e-texts navigator
Collection
Volume
Page
Wylie

9a1 བཀའ་སྩལ་པ་དང་། དེ་ནས་ཡང་གསང་བའི་བདག་པོ་ཡ་མ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ་འཇིགས་བྱེད་ཆེན་པོ་ལགས།། རྣལ་འབྱོར་ཅན་ལ་གནས་ཕྱིར་དང་།། འདུལ་བྱེད
9a2 གཉིས་ཀྱི་དོན་གྱི་ཕྱིར།། སྣ་ཚོགས་བརྒྱ་ཕྲག་བརྒྱད་ཀྱི་དོན།། དམན་པ་རྣམས་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་འཇིགས་བྱེད་ཆེན་པོ་གཤིན་རྗེ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ
9a3 ཏོ།། རང་བྱུང་ཡེ་ཤེས་བདེ་ཆེན་ལས། ཁྱད་པར་ཡེ་ཤེས་བཞི་རུ་ཤར།། ཆུ་ཟླའི་ཚུལ་དུ་ལས་རྣམས་འཆར།། བདེ་བ་ཆེན་པོ་གསལ་བར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། འཁོར་གྱི་དང་པོས་ཞུས་པ། ཨེ་མའོ།
9a4 འཇིགས་བྱེད་ཆེན་པོ་ལགས།། རང་བྱུང་ཡེ་ཤེས་བདེ་ཆེན་པོ།། ཆོས་རྣམས་ཀུན་གྱི་ངོ་བོ་དེ།། ཤེས་བྱའི་ཡུལ་དུ་ཇི་ལྟར་འགྱུར།། དེ་ལས་ཐབས་སྦྱོར་ལས་རྣམས་ཇི་ལྟར་བྱུང་།། བྱུང་ནས་གྲུབ་པ་ཇི་ལྟར
9a5 འགྱུར།། ཞེས་ཞུས་སོ།། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། སྣང་སྲིད་ཡེ་ནས་མྱ་ངན་འདས། སྤྲོས་བྲལ་མི་འགྱུར་གདོད་ནས་དག། དག་པ་ཉིད་ན་ཐམས་ཅད་གསལ།། ཤེས་བྱ་ཤེས་བྱེད་ངང་གིས་སྟོང་།། ཆུ
9a6 ཟླའི་དཀྱིལ་འཁོར་བཞིན་དུ་གསལ།། འདི་ནི་ཡིད་བཞིན་རིན་པོ་ཆེ།། ཐམས་ཅད་རེ་བ་རྫོགས་བྱེད་པའོ།། ཨེ་མའོ་རྟོགས་པར་རབ་དཀའ་བ།། སངས་རྒྱས་ཀྱིས་ཀྱང་མི་མཁྱེན་ན།། གདོད་ནས་རྣམ་དག་ཆོས་ཀྱི




iiif viewer powered by OpenSeadragon

8b - 9b

Texts on this page

Gpb020.001 - dpal zla gsang nag po'i rgyud