| | e-texts navigator
|
33b1 ཕྱིར།། དོན་གྱི་སྙིང་པོ་འདི་གསུངས་པ།། རྩ་བ་བཞི་ཡིས་མདོར་བསྡུས་ནས།། འཕྲང་ཆེན་དྲུག་གིས་གཏན་ལ་དབབ།། མན་ངག་ལྔ་ཡིས་ལ་བཟླས་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། དེ་ཡང་སེམས
33b2 དཔའ་རྡོ་རྗེ་ཁྱོད།། རྩ་བ་བཞི་ཡིས་མདོར་བསྡུས་པ།། གཞི་ངེས་ལྟ་བ་ཕྱོགས་མེད་དང་།། དོན་དང་མི་འབྲལ་ཏིང་འཛིན་དང་།། སྤང་ལེན་མེད་པའི་སྤྱོད་པ་དང་།། རེ་བ་མེད་པའི་འབྲས་བུ་དང་།། རྣམ་པ་བཞི་རུ
33b3 བསྡུས་པ་ཡིན།། འཁོར་གྱི་སྙིང་པོ་དེ་ཉོན་དང་།། གཏན་ལ་དབབ་པའི་འཕྲང་དྲུག་ནི།། ལྟ་བ་སྐྱེ་མེད་དོན་གྱི་འཕྲང་།། བཙལ་བ་མེད་པར་ལྷུན་གྱིས་གྲུབ།། རང་སྣང་འགྱུར་མེད་ཏིང་འཛིན་འཕྲང་།། བསྒོམ་པ་མེད
33b4 པར་ཡེ་ཤེས་གསལ།། ཉམས་ཀྱིས་རིམ་པའི་གདམས་ངག་འཕྲང་།། གོ་རིམ་མ་འཁྲུགས་དབྱིངས་སུ་སླེབ།། ལྟ་བ་ཤེས་རབ་རྟོགས་པའི་འཕྲང་།། ཆོས་རྣམས་ཀུན་གྱི་ཁྱད་པར་དབྱེ།། ལྟ་བ་གདེང་མེད་གོལ་བའི
33b5 འཕྲང་།། ཅི་ཙམ་བསྒོམས་ཀྱང་དོན་མེད་འཁྱམས།། ཕྱིར་རྒོལ་རྩད་གཅོད་ཚིག་གི་འཕྲང་།། དམ་ཚིག་སྐྱོན་ལ་རང་གཞུང་བས།། དེ་དག་དྲུག་གིས་གཏན་ལ་དབབ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། མན་ངག་ལྔ
33b6 ཡི་ལ་བཟླ་ལ།། སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར།། གཉིས་སུ་མེད་པར་ལ་བཟླའོ།། འཁོར་འདས་རྩ་བ་གཅིག་པའི་ཕྱིར།། ལྷུན་གྱིས་གྲུབ་པར་ལ་བཟླའོ།། གཙང་དང་མི་གཙང་གཞི་གཅིག་པས།། བླང་དོར
iiif viewer powered by OpenSeadragon
33a - 34a