| | e-texts navigator
|
180a1 ཚང་།། རིག་པ་གཅིག་ལ་ཀུན་རྫོགས་པས།། བདག་གཞན་དབྱེ་བསྲིང་ཀུན་དང་བྲལ།། རང་གསལ་ཀློང་ལས་མ་ཉམས་པས།། རྣམ་བཞི་གང་སྤྱད་བདེ་བའི་ཀློང་།། ཆོས་ཀྱི་སྐུ་ཡང་ཐ་དད
180a2 པས།། མཚན་འཛིན་རྟགས་པ་རྣམ་པར་གྲོལ།། སྐལ་ལྡན་གང་དང་གང་དག་གིས།། གང་དང་གང་ལ་མངོན་བརྟགས་པས།། དུས་དེར་ཚང་དབང་མཆོག་ཡིན་པར།། རྒྱལ་བ་ཀུན་གྱིས་མཐུན་པར་གསུངས།། རིན
180a3 ཆེན་ཀློང་དགུ་ཐུགས་ཀྱི་མཛོད།། བསྟན་པ་ཀུན་གྱི་རྩ་བར་བཤད།། རིན་ཆེན་ཀློང་དགུའི་རྒྱུད་ལས། རྒྱལ་ཐབས་ཚངས་པ་དབང་གི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས།།
180a4 དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་རྒྱལ་བ་ཐམས་ཅད་ལ།། ལམ་མེད་རིམ་མེད་ཅིག་ཆར་འཇུག། དམ་པ་རྣམས་ཀྱིས་རྟོགས་པ་བཞིན།། སྐལ་ལྡན་རྣམས་ལ་བསྟན་དུ
180a5 གསོལ།། ཞེས་ཞུས་སོ།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་བ།། དེ་བཞིན་གཤེགས་པ་ཀུན་གྱི་གསང་།། རྫོགས་ཆེན་གསང་བའི་རང་བཞིན་ལ།། འཇུག་པའི་ལམ་ནི་གཉིས་ཡོད་དོ།། ཚིག་གི
180a6 ལམ་དང་དོན་གྱི་ལམ་མོ།། ཚིག་ལམ་རྐྱེན་དང་མི་ལྡན་པར།། དོན་ལམ་རིན་ཆེན་དོན་མི་རྟོགས།། ཡི་གེ་ཚིག་དང་སྒྲ་དོན་གྱིས།། དེ་དག་ངེས་པར་མཚོན་པ་ཡིས།། གཏེར་དང་སྒྲོན་མ་ཇི་བཞིན་དུ།། དེ་དག་ཉིད
iiif viewer powered by OpenSeadragon
179b - 180b