| | e-texts navigator
|
109b1 ལ་བསྟབ་པར་བྱ།། གཟིར་མནན་ལས་རྣམས་བྱས་ནས་ནི།། ལས་རྣམས་འགྲུབ་པར་གདོན་མི་ཟ།། དེ་ནི་ཕུར་པའི་སྤྱོད་པའོ།། དེ་ལ་ཕུར་པའི་དམ་ཚིག་ནི།། བསྒྲུབ་པ་དེ་ནི་གཙོ་རུ་བླང་།། དམ་ཚིག་དེ་ནི་མ་ཉམས
109b2 ན།། ལྟ་བ་ཉམས་ཀྱང་ལྟུང་མི་འགྱུར།། ལྟ་བ་དེ་དག་མ་ཉམས་ན།། སྤྱོད་པ་ཉམས་ཀྱང་ཡ་མི་ང་།། སྤྱོད་པ་དེ་དག་མ་ཉམས་ན།། དམིགས་པའི་ལས་རྣམས་འགྲུབ་པར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
109b3 སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཀོད་པའི་རྒྱུད་ལས། བལྟ་བ་དང་སྤྱོད་པ་དམ་ཚིག་གི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ། ཕུར་པ་ཁྱད་པར་གྱི་ལེའུ་སྟེ་འདི
109b4 གསུངས་སོ།། མ་ནོར་མ་བཅོས་ཆོས་ཉིད་དེ།། བཙལ་བའི་བསམས་པ་ཀུན་ལས་འདས།། ཐམས་ཅད་དབྱེར་མེད་མཉམ་པའི་ངང་།། དེ་བཞིན་ཉིད་ལས་ཁྱད་པར་འཕགས།། སྣང་བ་མེད་པའི་ཆོས་ཉིད་ལས། ཁྱབ
109b5 དང་མ་ཁྱབ་གཉིས་མེད་དེ།། ཀུན་ཏུ་སྣང་ལས་ཁྱད་པར་འཕགས།། བཙལ་བ་མེད་པའི་ཆོས་ཉིད་ལས།། མ་བསྐྱོད་པར་ནི་ཐམས་ཅད་བྱུང་།། རྒྱུ་ཉིད་ལས་ནི་ཁྱད་པར་འཕགས།། བཙལ་དུ་མེད་པའི་ཆོས་ཉིད
109b6 ལས།། བསྒྲུབ་ཏུ་མེད་པའི་འབྲས་བུར་ཤར།། ཕུར་པ་བཀོད་ཅེས་དེ་ལ་བྱ།། འགྱུར་བ་མེད་པའི་ཆོས་ཉིད་ནི།། ཕྱོགས་དང་རིས་ལ་མི་གནས་ཤིང་།། མཐའ་དང་དབུས་སུ་མི་དམིགས་ཤིང་།། སེམས་ཉིད་ཡེ་ནས
iiif viewer powered by OpenSeadragon
109a - 110a