e-texts navigator
Collection
Volume
Page
Wylie

79b1 བཀའ་སྩལ་པ། ད་ལྟའི་བདེ་དང་ཕྱི་མའི་བདེ།། མངོན་སུམ་པ་དང་རྒྱབ་ལ་འབྱུང་།། དེ་ཡང་རྣམ་པའི་སྐྱོན་ཡིན་པའི།། དེ་ལ་བརྟེན་པར་མི་བྱའོ།། ཞེས་བཀའ་སྩལ་ཏོ།། ཆགས་པ་དང་བྲལ་བའི་ལེའུ་སྟེ་བཅོ་བརྒྱད
79b2 པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། ཆགས་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དེ་གདོད་མ་ནས་ཆེ་བའི་སྙིང་པོ
79b3 ལ་རང་བཞིན་གྱིས་གནས་པ་ལགས་སམ་མ་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། སྔོན་མེད་ཕྱིས་མེད་གདོད་ནས་འབྱུང་།། ཆོས་སྐུས་ཁྱབ
79b4 པས་གཅིག་པའི་ཕྱིར།། ཆེ་བས་ཆེན་པོ་རང་བཞིན་གནས།། ཞེས་བཀའ་སྩལ་ཏོ།། གདོད་མ་ནས་ཆེ་བའི་སྙིང་པོ་རང་བཞིན་གྱིས་གནས་པའི་ལེའུ་སྟེ་བཅུ་དགུ་པའོ།། །། ཡང་འཁོར་གྱི་དེ་བཞིན་གཤེགས་པ
79b5 རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ། རང་བཞིན་གྱིས་གདོད་མ་ནས་མ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་དེ་སྨོན་ལམ་དང་བྲལ་བ་ལགས་སམ་མ་ལགས། ཞེས་གསོལ་བ
79b6 དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་པ་གསུམ་ན་སྦྱོར་བ་ཡང་།། མིང་ཙམ་སྒྱུ་མར་སྣང་བ་སྟེ།། འཁོར་ལོས་སྒྱུར་བའི་གནས་ཆེན་ཡང་།། སྒྱུ་མ་སྦྱོར་བའི་བསྟི་གནས་ཡིན།། རྣམ་སྤྱོད་དུས་ལ་བལྟས




iiif viewer powered by OpenSeadragon

79a - 80a

Texts on this page

Gpb034.016 - rdo rje sems dpa' nam mkha' che'i rgyud