| | e-texts navigator
|
250b1 གཤིན་རྗེ་ལ།། བྱིན་ལ་ལག་ཏུ་གཏད་ཁྲམ་བྱ།། རང་གི་ཡི་དམ་བསྒོམ་བྱ་ཞིང་།། བྱིན་གྱིས་བརླབས་པའི་གཏོར་མ་ནི།། ས་སྲོས་ཚེ་ན་ལྷོ་ཕྱོགས་གཏང་།། སྒྲོལ་བའི་དྲག་སྔགས་བརྣག་པའི་ལུང་།། བསྟན་པ་བསྲུང
250b2 བ་གནོད་པའི་གཏེར།། ཕྲིན་ལས་དྲག་པོའི་སྔགས་ཀྱི་མཚོན།། འཁོར་ལོ་ཐུན་རྡེབས་བསྒྲལ་བའི་བཅུད།། ལག་ན་རྡོ་རྗེས་ཟུང་ཞིག་ཆོངས།། ཞེས་གསུངས་སོ།། དཔལ་གཤིན་རྗེ་ཟླ་གསང་ནག་པོ་རྩ་བའི་རྒྱུད་ཆེན
250b3 པོ་ལས། འཁོར་ལོ་ཐུན་རྡེབས་མན་ངག་གི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །། དེ་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། བསྟན་པ་བསྲུང་དང་བརྣག་པའི་ལུང་།། ཐུགས་ཀྱི་མན་ངག་སྔགས་གཟིར
250b4 མཆོག། སྒྲོལ་བའི་ཕྲིན་ལས་སྦྱོར་བའི་དུག། འཁོར་ལོ་བྱད་སྡེབས་མན་ངག་འཕྱོང་།། བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར།། རང་སེམས་དག་པའི་རྣལ་འབྱོར་པས།། སྙིང་རྗེ་རྟག་ཏུ་སྲོག་ལྟར་བསྟན།། བྱམས
250b5 དགའ་བཏང་སྙོམས་དེ་བཞིན་དུའོ།། མདོ་སོགས་འདོན་པའི་བསམ་གཏན་བྱ།། རྒྱུན་གྱི་ཡི་དམ་རྩེ་གཅིག་པས།། བླ་མ་དག་ལ་རྟག་ཏུ་བཀུར།། དེས་ཀྱང་དཀྱིལ་འཁོར་ཚུལ་བཞིན་འཇུག། ཐེག་ཆེན་དམ་ཚིག་སྡོམ
250b6 པ་བཤད།། རང་གི་སྔགས་དང་ཕྱག་རྒྱ་བསྟན།། སྒྲུབ་ཐབས་མན་ངག་ལེགས་པར་བླང་།། དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན་རེ་རྟག་ཏུ་བྱས་ནས་ཀྱང་།། སྐུ་གཟུགས་མེད་ཀྱང་འབད་དེ་བྱ།། བདེ་བའི་སྟན་ལ
iiif viewer powered by OpenSeadragon
250a - 251a