e-texts navigator
Collection
Volume
Page
Wylie

209b1 མི་ཤེས་ཀྱི་གཏེར་དུ་གྱུར།། རྡོ་རྗེ་རིག་པ་འཛིན་པའི་སྐུ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས།། ཞེས་བརྗོད་པས།། འཇིག་རྟེན་དྲུག་གི་ཕྱོགས
209b2 བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ། དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ། ཞིང་གི་རྡུལ་སྙེད་གསལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཡོན་ཏན་ཆེན་པོའི
209b3 དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཨ་ཧོ།། དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ།། ཡེ་ཤེས་རང་རིག
209b4 དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་།། མཉམ་དང་མི་མཉམ་ཀུན་ཁྱབ་མེད་ཁྱབ་པའི་དབྱིངས།། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་སྤྲོས་སྤྲོས་པ་མེད།། ཡེ་ནས་ཀུན་ཁྱབ་དཀྱིལ་འཁོར་བསམ་ཡས་ཞིང་གི
209b5 རྡུལ་སྙེད་དུ།། ཡེ་ནས་རྣམ་སྤྲོས་སྙིང་པོ་ཀུན་གནས་གནས་པ་མེད།། ཨ་ཧོ།། ཞེས་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས
209b6 དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ལ་ཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཉིད་ལ་ཉིད་མཉེས་པར་མཆོད་ཅིང་། ཀུན་ཏུ་བཟང་པོ་དགྱེས་ཏེ། ཕྱོགས་བཅུ་དུས་བཞི་མ་ལུས




iiif viewer powered by OpenSeadragon

209a - 210a

Texts on this page

Gpb012.014 - gsang ba'i snying po de kho na nyid nges pa