e-texts navigator
Collection
Volume
Page
Wylie

298b1 ལེན།། ཕྲིན་ལས་རྣམ་བཞིས་འགྲོ་དོན་རྫོགས་པར་མཛད།། བླ་མེད་རྣལ་འབྱོར་གསང་སྔགས་ནང་པ་ནི།། འདོད་ཆགས་ཆོས་ཉིད་དུ་ནི་སྦྱར་བྱས་ནས།། ཞེ་སྡང་སྙིང་རྗེ་ཆེན་པོའི་མཛད་སྤྱོད་ཀྱིས།། མཚམས་མེད
298b2 མནར་མེད་དམྱལ་བར་ལྷུང་བ་དང་།། དམ་ཉམས་རྡོ་རྗེ་དམྱལ་བར་སྐྱེ་བ་རྣམས།། གསང་སྔགས་ཐབས་ཀྱི་མཛད་སྤྱོད་ཆེན་པོ་ཡིས།། འཁོར་བའི་གནས་ནས་མྱ་ངན་འདས་པར་སྒྲོལ།། རྫོགས་ཆེན་མཐར་ཐུག་ཐེག
298b3 པ་ཆེན་པོ་ནི།། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཉིད།། སྙིང་རྗེ་ཆེན་པོས་ཅིར་མི་མཛད།། སྲིད་པའི་རྩེ་ནས་དམྱལ་བའི་གནས་རྣམས་ཀུན།། ཆོས་སྐུ་ཐིག་ལེ་ཆེན་པོ་གཅིག་ཏུ་རྟོགས།། ཞེས་གསུངས་སོ།། གླང
298b4 པོ་རབ་འབོག་གི་རྒྱུད་ལས། ཐུགས་རྗེ་ཡོངས་ལ་སྣང་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་རྒྱལ་བ་དྲུག་པས། སྐུ
298b5 གསུམ་དཀྱིལ་འཁོར་གྱིས་འགྲོ་བའི་དོན་དུ་བསྟན་པ་རྒྱས་པར་སྣང་བ་འདི་གསུངས་སོ།། སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་གི།། ཉོན་མོངས་དེ་ཉིད་གཉེན་པོ་རུ།། སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་གི།། ཆོས་ཀྱི་སྒོ་མོ་དེ
298b6 ཉིད་སྤྲོ།། སྟོང་གསུམ་སེམས་ཅན་མ་ལུས་པའི།། ཉོན་མོངས་གཉེན་པོར་དགོངས་ནས་གསུངས།། ལ་ལར་མདོ་ཡི་སྡེ་རུ་གསུངས།། ལ་ལར་དབྱངས་ཀྱི་སྡེ་བ་དང་།། ལ་ལར་ལུང་དུ་བསྟན་པའི་སྡེ།། ལ་ལར




iiif viewer powered by OpenSeadragon

298a - 299a

Texts on this page

Gpb016.004 - glang po rab 'bog gi rgyud