e-texts navigator
Collection
Volume
Page
Wylie

274b1 པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་གྱིས་དེ་བཞིན་སྐུ་བལྟས་ན།། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐུ་ལ་སྣང་།། དེ་ནས་ས་བཅུ་རིམ་གྱིས་འབྱུང་།། བླ་མེད
274b2 བྱང་ཆུབ་ཡང་དག་འཐོབ།། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད་རྫོགས།། སྤྱོད་ཡུལ་ཀུན་ཏུ་མཎྜ
274b3 ལ།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། ཐབས་དང་ཤེས་རབ་ས་ཡི་མཆོག། དེ་ལ་སོགས་ཏེ་བསམ་ཡས་མཆོག། སྐྱེ་ཤི་མེད་པའི་གཡུང་དྲུང་སྐུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། ཟད་མི་ཤེས་ཀྱི་གཏེར
274b4 དུ་གྱུར།། རྡོ་རྗེ་རིག་པ་འཛིན་གྱི་སྐུ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས།། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ
274b5 མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི་དཀྱིལ་འཁོར་དེ་དག
274b6 ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ།། དམིགས་བྱ་དམིགས་མེད་མི་དམིགས་དཔག་མེད་བསམ་མི་ཁྱབ།། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད




iiif viewer powered by OpenSeadragon

274a - 275a

Texts on this page

Gpb013.006 - gsang ba'i snying po de kho na nyid nges pa