་བྱས་ཏེ།། གཏན་ཚིགས་དག་གིས་གཞིག་བྱས་ནས།། མཚན་མ་སྟོང་པར་མི་བསྒོམ་པས།། དབུ་མ་གཉིས་སུ་དེ་མི་གོལ།། རེ་དོགས ་ལས་ཀྱི་རྩོལ་བ་ཡིས།། དགེ་བ་བཅུ་ཡི་སྙིང་པོ་ལ།། རྒྱུ་འབྲས་རྐྱེན་ལ་མི་ལྟོས་པར།། འདུས་བྱས་ཆོས་སུ་དེ་མི་གོལ།། རང་སེམས་སྙིང་པོ་ངོ་བོ་ཉིད།། རྟོག་པའི་རྐྱེན་གྱིས་མི་འགྱུར་ཕྱིར།། འཁོར་འདས་གཉིས་ལ ་མི་དཔྱོད་པས།། ལས་ཀྱི་དབང་དུ་དེ་མི་གོལ།། སྤོང་སྡུད་སེམས་ཀྱི་རྟོག་པ་ལ།། སྐྱོན་ཡོན་གཉིས་སུ་མི་བལྟ་ཞིང་།། མི་རྟོག་དབེན་པའི་ཡུལ་མེད་པས།། ཕྲ་བའི་ལམ་དུ་དེ་མི་གོལ།། སྨོན་འཇུག་གཉིས་ལ་མི་བརྟེན ་ཅིང་།། ཚོགས་གསོགས་དམ་པར་མི་ལྟ་བས།། ལམ་ལྔ་རིམ་གྱིས་མ་སྦྱངས་ཕྱིར།། ས་བཅུ་འགྲོད་པར་དེ་མི་གོལ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས།། ་བསམ་གཏན་གྱི་གོལ་ས་མེད་པར་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་དེས།། འདུས་པའི་འཁོར་ལ་ཡང་གསུངས་པ།། ཆོས་ཉིད་དག་པའི་ངང་ལས་ནི།། རིགས ་གསུམ་དཀྱིལ་འཁོར་ལྟར་མ་བསྐྱེད།། དག་གཞིའི་ཏིང་འཛིན་མི་བསྒོམ་པས།། ཀྲི་ཡའི་ཐེག་པར་དེ་མི་གོལ།། ལྟ་བ་ཡོ་གར་བལྟ་བ་དང་།། སྤྱོད་པ་ཀྲི་ཡར་སྤྱོད་པ་དང་།། རྣམ་གཉིས་འཛིན་པར་མི་བསྒོམ ་པས།། ཨུ་པ་ཡར་ནི་དེ་མི་གོལ།། ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཀྱི།། ཆོ་འཕྲུལ་ལྷ་ཡི་ང་རྒྱལ་གྱིས།། བྱང་ཆུབ་རྣམ་ལྔ་མི་བསྒོམས་པས།། ཡོ་གའི་སེམས་དཔར་དེ་མི་གོལ།། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི།། རྟོག ་ཚོགས་དགྲ་རྣམས་མང་པོ་ཡིས།། རྣམ་རྟོག་ལྷར་ནི་མ་བསྒྱུར་བས།། མ་ཧཱ་ཡོ་གར་དེ་མི་གོལ།། ལས་ཀྱི་ཕྱག་རྒྱ་གཞིར་བཞག་ནས།། རྩ་དང་ཐིག་ལེ་བདེ་བ་ཡི།། ཐབས་ཀྱིས་འཛིན་པ་མ་བསྒོམས་པས།། ཆགས ་པའི་ལམ་དུ་དེ་མི་གོལ།། ཀུན་གཞི་དག་པའི་མཁའ་ཀློང་དུ།། བདེ་ཆེན་གཉིས་མེད་རིག་པའི་རྩལ།། འདུ་འབྲལ་མེད་འཇོག་ཡིད་མེད་པས།། ཨ་ནུ་ཡོ་གར་དེ་མི་གོལ།། འཁོར་འདས་གཉིས་ཀྱི་རྣམ་པ་ལ།། ཡིན ་དང་མིན་པའི་ཆོས་རྣམས་ཀུན།། སེམས་ཀྱིས་མཚོན་དུ་མེད་རྟོགས་པས།། མཚན་མའི་རྐྱེན་དུ་དེ་མི་གོལ།། རྣལ་འབྱོར་སྤྱོད་པ་རྣམ་གསུམ་གྱིས།། ཞུམ་པ་མེད་པའི་སེམས་ཉིད་ཀྱིས།། བརྟུལ་ཞུགས་ཕྱི་ནང་མི ་དགོས་པས།། རེ་དོགས་སྤྱོད་པར་དེ་མི་གོལ།། སྣང་བ་རང་གི་བློས་བྱས་པའི།། ཡུལ་སེམས་བསྲེ་བའི་ལྟ་བ་ཡི།། གཉིས་མེད་དོན་ལ་མི་གཏོད་པས།། ཕྱོགས་ཅན་ལྟ་བར་དེ་མི་གོལ།། རང་སེམས་སྙིང་པོ་ཆོས་ཀྱི ་སྐུ།། ལྟ་བ་རྟོགས་པའི་དོན་ཉིད་ལས།། དེ་ལས་གཞན་དུ་མི་རྩོལ་བས།། གོལ་སྒྲིབ་བྱ་བའི་མིང་མེད་དོ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གསང་སྔགས་གོལ་ས་མེད་པར ་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སྒྲིབ་པ་དག་པའི་མཚན་ཉིད་ནི།། བླ་མ་དམ་པའི་གདམས་ངག་གིས།། ཡེ་ཤེས་ཆེན་པོར་ངོས ་འཛིན་པས།། སྐབས་འབྱེད་སྒྲིབ་པ་དེ་ལ་མེད།། ཀུན་གཞི་གཞི་ཆ་རང་གསལ་ལ།། སྔ་ཕྱིར་རྗེས་སུ་མ་འབྲེངས་པས།། རང་སེམས་ཆོས་སྐུ་ངོས་ཟིན་པས།། བསླད་པའི་སྒྲིབ་པ་དེ་ལ་མེད།། ཀུན་བརྟགས་མ་རིག ་རྐྱེན་བྱས་པས།། འཁྲུལ་པ་དག་གི་ཡུལ་རྣམས་ནི།། སྔ་ཕྱི་གློ་བུར་དངོས་མེད་པས།། ཕྱོགས་ལྷུང་སྒྲིབ་པ་དེ་ལ་མེད། ཀུན་བཟང་ཉིད་ཀྱི་བཀའ་ཉིད་ལས།། བླ་མའི་གདམས་ངག་མ་ཆད་ཅིང་།། ལྟ་བ་ངེས་པའི ་གདེང་ཟིན་པས།། ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། ཞི་རྒྱས་དབང་དང་དྲག་པོ་དང་།། ས་མ་ཏི་ཡི་དགོངས་པ་ཡིས།། བླ་ན་མེད་པའི་དོན་རྟོགས་པས།། ལས་བཞིའི་སྒྲིབ་པ་དེ་ལ་མེད།། འཁོར་འདས་མ་རིག་ངོས་ཟིན ་པས།། མ་བསྒོམས་དོན་དང་མི་འབྲལ་ཕྱིར།། མ་ཆགས་མི་གཡོ་སྟོབས་ལྡན་པས།། མཆོད་པའི་སྒྲིབ་པ་དེ་ལ་མེད།། རང་རིག་རྟོགས་པའི་ཉམས་དང་ནི།། སངས་རྒྱས་བཀའ་དང་མཐུན་པའི ་ཕྱིར།། ངེས་པའི་དོན་ལ་ཡིད་ཆེས་པས།། ཐེ་ཚོམ་སྒྲིབ་པ་དེ་ལ་མེད།། དེ་ལ་སོགས་པའི་གོལ་སྒྲིབ་རྣམས།། བརྒྱ་དང་བརྒྱད་ཅུ་གྲངས་མང་ཡང་།། སྤོང་སྡུད་ཞེན་པ་གསུམ་དུ་འདུས།། དེ་ལས་གཞན་པའི་གོལ་སྒྲིབ ་མེད།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། མ་རིག་རྩོལ་བའི་སྒྲིབ་པ་མེད་པར་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ ་པོས་ཡང་གསུངས་པ།། ཡང་དག་སེམས་ཀྱི་ཉིང་ཁུའི་དོན།། ཡེ་ནས་ཆོས་སྐུ་འབྲལ་མེད་ཕྱིར།། ཉམས་ཀྱི་རིམ་པ་ལྔ་གསུངས་པ།། དང་པོ་མཁའ་ལ་ཉི་ཤར་བཞིན།། མ་རིག་སྒྲིབ་པ་མེད་རྟོགས་པས།། རང་རིག ་ཆོས་སྐུར་ཡིད་ཆེས་དོན།། ཚིག་མཐས་མ་རེག་རང་གསལ་ཉམས།། གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན།། རྟོགས་དང་མི་རྟོགས་ཐམས་ཅད་དུ།། ལྟ་བ་སེམས་ཀྱི་སེམས་ཉིད་གསལ།། རང་རྒྱུད་ཟིལ་གྱིས་གནོན ་པའི་ཉམས།། སྐྱེས་བུ་བྱ་བ་བཏང་བ་བཞིན།། སྣང་བའི་གཟུགས་སོགས་གང་ལ་ཡང་།། བརྟག་དཔྱད་མ་བྱས་སྒོ་ལྔ་གསལ།། སྣང་བ་ཆོས་ཉིད་གདེང་ལྡན་ཉམས།། འབྱུང་བ་ནམ་མཁའ་མི་འགྱུར་ལྟར།། ཡུལ་གྱི ་བདེ་སྡུག་སྒྲ་སྐད་ཀྱིས།། གནོད་མེད་ཆོས་སྐུ་མི་འགྱུར་ཕྱིར།། ཡེངས་པ་རང་སར་གྲོལ་བའི་ཉམས།། རིན་ཆེན་གླིང་དུ་ཕྱིན་པ་བཞིན།། དུས་དང་རྣམ་པ་ཐམས་ཅད་དུ།། ཅི་དྲན་ལྷག་མཐོང་རིག་པར་འགྱུར།། འབྱུང ་འཇུག་མེད་ཕྱིར་འབྲལ་མེད་ཉམས།། དེ་དག་ལྔ་ལྡན་སངས་རྒྱས་ཉིད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྤྲིན་ལས་ཆར་རྒྱུན་འབབ་པ་བཞིན།། རང་རྒྱུད་ཞེན་མེད་ཆགས་པ་ཆུང་།། གཅིག་པུར་དགའ་ལ་འདུ་འཛི ་སྤོང་།། གཡོ་བ་ལས་སུ་རུང་བའི་རྟགས།། འབབ་ཆུ་ད་ལ་དྲག་སྙོམས་པ་བཞིན།། ངང་ངམ་ཤུགས་ཀྱིས་ཡེ་ཤེས་གསལ།། འཁོར་བའི་ཆོས་ལ་ཤིན་ཏུ་སྐྱོ།། གོམས་པའི་རྟགས་ཆེན་ཡིན་པར་བཤད།། རྒྱ་མཚོའི ་གཏིང་ནི་མི་གཡོ་ལྟར།། འཁོར་འདས་དངོས་པོ་ཅིར་མ་མཐོང་།། དེ་ཕྱིར་ཉོན་མོངས་ཡུལ་མེད་པས།། བརྟན་པ་ཐོབ་པའི་རྟགས་སུ་བསྟན།། དྲང་སྲོང་བཟོད་ལྡན་དཔེ་བཞིན་དུ།། ལུས་ཀྱིས་བཟོད་པ་ཐོབ་པ ་དང་།། གཉིད་ཀྱི་རྟོག་པ་ཆོམས་པའི་ཕྱིར།། ཕྱི་ནང་དབུགས་ཀྱི་ཆ་སྙོམས་པས།། འཇིག་རྟེན་ཆོས་བརྒྱད་བྲལ་བ་རྣམས།། བར་དོར་མངོན་སངས་རྒྱ་བའི་རྟགས།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ ་ཀློང་ཡངས་ཀྱི་རྒྱུད་ལས། ཉམས་དང་རྟགས་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་ཚོགས་ཀྱི་དོན་གྱི་ཕྱིར།། ཡིད་ལ་དྲན་པས་འདི་སྐད ་གསོལ།། འབྲས་བུ་ཡོན་ཏན་གདུལ་བྱ་ཡི།། ལྟ་བའི་དམ་ཚིག་ཉམས་པ་གང་གིས་བསྐང་།། རྩ་བ་གཅིག་པའི་བདེན་པ་གང་།། སྣང་མེད་རིག་པའི་རྟོགས་དུས་ནམ།། རྟོགས་པའི་མཛད་སྤྱོད་ཇི ་ལྟར་སྤྱོད།། ཀུན་རིག་རྒྱལ་པོས་ལུང་བསྟན་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལྟ་བ་ཉམས་པ་སྐོང་ཐབས་ནི།། ཉེས་འགྱོད་ཡིད་ལ་བྱས་ནས་སུ།། བླ་མ་མཁས་པ ་དོན་ལྡན་ལ།། དབང་རྣམས་རིམ་པར་ནོས་ནས་ནི།། རང་སེམས་དཔང་བཙུག་དོན་ཞུས་ནས།། རྒྱུན་དུ་མི་གཏོང་གུས་པའི་ཆོས།། ལྟ་བས་སེམས་རྟོགས་མ་བརྗེད་པས།། རྒྱུན་དུ་མི་འབྲལ་སྒོམ་པའི་མཆོག། རྟགས ་ནི་ཤིན་ཏུ་གསལ་བའི་ཉམས།། བརྩོན་འགྲུས་མ་ཡེངས་གུས་པའི་ཐབས།། ཤེས་རབ་གོ་བ་དད་པའི་ཐབས།། རང་སེམས་གདེང་ནི་འགྱུར་བ་མེད།། ཡུལ་ནི་མ་འགགས་ཆོས་ཀྱི་དབྱིངས།། སྤྱོད་པ་མ་འགགས་ཁོང ་ཁྲེལ་མེད།། གཡོ་སྒྱུ་མེད་པའི་དམ་ཚིག་གིས།། བརྩེ་གདུང་ཆོས་བྱེད་མི་འགྱོད་པ།། རིག་པ་སོ་ཐུབ་དགོན་པའི་མཆོག། བག་ཆགས་རྗེས་མེད་ཤེས་རབ་སྟེ།། རྒྱུན་དུ་གསལ་འདེབས་ཆོས་སྤྱོད་ཡིན།། ཐེ་ཚོམ་མི་ཟ ་བསྐངས་པའི་ཚད།། དེས་བསྐང་གདེང་ཆེན་ངས་བཤད་ཉོན།། རང་བཞིན་དག་པའི་ངོ་བོ་ལ།། མིང་གི་ཐ་སྙད་འཛིན་མེད་པས།། ཡུལ་ལ་མི་ཞེན་རང་སར་གྲོལ།། བསམ་གཏན་བཙལ་མེད་ཉམས་ཀྱི་གདེང་།། ཕན ་གནོད་བྱེད་པ་གང་འཕྲད་ཀྱང་།། བྱམས་སྡང་གཉིས་ནི་སྐྱེས་པའི་ཚེ།། མཉམ་ཉིད་རིག་པས་གསལ་ཐེབས་ན།། བློ་དངོས་གཉིས་མེད་ཉམས་ཀྱི་གདེང་།། ཀུན་བཟང་གཤིན་རྗེ་གང་འོངས་ཀྱང་།། གཞི་ལ་མེད་ཅིང ་འཁྲུལ་པར་རྟོགས།། གཉིས་ཀ་སྤང་ལེན་མེད་རྟོགས་ན།། ལྟ་བ་གདེང་ལྡན་ཉམས་ཀྱི་གདེང་།། ཐེག་པའི་བྱེ་བྲག་ཅི་གསུངས་ཀྱང་།། བཟང་ངན་སྒོ་སྐུར་མེད་རྟོགས་ན།། ཡིད་ཆེས་དོན་ལ་བློ་གནས་པས།། ཆོས་ལ ་བཟོད་པ་ཐོབ་པའི་གདེང་།། ལུས་ཀྱི་བདེ་སྡུག་ཅི་བྱུང་ཡང་།། སྐྱོན་ཡོན་མེད་པའི་དོན་དྲན་ན།། སྔ་ཕྱི་མ་བསླངས་དོན་ལྡན་པས།། ཆོས་ཉིད་རང་གསལ་ཉམས་ཀྱི་གདེང་།། གནོད་པར་བྱེད་པ་ནད་དང ་བགེགས།། རྟོག་པས་བཏགས་པ་ཡིན་ཤེས་ནས།། མི་གཏོང་དོན་ལྡན་རྣལ་འབྱོར་པས།། དངོས་གྲུབ་བཙལ་མེད་ཉམས་ཀྱི་གདེང་།། སེམས་ལ་སྐྱེ་ཤི་མེད་པའི་ཕྱིར།། འཇིག་རྟེན་གནས་ནི་གར་འདུག་ཀྱང་།། སྐྱེ ་འགག་མེད་པའི་དོན་ལ་གནས།། འབྲལ་མེད་དགོངས་པ་ཉམས་ཀྱི་གདེང་།། རྟགས་ཆེན་གདེང་ལྡན་རྣལ་འབྱོར་པས།། ཅི་སྤྱད་སངས་རྒྱས་ཡེ་ཤེས་ཐུགས།། མི་ལུས་རིན་ཆེན་འདི་ཉིད་ལ།། ལྷ་མིས་ཕྱག་འཚལ ་མཆོད་པར་འགྱུར།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ལྟ་བ་ཉམས་པ་བསྐངས་པའི་ཚད་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །། དེ་ནས་འདུས་པའི་འཁོར་རྣམས ་ལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། འཁོར་འདས་འབྱུང་བའི་རྩ་བ་ནི།། ཕ་མ་མེད་པའི་བུ་བཞི་ཡོད།། དེ་ཡང་གདོད་ནས་གཅིག་ལས་གཉིས།། གསུམ་ལ་འབྲེལ་ཡོད་གཅིག་ལ ་མེད།། བདེན་མཐོང་སྣང་མེད་རྟོགས་དུས་ཡིན།། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། གཅིག་ནི་ནམ་མཁའི་མཐོངས་སུ་ཚར།། མིང་ནི་འབྱུང་བ་རྣམ་པ་ལྔ།། སྣང་སྲིད་ཀུན་གྱི་མེས་པོར་སྣང་།། ཕྱི་ནང་སྣོད ་བཅུད་དེ་ལས་བསྐྱེད།། གཅིག་ནི་ཆོས་ཀྱི་དབྱིངས་སུ་ཚར།། མིང་ནི་ཆོས་སྐུ་ཀུན་ཏུ་བཟང་།། སངས་རྒྱས་ཀུན་གྱི་མེས་པོར་གྲགས།། ཐེག་པའི་ཆོས་རྣམས་དེ་ལས་བྱུང་།། གཅིག་ནི་མ་རིག་མུན་པར་ཚར།། མིང་ནི ་འགྲོ་དྲུག་སེམས་ཅན་ཏེ།། ཆགས་སྡང་ལྔ་ལ་ལོངས་སྤྱོད་པས།། འཁོར་བའི་སྡུག་བསྔལ་དེ་ལ་སྨིན།། གཅིག་ནི་འཁོར་འདས་གོང་དུ་ཚར།། མིང་ནི་ངོ་བོ་ཉིད་ཀྱི་སྐུ།། འཁོར་འདས་རབས་ཆད་ཡང་མེས་པོ།། དེ ་རྟོགས་གདོད་ནས་སྐྱེ་ཤི་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྐལ་ལྡན་རྣམས་ཀྱི་རང་རིག་པ།། ཚིག་ཏུ་མཚོན་པར་མི་ནུས་ཀྱང་།། སེམས་ལ་རྟོགས་པ་ཡོད་པའི་ཕྱིར།། དོན་ཆེན་ཡི་གེ་དམ་པའི་མཆོག། ལྟ་བ ་རང་སེམས་ངོ་བོ་ཉིད།། འཁོར་འདས་གཉིས་ལས་འདས་པའོ།། སྒོམ་དུ་མེད་པ་ཡིད་ལས་དྲན།། རང་སེམས་སྙིང་པོ་རྟོགས་པའི་ཐབས།། དེ་ཕྱིར་སེམས་ཀྱིས་སེམས་རྟོགས་ནས།། དེ་ཡང་དངོས་པོར་ཅང་མ ་མཐོང་།། རིག་པ་ཡེ་ཤེས་ཆོས་ཉིད་ནི།། དུས་གསུམ་དག་ཏུ་སྐྱེ་འགག་མེད།། སྔར་མ་མཐོང་བའི་དོན་མཐོང་བ།། བློ་ལ་རྒྱུརྒྱས་པ་ཁོ་ནར་ཟད།། དེ་ལྟར་རིག་པའི་དོན་མཐོང་ན།། མཚན་མར་མཐོང་བ་ཅི་ཡང ་མེད།། རིན་ཆེན་ངན་ཁུང་སྟོར་གྱུར་ཀྱང་།། དེ་ཡི་ཡོན་ཏན་མཁའ་ལ་འབྱུང་།། དེ་བཞིན་རང་སེམས་ངོ་བོ་ཉིད།། མངལ་དུ་རང་སེམས་བྱིང་འགྱུར་ཀྱང་།། རང་གསལ་ཡེ་ཤེས་རྒྱུན་མི་འཆད།། རྫོགས་པ་ཆེན་པོ་ལྟ ་བཔབའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ངེས་པའི་བདེན་པ་མཐོང་བར་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། སྣང ་མེད་རིག་པ་བཀའ་སྩལ་པ།། བུམ་པའི་ནང་གི་མར་མེ་བཞིན།། ལུས་ཀྱི་ནང་ན་ཆོས་སྐུ་གསལ།། ནང་ནས་སྒོ་ལྔའི་འོད་ཤར་བས།། སྣང་བ་གྲོགས་སུ་འོང་བ་སྙམ།། དེ་ཚེ་ཐ་མལ་ལུས་འདི་ལ།། བརྟེན་པའི་རྣལ ་འབྱོར་ལས་ཅན་ཀུན།། སྣང་མེད་རིག་པ་རྒྱུན་མི་འཆད།། དེ་ཉིད་སངས་རྒྱས་དེ་ལས་འབྱུང་།། དེ་སེམས་མ་བཅོས་ངང་གིས་གསལ།། གསལ་ཡང་ཡུལ་ལ་ཞེན་མེད་གྲོལ།། ལུས་ཀྱི་ནང་ན་སངས་རྒྱས་གནས།། དེ ་ཕྱིར་ལུས་ལ་སྨད་མི་བྱ།། དཔེར་ན་ཅང་ཤེས་རྟ་ཕོ་ཡིས།། ཡིད་ཀྱིས་བསམ་སར་ལུས་ཀྱིས་ཕྱིན།། དེ་བཞིན་གང་དྲན་ཆོས་སྐུར་གསལ།། སྒྲིབ་པ་ནུབ་པ་བྱ་བ་མེད།། དེ་ཕྱིར་ཅི་སྤྱོད་ཡེ་ཤེས་ལ།། འཕེལ་འགྲིབ ་མེད་པར་རང་སེམས་རྟོགས།། དེ་དོན་རྟོགས་པའི་མཆོག་ཡིན་པས།། སངས་རྒྱས་ཀུན་དང་དགོངས་པ་གཅིག། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། དཔེར་ན་རེག་འཇམ་སྤུ་ཡིས་ནི།། གང་རེག ་འཇམ་ཞིང་སྦྲུས་མི་གོས།། དེ་བཞིན་རྣལ་འབྱོར་ཡུལ་ཕྲད་ཀྱང་།། དེ་ལ་སྐྱོན་གྱིས་གོས་པ་མེད།། དེ་ཕྱིར་དུས་རྣམས་ཀུན་ཏུ་ནི།། འབྲལ་མེད་ཡེ་ཤེས་ཐུགས་ལ་གསལ།། དེ་ཚེ་རང་ཉིད་རྟོགས་པའི་ཐབས།། དུས ་འདི་ཉིད་དུ་རྟོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་ནམ་མཁའ་ལྡིངས་ཆེན་ནི།། བདག་གཞན་ཀུན་ལ་མཛེས་པ་བཞིན།། རྣལ་འབྱོར་སོ་ཐུབ་བག་ཟོན་ཅན།། གོལ་ས་མེད་ཅིང་སྒྲོ་སྐུར ་སྤང་།། དཔེར་ན་ཆུ་གཏིང་རྒྱ་མཚོའི་གསེར།། བསྐལ་པར་བཞག་ཀྱང་གཡས་མི་གོས།། དེ་བཞིན་དོན་རྟོགས་རྣལ་འབྱོར་པས།། འཁོར་བར་གནས་ཀྱང་གོས་པ་མེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན ་དབུས་ཀྱི་མཆོག་རབ་ནི།། འགྱུར་བ་མེད་པར་བརྟན་པ་སྟེ།། དེ་ཕྱིར་རང་བྱུང་མ་བལྟས་གསལ།། དེ་ཕྱིར་ཆོས་ཉིད་མི་འགྱུར་བརྟན།། དེ་ལ་རྟོག་པས་མི་གོས་ཏེ།། ད་ལྟ་ཉིད་དུ་རྟོགས་པའི་ཐབས།། དེས་ན་ཚེགས ་མེད་དོན་པོ་ཆེ།། བསམ་པ་ཙམ་གྱིས་འགྲུབ་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་སེམས་རྟོགས་པའི་འབྲས་བུ་ལ།། བསྟུན་ཏེ་ཅིག་ཅར་འཇུག་ནུས་ན།། བསྒོམ་པའི་ཐུན་ལ་རིང་ཟུང་མེད།། ནམ ་འགྲུབ་སྙམ་པའི་ཁར་མ་ལུས།། མཉམ་པའི་དོན་ལ་ཡེ་གནས་པས།། འབྲས་བུ་རིག་པ་ད་ལྟ་ཉིད།། དེ་ཉིད་མི་བརྗོད་དོན་ལྡན་པས།། མྱང་འདས་ཞེས་ནི་དེ་ལ་བྱ།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ ་ཀློསློང་ཡངས་ཀྱི་རྒྱུད་ལས། སྣང་མེད་ཀྱི་རིག་པའི་རྟོགས་དུས་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ང་ཡི་མཛད་སྤྱོད་ཆེན་པོ་ནི།། སྐུ ་མེད་གཟུགས་སྐུར་བྱུང་བས་ནི།། ཐམས་ཅད་ཟིལ་གྱིས་གནོན་པར་བྱེད།། ཚིག་མེད་རིག་པའི་གསུང་གིས་ནི།། སངས་རྒྱས་བསྟན་པ་རྒྱས་པར་སྒྲོགས།། རྣམ་པར་རྟོག་མེད་ཡེ་ཤེས་ཐུགས།། ཅིར་ཡང་ས་ལེ་ཐམས ་ཅད་མཁྱེན།། སྟོང་གསུམ་འཇིག་རྟེན་ཐམས་ཅད་ནི།། ང་ཡི་བཞུགས་གནས་གཟིགས་མོའི་ས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྤྲོས་ཀྱང་ང་ལ་བསྡུས་ཀྱང་ང་།། ང་ཡི་སྐུ་གསུང་ཐུགས་ལས་ནི།། འཁོར་བ་བྱ་བ ་གདོད་ནས་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་གནས་པའི་གཞི་ཉིད་ནི།། ཆོས་ཀྱི་སྐུ་ཡི་ཐུགས་སུ་བསྟན།། དེ་ཉིད་རྟོགས་པའི་ཡེ་ཤེས་དེ།། ཆོས་ཀྱི་སྐུ་ཡི་ལོངས་སྤྱོད་ཐུགས།། དྲན་རྟོག་དོན་དུ་ཤེས་པ ་དེ།། ཆོས་ཀྱི་སྐུ་ཡི་སྤྲུལ་པའི་ཐུགས།། དོན་ལྡན་གཟུགས་ཀྱི་ཕུང་པོ་འདི།། ལོངས་སྤྱོད་རྫོགས་པའི་ཆོས་ཀྱི་སྐུ།། དབང་པོ་མ་འགགས་གསལ་བ་དེ།། ལོངས་སྤྱོད་རྫོགས་པའི་ལོངས་སྤྱོད་སྐུ།། བསྐུལ་བསྐྱོད་ཡན ་ལག་གང་ཡང་ནི།། ལོངས་སྤྱོད་རྫོགས་པའི་སྤྲུལ་པའི་སྐུ།། དོན་ལྡན་ཚིག་ཏུ་བརྗོད་པ་དེ།། སྤྲུལ་པའི་སྐུ་ཡི་ཆོས་སྐུའི་གསུང་།། དངོས་མེད་ཚིག་ཏུ་གསལ་བ་དེ།། སྤྲུལ་པའི་སྐུ་ཡི་ལོངས་སྤྱོད ་གསུང་།། ཚིག་ལ་བརྟེན་ནས་དོན་གོ་བས།། སྤྲུལ་པའི་སྐུ་ཡི་གསུང་ཡིན་ཕྱིར།། ད་ལྟའི་ཆོས་སྐུ་ཁ་མིག་ཅན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་བྲལ་སྐད་ཅིག་དེ་ཉིད་ལ།། བར་དོར་མངོན་སངས་རྒྱ་བ ་ཉིད།། མངལ་གྱི་སྒྲིབ་བསྐྱོད་ཡན་ལག་གང་ཡང་ནི།། ལོངས་སྤྱོད་རྫོགས་པའི་སྤྲུལ་པའི་སྐུ།། དོན་ལྡན་ཚིག་ཏུ་བརྗོད་པ་དེ།། སྤྲུལ་པའི་སྐུ་ཡི་ཆོས་སྐུའི་གསུང་།། དངོས་མེད་ཚིག་ཏུ་གསལ་བ་དེ།། སྤྲུལ་པའི་སྐུ་ཡི ་ལོངས་སྤྱོད་གསུང་།། ཚིག་ལ་བརྟེན་ནས་དོན་གོ་བས།། སྤྲུལ་པའི་སྐུ་ཡི་གསུང་ཡིན་ཕྱིར།། ད་ལྟའི་ཆོས་སྐུ་ཁ་མིག་ཅན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ལུས་བྲལ་སྐད་ཅིག་དེ་ཉིད་ལ།། བར་དོར་མངོན་སངས ་རྒྱ་བ་ཉིད།། མངལ་གྱི་སྒྲིབ་གཡོགས་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་གུད་ན་མེད།། གཟུགས་མེད་རིག་པའི་ཡེ་ཤེས་དེ།། དུས་གསུམ་དག་ཏུ་འགྱུར་མེད་པས།། རྒྱལ་བ་སངས་རྒྱས་ཆོས་ཀྱི་སྐུ།། ལུས་ནི་ཡེ་ཤེས ་ཆེན་པོའི་ལུས།། ཐུགས་ནི་ཡེ་ཤེས་ཐམས་ཅད་མཁྱེན།། གཞན་དོན་ཅི་བསམ་འགྲུབ་པ་ཡིས།། གཟུགས་སྐུ་རྣམ་གཉིས་ཤུགས་ལས་འབྱུང་།། དེ་ཡང་རང་རང་འཁོར་རྣམས་ལས།། གང་གིས་གང་ལ་ཅི་རིགས ་སུ།། སེམས་ཅན་བསམ་པའི་ཁྱད་པར་ལས།། ཡིད་བཞིན་དབང་པོ་གང་འདོད་སྟོན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ལྔ ་བཅུ་ཟམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སངས་རྒྱས་རྣམས་དང་རིག་འཛིན་ཚོགས།། མཁའ་འགྲོ་ཆོས་སྐྱོང་དད་ལྡན་རྣམས།། ང་ཡི་བྱིན་གྱིས་བ ་རླབས་པ་ཡིས།། རང་རང་རྟོགས་པ་འདིར་སྤྲོས་ཤིག། དེ་སྐད་ཅེས་ནི་གསུངས་པ་དང་།། རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།། བསོད་སྐྱོབ་འཁོར་འཇིག་རིན་ཆེན་མང་།། སངས་རྒྱས་མར་མེ་མཛད་རྣམས ་ཀྱིས།། རང་རང་དགོངས་པ་ལས་ལངས་ནས།། གོ་རིམ་བཞིན་དུ་རྟོགས་པ་བརྗོད།། སྐྱེ་མེད་རིག་པ་འདི་ཉིད་ལ།། འགག་མེད་རིག་པ་རང་ཤར་བས།། གསལ་ལ་རིག་པ་བྱང་ཆུབ་རྒྱུན།། མ་བསྒོམས་གོལ་མེད ་ཆོས་ཀྱི་སྐུ།། ངེས་པའི་ལུང་དང་མཐུན་པ་ཡི།། རྟོག་པའི་ཡེ་ཤེས་མ་འགགས་གསལ།། བརྗེད་མེད་རིག་པ་འདི་ཉིད་ལ།། ངོས་གཟུང་མེད་པས་རང་ཡིད་ཆེས།། མ་བཙལ་རིག་པ་བྱང་ཆུབ་སྐུ།། ཀུན་གཞི་གཞི་ཆ་དེ ་ཉིད་ལས།། རང་གསལ་ངོ་བོ་བདེ་ཆེན་ཀློང་།། ཡིད་ཆེས་དོན་ལ་འགྱུར་བ་མེད།། གསལ་དྲན་སྟོང་པ་ཆེན་པོ་ལ།། བྱིང་རྒོད་ཞེན་འཛིན་སྐྱོན་བྲལ་བས།། ངང་དུ་བཞག་པས་ཅི་ཡང་མེད།། དེ་ཙམ་ཉིད་ན་ལྟ་སྒོམ ་གཅིག། སྣང་བ་མེད་པའི་ཡེ་ཤེས་འདི།། རྒྱུ་རྐྱེན་མ་བྱས་རང་སེམས་དོན།། ཡིན་ལ་རང་སེམས་ཆོས་སྐུར་གསལ།། མ་རིག་རྟོག་པ་གདོད་ནས་སངས།། ཤེས་པ་རང་ལུགས་འདི་ཉིད་ལ།། ཅི་ཡང་མི ་བསྒོམ་ད་ལྟ་ཉིད།། འདུ་ཤེས་མ་བཟུང་དོན་གསལ་བ།། ཡེ་ཤེས་ཟང་ཐལ་ཉམས་མེད་རྟགས།། དངོས་མེད་ལྟ་བ་ཤེས་ཤིང་རིག། རིག་ཙམ་ཉིད་ནས་ངང་གིས་སྟོང་།། རིག་སྟོང་གསལ་བ་མཐའ་དབུས་མེད།། གང ་དྲན་ངོ་བོ་ཡེ་ཤེས་ཐུགས།། ཡེ་ཤེས་སྐུ་ནི་ཡང་སྟོན་ཅིག། ལོག་དད་སེལ་དང་འོད་སྲུང་དང་།། རིན་ཆེན་སྙིང་པོ་དབང་པོ་ཞི།། པདྨ་བརྩེགས་དང་གསེར་ཐུབ་དང་།། ཤཱཀྱ་ཐུབ་རྣམས་གོ་རིམ་བཞིན།། རང་རང ་རྟོགས་པ་འདི་བརྗོད་པ།། ནམ་མཁའ་ལྟ་བུར་ཁྱབ་པ་ཡིས།། རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ།། སྣང་སྲིད་གསལ་ལ་སྤོང་སྡུད་མེད།། རིག་པ་གསལ་བ་ཡེ་ཤེས་ཡིན།། ཕྱི་རོལ་ཡུལ་གྱི་སྣང་བ་ཡིས།། འཁོར་འདས་མི ་རྟོག་ས་ལེ་བ།། གཉེན་པོས་མི་བསྒོམ་ད་ལྟ་ཉིད།། རང་བྱུང་དེ་ཉིད་ཆོས་སྐུ་ཡིན།། རང་ལ་གནས་པའི་དོན་རྟོགས་པས།། མ་བསྒོམས་རིག་པ་འདི་ཉིད་ལ།། ནང་གསལ་ཕྱི་ལ་མ་ཡེངས་པས།། རྐྱེན་བཞིས་མི་ཤིགས ་རྡོ་རྗེ་འདྲ།། དངོས་མེད་སེམས་ཀྱི་ཡེ་ཤེས་འདི།། གསལ་ལ་འཛིན་པ་རྡུལ་ཙམ་མེད།། འཛིན་མེད་རིག་པ་འདི་ཉིད་ལ།། དེ་ལ་ཆེད་དུ་བསྒོམ་མི་དགོས།། ཆོས་ཉིད་གནས་ལུགས་ཞེས་བྱ་བ།། སྐྱེ་བོ་རང་སེམས་ཡིན། ་རྟོགས་ན།། གཞན་དུ་མི་བསྒོམ་ད་ལྟའི་སེམས།། དེ་ཉིད་ལས་ནི་བོགས་མི་འདོན།། དང་པོའི་ངོ་བོ་ཉིད་ཀྱི་སྐུ།། དེ་རྟོགས་ཆོས་སྐུ་འགྱུར་མེད་ལ།། མ་བཅོས་རང་གསལ་འཛིན་མེད་པས།། དེ་ལས་གཞན་པ་བསྒོམ ་དུ་མེད།། རྒྱུན་གྱི་གདམས་ངག་དོན་རྙེད་པས།། ཐ་མལ་ལུས་དང་བཅས་པ་ཡིས།། རང་སེམས་སྙིང་པོ་རྟོགས་པའི་ཕྱིར།། ད་ལྟའི་ཆོས་སྐུ་ཁ་མིག་ཅན།། ལུས་ཀྱི་ནང་ན་ཡེ་ཤེས་བཞུགས།། དེ་ཡང་ཀུན་བཟང་ངེས ་པར་གསོན།། མེ་ཏྲི་མཐུ་ཆེན་ཐོབ་དང་ནི།། ཐུགས་རྗེ་ཅན་དང་འཇམ་པའི་དཔལ།། དྲི་མ་མེད་དང་ཕྱག་ན་རྡོར།། དགའ་བའི་དབང་པོ་རྣམས་ཀྱིས་ནི།། རང་རང་རྟོགས་པའི་དོན་བརྗོད་པ།། ད་ལྟའི་ཤེས་པ་འདི ་ཉིད་ལས།། གཟུང་འཛིན་མེད་པའི་བྱང་ཆུབ་སེམས།། དེ་ལ་ཡིད་ཆེས་རིག་པའི་རྒྱུན།། ལྷུན་གྱིས་གྲུབ་ཅེས་དེ་ལ་བྱ།། འཁྲུལ་པའི་རྟོག་པ་ཅིར་སྣང་ཡང་།། དོན་གྱི་དགག་བསྒྲུབ་མ་ཞུགས་ན།། ཟབ་ཅིང་ཆ་ཕྲ ་རྟོགས་དོན་དེ།། རྒྱལ་བ་རྣམས་ཀྱི་དགོངས་པ་ཡིན།། སྔ་ཕྱི་ཞེན་པའི་ཡུལ་རྣམས་ལ།། རྟོག་པ་མ་ཞུགས་ཡེངས་མེད་དོན།། བསྒོམ་དུ་མེད་པར་ཡེ་ནས་ཤེས།། དེ་ཙམ་ཉིད་ན་རྒྱུན་མི་འཆད།། དུས་དང་གནས ་སྐབས་ཐམས་ཅད་དུ།། རང་སེམས་རྣལ་དུ་རིག་པ་ལ།། རྒྱུན་མི་འཆད་དུ་ཡེ་ཤེས་གསལ།། དེ་ཉིད་དོན་ལ་འགྱུར་བ་མེད།། སྐྱེ་ཤི་མེད་པར་རང་གི་སེམས།། དེ་རྟོགས་བསྒོམ་དུ་རྡུལ་ཙམ་མེད།། དེ་ཉིད་རིག་པ་བྱང ་ཆུབ་སྐུ།། མ་བསྒོམས་འབྲལ་མེད་བདེ་བའི་མཆོག། བརྗོད་དུ་མེད་པའི་ཤེས་རབ་ལས།། དམིགས་པ་མེད་པའི་ཏིང་འཛིན་གསལ།། མ་བསྒོམས་ཡེ་ཤེས་ད་ལྟ་ཉིད།། འབྱུང་འཇུག་མེད་པ་རྒྱུན་དུ ་གནས།། རང་སེམས་སྙིང་པོ་འདི་ཉིད་ནི།། ཅི་ཡང་མ་བཅོས་རང་རིག་གསལ།། དེ་ཉིད་རང་རིག་བྱང་ཆུབ་སེམས།། དེ་ལ་མི་བཙལ་དོན་ལ་བཞག། དུས་གསུམ་སངས་རྒྱས་དེ་དག་གིས།། རང་རང་རྟོགས་པ ་བརྗོད་པའི་ཕྱིར།། དེ་དོན་སངས་རྒྱས་ཐམས་ཅད་ཀྱི།། དགོངས་པ་གཅིག་ཕྱིར་ཡེ་ཤེས་མཐུན།། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས ་པ་བརྗོད་པའི་ལེའུ་སྟེ་ང་གཅིག་པའོ།། །། དེ་ནས་རིག་འཛིན་སེམས་དཔའ་ནི།། རྡོ་རྗེ་སྣང་བ་ཡེ་ཤེས་སྤྱན།། ཡེ་ཤེས་དཔལ་དང་རྡོ་རྗེ་དབྱིངས།། ཡོན་ཏན་སྙིང་པོ་དཔལ་འབར་བ།། སྐྱོན་མེད་གྲགས་དང ་དཔལ་ལྡན་བདེ།། གྲུབ་པ་རྩལ་དང་ལས་ཀྱི་སེམས།། གོ་རིམ་བཞིན་དུ་རྟོགས་བརྗོད་པ།། ཐོག་མའི་ཡེ་ཤེས་འདི་ཉིད་ནི།། དམིགས་འཛིན་མེད་པར་ངང་གིས་གསལ།། འགག་པ་མེད་ལ་རིག་པ་སྟོང་།། དེ་ལས་མི ་འདའ་སངས་རྒྱས་ཐུགས།། རིན་ཆེན་འོད་ཀྱིས་མུན་སེལ་ལྟར།། རང་སེམས་རྟོགས་པའི་དོན་འདི་ལ།། དྲན་པ་མ་ཡིན་མ་རིག་མེད།། གང་ཡང་མ་བསམ་འགྱུར་མེད་དོན།། སྤྲོས་བྲལ་གཉུག་མའི་སེམས་འདི ་ལ།། གོལ་ས་ལྟ་བར་ཤེས་པའི་ཕྱིར།། བཙལ་དུ་མེད་དེ་ཡུལ་ལས་འདས།། བསྒོམ་དུ་མེད་ཕྱིར་ཡེངས་པ་མེད།། འདུས་མ་བྱས་པའི་ཡེ་ཤེས་ནི།། སྐྱེ་ཤི་མེད་པ་རང་གི་སེམས།། ཞེ་སྡང་སྐྱོན་གྱིས་མི་གོས་ཏེ།། དོན ་ལྡན་ཕྱིར་ན་རང་སར་གྲོལ།། ད་ལྟའི་རང་སེམས་འདི་ཉིད་ལ།། འགག་པ་མེད་པས་རིག་པ་སྟོང་།། ཅི་སྤྱད་དོན་ལས་མི་འདའ་བར།། སྙིང་པོའི་དོན་ལ་འགྱུར་བ་མེད།། ཇི་བཞིན་པ་ལ་མ་སྐྱེས་ཕྱིར།། ང་རྒྱལ་སྐྱེ ་མེད་ངོ་བོ་ཉིད།། དེ་ཕྱིར་མི་དམིགས་ཆོས་ཀྱི་སྐུ།། བཙལ་བས་མི་འགྱུར་བདེ་ཆེན་ཀློང་།། དུས་གསུམ་མེད་དེ་རང་སེམས་ལས།། དངོས་མེད་ཡེ་ཤེས་གསལ་བའི་ཕྱིར།། གཟུང་དུ་མེད་པར་ཞེ་མ་གཅོད།། ཅི་སྤྱོད ་ཆོས་ཉིད་ལོངས་སྤྱོད་རྒྱན།། ལྔ་ཕྱི་མ་སོང་དོན་གསལ་དོན།། ཕོ་མོ་ཆགས་པ་ཅི་སྤྱད་ཀྱང་།། གོལ་མེད་ཡེ་ཤེས་རྒྱུན་མི་ཆད།། བདེ་ཆེན་ལོངས་སྤྱོད་ཆེན་པོར་ཤར།། རེ་དོགས་མེད་པའི་ལྟ་བ་ལ།། རྩོལ་མེད་པ་ཡི ་ཏིང་འཛིན་གསལ།། རང་ཡིད་ཆེས་ལ་ཁར་མི་ཐོན།། དེ་ཉིད་བྱང་ཆུབ་བདེ་བའི་ཀློང་།། ནོར་བུ་ཆུ་དངས་དཔེ་བཞིན་དུ།། སྣང་སྲིད་གསལ་ལ་ཞེན་མེད་དོ།། དྲན་པ་ཙམ་གྱིས་ཡེ་ཤེས་གསལ།། དེ་ཕྱིར་ཉམས་ཀྱི ་དམ་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྒྱལ་སྲས་སྤྲུལ་པ་དད་ལྡན་གྱིས།། རང་རང་རྟོགས་པའི་དོན་བརྗོད་པ།། ཞལ་མཐོང་སྤྲུལ་པ་བདག་གིས་ནི།། དུས་གསུམ་རང་སེམས་འགྱུར་མེད་དེ།། མཐའ ་དབུས་མེད་པར་རིག་པ་གསལ།། གང་ཡང་མ་སྤངས་གནས་སུ་དག། དེ་ཉིད་རྟོགས་པ་ཆོས་ཀྱི་སྐུ།། དད་ལྡན་རྣལ་འབྱོར་བདག་ཅག་གིས།། ཆོས་སྐུ་རང་ཆས་དོན་རྟོགས་པས།། ངེས་པའི་ལྟ་བའི ་གདེང་ལྡན་པས།། རྩོལ་ཞིང་སྒྲུབ་པའི་ནད་དང་བྲལ།། རེ་དོགས་མེད་པར་ལམ་དུ་རྟོགས།། དེ་སྐད་བརྗོད་ཅིང་གསལ་བའི་དོན།། ཐུགས་ཀྱི་དགོངས་པ་བཀའ་སྩལ་པ།། ལེགས་སོ་དོན་ལྡན་འཁོར ་རྣམས་ཉོན།། ཤེས་རབ་བློ་ཡིས་ཁྱད་པར་འཕགས།། ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ངོ་བོ་གཅིག། གཅིག་ལ་རྟོགས་ཚུལ་ཀུན་གྱི་ངང་།། དོན་ལ་འགྱུར་བ་རྡུལ་ཙམ་མེད།། རྫོགས་པ་ཆེན་པོ ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ་སྟེ་ང་གཉིས་པའོ།། །། དེ་ནས་དུས་གསུམ་སངས་རྒྱས་དང་།། རིག་པ་འདུས་པའི་རྒྱལ་སྲས་འཁོར།། དད ་ལྡན་ལ་སོགས་འཁོར་རྣམས་ཀྱིས།། རང་སེམས་རྟོགས་པ་མངོན་འགྱུར་ནས།། དགའ་བའི་སེམས་ཀྱིས་ཡིད་རངས་ཏེ།། ཀུན་ཏུ་བཟང་ལ་འདི་སྐད་གསོལ།། འབྲས་བུའི་སངས་རྒྱས་ད་ལྟ་ཉིད།། རང་སེམས་མ་དང ་ཏུག་གིས་ཕྲད།། དེ་ཕྱིར་ཆོས་སྐུ་ད་ལྟ་ཉིད།། སེམས་དཔའ་རྡོ་རྗེ་དགེ་བ་ཆེ།། འདྲེན་མཛད་ཁྱོད་ལ་ཕྱག་འཚལ་ལོ།། དེ་སྐད་གསོལ་པའི་དོན་གོ་ནས།། རྡོ་རྗེ་སེམས་དཔས་ཡང་གསུངས་པ།། སངས་རྒྱས་ཐུགས ་ཀྱིས་བྱིན་བརླབས་པས།། དགོངས་པ་མ་ལུས་བཅུད་བསྡུས་པའི།། མན་ངག་ཚེགས་མེད་ཉིང་ཁུ་འདི།། གལ་ཏེ་ཕྱི་རབས་རྣལ་འབྱོར་པས།། དོན་འདི་འཆད་ཅིང་སྟོན་སྲིད་ན།། དད་པ་རབ་ལྡན་བརྩོན་འགྲུས ་ཆེ།། དུལ་ཞིང་གུས་པར་བླ་མ་འཁུར།། དམ་ཚིག་གཞུང་ལྡན་དབང་རྣམས་རྫོགས།། བློ་རྣོ་ཆགས་མེད་བཟོད་པ་ཆེ།། གཏད་པ་དང་ལེན་ཆུད་མི་གསན།། གདུང་བའི་སེམས་དང་མི་འབྲལ་ཞིང་།། ཕྱི་མ་བྱང་ཆུབ ་དོན་དུ་གཉེར།། དཀའ་དགུ་བསྔོས་ནས་ཞུས་པའི་ཚེ།། དུས་གསུམ་སངས་རྒྱས་དཔང་བཙུག་ལ།། གིང་ཆེན་དམ་མེད་ཤན་པར་བསྒོ།། རྒྱལ་ཆེན་བཞི་ནི་མཚམས་པར་བཙུགས།། གཞན་ལ་མི་སྤེལ་མནའ་བོར ་ཏེ།། ཆོས་ཀྱི་གཏེར་གྱི་འབྱུང་གནས་འདི།། མན་ངག་སྙིང་པོ་ཚང་བར་བསྟན།། ཚོགས་ཀྱི་མཆོད་པ་ཅི་ནུས་བྱ།། དེ་ལྟར་མི་ནུས་སྣོད་ངན་ན།། དཔེར་ན་དོན་མེད་གཡེངས་པ་ཝ།། གཞན་ལ་ཁྲོ་ཞིང་གཏུམ་པ ་དོམ།། རྟག་ཏུ་དྲན་མྱོས་གླང་ཆེན་སྐྱོན།། མེད་པ་ཟ་འདོད་ལྕེ་སྤྱང་ཁ།། ཁ་འཇམ་དོན་འཁྲི་རེག་འཇམ་སྤུ།། བསླབ་པ་མི་ཉན་དུད་འགྲོ་ཕྱུགས།། བྱི་ལ་མནོག་ཆུང་འཚང་རྫོགས་ལ།། སྙིང་སྒོར་ཕྱུང་ཡང་མི་བསྟན ་ནོ།། སྲོག་ཆད་པ་ཡི་ཁ་བཞིན་སྡོམས།། དེ་ལྟ་བུ་ཡི་སྣོད་ངན་ལ།། མན་ངག་ཟབ་མོ་ཅི་བསྟན་ཀྱང་།། དད་ཆུང་མན་ངག་ཀུན་ལ་སྤེལ།། བླ་མ་སྨོད་ཅིང་རང་ཆེ་འབྱིན།། དེ་ལྟ་བུ་ཡི་མི་ངན་ལ།། འདི་སྤེལ་ཚེ་ཐུང་ནད ་མང་དང་།། ཡིད་དུ་མི་འོང་རྐྱེན་རྣམས་འབྱུང་།། དམ་གྲི་ལངས་པ་མ་ཡིན་ཏེ།། སངས་རྒྱས་རྣམས་ཀྱི་བཀའ་ཆད་འབྱུང་།། དེ་ཕྱིར་ཤིན་ཏུ་ཀླུང་འདི་སྔོས།། ཆོས་སྟོང་ཡོད་པའི་གཙུག་ལག་ཁང་། ་འདྲེ་ཡོད་པའི་བྲག་དཀྱིལ་དུ།། སྨོན་ལམ་བཏབ་ནས་སྦས་ལ་བཞག། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ང་གསུམ་པའོ།། །། རྫོགས་པ་ཆེན ་པོ་ལྟ་བའི་ཡང་སྙིང་རྫོགས་སོ།། །། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ། གསེར་གྱི་དྲིལ་ཤིང་ཅན་འདི། དང་པོ་ངོ་བོ་ཉིད་ཀྱི ་སྐུས། རྒྱལ་བ་ཀུན་ཏུ་བཟང་པོ་ལ་བཤད། དེས་རྡོ་རྗེ་སེམས་དཔའ་ལ་བཤད། དེས་དགའ་རབ་རྡོ་རྗེ་ལ་བཤད། དེས་བྲམ་ཟེ་བདེ་མཆོག་སྙིང་པོ། དེས་ཤྲཱི་སིང་ཧ་ལ་བཤད། དེས་བི་མ་མི་ཏྲ་ལ་བཤད། དེས་མྱང ་ཏིང་འཛིན་བཟང་པོ་ལ་བཤད། དེས་གཏེར་དུ་སྦས་པ། འབྲོ་མ་ཡེ་ཤེས་བླ་མའི་བུ། འབྲོ་མ་ཡེ་ཤེས་སྙིང་པོས་བཏོན་ནས། དེས་མྱང་ཤེས་རབ་མཆོག་གི་སྲས། དེས་ཤངས་ཀྱི་སྟོན་པ་ལྕེ་ཆུང་བ་ཡེ་ཤེས་རྒྱལ་མཚན་ལ ་བཤད། དེས་བླ་མ་གཉེན་ཆུང་ལ་གནང་བའོ།། །། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་བོད་ཀྱི་ལོཙྪ་བ་དྲན་པ་ཡེ་ཤེས་ཀྱི་བསྒྱུར་ཅིང་གཏན་ལ་ཕབ་ནས། མྱང་ཏིང་འཛིན་བཟང་པོས། བྲམ་ཟེའི་རྒྱུད་དྲུག ་གདམས་པ་དང་བཅས་པ། བསེ་སྒོམ་སྨུག་པོར་བཅུག་ནས། དབུ་རུ་གཟོང་ཕུག་མོའི་བྲག་ལ་མཁའ་འགྲོ་མ་རྡོ་རྗེ་རྒྱན་གཅིག་མ་དང་། བཛྲ་སཱ་དྷཱ་ལེགས་པ་རྩལ་ལ་གཏད་ནས་སྦས་པ་རྫོགས་སོ།། ་