e-texts navigator
Collection
Volume
Page
Wylie

414b1 པས།། སེམས་ཉིད་ཡེ་ནས་འགྱུར་བ་མེད།། གཞལ་ཡས་ཁང་ལས་ཁྱད་པར་འཕགས།། ཨ་ཏིའི་གཞལ་ཡས་ཁང་ཞེས་བྱ།། མི་དམིགས་བསམ་གཏན་དབྱེར་མེད་པས།། མ་བཅོས་སྤྲོས་པ་མེད་པའི་དཀྱིལ།། སྐྱེ
414b2 མེད་ཡོངས་ལ་ཁྱབ་པའི་འཁོར།། འགྱུར་མེད་དོན་རྟགས་མཉམ་པའི་ངང་།། མཚན་མའི་དཀྱིལ་འཁོར་ལས་ཁྱད་འཕགས།། ཨ་ཏིའི་དཀྱིལ་འཁོར་བསྐྱེད་ཅེས་བྱ།། དབྱེ་རུ་མེད་པའི་སེམས་ཉིད་ཀྱི།། ཕུང་པོ་ཁམས
414b3 དང་སྐྱེ་མཆེད་རྣམས།། ཡེ་ནས་དབྱེར་མེད་རྫོགས་སངས་རྒྱས།། ལྷ་ཚོགས་བསྐྱེད་ལས་ཁྱད་པར་འཕགས།། ཨ་ཏིའི་ལྷ་ཚོགས་བསྐྱེད་ཅེས་བྱ།། དངོས་མེད་སེམས་ཀྱི་ཡེ་ཤེས་ཀྱིས།། མཚན་མའི་སྣང་བ་དབྱིངས་སུ
414b4 བསྐྱོད།། ཨ་ཏིའི་དབང་བསྐུར་བྱིན་བརླབ་བྱའོ།། རང་བྱུང་རིག་པའི་ཡེ་ཤེས་ནི།། བཙལ་ཞིང་བསམ་པས་མི་བསྐྱོད་དེ།། ཆོས་ཀྱི་དབྱིངས་སུ་གཤེགས་པ་ནི།། སྤྱན་དྲངས་དོན་ལས་ཁྱད་པར་འཕགས།། ཨ་ཏིའི་ལྷ
414b5 ཚོགས་སྤྱན་དྲངས་ཡིན།། སྤྲོས་པ་མེད་པའི་ཆོས་ཉིད་དང་།། བཙལ་དུ་མེད་པའི་སེམས་ཉིད་ནི།། མཉམ་པའི་ངང་དུ་རྟོགས་པས་ན།། བཞུགས་སུ་གསོལ་ལས་ཁྱད་པར་འཕགས།། ཨ་ཏིའི་བཞུགས་སུ་གསོལ་ཞེས
414b6 བྱ།། ཐམས་ཅད་དབྱེར་མེད་མཉམ་པའི་དབྱིངས།། འདུ་འབྲལ་མེད་པར་གནས་པས་ན།། ཕྱག་བཙལ་བ་ལས་ཁྱད་པར་འཕགས།། ཨ་ཏིའི་ཕྱག་བཙལ་དེ་ལ་བྱ།། ཆོས་ཉིད་བཙལ་དུ་མེད་པ་ལས།། ཆོས་ཅན




iiif viewer powered by OpenSeadragon

414a - 415a

Texts on this page

Gpb018.012 - bde gshegs 'dus pa'i rgyud