e-texts navigator
Collection
Volume
Page
Wylie

41b1 བདེ་ཆེན་པོ།། རང་རིག་སྟོང་པ་ཡུལ་ལས་འདས།། རྒྱུ་རྐྱེན་རིམ་པ་ཀུན་དང་ལྡན།། དཔག་བསམ་ཤིང་དང་ནོར་བུ་ལ།། ཞིང་ཁམས་ནམ་མཁའི་མཐར་ཐུག་པ།། ཉི་འོད་ཆུ་རླབས་ཆར་བཞིན་དུ།། འཕེལ་འགྲིབ
41b2 མེད་པའི་ཚུལ་དུ་གནས།། གང་ལ་བདེ་སྟོང་དབྱེར་མེད་པ།། གཉིས་ཀ་མ་ཡིན་གཉིས་མེད་མིན།། མཐའ་དབུས་རྒྱུ་འབྲས་རེ་དོགས་སོགས།། སྤང་ཐོབ་མེད་པར་རྟག་ཏུ་གནས།། གསང་བའི་ཡང་གསང་སྙིང་པོ
41b3 སྟེ།། གསང་བ་མངོན་ཕྱུང་ཐབས་ཀྱི་རྒྱུད།། སྒྱུ་འཕྲུལ་ཐབས་ཆེན་གསང་བའི་ལམ།། ལུས་དང་མན་ངག་ཐབས་ཀྱི་མཆོག། བསྐལ་པར་སྦྱངས་ཀྱང་མི་རྙེད་ལ།། བླ་མའི་མན་ངག་ཐབས་ཆེན་རྒྱུད།། ད་ལྟ་ཉིད་དུ
41b4 མངོན་པར་སྣང་།། སྒྱུ་འཕྲུལ་ཐལ་བའི་རྒྱུད་ཆེན་པོ་ལས། ཕྲིན་ལས་བཤད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཐབས་དང་ཤེས་རབ་ལྡན་པ་ཡི།། རྡོ་རྗེ་དང་ནི་དྲིལ་བུའི
41b5 ཚད།། དེ་ནས་ལེགས་པར་བཤད་བྱ་བ།། ནམ་མཁའི་དབྱིངས་དང་མཉམ་པ་ཡི།། རྡོ་རྗེ་ཐབས་ཆེན་ཡེ་ཤེས་ཏེ།། དྲིལ་བུ་ཤེས་རབ་ཕ་རོལ་ཕྱིན།། ཚད་དང་བྲལ་བར་བཤད་པ་ཡིན།། ཟབས་ཆེན་བདེ་བའི་རྡོ་རྗེ
41b6 ཡིས།། ནམ་མཁའི་དབྱིངས་དང་མཉམ་པ་ཡི།། བདེ་བ་ཡེ་ཤེས་ཚད་མེད་པ།། དཔག་མེད་ཐིག་ལེ་བདེ་བའི་མཆོག། གསང་བ་ཆེན་པོ་བདག་ཉིད་ཅན།། གང་དུ་བདེ་བས་ཁྱབ་པའི་གནས།། དངོས་མེད་ཤེས་རབ




iiif viewer powered by OpenSeadragon

41a - 42a

Texts on this page

Gpb014.001 - sgyu 'phrul thal ba'i rgyud chen po