| | e-texts navigator
|
258b1 བྱུང་།། རང་གཞན་སྒྲིབ་མེད་ང་རྒྱལ་ཏེ།། བྲག་རི་ལྟ་བུར་ཤིན་ཏུ་མཐོ།། བདེ་བའི་དོན་སྒྲིབ་འདོད་ཆགས་རྒྱས།། རང་ཁ་མེ་ལྕེ་བཞིན་དུ་འབར།། གཞན་ལ་ཕྲག་དོག་འགྲན་སེམས་སྐྱེས།། དེ་ལ་བརྟེན་ནས་ཉོན
258b2 མོངས་ནི།། བརྒྱད་ཁྲི་དང་ནི་བཞི་སྟོང་བྱུང་།། བག་ཆགས་འཐུག་པོའི་སྦུབས་སུ་འཐུམས།། སྔར་ཞེན་བག་ཆགས་རྨི་ལམ་འདྲ།། ཕྱིས་འབྱུང་བག་ཆགས་རྒྱུ་འབྲས་འདྲ།། ད་ལྟའི་བག་ཆགས་གར་སྦྱིན་འདྲ།། ལས
258b3 རྣམས་ཐམས་ཅད་མཚམས་སྦྱོར་ཞིང་།། འགོ་བ་བླ་སྟེ་འགོག་པར་དཀའ།། ཕུང་ཁམས་འདི་ལ་བརྟེན་བྱས་ནས།། ཉོན་མོངས་དུ་མའི་རྟེན་གནས་བྱེད།། སྒོ་ལྔའི་ལམ་དོད་སྣང་ཡུལ་བཟུང་།། ཁམས་གསུམ་འཁོར
258b4 བར་འཁོར་ཞིང་འཁྱམས།། གཟུང་འཛིན་ཟག་པས་དམ་དུ་བསྡམས།། ཐེ་ཚོམ་དབང་གིས་རྒྱུ་འབྲས་ལོག། གངས་དཀར་ནག་པོར་མཐོང་དང་མཚུངས།། ཞེས་གསུངས་ནས། འཁྲུ་ལ་ཡུལ་གཉིས་མེད་རིག་སྟོང
258b5 ཆེན་པོར་ལྡན་ནེར་བཞུགས་སོ།། ཐེག་པ་ཀུན་གྱི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་ཀྱི་རྒྱུད་ལས། མ་དག་ཉོན་མོངས་ཀྱི་གནས་ཚུལ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ས་མ་ཡ། རྒྱ་རྒྱ་རྒྱ། སེམས
258b6 དཔའ་རྡོ་རྗེས་གསོལ་པ། ཀྱེ། ཀུན་ཁྱབ་དགོངས་གསལ་ཀུན་ཏུ་བཟང་།། རང་ཤར་འཛིན་གྲོལ་ལྷུན་གྲུབ་ལ།། གནས་ལུགས་དེ་ལྟར་ཡིན་པ་ན།། ཡེ་ཤེས་གཏིང་གསལ་ཆེན་པོ་དེ།། ལམ་མཆོག་གང་ལ་ཞུགས་པ
iiif viewer powered by OpenSeadragon
258a - 259a