| | e-texts navigator
|
102b1 འབྱེད་དེ་དྭངས་མ་གསོས་སུ་འགྱུར་རོ།། ཤེས་པའི་རྟེན་སྲོག་འཛིན་པའི་རླུང་ནི། སྙིག་ཁོག་འོད་གསལ་ན་ཡུམ་ཀུན་ཏུ་བཟང་མོ་གཟུགས་ཀྱི་ཕུང་པོ་འབྱུང་བ་ནམ་མཁའ། ཡུམ་ཀུན་ཏུ་བཟང་མོའི་ངང་དུ་སངས་རྒྱས
102b2 སོ།། གཟུགས་ཀྱི་ཕུང་པོ་ཀུན་ཏུ་བཟང་པོའི་ངང་དུ་སངས་རྒྱས་སོ།། དེ་གཉིས་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སངས་རྒྱས་སོ།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་སངས
102b3 རྒྱས་སྤྱན། རྣམ་པར་ཤེས་པའི་ཕུང་པོ་འབྱུང་བ་སངས་རྒྱས་སྤྱན་དུ་བུདྡྷ། རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས་དཔར་བུདྡྷ། གཉིས་ཀ་མེ་ལོང་ལྟ་བུར་སངས་རྒྱས་སོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ལས། རིན་ཆེན
102b4 འབྱུང་ལྡན་ཡུམ་མཱ་མ་ཀི། ཚོར་བའི་ཕུང་པོ་འབྱུང་བ་ཆུ། ཆུ་མཱ་མ་ཀིར་བུདྡྷ། ཚོར་བ་རིན་ཆེན་འབྱུང་ལྡན་དུ་བུདྡྷ། གཉིས་ཀ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་སངས་རྒྱས་སོ།། སོ་སོར་རྟོག་པའི་སྣང་བ་ལས། སྣང་བ
102b5 མཐའ་ཡས་གོས་དཀར་མོ། འདུ་ཤེས་ཀྱི་ཕུང་པོ་འབྱུང་བ་མེ། མེ་གོས་དཀར་མོར་བུདྡྷ། འདུ་ཤེས་སྣང་བ་མཐའ་ཡས་སུ་བུདྡྷ། གཉིས་ཀ་སོ་སོར་རྟོག་པས་སངས་རྒྱས་སོ།། བྱ་བ་གྲུབ་པའི་སྣང་བ་ལས། དོན་ཡོད
102b6 གྲུབ་པ་དམ་ཚིག་སྒྲོལ་མ་འདུ་བྱེད་ཀྱི་ཕུང་པོར་འབྱུང་བ་རླུང་སྒྲོལ་མར་བུདྡྷ། འདུ་བྱེད་དོན་ཡོད་གྲུབ་པར་སངས་རྒྱས་སོ། ཞེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། མཛོད་ཀྱི་ལེའུ་སྟེ་དགུ
iiif viewer powered by OpenSeadragon
102a - 103a