e-texts navigator
Collection
Volume
Page
Wylie

185a1 རྒྱ་གར་སྐད་དུ། ཤྲཱི་ཧ་ཡ་གྲཱི་བ་ཀརྨ་ཏནྟྲ། བོད་སྐད་དུ། དཔལ་རྟ་མགྲིན་ལས་རྒྱུད། བཅོམ་ལྡན་འདས་རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་དག་གིས་ཐོས་པའི་དུས་གཅིག་ན། བཅོམ
185a2 ལྡན་འདས་པདྨ་རིགས་ཀྱི་སངས་རྒྱས། ཤིན་ཏུ་རྣམ་པར་དག་པའི་ཁམས་ན། བྱང་ཆུབ་སེམས་དཔའི་ཚོགས་དང་། ཁྲོ་བོ་དང་ཁྲོ་མོ་དང་། སྤྲུལ་པ་དང་ཡང་སྦྲུལ་དང་། ནམ་མཁའ་ལྡིང་གི་ཚོགས་ལ་སོགས་པ་རྣམས
185a3 དང་ལྷན་ཅིག་ཏུ་བཞུགས་སོ།། དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གར་གྱི་དབང་ཕྱུག་བཅོམ་ལྡན་འདས།། བདེ་གཤེགས་ཁྲོ་རྒྱལ་མཐུ་སྟོབས་ཅན།། པདྨ་དབང
185a4 གི་རྒྱུད་ཆེན་པོ།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཁྲོ་རྒྱལ་གར་དབང་གིས།། མི་རྟོག་ཏིང་འཛིན་སྙོམས་ཞུགས་ཏེ།། འཁོར་རྣམས་མ་ལུས་བྱིན་བརླབས་ཤིང་།། རྟ་མགྲིན་དབང་གི
185a5 སྐུར་བཞེངས་ཏེ།། དབང་གི་རྟ་སྐད་ཟེངས་གསུམ་གྱིས།། ཁམས་གསུམ་ཐམས་ཅད་དབང་བསྡུས་ཤིང་།། སྲིད་གསུམ་ཐམས་ཅད་ཟིལ་གྱིས་མནན།། བགེགས་རྣམས་མ་ལུས་བཏུལ་ནས་ཀྱང་།། ཀླུ་རྣམས་མ་ལུས
185a6 ཚར་བཅད་དེ།། ནམ་མཁའ་ལྡིང་ལ་བཀའ་སྩལ་པ།། མཁའ་ལྡིང་རྒྱལ་པོ་ག་རུ་ཎ།། རྩེ་གཅིག་ཡིད་ཀྱིས་ཁྱོད་ཉོན་ཅིག། དབང་གི་རྒྱུད་ཆེན་བསྟན་པར་བྱ།། ཞེས་བཀའ་སྩལ་ཏོ།། དཔལ་རྟ་མགྲིན་གྱི་རྒྱུད་ལས།།




iiif viewer powered by OpenSeadragon

184b - 185b

Texts on this page

Gpb023.004 - dpal rta mgrin las rgyud