| | e-texts navigator
|
80b1 ནས། དཔལ་དྲེགས་པ་ཆེན་པོ་ཅང་མི་གསུང་བར་གྱུར་ཏོ།། གཙུག་ཕུད་ནག་པོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རང་ངོ་།། པ་ལ་པ་ཏྲའི་རྒྱུད་ལས། གཙུག་ཕུད་ནག་པོ་ལ་རྒྱུད་གཏད་པའི་ལེའུ་སྟེ་བཅུ་བཞི
80b2 པའོ།། །། པ་ལ་པ་ཏྲ་མཆོད་རྟེན་ནག་པོའི་རྒྱུད། རྟོག་པ་ཕྱི་མའི་ཕྱི་མ། བསྟན་པ་བསྲུང་བའི་རྒྱུད་ཤིན་ཏུ་གསང་བ། རྒྱུད་ཀྱི་ཡང་སྙིང་ཞེས་བྱ་བའོ།། རྒྱུད་ཀྱི་བཅུད་བཀོལ་བ་ཞེས་ཡང་བྱའོ།། ཡང་ཏིག་བསྐོལ་བ
80b3 ཞེས་ཀྱང་བྱའོ།། རྫོགས་སོ།། །། ཤུ་བྷཾ། བ་སུ་དྷ་ར་བདག་གིས་ནི།། བོད་ཡུལ་དབུས་སུ་སྤྲུལ་པས་བཞེངས་གསོལ་བའི།། དམ་པའི་ཆོས་སྐྱོང་རྒྱལ་པོ་གཙུག་ལག་ཁང་།། ཁྱད་པར་འཕགས་པའི་དབུ་རྩེ་དབྱར
80b4 གྱི་ཁུམས།། ཞག་བདུན་བར་དུ་འཚོ་བའི་ཟས་མེད་དེ།། དམ་ཚིག་དབང་གིས་སངས་རྒྱས་ཉིད་དང་མཇལ།། རྒྱུད་གསུམ་གསང་མཆོག་རྒྱུད་དང་ལྡན་པ་ཡི།། སྲོག་ཏིག་ཡང་ཏིག་གསང་ཏིག་དང་།། དྲག་སྔགས
80b5 བཀོལ་བའང་དགོས་པ་གང་གཅེས་བཞི།། སྲོག་གི་རིན་དུ་སངས་རྒྱས་ཉིད་ལ་གཏད།། རྒྱ་བོད་གཉིས་ན་གདམས་ངག་འདི་སྤྱོད་མེད།། བ་སུ་དྷཱ་ར་བདག་གིས་ནི།། སློབ་མའི་དམ་པ་སངས་རྒྱས་ལ།། དམ་ཚིག
80b6 མནའ་ཡིས་བསྒགས་ནས་གཏད།། འདི་མན་ཆོད་འགའ་ཙམ་འཕེལ་སྲིད་དེ།། སྔ་རབས་གོང་དུ་འདི་ལས་གྲགས་པ་མེད།། ལྟ་བ་ཟབ་ལ་དམ་ཚིག་གཙང་།། སྒྲུབ་ལ་བརྩོན་ལ་བརྟུལ་ཞུགས་ཆེ།། དེ་ལྟ་བུ་ཡིས
iiif viewer powered by OpenSeadragon
80a - 81a