e-texts navigator
Collection
Volume
Page
Wylie

84b1 ཚོགས་ཀྱིས།། འཁོར་བའི་བག་ཆགས་སྦྱོང་བའི་ཕྱིར།། མཚན་མའི་དངོས་པོ་རྡུལ་དུ་རློག་པར་ཤོག། དྲག་པོའི་མཆོད་གཏོར་འདི་བྱིན་པས།། དམ་ཅན་རྣམས་ཀྱི་ཐུགས་བསྐུལ་ཞིང་།། གདུག་ཅིང་སྡང་སེམས་ལྡན
84b2 པ་རྣམས།། ལུས་ངག་རྡུལ་དུ་རློག་པར་ཤོག། དབང་མཆོག་དུག་གི་གཏོར་མ་འདི་བྱིན་པས།། གནོད་བྱེད་མ་ལུས་མྱོས་ཤིང་འཚུབས་པ་དང་།། བག་ཆགས་སྦྱོང་ཕྱིར་སྡིག་པ་མཐོལ་གྱུར་ནས།། མྱོས་འཚུབ་འབབ
84b3 ཆོལ་སྦྱོ་རུ་ཆུག། རྡོ་རྗེ་སྲིན་པོ་ཟ་བྱེད་དང་།། རྡོ་རྗེ་སྲིན་མོ་ཞལ་གདངས་པར།། ཤ་རུས་ཁྲག་སྟེ་དྲུག་གསུམ་མཆོད་པ་ཡིས།། དུག་གསུམ་སྟོངས་ནས་སྐུ་གསུང་ཐུགས་ལྡན་ཤོག། ཀློང་ཡངས་འཁྱིལ་བའི་ཧོམ་ཁུང
84b4 དུ།། འབར་འཕྲོ་འདུ་ཀློང་མེ་ལྕེ་དེ།། ཡ་མ་མེ་ཡི་སྦྱོར་བ་ཡིས།། ལྷ་རྣམས་མ་ལུས་མཉེས་བྱེད་ཤོག། ཟིལ་གནོན་རི་རབ་ཕུར་པ་འདི་བྱིན་པས།། སྐལ་མེད་བྱུང་ངན་དུས་ཟད་རྣམས།། བྱང་ཆུབ་སེམས་ནི་མ་སྐྱེས
84b5 པར།། གནོན་བྱེད་སྟོབས་ཀྱི་དབང་ཐོབ་ཤོག། རིགས་ངན་སྨེ་ཤ་གདོལ་པའི་རིགས།། ཁ་ཅིག་ཁ་རལ་གཟུངས་མ་ལ།། ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་བཀོད།། དབང་བསྐུར་རིམ་པ་གོང་བཞིན་ནོ།། གོང་གི
84b6 གཟུངས་མ་དེ་ཉིད་ལས།། ཟབ་མོའི་དབང་ཡང་དེ་བཞིན་བསླང་།། དེ་ལྟར་དབང་རིམ་རྫོགས་གྱུར་ན།། མི་ཞེས་བྱ་བ་བདེ་གཤེགས་ཡིན།། སངས་རྒྱས་ཞེས་ནི་གུད་ན་མེད།། དེ་ཡིས་ལས་རྣམས་འགྲུབ་པར




iiif viewer powered by OpenSeadragon

84a - 85a

Texts on this page

Gpb028.001 - rdo rje phur pa gsang ba'i rgyud chen po