| | e-texts navigator
|
206a1 ཞགས་པའི་ཚོགས་དང་། ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། ཧཱུཾ་ཧཱུཾ་དང་། ཧ་ལ་ཧ་ལ་དང་། ཧུ་ལུ་ཧུ་དང་། ཛཿཧཱུཾ་བཾ་ཧོཿ། ཨེ་ར་ལི་ཧྲིང་ཧྲིང་ཞེས་འབྲུག་སྟོང
206a2 གི་སྒྲ་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས། དབང་དུ་བསྡུས་ནས། གདུག་པ་ཅན་གྱི་འཁོར་རྣམས་བྲེད། རབ་ཏུ་བྲེད་ཀུན་ཏུ་བྲེད། འདར་ཀུན་ཏུ་རབ་ཏུ་འདར། སྔངས་ཀུན་ཏུ་རབ་ཏུ་སྔངས། ཐམས་ཅད་ཀྱང་ངག་གི་སྒྲ
206a3 བཅོམ། ལུས་ཡན་ལག་བསྐུམས།། སེམས་ཞུམ་པས་གཙོ་བོ་ལ་སྐྱབས་སུ་དོང་ནས། ཐམས་ཅད་ཀྱང་བདེ་བ་ལ་བཀོད་དོ།། དཔལ་ཟླ་གསང་ནག་པོའི་རྒྱུད་ལས། གླེང་གཞིའི་བྱུང་ཁུངས་ཀྱི་ལེའུ་སྟེ་དང
206a4 པོའོ།། །། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ལ། མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེས་བསྡུས་ནས། གདུག་པ་ཅན་གྱི་འཁོར་རྣམས་ཀྱི་ངག་མཐུན་པར་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། བཅོམ
206a5 ལྡན་འདས་གཤིན་རྗེའི་གཤེད་པོ་ལ་འདི་སྐད་ཅེས་གསོལ་ཏོ། ཨེ་མ་ཧོ་འཇིགས་བྱེད་ཚོགས་ཀྱི་གཙོ།། བདག་ཅག་གདུག་བྱེད་འཁོར་རྣམས་ཀུན།། སྣང་སྲིད་འཇིག་རྟེན་ཁམས་འདི་རུ།། སྟོང་གསུམ་མུན་པར
206a6 གཏོང་བ་དང་།། འཇིག་རྟེན་ཁམས་ཀུན་བསྲེག་པ་དང་།། ལོ་ཏོག་འཇོམས་དང་གནམ་ལྕགས་ལྕེ།། སྒྲོ་འབོག་ཉམས་དང་སྲོག་གཅོད་དང་།། མཛེ་རིམས་གཏོང་བའི་ལས་འདི་དག། བདག་ཅག་རྣམས་ཀྱི་ལས་སྐལ
iiif viewer powered by OpenSeadragon
205b - 206b