e-texts navigator
Collection
Volume
Page
Wylie

152a1 གསུང་ཐུགས་ཀྱི་རྒྱན།། ཅིར་ཡང་ལོངས་སྤྱོད་དོན་ལ་གཡོས་པ་མེད།། ཆོས་ཉིད་ལོངས་སྤྱོད་བདེ་བ་ཆེན་པོའི་རྒྱན།། གང་ཡང་མ་སྤངས་ཆོས་ཉིད་དག་པར་རོལ།། བདེ་ཆེན་ལོངས་སྤྱོད་འདི་ལས
152a2 གཞན་ན་མེད།། ཐམས་ཅད་མ་སྤངས་གཉིས་མེད་རོལ་པ་ཡིས།། རོལ་པ་ཉིད་ཀྱི་འབྲས་བུ་འཐོབ་པ་ཡི།། དབང་མཆོག་དམ་པ་དེ་ཡང་འཐོབ་པར་ཤོག། ཨོཾ་བཛྲ་ནིརྨ་ཁ་ཁ་ཧཱུཾ། དེ་ནས་ཕྱི་ནང་གསང་བ་གསུམ་གྱི
152a3 དབང་བསྐུར་ཏེ།། ཕྱིའི་དབང་ནི་ཕྱི་རྣལ་འབྱོར་ཕྱི་བ་ཐུབ་པའི་རྒྱུད་ལས་བྱུང་ངོ་།། ནང་གི་དབང་ནི་སློབ་མའི་ཕུང་པོ་དང་རྣམ་པར་ཤེས་པ་ལ་གསང་བའི་དཀྱིལ་འཁོར་གྱི་ལྷ་བཀོད་ལ་འདི་སྐད་དོ།། ཧཱུཾ་སྟོང་ཉིད་མི
152a4 དམིགས་རྣམ་དག་དཀྱིལ་འཁོར་ན།། བདེ་གཤེགས་ཐུགས་རྗེ་ཅན་ཀུན་རྒྱན་དུ་བཞུགས།། ཕུང་པོ་མ་སྤངས་རྣམ་དག་དཀྱིལ་འཁོར་ལ།། གསལ་ཞིང་རྫོགས་པའི་དབང་རྣམས་འཐོབ་པར་ཤོག། ཨོཾ་བཛྲ་དྷེ་ཝ་ཌཱ་ཀི
152a5 ནི་དྷརྨ་དྷཱ་ཏུ་མཎྜ་ལ་ཧཱུཾ། དེ་ནས་ལྷག་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་འདི་སྐད་དོ།། ཧཱ་དྲི་མེད་སྐྱོན་བྲལ་ཁ་དོག་དམར་པོའི་མདོག། པདྨ་རཀྟ་ཆགས་པ་ཆེན་པོའི་གནས།། ཆོས་ཉིད་ཆགས་པས་འགྲོ་དོན
152a6 མཐར་ཕྱིན་ཅིང་།། བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་པ་དང་།། བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས།། དཀར་ལ་དག་པ་མུ་ཏིག་དྲི་མ་མེད།། ཤིན་ཏུ་འཚེར་བ་ཆོས་ཉིད་བྱང་ཆུབ་སེམས།། དོན་དམ་དབྱེར་མེད




iiif viewer powered by OpenSeadragon

151b - 152b

Texts on this page

Gpb011.004 - dbang gi rgyal po dbang skur rgyal po'i rgyud